Nitartha Digital Library
Tibetan
 
previousཉིན་ལྔ་བའི་ཆོས་ཁྲིད། next

ཉིན་ལྔ་བའི་ཆོས་ཁྲིད།

ཇི་སྐད་དུ། རྒྱལ་བའི་དབང་པོ་ཀློང་ཆེན་པས། ཅིས་ཀྱང་དགོས་མེད་བསམ་པའི་ཆོས་དྲུག་ནི། །ལམ་སྣ་མ་ཟིན་གང་བྱས་དགོས་པ་མེད། །དགེ་བ་མ་བསྒྲུབས་ཅིས་ཀྱང་དགོས་པ་མེད། །ཆོས་ལ་མ་སྤྱད་ཚེ་རིང་དགོས་པ་མེད། །ཆོས་མིན་གཞན་གྱིས་ཕན་བཏགས་དགོས་པ་མེད། །ཚོགས་གཉིས་མ་བསགས་ཡོ་བྱད་དགོས་པ་མེད། །བྱང་ཆུབ་མ་བསྒྲུབས་ཅིས་ཀྱང་དགོས་པ་མེད། །ཅེས་གསུངས་པ་ལྟར། ཐེག་པ་ཆེན་པོའི་ཆོས་སྒོ་ལ་ཞུགས། དམ་ཆོས་རྣམ་དག་ཅིག་སྒྲུབ་པའི་སྐབས་འདིར། འཇིག་རྟེན་ཚེ་འདིའི་བྱ་བཞག འདི་སྣང་འཁོར་བའི་སོ་ཚིས་ལ་དགོས་མེད་སྙིང་ནས་དྲན་ཏེ། ངེས་འབྱུང་གིས་བློ་སྣ་བསྟུངས་ཏེ་ཆོས་ལ་ཕྱི་བཀྱེད་མེད་པ་ཞིག་དགོས། དེས་ན་ཀུན་མཁྱེན་རྒྱལ་བ་ཀློང་ཆེན་པས། ལམ་སྣ་མ་ཟིན་གང་བྱས་དགོས་པ་མེད། །ཅེས་གསུངས་པས་ད་རེས་དལ་འབྱོར་ཚང་བའི་རྟེན་བཟང་རྙེད་པའི་དོན་སྒོ་ནི། ཐར་པའི་ལམ་སྣེ་ཟིན་པ་ཞིག་མ་རེད་ན་དེ་མིན་ཚེ་སྲིང་བྱེད། དཔའ་སྐྱེད་བྱེད། ལོངས་སྤྱོད་ཀྱི་འབྱོར་པ་རྒྱས་བྱེད། ཕྱི་མར་མངོན་མཐོའི་རྟེན་ཙམ་ཐོབ་བྱེད་སོགས་ཀྱིས་ཅི་ཡང་དགོས་པ་མེད་ཅེས་གསུངས་པ་རེད། དགེ་བ་མ་བསྒྲུབ་ཅིས་ཀྱང་དགོས་པ་མེད། །ཅེས་པས་དཀར་པོ་དགེ་བའི་ལས་ཀྱིས་རང་གཞན་ཐར་ལམ་ལ་འགོད་པའི་གཞན་ཕན་ཞིག་མ་འགྲུབ་ན་གཞན་ཅི་འགྲུབ་ཀྱང་དགོས་པ་མེད་པ་དང་། ཆོས་ལ་མ་སྤྱོད་ཚེ་རིང་དགོས་པ་མེད། །ཅེས་མཐོ་རིས་མིའི་ལུས་དལ་འབྱོར་ཚང་བའི་རྟེན་བཟང་འདི་ལྟ་བུ་ཞིག་ཐོབ་དུས། རྟེན་འདིའི་སྙིང་པོ་མ་ལེན། དགོས་པའི་དོན་ཆེན་ཞིག་མ་བསྒྲུབས། ཡང་དག་པའི་དོན་ཞིག་མ་འགྲུབ་ན། རྣམ་གཡེང་དོན་མེད་ཀྱིས་དུས་གྲོན་པའི་སྡུག་ཚེ་ཇི་ལྟར་རིང་ཡང་དགོས་པ་མེད། ཆོས་མིན་གཞན་གྱིས་ཕན་བཏགས་དགོས་པ་མེད། །ཅེས་གཞན་ལ་ཕན་བཏགས་ན་རང་གཞན་གཉིས་ལ་འདི་ཕྱི་གཉིས་ཕན་གྱི་དམ་ཆོས་རྣམ་པར་དག་པ་ཞིག་གིས་ཕན་གདགས་ན་དོན་ལ་གནས་པའི་ཕན་བཏགས་པ་ཡིན་མ་གཏོགས། ཟང་ཟིང་གི་རྒྱུ་ནོར། ཚེ་འདིའི་སྙན་གྲགས་མངའ་ཐང་རྒྱས་ཐབས་སོགས་ཅི་འདྲ་ཞིག་འགྲུབ་ནའང་མི་ཕན་པར་མ་ཟད་གནོད་པའི་གཞི་མར་ཡིན་པས་ཕན་མི་ཐོགས་པ་དང་། ཚོགས་གཉིས་མ་བསགས་ཡོ་བྱད་དགོས་པ་མེད། །ཅེས་པས་གནས་སྐབས་དང་མཐར་ཐུག་གི་དགེ་ལེགས་སྒྲུབ་ཐབས་ངོ་མ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་བསགས་པའི་ནོར་དེ་གཉིས་མ་གཏོགས། འཇིག་རྟེན་ཕལ་པའི་ཡོ་བྱད་ཆགས་ཞེན་སྲེད་པའི་འཆིང་ཐག་ཡིན་པས་དགོས་པ་མེད་པ་དང་། བྱང་ཆུབ་མ་བསྒྲུབས་ཅིས་ཀྱང་དགོས་པ་མེད། །ཅེས་མདོར་ན་བྱང་ཆུབ་ཆེན་པོ་སངས་རྒྱས་ཀྱི་གོ་འཕང་བསྒྲུབས་ནས་མཐར་ཐུག་སེམས་ཅན་ཐམས་ཅད་གཏན་གྱི་བདེ་བ་བླ་ན་མེད་པ་ལ་འགོད་པའི་རླབས་ཆེན་གྱི་སྤྱོད་པ་དེ་མ་གཏོགས་པར། སྙིང་མེད་ཆོས་ལྟར་བཅོས་པའི་ཆོས་མིན་ལྟར་སྣང་གི་བྱ་སྤྱོད་ཀྱིས་ཅི་ཞིག་ཕན་ཏེ་ཅི་ཡང་དགོས་པ་མེད་ཅེས་གསུངས་པས། དེ་ལྟ་བུ་དགོས་མེད་དྲུག་གི་ཕྱོགས་ལ་མགོ་མི་འཁོར་བར། ལོང་མེད་མི་ཚེའི་དུས་ཚོད་ཐུང་ངུ་འདི་ལ་འཁྲུལ་མེད་རྒྱལ་བ་དགྱེས་པའི་ལམ་ལ་ཞུགས་རྒྱུ་གནད་ཤིན་ཏུ་ཆེ་ལ། དེས་ན་འདི་ན་ཡང་བསྐྱར་ལས་དང་པོ་བའི་གང་ཟག གསར་དུ་ཆོས་སྒོར་ཞུགས་པ་ཞིག་གི་ཚོད་དང་བསྟུན་ཏེ་དམ་པའི་ཆོས་བསྒྲུབ་པའི་སྐབས་སུ་མ་ཤེས་ཐབས་མེད་ཀྱི་གནད་འགའ་རེ་ཞུ་ན། སྤྱིར་ན་ཤེས་བྱའི་ཆོས་ཞེས་པ་རྣམ་གྲངས་མང་པོ་ཞིག་ཡོད་པས། ཤེས་བྱ་ནམ་མཁའི་གཟའ་སྐར་འདྲ། །བསླབ་དགོས་གནས་ལ་ཟད་པ་མེད། ཅེས་གསུངས་ཡོད་པ་རེད། འོན་ཀྱང་ཤེས་བྱའི་ཆོས་ཐམས་ཅད་ཚུར་བསྡུ་ན། འཁོར་བ་དང་མྱ་ངན་འདས་པ་གཉིས་ཀྱི་ནང་དུ་འདུས་ལ། དེའི་ནང་ནས་འཁོར་བ་ཞེས་པ་དེ་ཅི་འདྲ་ཞིག་ཡིན་ན། འཁོར་བའི་རང་བཞིན་སྟོང་ཉིད། རྣམ་པ་འཁྲུལ་བར་སོང་བ། མཚན་ཉིད་སྡུག་བསྔལ་དུ་ཤར་བ་ཡིན། མྱ་ངན་ལས་འདས་པ་ནི། དེ་ཡང་རང་བཞིན་སྟོང་པ་ཉིད་ལས་མ་འདས་པ། རྣམ་པ་མ་འཁྲུལ་བ། མཚན་ཉིད་སྡུག་བསྔལ་ཐམས་ཅད་ལས་གྲོལ་བ་ཞིག་རེད། དེ་ཡིན་ན་འཁོར་བའི་གནས་སུ་འཁྲུལ་བར་འཁྱམས་རྒྱུའི་འཁྲུལ་མཁན་སུ་ཞིག་འཁྲུལ་ན། ཁམས་གསུམ་འཁོར་བའི་སེམས་ཅན་འཁྲུལ། འཁྲུལ་ལུགས་ཀྱི་ཐད་ནས་གཞི་གང་ལས་འཁྲུལ་ན། གཞི་སྟོང་པ་ཉིད་ཀྱི་ངང་ནས་འཁྲུལ། རྒྱུ་ཅི་ཞིག་གིས་འཁྲུལ་ན། རྒྱུ་མ་རིག་པའི་དབང་གིས་འཁྲུལ། ཚུལ་ཇི་ལྟར་འཁྲུལ་ན། འགྲོ་བ་རིགས་དྲུག་གི་སྤྱོད་ཡུལ་དུ་འཁྲུལ། འཁྲུལ་བའི་དཔེ་འཇོག་ན། གཉིད་དང་རྨི་ལམ་ལྟ་བུ་འཁྲུལ། དུས་ཇི་ཙམ་དུ་འཁྲུལ་ན། དུས་འཁོར་བ་ཐོག་མེད་ནས་འཁྲུལ་སོང་བ། འཁྲུལ་བ་དེའི་སྐྱོན་ཆ་ཅི་ཡོད་ན། འཁྲུལ་བ་དེའི་དབང་གིས་སྡུག་བསྔལ་ཁོ་ན་མྱོང་དགོས་པ་ནི་འཁྲུལ་བ་དེའི་སྐྱོན་རེད། འཁྲུལ་བ་དེ་མ་འཁྲུལ་བའི་ཡེ་ཤེས་སུ་ནམ་འགྱུར་ན། བླ་ན་མེད་པའི་བྱང་ཆུབ་དམ་པ་ཐོབ་དུས་འཁྲུལ་བ་ཡེ་ཤེས་སུ་འགྱུར་བ་རེད། འཁྲུལ་བ་དེ་རང་སངས་སུ་འགྲོ་རྒྱུར་ཨེ་ཡོད་ཟེར་ན། དེ་མེད་པས་འཁོར་བ་མཐའ་མེད་ཡིན་པར་ཀུན་ལ་གྲགས་ཤིང་ཡོངས་སུ་གྲུབ་པ་ཞིག་རེད། དེས་ན་འཁོར་བ་འདི་འཁྲུལ་བ་ཡིན་པ་དང་། སྡུག་བསྔལ་དེ་འདྲ་ཆེ་བ། འཁྲུལ་བའི་དུས་ཡུན་རིང་བ་ཐོག་མེད་དང་མཐའ་མེད་ལ་བསམ་བློ་བཏོང་ན། གོང་དུ་ཀུན་མཁྱེན་ཆེན་པོའི་གསུང་ལུང་དྲངས་པ་བཞིན་དུ་དགོས་མེད་དྲུག་གིས་བློ་སྣ་བསྟུང་རྒྱུ་དེ་ཞེ་ལ་བཟུང་སྟེ། ད་རེས་བླ་མེད་བྱང་ཆུབ་སྒྲུབ་པའི་ཐབས་ལམ་གང་དྲག་ལ་འབད་རན་པའི་དུས་ཚོད་མ་སྔ་མ་ཕྱི་བར་རང་གཞན་སུ་ལ་བལྟས་ན་དེ་ལྟར་རེད་ཡོད། བླ་མེད་བྱང་ཆུབ་དམ་པ་དེ་ལ་ཇི་ལྟར་བྱས་ནས་འབད་དགོས། འགོ་གང་ནས་བཟུང་། སྐེད་པ་ཇི་ལྟར་བསྐྱང་། མཐའ་ཇི་ལྟར་ཕུད་དགོས་པ་རེད་ཟེར་ན། བླ་མེད་བྱང་ཆུབ་སྒྲུབ་པའི་རྒྱུ་དང་གཅིག སྒྲུབ་པའི་གང་ཟག་གི་རྟེན་དང་གཉིས། བསྒྲུབ་པ་སྙིང་པོ་ལ་སྐུལ་བར་བྱེད་པའི་རྐྱེན་དང་གསུམ། དེ་སྒྲུབ་པའི་ཐབས་དང་བཞི། གྲུབ་པའི་འབྲས་བུ་དང་ལྔ། གྲུབ་ནས་མཛད་པ་ཕྲིན་ལས་དང་དྲུག་གི་སྒོ་ནས་ཤེས་པར་བྱ་བ་ཞིག་ཡིན་ལ། གཞི་རྒྱུ་བདེ་གཤེགས་སྙིང་པོ་ཡིན། སྒྲུབ་པ་པོའི་གང་ཟག་དེ་ཉིད་ལ་གཞི་རྒྱུ་བདེ་གཤེགས་སྙིང་པོ་མེད་ན་སངས་རྒྱས་བསྒྲུབ་ཀྱང་འབྲས་བུ་འགྲུབ་པ་མི་འགྱུར་སྟེ། དཔེར་ན་གྲོ་ནས་ཀྱི་ས་བོན་ཞིང་ལ་བཏབ་ནས་སྨིན་པའི་རྐྱེན་དང་འཕྲད་ན་སྐྱེ་རྒྱུ་ཡོད་ལ། རྡོ་ས་འོག་ཏུ་སྦས་ན་འབྲས་བུ་མི་འབྱུང་བ་བཞིན་ནོ། །སྒྲུབ་པའི་རྟེན་མི་ལུས་རིན་པོ་ཆེ་རེད། རྟེན་དེས་རྫོགས་པའི་བྱང་ཆུབ་བསྒྲུབ་པ་ལ་སྒྲུབ་པ་སྙིང་པོར་བྱེད་དགོས། སྒྲུབ་པ་སྙིང་པོར་བྱེད་ན་དེ་ལ་སྐུལ་བར་བྱེད་པའི་རྐྱེན་ཞིག་དགོས། དེའི་རྐྱེན་ཡང་དག་པ་ནི་དགེ་བའི་བཤེས་གཉེན་རེད། དགེ་བའི་བཤེས་གཉེན་ཡོད་པ་ཙམ་གྱིས་མི་ཕན་པར། དེའི་གསུང་ལ་བརྟེན་ནས་སྤང་བླང་འཇུག་ལྡོག་གི་གནས་ཤེས་པར་དགོས་པས་ན། སྒྲུབ་པའི་ཐབས་དགེ་བའི་བཤེས་གཉེན་གྱིས་བསྟན་པའི་གདམས་ངག་ཟབ་མོ་ལག་ལེན་འདེབས་པ་ལ་བརྟེན་དགོས། ཐབས་དེའི་གདམས་ངག་དེས་གྲུབ་པའི་འབྲས་བུའི་མཆོག་གང་ཡིན་ན། རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཡིན། འབྲས་བུ་རྫོགས་པའི་སངས་རྒྱས་ཐོབ་ནས་མཛད་པ་འཕྲིན་ལས་ལྷུན་གྲུབ་ཏུ་འབྱུང་བ་དང་བཅས་པ་སྟེ། དེ་ལྟར་དམ་པའི་ཆོས་སྒྲུབ་པའི་ཚུལ་ལམ་ཤེས་བྱ་སྤྱིའི་རྣམ་བཞག་མདོར་ཙམ་ཞིག་ཚིག་འགའ་རེའི་སྟེང་ནས་གོ་སོང་བ་རེད། འོ་ན་བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་ཞེས་པ། སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་ཅན། དེ་ལ་སྟོབས་བཅུ་མི་འཇིགས་ལ་སོགས་ཡོན་ཏན་སུམ་ཅུ་སོ་གཉིས། མཚན་བཟང་གི་ཡོན་ཏན་སུམ་ཅུ་སོ་གཉིས་སྟེ་བྲལ་སྨིན་གྱི་ཡོན་ཏན་དྲུག་ཅུ་རྩ་བཞི་ཚང་བ། སྤང་བྱ་ལྷག་མར་མ་ལུས་པ་སྤངས་ཤིང་རྟོགས་བྱ་ལྷག་མར་མ་ལུས་པ་རྟོགས་སོང་བ་ཞིག་ཡིན་ན། །དེའི་གོ་འཕང་དེ་རང་རེ་ལྟ་བུའི་སོ་སོའི་སྐྱེ་བོའི་གང་ཟག་མ་དག་འཁོར་བའི་གནས་སུ་འཁྱམས་པ་ཞིག་གིས་འཐོབ་ནུས་པ་ཞིག་ཨེ་ཡིན། ཡིན་མིན་རྒྱུ་མཚན་དང་བཅས་པ་གང་ཡིན་ཞེ་ན། འབད་པས་སྒྲུབ་ན་སེམས་ཅན་གྱིས་སངས་རྒྱས་འཐོབ་ནུས་པ་ཡིན་ཏེ། སྲིན་བུ་པདྨ་ཡན་ཆད་ཀྱི་སེམས་ཅན་ཐམས་ཅད་ལ་གཞི་བདེ་གཤེགས་སྙིང་པོས་ཁྱབ་ཡོད་པའི་ཕྱིར་རོ། །འོ་ན་མངོན་སུམ་མཐོང་རྒྱུ་དང་རིག་རྒྱུ་མེད་པའི་ལྐོག་གྱུར་དང་ཤིན་ཏུ་ལྐོག་གྱུར་གྱི་རིགས་ལ་བདེ་བར་གཤེགས་པའི་བཀའ་ལུང་ཚད་མ་དང་དངོས་སྟོབས་ཀྱི་རིགས་པ་ཚད་མས་གཞལ་དགོས་ན། དེ་ལ་ལུང་ཅི་འདྲ་ཡོད་ཅེ་ན། མདོ་མྱང་འདས་ཆུང་བ་ལས། སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ནོ། །ཞེས་དང་། མདོ་མྱང་འདས་ཆེ་བ་ལས། དཔེར་ན་འོ་མ་ལ་མར་གྱིས་ཁྱབ་པར་གནས་སོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་སྙིང་པོས་སེམས་ཅན་ཐམས་ཅད་ལ་ཁྱབ་པར་གནས་སོ། །ཞེས་གསུངས་པའི་ཕྱིར་དང་། ད་དུང་དེའི་སྐོར་གྱི་མདོ་དང་བསྟན་བཅོས་ཀྱི་ལུང་ཤིན་ཏུ་མང་པོ་ཡོད། འོ་ན་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་པའི་རིགས་པའི་སྒྲུབ་བྱེད་གང་ཡིན་ཞེ་ན། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་སེམས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་གསུངས་པས། ཆོས་སྐུ་སྟོང་ཉིད་ཀྱིས་སེམས་ཅན་ཀུན་ལ་ཁྱབ་པའི་ཕྱིར་དང་། ཆོས་ཉིད་དེ་བཞིན་ཉིད་ལ་དབྱེར་བ་མེད་པའི་ཕྱིར་དང་། སེམས་ཅན་ཐམས་ཅད་ལ་རིགས་ཡོད་པའི་རྒྱུ་མཚན་གསུམ་གྱིས་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་སྒྲུབ་པ་རེད། དེས་ན་སེམས་ཅན་ལ་སངས་རྒྱས་ཀྱི་རིགས་ཡོད་པའི་རྒྱུ་མཚན་གྱིས། སྙིང་རྗེ་པདྨ་དཀར་པོ་ལས། སེམས་ཅན་མྱ་ངན་ལས་འདའ་བའི་སྐལ་བ་མེད་པ་ཞིག་གིས་སངས་རྒྱས་ལ་དམིགས་ཏེ་ཐ་ན་མེ་ཏོག་རྐང་གཅིག་ནམ་མཁར་འཐོར་ན་ཡང་། དེ་མྱ་ངན་ལས་འདས་པའི་འབྲས་བུ་ཅན་ཡིན། ཞེས་གསུངས་ཡོད། འོ་ན་སེམས་ཅན་ཐམས་ཅད་ལ་སངས་རྒྱས་པའི་རིགས་ཡོད་པའི་རྒྱུ་མཚན་གྱིས་སངས་རྒྱས་པ་ཡིན་ན། རིགས་དེ་ལ་རྣམ་གྲངས་ཇི་ལྟར་ཡོད་ཅེ་ན། སྤྱིར་རིགས་ཀྱི་རྣམ་གྲངས་དེ་ལ། རིགས་ཆད་དང་། མ་ངེས་པའི་རིགས་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་དང་། ཐེག་པ་ཆེན་པོའི་རིགས་ཅན་ཞེས་པའི་དབྱེ་བ་ཡོད། འོ་ན་རིགས་ཆད་ཡོད་ན། སངས་རྒྱས་ཀྱི་རིགས་མེད་པའི་སེམས་ཅན་ཡོད་པས། སེམས་ཅན་ལ་བདེ་གཤེགས་སྙིང་པོས་མ་ཁྱབ་པ་ཡོད་དམ་སྙམ་ན། རིགས་ཆད་ཅེས་པ་ནི་འཁོར་བའི་གནས་སུ་ཡུན་རིང་དུ་འཁྱམས་པ་ལ་དགོངས་ནས། དམན་ལ་དགག་སྒྲ་སྦྱར་བ་རེད། དེ་ཡིན་པའི་རྒྱུ་མཚན་ནི་གོང་དུ་དྲངས་པའི་ལུང་ལས། སེམས་ཅན་མྱ་ངན་ལས་འདའ་སྐལ་མེད་པ་ཞིག་གིས་སངས་རྒྱས་ལ་དམིགས་ནས་ཐ་ན་མེ་ཏོག་རྐང་གཅིག་ནམ་མཁར་འཐོར་ན་དེ་མྱ་ངན་ལས་འདས་པའི་འབྲས་བུ་ཅན་ཡིན་ནོ་ཞེས་པས་ཤེས་ནུས་ལ། རིགས་ཆད་གསུངས་སའི་སེམས་ཅན་དེ་ཅི་འདྲ་ཞིག་ཡིན་ན། འཁོར་བའི་སྐྱོན་རིག་ན་སྐྱོ་བ་དང་ངེས་འབྱུང་མི་སྐྱེ་བ་དང་། སངས་རྒྱས་ཀྱི་ཡོན་ཏན་མཐོང་ན་དད་པ་སྐྱེ་རྒྱུ་མེད་པ། དེའི་རྒྱུད་ལ་ཁྲེལ་དང་ངོ་ཚ་མེད་པ། སྙིང་རྗེ་མེད་པ། སྡིག་པ་ཇི་ལྟར་བྱས་ཀྱང་འགྱོད་པ་མེད་པ་སོགས་དེ་ལྟ་བུའི་རིགས་ལ་དགོངས་ཏེ་གནས་སྐབས་སུ་རིགས་ཆད་ཅེས་གསུངས་པ་རེད། དེའི་གྲལ་དུ་རང་ཉིད་ཐེ་ཡོད་མེད་བརྟགས་པ་དང་། མེད་ན་གཉེན་ཉེ་རིང་བུ་ཚ་རྒྱུད་སོགས་དེའི་གྲལ་དུ་ལྷུང་རྩིས་བྱེད་ན། རང་རེས་རོགས་ཆེ་ཐོན་ཆུང་ཐོན་གྱིས་སྐྱོབ་ཨེ་ཐུབ་བལྟ་དགོས། རྡོ་ལྗིད་མོ་ཆུ་ནང་ལྷུང་བ་ལྟར་ལ་ལ་སྐྱོབ་ཐབས་མེད་པའང་ཡོད་སྲིད་པ་རེད། མ་ངེས་པའི་རིགས་ཞེས་པ་གནས་སྐབས་རྐྱེན་གྱི་དབང་གིས་གཞན་དང་གཞན་དུ་བསྒྱུར་ཆོག་པ་ཞིག་རེད། ཉན་རང་གི་རིགས་དེ་འཁོར་བའི་སྡུག་བསྔལ་མཐོང་བས་འཇིགས་ཤིང་སྐྲག་ནས་ངེས་འབྱུང་གིས་བསྐུལ་ནས་མྱང་འདས་དོན་དུ་གཉེར་བར་བྱེད་པ། སེམས་ཅན་གཞན་དོན་ལ་མི་བརྩོན་པར་རང་ཉིད་ཞི་བདེ་ལ་དགའ་བའི་རིགས་ལ་གསུངས་པ་རེད། ད་དུང་རང་སངས་རྒྱས་ཀྱི་རིགས་འདྲ་ཡིན་ན། དེའི་སྟེང་དུ་ང་རྒྱལ་ཅུང་ཟད་ཆེ་བ། སློབ་དཔོན་གསང་བའི་སྒོ་ནས་བསྟེན་པ། རང་གཅིག་པུ་དབེན་པར་གནས་པ་ལ་དགའ་བ་ཡིན་པར་གསུངས། ཉན་རང་གི་རིགས་ཅན་དེ་དག་རང་རང་གི་ཐེག་པར་ཞུགས་ནས་རང་རང་གི་འབྲས་བུ་ཐོབ་ནའང་མཐར་ཐུག་གི་མྱ་ངན་འདས་པ་ངོ་མ་མིན་ཡང་། ཁོ་རང་ཚོ་ལ་མྱ་ངན་ལས་འདས་པ་ཡིན་པའི་འདུ་ཤེས་ཡོད་པ་རེད། འོ་ན་མཐར་ཐུག་གི་མྱ་ངན་ལས་འདས་པ་ངོ་མ་ཐོབ་བྱེད་མིན་པའི་ལམ་ཞིག་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཇི་ལྟར་བསྟན་པ་ཡིན་སྙམ་ན། དེ་བསྟན་པ་ལ་དགོས་པ་ཆེན་པོ་ཞིག་ཡོད་པ་རེད། དགོས་པ་ཅི་ཡོད་ཅེ་ན། དཔེར་ན་འཛམ་བུ་གླིང་འདི་ནས་ཚོང་པ་རྣམས་རྒྱ་མཚོའི་གླིང་དུ་ནོར་བུ་ལེན་པར་འགྲོ་བ་ན། དེའི་ནང་ནས་སེམས་སྟོབས་ཆུང་བ་རྣམས་དཀའ་ཞིང་དུབ་ནས་ནོར་བུ་ལོན་པའི་དུས་ཤིག་མི་སྲིད་སྙམ་ནས་སེམས་ཆད་དེ་སྟོང་པར་བྱས་ནས་ཕྱིར་ལོག་འགྲོ་བའི་ཉེན་ཁ་ཡོད་པའི་ཚེ། དེད་དཔོན་སྣ་ཁྲིད་བྱེད་མཁན་དེ་རྫུ་འཕྲུལ་དང་ལྡན་པ་ཞིག་ཡིན་ན་གྲོང་ཁྱེར་ཆེན་པོ་ཡིད་དུ་འོང་བ་སྤྲུལ་ནས་ངལ་གསོར་འཇུག་པ་བཞིན་དུ། སེམས་ཅན་སྙིང་སྟོབས་ཆུང་ངུ་ཅན་རྣམས་སྐྲག་ནས་སངས་རྒྱས་འཐོབ་པའི་ལམ་ལ་རེ་ཞིག་འཇུག་མི་ནུས་པ་རྣམས་ལ་ཉན་རང་གི་ལམ་འདི་གཉིས་བསྟན་པ་རེད། ངལ་སོས་ནས་དུས་ལ་བབ་པའི་ཚེ་དེ་བཞིན་གཤེགས་པས་སྐུའི་སྣང་བ་བསྟན། གསུང་གིས་དབུགས་དབྱུང་། ཐུགས་ཀྱིས་འོད་ཟེར་བཀྱེས་ནས་ཉན་རང་དེ་དག་ཟག་མེད་ཀྱི་ཏིང་ངེ་འཛིན་ལས་སད་པར་བྱས་ཏེ། གཟོད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་བསྐལ་པ་དཔག་མེད་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་ནས་སངས་རྒྱས་པ་ཡིན། ཐེག་པ་ཆེན་པོའི་རིགས་ཞེས་པ་ཇི་ལྟར་ཡིན་ཞེ་ན། འདི་ལ་དབྱེ་བ། ངོ་བོ། རྣམ་གྲངས། གཞན་ལས་ཁྱད་པར་དུ་འཕགས་པའི་རྒྱུ་མཚན། དེའི་རྣམ་པ། དེའི་རྟགས་ཏེ་དོན་རྣམ་པ་དྲུག་གི་སྒོ་ནས་བཤད་ན། དང་པོ་དབྱེ་བ་ནི། རིགས་ལ་རང་བཞིན་གནས་རིགས་དང་། རྒྱས་འགྱུར་གྱི་རིགས་གཉིས་ཡོད། དེ་གཉིས་ཀྱི་ངོ་བོ་ནི། སངས་རྒྱས་ཀྱི་ཆོས་བསྐྱེད་པའི་ནུས་པ་ཐོག་མ་མེད་པའི་དུས་ཅན་ཆོས་ཉིད་ཀྱིས་ཐོབ་པ་དང་། དེའི་ཐོག་ནས་སངས་རྒྱས་ཀྱི་ཆོས་བསྐྱེད་པའི་ནུས་པ་སྔོན་དགེ་བའི་ལས་ལ་གོམས་པར་བྱས་པ་དེ་གཉིས་རིམ་བཞིན་རང་བཞིན་གནས་རིགས་དང་རྒྱས་འགྱུར་གྱི་རིགས་ཀྱི་ངོ་བོ་ཡིན། མིང་གི་རྣམ་གྲངས་ལ་ནི། རིགས་དང་། ས་བོན། ཁམས། རང་བཞིན་ལ་སོགས་གང་ཟེར་ན་ཆོག