Nitartha Digital Library
Tibetan
 
previousཉིན་དང་པོའི་ཆོས་ཁྲིད།next

ཉིན་དང་པོའི་ཆོས་ཁྲིད།

དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག བཀའ་དྲིན་མཚུངས་ཟླ་མ་མཆིས་པ། དཔལ་མགོན་བླ་མ་དམ་པའི་ཞབས་ཀྱི་རྡུལ་དྲི་མ་མེད་པ་ལ་མགོ་བོས་རབ་ཏུ་བཏུད་དེ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བདག་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཐབས་མཁས་ཐུགས་རྗེ་ཤཱཀྱའི་རིགས་སུ་འཁྲུངས། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་ཁྱེད་ལ་མགོས་ཕྱག་འཚལ། །དྲི་མེད་མཚོ་གླིང་པདྨའི་སྡོང་པོའི་རྩེར། །རྒྱལ་བའི་རྣམ་འཕྲུལ་རང་བྱུང་ལྷུན་གྱིས་གྲུབ། །མཚན་རྫོགས་དཔེ་བྱེད་ཡོན་ཏན་ཚོགས་འབར་བ། །པདྨ་འབྱུང་གནས་བདག་བློའི་པད་མཚོར་རོལ། །ཆོས་ཟད་ཀློང་དུ་ཆོས་སྐུའི་དགོངས་པ་བརྙེས། །འོད་གསལ་དབྱིངས་སུ་ལོངས་སྐུའི་ཞིང་སྣང་གཟིགས། །གདུལ་བྱའི་སྣང་ངོར་སྤྲུལ་སྐུའི་འགྲོ་དོན་མཛད། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ལ་ཕྱག་འཚལ། །མཁྱེན༵་པས་ཤེས་བྱ་ཀུན་གྱི་དེ་ཉིད་གཟིགས། །ཐུགས་བརྩེའེ་འོད༵་ཟེར༵་གདུལ་བྱའི་དཔལ་དུ་ཤར། །ཟབ་ལམ་ཐེག་རྩེའི་བསྟན་པ་གསལ་མཛད་པ། །རིག་འཛིན་འཇིགས་མེད་གླིང་པ་ལ་ཕྱག་འཚལ། །བརྒྱུད་གསུམ་བྱིན་ཐོབ་དགོངས་པའི་རྩལ་ཆེན་རྫོགས། །སྣང་བཞི་མཐར་ཕྱིན་ཆོས་སྐུའི་རྒྱལ་སྲིད་བརྙེས། །གདོད་མའི་མགོན་པོ་མི་ཡི་རྫུར་ཞུགས་པ། །འཇིགས་མེད་ཡོན་ཏན་མགོན་པོར་གསོལ་བ་འདེབས། །དགོངས་རྒྱུད་རྟོགས་པ་འཕོ་བར་བྱིན་གྱིས་རློབས། །ཧྲཱིཿ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །རང་སེམས་ཆོས་སྐུར་མངོན་སུམ་སྟོན་མཛད་པ། །རྩ་བའི་བླ་མ་མཆོག་ལ་གསོལ་བ་འདེབས། །གང་དག་ཕྱོགས་བཅུ་སྟོང་གི་འཇིག་རྟེན་ན། །བདེ་གཤེགས་སློབ་མར་གྱུར་པ་གང་སུ་དག །དེང་འདིར་དམ་པའི་ཆོས་ཀྱི་ཆར་འབེབས་ཀྱིས། །གསན་པར་འདོད་པ་ཐམས་ཅད་འདིར་གཤེགས་ཤིག །ནམ་མཁའི་མཐས་གཏུགས་འཇིག་རྟེན་ཐམས་ཅད་ན། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་ལྷ་མ་ཡིན། །གྲུལ་བུམ་མི་འམ་ཅི་དང་ལྟོ་འཕྱེ་སོགས། །རྫུ་འཕྲུལ་ཡིད་ལྡན་ཐམས་ཅད་འདིར་ཤོག་ཅིག །བསྐལ་བ་སྟོང་དུ་ཐོས་པ་རབ་དཀའ་ཞིང་། །གང་ཞིག་ཐོས་ན་གཏན་དུ་བདེ་བྱེད་པ། །བདེ་གཤེགས་གསུང་སྙན་བདུད་རྩི་ཆོས་ཀྱི་སྒྲ། །བདག་གིས་སྦྱིན་གྱིས་དད་ཅིང་གུས་པས་ཉོན། །ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་། །འགྲོ་བ་ཀུན་གྱི་སྒྲ་རྣམས་ཅི་ཙམ་པར། །ཐམས་ཅད་སྐད་དུ་ཆོས་འདི་འགྱུར་བར་ཤོག།