འདི་རིགས་གཞན་ལས་ཁྱད་པར་དུ་འཕགས་པའི་རྒྱུ་མཚན་ནི། ཉན་རང་གི་རིགས་ནི་རིགས་དམན་པ་ཡིན་ཏེ། ཉོན་སྒྲིབ་བྱང་བ་ཙམ་དང་དེ་ལས་ཅུང་དྲག་པ་ཤེས་སྒྲིབ་ཅུང་ཟད་ཙམ་སྤངས་པ་སྟེ་རིགས་དེ་གཉིས་ནི་རྣམ་དག་ཙམ་པོ་བའི་རྟེན་ཡིན། ཐེག་ཆེན་གྱི་རིགས་དེས་སྒྲིབ་པ་གཉིས་ཀ་བྱང་བའི་རྣམ་དག་གི་རྟེན་དུ་གྱུར་པས་ན་ཁྱད་པར་དུ་འཕགས། རིགས་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་དེ་ལ་བརྟེན་པའི་བླ་ན་མེད་པའི་ལམ་དེ་ནས་འབྲས་བུ་ཐོབ་པ་ནི་བླ་ན་མེད་པའི་མྱ་ངན་ལས་འདས་པ་ཡིན། རིགས་ཀྱི་རྣམ་པའི་ཐོག་ཏུ་བཤད་ན་ནི། རིགས་སད་པ་དང་། རིགས་མ་སད་པ་གཉིས། དེ་ལ་རིགས་སད་པ་ནི་འབྲས་བུ་ཡང་དག་འགྲུབ་པའི་རྟགས་དམིགས་པ་དང་། མ་སད་པ་ནི་འབྲས་བུ་འགྲུབ་པའི་རྟགས་མི་དམིགས་པའི་ཁྱད་པར་ཡོད་པ་རེད། རིགས་དེ་ཡོད་པའི་རྟགས་དང་མཚན་མ་ཅི་ཡོད་ན། གཉེན་པོ་ལ་མ་ལྟོས་པར་རིགས་དེ་ཡོད་པའི་གང་ཟག་དེ་རང་བཞིན་གྱིས་ལུས་ཀྱི་སྤྱོད་པ་དང་ངག་གི་སྨྲ་བ་འཇམ་པོ་དང་། སེམས་གཡོ་སྒྱུ་ཆུང་བ་དང་། སེམས་ཅན་ལ་བྱམས་ཤིང་བརྩེ་བ་དང་། ཁྱད་པར་དུ་རང་བཞིན་གྱིས་སྙིང་རྗེ་ཆེ་བ། ཆོས་ཕྱིར་དཀའ་སྤྱད་བཟོད་པ་དེ་འདྲ་ཞིག་ཡོད་པ་ནི། མདོ་སྡེ་རྒྱན་ལས། སྦྱོར་བའི་སྔོན་དུ་སྙིང་རྗེ་དང་། །མོས་པ་དང་ནི་བཟོད་པ་དང་། །དགེ་ལ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ཡང་དག་བཤད། །ཅེས་གསུངས། སེམས་ཅན་ལ་སྙིང་རྗེ་མེད། ལས་རྒྱུ་འབྲས་ལ་ཡིད་ཆེས་ཀྱི་དད་པ་མེད། དཀོན་མཆོག་གསུམ་ཙམ་ཡང་མི་ཤེས་པ་རྣམས་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་མི་དགོས་འདི་ནས་གསུངས་པའི་བྱང་ཆུབ་སེམས་དཔའི་རིགས་ཅན་ཞིག་ཀྱང་ཡིན་དཀའ་སྟེ། ཆུ་རྐྱལ་ལས་ནི་ཆུ་བཞིན་དང་། །དུ་བ་ལས་ནི་མེར་ཤེས་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། །ཞེས་གསུངས་པའི་ཕྱིར་རོ། །མདོར་ན་ཐེག་པ་ཆེན་པོའི་རིགས་ཡོད་པ་ནི་གང་ཟག་དེ་སངས་རྒྱས་ཀྱི་ཉེ་རྒྱུ་དང་། གཞན་རྣམས་ནི་རིང་རྒྱུ་དང་ཤིན་ཏུ་རིང་རྒྱུ་ཡིན་ལ། སངས་རྒྱས་བཅོམ་ལྡན་འདས་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེས་དམ་ཆོས་བདུད་རྩིའི་སྣང་བ་མཐའ་ཡས་པ་ཞིག་སྤྲོ་བར་མཛད་དེ། བསྟན་དོན་ལམ་གྱི་རིམ་པ་མང་པོ་གསུངས་པ་ཐམས་ཅད་ཚུར་བསྡུ་ན། མཐོ་རིས་དང་ཐར་པ་བསྒྲུབ་པའི་ཐབས་ཚུལ་གཉིས་སུ་འདུས། ཐར་པ་དེའང་ཐར་པ་དང་ཐམས་ཅད་མཁྱེན་པ་སྒྲུབ་པའི་ཐབས་ཀྱི་དབང་གིས་ཐེག་པ་ཆེ་ཆུང་གཉིས་ཀྱི་དབྱེ་བ་ཡོད། དེས་ན་སྤང་བྱ་ཕྱོགས་རེ་ཙམ་མ་ཡིན་པར་སྤངས་པ་དང་། ཡོན་ཏན་ཕྱོགས་རེ་ཙམ་མ་ཡིན་པར་སྒྲུབ་པའི་ཐབས་མཁས་ཀྱི་གནད་མ་ཚང་བར་མེད་པ་མཆོག་ཏུ་གྱུར་པ་དང་། ཁྱད་པར་དུ་འཕགས་པ་ནི་ཐེག་པ་ཆེན་པོ་ཡིན་པར་ལུང་དང་རིགས་པས་གྲུབ་པ་རེད། ཐེག་པ་ཆེན་པོ་དེ་ལའང་རྒྱུ་ལམ་དུ་བྱེད་པའི་ཐེག་པ་དང་། འབྲས་བུ་ལམ་དུ་བྱེད་པའི་ཐེག་པ་གཉིས་ཀྱི་ཁྱད་པར་གྱིས་ཕར་ཕྱིན་གྱི་ཐེག་པ་དང་། སྔགས་ཀྱི་ཐེག་པ་གཉིས་སུ་གསུངས། དེ་གཉིས་སྦྱོར་བ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྒྲུབ་ཚུལ་གྱི་དབང་གིས་གསུངས་པ་རེད་མ་གཏོགས། ཐེག་ཆེན་གྱི་འཇུག་སྒོ་བསམ་པའི་ངོས་ནས་ཁྱད་པར་མེད། དེ་མེད་པའི་སྟོབས་ཀྱིས་གསང་སྔགས་ཀྱི་སྡོམ་བཟུང་གི་སྐབས་ན། བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཞེས་གསུངས་ཤིང་རང་རེས་རྗེས་ཟློས་བྱེད་པ་རེད། ཉན་རང་གི་གནས་སྐབས་སུ་ངེས་འབྱུང་གི་བསམ་པ་དང་། དེ་ཁོ་ན་ཉིད་ཀྱི་ལྟ་བ་སོགས་ཅི་འདྲ་མངོན་རྟོགས་སེམས་འཕྲོག་བྱེད་མང་པོ་ཡོད་ནའང་བྱང་ཆུབ་ཀྱི་སེམས་མེད་པའི་དབང་གིས་ཐེག་པ་ཆེན་པོའི་མིང་དོན་མེད་པ་རེད། དེ་བཞིན་དུ་ལྷ་སྒོམ་རྒྱུ། སྔགས་བཟླ་རྒྱུ། དམ་ཆོས་འཆད་ཉན་སྒོམ་བསྒྲུབ་གང་གི་སྐབས་ཡིན་ཡང་ཐེག་པ་ཆེན་པོའི་ལམ་གྱི་འཇུག་ངོགས་གཅིག་པུ་བྱང་ཆུབ་ཀྱི་སེམས་ཁོ་ན་ཡིན་ཞིང་། དེ་ཡང་སྙིང་རྗེ་ཆེན་པོའི་རྩ་བ་ཅན་ཞིག་ཡིན་པས། རང་རེས་ཆོས་འཆད་ཉན་གྱི་སྐབས་སུ་བྱང་ཆུབ་ཀྱི་སེམས་དང་མ་འབྲལ་བའི་སྒོ་ནས་འཆད་ཉན་བྱེད་ན། ཐེག་པ་ཆེན་པོའི་རིགས་ཅན་གྱི་གང་ཟག་ཅིག་གིས་ཆོས་འཆད་ཉན་ཚུལ་བཞིན་བྱེད་པའི་གྲལ་དུ་འགྲོ་བ་རེད། དེའི་རྩ་བ་སྙིང་རྗེ་ཟེར་བ་དེའང་། ཇོ་བོ་རྗེས། རང་རྒྱུད་གཏོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནས་འདོད། །ཅེས་གསུངས་པ་ལྟར་སྡུག་བསྔལ་རང་ཉམས་དང་སྦྱར་ནས་ཁམས་གསུམ་འཁོར་བ་ན་རྒྱུ་བའི་ཕ་མ་སེམས་ཅན་ཐམས་ཅད་ལས་དང་ཉོན་མོངས་པའི་གཞན་དབང་ཅན་ལ་བསམ་ནས། སྙིང་རྗེ་ཤུགས་དྲག་པོ་དེས་བསྐུལ་ཏེ་སེམས་ཅན་དེ་དག་ཐམས་ཅད་འཁོར་བའི་རྒྱ་མཚོ་གཏིང་རིང་འདི་ལས་འདོན་པའི་ཆེད་དུ་ཕར་ཕྱིན་དྲུག་དང་བསྡུ་བའི་དངོས་པོ་བཞིའི་སྤྱོད་པ་ལ་བརྩོན་དགོས། དེ་ལྟ་བུའི་གནད་དང་རྒྱུ་མཚན་ཤེས་པའི་སྒོ་ནས་རང་རེས་དམ་ཆོས་འཆད་ཉན་འདིའི་སྐབས་ཡིན་ན། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཤས་མི་བཟོད་པ་ཞིག་གིས་བསྐུལ་ནས། སེམས་ཅན་དེ་དག་ཐམས་ཅད་ཐར་པ་ཡང་དག་པའི་ལམ་ལ་འགོད་པའི་ཆེད་དུ་དམ་པའི་ཆོས་ཟབ་མོ་ཉན། དེའི་དོན་ཚུལ་བཞིན་དུ་སྒྲུབ་དགོས་བསམ་ནས། བསམ་པ་དོན་གཉིས་ཚང་བ་དང་། ཀུན་སྤྱོད་ཚུལ་དང་མཐུན་པ་ཞིག་གི་ཐོག་ནས་དམ་ཆོས་འཆད་ཉན་ལ་ཞུགས་དགོས། སྐབས་སུ་བབ་པ་རྫོགས་ཆེན་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོ་སེམས་སྦྱོང་བདུན་གྱི་མན་ངག་ཐར་པའི་ཐེམས་སྐས་འདི་འཆད་བཞིན་པའི་སྐབས་སུ་བབ་ལ། འདིར་ལག་ཁྲིད་བྱས་ནས་འཆད་བཞིན་པའི་སྐབས་ཡིན་ན། འདུས་བྱས་མི་རྟག་པ་ལ་བསམ་པ་དང་། བྱས་པ་ཐམས་ཅད་སྡུག་བསྔལ་གྱི་རྒྱུར་བསམ་པ་གཉིས་སོང་ནས།

ར༽ སེམས་སྦྱོང་གསུམ་པ།

དང་པོ་ལུང་ལས་དཔག་ནས་བསམ་པ།

དེ་རིང་ཁྲིད་རྐང་གསུམ་པ་འཆད་པ་ནི། སེམས་སྦྱོང་གསུམ་པ་ནི། བུ་ཡིག་ཡེ་ཤེས་གསལ་སྒྲོན་ལས། རིགས་དྲུག་གི་སེམས་ཅན་ལ་སྙིང་རྗེ་སྐྱེ་ཞིང་། ལས་སུ་དཀོན་མཆོག་མཆོད་ཅིང་དཀར་པོ་དགེ་བའི་ལས་བསྐྱེད་པ་དང་། ཞེས་ཚིག་ལྷུ་གཉིས་ཀྱིས་བསྟན་པ་རེད། སྟོད་མཐོ་རིས་ལྷ་དང་མི་དང་ལྷ་མ་ཡིན་དང་། སྨད་རིས་དམྱལ་བ་དང་། ཡི་དྭགས་དང་དུད་འགྲོ་སྟེ་མཐོ་རིས་གསུམ་དང་ངན་སོང་གསུམ་སྟེ་རིགས་དྲུག་གི་སེམས་ཅན་དང་། ཡང་སྐབས་གཞན་དུ་ལྷ་མ་ཡིན་རིས་གཞན་དུ་བསྡུས་ནས་འགྲོ་བ་རྒྱུད་ལྔར་གསུངས་པའང་ཡོད་ལ། མདོར་ན་དེ་ལྟ་བུའི་སེམས་ཅན་ཐམས་ཅད་ལ་འཁོར་བའི་སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་ཤུགས་དྲག་པོ་བཟོད་དུ་མེད་པ་ཞིག་བསྐྱེད་ཅིང་། སྙིང་རྗེ་བ་ཙམ་མ་ཟད་སེམས་ཅན་དེ་དག་གི་དོན་དུ་སྦྱོར་བ་ལུས་ངག་གི་སྒོ་ནས། དུས་མཆོད་མི་བཅག་རང་གཞན་སྐྱབས་འགྲོར་འགོད། །ཅེས་གསུངས་པ་ལྟར། ལས་སུ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་མཆོད་ཅིང་བསོད་ནམས་ཆ་མཐུན་དང་། ཐར་པ་ཆ་མཐུན་གྱི་དཀར་པོ་དགེ་བའི་ལས་ལམ་བཅུ་ལ་སོགས་པ་བསྐྱེད་པ་དང་། ཞེས་པས་ཏེ་རྒྱུ་མཚན་བཀོད་པའི་ཚིག་བསྟན་པ་རེད། གོང་དུ་བཤད་མ་ཐག་པ་དེ་ལྟར་ཁྲིད་རྐང་དང་པོ་འཆི་བ་མི་རྟག་པ་དང་། ཁྲིད་རྐང་གཉིས་པ་བྱས་པ་ཐམས་ཅད་སྡུག་བསྔལ་རྣམ་པ་གསུམ་གྱི་རང་བཞིན་དུ་དོན་སྤྱིའི་གོ་བ་ཙམ་གྱི་བློ་ཡོད་ཀྱང་ཆོས་བྱེད་ལུགས་ཀྱི་གནད་འགག་མ་གོ་ན། འདོད་ཁམས་པའི་འབྱུང་ལུས་ཤ་ཁྲག་ལས་གྲུབ་པ་ཞིག་ཡིན་དུས་ཁམས་ཀྱི་ཟས་དང་། ལྷག་སྐྱོབ་ཀྱི་གོས་ལ་མ་བརྟེན་ཐབས་མེད་ཀྱང་། དེ་ལ་ཁ་གཡར་ནས་ཆོས་ཀྱི་མཐུན་རྐྱེན་དུ་མིང་བཏགས་པའི་ཟས་གོས་ལོངས་སྤྱོད་ཅི་ཙམ་འབྱོར་ཡང་སྲིད་པའི་ཕུན་ཚོགས་ལ་ཆོག་མི་ཤེས་པ། དེས་པ་བདོག་མང་ཇི་ལྟར་སྡུག་བསྔལ་བ། །འདོད་པ་ཆུང་རྣམས་དེ་ལྟར་མ་ལགས་ཏེ། །ཀླུ་མཆོག་རྣམས་ལ་མགོ་བོ་ཇི་སྙེད་པ། །དེ་ལས་བྱུང་བའི་སྡུག་བསྔལ་དེ་སྙེད་དོ། །ཞེས་སོགས་བཤེས་སྤྲིངས་ལས་གསུངས་པ་ལྟར། མི་འདོད་ཆེན་ལ་སེམས་ཁ་གང་རྒྱུ་མེད་པར། གཅིག་ཡོད་ན་དེའི་ཟླ་བོ་ཁ་ཡ་གཅིག་དགོས། བརྒྱ་ཡོད་ན་སྟོང་། སྟོང་ཡོད་ན་ཁྲི་ཞིག སྤྱོད་རྒྱུ་མི་ཚད་གཞག་རྒྱུ་སོགས་མི་དགོས་པའི་ཚད་ལ་ཐོན་རྒྱུ་དང་། ཁ་གང་རྒྱུ་ཞིག་མེད་ལ། བློ་ངན་ལང་ཤོར་གྱིས་ཡོ་བྱད་སྣ་ཚོགས་པ་དཀའ་སྤྱད་ངལ་དུབ་ལོག་འཚོ་གཡོ་སྒྱུ་ལ་སོགས་པའི་ཐབས་དུ་མས་རྩོལ་སྒྲུབ་ལ་རེམ་ཞིང་འབད། རྙེད་པ་དང་། བདེ་བ་དང་། གྲགས་པ་དང་། བསྟོད་པ་སྟེ་འདོད་པ་བཞི་དང་། དེའི་ལྡོག་ཕྱོགས་མ་རྙེད་པ་དང་། སྡུག་བསྔལ་དང་། གྲགས་པ་ངན་པ། སྨད་པ་སྟེ་མི་འདོད་པ་བཞི་སྟེ་འཇིག་རྟེན་ཆོས་བརྒྱད་ཅེས་བྱ་བ་དེ་ལ་འདོར་ལེན་ཁོ་ནས་མི་ཚེ་འཛད་པ་མང་བས། བཤེས་སྤྲིངས་ལས། ནོར་རྣམས་ཀུན་གྱི་ནང་ནས་ཆོག་ཤེས་པ། །རབ་མཆོག་ལགས་པར་ལྷ་མིའི་སྟོན་པས་གསུངས། །ཀུན་ཏུ་ཆོག་ཤེས་མཛོད་ཅིག་ཆོག་མཁྱེན་ན། །ནོར་མི་བདོག་ཀྱང་ཡང་དག་འབྱོར་བ་ལགས། །ཞེས་གསུངས་པ་ལྟར་དེ་ལྟ་བུའི་ཆོག་ཤེས་བསྟེན་ཏེ། ནོར་ལ་ཆོག་མི་ཤེས་པས་ཆོས་བརྒྱད་ཁོ་ནས་མི་ཚེ་འཛད་ན་གྱོང་ཆེ་བར་ཡིན་པར་ཤེས་ཏེ། དེའི་ཕྱིར་ཁམས་གསུམ་འཁོར་བའི་སྡུག་བསྔལ་ལ་བསམ་ཞིང་བློ་ཐོག་ལ་ལེན་ནས་རིགས་དྲུག་གི་སེམས་ཅན་ལ་ཁ་ཙམ་མིན་པའི་སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་བསྐྱེད་པར་བྱའོ། །སྙིང་རྗེ་སྒོམ་དུས་ཐོག་མར་སེམས་ཅན་ཐམས་ཅད་མར་ཤེས། དྲིན་དྲན། དྲིན་ལན་གཟོ་འདོད་དེ་རྣམས་ངེས་པར་དུ་ཤེས་དགོས། ད་ལྟའི་གནས་སྐབས་ན་ཁམས་གསུམ་གྱི་སེམས་ཅན་སོ་སོའི་སྐྱེ་བོ་རྣམས་ལ་མཚོན་ན། རང་གི་ཕ་མ་བུ་ཚ་རྣམས་ལ་ཤ་ཚ་སྙིང་རྗེ་སྐྱེ་བའི་སྙིང་རྗེ་ཆུང་ཆུང་གི་གཞི་འདྲ་ཞིག་ཡོད་པ་རེད། དེ་ཡང་གཅན་གཟན་གཏུམ་པོ་རྣམས་ལའང་ཡོད་པ་ཞིག་ཡིན། ངོ་མ་བཤད་ན་སྙིང་རྗེ་ཟེར་ན་ཆགས་སེམས་ཤིག་རེད། ད་ལྟ་རང་གི་ཕ་མ་བུ་ཚ་ལ་ཡོད་རྒྱུའི་ཤ་ཚ་སྙིང་རྗེ་དེ་སེམས་ཅན་ཐམས་ཅད་ལ་ཡོད་པ་དང་། དེའང་ཕྱོགས་རིས་མེད་པར་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་ཡོད་ན་དེ་ལ་སྙིང་རྗེ་ཆེན་པོ་ཟེར། སྙིང་རྗེ་དེ་འབྱོངས་བའི་ཚད་ནི། སྡུག་བསྔལ་ཅན་གྱི་སེམས་ཅན་མིག་གིས་མཐོང་ན་སྙིང་རྗེའི་ཤུགས་ཀྱིས་མིག་ནས་མཆི་མ་ཡོང་བ་ཞིག་རེད་ན་དེ་ལ་བརྩི་ཞེས་གསུངས་ལ། དེ་ཡང་ངོ་མ་བཤད་ན་མི་འགྲུབ་རྒྱུ་དང་མི་ཡོང་བ་ཞིག་མ་རེད། ཇི་ལྟར་ཡིན་ན། མི་རེ་ལ་ཕ་མ་རེ་ཡོད་པ་དང་། ཕ་མ་དེ་རྣམས་ལའང་ཕ་མ་ཡོད་ན། རང་རེའི་སྐྱེ་བ་ལ་ཡ་མཐའ་མེད་ན། ཕ་མའི་ཡ་མཐའ་ཡང་ཐུག་མེད་རེད། སྐྱེ་བ་རེ་ལ་ཕ་མ་རེ་ཡོད་པས། སྐྱེ་བ་བརྩི་ཚོད་མེད་པ་བཞིན་དུ་ཕ་མ་ལའང་བརྩི་ཚོད་མེད་པར་ཡིན་རྒྱུ་འདི་བདེ་བར་གཤེགས་པའི་བཀའ་མིན་ན་ཡང་རང་གི་རིགས་པས་དཔྱད་ན་འགྲུབ་རྒྱུ་དང་། ཡིན་ངེས་པར་ཡོད་ཤག་ཤག་ཅིག་རེད། དེ་ཡིན་ན་སྐྱེ་བ་ཕྱི་མ་ཤར་དུས་དེ་དུས་ཀྱི་ཕ་མ་དེ་མ་གཏོགས་ད་ལྟའི་སྐབས་ཀྱི་ཕ་མ་བརྗེད་ཚར་བས་ངོ་མི་ཤེས་པ་དང་། ཡང་དེའི་རྗེས་མར་དེ་བརྗེད། དེའི་རྗེས་མར་ཡང་དེ་བརྗེད་ཚར་བ་རེད། དེས་ན་ཕ་མ་ཡིན་ལུགས་ལ་ཁྱད་པར་མེད་ཅིང་། དྲིན་གྱིས་བསྐྱང་ལུགས་ལའང་འདྲ་འདྲ་རེད། ལས་ཀྱིས་འབྲེལ་ལུགས་གཅིག་རེད། དཔེར་ན་ཁ་སང་གི་ཕ་མ་དང་དེ་རིང་གི་ཕ་མ་གཉིས་ཁྱད་པར་མེད་པ་བཞིན་དུ། སྐྱེ་བ་སྔོན་རྗེས་ཚང་མའི་ཕ་མ་ཐམས་ཅད་གཅིག་ཡིན་པར་བསམ་ནས་སེམས་ཅན་ཐམས་ཅད་ཕ་མ་ཡིན་པར་ཤེས་དགོས། ཕ་མ་ཡིན་པར་ཤེས་ན་དྲིན་ཆེ་བ་ལོས་ཤེས། ལུས་སྲོག་བསྐྱེད་པའི་དྲིན་དང་། འཇིག་རྟེན་བསྟན་པའི་དྲིན་དང་། ཆོས་ལ་གཏད་པའི་དྲིན། སེམས་ཅན་མེད་ན་སངས་རྒྱས་ཐོབ་ཐབས་མེད་པས་སངས་རྒྱས་ཐོབ་པའི་དྲིན་ལ་སོགས་པ་དྲིན་མང་དུ་ཡོད། དེ་དྲན་དུས་ཁྲེལ་མེད་ཐ་ཆད་པ་ཞིག་མིན་ན་སེམས་ཅན་ཕ་མ་ལ་དྲིན་ལན་སྤྲད་རྒྱུ་མི་དྲན་ཐབས་མེད་ཡིན་པས། དྲིན་ལན་ཆོས་ཀྱིས་གསབ་དགོས། དེས་ན་ཐོག་མར་གལ་ཆེ་བ་སྙིང་རྗེ། བར་དུ་མེད་ཐབས་མེད་པ་སྙིང་རྗེ། མཐའ་མའང་སྙིང་རྗེའི་དམིགས་པ་ཚད་མེད་པའི་རང་བཞིན་ལས་མ་འདས་པ་ཞིག་འགྲུབ་དགོས་པ་ཡིན་ན། སྙིང་རྗེ་ངེས་པར་དུ་བསྐྱེད་དགོས། སྙིང་རྗེ་བསྐྱེད་དགོས་ན་འཁོར་བའི་སྡུག་བསྔལ་དྲན་དགོས་པ་ཡིན་པས་ན། དེའང་དེའི་ཚུལ་མདོ་དྲན་པ་ཉེར་བཞག་ལས། འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་ཏེ། ཁམས་གསུམ་འཁོར་བའི་གནས་འགྲོ་བ་རིགས་དྲུག་གང་དུ་སྐྱེས་ཀྱང་ཤིན་ཏུ་ཆ་ཕྲ་ཞིང་ཆུང་བའི་ཁབ་ཀྱི་རྩེ་ཙམ་ལ་བདེ་ཞིང་སྐྱིད་པའི་གནས་སྐབས་དུས་ནམ་ཡང་ཡོད་པ་མ་ཡིན། ཞེས་གསུངས་པ་ཡིན་ལ། བདེ་བ་ཆུང་ཆུང་རེ་ལོས་ཡོད། ལྷ་མིའི་བདེ་བ་བདེ་བ་མ་ཡིན་ནམ་སྙམ་ན། དེ་ལ་བདེ་བའི་མིང་ཙམ་ལས་དོན་ཡོད་པ་མ་ཡིན་ཏེ། སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་ཅུང་ཟད་ཆུང་བའི་གནས་སྐབས་ལ་བདེ་བ་ཞེས། བདེ་བ་གཏན་ནས་རིག་མ་མྱོང་བ་ལ་བདེ་བའི་མིང་བཏགས་ཀྱང་། དོན་ལ་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་ནམ་ཡང་མི་སྟོང་སྟེ། མཛོད་ཊཱིཀ་ལས། བྱིས་པ་ལག་མཐིལ་འདྲ་བ་ཡིས། །འདུ་བྱེད་སྡུག་བསྔལ་སྤུ་མི་རྟོགས། །འཕགས་པ་མིག་དང་འདྲ་བ་ནི། །དེ་ཡིས་ཤིན་ཏུ་ཡིད་ཀྱང་འབྱུང་། །ཞེས་གསུངས་པས། དཔེར་ན་སྤུ་ཉག་གཅིག་ལག་མཐིལ་དུ་བཞག་ན་མི་གོ་ཡང་། མིག་ཏུ་སོང་ན་ན་ཚ་ཆེར་བསྐྱེད་པ་དེ་བཞིན་དུ་རང་རེ་འཁོར་བའི་སེམས་ཅན་གྱིས་སྡུག་བསྔལ་ཡིན་པར་མི་ཤེས་པའི་འདུ་བྱེད་ཀྱི་སྡུག་བསྔལ་འཕགས་པ་རྣམས་ཀྱིས་གཟིགས་ན་སྡུག་བསྔལ་ཆེན་པོ་ཞིག་ཡིན་པར་གསུངས། ཞེས་འཁོར་བའི་གནས་རིས་ཐམས་ཅད་ལ་སྡུག་བསྔལ་ཁོ་ན་ལས་བདེ་བ་ཡོད་པར་མ་གསུངས་ཞེས་འཁོར་བའི་སྡུག་བསྔལ་སྤྱིར་བསམ་པ་བསྟན་ནས། ད་བྱེ་བྲག་ཏུ་བཤད་པ་ནི། འགྲོ་བ་རིགས་དྲུག་དེའི་ནང་ནས་ཀྱང་དམྱལ་བ་ཡི་དྭགས་དུད་འགྲོ་སྟེ་ངན་སོང་གསུམ་གྱི་འགྲོ་བའི་མི་བཟད་པའི་སྡུག་བསྔལ་ལ་བསམ་པ་ནི། སློབ་དཔོན་ཞི་བ་ལྷས། དམྱལ་སོགས་སྡུག་བསྔལ་བསམ་བྱས་ན། །འདོད་པ་རྣམས་ལ་མཚོན་དང་ནི། །དུག་དང་མེ་དང་གཡང་ས་དང་། །དགྲ་རྣམས་ཀྱིས་ཀྱང་དཔེར་མི་ཕོད། །ཅེས་དམྱལ་བ་དང་ཡི་དྭགས་སོགས་ངན་སོང་གི་གནས་རིས་ཀྱི་སྡུག་བསྔལ་ལ་བསམ་བློ་བཏང་བར་བྱས་ན། སྡུག་བསྔལ་དེ་དག་འབྱུང་བའི་གཞི་འདོད་པའི་ཡུལ་བསླུ་བྲིད་ཀྱི་རྐྱེན་རྣམས་ལ། མཚོན་ཆ་གདུག་པའི་དབལ་དང་། ཟོས་མ་ཐག་ཏུ་ཤི་འགྲོ་བའི་དུག ཚིག་ཅིང་སྲེག་པར་བྱེད་པའི་མེ་དོང་དུ་ལྷུང་ན་ཐལ་བ་ཙམ་ཡང་མི་ལུས་པ་དང་། གཡང་ས་གཟར་མོ་དང་། འཐབ་ནས་སྲོག་གཅོད་པར་བྱེད་པའི་དགྲ་མ་རུངས་པ་རྣམས་ཀྱིས་ངན་སོང་གི་སྡུག་བསྔལ་འབྱུང་བའི་ཉེས་དམིགས་ཀྱི་ཆ་ཙམ་ཡང་གཞལ་དུ་མེད་ཅིང་དཔེར་ཡང་མི་ཕོད་དོ། །ཅེས་པ་ལྟར་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ཤིན་ཏུ་མི་བཟད་པ་ཡིན་པར་རྒྱལ་བ་བདེན་པར་སྨྲ་བས་གསུངས་པ་ལྟར་ལས། ཁ་ནང་དུ་བསྐོར་ནས་འདང་རྒྱག་ན་རང་ཉིད་ཀྱང་ཤི་བའི་འོག་ཏུ་མར་མེ་ཤི་བའམ་རྩྭ་ཕུང་མེས་བསྲེགས་པ་ལྟར་ལས་ཀྱི་རྣམ་སྨིན་མྱོང་མི་དགོས་པར་ཤུལ་མེད་དུ་སོང་ན་དེ་ཀས་ཆོག་ཀྱང་། བདག་འཛིན་དང་ལས་ཉོན་གྱི་རྒྱུ་རྐྱེན་ཚང་ན་རྒྱུ་འབྲས་རྟེན་འབྱུང་གི་ཆོས་ལ་བསླུ་བ་མེད་པས། སྐྱེ་བ་ཞིག་མི་འདོད་ཀྱང་ལེན་དགོས། སྐྱེ་བ་ལེན་པ་དེའང་ཡང་ན་བདེ་འགྲོ་དང་ངན་འགྲོ་གང་རུང་ཞིག་ཏུ་ལེན་དགོས། བདེ་འགྲོ་ལྷ་དང་མིར་སྐྱེ་བའི་རྒྱུ་རྣམ་དཀར་གྱི་དགེ་བ་ཡིན་ན། ཕྱི་མར་གང་སྐྱེ་ད་ལྟའི་ལས་ལ་ལྟོས་ཟེར་བ་ལྟར། སྔོན་ཆད་རང་གིས་བློ་བདེ་སིང་ངེ་བའམ་བདེ་ཤག་ཤག་བྱས་ཆོག་པའི་རིགས་ཕྱི་མ་བདེ་འགྲོ་ཐོབ་བྱེད་ཀྱི་ལས་ནི་དགེ་སྡིག་བསགས་ལུགས་ལ་བསམ་ན་ཆེར་མི་གདའ། སྙིང་རྗེ་པདྨ་དཀར་པོ་ལས། ལྷའི་རྒྱལ་སྲིད་ནི་སྡུག་བསྔལ་འབྱུང་བའི་རྒྱུ་ལགས་སོ། །མིའི་རྒྱལ་སྲིད་ཀྱང་སྡུག་བསྔལ་མྱོང་བའི་རྒྱུ་ལགས་སོ། །ཞེས་གསུངས་པས་ལྷ་དང་མིའི་རྒྱལ་པོ་དེ་རྣམས་བསོད་ནམས་ཅན་ཡིན་ཡང་། ཤི་ནས་ངན་སོང་གི་སྡུག་བསྔལ་མྱོང་དགོས་ན། རང་རེ་སེམས་ཅན་ཕལ་པ་བསོད་ནམས་དམན་པ། ལྷ་མིའི་བདེ་བའི་ལུས་རྟེན་ཙམ་ཡང་ལེན་པའི་བསོད་ནམས་ཀྱང་མེད་པ་རྣམས་ཀྱིས་ཚེ་འདིར་དམ་ཆོས་རྣམ་དག་ཅིག་མ་འགྲུབ་ན་ཕྱི་མ་འགྲོ་ས་གཅིག་མ་གཏོགས་ཅི་ཡོད་བསམ་རྒྱུ་དེ་འདྲ་ཡིན། དེར་མ་ཟད་ཚེ་རབས་སྔ་མ་རྣམས་སུའང་དགེ་བའི་ཆོས་བསོད་ནམས་ཆེར་མ་བསགས་པར། སྔ་མར་ཅི་བྱས་ད་ལྟའི་ལུས་ལ་ལྟོས། །ཞེས་པ་ལྟར། ད་ལྟའི་སྐབས་སུ་མི་བདེ་བ་དང་མི་སྙན་པ་སོགས་མི་འདོད་ཁོ་ནས་མནར་བའི་མྱོང་བ་རྒྱུ་མཐུན་གྱི་འབྲས་བུས་ད་ལྟ་སླེབས་གདའ་མོད། སྒོ་གསུམ་གྱི་མི་དགེ་བའི་ལས་ནི་རང་གིས་བསམ་བློ་གཏོང་ན་རང་གིས་ཤེས་རྒྱུ་ཅན་ཐ་ན་རྩེད་མོའི་ཞོར་ཙམ་དུའང་བསམ་གྱིས་མི་ཁྱབ་པ་བསགས་ཚར་བས། དེའི་འབྲས་བུས་ངན་འགྲོའི་གནས་སུ་ཚ་གྲང་བཀྲེས་སྐོམ་ལ་སོགས་པའི་སྡུག་བསྔལ་མྱོང་དགོས་པ་བྱུང་ན་ཚེ་འདི་ག་ལ་བྱུང་བ་དང་། ལུས་རྟེན་ཕྱི་མ་ལ་བྱུང་བ་གཉིས་ལ་ཁྱད་པར་རྡུལ་ཙམ་མེད་དེ། རང་རྒྱུད་ཀྱི་སྡུག་བསྔལ་ཡིན་པས། དེ་རིང་མི་བདེ་བ་དང་སང་ཉིན་མི་བདེ་གཉིས་ལ་ཁྱད་པར་མེད་པ་བཞིན་ནོ། །དེས་ན་འདི་འདྲ་བྱས་ནས་དམ་པའི་གདམས་ངག་གི་མེ་ལོང་ཆེན་པོ་ཞིག་མདུན་ཐད་དུ་བཞག་ནས། རང་གིས་ད་སྔོན་ལས་ལས་བྱས་བྱས་ལོ་རྒྱུས་ཀྱི་རི་མོ་དེའི་ནང་དུ་འཆར་བཅུག་ན། འོ་ཐར་རྒྱུ་དང་འགྲོ་ས་གཅིག་མ་གཏོགས་མི་འདུག་བསམ་རྒྱུ་དེ་མི་ཤེས་མི་གསལ་རྒྱུ་ཞིག་ཡོད་པ་མ་རེད། འོན་ཀྱང་ད་དུང་མི་ཤེས་ཁུལ་བྱས་ནས་ཡིན་མདོག་མདོག་བྱེད་པ་ནི་རང་མགོ་རང་གིས་གཡོག་པ་འདི་གླེན་པའི་ནང་གི་གླེན་པ་རེད། མིག་བཙུམས་ནས་ཆུ་ནང་མཆོང་བ་དང་གཅིག་རེད། ད་འུ་ཚོས་ཆོས་བཤད་དང་ཆོས་སྒྲུབ་ཟེར་ན་མ་འོངས་ཕྱི་མའི་འདུན་ལམ་གྱི་གྲོས་འགོ་ཞིག་གཤོམ་པ་རེད། དེ་ཡིན་ན་རང་རེས་ཕར་བཤད་ཚུར་བཤད་བྱས་ནས་བསམ་བློ་རེ་གཏོང་ན། ད་དུང་མ་སྔ་མ་ཕྱི་རེད། གསོན་གྲང་ང་ཁམས་ལ་ཡོད་པས། ཁ་གང་ལ་འཁོར་ན་ཆོག་རྒྱུ་ཞིག་རེད། ཚེ་ཕྱི་མའི་སྐྱེ་བ་ལེན་ཚར་དུས་མི་དགོས། བར་དོའི་སྐབས་ཡིན་ན་དཀའ་མོ་ཡིན་པ་རེད། ཉམས་ལེན་གནད་ཀྱི་གོམས་མྱོང་ཅན་རེ་མིན་ན། ཆོས་ཉིད་བར་དོའི་སྐབས་ན་སྒྲ་འོད་ཟེར་གསུམ་གྱི་སྣང་བ་དང་། ཞི་ཁྲོའི་ལྷ་ཚོགས་ཀྱི་སྐུ་ཤར་དུས་གྲོལ་ཐུབ་པར་དཀའ་མོ་རེད། ཆོས་ཉིད་བར་དོའི་སྣང་བ་བརྒལ་ནས་སྲིད་པ་བར་དོར་ཐུག་ནས་སྔོན་ལས་ཀྱི་རྗེས་སུ་འབྲངས་ཏེ་འཁྲུལ་སྣང་འཇིགས་སྐྲག་གི་སྣང་བ་ཤར་དུས། དག་ཞིང་ལ་འདུན་པ་གཏད་རྒྱུ་དྲན་ཟེར་ན་དཀའ་མོ་ཡིན། དེར་མ་ཟད་ཤི་ངོར་ཟིན་རྒྱུའང་དཀའ་མོ་རེད། རང་རེ་ད་ལྟ་གྲང་ང་ཁམས་ན་ཡོད་ནི་རེད། བསམ་ལོང་བསྒྲུབ་ལོང་རེ་གཏད་ཀྱང་། འདི་འདྲ་བསམ་བློ་རེ་གཏོང་ན་ད་སྔར་ཤི་སོང་བའི་ཤི་བོ་དེ་རྣམས་ཀྱིས་ད་སྐབས་ཅི་འདྲ་མྱོང་བཞིན་མེད་ན། འགའ་རེ་ལ་དགེ་བའི་ར་མདའ་རེ་གཏོང་ན་ཅི་འདྲའི་གོ་ཆོད་ཀྱིན་ཡོད་ན་བསམ་རྒྱུ་འདྲ་ཡིན་ནི་རེད། སྔོན་གུ་རུ་ཉི་ཟླ་འོད་ཟེར་མཚམས་ལ་བཞུགས་ཡོད་སྐབས། ཡུལ་དེ་ན་ནད་ཡམས་ཀྱིས་མི་མང་པོ་ཤི་སོང་། དེའི་དུས་སུ་ཁོང་གི་ཕ་གཅིག་མ་གཅིག་ཡིན་པའི་ནུ་བོ་ཆུང་བ་ཁེ་རུ་མ་རྡོ་རྗེ་རྒྱལ་མཚན་ཞེས་པ་ལོ་སུམ་ཅུ་སོ་གཉིས་ཐོག་ཁོ་རང་གི་བུ་མོ་དང་ཕ་བུ་གཉིས་མཉམ་དུ་ཤི་སོང་ནས་ཟླ་བ་གསུམ་ཙམ་སོང་བ་ན། གུ་རུ་ཉི་ཟླ་འོད་ཟེར་ཁོང་གཅིག་པུ་མཚམས་ལ་བཞུགས་ཡོད་དུས་ཤིག་ལ་ནུ་བོ་དྲན་པས་རྐྱེན་བྱས་ནས། ཐུགས་སྐྱོ་བས་ནུ་བོ་གཙོས་པའི་སེམས་ཅན་དེ་དག་གང་ན་ཡོད་བསམ་ནས་སྐྱེ་གནས་དྲན་པ་དང་མཐོང་བའི་ཉམས་ལེན་ལ་ཐུགས་གཏད་པས། བར་དོའི་སྲིད་པའི་སེམས་ཅན་གྱི་གྲལ་དུ་བྱོན་སོང་ནས་བར་དོའི་སེམས་ཅན་གྲངས་མེད་གཟིགས་པ་དང་། བར་སྐབས་ཤིག་ན་ཁོང་གི་ཨ་མ་དེ་སྔ་བས་གཞོན་ཞིག་བྱས་ཏེ་གར་འོང་འདིར་འོང་མ་གོ་བར་བྱོན་ཡོང་ནས། རྡོ་རྗེ་རྒྱལ་མཚན་དེང་སང་སྡུག་གིན་ཡོད་རེད། དགྲ་ཡོད་དོགས་པས་ང་ཁོ་ལ་ལྟ་རུ་སོང་བ་ཡིན། ཁོས་ཉམ་ཐག་གི་སྐད་ཆ་མང་པོ་མང་པོར་བཤད་ཀྱང་། ངས་སེམས་གསོ་བྱས་ཡོད། རྡོ་རྗེ་རྒྱལ་མཚན་གྱིས་གནས་ཁང་བཟང་པོ་ཞིག་མ་རྙེད་ནས་སྒུག་ཡོད། གནས་ཁང་ངན་པ་སྡིག་ཅན་གྱི་ཁྱིམ་དུ་ངས་མ་བཏང་ནས་བར་ཆད་མེད་པའི་སྲུང་སྐྱོབ་བྱས་ཡོད། ཁྱོད་དེ་ན་ཕར་སོང་དང་ད་ལྟ་ཁྱེད་གཉིས་ཐུག་འོང་སྐད་ཆ་ཤོད་ཅེས་ཟེར་ནས། ཨ་མ་ཆུ་ཆེན་ཞིག་གི་ཕ་རོལ་ལ་སོང་ནས་མེད་པར་གྱུར་སོང་། དོན་ལ་ཡི་དམ་ཁྲོས་མ་ནག་མོ་དེ་ཉིད་བྱམས་བརྩེ་ཅན་གྱི་ཨ་མའི་གཟུགས་སུ་བརྫུས་ནས་རྡོ་རྗེ་རྒྱལ་མཚན་གྱི་མགོན་སྐྱབས་སུ་བྱོན་པ་ཡིན། དེ་ནས་གུ་རུ་ཉི་ཟླ་འོད་ཟེར་ཐུགས་དགའ་སྐྱོ་འདྲེས་མའི་ངང་ནས་ཕར་བྱོན་པ་ན། རྩིབས་ལམ་ཕྲ་མོ་ཞིག་ཏུ་རྡོ་རྗེ་རྒྱལ་མཚན་གྱིས་ཤིང་ཁྲ་མ་ཁུར་བོ་ཞིག་འཁུར་ནས་སྡུག་གླུ་ངུ་རྟ་རིང་མོ་ཞིག་བླངས། སྐབས་རེར་ཧུ་ཤུ་རེ་འཐེན་བཞིན་འོང་བ་དང་འཕྲད། བར་དོའི་སེམས་ཅན་དེ་ལུས་རགས་པ་མེད་པས། རྟེན་མེད་གནས་མེད་ཁོ་ཤོག་སྐམ་པོ་རླུང་གིས་འཁྱེར་བ་དང་འདྲ་བ་ཡིན་པས། འཁྲུལ་རྟེན་འདྲ་བའི་སྣང་བ་ཤིང་ཁྲ་མ་སྐམ་པོ་ཞིག་འཁུར་བའི་སྣང་བ་ཡོད་པ་དང་འཕྲད་པ་ན། གུ་རུ་ཉི་ཟླ་འོད་ཟེར་གྱིས་འདི་གསོན་པོ་ཡིན་སྣང་འདྲ་བར་ཤར་ཡང་། འདི་ཤི་ནས་ཟླ་བ་གསུམ་ཙམ་སོང་ཚར། ད་དུང་འདི་འདྲའི་གནས་མེད་རྟེན་མེད་དུ་འཁྱམས་ཡོད་པར་དགོངས་ཤིང་ཐུགས་སྐྱོ་བས། རེ་ཞིག་གསུང་ངག་ཞལ་ནས་མ་འཐོན་པར་ལུས་པ་དང་། རྡོ་རྗེ་རྒྱལ་མཚན་ཕུ་བོ་དང་འཕྲད་པས་དགའ་བ་སྐྱེས། ཡང་འདི་བར་དོ་ཡིན་བསམ་ནས་སེམས་སྐྱོ་བ་སྐྱེས། དེ་ནས་ཉི་ཟླ་འོད་ཟེར་གྱིས་ཁྱོད་ད་བར་གང་དུ་སོང་། དག་ཞིང་ཞིག་ཏུ་འདུན་པ་གཏད་པའམ་ཡང་ན་མི་ལུས་ཆོས་ལྡན་ཞིག་གི་སྐྱེ་བ་མི་བླང་བར་འདི་འདྲ་འཁྱམས་པས་ཅི་བྱ་གསུངས་པ་དང་། རྡོ་རྗེ་རྒྱལ་མཚན་ན་རེ། ང་མ་སོང་ས་དང་མ་འཁྱམས་ས་ཞིག་མེད། ང་རོགས་ངོ་ཤེས་མི་ཤེས་འབུམ་ཚོ་མང་པོ་དང་འགྲོགས་ནས་འགྲོ་བཞིན་ཡོད། སྐབས་ཤིག་ལ་རོགས་འབུམ་ཚོ་བཅུ་བདུན་དང་བཅས་སྟེ་འགྲོ་དུས་གློ་བུར་དུ་ཆ་གཉིས་ཙམ་ཞིག་དོང་མོ་ཆེར་ལྷུང་སོང་། ཆ་གཅིག་དྲག་ཆར་དང་རླུང་འཚུབ་ཀྱིས་དེད་པས་སྐྲག་ནས་ནགས་གསེབ་དང་ས་ཕུག་གད་ཁུང་སོགས་གང་བྱུང་དུ་གབ་སོང་། ང་ཨ་མས་གོས་ཀྱིས་བསྐྱབས་ནས་སེར་དྲག་དང་རླུང་འཚུབ་འཕྲད་ཀྱང་གནོད་པ་སྡུག་པོ་མ་བྱུང་། ད་སྔར་དོང་མོ་ཆེའི་ནང་དུའང་མ་སོང་། ཨ་ཁུ་ཁམས་པ་སོགས་ངོ་ཤེས་པ་མང་པོ་དོང་མོ་ཆེ་ནང་དུ་ཁྲིད་སོང་། ད་ལྟར་སྡུག་བསྔལ་མྱོང་ཚོད་ཡོད། ད་དུང་ཕ་ཡུལ་གཅིག་པའི་མི་འགའ་རེའི་མིང་ནས་བཟུང་ནས་དེ་དག་གིས། བླ་མ་ཉི་ཟླས་སྡིག་ཅན་གྱི་ཁྱིམ་ལ་མ་འགྲོ་གྲིབ་འོང་ཟེར་ཡང་། ད་བར་ཁྱིམ་གཙང་མར་མ་རྙེད། འདུག་ཡུན་རིང་ན་དོང་མོ་ཆེའི་མཐིལ་དུ་འཐེན་ཉེན་ཡོད། ད་སྔོན་ཁྱེད་དང་མཉམ་པོར་འགྲོགས་པས་ཕན་པ་ཡིན་གྱི། ད་སྡིག་ཅན་གྱི་ཁྱིམ་ཡིན་ཡང་སྐྱེ་བ་ཞིག་ལེན་ན་དགའ་ཟེར་ནས་སོང་། ངན་སོང་གསུམ་ལ་མ་སོང་ཡང་སྡིག་ཅན་གཅིག་གི་ཁྱིམ་དུ་ད་ཙམ་སྐྱེ་ཚོད་ཡིན་ཟེར་ནས། ཡང་གཏམ་བཤད་འཕྲོ་ལ་སྐྱོ་གླུ་ལྷང་ལྷང་འཐེན་ཏེ་ལས་རླུང་གིས་དེད་ནས་སོང་། ཁྱིམ་ཁྱིམ་བཤེས་གཉེན་མཁན་པོའི་ཁྱིམ། །དཀོན་དཀོན་ས་སྟེང་འདི་ན་དཀོན། །བཙོག་བཙོག་སྡིག་ཅན་ཁྱིམ་རེ་བཙོག །སྐྱིད་སྐྱིད་མི་ཡུལ་འདི་ན་སྐྱིད། །སྡུག་སྡུག་བར་དོའི་འཕྲང་རེ་སྡུག །ཐུང་ཐུང་མི་ཚེ་འདི་འདྲ་ཐུང་། །ཆུང་ཆུང་རང་དབང་འདི་འདྲ་ཆུང་། །ཞེས་སྐྱོ་ཤས་ལྷང་ལྷང་འཐེན་བཞིན་ཤིང་ཁུར་འཁྱེར་ནས་འཕྲང་ལ་སོང་བ་ན། ཡང་གུ་རུ་ཉི་ཟླ་འོད་ཟེར་གྱིས་དེད་ནས་བོས་པས་ཁོ་དེར་སྡོད་ཟེར་ནས། ཡང་དྲིས་པ། ཁྱོད་ད་རུང་ཕ་ཡུལ་གྱི་མི་ཤི་བ་རྣམས་དང་འཕྲད་ཨེ་བྱུང་། སྐད་ཆ་ཞིབ་པར་ཤོད་ཟེར་དུས། ཁོས་ཐུག་རྒྱུ་མང་པོ་ཐུག་ཀྱང་། ལ་ལ་ནི་ཡུད་ཙམ་ན་བྲལ་སོང་། ལ་ལ་ནི་ཉིན་རེ་ཙམ་མཉམ་པོར་བྱུང་། ཁྱེད་ལ་དབང་ཞུས་པའི་མི་བཞི་ལྔ་ཞིག་དང་ཞག་བཅུ་ཙམ་ལ་མཉམ་པོར་བྱུང་། ཉོས་བཙུན་མ་ནི་རི་ཞིག་ལ་འཛེགས་སོང་། སྐྱིད་སྡུག་ནི་ཅི་འདྲ་བྱུང་ཆ་མེད། གཞན་ཐམས་ཅད་གློ་བུར་དུ་གར་སོང་ཆ་མེད་པར་གཅིག་ཟག་གཉིས་ཟག་ལ་སོང་། ཡིན་ཡང་བར་དོའི་ཆོས་དང་དེའི་ནང་ནས་ཀྱང་བར་དོ་ཐོས་གྲོལ་འདི་བས་དགའ་ཞིག་མི་འདུག འདི་གསོན་པོའི་དུས་སུ་རྣ་བར་འཇག ཡིད་ལ་བྱང་དགོས་འདུག ང་ཚོ་བར་དོ་ཐོས་གྲོལ་རྣ་བར་ཐོས་མྱོང་བ་རྣམས་ཀྱང་གནས་བཟང་ངན་འདམ་ཤེས། ངེད་རྣམས་འགའ་རེས་བར་དོའི་སྨོན་ལམ་རྣམས་གྲབ་གཅིག་ཏུ་བསྒྲིགས་ནས་མགུར་མར་འཐེན་པས། མི་འབུམ་ཚོ་མང་པོ་ངུ་སྒྲ་དིར་གྱིས་བྱུང་། ཁྱོད་རྣམས་ཅི་ལ་ངུ་བ་ཡིན་དྲིས་པས། ཁྱེད་རྣམ་པ་རེ་དགའ། དེ་འདྲའི་སྨོན་ལམ་ཡག་པོ་ཤེས་པས་གནས་ཁང་འདམ་ཤེས། མཉམ་པོར་འགྲོགས་རྒྱུ་འདུག་པས་ཁྱེད་རྣམས་ལ་སྨོན་པ་ཡིན། ངེད་རྣམས་ཡིད་མུག་སྐྱེས་ནས་ངུ་བ་ཡིན་ཟེར། ངས་བར་དོ་ཐོས་གྲོལ་མགོ་འཇུག་ཚང་ལ་ཁད་ཙམ་མི་དེ་རྣམས་ལ་བཤད་རྒྱུ་བྱུང་བས། མི་དེ་རྣམས་ན་རེ། ཁྱོད་རྣམས་ཆོས་ཉིད་བར་དོའི་སྐབས་སུ་འོད་ལམ་ཡག་པོ་དེ་འདྲ་བ་གཅིག་ལ་མི་འགྲོ་བར་ད་དུང་འདིར་བསྡད་པ་ཅི་ཡིན་ཟེར། ང་ཆོས་ཉིད་བར་དོའི་སྒྲ་འོད་ཟེར་གསུམ་ཟིལ་ཆེ་བས་སྐྲག་ནས་བརྒྱལ་སོང་། འོད་ལམ་དང་གནས་ལུགས་ཀྱང་མི་སྣང་། ངོ་ཤེས་ལ་ཁད་མི་ཤེས་པས་རེད། ངས་གསོན་པོའི་དུས་སུ་བར་དོའི་ངོ་སྤྲོད་ལན་གཉིས་ཐོབ་པས། ཆོས་ཉིད་བར་དོ་ངོས་ཟིན་ལ་ཁད་ཡལ་ནས་འགྲོ། ལན་གསུམ་ཐོབ་ནས་ངོས་ཟིན་ངེས་འདུག་སྟེ། ལན་གཉིས་ལས་མ་ཐོབ་པས་ད་རུང་ངོས་མ་ཟིན་པ་ཡིན། ད་ཆོས་ལྡན་གྱི་བུ་ཞིག་སྐྱེས་ན་དགའ་བས་གནས་བཟང་པོ་ཞིག་སྒུག་ཀྱང་རྙེད་པར་དཀའ་ཟེར་འཕྲོ་ལ། ཁྱིམ་ཁྱིམ་བཤེས་གཉེན་མཁན་པོའི་ཁྱིམ། །དཀོན་དཀོན་ས་སྟེང་འདི་རུ་དཀོན། །བཙོག་བཙོག་སྡིག་ཅན་ཁྱིམ་རེ་བཙོག །མང་མང་ངན་སོང་མངལ་སྒོ་མང་། །སྐྱོ་སྐྱོ་བར་དོའི་འཕྲང་ལ་སྐྱོ། །ཞེས་ལྷང་ལྷང་འདོན་ཞིང་། ཡང་ཤིང་དེ་འཁུར་ནས་འཕྲང་བརྒྱུད་དེ་ཡུད་དེ་ཡུད་དེ་འགྲོ་བ་དང་། ཡང་ཉི་ཟླས་བོས་ཤིང་། ལག་ནས་བཟུང་སྟེ། ཁྱོད་སྐྱོ་མི་དགོས། ངས་ཁྱོད་ལ་སྡུག་བསྔལ་བར་མི་འཇུག ཁྱོད་ཀྱིས་བར་དོའི་སེམས་ཅན་ཐམས་ཅད་ལ་འཕྲིན་གྱིས། དམ་པ་ཉི་ཟླ་འོད་ཟེར་གྱིས་ནངས་རེ་བཞིན་བར་དོ་ཐོས་གྲོལ་དང་བཏགས་གྲོལ་འདོན་གྱིན་ཡོད་ཉན་དུ་འགྲོ་ཟེར་ནས་ཁྲིད་ལ་ཤོག ངས་ནངས་རེ་བཞིན་མ་ཆག་པར་ཐོས་གྲོལ་དང་བཏགས་གྲོལ་འདོན། བརྒྱ་རྩ་དང་ཆུ་གཏོར་བར་དོ་ཆུ་སྦྱིན། བསྔོ་བ་སྨོན་ལམ་བཏབ་ཀྱིན་ཡོད་གསུངས། ཁོ་ན་རེ། ཁྱེད་ཀྱིས་བར་དོའི་སྨོན་ལམ་ནངས་རེ་བཞིན་བཏོན་པས་ཐམས་ཅད་ལ་བཀའ་དྲིན་ཆེ། སྨོན་ལམ་དེ་དག་གིས་བར་དོའི་སེམས་ཅན་རྣམས་ལ་ཕན་ཐོགས་འདུག ང་དང་བོད་ཀྱི་སྔགས་པ་གསུམ་བར་དོའི་སེམས་ཅན་ནང་དབང་ཆེ་ཤོས་ཡིན། ཁོང་གསུམ་ནི་ཐོས་གྲོལ་ཉམས་ལེན་བྱེད་མཁན་ཡིན་ཟེར། གསང་སྔགས་ཀྱི་དབང་མང་པོ་ཐོབ་པའི་ཕན་ཡོན་རེད་བསམ་པ་བྱུང་། ང་ནི་མི་ཡུལ་ལ་སྡོད་ཡུན་ཐུང་བས་ད་རུང་མི་ལུས་གཙང་མ་ཞིག་ཨེ་རྙེད་བསམ་ནས་སྒུག་ཡོད། ཨ་མས་གནས་ཚང་གཙང་མ་ཞིག་མ་རྙེད་བར་དོང་མོ་ཆེར་མི་གཏོང་ཟེར། གནས་ཁང་གཙང་མ་ནི་བར་དོའི་སྐབས་འདིར་དཔེར་ན་མི་ཡུལ་དུ་ཡིད་བཞིན་ནོར་བུ་བས་ཀྱང་དཀོན་པར་སྣང་ངོ། །ད་ནི་ཉུག་དཀའ་བ་ཟེར་བཞིན། ཡང་འཇིགས་འཇིགས་དོང་མོ་ཆེ་རེ་འཇིགས། །སྐྱོ་སྐྱོ་བར་དོའི་འཕྲང་རེ་སྐྱོ། །ལྗིད་ལྗིད་ཤིང་ཁུར་འདི་རེ་ལྗིད། །བུད་བུད་བར་དོར་ཉུག་རེ་བུད། །ཁྱིམ་ཁྱིམ་བཤེས་གཉེན་མཁན་པོའི་ཁྱིམ། །དཀོན་དཀོན་ས་སྟེང་འདི་རུ་དཀོན། །ཟེར་ནས་ཤིན་ཏུ་སྐྱོ་བའི་ཚུལ་གྱིས་སྐྱོ་གླུ་འཐེན་བཞིན་སོང་བ་ན། ཉི་ཟླ་འོད་ཟེར་མཆི་མ་ཤོར་ཏེ། ཡང་བོས་ནས་ཁྱོད་མ་འགྲོ་དང་། ངས་ཁྱོད་ལ་བཤད་རྒྱུ་གཅིག་ཡོད་བྱས་པས། ངལ་སྟེགས་ཤིག་གི་ཐོག་ཏུ་ཤིང་ཁུར་ཕོག་ནས་ཧུ་ཤུ་ཟེར་ཞིང་སྒུག་བསྡད་པ་ལ། ད་ཁྱོད་སྡུག་མི་དགོས། ངས་ཀླས་ལར་ཞི་ཁྲོའི་ཕོ་བྲང་གཅིག་བཞེངས་ཡོད། དེའི་དགེ་རྩ་ཁྱོད་ལ་བསྔོ། དགེ་བཤེས་དང་དགེ་འདུན་ལ་མ་ཎི་གསུང་དུ་འཇུག་པ་དང་། མ་ཎིའི་རྒྱུན་འཛུགས་ཡོད་པ་ཁྱོད་ལ་བསྔོའོ། །ང་རང་གི་དགེ་སྦྱོར་བྱས་ཚད་ཁྱོད་ལ་བསྔོའོ། །ཤུལ་དུ་མ་སྨད་རྣམས་ལ་མ་ཎི་བགྲང་བ་སོགས། གཞན་ཡང་དགེ་རྩ་ཅི་འགྲུབ་གྱིས་བྱས་ཡོད། ཁྱོད་ད་ལྟ་བར་དོའི་ལུས་ཡིན་པས་འདུན་པ་རྩེ་གཅིག་སེམས་ལ་བཟུང་ན་འདུན་པ་གར་གཏད་དུ་འགྲོ་ཆོག་པར་གསུངས་ཡོད་པས། ཁྱོད་ཟངས་མདོག་དཔལ་རིར་ཨོ་རྒྱན་རིན་པོ་ཆེའི་དྲུང་དུ་འདུན་པ་དྲག་པོར་གཏོད་ལ། སྨོན་ལམ་བཏབ་ནས་རིག་འཛིན་གྱི་ཚོགས་གྲལ་དུ་སོང་ན་མི་དགའམ་ཟེར་བས། ཡང་ཁོས་མི་ཡུལ་དུ་འདུག་ཡུན་ཐུང་བས་ཞེ་མ་ཚིམ། ཁྱེད་སྤུན་ཡ་རྣམས་ཀྱི་དྲིན་གྱིས་སྡིག་པ་ཆུང་ཡང་དེ་དུས་ཆོས་ཤིག་མ་བྱས་པས་འགྱོད་པ་ཆེ། ཕ་མ་སྤུན་ཡ་ཁྱེད་རྣམས་དང་འགྲོགས་ལོང་མ་བྱུང་བས་ཞེ་འགྱོད་ཆེ། ད་དེ་འདྲ་གར་བཙལ་ཀྱང་མི་རྙེད། ཡོད་པ་དེ་ལ་རང་དབང་མ་ཐོབ་པས། ད་མེད་པ་གཅིག་བཙལ་དགོས་པས་སྡུག་པ་ལ། ད་རུང་མི་ལུས་ཆོས་ལྡན་ཞིག་རྙེད་རྒྱུ་སྒུག་པ་ཡིན་ཟེར་ནས་མིག་ནས་མཆི་མ་ཤར་ཤར་དུ་བྱུང་། འོ་ན་ཁྱོད་ཀྱི་བུ་མོ་ཁྲ་ཧུ་རེ་གར་སོང་། འཕྲད་ཨེ་བྱུང་དྲིས་པས། ཟླ་བ་སྔོན་མ་ལ་ཁྲོམ་ཆེན་པོ་ཞིག་གི་དཀྱིལ་དུ་ཡུད་ཙམ་གཅིག་འཕྲད་བྱུང་། དེ་ནས་གར་སོང་ཆ་མེད་དུ་སོང་། དེ་ནས་མ་འཕྲད་ཟེར་ནས་བུ་མོ་དྲན་པས་མིག་ནས་མཆི་མ་བཏོན་ཅིང་། སྐྱོ་གླུ་བླངས་བཞིན་ཤིང་ཁུར་འཁུར་ནས་འཕྲང་དེར་སོང་ནས། སྐྱིད་སྐྱིད་མི་ཡུལ་མཐིལ་རེ་སྐྱིད། །སྡུག་སྡུག་བར་དོའི་འཕྲང་རེ་སྡུག །ཐུང་ཐུང་མི་ཚེ་འདི་ལས་ཐུང་། །སྐྱོ་སྐྱོ་འགྲོགས་ལོང་མེད་པར་སྐྱོ། །ཆུང་ཆུང་རང་དབང་འདི་ལས་ཆུང་། །ཟེར་བཞིན་སོང་བ་དང་། ཡང་བོས་ཏེ་ཁྱོས་སྒུག་དང་འདྲི་རྒྱུ་ཞིག་ཡོད། ཁྱོད་ཀྱིས་ཆོས་ཀྱི་རྒྱལ་པོའི་དྲུང་དུ་མཇལ་ས་ཨེ་སོང་བྱས་པས། མ་སོང་། དོང་མོ་ཆེའི་ནང་དུ་བབ་ན་མཇལ་བར་ཡིན་ཡང་། འགྲོ་མ་ཕོད། ང་ནི་ཨ་མས་བསྲུངས་པ་རེད། གཞན་སྲུང་མི་མེད་པ་རྣམས་རང་དབང་མེད་པར་འཁྲིད་སོང་ཟེར་ནས་འགྲོ་གྲབ་བྱེད་ཅིང་། འཇིགས་འཇིགས་དོང་མུན་ནག་པོ་འཇིགས། །མགྱོགས་མགྱོགས་ལས་རླུང་ནག་པོ་མགྱོགས། །ཚ་ཚ་ལས་ཀྱི་མེ་རེ་ཚ། །འཁྱམས་འཁྱམས་གྲོགས་མེད་གཅིག་པུར་འཁྱམས། །ལུས་ལུས་ཐམས་ཅད་ཤུལ་དུ་ལུས། །ལྕི་ལྕི་ལས་ངན་སྡིག་སྒྲིབ་ལྕི། །ཟེར་ནས་ཡང་ཤིང་ཁུར་བོ་ཡང་བསིགས་བྱས་ནས། ཧུ་ཤུ་ཟེར་ཏེ་སེམས་ཕམ་པའི་ཚུལ་བྱས་ཏེ་སོང་། ཁྱོད་དེ་འདྲ་སྡུག་བསྔལ་མ་བྱེད། ཁྱོད་མི་ལུས་བཟང་པོའི་གནས་རྙེད་པ་དང་། ཕྱི་མར་ཆོས་དང་འཕྲད་པ་དང་། ང་རང་སྤུན་རྣམས་དང་ཡང་ཁྱོད་སྐྱེ་བ་ཕྱི་མར་འཕྲད་པའི་སྨོན་ལམ་རྒྱ་ཆེན་པོ་ངས་བཏབ་བོ། །སྡུག་མི་དགོས། ཁྱོད་གཅིག་པུ་མིན། ངེད་རྣམས་ཀྱང་འདི་འདྲ་རེས་མོས་བྱས་ནས་ལུས་ཐོག་ཏུ་མྱོང་དགོས། སེམས་ཅན་ཀུན་ལ་འོང་། ཁྱོད་རང་སེམས་ཕམ་མི་དགོས། ཇོ་བོ་ཐུགས་རྗེ་ཆེན་པོ་དང་ཨ་མས་རོགས་བྱེད་པ་དེ་ཡི་དམ་རྡོ་རྗེ་ཕག་མོ་ཡིན། ཁྱོད་རང་གིས་དབང་ཐོབ་པ་དང་ཁྲོས་མའི་ཕྲིན་ལས་ཤེས་པའི་བྱིན་རླབས་འཇུག་པ་རེད། ཁྱོད་རང་གསོལ་བ་ཐོབ་གསུངས་པ་ན། ཁོ་ན་རེ། སྤྱིར་བར་དོ་སྡུག་དྲགས་པས་དེ་སྐད་སྨྲེ་སྔགས་འདོན་པ་ཡིན། བར་དོའི་སེམས་ཅན་གཞན་དང་བར་དོ་བ་ཕལ་ཆེར་ལས་ང་རང་སྐྱིད་པ་ཡིན། ཁྱེད་ཀྱིས་སྐྱེ་བདུན་རིལ་བུ་དང་བཏགས་གྲོལ་སྦྲགས་མ་སྲེག་པ་དེས་ར་རང་ལ་ཤིན་ཏུ་ཕན་པར་མ་ཟད། བར་དོའི་སེམས་ཅན་ཀུན་ལའང་ཕན་པ་རྒྱ་ཆེན་པོ་བྱུང་འདུག ད་རུང་ཡང་ངའི་རུས་པ་སྐམ་པོར་ཚ་ཚ་ཐོབ། བཏགས་གྲོལ་དང་སྐྱེ་བདུན་རིལ་བུ་སྦྲགས་ནས་མེར་བསྲེག་པར་མཛོད། ན་རཀ་སྐོང་བཤགས་འདི་ཕན་ཡོན་ཆེ་བར་སྣང་བས་འབད་འབུང་ཐོན་ཞེས་ཟེར། ཡང་ལངས་ནས་ཁོ་ཤོག་སྐམ་པོ་རླུང་གིས་འཁྱེར་བ་བཞིན་འདུག་དབང་མེད་པར་སོང་ཐལ་གསུངས་པ་རེད། དེས་ན་གུ་རུ་ཉི་ཟླ་འོད་ཟེར་གྱི་མཆེད་ཡ་སྔགས་པ་ཆོས་ལྡན་དེ་འདྲ་བས་བར་དོའི་སྡུག་བསྔལ་དང་འཇིགས་སྐྲག་དེ་འདྲ་མྱོང་བས་མི་ཚད། དམྱལ་བའི་དོང་མོ་ཆེའི་ནང་དུ་ལྷུང་བར་དེ་འདྲའི་སྐྲག་སྔངས་ཤིག་དགོས་ན། རང་རེ་དམྱལ་བར་འགྲོ་རྒྱུའི་ཆ་རྐྱེན་ཚང་མ་བསྒྲུབས་ནས་འགྲོ་ཆོག་ཆོག་བྱས་ཡོད་ན་མིག་བཙུམ་ལོང་དང་བར་དོའི་སྣང་བ་ཤར་ལོང་མེད་པར་འདི་ནས་གསུངས་པའི་དམྱལ་ཁམས་དེ་དག་གི་ནང་དུ་སྐྱེས་སོང་ན་ཇི་ལྟར་བྱེད། རང་མ་སྐྱེ་རུང་རྡོ་རྗེ་རྒྱལ་མཚན་གྱི་བུ་མོ་ཆུང་ཆུང་མི་མང་ནང་འཕྲད་ཙམ་བྱས་ནས་དེ་ཕྱིན་ཆད་མ་ཐུག་པ་བཞིན་དུ། རང་རེའི་སྤུན་སྲིང་མོ། ཕ་ཁུ་བོ། མ་ཞང་པོ། སྙིང་དང་འདྲ་བའི་གཅེས་དམར་མ་འདིང་ཆེན་དེ་ཚོ་དེ་དང་འདྲ་བར་་རིག་རྒྱུ་མེད་པ་རེད། དམྱལ་བའི་དོང་མོ་ཆེའི་ནང་དུ་ལྷུང་ནས་སྡུག་བསྔལ་མྱོང་བཞིན་ཡོད་ན་ཅི་འདྲ་བྱེད། ངོ་མ་དེ་འདྲའི་སྡུག་བསྔལ་མྱོང་བ་དེ་ཚོ་རང་གཞན་གཉིས་ཀས་ཤེས་ཤེས་ཁ་བསམ་བློ་མ་གཏོང་ན། དུད་འགྲོ་ལས་སྡུག་པ་ཞིག་ཨེ་ཡོད་ན་མ་གཏོགས་དུད་འགྲོ་ལས་ཀྱང་སྡུག་རེད། དམྱལ་བ་ན་ཡོད་པའི་སེམས་ཅན་རྣམས་དོན་མེད་དག་དག་མ་རེད། ཕ་མ་བྱེད་མ་མྱོང་བའི་སེམས་ཅན་གཅིག་ཀྱང་མེད་པས། ཁྲིད་འདི་ཚོ་ཞུས་ནས་དེའི་རྒྱུ་མཚན་ཤེས་དགོས། འདི་ལྟར་དམྱལ་བའི་སྡུག་བསྔལ་ནི་ཞེས་འདི་མན་གྱིས་ངན་སོང་གི་སྡུག་བསྔལ་ལས་དམྱལ་བའི་སྡུག་བསྔལ་བྱེ་བྲག་ཏུ་བཤད་པ་རེད། བཤེས་སྤྲིང་ལས། དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང་། །དྲན་དང་བཀླགས་སམ་གཟུགས་སུ་བགྱིས་པས་ཀྱང་། །སྡུག་བསྔལ་སྐྱེ་བར་འགྱུར་ན་མི་བཟོད་པའི། །རྣམ་སྨིན་ཉམས་སུ་མྱོང་ན་སྨོས་ཅི་དགོས། །ཞེས་དམྱལ་བ་རི་མོ་བྲིས་པ་མཐོང་བ་དང་། གཞན་ལས་ཐོས་པ་དང་། དམྱལ་བའི་སྡུག་བསྔལ་བཤད་པ་དྲན་པ་དང་། གསུང་རབ་ལས་བཀླག་པ་དང་། འཇིམ་པ་སོགས་ལས་དམྱལ་བའི་སེམས་ཅན་གྱི་གཟུགས་བརྙན་བགྱིས་པས་ཀྱང་། སེམས་ལ་སྡུག་བསྔལ་འཇིགས་སྐྲག་སྐྱེ་བར་འགྱུར་བ་ཡིན་ན། དམྱལ་ཁམས་དངོས་སུ་སྐྱེས་ནས་མི་བཟོད་པའི་རྣམ་སྨིན་གྱི་སྡུག་བསྔལ་དྲག་པོ་དངོས་སུ་ཉམས་སུ་མྱོང་ན་འཇིགས་སྐྲག་ཡོད་པར་སྨོས་ཅི་དགོས། ཞེས་གསུངས་པ་དེ་ལྟ་བུའི་ཚ་གྲང་གི་སྡུག་བསྔལ་སོགས་རང་གི་རྒྱུད་ཐོག་ཏུ་མ་བསམ་ན། གཞན་གྱི་སྡུག་བསྔལ་ལ་ལྟད་མོ་བལྟ་བ་ལྟ་བུས་རང་རྒྱུད་ལ་མི་སྐྱེ། ཞེས་གསུངས་པས། ཁྲིད་འདི་ཚོ་ཞུ་དུས་ཉན་ནས་སྡུག་བསྔལ་དེ་འདྲ་ཡོད་པར་ཤེས་པ་ཙམ་གྱིས་མི་ཕན་ཏེ། ད་སྔར་ཡང་གོ་མྱོང་། ད་ཡང་ལན་བརྒྱ་གོ་ཡང་ཕན་ཐོགས་མེད། དེ་ལྟ་བུའི་སྡུག་བསྔལ་རང་གི་རྒྱུད་ཐོག་ལ་ངོ་མ་མྱོང་བར་བསམ་ཏེ་དམྱལ་བ་སྐྱེས་ནས་ཚ་གྲང་། ཡི་དྭགས་སྐྱེས་ནས་བཀྲེས་སྐོམ་སོགས་དངོས་སུ་མྱོང་བར་བསམ་དགོས་སོ། །དེ་ལྟར་མ་བསམ་པར་གཞན་གྱི་སྡུག་བསྔལ་ལ་ལྟད་མོ་བལྟ་བ་ལྟ་བུས་རང་རྒྱུད་ལ་ངེས་འབྱུང་དང་སྙིང་རྗེའི་བསམ་པ་ཡང་དག་མི་སྐྱེ་གསུངས་པ་རེད། འདི་ན་གསུང་རྒྱུ་ནི་ངེས་འབྱུང་རྣམ་དག་དང་བྱམས་སྙིང་རྗེ་རང་རྒྱུད་ལ་སྐྱེ་བའི་ཆེད་དུ་ངན་སོང་གི་སྡུག་བསྔལ་དེ་རང་གི་ལུས་ཐོག་ལ་ཉམས་སུ་མྱོང་བར་བསམ་པ་རེད། ལས་དང་པོ་བས་ཁྱད་པར་དུ་བློ་ལྡོག་རྣམ་བཞིས་བློ་མ་སྦྱོང་བར་བྱམས་དང་སྙིང་རྗེ་རྒྱུད་ལ་མེད་པའི་དམུ་རྒོད་ཅིག་གིས་རང་མཐུན་སེམས་ཅན་གྱི་སྡུག་བསྔལ་མྱོང་བ་མངོན་སུམ་དུ་མཐོང་བཞིན་པ་ལ་སྙིང་རྗེ་ཡང་སྐྱེ་བར་དཀའ་བ་ཡིན་པས་ན། ད་རེས་ཁྲིད་འདི་ལ་སེམས་ཅན་གྱི་སྡུག་བསྔལ་དེ་རང་གི་རྒྱུད་ཐོག་ལ་བྱུང་བར་བསམ་པའི་བློ་ནང་དུ་བཀུག་ནས་སྒོམ་དགོས་ཏེ། རྫོགས་པ་ཆེན་པོའི་འདས་རྗེས་ལས་ཀྱང་། རིགས་དྲུག་སྡུག་བསྔལ་བློ་ལ་བླངས། །ཞེས་སྔོན་འགྲོའི་ཁྲིད་སྦྱོང་གི་སྐབས་སམ་གནས་སྐབས་ཐམས་ཅད་དུ་རིགས་དྲུག་གི་ཕ་མར་གྱུར་པའི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བློ་ལ་བླངས་ནས་རང་གི་རྒྱུད་ཐོག་དངོས་སུ་མྱོང་བར་བསམ། ཞེས་གསུངས་པའི་ཕྱིར་རོ། །དེའི་ཡན་གྱིས་ལུང་ལས་དཔག་ནས་འཁོར་བ་སྤྱི་དང་བྱེ་བྲག་ངན་སོང་དང་དེའི་ནང་དམྱལ་བའི་སྡུག་བསྔལ་རྒྱུད་ཐོག་ལ་བླངས་ཏེ་དེ་དང་དེ་འདྲ་བའི་མྱོང་དང་མྱང་འགྱུར་གྱི་སེམས་ཅན་ལ་སྙིང་རྗེ་བསྐྱེད་ཚུལ་བསྟན་ཏོ།།

གཉིས་པ་དེའི་དོན་མན་ངག་ལག་ཁྲིད་ཀྱི་སྒོ་ནས་བསམ་པ།

དེའི་དོན་མན་ངག་ལག་ཁྲིད་ཀྱི་སྒོ་ནས་བསམ་པ་ནི། བསམ་གཏན་གྱི་ཚེར་མ་མེད་པའི་གནས་དབེན་པར་སོང་སྟེ། འདུག་སྟངས་སྐྱིལ་ཀྲུང་མཉམ་བཞག་གམ་དྲང་སྲོང་ཙོག་པུར་ལྟ་བུའི་མྱ་ངན་གྱི་འདུག་སྟངས་བྱས་ནས། བརྒྱུད་པའི་གསོལ་འདེབས་སོགས་བཏོན། དངོས་གཞི་ཐུན་གྱི་སྐབས་སུ་བསྒོམ་ཚུལ་དངོས་ནི། གང་ནས་ཡོང་དང་གང་ན་ཕྱིན་ཆ་མེད་པར་གངས་རི་ཆེན་པོའི་སྟོངས་སམ་བར་གསེབ། ཞབས་ཐམས་ཅད་འཁྱགས་རོམ་གྱི་སྦུག་གིས་གང་ལ། སྟེང་དང་བར་སྣང་ན་ཆར་རླུང་ཤིན་ཏུ་མི་བཟད་པས་མུན་པ་ནག་པོས་ནོག་ནོག་པོར་བྱེད་པ་ཞིག་ཏུ་སླེབས་པས། ཤིན་ཏུ་གྲང་ཞིང་འཁྱག་པའི་སྣང་བ་འདྲ་ཞིག་ཤར་ཏེ་འདི་འདྲ་མ་གྲང་བར་ཅུང་དྲོ་ན་བསམ་ནས་ཚ་བ་དོན་དུ་གཉེར་བའི་བསམ་པ་ཤར་བ་ན། བསམ་ལོང་དྲན་ལོང་མེད་པར་སྐད་ཅིག་ལ་རྨི་ལམ་འཁྲུལ་བ་ལྟར་ཚ་དམྱལ་དུ་སྐྱེས་ཏེ་འོག་ཐམས་ཅད་མེ་ལྕེ་ལྷབ་ལྷུབ་ཏུ་འབར་བའི་ལྕགས་བསྲེགས་ཀྱི་ས་གཞི། ཁོར་ཡུག་ཐམས་ཅད་ཀྱང་གང་ལ་བལྟས་ན་ལྕགས་བསྲེགས་ཀྱི་ར་བས་བསྐོར་བ། སྟེང་འོག་ཕྱོགས་མཚམས་ཐམས་ཅད་གོ་མཚམས་དང་བར་མཚམས་མེད་པར་མེ་ལྕེ་དམར་ལྷབ་ལྷབ་འབར་བས་ཁེངས་ཤིང་། མེ་རི་དང་མེ་དོང་འབར་ཞིང་འཁྲུགས་པའི་ཀློང་དུ་གྱུར། དེའི་ཡན་ཚ་དམྱལ་གྱི་གནས་བརྒྱད་པོ་དྲག་ཞན་མ་གཏོགས་ཧ་ལམ་འདྲ་བ་ཡིན། སྤྱིར་དམྱལ་བའི་གནས་ཀྱི་སྡུག་བསྔལ་བསམ་པའི་སྐབས་འདིར། དམྱལ་བའི་དབྱེ་བ། གནས། སྡུག་བསྔལ། ཚེ་ཚད་བཞིའི་སྒོ་ནས་བཤད་ན། དམྱལ་བ་ལ་ཚ་དམྱལ་བརྒྱད་དང་། གྲང་དམྱལ་བརྒྱད། ཉེ་འཁོར་དང་ཉེ་ཚེ་གཉིས་ཏེ་བཅོ་བརྒྱད་ཡོད། ཚ་དམྱལ་གྱི་གནས་ནི། མཛོད་ལས། འདི་འོག་སྟོང་ཕྲག་ཉི་ཤུ་ན། །མནར་མེད་པའོ་དེ་ཙམ་མོ། །དེ་ཡི་སྟེང་ན་དམྱལ་བ་བདུན། །ཞེས་གསུངས་པ་དང་། ལྷས་བྱིན་དངོས་སུ་ས་གས་ཏེ་ས་འོག་གི་དམྱལ་བར་ལྷུང་སོང་ཞེས་པ་དང་མཐུན་ཞིང་། ཡང་སྡིག་ཅན་གང་དུ་ཚེ་འཕོས་པ་དེ་ཉིད་དུ་དམྱལ་བའི་སྣང་བ་འཆར་ཞེས་གསུངས་པའང་ཡོད། ལས་སྣང་ཡིན་པའི་ཆ་ནས་གང་ལྟར་བྱས་ཀྱང་གནད་འདྲ་བས་འགལ་བ་མེད། མནར་མེད་དེ་འོག་མར་བྱས་ནས་དེའི་སྟེང་ན་རབ་ཏུ་ཚ་བ་དང་། ཚ་བ། ངུ་འབོད་ཆེན་པོ། ངུ་འབོད། བསྡུས་འཇོམས། ཐིག་ནག ཡང་སོས་རྣམས་རིམ་པ་བཞིན་དུ་ཡོད་པར་གསུངས། སྡུག་བསྔལ་མྱོང་ཚུལ་ནི། དམྱལ་བ་སོ་སོའི་མིང་འཇུག་པའི་ཁྱད་པར་གྱི་སྒོ་ནས་གསུངས་པ་རེད། ཚེ་ཚད་ནི། ཡང་སོས་ལ་སོགས་དྲུག་རིམ་བཞིན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །དེས་ན་དེ་དག་རྣམས་ཀྱི་ཚེ། །འདོད་པའི་ལྷ་དང་འདྲ་བ་ཡིན། །ཞེས་པ་ལྟར་རོ། །འདི་ན་དང་པོ་ཡང་སོས་ཀྱི་སྡུག་བསྔལ་གསུངས་པ་ནི། ཚ་དམྱལ་ཡང་སོས་ཀྱི་སྡུག་བསྔལ་མྱོང་བའི་སེམས་ཅན་རྣམས་སྔར་ཞེ་སྡང་གི་དབང་གིས་སྲོག་གཅོད་པའི་རྣམ་སྨིན་ཐོག་ཏུ་བབ་པས། རང་དང་རང་འདྲ་བ་དཔག་ཏུ་མེད་པ་དེ་དག་ཞེ་སྡང་གི་ལས་ཀྱི་དབང་གིས་མཚོན་ཆ་ལག་ཏུ་བྱུང་ནས་ཕན་ཚུན་གཅིག་གིས་གཅིག་ལ་མཚོན་ཆ་སྣ་ཚོགས་བརྡེག་རེས་བྱས་པས། ལུས་ཚལ་པ་བརྒྱ་སྟོང་དུ་སོང་བས་དེའི་ཚེ་ན་ཚ་མ་བཟོད་པར་རེས་འགའ་དྲན་མེད་དུ་བརྒྱལ་ཞིང་། དམྱལ་བའི་སེམས་ཅན་གྱིས་ཤི་བ་བདེ་བར་བརྩིས་པ་རེད། ཤི་བ་སྙམ་བྱེད་པའི་ཚེ་ན་ནམ་མཁའི་དཀྱིལ་ནས། ཡང་སོས་པར་གྱུར་ཅིག་ཅེས་པའི་སྒྲ་སྐད་ལྷང་ལྷང་བྱུང་བས་རྐྱེན་བྱས་སམ། ཡང་འགའ་ཞིག་ཏུ་རླུང་བསིལ་བུ་བྱུང་བས་རྐྱེན་བྱས་པའང་གསུངས་ཡོད། ཡང་སྔར་ལྟར་སོས་ཏེ་སྡུག་བསྔལ་ཤིན་ཏུ་མི་བཟོད་པ་ཉིན་མཚན་བར་མེད་ཁོར་ཡུག་ཏུ་མྱོང་ངོ་། །འདིའི་མཆན་དུ། ཡང་སོས་ཀྱི་ཚེ་ཚད་མི་ལོ་བྱེ་བ་ཕྲག་འབུམ་དྲུག་ཁྲི་ཉིས་སྟོང་གསུངས་ཡོད་པ་འདི། འདོད་ལྷའི་ཚེ་དང་སྦྲགས་ན། མིའི་ལོ་ལྔ་བཅུ་ལ་རྒྱལ་ཆེན་རིགས་བཞིའི་ཞག་གཅིག རྒྱལ་ཆེན་རིགས་བཞིའི་རང་ལོ་ལྔ་བརྒྱ་ཡང་སོས་ཀྱི་ཞག་གཅིག་ཏུ་བརྩིས་པའི་རང་ལོ་ལྔ་བརྒྱ། བསྡུས་འཇོམས་སྟོང་། ཐིག་ནག་ཉིས་སྟོང་། ངུ་འབོད་བཞི་སྟོང་། ངུ་འབོད་ཆེན་པོ་བརྒྱད་སྟོང་། ཚ་བའི་ཆིག་ཁྲི་དྲུག་སྟོང་དང་། རབ་ཏུ་ཚ་བ་བསྐལ་པ་ཕྱེད། མནར་མེད་ཀྱི་བར་བསྐལ་གཅིག་གསུངས་པ་རྣམས་མི་ལོ་དང་བསྒྲིགས་ན་ཡང་སོས་ཀྱི་ཚེ་བྱེ་བ་ཕྲག་འབུམ་དྲུག་ཁྲི་ཉིས་སྟོང་གསུངས་པ་རེད། བཤེས་སྤྲིང་ལས། འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ལགས་པ། །དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལའང་། །འོལ་ཡང་མི་བགྱི་ཆར་ཡང་མི་ཕོད་དོ། །ཞེས་མིའི་ནང་འདི་ན་ལུས་ལ་ཉིན་གཅིག་རངས་པོར་མདུང་ཐུང་སུམ་བརྒྱ་ཡིས། དུས་གཅིག་ལ་ཤུགས་དྲག་པོས་བརྒྱབ་པའི་སྡུག་བསྔལ་གྱིས། ཚ་དམྱལ་བའི་ནང་ནས་སྡུག་བསྔལ་ཆུང་ཤོས་ཡང་སོས་སམ་ཉི་ཚེ་བ་ལྟ་བུ་ཡིན་ཡང་། དེའི་སྡུག་བསྔལ་ཆུང་ངུ་ཞིག་གི་བརྒྱ་སྟོང་གི་ཆར་ཡང་འགྲན་མི་ནུས་པར་གསུངས། ཚ་དམྱལ་གྱི་གནས་གཉིས་པ་དམྱལ་བ་ཐིག་ནག་ནི། དམྱལ་བ་དེའི་དམྱལ་སྲུང་འཇིགས་སུ་རུང་བ་མགོ་བརྙན་སྣ་ཚོགས་ཅན་ཁ་ནས་རྒྱབ་སོད་ཀྱི་སྒྲ་སྒྲོག་པ་དེ་དག་གིས། དམྱལ་བའི་སེམས་ཅན་དེའི་རང་ལུས་ལ་ཐིག་ནག་པོ་བཞི་དང་བརྒྱད། བཅུ་དྲུག་སོ་གཉིས་སོགས་བཏབ་སྟེ། སོག་ལེ་རྣོན་པོ་མེ་འབར་བས་གཤགས། སྟ་རེ་རྣོན་པོས་གཞོགས། ཡང་རྨ་འབྱར་བ་ན་སྔར་བཞིན་ཐིག་བཏབ་ནས་གཤགས་པས་ཚེ་ཚད་མ་ཚང་གི་བར་དུ་ཉིན་མཚན་ཁོར་མོ་ཡུག་ཏུ་མནར་བས་དེའི་ན་ཚ་ཤིན་ཏུ་མ་བཟོད་ནས་འོ་དོད་འབོད་ཅིང་འབྲོས་པའི་སྣང་བ་ཤར་རོ། །ཚེ་ཚད་ནི་ཡིག་ཆུང་ནང་དུ། མི་ལོ་བྱེ་བ་ཕྲག་ས་ཡ་ཉིས་འབུམ་དགུ་ཁྲི་དྲུག་སྟོང་བཅུ་གཉིས་གསུང་འདུག དེ་ནས་ཚ་དམྱལ་བའི་གནས་གསུམ་པ་བསྡུས་འཇོམས་ཀྱི་སྡུག་བསྔལ་སྒོམ་སྟེ། འདིའི་ཚེ་ཚད་ནི་མི་ལོ་བྱེ་བ་ཕྲག་གསུམ་འབུམ་ཕྲག་དྲུག་ཁྲི་བརྒྱད་སྟོང་རྩ་གཅིག་གསུངས། རི་བོ་ཐམས་ཅད་གནས་འགྱུར་ཏེ་གླང་ཆེན་དང་སེང་གེ་སྟག་གཟིག་ར་ལུག་ལྟ་བུའི་སེམས་ཅན་དང་སྲོག་ཆགས་ཀྱི་གདོང་དབྱིབས་དེ་ཐམས་ཅད་འགུལ་ཞིང་རྒྱུག་པ་དང་རྡུང་ཁ་བཀྱེ་བའི་བར་དུ་ཚུད་དེ། དམྱལ་བའི་སེམས་ཅན་གྱི་ལུས་རི་བོ་དེ་དག་གི་བར་དུ་གཅིར་ནས་སྒོང་ལྤགས་བཅར་བ་ལྟར་བཙིར་བས་བ་སྤུའི་བུ་ག་ཚུན་ཆད་ནས་ཁྲག་གི་རྒྱུན་ཆི་ལི་ལི་འབབ། ཡང་རི་བོ་ཁ་ཕྱེ་ཞིང་རླུང་གྲང་མོ་ལྡང་བའི་སྣང་བས་ལུས་སྔར་ལྟར་སོས་པ་དང་། ཡང་རི་བོའི་བར་དུ་བཅར་བ་དང་། ལྕགས་ཀྱི་གཏུན་ཆེན་པོའི་ནང་ཐོ་ལུམ་མེ་འབར་བས་རྡུང་བ་སོགས་ཀྱི་སྡུག་བསྔལ་མྱོང་བས་ན་ཚ་དང་སྡུག་བསྔལ་མ་བཟོད་པར་དེ་ནས་འབྲོས་པའི་སྣང་བ་ཤར་རོ། །ཚ་བའི་དམྱལ་བ་བཞི་པ་ངུ་འབོད་ནི། ཚེ་ཚད་མི་ལོ་བྱེ་བ་ཕྲག་ས་ཡ་གཉིས་དང་བྱེ་བ་ཕྲག་དགུ་འབུམ་བཞི་ཁྲི་སྟོང་བྱེ་བ་བདུན། ལྕགས་ཀྱི་ཁང་པ་མེ་འབར་བའི་ནང་དུ་སླེབས་པ་དང་། དང་པོ་འགྲོ་སའི་སྒོ་ཞིག་ཡོད་པའི་སྣང་བ་ཤར་བ་དེ་སྒོ་དབྱེར་མེད་དུ་འགྲིག་སོང་ནས། ལྕགས་ཁྱིམ་སྒོ་མེད་དེའི་ཕྱོགས་མཚམས་ཐམས་ཅད་ནས་མེ་འབར་བས་ལུས་རྡུལ་ཕྲན་ལྟ་བུར་བསྲེག་གོ། །བསྲེགས་ནས་ཤི་ན་དྲག་ཀྱང་ཤི་རྒྱུ་མེད་པར་ཡང་སྔར་བཞིན་མྱོང་། ད་ནི་སྒོ་མེད་ལྕགས་ཁྱིམ་ཡ་ང་བའི་ནང་དུ་ཚུད་པས་འབྲོས་ས་ཡང་མི་འདུག་སྙམ་ནས་ངུ་སྐད་ལྷང་ལྷང་འབོད་པའི་ཚེ། དམྱལ་བའི་གནས་ལྔ་པ་ངུ་འབོད་ཆེན་པོ་ཞེས་པ་ནི། ཚེ་ཚད་མི་ལོ་བྱེ་བ་ཕྲག་ས་ཡ་གསུམ་དང་བྱེ་བ་ཕྲག་ལྔ་འབུམ་ལྔ་ཁྲི་གཉིས་སྟོང་དྲུག་ཅུ་རྩ་དྲུག་ཡིན། ལྕགས་ཁང་སྒོ་མེད་དེ་ལ་སླར་ཡང་ལྕགས་ཁང་རིམ་པ་གཅིག་གིས་གཏུམས་པའི་ལྕགས་ཁང་ཉིས་རིམ་གྱི་ནང་དུ་ཚུད་པས། ད་ནི་ལྕགས་ཁང་ནང་མ་ནས་ཐོན་ཀྱང་ཕྱི་མ་ནས་མི་ཐོན་སྙམ་པའི་ངུ་འབོད་ཆེན་པོའི་སྐད་ཀྱིས་ང་རོ་འབྱིན་པའི་སྡུག་བསྔལ་སྔ་མ་ངུ་འབོད་ལས་ཉིས་འགྱུར་གྱིས་ཆེ་བ་མྱོང་ཞིང་ཤིན་ཏུ་ཉམ་ཐག་གོ །ཚ་དམྱལ་གྱི་གནས་དྲུག་པ་ཚ་བ་ནི། ཚེ་ཚད་མི་ལོ་བྱེ་བ་ཕྲག་ས་ཡ་བརྒྱད་དང་བཞི་འབུམ་བྱེ་བ་ཕྲག་ཁྲི་དྲུག་སྟོང་ལྔ་བརྒྱ་སུམ་ཅུའོ། །ལྕགས་ཀྱི་གསལ་ཤིང་དང་ལྕགས་ཀྱི་མཚོན་ཆ་རྩེ་གཅིག་པ་ཚེར་མ་ཅན་མེ་འབར་བས་འཕོངས་ཀྱི་གཤང་ལམ་ནས་སྤྱི་བོའི་བར་ཏལ་མར་ཐལ་ལེར་ཐོགས་མེད་དུ་ཕུག་སྟེ་མིག་དང་རྣ་བ་སོགས་དབང་པོའི་སྒོ་ཐམས་ཅད་ནས་མེ་ལྕེ་དམར་ལྷབ་ལྷབ་འབར་བ་དང་། ཡང་ལྕགས་ཀྱི་ས་གཞི་མེ་འབར་བའི་སྟེང་ལུས་རྒྱངས་ནས་པགས་པ་བཤུས་ཏེ་ཕུར་བས་བཏབ་ཐོ་བས་བརྡུང་བ་སོགས་ཀྱང་གསུངས་ཡོད། ཡང་རེས་འགའ་ལུས་རིལ་པོ་ཁྲོ་ཆུ་ཁོལ་མའི་ནང་དུ་བཙོས་ནས་ཤ་རུས་སོ་སོར་སོང་ནས་སྐྱ་ཁྲོལ་གྱིས་སོ་སོ་འབྲལ་བའི་སྡུག་བསྔལ་མྱོང་ཡང་ད་དུང་ཡང་ཤི་རྒྱུ་མེད་པར་ཡང་ཡང་མྱོང་ངོ། །ཡང་ཚ་དམྱལ་བདུན་པ་རབ་ཏུ་ཚ་བའི་དམྱལ་བ་ནི། ཚེ་ཚད་བར་གྱི་བསྐལ་པ་ཕྱེད་དེ་མིའི་ལོ་གྲངས་ཀྱིས་གཞལ་བའི་ཡུལ་ལས་འདས་ཞེས་གསུངས། ལྕགས་ཀྱི་གསལ་ཤིང་དང་མཚོན་ཆ་རྩེ་གསུམ་གྱི་དབུས་མ་སྤྱི་བོ་དང་ལོགས་གཉིས་པོ་ཕྲག་པ་གཡས་གཡོན་དུ་ཏལ་མར་ཐལ་ལེར་ཕུག་པ་དང་། ལྕགས་ཀྱི་ཁྲོ་ཆུ་ཁོལ་མ་བླུད་པས་ནང་ཁྲོལ་ཐམས་ཅད་ཚིག་ནས་བུ་ག་དགུ་ནས་དུ་བ་འཐུལ། ལྕགས་སྲེག་ལེབ་མོ་དམར་འབར་བས་ལུས་ལ་སྣམ་བུ་ལྟར་དཀྲི་བས་འཚིག་ཅིང་གཞོབ་པ་དང་། ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གི་མེ་དང་ནང་ནས་གློ་སྙིང་ལ་མེ་འབར་བ་སྟེ་མེའི་ཕུང་པོ་བཅུ་གཅིག་གིས་སྲེག་པར་གསུངས། ལྕགས་ཀྱི་ཐོ་ལུམ་མེ་འབར་བ་དང་ཁྲོ་ཆུ་ཁོལ་མ་ཁ་ནང་དབང་མེད་དུ་བླུག་པ་དང་། ཁྲོ་ཆུ་ཁོལ་མའི་ནང་དུ་ཤ་རྗེན་ལ་བཙོས་པས་ཤ་ལྤགས་རྣམས་འཐོར་ཏེ་ཀེང་རུས་ལྟར་སྐྱ་ཁྲོལ་གྱིས་འགྲོ་བ། ཡང་ཤ་སྔར་བཞིན་སོས་ནས་དེ་ལྟར་མྱོང་བའི་གནས་སུ་སྐྱེས་ནས་སྔ་མའི་སྡུག་བསྔལ་ལས་བརྒྱ་འགྱུར་གྱིས་ཆེ་བས་ཟུག་རྔུ་མ་བཟོད་པར། ངག་ནས་མི་བཟོད་པའི་སྒྲ་ཨ་ར་དང་། ཨུ་ཁྱུ་དང་། ཀྱི་ཧུད་ཀྱི་སྒྲ་དྲག་པོས་འབོད་ཅིང་དེ་ནས་འབྲོས་པའི་སྣང་བ་ཤར་རོ། །དེ་ནས་མནར་མེད་པའི་དམྱལ་བ་ནི། དམྱལ་བ་གོང་མ་རྣམས་ལས་བདུན་འགྱུར་གྱི་སྡུག་བསྔལ་ཆེ་བས་དེ་ལས་མནར་རྒྱུ་མེད་པས་མནར་མེད་ཅེས་བྱ། ཚེ་ཚད་བར་གྱི་བསྐལ་པ་གཅིག་ཡིན། འདིའི་མཆན་ལས། འཇིག་རྟེན་ཆགས་གནས་འཇིག་སྟོངས་ཏེ་བསྐལ་ཆུང་བཞིར་བར་བསྐལ་གཅིག་སྟེ་དེའི་ཚེ་ཚད་ཀྱི་ཡུན་ནོ། །ཞེས་གསུངས་འདུག ལྕགས་ཀྱི་ཁང་པ་མེ་འབར་བ་གནམ་འཕང་དང་རྒྱ་ཁྱོན་དཔག་ཚད་སྟོང་ཕྲག་མང་པོ་ཡོད་པའི་ནང་དུ། ཕྱོགས་མཚམས་དང་མུ་མེད་པར་རབ་ཏུ་ཚ་བའི་མེ་འབར་བས་ལུས་དང་། མེ་དང་གཉིས་སུ་མེད་པར་བསྲེག་ཅིང་ངུ་བའི་སྐད་ལྷང་ལྷང་ཐོས་པ་ཙམ་ལས་ལུས་ཀྱི་དངོས་པོ་འདི་ཞེས་མི་མངོན་པའི་སྡུག་བསྔལ། ནང་གི་ཁང་པ་དཔག་ཚད་སྟོང་ཕྲག་མང་པོ་ཡོད་པའི་ནང་དུ་ཁྲོ་ཆུ་དང་ཟངས་ཞུན་ཁོལ་མ་བླུགས་ནས་དེའི་ནང་དུ་བཙུད་ཅིང་། ཕྱོགས་བཞིར་མེ་འབར་བས་ཤ་རུས་ཐམས་ཅད་བསྲེགས་ནས་དམྱལ་བའི་སེམས་ཅན་འོ་དོད་འབོད་པ་ཙམ་ལས་ལུས་མི་མངོན་པར་སྡུག་བསྔལ་བཟོད་བརླག་མེད་པ་དང་། ལྕགས་ཁང་མེ་འབར་བའི་ནང་དུ་དམྱལ་བའི་ལས་མཁན་རྣམས་ཀྱིས་ཐོ་བས་རྡུང་། དགྲ་སྟས་གཞོག གཏུན་ནང་བརྡུང་། སོག་ལེས་གཤག མདུང་རྩེ་གསུམ་གྱིས་ཕུག ལྕགས་ལེབ་དམར་འབར་གྱིས་དཀྲིས། ལྕེ་ཕྱི་རོལ་བརྒྱངས་ནས་ལྕགས་ཀྱི་ཐོང་གཤོལ་གྱིས་རྨོ་བ་སོགས་ཀྱིས་གོང་མའི་སྡུག་བསྔལ་བསྡོམས་པས་མི་ཚད་བདུན་འགྱུར་གྱིས་མནར་བའི་སྡུག་བསྔལ་བཟོད་བླག་མེད་པར་མྱོང་ཞིང་། ཉམ་ཐག་པའི་འོ་དོད་དང་ཨ་ཙ་མ། ཨ་ར་ར། ཨུ་ཁྱུ། ཀྱི་ཧུད་ཀྱི་ཧུད་ཞེས་འོ་དོད་དང་སྨྲེ་སྔགས་དྲག་པོ་རང་གིས་འདོན་གྱིན་ཡོད་པར་སྒོམས། རང་གི་ལུས་ཐོག་ཏུ་མྱོང་བ་དང་རང་གི་གཉེན་ཉེ་སོགས་ཀྱིས་དེ་ལྟར་མྱོང་བར་བསྒོམ་དགོས། སྡུག་བསྔལ་དྲག་པོ་དེ་ལྟར་མྱོང་བཞིན་པའི་སྐབས་ན། སླར་མདུན་གྱི་ནམ་མཁར། བསམ་ལྷུན་ལས། སྒྱུ་ལུས་གཡར་པོ་ཞིག་པའི་བར་དོ་རུ། །འཁྲུལ་སྣང་ཉིང་འཁྲུལ་སྡུག་བསྔལ་ཉེས་པ་ན། །ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས། །ཨོ་རྒྱན་བདེ་ཆེན་རྒྱལ་པོའི་ངོ་བོ་སྟེ། །སྡུག་བསྔལ་འཁྲུལ་བ་རྩད་ནས་ཞི་བར་བྱེད། །ཅེས་གསུངས་པ་ལྟར། ཨོ་རྒྱན་བདེ་ཆེན་རྒྱལ་པོ་སྐད་ཅིག་ལ་དངོས་སུ་བྱོན་ནས། ལས་ངན་པའི་སེམས་ཅན་ཉམ་ཐག་ལ་ཐུགས་རྗེས་སྤྱན་གྱིས་གཟིགས་ནས། ཀྱེ་མ་ལས་ངན་པའི་སེམས་ཅན་ཞེས་བོས་ནས། ཁྱོད་ཀྱིས་རྒྱུ་ཞེ་སྡང་གིས་ཀུན་ནས་བསླང་བའི་སྲོག་གཅོད་པ་ལ་སོགས་པའི་ལས་རྔམ་པོ་ཆེ་བསགས། ཡུལ་ཁྱད་པར་ཅན་དཀོན་མཆོག་གསུམ་དང་ཕ་མ་སློབ་དཔོན་དགྲ་བཅོམ་པ་སོགས་ལ་ཁོང་ཁྲོ་དྲག་པོར་བྱས་པས་ལས་དེའི་རྣམ་སྨིན་འབྲས་བུ་དམྱལ་བའི་སྡུག་བསྔལ་དེ་དང་དེ་ལྟ་བུ་མྱོང་བ་ཡིན། ད་ཁྱོད་ཀྱིས་སྔར་བྱས་མི་དགེ་བའི་ལས་རྣམས་ལ་འགྱོད་པ་དྲག་པོས་བཤགས། རང་དང་རིགས་མཐུན་པའི་དམྱལ་གནས་ཀྱི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དྲག་པོ་སྒོམས། དམྱལ་བའི་སེམས་ཅན་སོགས་སེམས་ཅན་གཞན་གྱི་སྡུག་བསྔལ་ཡང་རང་གིས་ལེན་པའི་སྙིང་སྟོབས་བསྐྱེད་ཅིང་ཕ་རོལ་པོ་བདེ་བ་ཐོབ་པར་བྱེད་ན་སྡུག་བསྔལ་འདི་ལས་ཐར་པ་སྲིད་དེ་ཞེས། ཨོ་རྒྱན་བདེ་ཆེན་རྒྱལ་པོ་མདུན་གྱི་ནམ་མཁར་བྱོན་ནས་ཞལ་གདམས་དེ་ལྟར་གསུངས་པར་སྒོམས། དགེ་བའི་ར་མདའ་དང་སྐྱེས་བུ་དམ་པའི་ནུས་པ་བསམ་གྱིས་མི་ཁྱབ་པ་ཡིན་པས། སྔོན་གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་རྒྱལ་བའི་བློ་གྲོས་ཞེས་ཡོད་པའི་ཨ་མ་ཐགས་འཐག་བཞིན་པ་ལས་བབ་ལོང་མེད་པར་གློ་བུར་དུ་ཤི་སོང་བ་རེད། དེ་ཁོང་གིས་བསམ་པར་ངེད་མ་བུ་གཉིས་ཤི་ཁར་སྐད་ཆ་ཚིག་གཅིག་ཀྱང་བཤད་ལོང་མ་གཏད་རུང་། ཐགས་ཁྲི་ལས་བབ་ལོང་མ་འཇུག་པ་འདི་གཤིན་རྗེ་དབང་ཆེ་ཚོད་མེད་པས་རེད་བསམ་ནས། ཁོང་རྣལ་འབྱོར་པ་རེད་བསྐྱེད་རྫོགས་ཀྱི་གདེང་ཡོད་པས། མའི་རོ་རྩར་བསྡད་ནས་བསྐྱེད་རིམ་བསྒོམས་ཏེ་གཤིན་རྗེའི་ཡུལ་དུ་གཙང་རིས་གྱི་དཔལ་མགོན་བདུན་ཅུ་རྩ་ལྔ་སྣང་སྲིད་ཀྱི་ལྷ་མ་སྲིན་སྡེ་བརྒྱད་གཤིན་རྗེ་ཡ་མན་ཏ་ཀའི་དམག་དང་བཅས་པ་མངགས་ནས། གཤིན་རྗེ་དང་འཐབ་པའི་བར་དེ་ནས་མ་ཁང་པ་ནག་པོ་ཞིག་གི་ནང་བཙུད་ཡོད་པ་བྲོས་པས་མི་ཡུལ་དུ་ཐར་ནས་སྔར་གྱི་རོ་ལ་རྣམ་ཤེས་ཞུགས་ནས་སྔར་བཞིན་བྱུང་བ་རེད་ཟེར་བའི་ལོ་རྒྱུས་ཡོད་པ་དང་། སྔོན་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་སློབ་པ་ལམ་གྱི་གནས་སྐབས་སུ་དམྱལ་བའི་གནས་སུ་གྱད་པཀྴི་ཏ་བྱ་བར་སྐྱེས་ནས་དམྱལ་བའི་ཤིང་རྟ་འདྲེན་པ་ལ། གྲོགས་ཀ་མ་རུ་པ་ཞེས་པ་དམྱལ་བའི་སེམས་ཅན་ལུས་སྟོབས་ཆུང་ངུ་ཞིག་ཡོད་པས་ཤིང་རྟ་འདྲེན་པས་མ་འདྲོངས་ནས་དམྱལ་སྲུང་ཁྲོས་ཏེ་མགོ་ལ་ལྕགས་ཀྱི་ཐོ་ལུམ་བསྣུན་པས་གྲོགས་པོ་ལ་སྙིང་རྗེ་ཚད་མེད་པར་སྐྱེས་ནས། འདིའི་ཤིང་རྟའི་ཐག་པ་ཡང་བདག་གི་གཉའ་བར་ཐོགས་ཤིག་ཅེས་ཟེར་ནས་བདེ་སྡུག་བརྗེ་བར་ཐུགས་བསྐྱེད་པས་ན། དམྱལ་སྲུང་ན་རེ། སེམས་ཅན་རང་རང་གིས་བསགས་པའི་ལས་ཀྱི་རྣམ་སྨིན་ལ་རང་རང་གིས་སྤྱོད་པར་སུས་ཅི་བྱ་ཞེས་ཟེར་ནས་དབུ་ལ་ལྕགས་ཀྱི་ཐོ་བས་བརྒྱབ་ནས་བསྡིགས་པས། སྐད་ཅིག་དེ་ཉིད་ལ་ཚེ་འཕོས་ནས་ལྷ་གནས་སུམ་ཅུ་རྩ་གསུམ་དུ་སྐྱེས་ཏེ། ཐུགས་བསྐྱེད་དེའི་སྟོབས་ཀྱིས་སྡུག་བསྔལ་དེ་ལས་གྲོལ་ལོ། །དེས་ནི་དུས་མཐའི་མེ་བཞིན་སྡིག་པ་རྣམས། །སྐད་ཅིག་གཅིག་གིས་ངེས་པར་སྲེག་པར་བྱེད། །ཅེས་གསུངས་པ་བཞིན་བདག་བས་གཞན་གཅེས་ཀྱི་ཐུགས་བསྐྱེད་དེའི་བསོད་ནམས་ཀྱི་སྟོབས་ཀྱིས་སྡིག་པ་དག་ནས་སྡུག་བསྔལ་ལས་གྲོལ་ལོ་ཞེས་ཨོ་རྒྱན་ཆེན་པོས་གཏམ་རྒྱུད་དང་བཅས་པ་གསུངས་པ་ཐོས་པས། རང་ཉིད་ཀྱང་གཉིད་སད་པ་ལྟར་རང་འདྲ་བའི་ལས་ངན་པའི་སེམས་ཅན་འདི་དག་ཐམས་ཅད་ཕ་མར་གྱུར་པ་ཤ་སྟག་ཡིན་པས། འདི་རྣམས་སྡུག་བསྔལ་འདི་ལས་ཐར་ན་དེ་དག་ཐམས་ཅད་ཀྱི་སྡུག་བསྔལ་བདག་ལ་སྨིན་ནས་བདག་ད་དུང་དམྱལ་བ་འདི་གར་གནས་དགོས་ནའང་བཟོད་པར་བྱའོ་སྙམ་པའི་སེམས་སྙིང་ཁུང་རུས་པའི་གཏིང་ནས་སེམས་བསྐྱེད་མ་ཐག་ཏུ། ཨོ་རྒྱན་ཆེན་པོའི་ཐུགས་ཀ་ནས་འོད་ཟེར་དཀར་པོ་ལྕགས་ཀྱུའི་དབྱིབས་ལྟ་བུ་ཞིག་སྐྱ་ཏལ་གྱིས་འོད་ཟེར་བྱུང་སྟེ། རང་ལ་ཕོག་མ་ཐག་ཨོ་རྒྱན་ཆེན་པོ་དེ་དང་གཉིས་སུ་མེད་པར་སངས་རྒྱས། རང་གཞན་གྱི་དོན་གཉིས་མ་འབད་ལྷུན་གྱིས་གྲུབ་པས་མཐར་ཕྱིན་ཅིང་། རྟག་ཁྱབ་ལྷུན་གྲུབ་མི་ཟད་རྒྱན་གྱི་འཁོར་ལོའི་བདག་ཉིད་ནུས་མཐུའི་ཕྲིན་ལས་ཅན་དུ་གྱུར་ནས། རང་གི་ཐུགས་ཀ་ནས་སྔར་ལྟར་འོད་ཟེར་སྤྲོས་པས་དམྱལ་བའི་སེམས་ཅན་ཐམས་ཅད་ལ་ཕོག་པས་དམྱལ་བའི་སེམས་ཅན་དེ་དག་སྐད་ཅིག་ལ་དམྱལ་གནས་ནས་འདྲོངས་ཏེ་དམྱལ་བའི་གནས་སྟོངས་པར་བསམ་མོ། །ཞར་ལ་འཕྲོས་དོན་གྱི་ཚུལ་དུ་དམྱལ་བ་དེ་དག་གི་ཚེ་ཚད་བཤད་པ་ནི། ཐུན་མོང་གི་མདོ་སྡེ་དྲན་པ་ཉེར་བཞག་དང་། ལས་རྣམ་འབྱེད། མངོན་པ་མཛོད་ལ་སོགས་ལས་བགྲང་བྱ་ངེས་ཅན་དུ་གསུངས་ནའང་། གོང་དུ་བཤད་པ་ལྟར་གཉེན་པོ་སྟོབས་ཆེན་གྱིས་མ་ཟིན་པའི་དབང་དུ་བྱས་ནས་དེ་ལྟར་ཡིན་ཡང་། འདིར་ཐེག་པ་ཆེན་པོར་གཉེན་པོས་ཟིན་པའི་དབང་དུ་བྱས་ཏེ་ངེས་པ་མེད་པར་བཤད་པ་སྟེ། ཀུན་མཁྱེན་ཆེན་པོས་ཤིང་རྟ་ཆེན་པོར། ཐེག་པ་ཐུན་མོང་བའི་མདོ་དང་རྒྱུད་དང་བསྟན་བཅོས་རྣམས་སུ་རང་རང་གི་ལས་སྲབ་མཐུག་གིས་ཚེ་འཕོ་བ་ཙམ་ལས། གནས་རིས་དེར་ལྟུང་བ་རྣམས་ཚེ་ཚད་གཅིག་ཏུ་ངེས་པར་མ་གསུངས་ཏེ། གཉེན་པོ་དྲག་པོ་རྒྱུད་ལ་སྐྱེས་པ་ལ་སོགས་པས་གློ་བུར་དུའང་འཕོ་བ་དང་། རྡོ་རྗེ་སློབ་དཔོན་ལ་བརྙས་པ་ལ་སོགས་པས་བསྐལ་ཆེན་དུ་མར་གནས་དགོས་པར་བཤད་པས་ལས་ཀྱི་སྒྲིབ་པས་ཕྱེ་བ་ཡིན་ནོ། །ཞེས་གཉེན་པོ་སྟོབས་ཆེན་རྒྱུད་ལ་སྐྱེས་པ་དང་། སོགས་ཁོངས་ནས་དམ་པའི་སྐྱེས་བུ་དང་འབྲེལ་ནས་ཐབས་ཁྱད་པར་ཅན་གྱིས་བཙན་ཐབས་སུ་འཕོ་བ་རྣམས་བསྟན་པ་རེད། དེ་ལྟ་བུ་གློ་བུར་དུ་འཕོ་བ་དང་། རྡོ་རྗེ་སློབ་དཔོན་ལ་བརྙས་པ་དང་། དམ་པའི་ཆོས་སྤང་བ་ལ་སོགས་པས་གོང་གི་ཐུན་མོང་གི་ཚེ་ཚད་ལས་ཇེ་རིང་དུ་སོང་ནས་བསྐལ་ཆེན་དུ་མར་ཡར་ལྷག་གནས་དགོས་པར་བཤད་པ་ཐམས་ཅད་ལས་ཀྱི་སྒྲིབ་པས་ཕྱེ་བ་ཡིན་ནོ། །ཞེས་གསུངས་པ་དང་། སྤྱོད་འཇུག་ལས། སེམས་ཅན་དམྱལ་བའི་མཚོན་ཆ་རྣམས། །སུ་ཞིག་གིས་ནི་ཆེད་དུ་བྱས། །ལྕགས་སྲེག་ས་གཞི་སུ་ཡིས་བྱས། །མེ་ཚོགས་དེ་དག་ཅི་ལས་བྱུང་། །དེ་འདྲ་དེ་དག་ཐམས་ཅད་ནི། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་པ་ལྟར་དེ་ལྟ་བུའི་སེམས་ཅན་གྱིས་རྣམ་སྨིན་ཡིད་དུ་མི་འོང་བ་མྱོང་རྒྱུ་དེ་ལས་སྣང་ཡིན་པར་གསུངས་པ་དང་། གོང་དུ་བཤད་མ་ཐག་པའི་གྱད་པཀྴི་ཏ་དང་། མཛའ་བོའི་བུ་མོའི་གཏམ་རྒྱུད་ལ་སོགས་པས་ཀྱང་ཤེས་སོ། །ཞེས་གསུངས་ན། མཛའ་བོའི་བུ་མོའི་གཏམ་རྒྱུད་སྔོན་འགྲོ་ཀུན་བཟང་བླ་མའི་ཞལ་ལུང་དུ་གསུངས་ཡོད་པ་ལྟར་ཏེ། སྔོན་རྒྱ་གར་ན་ཁྱིམ་བདག་མཛའ་བོ་ཞེས་བྱ་བ་ཡོད་པ་ལ་བུ་སྐྱེས་ཚད་ཤི་བ་དང་། ཡང་བུ་གཅིག་སྐྱེས་པ་ན་ཆུང་སྲི་ཆད་པའི་ཆེད་དུ་ཁོ་ལ་བུ་མོ་ཞེས་བཏགས་པ་ན། ཐམས་ཅད་ཀྱི་མཛའ་བོའི་བུ་མོ་ཞེས་འབོད། ཕ་རྒན་དེད་དཔོན་མཛའ་བོ་རྒྱུན་དུ་རྒྱ་མཚོའི་གླིང་དུ་ནོར་བུ་ལེན་མཁན་ཞིག་ཡིན་པས་སྐབས་ཤིག་རྒྱ་མཚོའི་ནང་དུ་གྲུ་གཟིངས་ཞིག་ནས་ཤི་སོང་བ་རེད། རྒྱ་གར་ན་ཕའི་རིགས་ཀྱི་ལས་ཀ་གང་ཡིན་ན་བུས་ཀྱང་དེ་བྱ་དགོས་ན། མཛའ་བོའི་བུ་མོ་ཆེར་སྐྱེས་ནས་མ་ལ་ཕའི་རིགས་ཀྱི་ལས་གང་ཡིན་དྲིས་པས། མས་དྲང་པོར་བཤད་ན་རྒྱ་མཚོའི་ནང་དུ་འགྲོ་ནས་མགོ་ཐོན་དཀའ་བར་བསམ་སྟེ། ཁྱོད་འབྲུ་ཚོང་བའི་རིགས་ཡིན་བྱས་པས། བུས་འབྲུ་ཚོང་བྱས་ནས་ཉིན་རེར་ཀརྴ་པ་ཎ་ཅི་ལོན་གྱིས་མ་ལ་བསྙེན་བཀུར་བྱས། འབྲུ་འཚོང་བྱེད་མཁན་རྣམས་ཀྱིས་ཁྱོད་འབྲུ་ཚོང་གི་རིགས་མ་ཡིན་ཟེར་བས། ཡང་མར་དྲིས་པས། མས་སྤོས་ཚོང་གི་རིགས་ཡིན་སྨྲས་པས། སྔར་ལྟར་བྱེད་པས་ཡང་དེ་མ་ཡིན་པར་ཤེས་པས་ན། མས་རིན་པོ་ཆེའི་འཚོང་བྱས་པའི་རིགས་ཡིན་ཟེར་བས། དེ་ལྟར་བྱས་པས་ཀརྴ་པ་ཎ་ལོན་པས་སྔར་ལྟར་མ་ལ་བསྙེན་བཀུར་བྱས། དེར་ཚོང་པ་རྣམས་ཀྱིས་རྒྱ་མཚོ་ནས་ནོར་བུ་ལེན་པའི་རིགས་ཡིན་པས་རང་གི་རིགས་ཀྱི་ལས་གྱིས་ཤིག་ཟེར་བས། ཁོས་མ་ལ་ང་ནོར་བུ་ལེན་པའི་རིགས་ཡིན་འདུག་པས། རྒྱ་མཚོར་ནོར་བུ་ལེན་དུ་འགྲོ་དགོས་ཟེར་བ་ན། མས་ཁྱོད་ནོར་བུ་ལེན་པའི་རིགས་ཡིན་ཡང་། ཁྱོད་ཀྱི་ཕ་དང་ཨ་མྱེས་ལ་སོགས་པ་ཐམས་ཅད་རྒྱ་མཚོའི་ནང་དུ་ནོར་བུ་ལེན་དུ་སོང་ནས་ཤི་བ་ཡིན། ཁྱོད་ཀྱང་སོང་ན་ཤི་འགྲོ་བས་མི་ཉན་ཟེར་ཡང་། ཁོས་མ་ཉན་ནས་འགྲོ་རྒྱུའི་གྲ་སྒྲིག་ཚང་མར་བྱས་ནས། འགྲོ་ཁར་མས་གོས་ཀྱི་མཐའ་ན་བཟུང་སྟེ་ངུས་ནས་མ་གཏོང་བ་ན། བུ་ཁོང་ཁྲོ་སྐྱེས་ནས་ང་རྒྱ་མཚོར་འགྲོ་བ་ལ་ཁྱོད་ཀྱིས་བཀྲ་མི་ཤིས་པར་བྱས་ཟེར་ནས། མ་ཡིས་མགོར་རྡོག་པས་བསྣུན་ནས་སོང་བ་ན། སོང་སོང་ནས་གྲུ་གཟིངས་ཞིག་ནས་རོགས་ཚང་མ་ཤི་བ་དང་། མཛའ་བོའི་བུ་མོས་ཤིང་ལེབ་ཅིག་ལ་འཇུས་ནས་མཚོ་གླིང་ཞིག་ཏུ་ཐོན་པ་དང་། དེར་དགའ་བ་ཞེས་བྱ་བའི་གྲོང་། རིན་པོ་ཆེའི་ཁང་པར་མཛེས་སྡུག་གི་ལྷ་མོ་བཞིས་སྣེ་ལེན་བསྙེན་བཀུར་བྱས། ཡང་འགྲོ་བ་ན། ཁྱོད་ལྷོ་ཕྱོགས་སུ་མ་འགྲོ་ཉེས་པ་ཆེན་པོར་འབྱུང་ཉེས་ཡོད་ཟེར་ཡང་། མ་ཉན་པར་ལྷོ་ཕྱོགས་སུ་ཕྱིན་པ་ན། དགའ་བ་ཅན་ཞེས་བྱ་བའི་གྲོང་ན་མཛེས་སྡུག་གི་ལྷ་མོ་བརྒྱད་ཀྱིས་སྔར་ལྟར་བསྙེན་བཀུར་བྱས་ནས། ལྷོ་ཕྱོགས་སུ་མ་འགྲོ་ཟེར་ཡང་ལས་ཀྱིས་དེད་ནས་ཡང་ལྷོ་ཕྱོགས་སུ་སོང་བ་ན། ར་རོ་ཞེས་པའི་གྲོང་དང་། བླ་མ་ཚངས་པའི་མཁར་ཞེས་པ་སྔར་ལས་མཛེས་པར་རིམ་བཞིན་དུ་སོང་ནས་མཛེས་སྡུག་གི་ལྷ་མོ་བཅུ་དྲུག་དང་སོ་གཉིས་ཀྱིས་བསྙེན་བཀུར་ཐོབ་ནས་འདིར་སྡོད་ལྷོ་ཕྱོགས་སུ་ཅིས་ཀྱང་མ་འགྲོ་ཟེར་ཡང་། ཡང་ལས་དབང་གིས་ལྷོ་ཕྱོགས་སུ་སོང་བ་ན། ལྕགས་མཁར་ནག་པོ་གནམ་ལ་ཐུག་པ་ཞིག་གི་སྒོར་མི་ནག་པོ་མིག་དམར་པོ་ཅན་ཞིག་འདུག་པ་ལ་སྐད་ཆ་དྲིས་ཀྱང་དེས་ཁ་མ་གྲག ཡང་བལྟས་པ་དེ་འདྲ་མང་པོ་འདུག་པར་མཐོང་བས། འཇིགས་ཤིང་སྐྲག་ནས་ལྷོ་ཕྱོགས་སུ་མ་འགྲོ་ཉེས་པ་འོང་ཟེར་བ་འདི་རེད་འདུག་བསམ་བཞིན་མཁར་དེའི་ནང་དུ་ཕྱིན་ནས་བལྟས་པས། མི་ཞིག་གི་མགོར་ལྕགས་ཀྱི་འཁོར་ལོ་འཁོར་ཏེ་ཀླད་པ་སྐྱ་ཐ་ལ་ལ་གཏོར་གྱིན་འདུག་པ་ལ། ཁྱོད་ཀྱིས་ལས་ཅི་བྱས་ནས་འདི་འདྲར་གྱུར་དྲིས་པས། དེས་ངས་མའི་མགོར་རྡོག་པས་བརྡེག་པའི་ལས་ཀྱི་རྣམ་སྨིན་གྱིས་འདི་བྱུང་བ་རེད། ཁྱོད་བླ་མ་ཚངས་པའི་མཁར་གྱི་བདེ་སྐྱིད་མི་མྱོང་བར་འདི་ན་ཅི་བྱེད་དུ་ཡོང་བ་ཡིན་ཟེར་བ་དང་། ཁོས་ང་ཡང་ལས་དབང་གིས་ཁྲིད་འོང་བ་རེད་སྙམ་པ་དང་། ནམ་མཁའ་ནས་གང་བཅིངས་པ་དེ་ཉིད་གྲོལ་བར་གྱུར་ཅིག གང་གྲོལ་བ་དེ་ཉིད་འཆིང་བར་གྱུར་ཅིག་ཅེས་པའི་སྒྲ་གྲག་པ་ན། དེ་མ་ཐག་འཁོར་ལོ་ཁོང་གི་དབུ་ཐོག་ཏུ་འཁོར་ནས་སྡུག་བསྔལ་བཟོད་པར་དཀའ་བ་མྱོང་། དེའི་རྐྱེན་གྱིས་ཁོང་གིས་རང་འདྲ་བའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དྲག་པོར་སྐྱེས་ཏེ། འཁོར་བའི་གནས་འདི་ན་ང་འདྲ་བ་མའི་མགོར་རྡོག་པས་བསྣུན་ཞིང་དེའི་རྣམ་སྨིན་གྱི་སྡུག་བསྔལ་མྱོང་བ་དུ་མར་ཡོད་ན། དེ་དག་ཐམས་ཅད་ཀྱི་སྡུག་བསྔལ་ཀྱང་བདག་ལ་སྨིན་ནས་བདག་ཁོ་ནས་མྱོང་བར་ཤོག་ཅིག སེམས་ཅན་གཞན་དག་ཐམས་ཅད་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་སྡུག་བསྔལ་འདི་འདྲ་བ་མི་མྱོང་བར་ཤོག་ཅིག་ཅེས་བསམ་པ་དང་། དེ་མ་ཐག་ཏུ་འཁོར་ལོ་ནམ་མཁར་འཕགས་ཏེ། ཁོང་སྡུག་བསྔལ་ལས་གྲོལ་ཏེ་ཤིང་ཏ་ལ་བདུན་སྲིད་ཀྱི་སྟེང་ན་བདེ་ཆམ་མེར་འདུག་པ་རེད། དེད་དཔོན་མཛའ་བོའི་བུ་མོ་འདི་བདག་ཅག་གི་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པའི་སྐྱེས་རབས་ཤིག་ཡིན་ཞིང་། སྔོན་བདག་གཞན་བརྗེ་བ་བྱང་ཆུབ་ཀྱི་སེམས་དེ་ལྟར་སྦྱོང་བ་རེད། དེ་ནས་གྲང་དམྱལ་གྱི་སྡུག་བསྔལ་བསམ་པ་ནི། གྲང་དམྱལ་བརྒྱད་ནི་ཆུ་བུར་ཅན། ཆུ་བུར་རྡོལ་བ་ཅན། སོ་ཐམ་ཐམ་པ། ཨ་ཆུ་ཟེར་བ། ཀྱི་ཧུད་འདོན་པ། ཨུཏྤལ་ལྟར་གས་པ། པདྨ་ལྟར་གས་པ། པདྨ་ལྟར་ཆེ་གས་པ་སྟེ་བརྒྱད་དོ། །ཡང་རང་ཉིད་གང་ནས་ཡོང་དང་གང་ན་ཕྱིན་ཆ་མེད་པའི་ས་གཞི་ཐམས་ཅད་བྱེ་ཚན་གྱི་རང་བཞིན་ལ་བསིལ་བའི་རེག་བྱ་བསིར་བུའི་རླུང་ཙམ་ཡང་མི་འགུལ་ཞིང་། ཉི་མའི་ཚ་གདུང་གིས་ཤིན་ཏུ་གདུང་ནས་དུབ་པའི་ལུང་པ་ཞིག་ཏུ་སླེབས། ཤེས་པ་མི་གསལ་སྣང་བ་མི་དང་བ་ལུང་མ་བསྟན་དུ་ཐོམ་ཐོམ་འགྲོ་ཞིང་། འདི་འདྲ་ཞིག་མ་ཚ་ན་འདི་ལས་ཅུང་ཞིག་བསིལ་བ་ཞིག་ཡོད་ན་སྙམ་ཞིང་བསམ་པས་རྐྱེན་བྱས། ཚ་གདུང་གི་སྣང་བ་འགགས་ནས་སྐད་ཅིག་ལ་གྲང་དམྱལ་བརྒྱད་དུ་སྐྱེ་བར་སྒོམ་སྟེ། གྲང་དམྱལ་གང་དུ་ཡོད་པའི་ངོས་འཛིན་ནི། འཛམ་གླིང་འདིའི་འོག་གི་དམྱལ་བ་ཆེན་པོ་ཚ་དམྱལ་བརྒྱད་ཀྱི་ཐད་ཀ་ན་ཡོད་པ་དང་། དེ་རྣམས་ཀྱི་སྡུག་བསྔལ་མྱོང་ལུགས་ཀྱིས་ལུས་དང་སྒྲའི་འགྱུར་བ་དང་མཐུན་པར་མིང་བཏགས་པ་སྟེ། དེའང་གྲང་བའི་ཉེས་པས་ཉམ་ཐག་པས་མི་བཟོད་ནས་ལུས་འགྱུར་བས་མིང་བཏགས་པ་དང་པོ་གཉིས། གྲང་བའི་ཉེས་པས་མི་བཟོད་པས་འོ་དོད་འབོད་པ་སྒྲ་འགྱུར་བ་ལས་མིང་བཏགས་པ་བར་པ་གསུམ་དང་། གྲང་བས་ཤིན་ཏུ་གདུང་བའི་ཉེས་པས་ལུས་ཤིན་ཏུ་འགྱུར་བས་མིང་བཏགས་པ་ཕྱི་མ་གསུམ་སྟེ་བརྒྱད་རེད། འདི་ན་དང་པོ་གྲང་དམྱལ་སྤྱིའི་གནས་བསྟན་པ་ནི། གྲང་དམྱལ་གྱི་ས་གཞི་ཐམས་ཅད་ཁ་བ་དང་འཁྱགས་རོམ་གྱི་རང་བཞིན་བུ་ཡུག་འཚུབ་པ། ས་ཆ་འགག་དོག་ཅིང་ཉམས་མི་དགའ་བའི་ཅོང་རོང་དང་སྤང་ལྗོངས་སོགས་ཡིད་དུ་འོང་བའི་ས་ཆ་མེད་པའི་ངམ་གྲོག་ཕྱོགས་དེ་དག་ཐམས་ཅད་ཧ་ཅང་འཐས་ཤིང་སྲ་བའི་འཁྱག་རོམ་གྱིས་གང་བ། མཐའ་སྐོར་ཐམས་ཅད་དུ་གངས་རི་ཆེན་པོས་བསྐོར་ཞིང་། རླུང་དྲག་པོ་ལྡང་ནས་སྟེང་ན་ཁ་བ་བུ་ཡུག་འཚུབས་པ། ཉི་མའི་སྣང་བ་མེད་པར་མུན་པ་ནག་ཐུམ་ཐུམ་བྱེད་ཅིང་། རླུང་ནག་གི་ངར་སྒྲ་འུ་རུ་རུ་སྒྲོག་པའི་ནང་དུ། གྲང་དམྱལ་བའི་གནས་དང་པོ་ཆུ་བུར་ཅན་གྱི་དམྱལ་བ་ཁ་བའི་བུ་ཡུག་དང་གྲང་བའི་རེག་བྱས་དེའི་ལུས་ལ་བཏབ་པས། སྐད་ཅིག་སྐད་ཅིག་ལ་ལུས་ལ་ཆུ་བུར་མཐེ་རྡོག་ཙམ་བྱུང་བ་དང་། སྡུག་བསྔལ་མི་བཟོད་པ་འཆར་ཞིང་ཤ་ལྤགས་ཐམས་ཅད་འཁྱགས་ཤིང་འཁུམས་ནས་སྐྱི་གཡའ་བ། བག་ཚ་བ། ཉམ་ང་བའི་རྣམ་པའི་སྐྱི་བུང་བྱེད་པའི་སྡུག་བསྔལ་མི་བཟད་པ་དང་། སྡུག་བསྔལ་དེ་ལས་སམ་དེའི་ཐོག་ན་ད་དུང་ཆུ་བུར་དེ་དག་བརྡོལ་ནས་རྨར་སོང་ནས་རྣག་ཁྲག་ཆི་ལི་ལི་འཛག་པ་ཆུ་བུར་རྡོལ་བ་ཅན་དང་དེ་གཉིས་ནི་ལུས་ཀྱི་འགྱུར་བ་ལས་མིང་བཏགས་པ་རེད། ད་རུང་སྔ་མ་དེ་བས་སྡུག་བསྔལ་ཇེ་ཆེར་སོང་སྟེ་འཁྱགས་ནས་ཨ་ཆུ་ཞེས་སྐད་ཀྱི་གདངས་ཆེན་པོས་དྲག་པོར་འདོན་པ་དང་། ད་དུང་སྔར་བས་སྡུག་བསྔལ་ཇེ་ཆེར་སོང་བས་སྐད་ཀྱི་ཟུངས་ཀྱང་ཆག་སྟེ་ཀྱི་ཧུད་ཅེས་རྐན་གྱི་ཕུགས་ནས་འདོན་པ་དང་། ད་དུང་དེ་བས་ཀྱང་སྡུག་བསྔལ་ཇེ་ཆེར་འཕེལ་བས་ཁ་ནས་ཉམ་ཐག་པའི་སྒྲ་སྐད་ཀྱང་མ་ཐོན་པར་སོ་ཐམ་ཐམ་བྱེད་པ་དང་། དེ་གསུམ་ནི་མྱ་ངན་ཉམ་ཐག་གི་སྒྲའི་ཁྱད་པར་གྱིས་མིང་བཏགས་པའོ། །དེ་ལ་རླུང་ཆེན་པོའི་གྲང་འཁྱག་གི་ངར་གྱིས་བཏབ་པས་ལུས་ཀྱི་ཁ་དོག་ཀྱང་འགྱུར་ཏེ་སྔོ་ནག་ལྷང་གི་སོང་ཞིང་མེ་ཏོག་ཨུཏྤལ་གྱི་ཁ་དོག་དང་འདབ་མ་ལྟར་སེར་ཁ་ཕྲ་མོ་ཚལ་པ་དྲུག་བརྒྱད་དུ་གས་པ་དང་། ད་དུང་གྲང་ཟུག་གིས་པགས་པ་རྣམས་ཀྱང་བཤུས་ཏེ་ཤའུ་དམར་ཧུ་རེ་པདྨ་ལྟར་ཁ་དོག་དམར་པོ་དང་ཚལ་པ་བཅུར་གས་པ་དང་། སླར་ཡང་སེར་ཁ་དེ་བས་ཀྱང་མང་དུ་སོང་སྟེ་པདྨ་ལྟར་ཆེར་གས་ནས་སྔ་མ་རྣམས་ཀྱི་སྡུག་བསྔལ་ལས་བརྒྱ་འགྱུར་གྱིས་ཆེ་བ་མྱོང་ཞིང་། ཕྱི་མ་དེ་གསུམ་གྲང་བའི་ཉེས་པས་ལུས་ཀྱི་འགྱུར་བའི་སྒོ་ནས་མིང་བཏགས་པ་རེད། གྲང་དམྱལ་གྱི་སྡུག་བསྔལ་དེ་ཡང་གྲོང་ཁྱེར་མ་ག་དྷའི་འབྲུ་འཇལ་བྱེད་ཀྱི་བྲེ་བོ་ཆེའི་ཁལ་བརྒྱད་ཅུ་ཤོང་བའི་ཏིལ་གྱི་བང་བ་ནས་ལོ་བརྒྱ་བརྒྱའི་མཚམས་སུ་ཏིལ་རྡོག་རེ་ཕྱིར་ཕྱུང་བས་དེ་ཟད་པའི་ཚེ་ཆུ་བུར་ཅན་གྱི་ཚེ་ཚད་དུ་བཤད་པ་སོགས་ཏེ། མཛོད་ལས། ཏིལ་སྦྱངས་ནང་ནས་ལོ་བརྒྱ་ཞིང་། །ཏིལ་གཅིག་ཕྱུང་བས་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཚད་དོ། །གཞན་གྱི་ཚེ་ནི་ཉི་ཤུར་འགྱུར། །ཞེས་གསུངས་པ་དེའི་དོན་ནི་སྔོན་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ། འདི་ན་ཡུལ་མ་ག་དྷ་ཏིལ་གཞོང་ན་འབྲུའི་རིགས་ཁལ་བརྒྱད་ཅུ་ཤོང་བའི་ནང་དུ་ཡུལ་ཀོ་ས་ལའི་ཏིལ་ཞིབ་པ་ཁ་གང་བར་བླུགས་ནས། ལོ་བརྒྱ་རེའི་མཚམས་ན་ཏིལ་རེ་ཕྱིར་འཕངས་པ་དེ་ནམ་ཟད་ན་ཆུ་བུར་ཅན་གྱི་ཚེ་ཟད་པ་དང་། འོག་མ་རྣམས་ཉི་ཤུའི་འགྱུར་རེ་རིང་བར་བཤད་པ་སོགས་གོ་ནས་ཤིན་ཏུ་ཡིད་མུག་ཅིང་སྒྱིད་ལུག་པའམ་ཡི་ཆད་པར་བསྒོམ། ད་འདི་ལས་ཐར་པའི་དུས་ཤིག་མི་སྲིད་སྙམ་པ་སོགས་ཀྱིས་ཡིད་མུག་ཅིང་སྒྱིད་ལུག་པ་དེ་ལྟ་བུའི་སྐབས་ཤིག་ན། སླར་ཡང་མདུན་གྱི་ནམ་མཁར་ངོ་བོ་བཀའ་དྲིན་སུམ་ལྡན་གྱི་རྩ་བའི་བླ་མ་དེ་ཉིད་རྣམ་པ་ཨོ་རྒྱན་ཆེན་པོ་ཟ་ཧོར་མའི་ཆ་ལུགས་སུ་བྱོན་ནས། བུ་ཞེས་བོས་པ་དང་དགྱེས་པའི་མདངས། བརྩེ་བའི་སྤྱན་གྱིས་གཟིགས་ནས་སྡུག་བསྔལ་དེ་སྔོན་རང་གི་བྱས་ཤིང་བསགས་པའི་ལས་ཀྱི་རྣམ་སྨིན་གྱི་སྡུག་བསྔལ་སོགས་ལས་སུ་ཤེས་པར་གྱིས་ལ། ལས་དེ་མྱོང་སྟོབས་ཀྱིས་ཟད་པའི་དགའ་བ་སྒོམས། དེ་དང་མཉམ་དུ་གཞན་སེམས་ཅན་མང་པོ་གྲང་དམྱལ་གྱི་སྡུག་བསྔལ་མྱོང་བ་ལ་བྲལ་འདོད་ཀྱི་སྙིང་རྗེ་དྲག་པོའི་བསམ་པས་རང་གི་སྡུག་བསྔལ་དེའི་སྟེང་ན་ད་དུང་གཞན་གྱི་སྡུག་བསྔལ་བསྣོན་མར་ལོང་ལ། བདག་གཞན་བརྗེ་བ་དང་བདག་བས་གཞན་གཅེས་ཀྱི་གཉེན་པོ་ཁྱད་པར་ཅན་བསྟེན་ཅིག ཅེས་པའི་གདམས་ངག་དེ་ལྟ་བུའི་གསུང་ཐོས་པ་ཙམ་གྱིས། བདག་ལྟ་བུའི་སྡུག་བསྔལ་མྱོང་བའི་གྲང་དམྱལ་གྱི་སེམས་ཅན་ཐམས་ཅད་སྙིང་རེ་རྗེ། དེ་དག་གིས་སྡུག་བསྔལ་དེ་རྣམས་སྐད་ཅིག་ཙམ་ཡང་མྱོང་འདོད་མེད་ཀྱང་མི་མྱོང་ཐབས་མེད་པར་རྨོངས་པའི་དབང་གིས་སྔར་ལས་ངན་བསགས་ཟིན་པས། བདག་གིས་སེམས་ཅན་དེ་དག་ཐམས་ཅད་ཀྱི་སྡུག་བསྔལ་མྱང་བྱའི་སྐལ་བ་མྱོང་ནས་འདི་བས་སྡུག་བསྔལ་འབུམ་འགྱུར་གྱིས་ཆེ་བ་བྱུང་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གཅིག་པུས་མྱོང་ཆོག་པས་ན་བཟོད་པར་བྱའོ། །སེམས་ཅན་དེ་དག་ཐམས་ཅད་སྡུག་བསྔལ་ལས་ཐར་བར་ཤོག་ཅིག་ཅེས་པའི་དགེ་སེམས་ཁྱད་པར་ཅན་བསྐྱེད་མ་ཐག་ཏུ་ལས་ངན་ཐམས་ཅད་ཉི་མས་བ་མོ་བཞུ་བ་བཞིན་སྐད་ཅིག་ལ་ཟད་དེ། ཨོ་རྒྱན་ཆེན་པོའི་ཐུགས་ཀར་ཡེར་གྱིས་འཕོས་ནས་མ་དག་འགྲོ་བ་འདྲེན་པའི་དེད་དཔོན་དམ་པར་གྱུར་པར་བསམ་ལ། དཔྱད་སྒོམ་མཐར་འཇོག་སྒོམ་འདི་ལྟར་བྱ་སྟེ། བདེ་སྡུག་གང་ཤར་གྱི་རང་ངོ་ལ་ཅེར་གྱིས་ལྟ་ཞིང་ཤེས་པ་མ་བཅོས་རང་བབས་ཤེས་པ་བཟོ་མེད་ཀྱིས་རྣལ་དུ་དབབ་བོ། །དེ་ཡན་གྱིས་དམྱལ་བ་ཚ་གྲང་གི་སྡུག་བསྔལ་ལ་བསམ་པ་རེད། ཤེས་པ་བཟོ་མེད་དུ་བདེ་སྡུག་གང་ཤར་གྱི་ངོ་ལ་བལྟས་པས་ན། སེམས་ལ་སེམས་མ་མཆིས་པར་སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་གསུངས་པའི་སེམས་ཀྱི་ཆོས་ཉིད་འོད་གསལ་འདུས་མ་བྱས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་ཉེ་བ་རེད། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས། སེམས་ཞེས་བྱ་བ་རིག་རིག་འགྱུ་འགྱུ་བོ། །བདས་ན་མི་ཟིན་ཡལ་ཡལ་བུན་བུན་བོ། །བཞག་ན་མི་ཟིན་ཚུབ་ཚུབ་ཡེར་ཡེར་བོ། །འདི་ཞེས་མཚོན་མེད་སྟོང་པ་ཕྱང་ཆད་པོ། །བདེ་སྡུག་སྣ་ཚོགས་མྱོང་མཁན་རང་གི་སེམས། །ཞེས་དང་། གཞནཡང་། སེམས་ཀྱི་རང་བཞིན་དྲི་མེད་ཤེལ་གོང་བཞིན། །ངོ་བོ་སྟོང་པ་རང་བཞིན་གསལ་བ་དང་། །ཐུགས་རྗེ་འགག་པ་མེད་པར་ས་ལེར་གནས། །འཁོར་བའི་སྐྱོན་གྱིས་ཅི་ཡང་མ་གོས་ཏེ། །སེམས་ཉིད་ཡེ་ནས་སངས་རྒྱས་ཡིན་པར་ངེས། །ཞེས་གསུངས་པ་ལྟར་རོ། །འོན་ཀྱང་ལས་དང་པོ་བས་རྣམ་རྟོག་ཤར་མཁན་ཁོ་རང་གི་ངོ་བོ་ལ་ལྟ་དུས། བལྟ་བྱ་དང་ལྟ་མཁན་ཐ་དད་མེད་པར་ཅི་ཟེར་འདི་ཟེར་མེད་པའི་སར་ཐོན་པ་ན་སྨྲ་བརྗོད་དང་བྲལ་བ་དེའི་གཤིས་ཐོག་ཏུ་མ་བཅོས་རྣལ་དུ་དབབ་ལ་རང་བབས་སུ་བཞག་གོ །དེ་ནས་ངན་སོང་གི་གནས་གཉིས་པ་ཡི་དྭགས་ཀྱི་སྡུག་བསྔལ་ལ་བསམ་པ་ནི། བཤེས་པའི་སྤྲིང་ཡིག་ལས། ཡི་དྭགས་ན་ཡང་འདོད་པས་ཕོངས་པ་ཡིས། །བསྐྱེད་པའི་སྡུག་བསྔལ་རྒྱུན་ཆགས་མི་འཆོས་ལ། །བཀྲེས་སྐོམ་གྲང་དྲོ་ངལ་དང་འཇིགས་པ་ཡིས། །བསྐྱེད་པ་ཤིན་ཏུ་མི་བཟད་བསྟེན་འཚལ་ལོ། །ཞེས་སེམས་ཅན་དམྱལ་བ་ཆེན་པོའི་སྡུག་བསྔལ་ཉམ་ང་བས་མི་ཚད་པར།ཡི་དྭགས་སུ་སྐྱེས་ནའང་གཙོ་བོ་སེར་སྣའི་དབང་གིས་ཟས་སྐོམ་མི་རྙེད་པ་ལ་སོགས་པའི་འདོད་པས་ཕོངས་པས་བསྐྱེད་པའི་བཀྲེས་སྐོམ་དང་། འཇིགས་སྐྲག་ལ་སོགས་པ་རྒྱུན་ཆགས་སུ་འཕྲལ་དུ་མི་འཆོས་པའམ་བཅོས་བསྒྱུར་མེད་ལ། བཀྲེས་སྐོམ་དང་དགུན་གྲང་། སོ་གར་དྲོ་བ་དང་། ཟས་སྐོམ་འཚོལ་བས་ངལ་ཞིང་དུབ། གཞན་མཚོན་ཆ་ཐོགས་པ་སོགས་མཐོང་བས་འཇིགས་སྐྲག་ལ་སོགས་པ་ཡིས་བསྐྱེད་པའི་སྡུག་བསྔལ་མི་བཟད་པ་རྣག་པ་དཀའ་བ་དེ་འདྲ་བ་བསྟེན་པར་ཤེས་པར་འཚལ། །ཞེས་ཡི་དྭགས་ལ་འོག་ཏུ་འཆད་འགྱུར་ལྟར་རིགས་གསུམ་དུ་ཡོད་པར་བཤད་པའི་སྡུག་བསྔལ་རགས་རིམ་ཙམ་བློ་ལ་བླང་བ་ནི། ཡི་དྭགས་ཡུལ་ན་གནས་པ་དང་། མཁའ་ལ་རྒྱུ་བ་གཉིས་དང་། ཡང་ཕྱིའི་སྒྲིབ་པ་ཅན་དང་།  ནངགིསྒྲིབཅན next hit། སྒོས་ཁུར་གྱི་སྒྲིབ་པ་ཅན་རྣམས་སུ་ཡོད་པ་དང་། ཡི་དྭགས་ཀྱི་ཡུལ་ནི་རྒྱལ་པོའི་ཁབ་ཀྱི་འོག་གི་དཔག་ཚད་ལྔ་བརྒྱ་ཙམ་ན་ཡོད་པར་གསུངས། ཡི་དྭགས་ཀྱི་རྒྱལ་པོ་གཤིན་རྗེའི་ཡུལ་དུ་གནས་པ་དང་། ཁ་འཐོར་འཕྲོས་པའི་ཡི་དྭགས་མྱ་ངམ་གྱི་ཐང་སོགས་ལ་ཡོད་རབས་བཤད་པར་མ་ངེས་པའང་ཡོད། ཚེ་ཚད་མིའི་ཟླ་བ་གཅིག་ལ་ཡི་དྭགས་ཀྱི་ཉིན་ཞག་གཅིག་ཏུ་བརྩིས་པའི་རང་ལོ་ལྔ་བརྒྱར་སྡུག་བསྔལ་མྱོང་བ་ཡིན་པར་གསུངས། ཀུན་མཁྱེན་ཆེན་པོས། ཕྱི་ཡི་སྒྲིབ་ཅན་བཟང་དགུ་མཐོང་ནའང་བསྐམས། །previous hit ནངགིསྒྲིབཅན་གློ་སྙིང་མེ་འབར་ཞིང་། །སྤྱི་མཐུན་སྒྲིབཅན་ཟས་སྐོམ་ཡིད་ལ་བཏགས། །ཞེས་གསུངས་པས། ཕྱིའི་སྒྲིབཅན next hit་ནི། ཡང་རང་ཉིད་ཟས་ཞིམ་གོས་བཟང་དང་དངོས་པོ་ལ་ཆགས་སྲེད་ཞེན་པའི་དབང་གིས་བསོད་ནམས་གསག་པའི་ཞིང་ཡུལ་ཁྱད་པར་ཅན་དང་འཕྲད་ཀྱང་སྤར་མོ་སྡོམ། སེམས་འཁུམས་ནས་མཆོད་པ་དང་བཀུར་སྟི་ལྟ་བུ་ལ་སེར་སྣ་སྐྱེས་པའི་བསམ་པས་རྐྱེན་བྱས་ནས་སྐད་ཅིག་ལ་ཡི་དྭགས་ཕྱིའི་སྒྲིབ་པ་ཅན་དུ་སྐྱེ་བ་བསྒོམས་ཏེ། ཕྱིའི་སྒྲིབ་པ་ཅན་གྱི་སྡུག་བསྔལ་ཇི་ལྟར་ཡིན་ན། རྒྱང་རིང་ལ་བལྟས་པ་ན། ལྗོན་ཤིང་གི་འབྲས་བུ་དང་། ཆུ་ཀླུང་ཡིད་དུ་འོང་བ་སོགས་མཐོང་བ་ན་དེ་ལ་ལོངས་སྤྱོད་པའི་བསམ་པས་ཐག་རིང་པོར་དཀའ་ཚེགས་ངལ་དུབ་ལ་མ་འཛེམས་པར་ཐང་ཆད་ཆད་དུ་ཕྱིན་ནས་དྲུང་དུ་སླེབས་པ་ན། སྐྱེ་བོ་མཚོན་ཆ་ཐོགས་པ་མང་པོས་བསྲུང་བ་དང་། གཞན་གྱིས་ལོངས་སྤྱོད་དུ་མི་འཇུག་པ་དང་། དེ་དག་རྣག་ཁྲག་དང་ཕྱི་ས་ལ་སོགས་པ་ཡིད་དུ་མི་འོང་བར་སོང་ནས་ཤིན་ཏུ་སྐྱེངས་ཤིང་བཀྲེས་སྐོམ་གྱི་སྡུག་བསྔལ་བཟོད་མི་ཕོད་པ་མྱོང་བ་དང་། ཡང་previous hit ནངགིསྒྲིབཅན ་ནི། གཞན་གྱིས་བསྲུང་བ་སོགས་མེད་ཀྱང་སྡོད་གནས་དང་གྲོང་ཁྱེར་ས་མདོག་སོགས་སེར་སྐྱ་དང་། ཆུ་དང་རྩི་ཤིང་སོགས་འདོད་པའི་དངོས་པོ་ཅི་ཡང་མེད་པའི་མྱ་ངན་གྱི་གནས་དེར། བཟའ་བའི་ཟས་དང་བཏུང་བའི་སྐོམ་ཞེས་ལོ་ཟླའི་བར་དུ་བཙལ་ཀྱང་མི་རྙེད་པས་སྡུག་བསྔལ་བ་དང་། སྐོམ་ནས་ཁོག་པའི་ནང་དུ་མེ་འབར་ནས་ནང་ཁྲོལ་གློ་སྙིང་ཐམས་ཅད་སྲེག་པ་དང་། ཁ་ནས་མེ་ལྕེ་དང་དུ་བ་འཐུལ་བ་དང་། སྤྱི་མཐུན་དུ་ལྟོག་སྐོམ་གྱིས་མི་བཟོད་པ་དང་། ཆུའི་སྒྲ་ཙམ་ཡང་མི་གོ་ཞིང་། ཐོས་ཀྱང་ལོངས་སུ་སྤྱོད་དབང་མེད་པ་དང་། གལ་ཏེ་ཟས་སྐོམ་གྱི་རིགས་ཉུང་ངུ་སྨན་ཙམ་རེ་རྙེད་ཀྱང་ཁ་ཁབ་མིག་ཙམ་གྱི་ནང་དུ་མི་ཤོང་། ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ། །ལྟོ་བ་རི་ཡི་གཏོས་ཙམ་བཀྲེས་པས་ཉེན། །མི་གཙང་གྱི་ནར་བོར་བ་ཅུང་ཟད་ཀྱང་། །འཚལ་བའི་མཐུ་དང་ལྡན་པ་མ་ལགས་སོ། །ཞེས་པ་ལྟར་དགེ་སྦྱོང་དང་བྲམ་ཟེ་སོགས་ཀྱི་སྣབ་ལུད་དང་མི་གཙང་བ་དོར་བ་སོགས་ཅུང་ཟད་ཐོབ་ཀྱང་། ཁ་ཁབ་མིག་ཙམ་གྱི་ནང་དུ་མི་ཤོང་། ཅུང་ཟད་ཤོང་ཡང་མགྲིན་པ་རྟ་རྔ་ཙམ་གྱི་སྦུབས་ལ་མི་ཐར། ཐར་ཀྱང་ལྟོ་བ་རི་རབ་ཙམ་པ་མི་ཁེངས་ཤིང་ཡན་ལག་འཇག་མ་ཙམ་གྱིས་ལུས་མི་ཐེག་པ་སོགས་ཀྱི་སྡུག་བསྔལ་ཤིན་ཏུ་ཉམ་ཐག་པར་མྱོང་། ཡང་ཟས་སྐོམ་གྱི་སྒྲིབ་པ་ཅན་ནམ་སྒོས་ཁུར་གྱི་སྒྲིབ་པ་ཅན་གོ་དོན་འདྲ་མོ་རེད། འདི་ལ་མེ་ལྕེའི་ཕྲེང་བ་ཅན་དང་། ལྗན་ལྗིན་ཟ་བ་གཉིས་ཡོད་པར་གསུངས་པའང་ཡོད་དེ། མེ་ལྕེའི་ཕྲེང་བ་ཅན་ནི། ཟས་སྐོམ་ལྟོ་བའི་ནང་དུ་ཚུད་པ་དང་། དེ་དག་ཀྱང་མེ་འབར་ནས་ལུས་འཚིག་པ་དང་། ལྗན་ལྗིན་ཟ་བ་ནི། རང་ཤ་རང་གིས་ཟ་བ་དང་། བཤང་གཅི་སོགས་མི་གཙང་བ་ཟ་བས་ཤིན་ཏུ་ཉམ་ཐག་པའོ། །བཤེས་སྤྲིང་ལས། འདི་དག་རྣམས་ལ་སོས་ཀའི་དུས་སུ་ནི། །ཟླ་བའང་ཚ་ལ་དགུན་ནི་ཉི་མའང་གྲང་། །ལྗོན་ཤིང་འབྲས་བུ་མེད་འགྱུར་འདི་དག་གིས། །བལྟས་པ་ཙམ་གྱིས་ཀླུང་ཡང་བསྐམས་པར་གྱུར། །ཞེས་གསུངས་པ་ལྟར། ཡི་དྭགས་སྨད་རིས་འདི་དག་སོས་ཀ་དྲོད་དང་ལྡན་པའི་ཚེ་ཟླ་བའི་རེག་བྱ་ག་བུར་ལྟར་བསིལ་ཞིང་གྲང་བ་དེ་ཡང་ཚ་བ་འགྱུར། དགུན་གྲང་བའི་ངར་དང་ལྡན་པའི་ཚེ་ཉི་མའི་འོད་ཟེར་ཡང་བསིལ་ཞིང་གྲང་བར་གྱུར་ནས། ཚ་དུས་ཚ་ཆེ། གྲང་དུས་གྲང་ཆེ་བས་ཚ་གྲང་ཁོད་མི་སྙོམས། ལྗོན་ཤིང་ཡལ་ག་རྒྱས་ཤིང་འབྲས་བུ་ཕུན་སུམ་ཚོགས་པར་སྨིན་པ་རྣམས་དང་། ཡན་ལག་བརྒྱད་ལྡན་གྱི་ཆུ་ཀླུང་ཡིད་འོང་གི་རིགས་འདི་དག་གིས་བལྟས་པ་ཙམ་གྱིས་བསྐམས་ཏེ། ཆུ་མེད་པའི་རྡོ་སྲེག་གིས་གང་བའི་ཚ་བའི་ཐང་། ངམ་གྲོག་ཉམས་མི་དགའ་བའི་སྣང་བར་འཆར་བ་སོགས་མདོར་ན་བཀྲེས་སྐོམ་གྱི་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་། དེ་ལྟ་བུའི་སྡུག་བསྔལ་ཡུན་ཐུང་ངུས་མི་ཆོག་པར་མི་ལོ་ཆིག་ཁྲི་ལྔ་སྟོང་མྱོང་དགོས་པར་ཤེས་པས་ཡི་མུག་ཅིང་སྒྱིད་ལུག་པར་སྒོམས། སྔར་རྒྱ་གར་གྱི་ཡུལ་རྒྱལ་པོའི་ཁབ་ན་ཚོང་དཔོན་ཞིག་ལ་སྐར་མ་ཆུ་སྨད་ལ་སྐྱེས་པའི་བུ་ཞིག་ཡོད་པ་ལ་སྐྱེས་དུས་ཀྱི་རྒྱུ་སྐར་གྱི་མིང་གིས་བཏགས་པས་ཆུ་སྨད་ཅེས་བཏགས་པ་ཞིག་ཡོད་པ་རེད། བུ་ཆུ་སྨད་སྐྱེས་ནས་ནར་སོན་པ་ན་ཕ་ཚོང་དཔོན་ཤི་ནས་ཁྱིམ་གྱི་བདག་པོར་གྱུར། དེ་ནས་ཕའི་རིགས་ཀྱི་ལས་ཀ་ཚོང་གིས་འཚོ་བའི་སྐབས་ཤིག་ན། སངས་རྒྱས་བཅོམ་ལྡན་འདས་མཇལ་བས་དད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བསམ་ཡང་། མས་མོ་མ་ཤི་བར་དུ་རབ་ཏུ་བྱུང་མི་འཇུག་ང་ཤི་ནས་ཁྱོད་རང་གིས་ཤེས་ཟེར་བས། རབ་ཏུ་བྱུང་ཐབས་མ་བྱུང་། རྒྱུ་ནོར་ལོན་ཚད་མ་ལ་སྤྲད་ནས། ཨ་མ་ཁྱོད་ཀྱིས་འདི་རྣམས་དགེ་སྦྱོང་དང་བྲམ་ཟེ་རྣམས་ལ་མཆོད་པ་ཕུལ། དབུལ་ཕོངས་དང་ཉམ་ཐག་ལ་སྦྱིན་པ་ཐོང་ཞེས་ཟེར་ཡང་། མ་རྒན་རྐམ་ཆགས་དང་སེར་སྣ་ཆེན་པོ་ཅན་ཞིག་ཡིན་པས། རྒྱུ་ནོར་ཚང་མ་བསྐུངས་ནས་མཆོད་སྦྱིན་མི་བྱེད་པར་མ་ཟད་དགེ་སྦྱོང་བྲམ་ཟེ་རྣམས་ལ་ཁྱོད་རྣམས་ཉིན་རེ་བཞིན་དུ་སྒོ་བརྡུངས་ནས་བསླང་བས་ཡི་དྭགས་དང་འདྲ་བོ་ཞེས་ངན་སྨྲས་བྱས་པ། ད་དུང་མོས་ཉིན་རེ་བཞིན་དུ་དགེ་སྦྱོང་དང་བྲམ་ཟེ་རྣམས་ལ་བསོད་སྙོམས་འབུལ་ཡོད་ཅེས་བུ་མགོ་བསྐོར་བ་དང་། ནམ་ཞིག་ན་མ་རྒན་ཤི་ནས་ཡི་དྭགས་སུ་སྐྱེས་པ་ན། བུས་མའི་དགེ་རྩར་མཆོད་སྦྱིན་བྱས་ཤིང་འཁོར་བ་ལས་ངེས་པར་འབྱུང་བའི་བློ་སྐྱེས་ནས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་། ལམ་ལ་བརྩོན་པས་ཁམས་གསུམ་གྱི་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱས་ནས། ཁམས་གསུམ་གྱི་འདོད་ཆགས་དང་བྲལ། གསེར་དང་བོང་བ་མཉམ། ནམ་མཁའ་དང་ལག་མཐིལ་མཉམ་པ་ཞིག་གྱུར་པ་ན། དེས་ཆུ་ཀླུང་གངྒཱའི་འགྲམ་དུ་ལོ་མའི་སྤྱིལ་པོར་བྱས་ནས་བཞུགས་པ་ན། མ་ཡི་དྭགས་སུ་སྐྱེས་པ། ལུས་སྡོང་དུམ་མེས་ཚིག་པ་དང་འདྲ་བ། ཁ་ཁབ་མིག