ད་འདི་ན་སྲིད་པ་ལན་གཅིག་མཐོང་བའི་ད་རེས་ཀྱི་དུས་སྐབས་འདིར་སྔོན་སྨོན་དུས་ལ་བབས་པའི་ལས་འཕྲོ་ཡི་སྟོབས་བདོ་བའམ། སྔར་བསགས་བསོད་ནམས་ཀྱི་འབྲས་བུ་དུས་སུ་སྨིན་པའི་དབང་གིས་སམ། ཐུགས་བསྐྱེད་གཅིག་ཏུ་མཐུན་པའི་སྨོན་ལམ་གྱི་མཐུ་གྲུབ་པའམ་གང་ལྟར་ཡང་། ལས་དང་སྨོན་ལམ་རྟགས་དང་རྟེན་འབྲེལ་གྱི་རྒྱུ་རྐྱེན་མང་པོ་ཞིག་མཉམ་དུ་འཚོགས་ནས། ཚོགས་པ་གཅིག་དང་ཚོམ་བུ་གཅིག་ཏུ་མ་བསྡུས་པར་རང་བཞིན་གྱིས་འདུས་པའི་མཆེད་ལྕམ་ལས་འཕྲོ་དང་ལྡན་པ་ཤ་སྟག་གནས་འདིར་མཉམ་དུ་འཛོམས་ཡོད་པར་མ་ཟད། དུས་འདིའི་གསང་ཆེན་སྔ་འགྱུར་བ་སྤྱི་དང་བྱེ་བྲག་གི་བསྟན་སྲོག་ཉག་ཕྲའི་བརྒྱུད་འཛིན་གྱི་བྱེད་པོ། བསྟན་འཛིན་གྱི་སྐྱེས་བུ། བསྟན་པའི་སྒྲོན་མེ། ད་ལྟའི་སྐབས་ལ་མཚན་གྱི་སྙན་གྲགས་ཆེ་ཆུང་ལ་མ་ལྟོས་པའི་དམ་པའི་སྐྱེས་བུ་མང་པོ་ཞིག་ཀྱང་མཉམ་དུ་འཛོམས་ནས་ཡོད་པ་ཡིན་ན། ད་རེས་གསང་ཆེན་སྙིང་པོའི་བསྟན་པའི་ཡང་རྩེ། ཨ་ཏི་རྫོགས་པ་ཆེན་པོའི་གཞི་ལམ་འབྲས་གསུམ་པོ་ལྟ་སྒོམ་སྤྱོད་འབྲས་ཀྱིས་གཏན་ལ་ཕབ་པའི་ཀློང་ཆེན་དགོངས་པའི་གསང་མཛོད། ཆོས་སྐུའི་རིང་བསྲེལ་གྱི་ཕུང་པོ། རྒྱལ་བ་རྡོ་རྗེ་འཆང་གི་ཞལ་ལུང་དྲི་མ་མེད་པ། དགོངས་བརྒྱུད་ཟབ་མོའི་གཏེར་ཆེན་ལས་དྲངས་པའི་རྒྱུད་དོན་སྙིང་པོའི་བསྟན་བཅོས་ཆེན་པོ། ཡོངས་རྫོགས་ཐུབ་པའི་བསྟན་པ་དེ་གངས་ཀྱི་རི་བོ་ཞིག་ཡིན་ན། དེའི་རྩེ་ན་འཇིགས་པ་མེད་པའི་ང་རོ་སྒྲོག་བཞིན་འགྱིངས་པའི་འཇིགས་བྲལ་གྱི་སེངྒེ་ལྟ་བུ། རྨད་བྱུང་རྒྱལ་བའི་བསྟན་པ་དེ་གླིང་བཞིའི་ཁྱོན་ཡངས་ལྟ་བུ་ཞིག་ཡིན་ན། དེ་གསལ་བར་བྱེད་པའི་མཁའ་ལམ་ཉི་ཟླའི་སྒྲོན་མེ། སྙན་གྲགས་མཁའ་ལྟར་ཁྱབ་པའི་བསྟན་བཅོས་ཆེན་པོ་རྒྱལ་བ་ཀློང་ཆེན་པ་སྐུ་དངོས་བཞུགས་པ་དང་རྣམ་དབྱེར་མ་མཆིས་པའི་སྐུའི་འདྲ་འབག གསུང་གི་ཞལ་གདམས། ཐུགས་ཀྱི་གསང་བ་ཟབ་མོ་ཡི་གེའི་ཟོལ་དུ་བྱོན་པའི་ཀློང་ཆེན་མཛོད་བདུན་གྱི་ཞལ་ཕྱེ་རྒྱུའི་སྐལ་བ་བཟང་པོ་མངོན་དུ་གྱུར་བ་འདི་ནི་དུས་བསྐལ་བ་མང་པོའི་ལེགས་བྱས་བསོད་ནམས་བྱེ་བའི་ཚོགས་བསགས་ཀྱི་རྒྱུ་ཡིས་བསྐྲུན་པ་ཡིན་པས་མ་ཚད་རྒྱལ་བ་གོང་མའི་ཐུགས་བསྐྱེད་དང་སྨོན་ལམ་དུས་ལ་བབས་པའི་རང་གཟུགས་མངོན་སུམ་ལ་བདོ་བ་གཟུགས་ཅན་མིག་གིས་བལྟར་ཡོད་པའི་མཐོང་ཆོས་སུ་གྲུབ་པ་ཡིན་པའི་སྤོབས་སེམས་ཡོད་པའི་ཐོག་ལ། ང་རང་ཉིད་ལ་མཚོན་ན་སོ་སྐྱེ་ཐ་མལ་བའི་ངང་ཚུལ་ལས་མ་འདས་པ་ཞིག་ཡིན་ཡང་རྟེན་འདིར་དད་དམ་ལྷག་བློ་དགེ་བའི་དམིགས་པ་དང་འདུན་པ་སྟོབས་སུ་གྱུར་ནས་བསྟན་པའི་སྐེད་ཉག་ཆེན་པོ་འདིའི་སྐབས་ཀྱི་བསྟན་རྒྱུན་སྔ་ཕྱིའི་གུང་སྦྲེལ་བྱེད་ཅིག་ཏུ་གྱུར་བ་འདི་ནི། ཕྱི་ལོ་གཅིག་སྟོང་དགུ་བརྒྱ་ལྔ་བཅུ་ང་བརྒྱད་ཀྱི་ལོ་མཇུག་ལ་བདག་གི་བླ་མ་བཀའ་དྲིན་ཅན་འཇིགས་མེད་ཡོན་ཏན་མགོན་པོ་དང་། རྫོགས་ཆེན་སྐུ་ཕྲེང་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ། མཁན་ཆེན་ཐུབ་བསྟན་སྙན་གྲགས། ཡོངས་འཛིན་དམ་པ་མཁན་ཆེན་པདྨ་ཚེ་དབང་ཚང་། ཁོང་རྣམ་པ་ཐམས་ཅད་ཀྱི་ཐུགས་བསྐྱེད་སྨོན་ལམ་གཅིག་ཏུ་མཐུན་པའི་དགོངས་པ་ང་ལ་གཏད་དེ། དུས་བསྐལ་ངན་གྱི་འཇིགས་པ་གཅིག་གིས་ཀྱང་མི་ཚུགས་པར་ངའི་ཚེ་སྲོག་ལ་མི་འགྱུར་གཡུང་དྲུང་གི་རྟེན་མཁར་ཞིག་བཙུགས་པ་དེ་ནི་ས་ར་རྡོ་མཁར་ཞིག་བསྐྱར་གསོ་བྱེད་པའི་ཆེད་ཙམ་དང་། བཤད་སྒྲུབ་ཀྱི་འདུས་སྡེ་ཞིག་བསྐྱར་གསོ་བྱས་ནས་མགོ་འདུ་རུག་རྒྱུ་རྐྱང་བ་ཞིག་གིས་མི་ཚད་པར། དམ་པའི་སྐྱེས་བུ་ཚོའི་ཕྱག་ལ་བསྟན་རྒྱུན་དྲི་མ་མེད་པ་འཕྲོད་ཆེད་དང་ནི་ཁྱད་པར་དུ་ཆིག་བརྒྱུད་མན་ངག་གི་བརྒྱུད་པ་འདི་ཚོ་ཕ་ནོར་བུ་སྐལ་དུ་འཕྲོད་པའི་ལས་སྐལ་ཡོད་པ་ལ་གཟིགས་པ་ཞིག་ཡིན་འདུག་སྙམ་པའི་ངེས་ཤེས་ལ་ར་འཕྲོད་མངོན་གསལ་དུ་བྱུང་ཞིང་། ངའི་ཁྲིད་རྒྱུན་ནི། ཐེག་མཆོག་མཛོད་ལས་གཞན་པའི་མཛོད་དྲུག་པོ་དེ། བླ་མ་འཇིགས་མེད་ཡོན་ཏན་མགོན་པོའི་མདུན་ནས་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་དང་ངེད་དཔོན་སྟོབས་གཉིས་ཀ་ཁོ་ན་ལ་སྐུ་མཚམས་ཀྱི་ཉིན་གུང་གི་བར་གསེང་འབའ་ཞིག་བསགས་ནས་ཐོབ་པ་དང་། ཐེག་མཆོག་མཛོད་དེ་མཁན་ཆེན་ཐུབ་བསྟན་སྙན་གྲགས་ཚང་གི་མདུན་ནས་མང་པོ་ཞིག་དང་ལྷན་དུ་ཐོབ་པ་ཡིན། ཨ་བུ་ལྷ་སྒང་ཚང་གི་སྐུ་མདུན་ནས་ངས་མཛོད་བདུན་དངོས་སུ་ཐོབ་མ་མྱོང་ཡང་ཁོང་སྐུ་དགོངས་པ་རྫོགས་རན་ཁར་འདའ་ཁའི་ཞལ་ཆེམས་ཉིད་ཀྱི་སྐུ་ཚ་དབང་ཕྱུག་ཚེ་རིང་ཟེར་བ་དང་ཉེ་གནས་རྨེ་བ་ཨོ་རྒྱན་གཉིས་ལ་བཞག་ནས། ཁོང་གི་སྐུ་ཚེ་གང་པོར་གཟིགས་མཛད་པའི་མཛོད་བདུན་གྱི་ཕྱག་དཔེ་དེ་ང་ལ་འཕྲོད་པར་གྱིས་ཤོག་གསུངས་པ་རེད། ལར་ང་དེ་དུས་ལོ་བཅུ་གཅིག་ཅན་གྱི་བྱིས་པ་ཞིག་ཡིན་ལ། རྫོགས་ཆེན་ཚང་གི་བླ་སྤྲུལ་མཁན་གསུམ་གྲ་མ་ཉམས་གྲུ་མ་ཞིག་པར་དར་ཞིང་རྒྱས་པའི་སྒང་སྟེ། ཅི་འདྲའི་བསྟན་འཛིན་གྱི་སྐྱེས་ཆེན་མང་པོ་དང་ནི་ཁོང་རང་གི་ཐུགས་སྲས་སློབ་ཆེན་མང་པོ་མེད་ཀྱང་། དེ་དག་ལ་མ་གནང་ནས་ང་ལ་གནང་བ་རེད། དེའི་དུས་སུ་ཚུལ་འདི་ལ་ཚང་མས་ཡ་མཚན་དུ་འཛིན་རྒྱུ་ཞིག་ཡིན་ཏེ། ང་དེ་དུས་སྐུ་ཟུར་དེར་ཡོད་ན་ཡང་གནང་སྲིད་རྒྱུ་རེད་ལ། འོན་ཀྱང་ང་དེ་དུས་རྫོགས་ཆེན་གྱི་ཕྱོགས་འདིར་མེད་པར། རྫོང་སར་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་མདུན་ན་ཆོས་ཞུས་ཏེ་བསྡད་ཡོད་དུས་ཤིག་ཡིན། དེས་ན་ངས་ཨ་བུ་ལྷ་སྒང་གི་མདུན་ནས་མཛོད་བདུན་དངོས་སུ་ཞུ་མ་མྱོང་ཡང་། ཐུགས་ཀྱི་དགོངས་པའི་བྱིན་བརྒྱུད་དེ་ང་ལ་གཏད་ནས་བྱུང་བསམ་པའི་ངེས་ཤེས་ང་རང་ཉིད་ལ་ཡོད་པ་ཞིག་རེད། རྒྱུན་པར་ཡིན་ན་དེ་འདྲ་དེ་བཤད་རྒྱུ་ཞིག་མ་རེད་ཀྱང་དེ་རིང་ཨ་བུ་ལྷ་སྒང་གིས་ང་ལ་མཛོད་བདུན་གྱི་ཕྱག་དཔེ་དེ་གནང་ནས་མི་ལོ་ལྔ་བཅུ་ང་ལྔ་སོང་བའི་མཚམས་འདི་ནས་ངས་ཁྱེད་རྣམ་པ་ལ་འདིའི་བརྒྱུད་པ་འདི་འཕྲོད་པའི་སྤྲོ་བ་འཕེལ་ཏེ། སེམས་དགའ་བའི་ཞོར་ལ་གསང་གཏམ་ཁོག་ལ་མ་ཆགས་ནས་བཤད་པ་ཡིན། དེས་ན་འདིའི་དོན་བརྒྱུད་ཀྱི་བྱིན་རླབས་དྲོད་མ་ཡལ་ནས་འཕོ་རུ་ཡོད་པ་ཁྱེད་རྣམ་པས་ཐུགས་ལ་ཞོག་དང་ཆོག ད་མི་མང་འདུས་པའི་སྔུན་ནས་དབང་ཆོས་ལུང་གསུམ་ཐེངས་མང་དང་། སྐབས་སྐབས་སུ་དཔེ་ཁྲིད་རེ་ཡང་བྱེད་མདོག་མདོག་མྱོང་ཡང་། གནས་འདི་ནས་རྫོགས་པ་ཆེན་པོའི་ཁྲིད་རྒྱུན་སྤེལ་ནས་ལོ་ཁ་ཤས་སོང་བ་དེ་དང་། ཁྱད་པར་དུ་དེ་རིང་འདི་ནས་ཀློང་ཆེན་མཛོད་བདུན་གྱི་འཆད་རྒྱུན་སྤེལ་བ་ནི། ཨ་བུ་ལྷ་སྒང་ཚང་གི་ཞལ་ཆེམས་ཀྱི་དགོས་དོན་ཐང་ལ་མ་ཤོར་ཞིང་འཕྲོ་བརླག་མ་རེད་པ་ལ། དེ་རིང་ཆོས་ཁྲིད་ཀྱི་དབུ་བཙུགས་པ་ཙམ་གྱིས་ང་རང་གི་མི་ཚེའི་ནང་གི་རེ་བ་དེ་ཡོངས་སུ་གང་སོང་བ་ཡིན། དེའི་དགའ་སྤྲོ་ཡིས་ལར་གཏམ་གང་ནས་བཤད་པ་ཡང་གོ་གི་མི་འདུག ད་གང་ལྟར་ཡིན་ཡང་བཤད་པར་བྱ་བའི་ཆོས་ཀློང་ཆེན་མཛོད་བདུན་འདི་ལྟ་བུ་ཞིག་ལ་མཚོན་ན། དཔལ་སྤྲུལ་ཚང་གི་མཛོད་བདུན་བལྟ་སྐུལ་ལས། སྲིད་པ་འདི་ན་ཡིད་བཞིན་ནོར་གཅིག་པུ། །ཀུན་མཁྱེན་བླ་མའི་གཞུང་ལུགས་རིན་པོ་ཆེ། །འདི་ལས་གཞན་ལ་སངས་རྒྱས་ཡོད་མིན་ན། །འདི་ལ་རབ་དགའ་མི་སྐྱེ་སུ་ཞིག་ཡོད། །ཅེས་དང་། གཞུང་བཟང་མཇལ་དུ་ཡོད་པ་སྐལ་བ་བཟང་། །ལམ་བཟང་བསྒྲུབ་ཏུ་ཡོད་པ་ཁ་རྗེ་ཆེ། །སངས་རྒྱས་རང་ལ་ཡོད་པ་ལོས་ཀྱང་བདེན། །དེ་སླད་རྒྱལ་བ་དགྱེས་པའི་ལམ་བཟང་འདིར། །སྙིང་གི་གྲོགས་ཁྱེད་བློ་དང་ཆོས་སུ་སྲེས། །ཞེས་རང་རེ་ཕྱི་རབས་ཀྱི་གདུལ་བྱ་རྣམས་ལ་གདམས་པ་གནང་ཡོད་པས། རྣམ་པ་ཐམས་ཅད་ཀྱིས་ཀྱང་ཐུགས་སྤྲོ་བཞིན་དགྱེས་བཞིན་དུ་རང་སྐལ་ལ་བབས་པའི་གདམས་ཟབ་བདུད་རྩིའི་རྒྱུན་བཟང་། བརྒྱུད་པ་གསེར་རིའི་ཕྲེང་ཐག་རིན་པོ་ཆེའི་བུམ་པ་བཟང་པོ་དང་འདྲ་བ་ཤ་སྟག་ལས་གང་བྱོ་མཛད་ཡོང་བ་ཞིག་ཡིན་ལ། ང་ལ་ཐུག་དུས་སྣོད་རྫ་བུམ་ཡིན་པས། གསེར་ནག་གི་ཕྲེང་རྒྱུན་ལ་སྔོ་ནེའི་འཕོངས་འཛར་བཏགས་པ་འདྲ་ཞིག་རེད་ཀྱང་། ད་སྣོད་རྫ་བུམ་ཡིན་མིན་ལ་མ་ལྟོས་པར་བཅུད་བཟང་པོ་ཀློང་ཆེན་དགོངས་པའི་གསང་མཛོད་ཀྱི་བྱིན་བརྒྱུད་རིན་ཐང་བྲལ་བ་དེ་ཉིད་བཞེས་པ་ནི། རྣམ་པ་ཐམས་ཅད་ཀྱི་སྐུ་ཚེའི་དུས་ཚོད་དང་བསྟུན་པའི་མཛད་ཕྲིན་ལས། གལ་ཆེའི་རྣམ་ཐར་གྱི་སྟོང་ཆ་གལ་ཆེན་ཞིག་བསབས་པ་ཡིན་པས། མཛད་ཆེན་རིན་བྲལ་གྱི་གྲས་སུ་འགྲོ་ངེས། དེས་ན་ཐུགས་ལྷོད་ལྷོད་དང་གུ་ཡངས་ཡངས་ཀྱིས་གསོན་མཛོད་ཅེས་ཞུས་པ་ཡིན། དེ་ནི་རང་གར་སྔོན་དུ་འགྲོ་བའི་གཏམ་ཐོལ་བྱུང་ཞོར་དུ་གླེང་བ་རེད། ད་དགོས་དོན་སྐབས་སུ་བབས་པ་ནི་དེ་སྔོན་རང་རེས་ལོ་དུ་མའི་རིང་ལ་ཁྲིད་ཡིག་ཡེ་ཤེས་བླ་མའི་ཐོག་ནས་ཀློང་ཆེན་སྙིང་ཐིག་གི་ཁྲིད་གཞུང་ཉམས་སུ་ལེན་པའི་ཕྱག་བཞེས་བསྐྱངས་ཡོད་ལ། དེ་ནི་གཞི་ཀ་དག་གིས་བསྲངས་ན་ལམ་ཁྲེགས་ཆོད་ཀྱིས་སྐྱོང་བ་དང་། གཞི་ལྷུན་གྲུབ་ཀྱིས་བཟུང་ན་འབྲས་བུ་ཐོད་རྒལ་དུ་སྨིན་པའི་ཀ་དག་ལྷུན་གྲུབ་ཟུང་དུ་འབྲེལ་ནས། སྐུ་གསུམ་ལམ་སྣང་དུ་བྱེད་པའི་རྩོལ་མེད་ཆོས་སྐུའི་བསྟན་པ་ཡེ་ཇི་བཞིན་པའི་དགོངས་དབྱིངས་སུ་མཉམ་པར་བཞག་པའི་རྒྱུན་སྐྱོང་བ་ཡིན་པས། དེའི་གནད་ངེས་པའི་ཚད་དུ་འཁྱོལ་བར་རྒྱུད་ལུང་མན་ངག་གསུམ་ཁ་ཚང་བའི་རྒྱབ་རྟེན་གྱི་ཚུལ་དུ་ཀློང་ཆེན་མཛོད་བདུན་གྱི་ནང་ནས་གཞི་དང་འཁྲུལ་ཚུལ་ཁྱབ་ཚུལ་ལ་སོགས་པ་རྡོ་རྗེའི་གནས་བཅུ་གཅིག་གིས་གཞི་ལམ་འབྲས་བུའི་གནད་ཐམས་ཅད་གཏན་ལ་ཕབ་སྟེ། སྐལ་ལྡན་ཚེ་གཅིག་གིས་གྲོལ་བ་ཐོབ་པའི་ཉམས་ལེན་གྱི་བོགས་སྐྱེད་དང་། བྱིན་རླབས་ཀྱི་ཕ་ཕོག་ཐོབ་པའི་ཆེད་དུ་ཚིག་དོན་རིན་པོ་ཆེའི་མཛོད་འདི་ཉིད་ཐོག་མར་བཤད་པ་ཡིན། །དེ་ལ་ཐོག་མར་གཞུང་འདིའི་མཛད་པ་པོ་རྒྱལ་བ་ཀློང་ཆེན་རབ་འབྱམས་བཟང་པོའི་རྣམ་ཐར་རགས་བསྡུས་ཤིག་རྟེན་འབྲེལ་ཁྱད་པར་ཅན་གྱི་དགོས་དབང་གིས་བཤད་ན། དེ་ཡང་ཀུན་མཁྱེན་ཆེན་པོ་འཁྲུངས་ས་དེ་དབུས་གཙང་གཉིས་ཀྱི་ནང་གི་དབུས་གཡོན་རུའི་ས་ཆ་རུ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་དང་། ངན་ལམ་རྒྱལ་བ་མཆོག་དབྱངས་གཉིས་དང་རིགས་རུས་གཅིག་པའི་ཆོ་འབྲང་ལ་འཁྲུངས་པ་སྟེ། ཡབ་ནི་རིགས་རུས་ཁྱད་པར་ཅན་ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱི་གདུང་རུས་ཟམ་མ་ཆད་པའི་མི་རབས་ཉི་ཤུ་རྩ་ལྔ་སོང་བ་ན་ཨ་མེས་ལྷ་སྲུང་ཞེས་པ་བདུད་རྩི་སྨན་གྱི་གྲུབ་པ་ཐོབ་ནས་དགུང་ལོ་བརྒྱ་དང་ལྔ་བཅུ་ལ་བཞུགས་པ་རིག་པའི་གནས་ཀུན་དང་སྔགས་རྒྱུད་རྒྱ་མཚོར་ནང་བྱན་ཚུད་པའི་གསང་སྔགས་ཀྱི་རྣལ་འབྱོར་པ་དེ་དང་། ཡུམ་ཡང་ཆོ་འབྲང་ཕུན་སུམ་ཚོགས་པ་བཀའ་གདམས་བསྟན་པའི་བདག་པོ་འབྲོམ་སྟོན་པ་དང་རིགས་གཅིག་པའི་འབྲོམ་བཟའ་བསོད་ནམས་རྒྱན་ཞེས་པ་གཉིས་ཀྱི་སྲས་སུ་སྐུ་བལྟམས། ལྷུམས་སུ་ཞུགས་པའི་དུས་སུ་ཡུམ་གྱི་གཟིམས་ལམ་དུ་སེངྒེ་ཆེན་པོ་ཞིག་རྨིས་ནས་དེའི་དཔྲལ་བ་ནས་ཉི་མ་གཉིས་དུས་གཅིག་ལ་ཤར་ཡོད་པ་འོད་ཁྱིལ་ཁྱིལ་ལུས་ལ་ཐིམ་སོང་བ་ཞིག་རྨིས་པ་དང་། འཁྲུངས་པའི་དུས་ཚོད་ནི་ཀུན་མཁྱེན་འཇིགས་གླིང་གིས་རབ་གནས་ཕུར་བུའི་དབོ་ཟླའི་ཡར་ངོའི་ཚེས་བཅུ་ལ་གསུངས་པ་ལྟར་ཡིན་ངེས་སྙམ། གཞན་ཡང་རབ་གནས་ཕུར་བུ་ས་སྤྲེལ་ལོའི་དབོ་ཟླ་བའི་ཡར་ངོའི་ཚེས་བཅུ་གསུམ་དང་། ཚེས་བརྒྱད་ལ་གསུངས་པའང་ཡོད། སྤྱིར་བསྐལ་ལི་ལ་བལྟས་ན་ཤེས་ཏེ་ཟླ་བ་གཉིས་པའི་སྐར་མ་རྒྱལ་ལ་འཁྲུངས་པ་ལོ་རྒྱུས་གཞན་ན་གསལ་བའི་ཕྱིར། ཀུན་མཁྱེན་ཆེན་པོ་ཐོག་མར་སྐུ་འཁྲུངས་པའི་སྐབས་དེར་བུད་མེད་ནག་མོ་རལ་གྲི་ཐོགས་པ་ཞིག་ཡོང་ནས་འདི་ངས་བསྲུང་དགོས་ཞེས་ཕྱག་ཏུ་བླངས་རྗེས་སླར་ཡུམ་ལ་གཏད་ནས་མི་སྣང་བར་གྱུར། དེ་ནི་ཀུན་མཁྱེན་འཇིགས་གླིང་གིས་ངག་བསྟོད་ལས། དེ་ཚེ་འདོད་ཁམས་དབང་མོ་ནམ་གྲུ་མས། །ཕྱག་གིས་བླངས་ཤིང་འཕྲལ་རྐྱེན་མི་བསྲུན་བཅོམ། །གསུངས་པ་དེ་ཡིན། དུས་ཤིག་ན་མ་ཡུམ་གྱིས་ཞིང་གི་མུ་ཞིག་ལ་བསྙལ་ནས། མོ་རང་བྱ་བ་གཞན་ཞིག་ལ་བྲེལ་ནས་ཡོད་དུས། གློ་བུར་དུ་སེར་དྲག་བྱུང་བས། ཡུམ་གྱིས་དང་པོར་བརྗེད་དེ་ཚབ་ཚུབ་ངང་ཁྱིམ་དུ་རྒྱུག་སྟེ་ཁྱིམ་ལ་ཐོན་ཚེ་བུ་ཆུང་ཞིང་ཁར་ཡོད་པ་གཟོད་དྲན་ཏེ། ཕྱིར་ཞིང་ཁར་རྒྱུག་ནས་བལྟས་དུས་གནས་དེར་བུ་ཆུང་མེད་པར་མཐོང་བས་འཇིགས་སྐྲག་སྡུག་བསྔལ་གྱིས་གཟིར་བཞིན་ཕྱིར་ལོག་ཚེ་སྔར་གྱི་བུད་མེད་ནག་མོ་དེས་བུ་ཆུང་མཛོད་ཁང་སྦུག་ནས་མར་ཁྱེར་ཡོང་ནས། སྤྲུལ་བའི་སྐུ་ལ་འདི་ལྟ་བུའི་བརྙས་བཅོས་བྱེད་པ་ལ་ཟེར་ནས་ཕྱག་གི་རལ་གྲིས་བརྡེག་ལ་ཁད་པ་ཞིག་བྱས་ནས་མི་སྣང་བར་གྱུར། ཆོས་སྐྱོང་བཀའ་སྲུང་གི་བཀའ་ཆད་ཟེར་རྒྱུ་དེ་རིག་རིག་བལྟས་བལྟས་སུ་ཕོག་པ་ཡིན་པས་བརྡེག་པར་གཟས་པ་ཙམ་དུ་མ་ཟད་དངོས་སུ་བརྡེག་པ་ཡང་ཡིན་ཏེ། ངེད་ཚོའི་ལུས་ཐོག་ལ་ཡོང་ཚར་བ་ཡིན། བསྟན་དོན་གྱི་བྱ་བ་ཆེན་པོའི་བསྣོལ་མཚམས་ཀྱི་ཇུས་ཆེན་པོ་ནོར་བ་ལ་ཕྱོགས་ཚེ་བརྡེག་མི་བརྡེག་མེད་དེ། དགེ་རྒན་བཙན་པོ་ཞིག་གིས་བསྲུངས་ནས་བསྡད་ཡོད་པ་དང་འདྲ་བ་ཞིག་ཡིན་པས། ཆད་པ་ཆེན་པོ་གཅོད་དགོས་དུས་ཤི་མི་ཤི་ལ་གཏུགས་པ་ཡིན། ཡིན་ཡང་མཐུན་རྐྱེན་བསྒྲུབ་དགོས་པའི་སྐབས་སུའང་གལ་ཆེ་ས་ནས་སྲོག་གི་སྣེ་ལ་འཛིན་པ་རེད། ཀློང་ཆེན་པ་དེ་ལྟར་འཁྲུངས་ནས་བཟུང་སྟེ་མཛད་པ་མཐར་མ་ཕྱིན་བར་དུ་ནམ་གྲུ་རེ་མ་ཏིས་གཟུགས་ཐ་དད་གཅིག་ཏུ་མ་ངེས་པ་སྣ་ཚོགས་པའི་སྒོ་ནས་འབྲལ་མེད་དུ་འགྲོགས་ཏེ་ཞབས་ཏོག་བྱས་པའོ། །ཀློང་ཆེན་པ་ནི་སྐུ་ཆུང་ངུའི་དུས་ནས་ཀྱང་སྙིང་རྗེ་དང་བློ་གྲོས་གཞན་བས་ཆེ་བ། དམ་པའི་མཚན་རྟགས་མངའ་བའི་གཞན་དང་མི་འདྲ་བ་ཞིག་ཡིན་ལ། དགུང་ལོ་ལྔ་ནས་འབྲི་ཀློག་ཐམས་ཅད་མཁྱེན་ཅིང་། དགུང་ལོ་བདུན་གྱི་ཐོག་ནས་ཡབ་ཀྱི་མདུན་ནས་རྟ་ཕུར་དང་གུ་རུའི་སྒྲུབ་ཕྲིན་སྨན་རྩིས་ལ་སོགས་པ་ཞུས་ནས་གཟིགས་པ་ཙམ་གྱིས་མཁྱེན་པ་དང་། དགུང་ལོ་དགུ་ཙམ་ཞིག་གི་ཐོག་ནས་གྲྭ་ཕྱི་ཚོང་འདུས་ཟེར་སའི་ས་ཆ་ནས་བརྒྱད་སྟོང་པ་དང་ཉི་ཁྲི་གཉིས་བརྒྱ་ཚར་རེ་གསུངས་ཚེ་ཐུགས་སུ་ཆུད་པ་དང་། དགུང་ལོ་བཅུ་གཉིས་ཐོག་བསམ་ཡས་སུ་རབ་ཏུ་བྱུང་ནས། མཚན་ལ་ཚུལ་ཁྲིམས་བློ་གྲོས་སུ་གསོལ་བས། བསམ་ཡས་པ་ཚུལ་ཁྲིམས་བློ་གྲོས་ཞེས་སུ་གྲགས་པ་ཡིན། འདུལ་བ་ལ་བསླབ་མཛད་དུས་ལོ་དེའི་ནང་དུ་གྲྭ་སྐོར་དང་བཤད་པ་མཛད། དགུང་ལོ་བཅུ་དྲུག་ཐོག་རིས་མེད་ཀྱི་བཤེས་གཉེན་མང་པོ་བསྟེན་ནས། ལམ་འབྲས་ཆོས་དྲུག་བདེ་མཆོག་དུས་འཁོར་ལ་སོགས་གསར་ཕྱོགས་ཀྱི་རྒྱུད་མང་པོ་དང་། ཡང་ཞི་བྱེད་ཕྱོགས་ཀྱི་དམ་པ་དང་མ་གཅིག་གི་ཞི་བྱེད་སྔ་ཕྱི་བར་གསུམ་སོགས་གསན། དགུང་ལོ་བཅུ་དགུ་པར་གསང་ཕུ་ནེའུ་ཐོག་ལ་བྱོན་ནས་བླ་བྲང་བ་ཆོས་དཔལ་རྒྱལ་མཚན་སོགས་ཀྱི་མདུན་ནས་བྱམས་ཆོས་སྡེ་ལྔ་དང་ཚད་མ་རྣམ་འགྲེལ་སོགས་གསན་ནས། ཤེས་བྱ་རབ་གཟིགས་མཁས་པའི་ཕ་མཐའ་རུ་ཕྱིན། དེའི་ཞོར་གྱི་སྐབས་གང་འཚམས་ལ་མི་གཡོ་བ་དང་དབྱངས་ཅན་མ་ལ་སོགས་ཡི་དམ་གྱི་ལྷ་མང་པོ་བསྒྲུབས་ནས། ལྷ་དེ་རྣམས་ཀྱི་ཞལ་གཟིགས་པ་དང་། ཁྱད་པར་དུ་ལྷ་མོ་དབྱངས་ཅན་མའི་ཕྱག་མཐིལ་དུ་བཞག་ནས་གླིང་བཞི་རི་རབ་དང་བཅས་པར་ཞག་མ་བདུན་དུ་གཟིགས་པ་སོགས་ཀྱི་ལོ་རྒྱུས་ཡོད་ཅིང་། དེའི་སྐབས་ཤིག་ནས་མགྲིན་པ་ལོངས་སྤྱོད་འཁོར་ལོའི་རྩ་ཁ་བྱེ་ནས་བློ་གྲོས་ཀྱི་མཁྱེན་རབ་ཕྱོགས་མེད་དུ་རྒྱས་ཏེ། གསང་ཕུ་སོགས་རིགས་ལམ་གྱི་གྲྭ་ས་ཐམས་ཅད་ལ། བསམ་ཡས་ལུང་མང་བ་ཞེས་པའི་མཚན་གྱི་སྙན་པས་ཁྱབ་ཅིང་། དེའི་ཐོག་ལ་རིས་སུ་མ་ཆད་པའི་དགེ་བའི་བཤེས་གཉེན་མང་པོར་བསྟེན་ནས། མདོ་སྔགས་རྒྱུད་སྡེ་རབ་འབྱམས་ཀྱི་དབང་ལུང་ཁྲིད་རྒྱུན་དང་བཅས་པ་མང་པོ་གསན། དེའི་མཚམས་བར་སྐབས་ཤིག་གསང་ཕུ་ན་ཡོད་པའི་ཁམས་པའི་གྲྭ་རྒྱུན་པ་སྐོར་ཞིག་གིས་བཞུགས་སུ་མ་བཅུག་པས། གསང་ཕུ་ནས་བྱོན་དགོས་ཐུག་ཅིང་། དེ་དུས་རྩོམ་པའི་རྐྱེན་ལ་ཁམས་འདུས་པ་ཀ་ཁ་སུམ་ཅུ་སོགས་ལམ་ཞོར་དུ་རྩོམ་པ་ལས། ཀ་ལིང་ཡུལ་དུ་སྲིན་པོ་རྒྱུ་བ་བཞིན། །ཁ་བ་ཅན་དུ་ཆོམ་རྐུན་ཁམས་པའི་རིགས། །ག་རུ་གནས་ཀྱང་གྲོང་རྡལ་འཇོམས་བྱེད་པའི། །ང་རྒྱལ་ཆགས་སྡང་རྒྱུ་བ་གཟིགས་ལགས་སམ། །ཞེས་དང་། ཡི་གེ་སུམ་ཅུའི་ཚིགས་སུ་བཅད་པ་འདི། །གནས་ནས་ཕུད་ཚེ་ལམ་ཀའི་བཞི་མདོར་སྦྱར། །ཞེས་པ་ཞིག་སྦྱར་ནས་བྱོན་དགོས་ཐུག་པ་ཡིན། ཁམས་པའི་མི་དེ་དུས་ནས་ཀྱང་སྤྱོད་ལམ་ཤིན་ཏུ་རྩུབ་པ་ཞིག་ཡིན་པར་འདུག ཀུན་མཁྱེན་འཇིགས་གླིང་གིས་ཀྱང་། འཇིགས་མེད་གོ་ཆའམ་འཇིགས་མེད་ངོ་མཚར་ལ་གསུངས་པ་ཞིག་གི་ནང་དུ། རང་བཞིན་ངང་རྒྱུད་བཟང་བའི་དགེ་རྩེ་བ། །ཚེར་མའི་ཁྲོད་ནས་སྨྱུག་སར་ལྡུམ་བུ་བཞིན། །ཁམས་པའི་དབུས་ན་འཇམ་ཞིང་དེས་པ་དེ། །ཚེ་སྔོན་ལེགས་སྨོན་ཚང་བ་ཡིན་ལས་ཆེ། །ལ་ཆུའི་འཕྲང་ལ་དཀའ་བ་སྤྱད་པ་ཡི། །བྱས་ཡུས་བླ་མའི་དྲུང་དུ་སྤུང་བྱེད་པ། །ཁྱེད་མིན་ཨ་ཁུ་ཁམས་པའི་སྲོལ་ལགས་ཀྱང་། །མོས་གུས་དཀར་པོ་ཆིག་ཐུབ་ཡོད་ལས་ཆེ། །གསུངས་པ་སྟེ་ཁྱེད་ནི་ཨ་ཁུ་ཁམས་པ་ཟེར་རྒྱུ་དང་གཏམ་རྒྱུ་ཆེ་ཞིང་སྡུག་ཡུས་ཚང་མ་བླ་མའི་མདུན་ནས་བགྲང་བཞིན་ཡོད་པའི་ཚེར་མ་འདྲ་འདྲའི་ཐུག་པ་ཙམ་གྱིས་ཕུག་ཡོང་བ་རྣམས་དང་མི་འདྲ་བ་སྨྱུག་གསར་གྱི་ལྡུམ་བུ་འཇམ་པོ་དང་འདྲ་བ་ཞིག་རེད་པས། ཁྱེད་ཁམས་པ་གཅིག་དང་མི་འདྲ་བ་མཚར་བ་ལ་ཨང་གསུངས། ཀུན་མཁྱེན་ཀློང་ཆེན་པ་གསང་ཕུ་ནེའུ་ཐང་ལ་བཞུགས་ཡོད་དུས་དེར་ཁམས་པས་འོ་བརྒྱལ་གཏད་ཀྱང་རྐྱེན་ངན་གྲོགས་སུ་གྱུར་ནས། རིག་འཛིན་བླ་མ་ཀུ་མཱ་ར་ཛ་དང་མཇལ་ཏེ་ཀློང་ཆེན་ནམ་མཁའི་རྣལ་འབྱོར་བ་མ་འོངས་སངས་རྒྱས་རི་རབ་མར་མེ་རྒྱལ་མཚན་དུ་སངས་རྒྱ་བ་ཡིན་ཞེས་པའི་ལུང་བསྟན་ཐོབ་པ་ཡིན། དེ་ལྟར་གསང་ཕུ་ནེའུ་ཐང་ནས་ཕེབས་ཏེ་ལྕོག་ལ་བྲག་ལ་བཞུགས་དུས་རྗེ་བཙུན་སྒྲོལ་མས་ཞལ་གཟིགས་ལུང་བསྟན་གནང་། དེ་རྗེས་ཡར་སྟོད་སྐྱམ་གྱི་ཕུར་ཕེབས་ནས་རིག་འཛིན་བླ་མ་ཀུ་མཱ་ར་ཛ་དང་མཇལ། མཇལ་བ་ཙམ་གྱིས་བླ་མའི་ཞལ་ནས། མདང་དགོང་བདག་གི་རྨི་ལམ་ཡ་མཚན་ཅན་ཞིག་རྨིས་ཏེ། བདག་གི་ལྷ་བྱ་རེད་ཟེར་བའི་བྱ་ཡ་མཚན་ཅན་ཞིག་ལ་བྱ་ཕྲན་སྟོང་གིས་བསྐོར་ནས་འཕུར་ཡོང་སྟེ་ངའི་དཔེ་ཆ་ཚང་མ་ཕྱོགས་མང་པོ་ཞིག་ལ་ཁྱེར་བ་རྨིས་པ་དེ་ཁྱེད་ལ་བལྟས་པས་ངའི་ཆོས་བརྒྱུད་འདི་ཁྱེད་ཀྱིས་འཛིན་པ་ཡིན་གསུངས་ནས། ཐུགས་དགྱེས་ཚོར་ཆེན་པོ་མཛད། འདི་དུས་ཀློང་ཆེན་པ་དགུང་ལོ་ཉི་ཤུ་རྩ་བདུན་རྩ་བརྒྱད་ཀྱི་སྐོར་ཡིན་ཞིང་། དེ་ནས་ཆོས་ཕྱོགས་ལ་དཀའ་བ་སྤྱད་ནས་སྒྲུབ་པ་མཛད་པའི་གནས་སྐབས་ན། འོ་བརྒྱལ་ཆེན་པོ་གཟིགས་རབས་ཡོད་དེ། ཕྱེ་བྲེ་གསུམ་དང་དངུལ་ཆུ་རིལ་བུ་ཉི་ཤུ་རྩ་གཅིག་གིས་ཟླ་བ་གཉིས་ཀྱི་གསོལ་བ་མཛད་ནས། ཁ་བ་བབས་ཚེ་སྒྱེ་ཞིག་གི་ནང་དུ་འཛུལ་ནས། གོས་གདན་གཉིས་ཀའི་གོ་སྒྱེ་ཐེད་ཅིག་གིས་བཅད་ཚུལ་གསུངས་པ་དང་། སྔགས་ཀྱི་རྒྱུད་སྡེ་སྤྱི་དང་ཁྱད་པར་དུ་རྫོགས་ཆེན་ཕྱི་ནང་གསང་གསུམ་གྱི་སྐོར་དང་། གསང་བ་བླ་མེད་ཀྱི་དབང་བཞི། ཟབ་པ་པོད་བཞི་པོད་ཕྲན་དང་བཅས་པ་མ་ལུས་པ་དང་། རྒྱུད་བཅུ་བདུན་ཊཱིཀྐ་དང་བཅས་པ་མན་ངག་བརྒྱ་དང་བཅུ་བདུན། བཀའ་སྲུང་མ་གཟའ་རྡོར་གསུམ་གྱི་ཕྱི་ནང་གསང་བའི་སྒྲུབ་ཐབས་ལེ་ཚན་དང་བཅས་པ། མདོར་ན་བསྟན་པའི་བཀའ་བབས་ཀྱི་རྗེས་གནང་ཆ་ཚང་མཛད་ཅིང་། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དེ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་ཏེ་ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་ཆོས་ཀྱི་ཁྲི་འཕང་མཐོན་པོ་དོན་གྱི་ཐོག་ནས་བདག་གིར་མཛད་པ་དང་། བསམ་ཡས་མཆིམས་ཕུར་ལོ་བདུན་བར་དུ་སྒྲུབ་པ་མཛད་ནས་བཞུགས་པའི་སྐབས་སུ་ཡི་དམ་མང་པོའི་ཞལ་གཟིགས། རྡོ་རྗེ་གཡུ་སྒྲོན་མས་བཀའ་སྡོད་དུ་ཁས་བླངས། གུ་རུ་རིན་པོ་ཆེ་ཡབ་ཡུམ་གྱིས་ཀྱང་དེ་དུས་ཞལ་གཟིགས། མཁའ་འགྲོ་སྙིང་ཐིག་གི་རྗེས་གནང་མཛད་དུས་གུ་རུ་རིན་པོ་ཆེས་མཚན་ལ་དྲི་མེད་འོད་ཟེར་དུ་གསོལ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་མཚན་དུ་རྡོ་རྗེ་གཟི་བརྗིད་གསོལ། ཨ་ཏི་བཀོད་པ་ཆེན་པོའི་རྒྱུད་ཀྱི་ནང་ནས། དེ་འོག་བློ་གྲོས་མཆོག་གིས་འཛིན། །ཞེས་གསུངས་པ་དང་སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ཀྱི་ནང་དུ་ཡང་དེ་བཞིན་དུ་ཚིག་གཅིག་དབྱངས་གཅིག་གིས་གསུངས་པ་ནི་ཀུན་མཁྱེན་ཆེན་པོ་འདིའི་འབྱུང་འགྱུར་གྱི་ལུང་བསྟན་ཡིན། བཀའ་ཆེམས་ལས་ཀྱང་། བློ་གྲོས་མིང་ཅན་ཐོགས་མེད་བྱ་བཞིན་རྒྱུ། །གསུངས་པ་སོགས་ད་དུང་དེ་དང་འདྲ་བའི་ལུང་མང་པོས་ཟིན་པའི་སྐྱེས་ཆེན་དམ་པ་ཡིན། དེ་ནས་གངས་རི་ཐོད་དཀར་ལ་བྱོན་ནས་ལོ་གསུམ་ལ་སྙིང་པོའི་སྒྲུབ་པ་མཛད་དུས་དེའི་སྐབས་སུ་བི་མ་ལའི་ཞལ་གཟིགས་པ་དང་། སྔགས་བདག་གཟའ་དང་དམ་ཅན་བྲན་དུ་བཀོལ་ནས་མི་དང་མི་ལབ་པ་ལྟར་གྱུར། ཐེག་མཆོག་མཛོད་ཀྱིས་དབུ་བརྩམས་ནས་མཛོད་ཆེན་བདུན་པོ་རིམ་པ་བཞིན་ལྗགས་རྩོམ་མཛད་ཚེ། སྣག་ཤོག་གི་ལས་ཀ་ཚང་མ་མ་གཟའ་དམ་ཅན་རྣམས་ཀྱིས་བསྒྲུབས་ཤིང་། དེའི་དུས་སྐོར་ཞིག་ལ་དབུ་རུ་ཞྭ་ཡི་ལྷ་ཁང་རྫུ་འཕྲུལ་གྱིས་ཤིག་གསོ་མཛད་པ་སོགས་རྫུ་འཕྲུལ་མང་པོ་མཐོང་ཆོས་སུ་བསྟན། རྫས་གཏེར་དང་ཆོས་གཏེར་མང་པོ་ཡང་གཏེར་ནས་བཞེས། དུས་འདི་ནས་མཛད་འཕྲིན་ཕྱོགས་མེད་དུ་རྒྱས། དད་རྫས་རྣམས་ཆུད་དུ་མ་གསོན་ནས་ཟང་ཟིང་གི་མཆོད་སྦྱིན་མཛད་པ་དང་ནི་། ཆོས་ཀྱི་ཕྱོགས་ནས་ཀྱང་སེམས་ཅན་སོ་སོའི་རྒྱུད་ལ་ཕན་ཐོགས་པའི་ཆོས་སྦྱིན་མཛད། ངལ་གསོ་སྐོར་གསུམ། ཤིང་རྟ་རྣམ་གསུམ། ཡང་ཏིག་རྣམ་བཞི་ལ་སོགས་པའི་མན་ངག་གི་ཆོས་བཀའ་ཌཱཀྐིའི་ཞལ་རླངས་ཐོ་ལེ་བ་འདི་ཚོ་ཕྱི་རབས་གདུལ་བྱའི་ཆོས་སྐལ་དུ་བཞག་ནས། གཞན་དོན་ནུས་པའི་སློབ་མ་ཐམས་ཅད་ལ་ཁྱེད་ཅག་གིས་རང་འདོད་ཀྱི་འཁྲིས་མེད་པར་དབང་བསྐུར་རྒྱུད་ཤོད་མན་ངག་ཐོན། འཇིག་རྟེན་དོན་དུ་མ་གཉེར་བར་དམ་པའི་ཆོས་ཉམས་སུ་ལོངས། ཁྲེགས་ཆོད་དང་ཐོད་རྒལ་གྱི་དོན་ལ་མཉམ་པར་ཞོག མ་གོ་བར་དོགས་པ་སེལ་དགོས་ས་ཡོད་ན་ཡང་ཏིག་ཡིད་བཞིན་ནོར་བུ་ལ་ལྟོས་དང་འདི་ནོར་བུ་བསམ་འཕེལ་དང་འདྲ་བས་གེགས་དང་གོལ་ས་ཚང་མ་འདི་ནས་ཆོད་པ་ཡིན། གེགས་དང་གོལ་ས་ཚང་མ་འདིའི་ནང་ནས་ཆོད་དུས་འཁོར་བ་ཟད་ས་ལ་བསྐྱལ་ནས་མྱང་འདས་ཀྱི་ས་ལ་ཕྱིན་པ་ཡིན། ཞེས་གསུངས། མདོར་ན་ཟད་མི་ཤེས་པའི་ཆོས་གཏེར་བཀའ་གཙིགས་བཀའ་ཆེམས་ཀྱི་ཚུལ་དུ་ད་ལྟའི་སྐབས་སུ་མཇལ་རྒྱུ་ཡོད་པ་འདི་རྣམས་དང་། ད་རུང་དཔེ་རྒྱུན་ད་ལྟ་མ་བཞུགས་པ་མང་པོ་ཡོད་པར་གྲགས་པ་དང་། མདོར་ན་སྐུ་མལ་གསུང་ཚབ་ཏུ་གསུང་ཆོས་སྐུའི་རིང་བསྲེལ་གྱི་ཕུང་པོ་འདི་དག་བཞག་ནས། ཆུ་མོ་ཡོས་ཀྱི་ལོ་དགུང་ལོ་ལྔ་བཅུ་རྩ་དྲུག་བཞེས་དུས་རྒྱལ་ཟླ་བའི་ཚེས་བཅོ་བརྒྱད་ཉིན་མཉམ་བཞག་ཆོས་སྐུའི་བཞུགས་སྟངས་ཀྱིས་གདོད་མའི་ནང་དབྱིངས་སུ་གཟུགས་སྐུའི་བཀོད་པ་བསྡུས་སོ། །ཀུན་མཁྱེན་ཀློང་ཆེན་པ་དགོངས་པ་ཆོས་དབྱིངས་སུ་གཤེགས་དུས་ནམ་མཁར་འཇའ་འོད་ཀྱི་གུར་ཕུབ། ས་གཞིར་མེ་ཏོག་གི་གཅལ་བཀྲམ། ས་ཆེན་པོ་འགུལ་རབ་ཏུ་འགུལ། གཡོས་རབ་ཏུ་གཡོས། འུར་ཆུམ་གྱི་སྒྲ་ལན་བདུན་དུ་གྲགས་ཤིང་། གྲོལ་རྟགས་སུ་ཐུགས་ལྗགས་སྤྱན་གསུམ་འཕར་བ་དང་། རིགས་ལྔའི་གདུང་རྟགས་སུ་གདུང་རིགས་ལྔ་དང་རིང་བསྲེལ་ཕྲ་མོ་མང་པོ་འཕེལ་གདུང་ལ་བྱོན་པ་ལ་སོགས་པ་མདོར་ན་ཞིང་ཁམས་རབ་འབྱམས་ལ་གསང་གསུམ་སྒྱུ་འཕྲུལ་གྱི་བཀོད་པ་མཛད་པའི་རྣམ་ཐར་རྒྱལ་བའི་ལྗགས་ཀྱིས་བཤད་མི་ནུས་པ་ཡིན་ན། སོ་སྐྱེ་ཕལ་བའི་ངག་ནས་དེ་བས་ཀྱང་ཅི་ཞིག་ཤོད། འོན་ཀྱང་ཐུན་མོང་གི་སྣང་ངོར་ཞིང་འདིར་བྱོན་ནས་གདུལ་བྱ་སྐྱོང་ཚུལ་རགས་རིམ་ངག་འགྲོས་ནས་དེ་ལྟར་ཞུས་པ་ཡིན། གསུང་རབ་བཀའ་དང་བསྟན་བཅོས་མདོ་སྔགས་རིག་གནས་དང་བཅས་པའི་དགོངས་འགྲེལ་དེང་སང་མཇལ་དུ་ཡོད་པའི་ཆོས་ཚན་ཉིས་བརྒྱ་ལྔ་བཅུ་ཡན་ཆད་ཡོད་ལ། ཀུན་མཁྱེན་འཇིགས་གླིང་གིས། གང་གིས་རྒྱན་དྲུག་མཆོག་གཉིས་ཞུམ་ནུས་པའི། །ལྔ་རིག་གཙུག་ལག་སྨྲ་ལ་མཚར་དུ་ཅི། །གདོད་མའི་མགོན་པོ་ཁྱད་ཆོས་དྲུག་ལྡན་གྱི། །དགོངས་པའི་ཀློང་དུ་བཙན་ས་ཟིན་མིན་ནམ། །ཞེས་དང་། ཀྱེ་ཧོ་བརྟན་གཡོའི་ཆོས་ཁམས་རྒྱ་མཚོའི་རྡུལ། །ཀུན་མཁྱེན་ཁྱོད་ཀྱི་ཀློང་ཆེན་མེ་ལོང་ངོགས། །མི་འཆར་ཤེས་བྱའི་སྣང་བརྙན་འདི་ཀོ་ཞེས། །སྟོབས་བཅུའི་མངའ་བདག་དེས་ཀྱང་བསྟན་དུ་མེད། །ཅེས་གསུངས་ནས་བསྟོད་བསྔགས་མཛད་པ་ལྟར་རྒྱལ་བའི་དབང་པོ་རྒྱལ་བ་གཉིས་པ་ཀློང་ཆེན་པ་འདི་ཉིད་ཀྱི་བསྟན་བཅོས་གོང་དུ་ཞུས་པའི་ཆོས་ཚན་དེ་ལྟ་བུ་བཞུགས་པ་ལས་ད་ལྟ་གང་ཞིག་བཤད་པར་བྱ་བ་མཛོད་ཆེན་རིན་པོ་ཆེ་རྣམ་པ་བདུན་ལས།