ལྟོ་བ་རི་རབ་ནས་རྐང་ལག་རྩྭ་འཇག་དང་འདྲ་བས་ལུས་མི་ཐེག་པ་ཁ་ནས་མེ་འབར་། སྣ་ནས་དུ་བ་འཐུལ་བ་གོང་དུ་བཤད་པ་དང་འདྲ་བ་ཞིག་འོང་ནས། ང་ཁྱོད་ཀྱི་མ་ཡིན། ང་སྐོམ་པས་ཆུ་ཞིག་བྱིན་ཟེར་བ་ན། དགྲ་བཅོམ་པ་ཆུ་སྨད་ཀྱིས་ཁྱོད་མི་ཡུལ་དུ་ཡོད་དུས་ངས་ཁྱོད་ལ་ནོར་མང་པོར་བྱིན་ནས་མཆོད་སྦྱིན་གྱིས་ཞེས་བཤད་པ་མ་ཡིན་ནམ། ཁྱོད་འདི་འདྲའི་ལུས་ངན་པ་བླངས་པ་ཅི་ཡིན་ཞེས་སྨྲས་པ་དང་། ཡི་དྭགས་ཀྱིས་ང་སེར་སྣ་ཆེ་བས་སྦྱིན་པ་བྱེད་མ་ནུས་པས་འདི་འདྲའི་ལུས་སུ་གྱུར། ནོར་རྣམས་བསྐུངས་ནས་ཡོད། དེ་རྣམས་བླངས་ལ་སངས་རྒྱས་འཁོར་བཅས་ལ་མཆོད་པ་གྱིས། དགེ་བ་ང་ལ་བསྔོ་ན་སྡུག་བསྔལ་འདི་ལས་ཐར་རྒྱུ་ཨེ་ཡོད་ན་ཟེར་བ་དང་། ཆུ་སྨད་ཀྱིས་འོ་ན་སང་ཉིན་བཅོམ་ལྡན་འདས་འཁོར་བཅས་གདུགས་ཚོད་ལ་གདན་འདྲེན་ཞུ་རྒྱུ་ཡིན། དེ་དུས་ཁྱོད་ཤོག་ཅེས་སྨྲས་པ་ལ། ཡི་དྭགས་མོས་ང་ངོ་ཚ་ནས་སང་ཉིན་ཡོང་མི་ཐུབ་ཟེར། བུས་ཁྱོད་ཀྱིས་ལས་ངན་བསག་པ་ལ་ངོ་མི་ཚ་ན་ད་ལུས་ངན་བླངས་ནས་འབྲས་བུ་མྱོང་བ་ལ་ངོ་ཅི་ཚ། ཤོག་ཅེས་པས་འོང་བ་ན། དེ་ལྟར་ལུས་མི་སྡུག་པར་བྱས་ནས་ཡོང་བས་ཐམས་ཅད་སྐྱོ་བར་བྱས། བཅོམ་ལྡན་འདས་ཀྱི་ཞལ་རས་ལ་བལྟས་པ་ན། ཆུ་སྨད་ཀྱིས་དགེ་སློང་གི་དགེ་འདུན་ལ་ཞལ་ཟས་ཕུལ་ནས་ཡི་དྭགས་མོའི་ཕྱིར་དུ་ཡོན་བསྔོ་བར་ཞུས་པས། བཅོམ་ལྡན་འདས་ཀྱིས། སྦྱིན་པ་འདི་ཡི་བསོད་ནམས་གང། །དེ་དག་ཡི་དྭགས་ཕྱི་བཞིན་སོང་། །ཡི་དྭགས་འཇིག་རྟེན་རབ་འཇིགས་ནས། །དེ་ལས་མྱུར་དུ་ཐར་གྱུར་ཅིག །ཅེས་སོགས་སྦྱིན་པའི་རབས་དང་ཆོས་མང་པོ་གསུངས་པས་ཡི་དྭགས་མོ་ཡང་ཡིད་དགའ། དེ་ནས་ཤི་འཕོས་ཏེ་ཡི་དྭགས་རྫུ་འཕྲུལ་ཆེན་པོ་མ་ཞེས་པ་སྐྱེས་པ་ན། ཆུ་སྨད་ཀྱིས་ད་ནི་ཁྱོད་ལ་མཐུ་ནུས་པ་ཡོད་པས་སྦྱིན་པ་ཐོང་ལ་བསོད་ནམས་གསོག་པར་གྱིས་ཟེར་བ་ལ། མོས་ང་དང་པོ་ནས་སྦྱིན་པ་ལ་མི་དགའ་བས་སྦྱིན་པ་བྱེད་མི་ནུས་ཟེར་བ་དང་། བུ་ཆུ་སྨད་ཀྱིས་ཐབས་སྣ་ཚོགས་ཀྱིས་དེའི་ལག་ནས་རས་ཡུག་གཅིག་ལེན་ཐུབ་སྟེ་དགེ་འདུན་ལ་ཕུལ་ནས། དགེ་སློང་ཞིག་གིས་ཉོས་ནས་གོས་ཀྱི་རྡང་ལ་བཀལ་བ། ཡི་དྭགས་མོ་ནམ་གུང་ཡོང་ནས་ཕྱིར་བརྐུ་སོང་བ་ན། དགེ་སློང་དེས་དེ་ལྟར་ཆུ་སྨད་ལ་ཟེར་བས། སླར་ཡང་བླངས་ནས་ལན་གསུམ་གྱི་བར་དུ་དེ་ལྟར་བྱས་ནས་བརྐུས་སོང་བ་དང་། ཐེངས་གསུམ་པའི་ཚེ་དགེ་སློང་དེས་རས་དེ་དེ་མ་ཐག་ཏུ་དུམ་བུར་གཤགས་ནས་ཕྱོགས་བཅུའི་དགེ་འདུན་གྱི་སྟན་ལ་བསླན་པས་དེ་ཕྱིན་མ་བརྐུ་བ་རེད། དེ་ལྟར་སེར་སྣ་ཉེས་པ་ཆེ་བར་མ་ཟད། རྒྱུ་མཐུན་གྱི་དབང་གིས་སེར་སྣ་འཇུར་གེགས་སྤོང་མི་ཐུབ་ནས་སྡུག་བསྔལ་མྱོང་བ་རེད། གོང་དུ་བཤད་པ་ལྟར་ཡི་དྭགས་ཀྱི་སྡུག་བསྔལ་བསྒོམས་ནས། དེ་ལྟར་སྒོམ་བཞིན་པའི་སྐབས་ན། སླར་མདུན་གྱི་ནམ་མཁར་རྩ་བའི་བླ་མ་དེ་ཉིད་ཨོ་རྒྱན་ཆེན་པོའི་ཆ་བྱད་ཅན་དུ་བྱོན་ནས། ཀྱེ་ཞེས་བོས་ནས། ཁྱོད་ཀྱིས་སེར་སྣའི་སྒོ་ནས་བསགས་པའི་སྡུག་བསྔལ་རང་ཐོག་ཏུ་ནོར་བ་དང་འཕྱུགས་པ་མེད་པར་བབ་པ་ལ། སེམས་ཅན་གཅིག་གི་ལས་ལ་སངས་རྒྱས་བརྒྱ་བྱོན་ཡང་མཐུ་རྡུག་ཅེས་པ་ལྟར། དུས་གསུམ་སངས་རྒྱས་ཀྱིས་ཀྱང་ལས་འཕྲོག་ཏུ་མེད་པས་སྐྱོབ་པར་དཀའ། རྒྱལ་བ་ཤཱཀྱ་ཐུབ་པས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་གསུངས་པ་ལྟར། རང་གིས་བྱས་པའི་ལས་བདག་གིར་བྱོས་ལ་ལས་ངན་མྱོང་སྟོབས་ཀྱིས་ཟད་པའི་དགའ་བ་སྒོམས། རང་འདྲ་བའི་སེམས་ཅན་གཞན་གྱིས་སེར་སྣའི་ལས་ཀྱི་སྡུག་བསྔལ་མྱོང་བ་ཐམས་ཅད་ལ་སྙིང་རྗེའི་བསམ་པས། སེམས་ཅན་གཞན་གྱི་སྡུག་བསྔལ་མྱོང་བ་རང་གིས་ལེན་ནས། གཞན་གྱིས་མ་མྱོང་ན་ངས་མྱོང་ན་མྱོང་སྙམ་པས་རང་གི་སྡུག་བསྔལ་གྱི་ཁ་སྣོན་ལ་ལེན་པའི་སྙིང་སྟོབས་བསྐྱེད་ལ་བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱི་གཉེན་པོར་བསྟེན་ཅིག ཅེས་གསུངས་པ་ཐོས་པ་ཙམ་གྱིས་ཨ་ཙ་མ། བདག་འདྲ་བའི་སེམས་ཅན་རང་གཅེས་འཛིན་ཁོ་ན་བྱས་པའི་ལས་ངན་གྱིས་ད་ལྟ་ཕན་ཆད་འཁོར་བ་མཐའ་མེད་དུ་འཁྱམས་ཤིང་སྡུག་བསྔལ་འདི་ལྟ་བུ་མྱངས་དང་མྱོང་བཞིན་པ་རེད། ལས་ངན་བསགས་པ་དང་སྡུག་བསྔལ་མྱོང་བར་འདྲ་བའི་བདག་དང་རིགས་མཐུན་པའི་ཡི་དྭགས་ཆུ་བོ་གངྒཱའི་ཀླུང་གི་བྱེ་མའི་གྲངས་ཇི་སྙེད་ཀྱི་རྡུལ་གྲངས་དང་ལྡན་པ་བགྲང་དུ་མེད་པ་དག་ལའང་སྡུག་བསྔལ་འདི་ཁོ་ན་ལྟར་ཡོད་པས་ཤིན་ཏུ་སྙིང་རྗེ། ད་ནི་རང་གི་སྡུག་བསྔལ་བཟོད་པར་བྱས་ནས་སེམས་ཅན་གཞན་གྱི་སྡུག་བསྔལ་ཡང་དང་དུ་བླང་བར་བྱ། ཡི་དྭགས་ཀྱི་གྲོང་ཁྱེར་རྨིང་ནས་སྟོངས་པར་ཤོག་ཅིག་བསམ་པའི་མོད་ལ། སྙིང་རྗེ་དང་སེམས་བསྐྱེད་སྨོན་ལམ་དེའི་མཐུ་ཆེན་པོས་ལས་ངན་སྐད་ཅིག་ལ་ཟད་དེ་ཨོ་རྒྱན་ཆེན་པོའི་དགོངས་པ་དང་གཉིས་སུ་མེད་པར་སངས་རྒྱས། སྡུག་བསྔལ་མྱོང་བཞིན་པའི་སེམས་ཅན་དེ་དག་ཀྱང་བདག་གི་ཐུགས་ཀའི་འོད་ཟེར་གྱིས་དྲངས་པར་བསམ་ལ་འཕྲོ་གནས་ཀྱི་མཁན་པོ་ལ་བརྟག་གོ། །དེ་ལྟར་དཔྱད་སྒོམ་དང་འཇོག་སྒོམ་སྤེལ་མར་བྱེད་དགོས། གོང་དུ་བདེ་སྡུག་གང་ཤར་གྱི་ངོར་ལྟོས་ཞེས་དང་། འདིར་འཕྲོ་གནས་ཀྱི་མཁན་པོ་ལ་བརྟག་གོ་ཞེས་པས་འཁོར་འདས་ཀྱི་རྩ་བ་སེམས་ཉིད་ཡིན་པ་དང་། སེམས་ཉིད་ཀྱི་རྩལ་སེམས་རྣམ་རྟོག་ཏུ་ཤར་བ་འདི་དབྱིབས་དང་ཁ་དོག་སོགས་དངོས་པོར་གྲུབ་པ་རེད་དང་། མ་གྲུབ་པ་རེད། ཡོད་པ་རེད་དང་། མེད་པ་རེད། ཡོད་པ་ཞིག་མིན་ན་ཤེས་དོན་གསལ་དོན་མེད། ཡོད་པ་ཞིག་ཡིན་ན་འདི་ཞེས་བསྟན་རྒྱུ་རིག་རྒྱུ་ཨེ་ཡོད། ཡོད་པའང་མ་ཡིན་མེད་པའང་མ་ཡིན་པའི་སྟོང་པར་ཐག་ཆོད་ན། ཡོད་པ་མ་ཡིན་རྒྱལ་བས་འདི་མ་གཟིགས། །མེད་པ་མ་ཡིན་འཁོར་འདས་ཀུན་གྱི་གཞི། །འགལ་འདུ་མ་ཡིན་བརྗོད་བྱའི་ཡུལ་ལས་འདས། །རྫོགས་ཆེན་གཞི་ཡི་གནས་ལུགས་རྟོགས་པར་ཤོག །ཅེས་པའི་ཐོག་ཏུ་བབ་པ་རེད། འདི་དང་པོ་གང་ནས་བྱུང་། བར་དུ་གང་ན་གནས། ཐ་མ་གང་དུ་འགྲོ་ཞེས་བརྟག་ན། འདི་དང་པོ་གང་ནས་བྱུང་དང་འདི་ནས་བྱུང་ཞེས་མི་རྙེད་པ་འདི་དང་པོ་མ་སྐྱེས་པ་རེད། སེམས་ཉིད་ཀྱི་ངོ་བོ་མ་སྐྱེས་པ་ཡིན་པས། དང་པོ་སྐྱེ་བ་ཞིག་དང་། བར་དུ་གནས་པ། ཐ་མ་འགྲོ་བ་གང་ན་ཡོད། དང་པོ་སྐྱེས་པ་དང་། བར་དུ་གནས་པ། ཐ་མ་འགག་པ་མེད་པས་སྐྱེ་འགག་གནས་གསུམ་དང་བྲལ་བ་གཏན་ལ་ཕབ། བར་སྣང་སྟོང་པ་ལ་མིང་ནམ་མཁའ་ཞེས་བཏགས་པ་ལྟར་སེམས་ཉིད་སྟོང་པ་ལ་མིང་སེམས་ཞེས་བཏགས་པ་རེད། དེ་ལྟ་བུ་དཔྱད་དེ་མཇུག་ཏུ་མི་རྟོག་པའི་ངང་དུ་མཉམ་པར་འཇོག་དགོས། འདིའི་ཁྲིད་རྐང་དེ་རིགས་དྲུག་གི་སེམས་ཅན་ལ་སྙིང་རྗེ་སྐྱེ་ཞིང་། ལས་སུ་དཀོན་མཆོག་མཆོད་ཅིང་དཀར་པོ་དགེ་བའི་ལས་བསྐྱེད་པ་ཞེས་པའི་ཁྲིད་རེད། འདིའི་ཁྲིད་རྐང་འདི་ཤིན་ཏུ་གནད་ཆེན་པོ་ཡིན། ད་སྔོན་ཉི་མ་ཡན་ཆད་འཁོར་བའི་སྡུག་བསྔལ་མ་ཤེས་པར་མི་བདེ་བ་ལ་བདེ་བ་དང་། མི་གཙང་བ་ལ་གཙང་བར་བཟུང་ནས། སྦྲང་མ་མི་གཙང་བའི་འདམ་ལ་ཆགས་པ་ལྟར་དང་། རང་གིས་རང་བསྡོམ་རང་གིས་རང་བཅིངས་ནས་སྲིན་བུ་རང་གིས་ཁ་ཆུས་བསྡོམ་པ་བཞིན་འཁྲུལ་སྣང་འཁོར་བའི་ལྕགས་སྒྲོག་གིས་སྡོམ་པ་དང་། ཉ་དྲ་བའི་ནང་དུ་ཚུད་པ་ལྟར་ཐར་མེད་འཁོར་བའི་དྲ་བ་ཆེན་པོ་འདིའི་ནང་དུ་ཚུད་པ་འདི་ནི། དམྱལ་བ་ཡི་དྭགས་སོགས་ངན་སོང་གི་གནས་སུ་སྐྱེ་འགྲོ་བ་དང་། སྐྱེ་བའི་རྒྱུ་ཅི་ཡིན་གཏན་ནས་མི་ཤེས་པ་དང་གོ་མ་མྱོང་བ་ཞིག་ཀྱང་མ་ཡིན། བོད་ཀྱི་མི་ཞིག་ཡིན་དུས་མང་ཆེ་བ་མུ་སྟེགས་ཆད་པར་ལྟ་བའི་ལྟ་བ་རེ་བཟུང་སྟེ་ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་མེད་ཟེར་ནས་ལྟ་ལོག་འཛིན་པ་ཞིག་ཀྱང་ཅི་ཡིན་རྒྱུ་མ་རེད་དེ། ལས་རྒྱུ་འབྲས་ལ་ཡིད་ཆེས་པའི་དད་པ་ངེས་ཤེས་བརྟན་པོ་ཞིག་སྐྱེས་མ་ཐུབ་དང་། ཁྱད་པར་དུ་མི་སྐྱ་ཕོ་མོ་རྣམས་ཡིན་ན་ཐོས་རྒྱུ་ཉུང་། རིགས་པའི་གནད་ལ་སྦྱངས་ནས་ཤེས་པའི་ཤེས་རབ་བསྟེན་མ་མྱོང་བས། རྒྱུ་མཚན་ཤེས་པའི་སྒོ་ནས་གནད་ཀྱི་གོ་བ་མ་ལོན་པས་རེད། མི་སྐྱ་ཕོ་མོ་ཚོ་རྐྱང་པ་མ་རེད་། རང་གཞན་སུ་ཡིན་ན་དེ་རིང་སང་ཉིན་ཙམ་ལས། ཚེ་ཕྱི་མ་མི་དགོས་ཚེ་འདིའི་ཚེ་མཇུག་གི་འདང་ཡག་པོ་མ་ཕོག་ནས། ཅི་རེད་གང་རེད། ཅི་བྱུང་གང་བྱུང་། རང་རེ་འཚོ་བ་བརྟེན་སའི་རྟ་ཟོག་རྣམས་དང་ཕྱོགས་འདྲ་བར་འདང་རྒྱག་མ་བྱས་པའི་སྐྱོན་ཆ་རེད། དེ་འདྲའི་མིང་ལ་ཤེས་རབ་དང་རྣམ་དཔྱོད་མེད་པ་དང་། ཐབས་ལ་མི་མཁས་པ་ཟེར་རྒྱུ་དེ་ཡིན། འོན་ཀྱང་ད་སྔར་མ་ཤེས་འཁྲུལ་པའི་དབང་དུ་སོང་ཡང་། ད་བསམ་བློ་རིག་པ་གཏན་ལ་ཕབ་ཟེར་བ་ལྟར། ད་དུང་གསོན་འདི་ངོགས་རེད། རང་དབང་རང་ལག་རེད། རང་གཞན་གཉིས་ཀའི་དོན་སྒྲུབ་ཆོག་ཆོག་གི་ཆོས་དང་འཕྲད་པ་རེད། དམ་པའི་ཆོས་ཁ་ལ་འཇོག ཁོག་ལ་བཙུད་པ་མིན་ཚད་བྱེད་རྒྱུ་འདི་གདན་ས་ཆོས་འཁོར་ཆེན་པོའི་ཟུར་ལ་སྐྱེས་པའི་བེད་དང་། སྔོན་བསོད་ནམས་བསགས་པའི་འབྲས་བུ་རེད། དེས་ན་རིགས་དྲུག་གི་སེམས་ཅན་ལ་སྙིང་རྗེ་སྐྱེ་བའི་ཆེད་དུ། རིགས་དྲུག་གི་སེམས་ཅན་གྱི་སྡུག་བསྔལ་རང་ཐོག་ལ་ལེན་ནས་བསྒོམ་རྒྱུ་འདི་གལ་ཆེ་སྟེ། ས་ཆ་ཞིག་གི་གནས་ཚུལ་གོ་བ་དང་རང་ངོ་མ་དེར་ཐོན་པ་གཉིས་ཞེ་གཏིང་ན་བག་ཆགས་འཇོག་ལུགས་མི་འདྲ་གི་ཡིན་ན། བླ་མ་རྫུ་འཕྲུལ་ཅན་ཞིག་ཡིན་ན་བཤད་པས་གོ་བ་འཇགས་མི་འཇགས་བྱེད་པ་བས། སློབ་མ་རྣམས་དམྱལ་བ་དང་ཡི་དྭགས་ཀྱི་གནས་སུ་གཅིག་ཁྲིད་སོང་ན་དགའ་ས་རེད། བཅོམ་ལྡན་འདས་ཀྱིས་གཅུང་དགའ་བོ་ལ་ལྷ་ཡུལ་གྱི་བདེ་སྐྱིད་དང་དམྱལ་བའི་སྡུག་བསྔལ་བསྟན་པ་ལྟར་རེད་འགྲོ་ས་ཡོད་མོད། འོན་ཀྱང་བླ་མ་ལ་དེའི་ནུས་པ་མེད་དུས། བཅོམ་ལྡན་འདས་ཀྱི་བཀའི་རྗེས་སུ་འབྲངས་ནས་བཤད་ན་མ་གཏོགས་ཐབས་མེད་སོང་བ་རེད། རང་རེས་བློས་རྗེས་སུ་དཔག་ན། དཔྱིད་ཀར་ཞིང་ལ་ས་བོན་བཏབ་ན་སྟོན་ཀར་ལོ་ཏོག་དེའི་འབྲས་བུ་སྨིན་པ་ལྟར། དེའི་ཕྱོགས་ལ་བསམ་བློ་གཏོང་ན་ལས་རྒྱུ་འབྲས་དགེ་སྡིག་གི་འབྲས་བུ་བདེ་སྡུག་མྱོང་རྒྱུ་བོ་འདི་མི་ཞིག་ཡིན་ན་ཧ་ལམ་མི་གོ་རྒྱུ་མེད་པ་རེད། བསམ་ཤེས་ཉམས་སུ་བླངས་ན་མངོན་སུམ་རིག་པ་དང་ཧ་ལམ་འདྲ་བོ་རེད། འདིའི་ཁྲིད་རྐང་འདི་མང་པོའང་རེད། ཚོ་གསུམ་བགོས་ཏེ་ཆོས་ཁྲིད་ཉིན་གསུམ་ཁྲིད་ནས་ཁྲིད་སྦྱོང་དེ་ལྟར་བྱ་དགོས། དང་པོ་དམྱལ་བའི་སྡུག་བསྔལ་ལ་བསམ་པའི་ཚེ། ཁྲིད་ཡིག་ནང་བཞིན་དུ་དམྱལ་བའི་གནས་རེ་རེ་བཏོན་ནས་དེ་བཞིན་སྡུག་བསྔལ་རང་གི་ལུས་སེམས་ཀྱི་ཐོག་ཏུ་དངོས་སུ་མྱོང་བར་སྒོམས། རང་ཉིད་ཀྱི་ཕ་མ་ཉེ་འབྲེལ་ཤི་བོ་སྔོན་མ་རྣམས་ཀྱིས་མྱོང་བ་མིག་གིས་མངོན་སུ་མཐོང་བ་ལྟར་དམྱལ་གནས་ཚང་མ་སྒོམ་ཚར་དུས། མདུན་གྱི་ནམ་མཁར་རང་གི་རྩ་བའི་བླ་མ་དང་དབྱེར་མེད་པར་ཨོ་རྒྱན་བདེ་ཆེན་རྒྱལ་པོ་སྐུ་དངོས་སུ་བྱོན་ནས། གདམས་ངག་གསུངས་ཚར་བ་དང་མཉམ་དུ་ཨོ་རྒྱན་ཆེན་པོའི་ཐུགས་དང་རང་གི་སེམས་དབྱེར་མེད་དུ་སངས་རྒྱས་པ་དང་། དོན་གཉིས་ལྷུན་གྲུབ་གྱི་མཐུ་ནུས་དང་ལྡན་པར་བསམ། ཡང་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དམྱལ་བའི་སེམས་ཅན་ཐམས་ཅད་ཐུགས་རྗེའི་འོད་ཟེར་གྱིས་དྲངས་ནས་དམྱལ་གནས་དོང་ནས་སྤྲུག་པར་སྒོམས། ངོ་མ་དངོས་གཞི་རིག་ངོ་འཕྲོད་ཅིང་དེ་ལ་གོམས་པ་རྒྱུན་སྐྱོང་བའི་རྟོགས་པ་མཆོག་ལྡན་ཞིག་ཡིན་ན། འགྲོ་དྲུག་སེམས་ཅན་གྱི་སྡུག་བསྔལ་ལ་དམིགས་པའི་སྙིང་རྗེ་དང་འབྲེལ་བའི་ཆོས་ཉིད་རྣམ་པར་མི་རྟོག་པའི་དོན་ལ་མཉམ་པར་བཞག་ན། ཆོས་ཉིད་བདེན་པའི་བྱིན་རླབས་ཀྱིས་སེམས་ཅན་ལ་དངོས་སུ་ཕན་ཐོགས་ཏེ་དམྱལ་གནས་དོང་ནས་སྤྲུག་ནུས་པ་རེད། དེ་ལྟར་མིན་ཡང་མོས་པ་རྣམ་པར་དག་པ་དད་དང་སྙིང་རྗེའི་ངང་ནས། བླ་མ་དང་གུ་རུ་རིན་པོ་ཆེ་དབྱེར་མེད་ཀྱི་ཐུགས་ལ་མཉམ་པར་བཞག་ནས་ངན་འགྲོའི་གནས་དོང་ནས་སྤྲུགས་ཏེ་སེམས་ཅན་དེ་དག་དག་ཞིང་དུ་ཁྲིད་པར་སྒོམ་ན་ཕན་ཡོན་དཔག་ཏུ་མེད་པ་ཡོད་པར་མ་ཟད། མ་འོངས་པ་ན་དེ་དང་དེར་འགྱུར་བའི་རྟེན་འབྲེལ་འགྲིག་རྒྱུ་ཡོད་པ་རེད། རྟེན་འབྲེལ་ལུས་ལ་སྒྲིག་ན་རྟོགས་པ་སེམས་ལ་འཆར་ཞེས་གསུངས་སོ། །འདིར་ཆོས་ཁྲིད་མེད་པའི་ཉིན་གསུམ་གྱི་སྔ་དྲོར་འབུམ་ལྔའི་ནང་གི་རྡོར་སེམས་སྒོམ་བཟླས་ཡིག་བརྒྱ་གསོག་དགོས། དེའང་བྱང་ཆུབ་ཀྱི་སེམས་དང་འབྲེལ་བའི་དམ་པ་གསུམ་གྱིས་རྩིས་ཟིན་ན་སྡིག་པ་དག་སྟོབས་ལྷག་པར་ཆེ། རྟེན་གྱི་སྟོབས་དེ་བླ་མ་རྡོ་རྗེ་སེམས་དཔའ་ཀུན་འདུས་ནོར་བུའི་ལུགས་སུ་བསྒོམ་ན་སྐྱབས་གནས་ཀུན་འདུས་སུ་གྱུར་པ་ཡིན། འབུམ་ལྔ་ཞེས་པ་བསགས་སྦྱང་གཉིས་ཏེ། ཚོགས་བསགས་དང་སྒྲིབ་སྦྱོང་གི་ཐབས་ཁྱད་པར་ཅན་རེད། ཚོགས་རྗོགས་སྒྲིབ་པ་དག་ན་ཐར་པའི་མཆོག་ཐོབ། སྒྲིབ་པ་དག་ན་རྟོགས་པ་ངང་གིས་འཆར། ཞེས་གསུངས། དེ་དུས་དེས་གཞན་དོན་འགྲུབ་ལ། གཞན་དོན་སྒྲུབ་ནུས་པ་དེས་རང་དོན་ཞོར་ལ་འགྲུབ་ཅིང་ཚགས་སུ་ཚུད་ཚར་བ་རེད། དེས་ན་རང་རེས་དེ་རིང་ཕྱི་དྲོར་གྲང་དམྱལ་གྱི་སྡུག་བསྔལ་སྒོམ། སང་ཉིན་ཕྱི་དྲོ་དང་དགོང་མོར་ཡི་དྭགས་ཀྱི་སྡུག་བསྔལ་སྒོམ། མཐར་ཨོ་རྒྱན་ཆེན་པོའི་ཐུགས་དང་རང་སེམས་དབྱེར་མེད་དུ་བསྲེས། ཡི་དྭགས་སུ་སྐྱེས་པའི་སེམས་ཅན་ཐམས་ཅད་དག་ཞིང་དུ་དྲང་བར་སྒོམས། ཐུན་ཐམས་ཅད་ཀྱི་མཐར་དམིགས་མེད་ཀྱི་དོན་ལ་མཉམ་པར་བཞག