ཐོག་མར་དགེ་བ་ཀླད་ཀྱི་དོན་བསྟན་བཅོས་ལ་འཇུག་པ་བཤད་བྱའི་ཡན་ལག་བཤད་པ།

༼ཀ༽ མཚན་སྨོས་པ།

ཚིག་དོན་རིན་པོ་ཆེའི་མཛོད་འདི་ཉིད་འཆད་པ་ལ། ཐོག་མར་དགེ་བ་ཀླད་ཀྱི་དོན་བསྟན་བཅོས་ལ་འཇུག་པ་བཤད་བྱའི་ཡན་ལག་བཤད་པ། བར་དུ་དགེ་བ་གཞུང་གི་དོན་བཤད་བྱ་བསྟན་བཅོས་དངོས་ཀྱི་ལུས་བཤད་པ། ཐ་མར་དགེ་བ་མཇུག་གི་དོན་མཇུག་ཡོངས་སུ་རྫོགས་པའི་བྱ་བ་དང་གསུམ་གྱིས་བཤད་པ་ལ། དང་པོ་ལ་ཡང་མཚན་སྨོས་པ། ཕྱག་འཚལ་བ། མཆོད་པར་བརྗོད་པ། རྩོམ་པར་དམ་བཅའ་བ་དང་བཞི་ཡོད་པ་ལས་དང་པོ་མཚན་སྨོས་པ་ནི། རྒྱ་གར་སྐད་དུ། ཞེས་གསུངས་ལ། སྤྱིར་ན་ཐུན་མོང་གི་ཐེག་པའི་ལུགས་ལྟར་བྱས་ན་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་མི་རྣམས་ཀྱི་ཚེ་ལོ་བརྒྱ་བའི་དུས་སུ་རྒྱ་གར་རྡོ་རྗེ་གདན་དུ་མངོན་པར་བྱང་ཆུབ་བརྙེས་ནས་ཡུལ་ཝཱ་རཱ་ཎ་སཱི་ལ་སོགས་པར་ཆོས་ཀྱི་འཁོར་ལོ་རིམ་པ་བཞིན་དུ་བསྐོར་བ་ཡིན་ལ། ཐུབ་པའི་གསུང་ཚངས་དབྱངས་ཡན་ལག་རྫོགས་པའི་སྒོ་ནས་འགྲོ་བ་སོ་སོའི་སྐད་ཀྱིས་དམ་པའི་ཆོས་བསྟན་པ་ཡིན་ཡང་། གཙོ་བོ་མིའི་འཁོར་ལ་རྒྱ་གར་སཾ་སྐྲྀ་ཏ་ལྷའི་སྐད་ཀྱིས་བདུད་རྩི་ཞི་བ་འདུས་མ་བྱས་པའི་ཆོས་ཐོག་མར་བསྟན་པ་ཡིན་པ་དང་། སྔོན་གྱི་ལོ་པཎ་བཀའ་དྲིན་ཅན་རྣམས་ཀྱིས་ཀྱང་རྒྱ་ཆོས་བོད་དུ་སྒྱུར་བའི་གནས་སྐབས་ན། རྒྱ་གར་ཆོས་ཁུངས་བཙུན་པ་ཡིན་པ་དང་། སྐད་ལ་བག་ཆགས་འཇོག་པའི་ཆེད་དང་། མ་འོངས་པ་ན་རང་ཉིད་ཀྱང་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བའི་གནས་སྐབས་ན་ཐུབ་པ་མཆོག་གིས་ཇི་ལྟར་གསུངས་པ་བཞིན་གསུངས་པའི་རྟེན་འབྲེལ་ཏེ། སྔོན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སློབ་པ་ལམ་ན་ཡོད་པའི་གནས་སྐབས་སུ། དང་པོར་སེམས་བསྐྱེད་པའི་ཚེ། དེ་བཞིན་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང་། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་། །ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བར། །དེ་འདྲ་ཁོ་ནར་བདག་ཀྱང་འགྱུར་བར་ཤོག །ཅེས་གསུངས་པ་དང་ཚུལ་མཐུན་པར་བྱ་བའི་ཆེད་དུ། ཆོས་སྒྱུར་བའི་གནས་སྐབས་ན་ཐོག་མའི་མཚན་དེ་རྒྱ་གར་སྐད་སོར་བཞག་གིས་འཇོག་པ་ལྟར། སྐབས་འདིར་ཡང་དགོས་པ་དེ་དག་དང་འབྲེལ་བའི་ཆེད་ཡིན་པར་མ་ཚད། གང་གིས་རྒྱན་དྲུག་མཆོག་གཉིས་ཞུམ་ནུས་པའི། །ལྔ་རིག་གཙུག་ལག་སྨྲ་ལ་མཚར་དུ་ཅི། །གསུངས་པ་ལྟར་བསྟན་བཅོས་རྩོམ་པའི་རྒྱུ་ཚོགས་ཐམས་ཅད་ཚང་བར་མ་ཟད། རྒྱ་གར་འཕགས་པའི་ཡུལ་གྱི་རྒྱན་དྲུག་མཆོག་གཉིས་ཀྱི་གཞུང་དང་གཉིས་སུ་མེད་ཅིང་། ཐུབ་པའི་དབང་པོའི་གསུང་དང་ཐ་མི་དད་པ། རྡོ་རྗེ་འཆང་གི་དགོངས་དོན་རྒྱུད་སྡེའི་ཉིང་ཁུ་རྩལ་དུ་བཏོན་པའི་ཁྱད་ཆོས་ཁྱད་འཕགས་ཅན་ཡིན་པས་ན་ཐོག་མར་མཚན་རྒྱ་གར་སཾ་ཀྲི་ཏ་ལྷའི་སྐད་ཀྱི་ཐོག་ནས་སྨོས་པ་སྟེ། དེ་ཡང་། པ་དཱརྠ་རཏྣ་སྱ་ཀོ་ཥ་ན་མ། ཞེས་པ་བོད་སྐད་དུ་སྒྱུར་ན། ཚིག་དོན་རིན་པོ་ཆེའི་མཛོད་ཅེས་བྱ་བ། སྐད་གཉིས་ཤན་སྦྱར་ན། པ་དཱརྠ་ཚིག་དོན། རཏྣ་སྱ་རིན་པོ་ཆེའི། ཀོ་ཥ་མཛོད། ན་མ་ཅེས་བྱ་བ། མཚན་དོན་བཤད་པ་ནི། ཐོག་མའི་དབུའི་ཞལ་བྱང་གི གསང་བ་བླ་ན་མེད་པ་འོད་གསལ་རྡོ་རྗེ་སྙིང་པོའི་གནས་གསུམ་གསལ་བར་བྱེད་པའི་ཚིག་དོན་རིན་པོ་ཆེའི་མཛོད་ཅེས་བྱ་བ་བཞུགས་ཞེས་པ་ལྟར་བཀྲལ་ན། དེ་ལ་གསང་བ་ཞེས་པ་ནི། སྤྱི་དང་། ཁྱད་པར་གཉིས་ལས། སྤྱིའི་གསང་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་གསང་བ་དང་། གསུང་གི་གསང་བ་དང་། ཐུགས་ཀྱི་གསང་བ་སྟེ། གསང་གསུམ་མི་ཟད་པ་རྒྱན་གྱི་འཁོར་ལོའི་བདག་ཉིད་ཀྱི་རང་བཞིན་དུ་ཡེ་ནས་གནས་པ་སྟེ། མངོན་དུ་བྱ་རྒྱུའི་རྫོགས་ཆེན་མན་ངག་སྡེའི་གཞི་ལམ་འབྲས་གསུམ་གྱི་དགོངས་དོན་རྟོགས་པར་དཀའ་བས་ན་གསང་བའོ། །ཁྱད་པར་གྱི་གསང་བ་ནི། གསང་ཕྱིར་བརྡ་ཐབས་སྣ་ཚོགས་བསྟན། །ཞེས་གསུངས་པ་ལྟར། གསང་བ་ཟབ་མོ་སྣོད་མིན་ལ་གབ་སྦས་གཉིས་ཀྱིས་གསང་བའི་སྒོ་ནས་བསྟན་པའི་དོན་ཏེ། དེ་ལས་གབ་པའི་གསང་བ་ནི། རང་བཞིན་དོན་གྱི་གནས་ལུགས་འོད་གསལ་འཕོ་འགྱུར་དང་བྲལ་བའི་དགོངས་པ་དེ། ཐད་ཀར་བསྟན་ཀྱང་བློ་དམན་འབྲིང་གི་རིགས་ཅན་གྱིས་རྟོགས་དཀའ་ཞིང་བློའི་ཡུལ་དུ་མི་ཤོང་བ་ཡིན་ཏེ། བློ་དམན་བྱིས་པའི་རང་བཞིན་ཅན་གྱི་བློ་ནི་འཁྲུལ་རྟོག་བཞོན་པ་དང་བཅས་པས་བསྒྲིབས་ནས་ཡོད་པས་གཉུག་མའི་རང་ཞལ་དངོས་དེ་རྟོགས་མི་ནུས་པ་ཡིན་པ་དེས་ན་དེ་དག་ལ་གབ་ནས་མ་གཏོགས་དངོས་སུ་བསྟན་མི་རུང་བ་ཡིན་ལ། གཞན་གྱིས་སྟོན་པ་མེད་པས་མི་རྟོགས་པ་ནི་གབ་པའི་གསང་བའོ། །སྦས་པའི་གསང་བ་ནི། བླ་མེད་ཀྱི་དགོངས་སྤྱོད་ཟབ་མོ་སློབ་མ་སྣོད་དང་ལྡན་པ་ཡིན་པས་མ་ཚད་སློབ་དཔོན་སྒོ་དུ་མས་མཉེས་པར་བྱས་ནས་ཚུལ་བཞིན་ཞུགས་ན་ལམ་དེ་ནས་དངོས་གྲུབ་ཆེན་པོ་ཐབས་མང་དཀའ་བ་མེད་པར་དུས་ཐུང་ངུར་འགྲུབ་པར་བྱེད་པའི་དེ་བཞིན་གཤེགས་པའི་གསང་བ་ཟབ་མོའི་བརྗོད་དོན། མན་ངག་གིས་བཀྲོལ་ནས་ཉན་བཤད་དགོས་པའི་རིགས་ཅན་རྣམས། བློ་ཆུང་གི་སེམས་ཅན་ལ་གསང་ནས་སྦ་བར་བྱ་བ་ལས་གང་ཟག་སྣོད་མིན་གཟུ་ལུམ་རས་ཆོད་དུ་ཞུགས་པ་རང་ཉིད་ཀྱང་བརླག་པར་འགྱུར་བས་ཐད་ཀར་མི་སྟོན་པ་ནི་སྦས་པའི་གསང་བ་ཞེས་བྱའོ། །བླ་ན་མེད་པ་ཞེས་པ་ནི། དེའི་ཡན་དང་གོང་ན་མེད་པའི་གོང་མའམ་རྩེ་མོའི་དོན་ཡིན་ལ། སྤྱིར་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱིས་གདུལ་བྱའི་བློ་དང་འཚམས་པའི་ཆོས་འཁོར་བསྐོར་ཡོད་པ་ལས། གསང་སྔགས་ནི་མདོ་ལས་ཁྱད་པར་དུ་འཕགས་པའི་ལམ་གོང་མ་ཡིན་པས་དང་། གསང་སྔགས་དེ་ལ་ཡང་ཐུན་མོང་ལྟར་རྒྱུད་སྡེ་བཞིར་ཕྱེས་པའི་དབང་དུ་བྱས་ན། བྱ་སྤྱོད་རྣལ་འབྱོར་རྒྱུད་གསུམ་ལས་རྣལ་འབྱོར་བླ་ན་མེད་པའི་རྒྱུད་དེ་ཉིད་གཞི་ལམ་འབྲས་གསུམ་གྱིས་ཁྱད་པར་དུ་འཕགས་ཏེ། དེ་ཡང་དོན་དམ་སྤྲོས་མཚན་དང་བྲལ་བའི་ཡེ་ཤེས་ཆོས་ཉིད་རྟོགས་པའི་བྱིན་རླབས་ཀུན་རྫོབ་རྡོ་རྗེ་དབྱིངས་ཀྱི་ལྷ་རུ་བལྟ་བ་དང་། ལམ་ལ་ཐབས་དང་ཤེས་རབ་ཀྱི་རྣལ་འབྱོར་གཉིས་ལས། ཐབས་མི་རྟོག་ཟླ་བ་ལ་སོགས་མངོན་བྱང་ལྔ་དང་། ཏིང་འཛིན་བྱིན་རླབས་དབང་ལ་སོགས་པ་ཆོ་འཕྲུལ་བཞིས་སྒོམ་པ་དང་། ཤེས་རབ་དོན་དམ་མཚན་མེད་ཀྱི་ཡེ་ཤེས་དང་། ཀུན་རྫོབ་ཀྱི་ལྷར་སྣང་གཉིས་ཀ་གཉིས་མེད་ཀྱི་ཡེ་ཤེས་ཀྱི་ངང་དུ་མཉམ་པར་བཞག་པ་དང་། འབྲས་བུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐོབ་ནས། མི་ཚེ་གསུམ་གྱིས་ལམ་འོག་མའི་རིག་འཛིན་བཞིའི་སྟེང་དུ་དོན་གྲུབ་ཕྲིན་ལས་ཀྱི་རིགས་བསྣན་པའི་རིགས་ལྔ་སྟུག་པོ་བཀོད་པར་འཚང་རྒྱ་བ་ཡིན་ནོ། །དེས་ན་ལམ་འོག་མ་བྱ་སྤྱོད་གཉིས་ལས་ཀྱང་ཁྱད་དུ་འཕགས་པའི་ཐབས་དང་ཤེས་རབ་ཀྱི་མྱུར་ལམ་ཁྱད་པར་ཅན་ཡོད་པས་ན་བྱ་སྤྱོད་གཉིས་ལས་རྣལ་འབྱོར་རྒྱུད་འཕགས་ལ། རྣལ་འབྱོར་རྒྱུད་ལས་ཀྱང་དེའི་ལུགས་ཀྱི་རྣལ་འབྱོར་བླ་མེད་དེ་ཐེག་པའི་རྩེ་མོར་འདོད་པ་ཡིན་ཡང་། སྐབས་འདིར་བླ་མེད་ཀྱི་སྒྲ་འདྲ་ཡང་དོན་དེ་ལས་ཀྱང་ཁྱད་དུ་འཕགས་པའི་ཚུལ་ཡང་། གསང་བ་བླ་ན་མེད་པའི་རྒྱུད་དོན་མན་ངག་གིས་བཀྲལ་བའི་བསྟན་བཅོས་ཆེན་མོའི་ཚིག་དོན་གསལ་བར་བྱེད་པའི་མཚན་དོན་གྱིས་གཞུང་དབུ་ཞབས་ཀྱི་དོན་བསྡུ་བའི་སྐབས་ཡིན་པས། འདིའི་བླ་མེད་འདི་བླ་མེད་གཞན་ལས་ཁྱད་པར་དུ་འཕགས་པའི་བླ་མེད་ཅིག་ལ་གོ་དགོས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གསང་ཆེན་སྔ་འགྱུར་བས་ཕྱི་ནང་གསང་བའི་ཐེག་རིམ་རྣམ་པ་དགུ་རུ་ཕྱེ་སྐབས། ཕྱི་ཀུན་འབྱུང་འདྲེན་པའི་ཐེག་པ་གསུམ་ལས་གཞན་སྔགས་རྒྱུད་སྡེ་དྲུག་པོ་དེ་ལ་ཡང་། ཕྱི་ནང་གཉིས་སུ་ཕྱེས་ནས་ནང་རྒྱུད་ཡོ་ག་རྣམ་གསུམ་གྱི་མཆོག་ཐེག་རྩེ་ཨ་ཏི་ཡོ་ག་ཡིན་ལ། དེ་ལ་ཡང་ཕྱི་སེམས་སྡེ། ནང་ཀློང་སྡེ། གསང་བ་མན་ངག་གི་སྡེ་སྟེ་རྫོགས་ཆེན་སྡེ་གསུམ་གྱི་རིམ་པ་གསུམ་དུ་ཕྱེ་སྟེ། དེ་ཡང་ཀུན་མཁྱེན་འཇིགས་གླིང་གིས། གང་ལ་བློ་ཡི་རིམ་པས་འཇལ་ལུགས་གསུམ། །སེམས་ཀྱི་སྡེ་ནི་རོལ་བའི་རྩལ་དུ་ཤར། །ཀློང་གི་སྡེ་ནི་རང་སྣང་བཀོད་པའི་རྒྱན། །མན་ངག་སྡེ་ནི་མེད་སྣང་སྟོང་བའི་གཟུགས། །ཞེས་གསུངས་པ་ལྟར། སྤང་བྱའི་མཐའ་ལས་གྲོལ་བ་གནས་པ་སེམས་ཀྱི་སྡེ། གཉེན་པོའི་མཐའ་ལས་གྲོལ་བ་བྱ་བྲལ་ཀློང་གི་སྡེ། ཡིན་ལུགས་གཤིས་ཐོག་ལ་འབེབས་པས་སྤང་གཉེན་གཉིས་ཀའི་མཐའ་ལས་གྲོལ་བ་ཟབ་པ་མན་ངག་གི་སྡེ་དང་གསུམ་དུ་བྱུང་བ་ཡིན་ལ། དེ་ལས་ཕྱི་མ་ཟབ་པ་མན་ངག་གི་སྡེ་དེ་ལ་ཡང་། ལུས་དང་འདྲ་བའི་ཕྱི་སྐོར། མིག་དང་འདྲ་བའི་ནང་སྐོར། སྙིང་དང་འདྲ་བའི་གསང་སྐོར། ཆ་ཚང་དབང་པོ་ཀུན་རྫོགས་དང་འདྲ་བའི་ཡང་གསང་བླ་ན་མེད་པ་དང་བཞི་རུ་དབྱེ་བ་ལས། ཡང་གསང་བླ་ན་མེད་པ་འདིས། ངོ་བོ་ཚིག་དང་ཐ་སྙད་ལ་མི་ལྟོས། རང་བཞིན་ཆོས་ཉིད་ཡིད་དཔྱོད་ལ་མི་ལྟོས། མཚན་ཉིད་སྐུ་གསུམ་ལམ་སྣང་ལ་ཤར་ནས་མ་འོངས་ཕྱི་མའི་དུས་ཤིག་ལ་རེ་ལྟོས་མི་འཆའ་བར་ཚེ་འདི་ཉིད་ལ་གདོད་མའི་གཞི་དབྱིངས་སུ་སྦྱོར་བའི་མན་ངག་ཡིན་པས་ན་གསང་བ་བླ་ན་མེད་པ་ཞེས་གསུངས་པ་ཡིན་ནོ། །འོད་གསལ་ཞེས་པའི་དོན་ནི། སྤྱིར་འོད་གསལ་ཞེས་པའི་སྒྲ་ཙམ་གྱི་ཆ་ནས་བཤད་ན་རྒྱུད་སྡེ་འོག་མའི་སྦྱོར་དྲུག་ལ་སོགས་པའི་སྐབས་ནས་འབྱུང་བའི་འོད་གསལ་ལ་ཡང་འོད་གསལ་གྱི་སྒྲ་འཇུག་ཅིང་། དེ་ཡང་རླུང་དབུ་མར་ཐིམ་ཚེ་སྟོང་པ་དང་སྟོང་པ་ཆེན་པོ་ལ་སོགས་པ་སྟོང་བཞིས་དྲངས་པའི་འོད་གསལ་དེའི་སྟོབས་ཀྱིས་སྒྱུ་མའི་ལྷ་སྐུར་ལྡང་ཐུབ་པ་དང་། དགའ་བ་དང་མཆོག་དགའ་ལ་སོགས་དགའ་བཞིས་དྲངས་པའི་རྗེས་ཀྱི་ལྷན་སྐྱེས་ཐོག་ནས་སྒྱུ་མའི་སྐུ་རུ་ལྡང་བ་ལ་སོགས་པ་དང་། གཞན་ཡང་གཏི་མུག་འོད་གསལ་ལ་བསྲེ་བ་ཆོས་སྐུའི་ཞིང་སྦྱོང་གི་སྐབས་ཀྱི་སྲབ་མོའི་འོད་གསལ་དང་། འཐུག་པོའི་འོད་གསལ་ཞེས་པ་ལ་སོགས་པ་མདོར་ན་རང་བཞིན་གཞི་ཡི་འོད་གསལ། གོམས་པ་ལམ་གྱི་འོད་གསལ། མཐར་ཐུག་འབྲས་བུའི་འོད་གསལ་ལ་སོགས་པ་ཡོད་ལ། སྐབས་འདིར་བསྟན་ནི་རིག་པ་བདེ་གཤེགས་སྙིང་པོ་ལ་སྒྲིབ་བྱེད་དྲི་མས་ཡེ་ནས་གོས་མ་མྱོང་བའི་དག་པ་དྭངས་པ་འོད་གསལ་བ་ཡིན་པས། འོད་གསལ་བ་ཞེས་བྱ་ལ། འོད་གསལ་ཞེས་པའི་ཚིག་འདི་ཀ་དག་སྟོང་པའི་འོད་གསལ་ལ་གོ་དུས་ཀྱང་ཡོད་ལ། ལྷུན་གྲུབ་སྣང་བའི་འོད་གསལ་ལ་གོ་དུས་ཀྱང་ཡོད། སྐབས་འདིར་དབྱིངས་འོད་གསལ་གྱི་འཆར་གཞི་ཐོག་མའི་འོད་གསལ། བདེ་གཤེགས་སྙིང་པོ་འདུས་མ་བྱས་པ། གཞི་འབྲས་དབྱེར་མེད་པའི་བདག་ཉིད། ཀ་དག་ལྷུན་གྲུབ་གཉིས་མེད་ཀྱི་ནང་དབྱིངས། གཞི་ལམ་འབྲས་གསུམ་གྱི་ལྷུན་གྲུབ་རིན་པོ་ཆེའི་སྦུབས་གསུམ་གཅིག་ཏུ་དྲིལ་བའི་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ནང་གསལ་གཞོན་ནུ་བུམ་སྐུའི་ཡེ་ཤེས། སྐུ་གསུམ་གྱི་འཆར་གཞིར་གྱུར་པ། ཡེ་ནས་རྣམ་པར་དག་པ་འོད་གསལ་འཕོ་འགྱུར་དང་བྲལ་བ། གདོད་མ་གཤིས་ཀྱི་གནས་ལུགས་ཆོས་དབྱིངས་དེ་བཞིན་ཉིད། རིག་པ་སྟོང་གསལ་འགག་མེད་ཀྱིས་མཚོན་པའི་དོན་དམ་སྤྲོས་མེད་ཀྱི་ཡེ་ཤེས། ཚིག་དང་ཐ་སྙད་ཀྱི་སྤྱོད་ཡུལ་ལས་འདས་པ་དེ་ཉིད་མཚོན་པའོ། །རྡོ་རྗེ་ཞེས་པ་ནི། མཚོན་བྱེད་རྟགས་ཀྱི་རྡོ་རྗེ། སྲ་བ། བརྟན་པ། མི་ཆོད་པ། མི་ཤིགས་པ་ལ་སོགས་པས་མཚོན་པའི་དོན་དམ་མི་ཤིགས་པའི་ཆེ་རྟགས་ལ་རྡོ་རྗེ་ཞེས་གསུངས། དེ་ལྟ་བུའི་འོད་གསལ་རྡོ་རྗེ་ཐེག་པའི་སྙིང་པོའི་ཡང་སྙིང་དུ་གྱུར་པ། གནས་གསུམ་ཞེས་པ་ནི་གཞི་ལམ་འབྲས་བུ་གསུམ་སྟེ། དེ་ཡང་གཞི་ནི། ཆོས་ཉིད་འདུས་མ་བྱས་པ་མཐའ་བརྒྱད་སྤྲོས་པའི་མཚན་མ་ཡི་བློ་མ་ཞིག་པའི་གྲུབ་མཐས་དཔོག་མི་ཐུབ་པའི་ཡེ་གྲོལ་རྫོགས་པ་ཆེན་པོའི་གཤིས་ལུགས། ཀ་དག་དང་ལྷུན་གྲུབ་གཉིས་སུ་མེད་པ་སྐུ་གསུམ་ངང་གིས་རྫོགས་པའི་རྒྱ་གར་ཡང་མ་ཆད། ཕྱོགས་གང་དུ་ཡང་མ་ལྷུང་བའི་ཁྱབ་གདལ་མཉམ་ཉིད་ཆེན་པོར་གནས་པའོ། །ལམ་ནི། གནས་ལུགས་རང་ངོ་ཤེས་པ་དེ་ལྟ་བ་ཡིན། ལྟ་བ་དེའི་ངང་ལ་བཟང་ངན་དགག་སྒྲུབ་ཀྱི་ཕྱོགས་སུ་མི་ལྷུང་བར་རང་བབས་ཆུ་བོའི་རྒྱུན་བཞིན་སྐྱོང་བ་དེ་སྒོམ་པ། སྒོམ་པ་དེ་དང་འབྲེལ་བའི་གང་ཤར་ཆོས་སྐུའི་རོལ་རྩལ་དུ་གྲོལ་ནས་གང་སྣང་གང་ཤར་ཐམས་ཅད་ལམ་གྱི་གྲོགས་སུ་གྱུར་ནས་སྤྱོད་པའི་བོགས་ཐོན་ཏེ། དུས་ཐམས་ཅད་དུ་གཤིས་གནས་ལུགས་མ་བཅོས་པའི་རང་མདངས་སྐྱོང་བ་སྤྱོད་པའོ། །འབྲས་བུ་ནི། དེ་ལྟ་བུ་ལམ་ཉམས་སུ་བླངས་པས་འབྲས་བུ་རྣམ་གྲོལ་སྐུ་བཞིའི་གོ་འཕང་མངོན་དུ་གྱུར་པའོ། །སྐུ་བཞི་ནི། ཆོས་ཉིད་རང་བྱུང་གི་ཡེ་ཤེས་ལ་ཡེ་ནས་སྒྲིབ་པའི་སྐྱོན་དང་བྲལ་ན་ཡང་། དེ་ཉིད་ལམ་མ་བསྒོམས་ན་མངོན་དུ་མི་འགྱུར་ཞིང་། ལམ་བསྒོམས་ན་མངོན་དུ་གྱུར་ནས་གྲོལ་ས་དེ་ངོ་བོ་ཉིད་སྐུའི་ཀློང་། སྒྲིབ་གཉིས་ཐམས་ཅད་བྲལ་ཞིང་སྤངས་རྟོགས་ཡོན་ཏན་རྒྱ་མཚོའི་བདག་ཉིད་གཡོ་མེད་ཞི་བའི་རང་བཞིན་ཅན་དེ་ཆོས་ཀྱི་སྐུ། ཆོས་སྐུའི་རང་རྩལ་འགག་མེད་གངས་ཆེན་མཚོའི་རྣམ་འཕྲུལ་དུ་བཞུགས་ནས་ངེས་པ་ལྔ་ལྡན་ལོངས་སྐུའི་ཞིང་སྣང་དུ་གྲུབ་སྟེ་འོག་མིན་གྱི་གནས་དང་རིགས་ལྔའི་སྟོན་པར་སྣང་བ་དེ་ལོངས་སྤྱོད་རྫོགས་པའི་སྐུ། གསལ་སྟོང་ཟུང་འཇུག་གི་ཡེ་ཤེས་སྒྱུ་མའི་རོལ་གར་གང་ལ་གང་འདུལ་དེ་ལ་དེར་སྣང་དུ་བྱོན་པ་སྤྲུལ་བའི་སྐུའོ། །དེ་ལྟ་བུའི་རྟེན་སྐུ་དང། བརྟེན་པ་ཆོས་དབྱིངས་མེ་ལོང་མཉམ་ཉིད་ལ་སོགས་པ་ཡེ་ཤེས་ལྔ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱིས་བསྡུས་པའི་མི་ཟད་རྒྱན་གྱི་འཁོར་ལོའི་བདག་ཉིད་འབྲས་ཆོས་རྒྱ་མཚོའི་རྟེན་གཞིར་གྱུར་བ་དེ་འབྲས་བུའི་གྲོལ་ས་ཡིན་ནོ། །དེ་ལྟ་བུའི་འོད་གསལ་རྡོ་རྗེ་སྙིང་པོའི་གནས་གསུམ་གཞི་ལམ་འབྲས་བུ་གསུམ་མི་གསལ་བ་གསལ་བར་བྱེད་པ། ཐེག་རྩེའི་དགོངས་དོན་ཚིག་དོན་བཅུ་གཅིག་དེ། །ལེགས་བསྡུས་ཁ་ཚང་དོན་དྲིལ་མན་ངག་གི །ཉམས་ལེན་གནད་ཀྱི་མཛོད་གཅིག་སྲིད་པ་ན། །སྲིད་པའི་རྩ་བ་གཅོད་ལ་གཅིག་ཏུ་དཔའ། །ཞེས་གསུངས་པ་ལྟར། གནས་གསུམ་གྱིས་བསྡུས་པའི་ཐེག་རྩེའི་ཡང་གསང་བླ་ན་མེད་པའི་མན་ངག་ཐམས་ཅད། ཚིག་དོན་བཅུ་གཅིག་གི་ཆིངས་ཀྱིས་བཅིངས་ནས། དོན་གྱི་རིན་པོ་ཆེ་རིན་ཐང་གཞལ་དུ་མེད་པ་ཐང་མར་བརྡལ་ཞིང་ཟད་མི་ཤེས་པ། འདིའི་ཚིག་དོན་གཉིས་ཀའི་ཆ་ལ་ཇི་ལྟར་བརྟགས་ཤིང་དཔྱད་ནས་བལྟས་ཀྱང་། སོ་སོ་སྐྱེ་བོ་ཚུ་རོལ་མཐོང་བའི་བློས་དཔོག་པར་མི་ནུས་པས་ན་དོན་ཟབ་པ་དེ་ཉིད་ཟད་མི་ཤེས་པའི་ཆ་ནས་རིན་པོ་ཆེའི་མཛོད་ལྟ་བུའོ། །མཛོད་ཡིན་པའི་ཚུལ་ལ་ཡང་གཞི་ལམ་འབྲས་གསུམ་གྱི་སྟེང་ནས་མཛོད་ཡིན་པའི་ཚུལ་དང་། སྐུ་གསུམ་རང་ཆས་སུ་རྫོགས་པའི་ཆ་ནས་མཛོད་ཡིན་པའི་ཚུལ་གཉིས་སུ་འཆད་དུ་ཡོད་ཅིང་། གཞི་ལམ་འབྲས་གསུམ་གྱི་སྟེང་ནས་མཛོད་ཡིན་པའི་ཚུལ་ཇི་ལྟར་ཡིན་ན། འདི་ནི་རྡོ་རྗེའི་སྙིང་པོའི་གནས་གསུམ་གསལ་བྱེད་ཡིན་པས། གནས་གསུམ་གྱི་མཛོད་ཡིན་ལ། གནས་གསུམ་ནི་གཞི་ལམ་འབྲས་གསུམ་ཡིན་པས། གཞི་རང་བཞིན་འོད་གསལ་སེམས་ཀྱི་གནས་ལུགས་ཆོས་དབྱིངས་ལྷུན་གྲུབ་མཉམ་པ་ཆེན་པོ་ཡོན་ཏན་ཡེ་ལྡན་དུ་ཡོད་པ་ནི་གཞིའི་མཛོད་ཡིན་པ་དང་། ལམ་བླ་མ་དམ་པའི་མན་ངག་ལ་བརྟེན་ནས་རིམ་གཉིས་སྨིན་གྲོལ་གྱི་ལམ་གནད་ཚང་བ་ནི་ལམ་གྱི་མཛོད་ཡིན་ཞིང་། འབྲས་བུ་དག་པ་གཉིས་ལྡན་རང་རིག་འོད་གསལ་བའི་ཡེ་ཤེས་དེ་སྒྲིབ་བྱེད་གློ་བུར་གྱི་དྲི་མ་བསལ་བའི་དེ་མ་ཐག་མངོན་དུ་གྱུར་བ་འབྲས་བུའི་མཛོད་ཡིན་པ་སྟེ། གཞི་ལམ་འབྲས་གསུམ་པོའི་གནས་གསུམ་གྱི་མཛོད་ཡིན་ཚུལ་དེ་ལྟར་ཡིན་པར་མ་ཟད། འདི་སྐུ་གསུམ་རང་ཆས་སུ་རྫོགས་ཚུལ་གྱི་སྟེང་ནས་ཀྱང་འཆད་དུ་ཡོད་དེ། ཆོས་སྐུ་ཆོས་དབྱིངས་དྲི་མེད་མཁའ་ལྟར་དག་པ་བྲལ་སྨིན་ཡོན་ཏན་རྒྱ་མཚོའི་འབྱུང་གནས་ནི་ནང་གསལ་གྱི་མཛོད་ཡིན་པ་དང་། ལོངས་སྐུ་ངེས་པ་ལྔ་ལྡན་མཚན་དཔེའི་མངའ་བདག་ལ་སྣང་བ་དེ་ཕྱི་གསལ་གྱི་མཛོད་ཡིན་ཞིང་། སྤྲུལ་སྐུ་གང་ལ་གང་འདུལ་འགྲོ་བློའི་མོས་པ་དང་འཚམས་པའི་ཕྲིན་ལས་ཟད་མི་ཤེས་པ་ནི་ཕྲིན་ལས་ཟད་མེད་ཀྱི་མཛོད་ཡིན་པའོ། །དེ་ལྟ་བུའི་བརྗོད་བྱ་ཕུན་སུམ་ཚོགས་པ་རིན་ཐང་གཞལ་དུ་མེད་པ་རིན་པོ་ཆེའི་མཛོད་ལྟ་བུ་ཡིན་པས་ན་མཛོད་ཅེས་གསུངས། དེ་འདྲའི་མཛོད་དེ་འདིར་བཞུགས་པའི་ཆ་ནས་མཚན་དང་སྦྲེལ་ནས་ཅེས་བྱ་བ་བཞུགས་ཞེས་གསུངས་སོ། དེ་ཡན་གྱིས་མཚན་སྨྲོས་པའི་དོན་མདོ་ཙམ་བཀྲལ་བའོ།།

༼ཁ༽ ཕྱག་འཚལ་བ།

གཉིས་པ་ཕྱག་འཚལ་བ་ནི། སྟོན་པ་ལ་དད་ཅིང་བསྟན་པ་ལ་འཇུག་པའི་ཕྱིར་བསྟན་བཅོས་རྩོམ་པ་པོས་ཐོག་མར་སྟོན་པ་ལ་ཕྱག་འཚལ་བ་སྟེ། །དེ་ཡང་འོད་གསལ་རྫོགས་པ་ཆེན་པོའི་སྡེ་གསུམ་ཀློང་དགུས་མན་ངག་གི་སྙིང་བཅུད་བཤད་པའི་སྐབས་འདིར་དེའི་སྟོན་པ་ཆོས་སྐུ་ཀུན་ཏུ་བཟང་པོ་ཡིན་པས་དེ་ལ་ཕྱག་འཚལ་བ་ནི། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དེ་ཡང་གཞི་ཆོས་དབྱིངས་འགྱུར་མེད་ཀ་དག་སྟོང་བའི་དཔལ་དང་། གཞི་སྣང་ལྷུན་གྲུབ་འགག་མེད་དུ་རོལ་བ་ཕྲིན་ལས་སྣང་བའི་དཔལ་གཉིས། གཉིས་སུ་མེད་པར་རང་ཆས་སུ་ཡོད་པ་དང་། ཡེ་ཐོག་དང་པོའི་སངས་རྒྱས་ཡེ་ནས་འཁྲུལ་མ་མྱོང་བའི་བདག་ཉིད་དེ། ཀུན་བཟང་ཆོས་དྲུག་གིས་ཆོས་སྐུའི་རྒྱལ་སྲིད་དུ་མངའ་བརྙེས་པས་སྤངས་རྟོགས་ཀྱི་ཡོན་ཏན་ཡོངས་སུ་རྫོགས་ཤིང་། གཞི་ཆོས་དབྱིངས་འགྱུར་མེད་མངོན་དུ་བྱས་པའི་ཀ་དག་སྟོང་པའི་དབྱིངས་དེ་ལས། གཞི་སྣང་ལྷུན་གྲུབ་ཕྱི་གསལ་གྱི་སྐུ་དང་ཡེ་ཤེས་རྒྱ་མཚོའི་རང་བཞིན་དང་། མཛད་པ་ཕྲིན་ལས་ཀྱི་རོལ་བ་འགག་མེད་ཅིར་ཡང་སྣང་བའི་དཔལ་ཕུན་སུམ་ཚོགས་པ་དང་མི་འབྲལ་བ་གང་ཡིན་པ་དེ་ཉིད། རྒྱར་ཆད་པ་དང་ཕྱོགས་སུ་ལྷུང་བ་དང་། རིས་དང་མཚན་མ་ཅན་དུ་སྔར་ཡོད་ཕྱིས་མི་འབྱུང་བའམ། སྔར་མེད་གསར་བྱུང་ལྟ་བུ་མ་ཡིན་པར། ཕྱོགས་མེད་ཕྱོགས་དང་བྲལ་བའི་ཕྱོགས་ཀུན་དང་། དུས་གསུམ་དུས་ལས་འདས་པའི་དུས་ཀུན་ཏུ། བཟང་ངན་མཚན་མའི་སྤྲོས་པ་ལས་རིང་དུ་འདས་པའི་རོ་མཉམ་ཆེན་པོ། དུས་ཀུན་ཏུ་མི་བཟང་བ་མེད་པའི་ཀུན་ཏུ་བཟང་པོའི་ཀློང་། འཁོར་འདས་མཉམ་པར་གཅིག་པའི་ཆོས་དབྱིངས་གདལ་ཁྱབ་ཆེན་པོ་གཞི་རྒྱུད་ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་པོ་དེ་ལ། རང་ངོ་ཤེས་ཤིང་རང་ཞལ་མཇལ་བའི་ལྟ་བ་མངོན་སུམ་གྱིས་ཚད་ལ་ཕེབས་པ་དེ་ངག་ཚིག་བརྡ་ཡིས་མཚོན་ནས་ཕྱག་འཚལ་ལོ། །ཞེས་ཕྱག་འཚལ་བའོ།།

༼ག༽ མཆོད་པར་བརྗོད་པ།

༼ཀ ཆོས་སྐུའི་སྟོན་པ་ལ་མཆོད་པར་བརྗོད་པ།

གསུམ་པ་མཆོད་པར་བརྗོད་པ་ནི། ཇི་སྐད་དུ། བསྟན་བཅོས་བྱེད་པོས་སྟོན་པ་ལ། །མཆོད་པར་བརྗོད་པ་འབྲས་མེད་མིན། །སྟོན་པ་དང་ནི་བསྟན་བཅོས་ལ། །དད་འདུན་བསྐྱེད་པར་བྱ་ཕྱིར་རོ། །ཞེས་གསུངས་པ་ལྟར། བསྟན་བཅོས་འདི་ཉིད་ཀྱི་བརྗོད་བྱའི་གཞུང་དང་འབྲེལ་བའི་ཐོབ་བྱ་མཐར་ཐུག་སྐུ་གསུམ་འདུས་པའི་བདག་ཉིད་ཆོས་སྐུའི་སྟོན་པ་ལ་མཆོད་བརྗོད་མཛད་པ་ནི།

གདོད་མའི་མགོན་པོ་ཆོས་དབྱིངས་མཁའ་ལ་ཀུན་གྱི་སྔོན་རོལ་མངོན་པར་བྱང་ཆུབ་ཕུན་ཚོགས་མཆོག་ལྔའི་རང་བཞིན་ཅན།།

ལྷུན་གྱིས་གྲུབ་པའི་སྐུ་དང་ཡེ་ཤེས་ཡོན་ཏན་རབ་རྫོགས་འོད་གསལ་དཀྱིལ་འཁོར་འཕྲིན་ལས་འོད་ཟེར་སྟོང་འཕྲོ་བས།།

སྲིད་ཞིའི་ཐར་གླིང་སྣང་བར་མཛད་དེ་ཐོག་མ་མེད་དུས་ལམ་སྟོན་སྔོན་མེད་འཁོར་འདས་ཀུན་གྱི་དཔལ་དུ་ཤར།།

བཀྲ་ཤིས་བདེ་ལེགས་ཉིན་མོར་བྱེད་དེས་བདག་བློའི་གེ་སར་འདབ་སྟོང་གཡོ་བ་ཀུན་ནས་དགའ་བའི་གཙུག་གིས་མཆོད།།

ཅེས་སྙན་པར་སྨྲ་བའི་ངག་གཟུགས་ཅན་གྱི་རྒྱན་གྱིས་སྤྲས་པའོ། །དེ་ལ་གདོད་མ་ནི་ཐོག་མའི་སྐད་དོད་ཡིན་པས། དེ་ཡང་། ང་མེད་པ་ཡི་གོང་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །ཅེས་གསུངས་པ་ལྟར་འཁོར་འདས་གང་དུའང་མ་ཕྱེ་མི་འབྱེད་འབྱེད་པ་མེད་པའི་སྔོན་རོལ་ཞིག་ནས་མངའ་དབང་རྫོགས་པའི་མགོན་པོ། ཆོས་སྐུའི་སྟོན་པ་གང་ཉིད་ཆོས་ཀྱི་དབྱིངས་རང་བྱུང་གི་ཡེ་ཤེས། བདེ་བར་གཤེགས་པའི་སྙིང་པོའི་ནམ་མཁའ་ལ་དུས་གསུམ་དུས་མེད་ཀ་དག་ཆོས་སྐུའི་དུས། འཁོར་འདས་ཀུན་གྱི་སྔོན་རོལ་ན་རང་བྱུང་གི་ཆོས་གསུམ་གྱིས་ལྷུན་གྲུབ་རིན་པོ་ཆེའི་སྦུབས་གདོད་མའི་ཟད་ས། ཀ་དག་ཆེན་པོ། གཞོན་ནུ་བུམ་པ་སྐུའི་ཞིང་ཁམས་ལ་བཙན་ས་ཟིན་ནས་མངོན་པར་བྱང་ཆུབ་མཆོག་གི་གོ་འཕང་བརྙེས་ནས་སྤངས་རྟོགས་ཀྱི་ཡོན་ཏན་མཐར་ཕྱིན་ཏེ་ནང་གསལ་ཆོས་སྐུའི་རང་བཞིན་དུ་སངས་རྒྱས་ཤིང་། སངས་རྒྱས་ཉིད་ཀྱི་དགོངས་སྤྱོད་ལས་མ་འདས་པ་ཕུན་སུམ་ཚོགས་པ་མཆོག་ཏུ་གྱུར་པ་ལྔའི་རང་བཞིན་ཅན་དུ། ལྷུན་གྱིས་གྲུབ་པའི་ཚུལ་དེ་ཉིད་ལས་མ་འདས་ཤིང་གཡོ་བ་མེད་བཞིན་དུ། དེའི་རྩལ་ལམ་བྱིན་རླབས་ལས་ཕྱིར་གསལ་དུ་འོད་ལྔས་བརྒྱན་པའི་ལྷུན་གྲུབ་ཀྱི་རིགས་ལྔའི་སྟོན་པའི་སྐུ་དང་། རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོ་ལ་རང་ཆས་ཡེ་ཤེས་ཀྱི་ཡོན་ཏན་རབ་ཏུ་རྫོགས་པ་འོད་གསལ་བསམ་གྱིས་མི་ཁྱབ་པའི་འཁོར་ལོར་སྣང་བ་དེ་ལས་མཚན་རྫོགས་རྡོ་རྗེ་འཆང་གི་རྣམ་པར་བཞེངས་པ་ལས་མཐའ་ཡས་རིགས་ལྔའི་དཀྱིལ་འཁོར་གྱི་འཕྲིན་ལས་ངེས་པ་ལྔ་ལྡན་ཁ་སྦྱོར་ཡན་ལག་བདུན་དང་ལྡན་པའི་མཚན་དཔེའི་འོད་ཟེར་སྟོང་དུ་འཕྲོ་བས། ཆོས་སྐུའི་རྩལ་ལས་ལོངས་སྐུ། ལོངས་སྐུའི་རྩལ་ལས་རང་བཞིན་སྤྲུལ་བ་ནས་འགྲོ་འདུལ་སྤྲུལ་སྐུའི་བར་གྱི་མཛད་པས་སྲིད་པ་འཁོར་བའི་མཐའ་དང་། ཞི་བ་མྱང་འདས་ཕྱོགས་གཅིག་པ་གཉིས་ཀའི་མཐའ་ལས་འདས་པའི་མི་གནས་པའི་མྱང་འདས་དམ་པའི་ཐར་གླིང་སྣང་བར་མཛད་དེ། ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོ་ཐོག་མ་མེད་དུས་ནས་འགྲོ་བའི་ཁ་ལོ་གྱེན་དུ་སྒྱུར་བའི་ལམ་སྟོན་དུ་སྔོན་མེད་ཐོག་མར་བྱོན་པའི་ཆོས་སྐུ་ནམ་མཁའ་ལྟ་བུའི་ངང་དེ་ནས། ལོངས་སྐུ་ཉིན་མོར་བྱེད་པའི་འོད་ཟེར་སྤྲོས་ཏེ་སྤྲུལ་སྐུས་ཐར་ལམ་གྱི་སྣང་བ་གདུལ་བྱ་ལ་འགྱེད་ནས་སྐུ་གསུམ་ཀུན་འདུས་ཀྱི་ཆོས་སྐུའི་སྟོན་པར་ཤར་བ་དེ་ཉིད་འཁོར་འདས་ཀུན་གྱི་དཔལ་དམ་པར་གྱུར་བའི་རང་བཞིན་དུ་ཤར་བ། ལེགས་སྦྱར་གྱི་སྭ་སྟི་ཞེས་པའི་སྒྲ་ལས་དྲངས་ན་བཀྲ་ཤིས་ཞེས་པ་འདི་དགེ་ཞིང་ཤིས་པའི་བརྡའམ་ཐ་སྙད་ཡིན་ལ་དེ་ལྟ་བུའི་དགེ་ཞིང་ཤིས་པའི་བདེ་ལེགས་འབུམ་ཕྲག་གི་སྣང་བ་དུས་གཅིག་ལ་སྦྱིན་པའི་ཉིན་མོར་བྱེད་པ་དེས་བདག་བསྟན་བཅོས་རྩོམ་པ་པོ་ཀུན་མཁྱེན་རྒྱལ་བ་ཀློང་ཆེན་པ་ཁོང་ཉིད་ཀྱི་བློའམ་ཐུགས་དེ་འདབ་སྟོང་གཡོ་བའི་མེ་ཏོག་པདྨའི་གེ་སར་རམ་ཟེའུ་འབྲུའི་གཟུགས་སུ་བཀོད་ནས། མཁའ་ལམ་ནས་ཤར་བའི་ཉི་མའི་འོད་ཟེར་དེ་ས་གཞིའི་པད་ཚལ་རྒྱས་པའི་གཉེན་དུ་གྱུར་བའི་བྱ་བྱེད་ལས་གསུམ་དང་འབྲེལ་བའི་དོན་གྱིས། སྐུ་གསུམ་འདུས་པའི་བདག་ཉིད་ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་པོ་དེ་ཉིད་ཀུན་ནས་དགའ་བ་དད་དང་མོས་གུས་བརྒྱ་ཕྲག་བརྩེགས་པའི་གཙུག་གམ་སྤྱི་བོ་ཡིས་མཆོད་ཅེས་སོ།།

༼ཁ བླ་མ་དང་མཁའ་འགྲོ་ལ་མཆོད་པར་བརྗོད་པ།

དེ་ནས་བྱིན་རླབས་ཀྱི་རྩ་བ་བརྒྱུད་པའི་བླ་མ་དང་། ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་དམ་ཅན་རྒྱ་མཚོ་ལ་མཆོད་པར་བརྗོད་པ་ནི།།

དཔག་མེད་ཐུགས་རྗེའི་སྤྲིན་ཚོགས་མངའ་བས་འགྲོ་ལ་ཕན་བདེའི་ཆར་འབེབས་ཤིང༌།།

མཁྱེན་བརྩེའི་འབྲུག་སྒྲ་ཕྱོགས་ཀྱི་མཐར་ཁྱབ་ཡེ་ཤེས་གློག་ཕྲེང་གསལ་བར་ཁྱབ།།

དུས་གསུམ་རྒྱལ་བའི་རྣམ་འཕྲུལ་གཅིག་བསྡུས་དཔལ་མགོན་བླ་མའི་ཚོགས་རྣམས་དང༌།།

མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་དེ་རིང་བདག་བློའི་པད་མཚོར་སྐྱོངས།།