མཉམ་པར་བཞག་ཟེར་ན་སེམས་རྣམ་རྟོག་གི་རྦ་རླབས་ཀྱི་དབང་དུ་མི་ཤོར་བར། དྭངས་པའི་རྒྱ་མཚོ་མི་གཡོ་བ་བཞིན་དགོས། མཉམ་ཟེར་ན་སེམས་ཕྱོགས་སུ་མ་ལྷུང་བར་ཞོག་ཅེས་པའི་དོན་རེད། མཉམ་བཞག་གི་ཚིག་གི་ཐོག་ལ་བསམ་ན། སེམས་འཇོག་ཐབས་དང་འཇོག་ཐབས་དེ་ལ་བརྟེན་པའི་ཐབས་བྱུང་ཡེ་ཤེས་གཉིས་ཀ་ལ་གོ་ཆོག ད་རེས་ཀྱི་ཁྲིད་འདི་ལ་སྒོམ་རྒྱག་དགོས། སྒོམ་མི་ཤེས་རྒྱུ་ཅི་ཡོད། ངས་སློབ་ཅེས་གོང་དུ་བཤད་མྱོང་ལ། སྒོམ་རྒྱག་དུས་ལུས་རྣམ་སྣང་ཆོས་བདུན་བྱ་དགོས། སྒོམ་སེམས་ཀྱིས་རྒྱག་ན་ལུས་ལ་ཅི་འབྲེལ་བ་ཡོད་བསམ་ན། སེམས་ལུས་ལ་གནས་ཡོད། སེམས་ཆོས་ཅན་དང་། དེའི་ཆོས་ཉིད་ཡེ་ཤེས་ཡིན། དེའི་ཡེ་ཤེས་དེ་ཁྱད་ཆོས་གསུམ་ལྡན། ངོ་བོ་སྟོང་པ། རང་བཞིན་གསལ་བ། ཐུགས་རྗེ་འགག་མེད་དེ་སྟོང་གསལ་འགག་མེད་གསུམ་པོ་རེད། གཉུག་མ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཟེར་ན། མ་བཅོས་རང་བྱུང་གི་ཡེ་ཤེས་ཞེས་སེམས་ཀྱི་ཆོས་ཉིད་གང་ཡིན་པ་དེ། སྙིང་ཙིཏྟ་རིན་པོ་ཆེ་ཟུར་བརྒྱད་པ་ན་དྭངས་མ་ལྔ་འདུས་ཀྱི་ཐིག་ལེའི་ནང་དུ་བཞུགས་ཡོད། དེའི་སྟོབས་ཀྱིས་ཁམས་དྲུག་ལྡན་གྱི་མིའི་ལུས་དེ་སྔགས་རྫོགས་ཆེན་སྒོམ་པའི་རྟེན་ཁྱད་པར་ཅན་ཡིན། འོ་ན་ལུས་འཇིགས་པའི་ཚེ་ཡེ་ཤེས་ཅི་རེད་འགྲོ་བསམ་ན། འདི་ལུས་གནས་ལུས་ལས་མ་སྐྱེས་པའི་ཡེ་ཤེས། ཆ་མེད་ཀུན་འགྲོ་ཀུན་ལ་ཁྱབ་པའི་བདག་ཉིད་ཅན་ཡིན། འདི་ལ་རྒྱུད་གཞན་ལས་མཁའ་ཁྱབ་མཁའི་རྡོ་རྗེ་ཞེས་གསུངས་ཡོད། དོན་དུ་ཡེ་ཤེས་ཀྱི་ངོ་བོ་དེ། འཇིག་བྲལ་མེད་པ་རྡོ་རྗེ་ལྟ་བུ། སྤྲོས་པའི་མཐའ་དང་བྲལ་ཞིང་དུས་གསུམ་མཉམ་པ་ཉིད་དུ་གྱུར་པ། གནས་ཚུལ་རང་བྱུང་གི་ཡེ་ཤེས་ལས་མ་གཡོས་ཀྱང་། སྣང་ཚུལ་སེམས་ཀྱི་ཆོས་ཉིད་དུ་བཞུགས་པ། ཆོས་ཉིད་དེའི་རྩལ་དང་རོལ་པ་ལས་སྣ་ཚོགས་སྣང་བའི་སེམས་ཀྱི་རྣམ་རྟོག་འདི་རྒྱ་མཚོ་རླུང་གིས་བསྒུལ་དུས་རྦ་རླབས་བྱུང་བ་བཞིན་དུ། འཁྲུལ་སྣང་ཤར་བ་རེད། ད་སྒོམ་བརྒྱབ་ནས་འཁྲུལ་བ་དེ་མ་འཁྲུལ་བའི་གཞིའི་སྟེང་དུ་ཕྱིར་ལྡོག་དགོས་དུས་དེའི་རྟེན་གཞི་རྩ་རླུང་ཐིག་ལེ་རྣམས་གནད་དུ་བསྣུན་དགོས་པས་ལུས་གྲུབ་པའི་གཞི་རྩ་རླུང་ཐིག་ལེ་རྣམས་ཡིན་ན། ལུས་ཀྱི་འདུག་སྟངས་གཙོ་ཆེ་བའི་རྒྱུ་མཚན་དེས་རེད། འདུག་སྟངས་རེ་རེའི་ཐད་ཀྱིས་མི་རྟོག་ཡེ་ཤེས་འཆར་ཚུལ་གྱི་དགོས་གནད་ཆེན་པོར་ཡོད་པ་རེད། འདུག་སྟངས་དེའི་སྟེང་དུ་ད་རེས་ཀྱི་སྐབས་མི་དམིགས་ངང་དུ་མཉམ་པར་བཞག་གསུངས་ན། མི་དམིགས་པའི་ཏིང་ངེ་འཛིན་འདི་ལ་གོམས་རིམ་བཞིན་དུ་གཡོ་ཐོབ་གོམས་བརྟན་མཐར་ཕྱིན་པའི་ཉམས་རྣམས་ཡོད་པ་ལས། གཡོ་བའི་ཉམས་རི་གཟར་གྱི་རྦབ་ཆུ་ལྟ་བུ། ཐོབ་པའི་ཉམས་ལུང་ཁུང་དོགས་མོའི་ཆུ་ལྟ་བུ། གོམས་པའི་ཉམས་དལ་འབབ་ཀྱི་ཆུ་ཆེན་ལྟ་བུ། བརྟན་པའི་ཉམས་རྒྱ་མཚོ་རླུང་གི་མི་གཡོ་བ་ལྟ་བུ། མཐར་ཕྱིན་པའི་ཉམས་རི་རྒྱལ་གཡོ་འགུལ་མེད་པ་ལྟ་བུ་སྟེ། གཙོ་བོ་ཞི་གནས་ཕྱོགས་ནས་བཞག་ཐབས་བཤད་ན་དེ་ལྔ་དང་། གཙོ་བོ་ལྷག་མཐོང་གི་ཕྱོགས་ནས་བཞག་ན་རྫོགས་ཆེན་གྱི་སྐབས་ལྟ་བུ་ཡིན་ན། ཅོག་བཞག་བཞི་དང་མི་གཡོ་གསུམ་ལྡན་གྱི་དགོངས་པའི་གནད་དང་བསྟུན་པའི་ལམ་ཚད་དྲོད་རྟགས་དང་བཅས་པ། ངོ་ཤེས་རྩལ་རྫོགས་བརྟན་པ་ཐོབ་པ་ལ་སོགས་པ་ཟབ་ཅིང་རྒྱས་པའི་ཐོག་ནས་མན་ངག་གི་དངོས་གཞིའི་སྐབས་སུ་དེ་ལྟར་དུ་གསུངས་ཡོད། ཞི་ལྷག་འདི་གཉིས་བཤད་པ་ཐ་སྙད་ཀྱི་ཚིག་གི་ཐོག་ནས་གཉིས་བྱས་ནས་བཤད་ཡོད་ཀྱང་། ཡིན་པ་མཚོན་བྱ་དོན་གྱི་དགོངས་པ་ཆོས་ཉིད་འཕོ་འགྱུར་དང་བྲལ་བའི་གནས་ལུགས་རྟོགས་པ་གཅིག་པུ་དེ་ལ། བརྡ་མི་ནོར་བའི་ཆེད་དུ་ལྡོག་པ་ཐ་དད་ནས་གསུངས་པ་ཙམ་ཞིག་རེད། དེས་ན་མི་དམིགས་པ་ལ་མཉམ་པར་འཇོག་པ་འདི་ལ་གང་ཟག་རང་རང་གི་རྟོགས་ཚད་ལྟར་མ་གཏོགས་ཐམས་ཅད་གཅིག་འདྲ་ཡིན་པ་མ་རེད། ཞི་གནས་དང་ལྷག་མཐོང་གི་ཚིག་ཙམ་མ་ཀི་ཉན་ཐོས་ཐེག་པ་ནས་ཡ་ཀི་ཐེག་རྩེའི་རྫོགས་ཆེན་བར་དུ་ཡོད་པ་ཞིག་ཡིན་ཡང་། དེ་ལ་སྒྲ་མཐུན་དོན་འཕགས་ཀྱིས་དོན་གྱི་ཐོག་ནས་གོང་མ་གོང་མ་ལ་ཁྱད་པར་དུ་འཕགས་པའི་འཕགས་ཆོས་རྣལ་འབྱོར་གྱི་བློ་ཁྱད་ཀྱིས་ཁྱད་པར་བ་རེ་ཡོད་པ་རེད། དེས་ན་ལས་དང་པོ་བ་རྣམས་ཀྱིས་འདིའི་སྐབས་ན། འདས་པའི་རྣམ་རྟོག་གི་རྗེས་སུ་མི་འབྲང་། མ་འོངས་པའི་རྣམ་རྟོག་གི་མདུན་མི་བསུ། ད་ལྟའི་རྣམ་རྟོག་གི་འཕྲོ་མི་མཐུད་ནས། དེ་ལ་ཡང་ལས་དང་ཡང་བཅོས་མི་བྱེད་པ་དང་། རྒྱུ་འབྲས་ལ་ཡིད་ཆེས་པ་དང་། བླ་མ་དཀོན་མཆོག་ལ་དད་པ། སེམས་ཅན་སྤྱི་དང་ཁྱད་པར་དུ་ངན་སོང་གི་སེམས་ཅན་ལ་སྙིང་རྗེ་སྐྱེ་བ། དད་དང་ངེས་འབྱུང་སྙིང་རྗེ་རྣམས་བསྒོམ་གྱི་ངོ་བོ་ཤར་བ་ནས་དམིགས་གཏད་ཀྱི་མཚན་མ་མེད་པའི་ཐོག་ཏུ་འཇོག་དགོས་ལ། སེམས་ཀྱི་རྣམ་རྟོག་འདི་ད་སྔོན་ནས་ད་ལྟའི་བར་དུ་བདག་རྒྱག་མ་མྱོང་བས་རྟ་རྒོད་ཚ་གཟུང་བྱེད་དུས་འདྲོག་ནི་རེད། ངན་པ་རང་ལམ་དང་། ཤོག་གུ་དྲིལ་ལམ་ཡིན་ནི་རེད། འོན་ཀྱང་ག་ལེ་ག་ལེར་བྱས་ནས་ཐབས་དང་མན་ངག་གིས་བཅོས་ནས་ལམ་དུ་གཞག་རྒྱུ་ཡོད་རེད། འདི་ལྟར་དམིགས་མེད་ཀྱི་ངང་དུ་གཞག་ན་ཡང་རྣམ་རྟོག་གི་རྦ་རླབས་འཚུབས་ནས་འདྲ་མི་འདྲ་དྲན་ཡོང་། འོན་ཀྱང་རྣམ་རྟོག་ལ་སྐྱོན་དུ་བལྟ་མི་དགོས། དྲན་རྒྱུ་གཏན་ནས་མེད་ན་ཤི་སོང་བ་རེད། རྣམ་རྟོག་ཆོས་ཉིད་ཀྱི་རྩལ་རེད། མཚོ་མིན་པའི་རྦ་རླབས་ཤིག་མེད་པ་ལྟར་ཆོས་ཅན་སེམས་ཀྱི་རྙོག་མ་དྭངས་སོང་དུས་ཆོས་ཉིད་མ་བཅོས་གཡོ་མེད་ཁོ་རང་ལས་གཞན་མེད་ལ། དེ་གཉིས་བར་དུ་ཡུལ་གཞན་ཞིག་ཡོད་པ་མ་རེད། དར་གཅིག་དམིགས་མེད་ཀྱི་ངང་དུ་མཉམ་པར་བཞག་ནས། ཡང་མཐར་འབྲེལ་བ་བཞི་ལྡན་གྱི་སྒོ་ནས་བསྡོ་བ་སྨོན་ལམ་ཞེ་ཐག་པ་ནས་བྱ་དགོས། འབྲེལ་བ་བཞི་ལྡན་ནམ་ཡིན་ན་བཤད་འདུག་པ་དེ་རེད། སེམས་ཅན་འདི་དག་ཐམས་ཅད་དམྱལ་བ་ཡི་དྭགས་ཀྱི་སྡུག་བསྔལ་དང་བྲལ་ན་ཅི་མ་རུང་། འབྲལ་བར་ཤོག བྲལ་བ་ཞིག་བདག་གིས་བྱ་སྙམ་པ་འདུན་པ་དང་འབྲེལ་བ། སྨོན་པ་དང་འབྲེལ་བ། དམ་བཅའ་དང་འབྲེལ་བ། དེའི་སྟེང་དུ་དེ་ལྟར་བྲལ་བ་དཀོན་མཆོག་གིས་ཐུགས་རྗེས་གཟིགས་སྙམ་པ་གསོལ་འདེབས་དང་འབྲེལ་བ་སྟེ་འབྲེལ་བ་བཞི་རེད། དེ་དག་ཚང་རྒྱུ་ནི་ད་རེས་མིན་ཡང་དུས་དང་རྣམ་པ་ཀུན་ཏུ་དགོས། འདི་ན་ཉི་མ་ཆ་རེར་འཚོགས་རྒྱུ་འདི་ལོ་གཅིག་གི་ནང་ལ་ཆོས་འདི་མ་གཏོགས་མི་དགོས་ཟེར་བ་མ་རེད། ཚེ་གཅིག་ལ་དུས་དང་རྣམ་པ་ཀུན་ཏུ་དེ་ལྟར་བརྩོན་པས་དགེ་སྦྱོར་གྱིས་དང་། འབྲས་བུ་ཕན་ཐོག་ཅན་ཞིག་ཁྱོད་རང་ལ་སྨིན་རྒྱུ་ཡོད་ཅེས་ཟེར་བའི་བརྡ་རེད། དེ་རིང་གི་དྲོས་ཇ་འཐུང་རྒྱུས་སང་ཉིན་གྱི་དྲོས་ཇ་འཐུང་མི་དགོས་པ་ལ་མི་ཕན་གྱི། སང་ཉིན་ཡང་དེ་ལྟར་འཐུང་དགོས། དེ་ལོས་དགོས་ལུས་འཚོ་བྱེད་རེད། དེ་བཞིན་དུ་མཐོ་རིས་དང་ཐར་པའི་སྲོག་འཛིན་བྱེད་དམ་པའི་ཆོས་རེད། ཐར་པའི་སྲོག་དེ་རྒྱུན་ཆད་འཇུག་མི་ཉན། དམ་པའི་ལྷ་ཆོས་བསྒྲུབ་རྒྱུ་མེད་ན། མི་ཚེའི་འཚོ་བའི་ནང་ན་དེའི་དྲག་མེད་པ་དེ་མེད་སོང་བ་རེད། དེ་ཡིན་པར་ཤེས་ནས་དེ་རིང་ཁ་རྩང་འཇིག་རྟེན་གྱི་བྱ་བ་བསྒྲུབ་པ་ལ་རང་རེ་ལས་བརྒྱ་འགྱུར་སྟོང་འགྱུར་གྱིས་མཁས་པའི་འཛམ་གླིང་གི་མགོ་སེར་ནག་ཅན་ཚང་མས་འདི་དོན་གཉེར་བྱས་ནས་ཨེ་ཤེས་ལྟ་བཞིན་ཡོད་རེད། ཆོས་སྒྲུབ་དུས་ཆོས་དེ་དུས་རྒྱུན་གྱི་བསམ་པ་དང་སྤྱོད་པའི་འཚོ་བ་དང་བསྲེ་ཤེས་དགོས། ཆོས་དང་རྒྱུན་གྱི་བསམ་སྤྱོད་ཁ་འབྲལ་མི་ཉན། དེ་བཤད་སྟངས་གཞན་ཞིག་གི་ཐོག་ནས་བཤད་ན། ཆོས་དང་རང་རྒྱུད་འདྲེས་དགོས། དེ་མ་འདྲེས་པར་ཆོས་དང་རང་རྒྱུད་ལ་ཕར་ནང་ཚུར་ནང་རེད་སོང་ན། ད་ཡ་ཟེར་དུས་ཆོས་ཀྱིས་ཕན་ཐོགས་མེད་པར། དཔེར་ན་ཁྱོད་ཀྱི་ལག་གི་མཚོན་ཆ་ལྷག་སོང་ན་དགྲ་དང་ཐུག་དུས་ལག་ཡུ་མ་ཡིན་པ་ལྟར། དགྲ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་གྱིས་ཁྱོད་གར་ཁྲིད་གཡག་ལུ་སྣ་མ། གར་བསྡད་བདག་པོའི་བོང་ལུ། མྱོང་རྒྱུ་འོང་རྒྱུ་གཅིག་མ་གཏོགས་མེད། གར་བྲིས་སྨྱུ་གུའི་ལམ་དང་། གར་བསྡད་བདག་པོའི་དབང་རེད། མྱོང་རྒྱུ་དར་རྒྱུ་གཅིག་མ་གཏོགས་ཡོད་པ་མ་རེད། ད་སྔར་འཁྲུལ་པ་ལྟར་ད་རུང་འཁོར་བའི་མཐའ་མཐོང་དཀའ། མི་ཚེའི་རྒྱུན་གྱི་འཚོ་བའི་ནང་ན་ཆོས་བསྒྲུབ་རྒྱུ་མེད་དུས། ཟས་ཨ་ར་སྣེ་གསུམ་ཐོད་མི་ཐུག་ཟེར་ནི་བོ་ཆུང་ཆུང་ཞིག་རེད། ཆོས་མེད་ཀྱི་མི་དང་དུད་འགྲོ་རྩྭ་ཟས་གཉིས་གཅིག་རེད། སེམས་ད་དུང་རང་རེའི་སྒོ་ཟོག་ཚོ་ལྟ་བུ་ཡིན་ན་དེ་ཚོའི་སྐྱིད་ན་མི་ཤེས། རྩྭ་ཆུ་གཉིས་ཀྱིས་བརྒྱགས་སོང་དུས། བཟེ་རེ་ཕྲག་དོག་གི་སྣང་བ་དགྲ་ལངས་སོགས་ཀྱིས་རང་སྡུག་རང་གིས་ཉོས་པ་སོགས་དེ་ཚོ་ལ་ཡོད་ས་མེད་གི། དུད་འགྲོ་གླེན་པ་དེ་དག་གིས་དེ་འདྲའི་སྣང་བ་རྣམ་རྟོག་ཤེས་ས་མ་རེད། མདོར་ན་ཆོས་ཡོད་པའི་ཁྱིམ་ཚང་སྐྱིད་ལ། ཆོས་ཤེས་པའི་ཁྱིམ་ཚང་དེ་བས་སྐྱིད། དམ་པ་ལྷ་ཆོས་འདི་སྐྱིད་ཀྱི་གོང་ནོན་ཡིན་ཏེ། འདིའི་དོན་ཡག་པོ་ཞིག་ཤེས། དེ་ལ་ལག་ལེན་ཐེབས་ན་ལས་བྱ་བའི་ཚོད་ཐིག་པ་རེད། འདོད་ཆུང་ཆོག་ཤེས་ཅན་གྱི་སྐྱིད་ཅིག་ས་སྟེང་ན་མེད། སྡུག་གི་སྐྱོ་གྲོགས་ཡིན་ཏེ། སྡུག་བསྔལ་བདེ་སྐྱིད་ལ་བསྒྱུར་ཤེས་པས་རེད། དེ་འདྲ་དེ་ལྟས་ངན་གཡང་ལ་འགྱུར། རྐྱེན་ངན་གྲོགས་ལ་འགྱུར། ཐམས་ཅད་མཐུན་པའི་རྐྱེན་ལ་འགྱུར་འགྲོ་བ་རེད། ད་རེས་འུ་ཚོས་ཉི་མ་ཆ་རེར་སྔོན་འགྲོ་འབུམ་ལྔ་གསོག་རྒྱུ་བོ་འདི་འདྲའི་དུས་ཚོད་ཐུང་ངུ་ཞིག་ལ་འབུམ་ལྔ་སོག་འགྲོ་བ་མ་རེད། འོན་ཀྱང་འབུམ་ལྔ་ཞེས་པ་ཚོགས་གསག་སྒྲིབ་སྦྱོང་གི་ཆེད་དུ་གསོག་རྒྱུ་ཡོད་པ། གསོག་ན་ཇི་ལྟར་གསོག་དགོས། གྲྭ་པས་ལྟ་ཅི་མི་སྐྱ་ཕོ་མོ་སོགས་སུ་ཡིན་ཡང་གསོག་ལོ་རབས་ཆོག་རབས་ཀྱི་གསལ་བརྡ་བསྟན་པ་ཡིན། རང་རེ་ས་ཁུག་ལུང་ཀྱོག་གི་མི་དེར་ཚིག་གཅིག་གཉིས་རེ་བཤད་པས་མི་གོ ཡིག་ངོ་ཞིག་བསྟན་ནའང་དེ་སྒྲ་དོན་ཐམས་ཅད་གོ་བརྡ་འཕྲོད་དཀའ་བས། ཨ་ནས་ཡང་དུ་ཐབས་ཚུལ་མང་པོ་ཞིག་གི་ཐོག་ནས་ཕན་རེ་ཨེ་ཐོགས་ལྟ་ཁུལ་བྱེད་རྒྱུ་བོ། ཆོས་རེ་བཤད་པ་དང་ཆོས་སྒར་རེ་གཟུང་བའི་དམིགས་ཡུལ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འཇུག་ཅིག་ཡིན་ན་སངས་རྒྱས་ཀྱི་མཛད་པ་བསྒྲུབ་དགོས། སངས་རྒྱས་ཀྱི་མཛད་པ་སེམས་ཅན་ལ་ཕན་ཐོགས་པ་དེ་རེད། དོན་གྱི་ཕན་ཐོགས་ངོ་མ་ནི་དམ་པའི་ཆོས་ཀྱི་ཐོག་ནས་བསྒྲུབ་པ་དེ་ཡིན། དེས་ན་དམ་པའི་ཆོས་འཛིན་པ་དང་བསྟན་པས་སེམས་ཅན་ལ་ཕན་པ་བསྒྲུབ་པ་ནི། ཤཱཀྱའི་རྗེས་འཇུག་ཐམས་ཅད་ཀྱི་འོས་འགན་རེད། འོན་ཀྱང་ཤཱཀྱའི་རྗེས་འཇུག་མ་ཟད་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་རང་ཉིད་དངོས་སུ་བྱོན་ཀྱང་ཆོས་བསྟན་རྒྱུའི་ཕན་ན་མཛད་རྒྱུ་མེད་པས་སེམས་ཅན་རང་ཉིད་ལའང་ཐུག་ཡོད་པས་ཐར་པའི་ལམ་དུ་ངེས་པར་འཇུག་དགོས་ཏེ། ངས་ནི་ཁྱོད་ལ་ཐར་པའི་ཐབས་བསྟན་གྱི། །ཐར་རང་ལ་རག་ལས་བརྩོན་པར་གྱིས། །ཞེས་གསུངས་པས་སོ། །མདོར་ན་ཆོས་ཚིག་རེ་གོ་ན་དེའི་དོན་ཞེ་ལ་ཞོག གནད་སྙིང་པོ་རང་གི་སེམས་ལ་ངེས་སུ་འཇུག་དགོས། ད་བཤད་དུས་ཧ་ལམ་གོ་རྒྱུ་རེད། མི་སྐད་ཀྱིས་མི་ལ་བཤད་པ་རེད། དེའི་འཕྲོར་མི་བརྗེད་པའི་གཟུངས་དང་སྤོབས་པ་ལ་དབང་མ་འབྱོར་བས་ཚིག་མང་ཆེ་བ་མི་འགོར་བར་བརྗེད་འགྲོ། མི་བརྗེད་པའི་གཟུངས་སྤོབས་དེ་མེད་པས་སེམས་ཅན་ཕལ་པ་ཟེར། འོན་ཀྱང་གསུང་རབ་ཀྱི་དགོངས་དོན་ལེན་དུས་རྟོན་པ་བཞི་ལ་བརྟེན་ནས། ལུང་དང་རྟོགས་པའི་ཆོས་གོ་བ་དེ་ཆུད་མི་འཛའ་བར་རང་གི་རྒྱུད་ལ་དེའི་དོན་སྦྱར་དགོས་རྒྱུ་ནི། ཚིག་ལ་མི་རྟོན་དོན་ལ་རྟོན། རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་པ་ལ་སོགས་ཡིན་དུས། དེའི་དོན་གྱི་སྙིང་པོ་གནད་ངོ་མ་དེ་ཨེ་ཟིན་བལྟ་དགོས། མདོར་ན་ཆོས་ཚིག་རེ་གོ་ན་དོན་ངོ་མ་བོ་ཅི་བཤད་ཀྱིན་ཡོད་པ་དེ་ཤེས་པར་གྱིས་ལ། ཡི་གེ་ཤེས་པ་རྣམས་ཀྱིས་ཁྲིད་ཡིག་ལ་ཞིབ་ལྟ་གྱིས། ཚར་མང་པོ་ལྟོས། ཆོས་ཁྲིད་ཞུ་དུས་མ་མཐའང་བསྐྱར་སྦྱོང་ཚར་བཅུ་རེ་དགོས་དར་ནི་རེད། མཁས་པའི་གསུང་དང་དམ་པའི་མན་ངག་ལ་ཚར་མང་པོར་བལྟས་ན་དེ་ལྟར་དུ་གོ་རྒྱུ་ཡོད་ཅིང་དེའི་ཚོད་ཀྱིས་བྱིན་རླབས་ཀྱང་འཇུག་པ་རེད། ཡི་གེ་མི་ཤེས་པ་ཚོས་ཤེས་པ་རྣམས་ལ་འདོན་བཅུག་ནས་ཉོན། ནང་ཕན་ཚུན་འདིའི་ཐད་ལ་བགྲོ་གླེང་གྱིས། སྐད་ཆ་ཆོས་ཕྱོགས་སུ་གྱིས་དང་རང་གཞན་ཚང་མ་ལ་ཕན་ཐོགས་ཡོད། དེ་རིང་གནམ་ངོ་ཡག་ན་ཡག མ་ཡག་ན་མ་ཡག ཉི་མ་དྲོ་ན་དྲོ། མ་དྲོ་ན་མ་དྲོ། ཆགས་སྡང་དགའ་སྡུག་གི་སྐད་ཆ་ཁོ་ན་མ་བཤད་མ་གཏོགས། རང་གི་རྣམ་ཤེས་སྟེང་ལ་བག་ཆགས་ངན་པ་འཇོག་བྱེད་རེད། ཉོན་མོངས་དུག་ལྔས་འགྲུབ་རྒྱུ་ཞིག་ཡོད་ན་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱིས་སྔ་ནས་འགྲུབ་ཚར་ཤག་ཤག་རེད། དེ་འགྲུབ་རྒྱུ་མེད་པས་དེས་དམུས་ནས། རང་རེས་དེ་མིན་པའི་ལམ་ཞིག་བཙལ་ཏེ་ཞུགས་ན། ད་རུང་ཁ་ཤར་ལ་འཁོར་ནས་འགྲོ་ས་ནུབ་ཏུ་བྱེད་ན། རང་ལམ་རང་གིས་བཀག་པ་འདྲ་རེད་ཞིག་འགྲོ། འགའ་རེས་ཀུན་བཟང་བླ་མའི་ཞལ་ལུང་ཚར་འགའ་རེ་བལྟས་ཡོད་ཚོད་ཡིན། དེ་དང་ཁྲིད་ཡིག་འདི་ཚོ་དང་ཀུན་ལ་ལྟོས། འདིའི་དོན་ཆུ་ཚོད་རེ་གཉིས་ལ་བསྒོམ་རྒྱུ་འདི་ནི་ཕྱིན་ཆད་རང་གིས་ནམ་ཡིན་ན་འདི་འདྲ་བསྒོམ་ཟེར་བརྡ་རེད། ཆོས་བསྒྲུབས་ཡོད་བསམ་ནའང་ལས་འབྲས་ལ་འཛེམ་མི་ཤེས། སྒོམ་རྒྱག་ཡོད་བསམ་ནའང་སྙིང་རྗེ་སོར་གང་ཡང་ཇེ་ཆེར་མ་སོང་བ་ཚོས། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཡིན་པས། སྙིང་རྗེ་ནར་མ་འཕར་དུས་སྟོང་ཉིད་རྟོགས་མེད་པ་དང་། འདི་སྒོམ་རྒྱུས་ད་དུང་འདངས་མེད་པའི་རྟགས་རེད། ད་ལོ་འདི་བཤད་རྒྱུ་ནི་རང་གཞན་ཚང་མའི་སྨན་ཞིག་ཡིན་པ་དང་། འདིའི་སྨན་འདི་དུས་ཐོག་ཏུ་འཕྲོད་དགོས་བསམ་ནས་བཤད་པ་ཡིན། དངོས་གཞི་གནད་ཆེ་ཡང་། སྔོན་འགྲོའི་རྨང་གཞི་མེད་ན་གྱང་མེད་པའི་རི་མོ། ཁྱད་གཞི་མེད་པའི་ཁྱད་ཆོས་གཏོད་ས་རུ་འགྲོ་བས། དེ་མི་འགྱུར་བའི་ཕྱིར་དུ་འདི་གལ་ཆེར་ནན་བཤད་བྱེད་པ་ཡིན། སྔོན་འགྲོའི་ཁྲིད་ཡིག་འདི་རྣམས་ཡུན་དུ་ལྟོས། རྒྱུན་དུ་རང་གི་སེམས་ལ་སྦྱོར་དང་། རང་ལ་ཡོང་སྒོ་ཐུན་མོང་མ་ཡིན་པ་ཞིག་རང་གི་སེམས་ལ་འོང་རྒྱུ་ཡོད། སེམས་བདེ་ན་ལུས་བདེ། ལུས་བདེ་ན་རང་དང་ཁོར་ཡུག་གི་མི་རྣམས་ཀྱང་སྐྱིད་པ་རེད། ཆོས་པ་ཚེ་འདིར་སྐྱིད་ལ་ཕྱི་མ་དེ་བས་སྐྱིད། མདོར་ན་སྐྱིད་པའི་ལམ་གྱི་སྣེར་ཅི་ཟིན་གྱིས་ཟེར་རྒྱུ་བོ་བསམ་བཟང་གི་ཁ་ཏ། ཆོས་བཤད་པའི་སྙིང་པོ་དེ་ཡིན། དེ་རིང་ཆོས་མཚམས་ང་རང་ཚོས་འཕྲོ་གནས་ཀྱི་མཁན་པོ་ལ་བརྟག་གོ་གསུངས་ས་འདི་ནས་འཇོག


previousཉིན་ལྔ་བའི་ཆོས་ཁྲིད། next