ཞེས་གསུངས་ཏེ། དེ་ཡང་དཔག་ཏུ་མེད་པ་བགྲང་བར་དཀའ་བ་བྱིས་པ་སོ་སོ་སྐྱེ་བོའི་བློའི་ར་བ་ལས་ཆེས་ཆེར་འདས་པའི་བྱིན་རླབས་དང་ཐུགས་རྗེའི་སྤྲིན་ཚོགས་ཀྱི་ཕུང་པོ་ཚད་མེད་པ་མངའ་བས་ཏེ་མངའ་བའི་སྙིགས་དུས་ཀྱི་འགྲོ་བའི་གདུལ་བྱ་ལ་ཕན་པ་དང་བདེ་བའི་གྲུ་ཆར་གང་ལ་གང་འདུལ་དུ་འབེབས་པར་མཁས་ཤིང༌། །མཁྱེན་པའི་ཡེ་ཤེས་དང་བརྩེ་བའི་ཐུགས་རྗེའི་འབྲུག་གི་སྒྲ་ཕྱོགས་ཀྱི་འཁོར་ཡུག་གི་མཐར་ཁྱབ་པའི་ཡེ་ཤེས་ཀྱི་རང་འོད་དང་ལྡན་པའི་གློག་གི་ཕྲེང་བ་གསལ་བར་ཁྱབ་ཅེས་གསུངས་ཏེ། དེ་ཡང་མཁྱེན་པ་དང་བརྩེ་བ་གཉིས་དང་ལྡན་པའི་ཡེ་ཤེས་དེ། ཐབས་སྙིང་རྗེ་ཆེན་པོ་དང་ཤེས་རབ་སྟོང་པ་ཉིད་ཟུང་དུ་འབྲེལ་བ། སྟོང་ཉིད་སྙིང་རྗེ་སྙིང་པོ་ཅན་ཟུང་འཇུག་མཁའ་ལྟར་དག་པའི་ཡེ་ཤེས་ཀྱི་རང་རྩལ། འབྲུག་སྒྲ་དེ་མཁའ་དབྱིངས་མཐོན་པོ་ནས་གྲགས་པའི་ཚེ་ཕྱོགས་མཐར་ཁྱབ་པའི་བྱེད་ལས་ལྟར། གདུལ་བྱའི་ཡུལ་ལ་ཁྱབ་པའི་ཕྲིན་ལས་གློག་ཕྲེང་གི་འོད་ཟེར་གྱིས་གསལ་བར་ཁྱབ་པའི་དཔལ་ལྡན་བླ་མ་དམ་པ་ནི། འདས་པའི་སངས་རྒྱས་ཀྱི་སྤྲུལ་བ། ད་ལྟའི་སངས་རྒྱས་ཀྱི་རྒྱལ་ཚབ། མ་འོངས་སངས་རྒྱས་ཀྱི་འབྱུང་ཁུངས་ཡིན་པས་ན་དུས་གསུམ་རྒྱལ་བའི་རྣམ་འཕྲུལ་ཡིན་ཏེ། གང་ཉིད་ཀྱི་གསུང་ལས། དེ་ཡང་ཐབས་མཁས་ཐུགས་རྗེའི་བདག་ཉིད་ཀྱི། །ཞི་ཞིང་དུལ་བ་བཟོད་དང་ལྡན་པ་དེ། །སྡོམ་དང་དམ་ཚིག་སྤྱོད་ཚུལ་ཕུན་སུམ་ཚོགས། །མང་དུ་ཐོས་ཤིང་ལེགས་པར་སྦྱངས་པ་ཆེ། །བྱིན་རླབས་ཚད་མེད་གཞན་སྣང་ངང་གིས་སྒྱུར། །ཚེ་འདིར་མ་འདྲེས་ཆོས་བརྒྱད་མཁའ་ལྟར་དག །འབྲེལ་ཚད་དོན་ལྡན་ཐར་ལམ་འགོད་པ་འདི། །སྙིགས་མའི་དུས་སུ་རྒྱལ་བའི་རྣམ་འཕྲུལ་ཡིན། །ཞེས་གསུངས་པའི་ཕྱིར་དང་། གཞན་ཡང་སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་ཏེ་མཆོག་གསུམ་ཀུན་འདུས་བླ་མ་གཅིག་ལ་འདུས་པའམ་གཅིག་ཏུ་བསྡུས་པའི་འགྲོ་བ་ཐར་ལམ་ལ་བགྲོད་པའི་མགོན་ནམ་དེད་དཔོན་ཡིན་པས་ན་རིམ་བྱོན་མཁས་གྲུབ་དཔལ་མགོན་བླ་མའི་ཚོགས་རྣམས་དང༌ཞེས་པ་སྟེ། ཚོགས་རྣམས་ཞེས་པའི་མང་ཚིག་གི་ནང་དུ། རྩ་བའི་བླ་མ་བཀའ་དྲིན་ཅན། བརྒྱུད་པའི་བླ་མ་བྱིན་རླབས་ཅན། འདྲེན་པའི་བླ་མ་ཐུགས་རྗེ་ཅན་དང་། གཞན་ཡང་། རང་བཞིན་གཞིའི་བླ་མ། དག་པ་རང་སེམས་ཀྱི་བླ་མ། སྣང་བ་བརྡའི་བླ་མ། གང་ཟག་བརྒྱུད་པའི་བླ་མ་རྣམས་བསྟན་པ་ཡིན་ནོ། །མཁའ་འགྲོ་ཞེས་པ་ནི། མཁའ་འགྲོ། ཤུགས་འགྲོ། གནས་ཉུལ། ལས་དང་ཡེ་ཤེས་ཀྱི་མཁའ་འགྲོའི་རིགས་སུ་གྱུར་པ་མང་ཡང་། གཙོ་བོ་དབྱིངས་ཀྱི་མཁའ་འགྲོ། མ་ཚོགས་ཕྲིན་ལས་ཀྱི་བདག་མོ། ཆོས་དབྱིངས་ཀུན་ཏུ་བཟང་མོ། མཚན་དང་མཛད་པའི་ཐོག་ནས་ཐ་དད་དུ་སྣང་བ་རིགས་བཞིའི་ཁྱད་པར་ཅན་གྱི་ཌཱཀྐི་མ་རྣམས་དང་། དམ་ཅན་རྒྱ་མཚོའི་ཚོགས་ཏེ་དམ་ལ་གནས་པའི་ཐ་ཚིག་ཅན། སྔོན་གྱི་དུས་ཆེ་མཆོག་ཧེ་རུ་ཀས་རུ་ཏྲ་བསྒྲལ་བའི་དུས་སུ་གསང་སྔགས་ཀྱི་དཀྱིལ་འཁོར་གཉན་པོའི་གྲལ་དུ་བཞག་པ་དང་། ཕྱི་མའི་དུས་སུ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་བཀའ་བསྒོས་དམ་ལ་བཞག་པའི་སྲུང་མ་དམ་ཅན་རྒྱ་མཚོ་སྤྱི་དང་། ཁྱད་པར་དུ་སྔགས་སྲུང་ཨེ་ཀ་ཛཱ་ཊི་རལ་གཅིག་མ། ནམ་གྲུ་རེ་མ་ཏི་ལ་སོགས་པའི་སྐུའི་ཆ་བྱད་དུ་བྱོན་པ་དང་ནི། རྡོ་རྗེ་གཡུ་སྒྲོན་མ། གཟའི་དགེ་བསྙེན་ཆེན་པོ། དམ་ཅན་རྡོ་རྗེ་ལེགས་པ་ལ་སོགས་པའོ། །དེ་ལྟ་བུའི་རྩ་བརྒྱུད་ཀྱི་བླ་མ་རྣམས་དང་། མ་ཚོགས་མཁའ་འགྲོ། ཆོས་སྲུང་དམ་ཅན་དང་བཅས་པ་རྣམས་ཀྱིས་དེ་རིང་བདག་བློའི་པད་མཚོར་སྐྱོང་ཞིང་འདུ་འབྲལ་མེད་པར་བཞུགས་ནས་སྐྱོངས་མཛོད་ཅེས་པའོ། །དེ་ལྟ་བུ་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་གཞི་འབྲས་དབྱེར་མེད་པའི་བདག་ཉིད། དུས་གསུམ་རྒྱལ་བ་ཀུན་གྱི་ཐུགས་དང་དབྱེར་མེད་པ་དེ་ལ་མཆོད་པར་བརྗོད་པའོ།།

༼ག སེམས་ཀྱི་རང་བཞིན་ལ་མཆོད་པར་བརྗོད་པ།

གདོད་ནས་རྣམ་དག་ལྷུན་གྱིས་གྲུབ་ཀྱང་ཚུ་རོལ་མཐོང་བའི་ཡུལ་མིན་ལ།།

མ་ལུས་འགྲོ་ཀུན་རྗེས་སུ་ཞུགས་ཀྱང་སྲིད་ཞིའི་དྲི་མས་མ་གོས་ཤིང༌།།

མངོན་པར་བྱང་ཆུབ་ཞི་བ་བརྙེས་ཀྱང་ཆོས་མཆོག་གཞན་དུ་མི་འགྱུར་ལ།།

དག་དང་མ་དག་གཉིས་སུ་མེད་ཀྱང་དག་པ་མངོན་དུ་གྱུར་ལ་འདུད།།

ཅེས་པ་སྟེ། ཡེ་གདོད་མ་ཐོག་མའི་དུས་ནས་ངོ་བོ་ཡེ་དག་རང་བཞིན་རྣམ་དག་ཏུ་ལྷུན་གྱིས་གྲུབ་ཀྱང་སྟེ། དེ་ཡང་ཇི་སྐད་དུ། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཡང་དག་མིན་རྟོག་ལས་བྱུང་འདོད་ཆགས་སོགས། །གློ་བུར་དྲི་མས་དེ་ཉིད་རྨོངས་མི་འགྱུར། །ཞེས་གསུངས་པ་ལྟར་ཡེ་ནས་རྣམ་པར་དག་པ་ཡིན་ཡང་། རྒྱུད་བརྟག་གཉིས་ལས། འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །ཞེས་གསུངས་པ་ལྟར་སྒྲིབ་གཉིས་བག་ཆགས་དང་བཅས་པས་བསྒྲིབས་ནས་ཡོད་པས་སོ་སོ་སྐྱེ་བོ་ཚུ་རོལ་མཐོང་བའི་ཡུལ་མིན་ལ། །གསར་རྒྱུད་ཀྱི་ཆོས་སྐད་ལས་མཁའ་ཁྱབ་མཁའ་ཡི་རྡོ་རྗེ། རྫོགས་ཆེན་རང་སྐད་ལས་རང་བྱུང་གི་ཡེ་ཤེས། མདོར་ན་ཡེ་རྫོགས་ཆོས་དབྱིངས་ཆེན་པོ་དེའི་ངང་དུ་སྲིད་ཞིའི་ཆོས་ཐམས་ཅད་རྫོགས་པར་མ་ཟད། སྲིད་ཞི་ཀུན་ལ་ཁྱབ་ཅིང་ཆ་མེད་ཀུན་འགྲོ་ཁྱབ་པའི་རང་བཞིན་ཅན་མ་ལུས་འགྲོ་བ་ཀུན་གྱི་རྗེས་སུ་ཞུགས་ཀྱང་སྟེ། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་གསུངས་པ་ལྟར། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་སྲིད་ཞིའི་དྲི་མས་མ་གོས་ཤིང༌རྒྱ་གར་ཡང་མ་ཆད་ཕྱོགས་གང་དུ་ཡང་མ་ལྷུང་བས། །མངོན་པར་རྫོགས་པར་སངས་རྒྱས་ནས་བྱང་ཆུབ་ཞི་བའི་གོ་འཕང་བརྙེས་ཀྱང་གོང་དུ། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཞེས་དྲངས་པ་ལྟར་དཔེར་ན་ནམ་མཁའ་ལ་ཉིན་མོར་ཉི་མ་ཤར་བ་དང་མཚན་མོར་མུན་པ་འཐིབས་ཀྱང་ནམ་མཁའི་ངོ་བོ་ལ་འགྱུར་བ་མེད་པ་ལྟར། གདོད་ནས་རྣམ་པར་དག་པ་ཆོས་མཆོག་གཞན་དུ་མི་འགྱུར་བ་ལ། །ཚུ་རོལ་མཐོང་བའི་སོ་སོ་སྐྱེ་བོ་སྤྱི་དང་ལམ་ཞུགས་ལས་དང་པོ་བའི་ངོར་འཁོར་འདས་ཞེས་པ་དག་དང་མ་དག་གཉིས་སུ་སྣང་ན་ཡང་དོན་དུ་མེད་པ་ནི། སྒྲིབ་པས་གཤིས་ལ་ཡེ་ནས་གོས་མ་མྱོང་བ་དཔེར་ན་དངུལ་ཆུ་དཀར་པོ་རྡུལ་དང་མི་མཛའ་བ་ལྟར་གཟོད་ནས་དག་ཀྱང་དག་པ་དེ་ཉིད་མངོན་དུ་གྱུར་པ་འབྲས་བུ་མཐར་ཐུག་གི་ཡང་དག་མཐའ་དེ་ལ་མངོན་པར་འདུད་ཅེས་མཆོད་པར་བརྗོད་པའོ། །དེའི་དགོས་པ་ནི། བར་ཆད་ཞི་ཞིང་བྱིན་རླབས་ཐོབ་པའོ།།

༼ང༽ རྩོམ་པར་དམ་བཅའ་བ།

དེ་ལྟ་བུའི་དགོས་པ་དང་ལྡན་པའི་མཆོད་པར་བརྗོད་ནས་རྩོམ་པར་དམ་བཅའ་བ་བསྟན་བཅོས་ཀྱི་ལུས་རྣམ་གཞག་དང་འབྲེལ་ནས་གསུངས་པ་ནི།

ཤེས་བྱའི་མཁའ་དབྱིངས་ཤིན་ཏུ་རྒྱ་ཆེའི་གཞིར།།

རྒྱལ་བའི་དམ་ཆོས་གཟའ་སྐར་གྲངས་མེད་ལས།།

གསང་སྔགས་བླ་མེད་རྡོ་རྗེ་སྙིང་པོའི་གནས།།

ཚིག་དོན་རིན་ཆེན་མཛོད་ཀྱི་རྣམ་བཤད་བྱ།།

ཞེས་གསུངས་ཏེ། གང་ཞིག་ཤེས་བྱའི་གནས་དེ་ནི་མཐར་ཐུག་པ་མེད་པ་མཁའ་ཡི་དབྱིངས་ལྟར་ཤིན་ཏུ་རྒྱ་ཆེ་བ་ཚད་ཀྱིས་མི་ལང་བ་ཡིན་པས་དེའི་གཞི་དེར། ཇི་སྙེད་ཤེས་བྱའི་ཆོས་ཚུལ་དང་འཚམས་པའི་འཇལ་བྱེད་ཀྱི་ཐེག་པ་ཐམས་ཅད་ཀྱི་གནད་ཟབ་པ་དང་རྒྱ་ཆེ་བ་རྒྱལ་བའི་དམ་པའི་ཆོས་ཀྱི་གཟའ་སྐར་གྲངས་དང་མཐས་གཞལ་དུ་མི་ལང་བ་གྲངས་མེད་ཡོད་པ་ལས། ཞེས་ཤེས་བྱ་མཁའ་དབྱིངས་ཀྱི་གཟུགས་སུ་བཀོད་པ་དང་། རྒྱལ་བའི་དམ་ཆོས་གཟའ་སྐར་གྱི་གཟུགས་སུ་བཀོད་ནས་གསུངས་པའོ། །ཤེས་བྱའི་མཁའ་དབྱིངས་སུ་བཀྲ་བའི་དམ་ཆོས་གཟའ་སྐར་གྱི་ནང་ནས་གནད་ལས་གནད་ཀྱི་སྙིང་པོ་བླངས་པའི་གནད་མཆོག་ཆེས་ཟབ་པ་གསང་སྔགས་བླ་མེད་ཡང་གསང་མན་ངག་སྡེའི་རྡོ་རྗེ་སྙིང་པོའི་གནས། དོན་བཅུ་གཅིག་ཏུ་བསྡུས་ནས་གཏན་ལ་ཕབ་པ་ཚིག་དོན་རིན་ཆེན་མཛོད་དམ་སྐབས་ལ་ལར་འདིའི་མཚན་ལ་འོད་གསལ་རིན་པོ་ཆེའི་མཛོད་ཅེས་གྲགས་པའི་བསྟན་བཅོས་ཀྱི་རྣམ་བཤད་བྱ། ཞེས་པའོ། །མདོར་ན། གསང་སྔགས་བླ་མེད་རྡོ་རྗེ་སྙིང་པོའི་གནས། །ཚིག་དོན་རིན་ཆེན་མཛོད་ཀྱི་རྣམ་བཤད་བྱ། །ཞེས་པའི་ཚིག་རྐང་ཕྱི་མ་འདི་གཉིས་ཀྱིས་བསྟན་བཅོས་འདིའི་ལུས་རྣམ་གཞག་མདོར་བསྟན་ནས་རྩོམ་པར་དམ་བཅས་པའོ། །དེའི་དགོས་པ་ནི། བསྟན་བཅོས་འདི་མ་བརྩམས་པའམ་བརྩམ་པ་མཐར་དབྱུང་མ་ཐུབ་ན་འདི་ལྟ་བུའི་སྔོན་མེད་འཇིག་རྟེན་གྱི་མིག་ཐར་བའི་སྙིང་པོ་རང་ལག་ཏུ་སྟེར་བའི་ནོར་བུ་དེས་དོན་བྱེད་མི་ནུས་པ་ཡིན་པས། སྐྱེ་དགུ་ཉེར་བར་འཚོ་བའི་རྒྱལ་བའི་ཕྲིན་ལས་ཀྱི་སྙིང་པོ་ཟད་མེད་ཡིད་བཞིན་གྱི་ནོར་བུ་ལྟ་བུ་འདི་ཉིད་འཇིག་རྟེན་གྱི་ཁམས་སུ་སྣང་བར་བྱེད་པ་ལ། ཆོས་ཟབ་ཙ་ན་ནག་པོའི་བདུད་ཀྱང་ཟབ། ཅེས་གསུངས་པ་ལྟར་བདུད་དང་བར་ཆད་ཀྱི་འཚེ་བ་ཡང་དེ་བཞིན་དུ་མང་བ་ཡིན་པས། འདིར་རྩོམ་པར་དམ་བཅའ་བ་ནི་བྱ་དཀའ་བ་དང་། ཚིག་དོན་གྱི་གནད་རྡོ་རྗེའི་གནས་ཧ་ཅང་མང་བས་སྒྱིད་ལུག་པ་དང་། དེ་མིན་གཞན་གྱི་འཚེ་བ་དང་ནི་རང་ཉིད་སྐྱོ་བའི་དབང་གིས་བར་མ་དོ་ལ་བསྟན་བཅོས་རྩོམ་འཕྲོ་ལ་བཞག་ནས། མཛད་པ་དེའི་འཕྲོ་འདོར་བའི་ཉེན་ཁ་ལ་སོགས་པ་ལས་སྲུང་བའི་ཆེད་དུ། བརྩོམ་བྱ་དེ་མཐར་དབྱུང་བའི་དམ་བཅའ་མཛད་པའོ། །སྐྱེ་བོ་ཕལ་བ་ཞིག་ཡིན་ན་དམ་བཅས་པས་མི་ཚད་མནའ་ཞིག་སྐྱེལ་ཀྱང་སྔ་དྲོའི་ཚིག་ཐོག་ལ་ཕྱི་དྲོ་མི་འདུག་པ་ཡོད་ཀྱང་། དམ་པ་རྣམས་ནི་དེ་དང་མི་འདྲ་སྟེ། ཇི་སྐད་དུ། དམ་པས་མང་པོ་ཁས་འཆེ་མི་བྱ་ཡི། །གལ་ཏེ་དཀའ་བའི་ཁས་ནི་བླངས་གྱུར་ན། །རྡོ་ལ་རི་མོ་བྲིས་པ་ཇི་བཞིན་དུ། །ཤི་ཡང་གཞན་དུ་བྱེད་པར་མི་འགྱུར་རོ། །གསུངས་པ་ལྟར་དང་། །ཁྱད་པར་དུ་སངས་རྒྱས་བྱང་སེམས་ཀྱི་མཛད་པ་དེ་སེམས་ཅན་གྱི་དོན་ལས་མ་འདས་པ་ཡིན་ཞིང་། བྱང་ཆུབ་འདོད་པའི་སྐྱེ་བོ་དེ་ཆོས་ཀྱི་སྐལ་བ་བཟང་པོ་དང་ལྡན་པ་ཡིན་པས། དེའི་དོན་གཉེར་བྱ་ཡུལ་གྱི་མཆོག་ཐར་བ་ཡིན་ལ་དེ་སྒྲུབ་པའི་ཐབས་ཀྱི་གནད་མ་བཀྲལ་ན་ཁོང་དུ་མི་ཆུད་པའམ་གོ་མི་ཐུབ་པ་ཡིན་ཕྱིར། དེའི་དོན་དེ་གདུལ་བྱའི་ཁོང་དུ་ཆུད་པའི་ཆེད་དུ་དགོས་དོན་སོགས་དང་ཡང་གོང་འོག་འབྲེལ་ནས་ཡོད་པ་ཡིན་པས། །འདིའི་བརྗོད་བྱ། དགོས་པ། ཉིང་དགོས། འབྲེལ་བ་སྟེ་དགོས་སོགས་ཆོས་བཞི་བོ་ཇི་ལྟར་ཚང་བ་ཡིན་ཞེ་ན། འོད་གསལ་རྡོ་རྗེའི་སྙིང་པོའི་གནས་གཞི་ལམ་འབྲས་གསུམ་གསལ་བ་ནི་བརྗོད་བྱ། ཟབ་དང་རྒྱ་ཆེའི་གནད་ཐམས་ཅད་རྟོགས་ནས་ཐོས་བསམ་སྒོམ་པའི་སྒྲུབ་པ་མཐར་ཕྱིན་པ་དེ་དགོས་པ། སྒྲུབ་པ་མཐར་ཕྱིན་ནས་བྱང་ཆུབ་གྲུབ་པ་དེ་ཉིང་དགོས། བརྗོད་བྱ་དང་རྗོད་བྱེད་ལ་བརྟེན་ནས་དོན་རྟོགས་པ་བཞིན་དུ་བསྒྲུབས་པས་འབྲས་བུ་གྲུབ་པ་དག་གཅིག་ལ་གཅིག་བརྟེན་དུ་འབྱུང་བ་འབྲེལ་བའོ།།

བར་དུ་དགེ་བ་གཞུང་གི་དོན་བཤད་བྱ་བསྟན་བཅོས་དངོས་ཀྱི་ལུས་བཤད་པ།

༼ཀ༽ ཁྱུང་ཆེན་མཁའ་ལྡིང་གི་འགྲོས་ཀྱིས་དོན་གྱི་ཁོག་ཕུབ་པ།

དེ་ཡན་གྱིས་ཐོག་མ་དགེ་བ་ཀླད་ཀྱི་དོན། བསྟན་བཅོས་རྩོམ་པའམ་བསྟན་བཅོས་དངོས་ལ་འཇུག་པའི་ཡན་ལག མཚན་སྨོས་པ། ཕྱག་འཚལ་བ། མཆོད་པར་བརྗོད་པ། རྩོམ་པར་དམ་བཅའ་བ་དང་བཞི་བོ་སོང་ནས། ད་ནི་གཉིས་པ་བར་དུ་དགེ་བ་གཞུང་གི་དོན་ལ། གོང་ནས་མདོར་བསྟན་གྱི་ཚུལ་དུ་སྨོས་པའི་ལུས་རྣམ་གཞག་དེ་ཉིད་ཅུང་ཟད་གསལ་བར་བཀྲལ་བའི་ཆིངས་ཀྱིས་བསྟན་པ་སྟེ། དེ་ལ་སྤྱིར་གསང་ཆེན་ངེས་པའི་ཐེག་པ་འདི་ལ་ལུང་ལྟར་དུ་བཤད་ཚུལ། རྒྱུད་ལྟར་དུ་བཤད་ཚུལ། མན་ངག་ལྟར་དུ་བཤད་ཚུལ་དང་གསུམ་དུ་ངེས་ཤིང་། ལུང་ལྟར་དུ་བཤད་ཚུལ་ནི་ཕུན་སུམ་ཚོགས་པ་ལྔ་ཡིས་བཤད་པ་དང་། རྒྱུད་ལྟར་བཤད་པའི་བཤད་ལུགས་ནི་གནས་ངེས་པ་གསུམ་གྱིས་བཤད་པ་དང་། མན་ངག་ལྟར་བཤད་པ་ནི་གཞི་ལམ་འབྲས་གསུམ་གྱིས་བསྡུས་ནས་བཤད་པའི་འཆད་ཐབས་ཀྱི་ནང་ནས་སྐབས་འདིར་གང་ལྟར་བཤད་ན། མན་ངག་ལྟར་འཆད་པའི་ལུགས་གཙོ་བོར་བཟུང་ནས་གཞན་གཉིས་པོ་ཞར་ལ་ཚང་བའི་སྒོ་ནས་བཤད་པའོ། །དེ་ཡང་འདུས་བྱས་འཕོ་འགྱུར་ཅན་གྱི་དུས། འདས་མ་འོངས་ད་ལྟའི་དུས་གསུམ་ལས་འདས་པའི་འདུས་མ་བྱས་སྐྱེ་འགག་གནས་གསུམ་དང་བྲལ་བའི་ཀ་དག་དུས་མེད་ཀྱི་དུས་གང་གི་ཚེ་ན་ཞེས་དུས་ཕུན་སུམ་ཚོགས་པ་བསྟན། གདོད་མ་གཞིའི་ནང་དབྱིངས། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ལྷུན་གྲུབ་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་ལྷུན་གྱིས་གྲུབ་པའི་ཕོ་བྲང་དུ་ཞེས་གནས་ཕུན་སུམ་ཚོགས་པ་བསྟན། སྟོན་པ་ཕུན་སུམ་ཚོགས་པ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཞེས་པ་འདི་ཡན་གྱིས་བསྟན་པ་སྟེ། དེ་ཡང་སྐུ་དང་ཡེ་ཤེས་མཛད་པ་ཕྲིན་ལས་དང་བཅས་པ་བསྟན་པ་དང་། འཁོར་ཕུན་སུམ་ཚོགས་པ་རང་སྣང་ཆོས་སྐུའི་འཁོར་ཚོགས་ཉིད་ལས་མི་གཞན་པ་རིགས་ལྔའི་སངས་རྒྱས་སུ་སྣང་བ་སོགས་ཤུགས་ལ་བསྟན་ཏོ། །དེ་ལ་བཅོམ་ལྡན་འདས་ཞེས་པ་ནི། བདུད་བཞི་དང་སྒྲིབ་གཉིས་བག་ཆགས་དང་བཅས་པ་བཅོམ་པའི་སྤངས་པ་ཕུན་ཚོགས་དང་། ལེགས་པའི་ཡོན་ཏན་དྲུག་དང་ལྡན་པའམ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དོན་དང་ལྡན་པའི་རྟོགས་པ་ཕུན་སུམ་ཚོགས་པ་དང་། དེ་ལྟ་བུའི་བཅོམ་པ་དང་ལྡན་པའི་དོན་དེ་ཉིད་དང་ལྡན་པས་ན་བཅོམ་ལྡན་དང་། འཁོར་འདས་བླང་དོར་ཡོད་མེད་སྤྲོས་པའི་མཚན་མ་ཐམས་ཅད་ལས་འདས་པས་བཅོམ་ལྡན་འདས། དེ་ཡང་ཕལ་བོ་ཆེ་ལས། སྲིད་དང་ཞི་ལས་རྣམ་གྲོལ་ཞིང་། །ཡོན་ཏན་རྒྱ་མཚོ་གཉིས་སུ་མེད། །སྤྲོས་པ་ཀུན་ལས་རབ་འདས་པའི། །བཅོམ་ལྡན་འདས་ནི་མཁའ་རབ་ཞི། །ཞེས་སོ། །ཆོས་སྐུའི་དབྱིངས་ལས་མི་གཡོ་བ་རང་གི་དཔལ། དེ་ཉིད་ཀྱི་ངང་ལས་གཟུགས་སྐུ་ལྷུན་གྲུབ་ཏུ་འཆར་བ་གཞན་གྱི་དཔལ། དེ་ལྟ་བུའི་དཔལ་དང་ལྡན་པའི་ཀུན་ཏུ་བཟང་པོ་ནི། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་བདག་ཉིད་དུ་ལྷུན་སྟུག་པོ་བཀོད་པའི་ཞིང་ན་འཕོ་འགྱུར་མེད་པས་དུས་ཀུན་ཏུ་བཞུགས་ཤིང་ཡེ་ཤེས་རང་སྣང་བའི་ལོངས་སྤྱོད་ཆེན་པོ་རྫོགས་པ་ཡིན་པས་ན་བཟང་པོའོ། འཁོར་འདས་ཀུན་གྱི་ཐོག་མར་རང་བྱུང་གིས་ཡེ་སངས་རྒྱས་པའི་སྤངས་རྟོགས་མཐར་ཕྱིན་ཅིང་། བྲལ་སྨིན་གྱི་ཡོན་ཏན་ཐམས་ཅད་རང་ཆས་སུ་ལྡན་པའི་དཔལ་མངའ་བ། ཀུན་ཏུ་བཟང་པོ་དེ་ལ་དབྱེ་ན། རང་བཞིན་ཀུན་ཏུ་བཟང་པོ། རྒྱན་ཀུན་ཏུ་བཟང་པོ། སྟོན་པ་ཀུན་ཏུ་བཟང་པོ། རིག་པ་ཀུན་ཏུ་བཟང་པོ། རྟོགས་པ་ཀུན་ཏུ་བཟང་པོ་སྟེ་དེ་ལྟ་བུའི་དབྱེ་བ་ཡོད་ཅིང་། དེ་ལས་སྟོན་པ་ཀུན་ཏུ་བཟང་པོ་ལ་གཙོ་བོའི་སྒྲ་འཇུག་པ་ནི། དབང་ཕྱུག་ཆེན་པོའི་འོག་མིན་ན་མདངས་ནང་གསལ་ཆོས་སྐུ་དང་། གདངས་ཕྱིར་གསལ་ལོངས་སྐུའི་ངོ་བོར་ཤར་བའི་རྩལ་དེ་ལས། གང་འདུལ་གདུལ་བྱའི་ངོ་ཁར་རོལ་བ་སྤྲུལ་སྐུའི་སྟོན་པར་ཤར་བ་གང་ཞིག ཐོག་མའི་སངས་རྒྱས་སྔར་སངས་རྒྱས། །ཞེས་གསུངས་པ་ལྟར་ཡེ་རྫོགས་གདོད་མའི་གཞི་དབྱིངས་ནས་མངོན་པར་བྱང་ཆུབ་བརྙེས་ཟིན་ཀྱང་། སླར་ཡང་བྱང་ཆུབ་ཤིང་དྲུང་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་བྱང་ཆུབ་པ་སྟེ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཚུལ་བསྟན་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་དགཐམས་ཅད་ཀྱི་འབྲས་བུའི་མཆོག་མཐར་ཐུག་པ་ནི། རང་བཞིན་རྫོགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་གསུངས་པ་ཡིན་ལ། རྒྱལ་བས་ཆོས་འཁོར་བསྐོར་ཚུལ་ལ་ཡང་། ཉོན་མོངས་འདོད་ཆགས་འདུལ་བའི་གཉེན་པོ་རུ། །འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཞེས་པ་ལ་སོགས་པ་ལྟར། སྟོན་པས་མི་ཡུལ་ནས་བྱང་ཆུབ་ཀྱི་མཛད་པ་བསྟན་ནས་ཐུན་མོང་གི་ཆོས་འཁོར་བསྐོར་བའི་སྐབས་སུ། ལོངས་སྐུས་འོག་མིན་ནས་རྒྱུད་གསུངས་པ་དེ་རང་ལུགས་ཀྱི་བཞེད་པ་ཡིན་ནོ། །ཨ་ཏི་ཡོ་ག་འདི་འབྲས་བུའི་ཐེག་པ་ཡིན་པ་ཅིའི་ཕྱིར་ཞེ་ན། ཐེག་པ་དེས་རྟོགས་པའི་ཡེ་ཤེས་དེ། ལམ་སྟེགས་ཀྱི་ཐེག་པ་གཞན་གྱི་གྲུབ་མཐའི་ཐོག་ནས་མཐར་ཕྱིན་པའི་གདེངས་ཤིག་ལ་མི་བསམ་པར་ཨ་ཏི་ཡོ་ག་དེ་དབང་བཞི་བའི་ཡེ་ཤེས་ཡིན་པ་ལ་གོ་དགོས་ཤིང་། དེ་ཡང་རྒྱུད་སྡེ་བཞི་རུ་འདོད་པའི་ལུགས་ལྟར་བྱས་པའམ། ཨ་ཏི་ཐེག་པ་གཞན་དུ་མ་བཞག་པའི་ལུགས་ལྟར་གང་ཡིན་ཡང་རུང་། བླ་མེད་ཀྱི་ལམ་གྱི་ཡེ་ཤེས་དེ་ཨ་ཏིའི་ཐེག་པ་ཡིན་ལ། དེ་ཐེག་རྩེ་ཤིན་ཏུ་རྣལ་འབྱོར་གྱི་གདུལ་བྱ་ལ་རྩལ་དུ་བཏོན་ནས་བཞག་པ་ཡིན་པས་ན། ཐེག་རྩེ་འབྲས་བུ་མཐར་ཐུག་པའི་མཆོག་ཏུ་གྲུབ་པ་ཡིན། དེ་ལྟ་བུའི་རྫོགས་པ་ཆེན་པོ་རྫོགས་ཆེན་སྡེ་གསུམ་ཀློང་དགུའི་བསྡུས་པའི་ཆོས་ཀྱི་རྣམ་གྲངས་ལས། འོད་གསལ་རྡོ་རྗེའི་སྙིང་པོའི་ཐེག་པ་བླ་ན་མེད་པ། མཆོག་ལས་མཆོག་ཏུ་གྱུར་པ་ཡང་གསང་མན་ངག་སྡེའི་གནས་ངེས་པ་བསྟན་པ་དེ་ཉིད་གང་ཡིན་ན། གཞུང་འདི་ཉིད་ཡིན་ཏེ། དེའི་གནས་ངེས་པ་ནི་འོད་གསལ་མཆོག་ཏུ་མི་འགྱུར་བའི་རྒྱུད་བཅུ་བདུན་མན་ངག་བརྒྱ་དང་བཅུ་དགུའི་ཚོགས་དང་བཅས་པ་ལས། དེ་ལ་སྤྱིར་རྒྱུད་ཀྱི་དོན་ལ། ངོ་བོ། ངེས་ཚིག དབྱེ་བ། ལྡང་ཚད། དཔེ་དང་། འཐད་པ་བཅས་ཀྱིས་གསུངས་ཡོད་པས། དེ་ལ་རྒྱུད་ཀྱི་ངོ་བོ་ནི། རིག་པའི་ཡེ་ཤེས་དང་དེ་གཏན་ལ་འབེབས་པའི་གནས་གསང་བ་ཆེན་པོ་དབྱེ་བསལ་དང་སྣོན་འཕྲི་བྱར་མི་བཏུབ་ཅིང་ཐང་ཆོད་པ་ཞིག་ལ་ཟེར། དེའི་ངེས་ཚིག་ནི། རིགས་མངོན་པའི་ཕྱིར་ན་རྒྱུད་དེ། གང་དང་གང་གི་རིགས་སུ་སྐྱེ་བར་བྱེད་པས་ན་རྒྱུད་དང་། ཐང་ཆོད་ཅིང་བར་མ་ཆད་ལ་བྲེང་ཆགས་པས་ན་རྒྱུད་ཅེས་གསུངས་པའང་ཡོད། དབྱེ་བ་ནི། རང་བཞིན་དོན་གྱི་རྒྱུད་དང་། མཚོན་བྱེད་ཚིག་གི་རྒྱུད་གཉིས་ཡོད་པ་ལས། དོན་རྒྱུད་ནི། སེམས་ཉིད་རང་བཞིན་གྱིས་འོད་གསལ་བ་གློ་བུར་རྣམ་རྟོག་གི་དྲི་མ་གཤིས་ལ་མ་ཞུགས་པ་སྟེ། དེས་སྣོད་བཅུད་འཁོར་འདས་ཀུན་ལ་ཁྱབ་པས་རྒྱུད་དང་། དེ་སངས་རྒྱས་ཀྱི་རིགས་ཡིན་པས་ན་ཡང་རྒྱུད་དེ། འཚང་རྒྱ་བའི་མཚན་ཉིད་འཛིན་པས་རྒྱུད་དུ་བཞག་པའོ། །ཚིག་གི་རྒྱུད་ནི། དོན་དེ་མཚོན་པར་བྱེད་པའི་གནས་ཡི་གེ་འདུས་པ་ལས་མིང་། མིང་འདུས་པ་ལས་ཚིག ཚིག་འདུས་པ་ལས་བརྡ། བརྡ་ཡིས་དོན་སྟོན་པ་བྱེད་པའི་ཐ་སྙད་དང་། བརྗོད་བྱ་སྡེ་ཚན་དུ་བགོས་པའི་རྗོད་བྱེད་ཚིག་གི་ཚོགས་འདུས་པའི་ལེའུ་ལ་སོགས་པས་བཅད་པ་དེ་ཡིན་ནོ། །དེ་ལ་ཡང་ཐབས་བསྐྱེད་པའི་རིམ་པ་གཙོ་བོར་བསྟན་པ་དང་། ཤེས་རབ་རྫོགས་པའི་རིམ་པ་གཙོ་བོར་བསྟན་པ་སོགས་སུ་ཡོད་པའོ། མཚོན་བྱེད་ཚིག་གི་རྒྱུད་ཀྱི་ལྡང་ཚད་ནི། བསྐྱེད་རིམ་གཙོ་ཆེ་བ་ཞིག་ཡིན་ན་དོན་བཅུ་ཚང་དགོས་པ་ཡིན་ཏེ། དབང་དམ་ཚིག་གཉིས། ལྷ་སྔགས་གཉིས། དཀྱིལ་འཁོར་མཆོད་པ་གཉིས། ཏིང་འཛིན་སྤྱོད་པ་གཉིས། ཕྲིན་ལས་དང་ལྟ་བ་གཉིས་ཏེ་དེ་བཅུ་བོ་ཚང་ན་བསྐྱེད་རིམ་གཙོ་ཆེ་བའི་རྒྱུད་ཡིན་ལ། རྫོགས་རིམ་གཙོ་ཆེ་བའི་རྒྱུད་ལ་དོན་བརྒྱད་ཚང་དགོས་པ་ཡིན་ཏེ། དེ་ཡང་། ལྟ་འབྲས་སྤྱོད་སྒོམ་སེམས་ཡེ་ཤེས། །ཉམས་དང་གདམས་པ་རྫོགས་རིམ་མོ། །ཞེས་པ་ནི་རང་གི་བློ་འཛིན་བདེ་ཆེད་སྡོམ་དུ་བྱས་པ་སྟེ། དེ་ཡང་ལྟ་བ་འབྲས་བུ་གཉིས། སྤྱོད་པ་སྒོམ་པ་གཉིས། སེམས་དང་ཡེ་ཤེས་གཉིས། ཉམས་དང་གདམས་པ་གཉིས་ཏེ་བརྒྱད་ཚང་ན་རྫོགས་རིམ་གཙོ་བོར་བསྟན་པའི་རྒྱུད་ཡིན་ཞིང་། ཟུང་འཇུག་གཉིས་མེད་ཀྱི་རྒྱུད་ལ་ནི་དེ་གཉིས་ཀ་ཚང་བའི་བཅོ་བརྒྱད་དང་ལྡན་དགོས། རྫོགས་རིམ་ལ་དབྱེ་ན་ཆུང་བ་རྩ་རླུང་ཐིག་ལེའི་རྫོགས་རིམ་དང་། ཆེན་པོ་སྤྲོས་མེད་ཀྱི་རིམ་པ་འོད་གསལ་ཡེ་ཤེས་ཀྱི་རིམ་པ་བསྟན་པ་དང་གཉིས་སུ་ཡོད་དོ། །ཡོངས་རྫོགས་རྫོགས་པ་ཆེན་པོ་འདི་བསྐྱེད་རྫོགས་གཉིས་ལས་རྫོགས་རིམ་དང་། རྫོགས་རིམ་ལས་རྫོགས་རིམ་ཆེན་པོ་ཡིན་ནོ། །དེའི་ལྡང་ཚད་དེ་ཅི་ཙམ་ཡོད་ཅེ་ན། དབང་དང་དམ་ཚིག ལམ་དང་ལ་བཟླ། འབྲས་བུ་དང་ལྔ་ཚང་བའི་བཤད་པའོ། །དཔེ་ནི། ཚིག་ཐ་དད་པ་མང་པོ་ཞིག་ལ་བརྟེན་ནས་དོན་གཅིག་ཏུ་སློང་བ་དཔེར་ན་སྣལ་མ་མང་པོ་ཚོགས་པ་ལ་བརྟེན་ནས་སྣམ་བུ་གྲུབ་པ་དང་། རྒྱུ་སྤུན་གྱི་སྐུད་པ་མང་པོ་ལ་བརྟེན་ནས་རས་ཡུག་གྲུབ་པ་ལྟ་བུ་ཞིག་ཡིན། རྒྱུད་ཀྱི་འཐད་པ་ནི། རང་ལ་གནས་པའི་རྒྱུད་དེ་མཚོན་པར་བྱེད་པས་ན་རྒྱུད་དང་། ཚིག་གི་གནད་ལ་བརྟེན་ནས་དོན་ཕྱིན་ཅི་མ་ལོག་པར་གཏན་ལ་འབེབས་ཤིང་རྟོགས་པར་བྱེད་པས་ན་རྒྱུད་དོ། །དེ་དག་གི་རང་བཞིན་རྒྱས་པར་བཀྲལ་ན་ཤིན་ཏུ་མཐའ་ཡས་པ་ཡིན་ཡང་སྐབས་ཀྱི་བརྗོད་དོན། རྗོད་བྱེད་ཚིག་གི་རྒྱུད། རྒྱུད་བཅུ་བདུན་མན་ངག་བརྒྱ་དང་བཅུ་དགུའི་ཚོགས་དང་བཅས་པ་ལས་ཞེས་གསུངས་པའི་རྒྱུད་བཅུ་བདུན་དེ་ཇི་ལྟར་སྡེ་ཚན་དུ་ཕྱེ་ན། སྙིང་པོ་གསུམ། དྭངས་མ་གསུམ། མེ་ཏོག་གསུམ། དེ་ལས་གཞན་པ་བརྒྱད་དང་སྔགས་སྲུང་ཁྲོས་མའི་རྒྱུད་དང་དགུ་བོ་ནི་མཁར་ཡན་ལག་དང་བཅས་པའི་དཔེ་དང་བཅས་ཏེ་གསུངས་ཏེ། དེ་ཡང་དང་པོ་རྒྱུད་ཀྱི་སྙིང་པོ་གསུམ་ནི། རིག་པ་རང་ཤར་དང་གཅིག རིག་པ་རང་གྲོལ་དང་གཉིས། ཡི་གེ་མེད་པ་དང་གསུམ་མོ། །འདི་གསུམ་པོ་ནི་རྒྱལ་བློན་འབངས་གསུམ་འཛོམས་པ་ལྟ་བུ་ཡིན་ཏེ། རྒྱལ་བློན་འབངས་གསུམ་འཛོམས་ན་རྒྱལ་ཁམས་ལ་དབང་བསྒྱུར་ཐུབ་པ་ལྟར། རྒྱུད་འདི་གསུམ་པོ་འཛོམས་ན་རྒྱུད་སྡེ་ཀུན་ལ་དབང་བསྒྱུར་ཐུབ་པའི་ཕྱིར། གཉིས་པ་དྭངས་མ་གསུམ་ནི། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་། ནོར་བུ་ཕྲ་བཀོད་དང་གསུམ་མོ། །འདི་གསུམ་ནི་དཔེར་ན། རི་རབ་རྩེ་ནས་རྒྱང་ཤེལ་བཙུགས་པ་ལྟ་བུ་ཡིན་ཏེ། རི་རབ་རྩེ་ནས་རྒྱང་ཤེལ་བཙུགས་ནས་བལྟས་ན་དམའ་བའི་རི་ལུང་ཐམས་ཅད་དུས་གཅིག་ལ་མཐོང་བ་ལྟར། རྒྱུད་ཐམས་ཅད་ཀྱི་ཁོག་དོན་ཤེས་པའི་དགོས་པ་ཡོད་པའི་ཕྱིར། གསུམ་པ་མེ་ཏོག་གསུམ་ནི། མུ་ཏིག་ཕྲེང་བ། བཀྲ་ཤིས་མཛེས་ལྡན། སེངྒེ་རྩལ་རྫོགས་དང་གསུམ་མོ། །འདི་གསུམ་ནི་དཔེར་ན་ཉི་ཟླ་སྐར་གསུམ་ལྟ་བུ་ཡིན་ཏེ། ནམ་མཁའི་ཉི་ཟླ་སྐར་གསུམ་གྱིས་མུན་པ་སེལ་བ་ལྟར། འདི་གསུམ་གྱིས་རྒྱུད་ཀྱི་ཚིག་དོན་ཐམས་ཅད་གསལ་བོར་རྟོགས་ཐུབ་པའི་ཕྱིར། བཞི་བ་རྒྱུད་ཐམས་ཅད་ཀྱི་བསྡོམས། རྫོགས་པ་རང་བྱུང་ནི་མཁར་གྱི་རྨང་རྡོ་ལྟར་ཡིན་ཏེ། དེ་རྟོགས་ན་ཐར་བའི་གཞི་བཏིང་བའི་ཕྱིར། ལྔ་བ་སྣང་བ་གཏིང་རྫོགས་ཀྱི་རྒྱུད་ངོ་སྤྲོད་སྤྲས་པ་ནི་རྩེ་མོ་དང་བཅས་པའི་མཁར་ལ་ཕྱོགས་ཀྱི་དགྲ་དམག་གིས་མི་ཚུགས་པ་ལྟར་ཡིན་ཏེ། དེ་རྟོགས་ན་འཁོར་བ་ལ་མི་འཇིགས་པའི་དཔའ་གདེངས་ལྡན་པའི་ཕྱིར། དྲུག་པ་ཡེ་ཤེས་གཡུལ་ལྡོག་གི་རྒྱུད་ཉི་ཟླ་ཁ་སྦྱོར་ནི་མཁར་གྱི་ཕྱོགས་བཞིར་སྐར་ཁུང་བཏོད་པ་བཞིན་ཡིན་ཏེ། དེས་བར་དོའི་འཁྲུལ་བ་ལྡོག་པར་བྱེད་པའི་ཕྱིར། བདུན་པ་ཡན་ལག་གི་རྒྱུད་གཉིས་ནི། རིན་པོ་ཆེ་སྤུངས་པ་དང་། སྐུ་གདུང་འབར་བའི་རྒྱུད་དེ་འདི་གཉིས་མཁར་ལ་བ་གམ་བཏགས་པ་བཞིན་ཡིན་ཏེ། ཡེ་ཤེས་རང་སྣང་དུ་རྟོགས་ནས་བདེ་བར་གཤེགས་པས་རབ་ཏུ་མཛེས་པའི་དགོས་པ་དང་ལྡན་པའི་ཕྱིར། བརྒྱད་པ་རྣམ་པར་གྲོལ་བའི་རྒྱུད་སྒྲོན་མ་འབར་བ་ཁོང་དུ་ཆུད་ན་རྒྱལ་པོ་ཕོ་བྲང་གི་རྩེ་ན་བཞུགས་པ་ལྟར་ཡིན་ཏེ། དོན་ཀུན་རང་ཤུགས་སུ་འགྲུབ་པའི་དགོས་པ་དང་ལྡན་པའི་ཕྱིར། དགུ་བ་སྙིང་དང་འདྲ་བའི་ཀློང་དྲུག་པ་ནི་མཁར་གྱི་དགྲ་སྒོ་བསྡམས་ན་གླགས་མི་རྙེད་པ་ལྟར་ཡིན་ཏེ། ལྟ་བ་རྟོགས་པས་གོལ་སྒྲིབ་དང་བར་ཆད་མེད་པའི་དགོས་པ་ཡོད་པའི་ཕྱིར། བཅུ་བ་གསང་བ་རང་བྱུང་སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ནི་མཁར་གྱི་ཐ་མར་ལྕགས་རིས་བསྐོར་བ་ལྟར་ཡིན་ཏེ། དོགས་པ་ཐམས་ཅད་གཅོད་བྱེད་ཡིན་པའི་ཕྱིར། དེ་ཐམས་ཅད་ཀྱི་ཐ་མ་བཅུ་གཅིག་པ་མཚོན་ཆ་ལྟ་བུ་ནག་མོ་ཁྲོས་མའི་རྒྱུད་ནི་སྒོ་སྲུང་བཟང་པོས་མཁར་སྒོ་བསྲུངས་ནས་གནོད་བྱེད་ནང་དུ་མི་གཏང་བ་དང་འདྲ་སྟེ། འགལ་བྱེད་ཆམ་ལ་ཕབ་ནས་བར་ཆད་སྲུང་བའི་རྒྱུད་ཡིན་པའི་ཕྱིར་རོ། །དེའི་རྒྱུད་བཅུ་བདུན་སྔགས་སྲུང་ཁྲོས་མའི་རྒྱུད་དང་བཅོ་བརྒྱད་པོ་སྡེ་ཚན་བཅུ་གཅིག་ཏུ་དྲིལ་ནས་དཔེ་དོན་སྦྲགས་ནས་བཤད་པའོ། །དེ་ལྟ་བུའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་སྙིང་པོའི་ཡང་བཅུད་ཚུར་བསྡུས་ནས་གསང་ཆེན་སྙིང་པོའི་རྒྱུད་ཆེན་བཅུ་བདུན་མན་ངག་བརྒྱ་དང་བཅུ་དགུའི་གནད་ཐམས་ཅད་འདིར་སྐལ་ལྡན་ཚེ་གཅིག་གི་ཐར་བ་སྒྲུབ་པའི་དོན་དུ་རྒྱུད་དང་མན་ངག་གི་དོན་མངོན་པར་རྟོགས་པ་ལག་ལེན་དུ་བསྟན་ན་ཞེས་མཚམས་སྦྱར་ཏེ། གཞི་དང་འཁྲུལ་ཚུལ་ཁྱབ་ཚུལ་དང༌། །གནས་དང་ལམ་དང་སྒོ་དང་ཡུལ། །ཉམས་ལེན་ཚད་དང་བར་མ་དོ། །གྲོལ་ས་ཉིད་དང་བཅུ་གཅིག་གོ །ཞེས་པ་སྟེ། གཞི་དང་གཅིག འཁྲུལ་ཚུལ་དང་གཉིས། ཁྱབ་ཚུལ་དང༌གསུམ། གནས་དང་བཞི། ལམ་དང་ལྔ། སྒོ་དང་དྲུག ཡུལ་དང་བདུན། ཉམས་ལེན་དང་བརྒྱད། གྲོལ་ཚད་དང་དགུ། བར་དོ་དང་བཅུ། མཐར་ཐུག་གི་གྲོལ་ས་དང་བཅུ་གཅིག་པོ་དེ་ཡིས་རྡོ་རྗེའི་གནས་ཡོངས་སུ་རྫོགས་པར་བསྟན་པའོ།།

༼ཁ༽ སྟག་མོའི་མཆོངས་སྟངས་ཀྱིས་དོན་གྱི་ས་ཆེན་བཅད་པ།

དེ་ནས་སྡོམ་ཚིག་གི་དོན་ཅུང་ཟད་བཀྲལ་བའི་སྒོ་ནས་གཞུང་གིས་མདོར་བསྟན་པ་ནི། དེ་ལ་རྟོགས་ཏེ་སངས་རྒྱས་མ་བྱུང༌། མ་རྟོགས་ཏེ་སེམས་ཅན་མ་བྱུང་བའི་སྔོན་རོལ་ན་གཞི་དངོས་པོ་གཤིས་ཀྱི་གནས་ལུགས་བསྟན་པ་དང༌། ཞེས་པ་ནི། གཞི་ལྷུན་གྲུབ་རིན་པོ་ཆེའི་སྦུབས། གཞོན་ནུ་བུམ་པ་སྐུའི་ཞིང་ཁམས། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བདག་ཉིད་ལྷུན་གྲུབ་གཞོན་ནུ་བུམ་སྐུའི་ཕྱི་རྒྱ་མ་རལ་བའི་སྐབས་སུ་དེའི་ངོ་བོ་ཀ་ནས་དག་པ་ཤེལ་གོང་དྲི་མ་མེད་པ་དང་འདྲ་ཞིང་། དངོས་པོ་དང་མཚན་མ་མ་གྲུབ་པའི་རང་བཞིན་ལྷུན་གྱིས་གྲུབ་པ་ནི་ཤེལ་དྭངས་མོ་ཞིག་གི་ནང་ན། ཕྲ་བའི་རང་འོད་ཅིག་གཏིང་གསལ་དུ་ཡོད་ཀྱང་རྐྱེན་དང་མ་ཕྲད་པས་ཕྱིར་མ་སྣང་བ་ལྟ་བུའོ། །དེའི་ངོ་བོ་ཀ་དག་ཡིན་པས་ན་སྟོང་པ་དངོས་པོ་དང་མཚན་མ་རུ་གཟུང་དུ་མེད་པ་ནི། དཔེར་ན་ཤེལ་དྭངས་མོ་དེ་ཕྱི་གསལ་ནང་གསལ་སྒྲིབ་བྱེད་མེད་པ་བཞིན་དང་། རང་བཞིན་ལྷུན་གྲུབ་ཡིན་པས་སྣང་བ་ཐམས་ཅད་ཀྱི་འཆར་གཞི་རུ་གནས་ཀྱང་རང་ངོ་ཕྱི་གསལ་དུ་མཚན་མ་རིས་ཅན་གྱི་འོད་དང་སྐུ་དང་ཁ་དོག་དངོས་སུ་མི་སྣང་བར་ཕྲ་བའི་རིག་པ་ཡེ་གདངས་ཀྱི་རང་འོད་འཕྲོ་ཆོག་ཆོག་པ་ཞིག་རང་ཆས་སུ་ཡོད་པ་ནི། དཔེར་ན་ཤེལ་དྭངས་མོ་དེ་རྐྱེན་དང་མ་ཕྲད་པས་འོད་དངོས་སུ་མ་གསལ་ཡང་ཕྱི་རུ་འཕྲོ་ཆོག་ཆོག་གི་འོད་ཅིག་ནང་གདངས་སུ་ཡོད་པ་ལྟ་བུའོ། །དེས་ན་ངོ་བོ་སྟོང་པ་ཡིན་པས་དངོས་པོ་དང་མཚན་མ་མ་གྲུབ། རང་བཞིན་གསལ་བ་ཡིན་པས་ཡེ་ཤེས་ཀྱི་གདངས་སྣང་ཆོག་ཆོག་གི་རང་ངོ་མ་ཤོར། ཐུགས་རྗེ་རིག་པར་བཞུགས་པས་མཁྱེན་གཉིས་ཡེ་ཤེས་སུ་རྒྱས་ཆོག་ཆོག་གི་འཆར་གཞི་མ་འགགས་པ་ཞིག་ལ་ཐོག་མའི་གཞི་ཞེས་བྱའོ། །དེའི་དུས་ཀྱི་གཞི་དེ་ལ་སངས་རྒྱས་དང་སེམས་ཅན་གཉིས་ཀ་སྣང་བ་མིན་པས་འཁྲུལ་གྲོལ་གཉིས་ཀའི་སྔོན་གྱི་ཡེ་ཐོག་གི་གཞི་ཞེས་ཟེར་རོ། །གཞི་དེ་ལས་སེམས་ཅན་གྱི་འཁྲུལ་ཚུལ་བསྟན་པ་དང༌། ཞེས་པ་ནི། གཞི་དེ་ལས་སེམས་ཅན་འཁྲུལ་བ་མི་འཐད་དེ། གཞི་དེ་ཡེ་ཤེས་སུམ་ལྡན་གྱི་བདག་ཉིད་ཅན་ཡིན་པའི་ཕྱིར་ཞེ་ན། གཞི་ལ་འཁྲུལ་བ་མེད་ཀྱང་འཁྲུལ་བ་གཞི་ལ་གྲུབ་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འཁྲུལ་གཞི་མ་རིག་པ་དེ་གཞི་ལ་མེད་ཀྱང་དེའི་ཉམས་སམ་རྣམ་པ་རུ་ཡོད་པ་ནི། གཞི་ཅིར་ཡང་མ་ཡིན་པ་ལས་ཅིར་ཡང་འཁྲུལ་ལོ་ཞེས་གསུངས་པའི་དོན་ཏོ། དེ་ཡང་གཞི་དེ་ནི། ངོ་བོ་སྟོང་པ། རང་བཞིན་གསལ་བ། ཐུགས་རྗེ་སེམས་ཅན་ལ་སྣང་ནུས་པ་ཞིག་ཡིན་ལ། མ་རིག་པའི་ཆ་ལས་བྱུང་བའི་དེར་འཛིན་བྱེད་ཀྱི་ཤེས་པ་བྲེང་ཙམ་ཞིག་ཐོག་མར་འགྱུ་ཞིང་། དེའི་ཤེས་པ་རྨུན་པོ་རྨོངས་པའི་ཆ་ཅན་དེས་ང་ལས་དེ་བྱུང་ལ་དེ་ལས་ང་བྱུང་ངོ་སྙམ་པའི་གཉིས་འཛིན་གྱི་ཤེས་པ་ཞིག་ནས་མགོ་བརྩམས་ཏེ་འཁྲུལ་བའོ། །དེ་ལྟ་བུའི་གཞི་ལ་མ་རིག་པ་མེད་ཀྱང་། ཉམས་སམ་རྣམ་པ་ལ་ཡོད་པའི་སྟབས་ཀྱིས་རྐྱེན་རྣམ་པ་བཞི་འབྱུང་ཞིང་། གཞི་འོད་ཁྱིམ་གྱི་ཚུལ་དུ་གནས་པ་ལས་རྒྱུའི་རྐྱེན་ཞེས་བྱ་སྟེ་མ་རིག་པ་དངོས་སོ། །དེ་ལ་རྟོག་དཔྱོད་དུ་སོང་བས་བདག་པོའི་རྐྱེན། དེ་ཡུལ་ཅན་དུ་བཟུང་བས་དམིགས་པའི་རྐྱེན། དེ་གསུམ་དུས་མཚུངས་པས་དེ་མ་ཐག་རྐྱེན། དེ་ལྟ་བུ་རང་ངོ་མ་ཤེས་པས་འཁྲུལ་ཏེ་ལས་དང་ཉོན་མོངས་པ་རགས་སུ་སོང་ནས་ཁམས་གསུམ་སོ་སོའི་གཟུགས་ཐ་དད་དུ་གྲུབ་པའོ། །འཁྲུལ་དུས་གཞི་དེས་ཁྱབ་ཚུལ་བསྟན་པ་དང༌། ཞེས་པ་སྟེ། རྒྱུད་རང་ཤར་ལས། ཡང་དག་སངས་རྒྱས་དགོངས་པ་ནི། །སེམས་ཅན་ཀུན་གྱི་རང་རྒྱུད་ལ། །སྐུ་དང་ཡེ་ཤེས་ཚུལ་དུ་གནས། །ཞེས་གསུངས་པ་ལྟར། སེམས་ཅན་གྱི་རྒྱུད་ལ་ཁམས་བདེ་བར་གཤེགས་པའི་སྙིང་པོས་ཁྱབ་ཅིང་། དེ་ཡང་ཇི་ལྟར་ཁྱབ་ན། སྙིང་པོའི་ཡེ་ཤེས་དེ་ཉིད། སྐུ་ལྔ། ཡེ་ཤེས་ཀྱི་འོད་ལྔ། རིགས་ཀྱི་ཆོས་ལྔ། ཡེ་ཤེས་ཀྱི་རླུང་ལྔ། ངོ་བོ་རང་བཞིན་ཐུགས་རྗེའི་ཆོས་ལྔ་སྟེ་དེ་འདྲའི་ལྔ་ཚན་གྱི་བདག་ཉིད་དུ་ཡེ་ནས་གནས་པའོ། །དེ་ལྟར་གནས་པའི་རྟགས་སུ་མ་དག་པའི་སྐབས་ཀྱི་སྣང་བ་ལའང་། ཉོན་མོངས་ལྔ། ཕུང་པོ་ལྔ། འབྱུང་བ་ལྔ། དབང་པོ་ལྔ། འདོད་ཡོན་ལྔ། སྒོ་གསུམ་རང་བཞིན་གྱི་ཆོས་ལྔ་རུ་གནས་སོ། །དེ་རྣམས་ནི་འོག་ནས་རྒྱས་པར་འབྱུང་ངོ། །གནས་གང་ལ་བརྟེན་པ་དང༌། ཞེས་པ་ནི། ནོར་བུ་ཕྲ་བཀོད་ལས། རིན་ཆེན་ཟུར་བརྒྱད་གཞལ་ཡས་དང་། །འགྱུ་བྱེད་རྩ་ཡི་གཞལ་ཡས་དང་། དུང་ཁང་བྷནྡྷའི་གཞལ་ཡས་དང་། །ལྟ་བྱེད་མིག་གི་གཞལ་ཡས་དང་། །གཞལ་ཡས་ཆེན་པོ་དེ་བཞི་ན། །གསང་སྔགས་ཀུན་གྱི་གསང་ཆེན་གནས། །ཞེས་གསུངས་པ་ལྟར། ཡེ་ཤེས་ཀྱི་བཞུགས་གནས་དངོས་ནི་སྙིང་རིན་པོ་ཆེ་དཔལ་གྱི་བེའུ་ཡིན་ནོ། །རྒྱལ་བའི་ཐུགས་ཀྱི་གསང་བ་དཔལ་བེའུ་ལ་དཔེར་བྱ་བ་ནི། དཔལ་བེའུའི་རི་མོ་དེ་མཐའ་དབུས་མེད་པ། དེའི་མཐའ་ཕྱེ་དགོས་ན་ཕྱེ་མི་ཤེས་ཤིང་གཏིང་དཔོག་དཀའ་བ་ཞིག་ཡིན་པའི་དོན་གྱིས་སོ། །དེ་ལྟ་བུའི་ཐུགས་གསང་བ་ཆེན་པོའི་ཡེ་ཤེས་ཀྱི་བཞུགས་གནས་དེ་སྙིང་རིན་པོ་ཆེ་དཔལ་གྱི་བེའུ་འོ། །དེའི་གདངས་དེ་ཉིད། དུང་ཁང་བྷན་དྷ་འབར་བའི་གཞལ་ཡས་སྤྱི་བོའི་འོད་རྩ་དང་། ལྟ་བྱེད་མིག་གི་གཞལ་ཡས་རྒྱང་ཞགས་ཆུའི་སྒྲོན་མ་དང་། འགྱུ་བྱེད་རྩ་ཡི་གཞལ་ཡས་ཀ་ཏི་ཤེལ་བུག་ཅན་བཞི་ལ་རྟེན་བཅས་ནས། ངོ་བོ་སྐུར་གནས། རང་བཞིན་འོད་ཀྱི་ཐིག་ལེར་གནས། ཐུགས་རྗེ་ཡེ་ཤེས་ཀྱི་སྒྲོན་མ་རུ་གནས་ནས་བཞུགས་ཡོད་དོ། །དེའི་སྣང་བ་ཆེན་པོ་ལམ་གང་ལས་འབྱུང་བ་དང༌། ཞེས་པའི་ལམ་ནི་རྩ་བཞི་ལ་གསུངས་ཤིང་། ཡེ་ཤེས་དེ་སྙིང་ཁ་ན་ཉི་མའི་དཀྱིལ་འཁོར་ལྟ་བུ་དང་། བུམ་ནང་གི་མར་མེ་བཞིན་གནས་ཡོད་ན་དེའི་ཟེར་དེ་ལུས་ཀྱི་རྩ་ཆེན་བཞི་ནས་འཕྲོས་ཏེ་ཕྱིར་སྣང་སྒྲོན་མའི་རང་གདངས་ལ་འཆར་བའོ། །རྩ་ཆེན་བཞི་ནི། སྙིང་ཁའི་འོད་རྩའི་སྒོ་བཞི་ཡིན་ཞིང་། ཀ་ཏི་གསེར་གྱི་རྩ་ཆེན་དང་གཅིག ཤེལ་བུག་ཅན་དང་གཉིས། དར་དཀར་སྣལ་མ་དང་གསུམ། སྟོང་པ་རང་གྲོལ་དང་བཞིའོ། །སྒོ་གང་ལས་འཆར་བ་དང༌། གསུངས་ཏེ་སྤྱིར་ན་གོང་དུ་བཤད་པའི་རྩ་ཆེན་བཞི་བོ་འོད་གསལ་འཆར་བའི་སྒོ་ཡིན་ཡང་། ཡེ་ཤེས་ཀྱི་སྣང་བ་ཕྱིར་གསལ་དུ་འཆར་བའི་སྒོ་དངོས་ནི་མིག་གཉིས་ཏེ། དེ་ཡང་ལུས་ཐོག་མ་ཆགས་དུས་ལྟེ་བའི་རྩ་མདུད་དུ་སྤྱན་གཉིས་ཆགས་པ་དེ་སྒྲོག་སུམ་འབྲེལ་ལྟར་རྩ་གསུམ་གྱིས་སྦྲེལ་ཏེ་ལྟེ་བ་ནས་ཡར་སྙིང་ཁར་འབྲེལ། དེ་ནས་ཡར་མགྲིན་པར་འབྲེལ། དེ་ནས་ཀླད་པ་དུང་ཁང་གི་གཞལ་ཡས་ཁང་དུ་གཡས་སུ་འཁྱིལ་བའི་རྩ་བཞི་ལས་དབང་པོའི་ཡུལ་འཆར་བར་བྱེད་པའི་རྩ་རྩ་བ་གཅིག་ལ་རྩེ་མོ་ལྔ་རུ་གྱེས་པ་རྣམས་ཀྱིས་སྒོ་ལྔ་སོ་སོའི་རྟེན་བྱེད་པ་ལས། ཁྱད་པར་དུ་གཟུགས་མཐོང་བའི་རྟེན་བྱེད་པའི་སྐྱོན་ཡོན་དབང་པོ་དྭངས་བྱེད་ཀྱི་རྩ་ཞེས་པ། རྩ་བ་ཕྲ་ཞིང་རྩེ་མོ་སྦོམ་པ། དཔེར་ན་བ་མེན་གྱི་རྭ་ལྟ་བུའི་རྩ་གཉིས་མིག་གི་ཨ་འབྲས་ཀྱི་དྭངས་མར་ཟུག་པ་ལ་བརྟེན་ནས། དག་དང་མ་དག་གི་སྣང་ཆ་གཉིས་འཛིན་པ་ཡིན་ཏེ། ཐལ་འགྱུར་ལས། ཡེ་ཤེས་འཆར་བའི་སྒོ་ཉིད་ནི། །ལུས་བཅུད་དྭངས་མ་ཀུན་འདུས་པའི། །ཙཀྵུ་ཞེས་པའི་སྒོ་ནས་འཐོན། །གཉིས་ཀྱི་ཆ་འཛིན་སྣང་བ་མཐོང༌། །ཞེས་གསུངས་པས་སོ། །ཡུལ་གང་ལ་སྣང་བ་དང༌། གསུངས་པ་ནི། འོད་གསལ་གྱི་སྣང་བ་གང་ལ་འཆར་བའི་ཡུལ་ནི། ཕྱིའི་ཡུལ་ནམ་མཁའ་སྟོང་གསལ་དང་། ནང་གི་ཡུལ་དབྱིངས་རྣམ་དག་གི་སྒྲོན་མ་གཉིས་ཡིན་ནོ། །དེ་ཉམས་སུ་ཇི་ལྟར་བླང་བ་དང༌། ཞེས་པ་ནི། སྣོད་དང་ལྡན་པའི་སློབ་མ་ཞིག་གིས་མཚན་ཉིད་ཚང་བའི་བླ་མ་ལ་བསྟེན་ནས། སྨིན་པར་བྱེད་པ་དབང་གི་རིམ་པ་དང་། གྲོལ་བར་བྱེད་པ་གདམས་ངག་གི་རིམ་པ་ཆ་ཚང་ཐོབ་པ་མ་ཚད། བླ་མ་དེས་ཇི་ལྟར་གདམས་པ་བཞིན་ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་གྱི་ལམ་ཐམས་ཅད་ཆ་ཚང་བ་ཞིག་ཉམས་སུ་ལེན་པའོ། །དེ་ལྟ་བུའི་རྫོགས་པ་ཆེན་པོའི་ལམ་གནད་དེ། དམིགས་པ་ཡུལ་གྱི་བློ་ཅན་གྱི་ཉམས་ལེན་ཐུན་མོང་བ་ཞིག་དང་། རིག་པ་རང་སྣང་གི་བློ་ཅན་གྱི་ཐུན་མོང་མ་ཡིན་པས་ཉམས་སུ་བླང་བྱ་ཞིག་དང་གཉིས་སུ་འདུས་པ་ཡིན། དེ་ལས་རིག་པ་རང་སྣང་གི་བློ་ཅན་ཐུན་མོང་མ་ཡིན་པའི་གང་ཟག་དེས་ཇི་ལྟར་ཉམས་སུ་ལེན་དགོས་ན། སྤྱོད་པ་རྒྱུན་གྱི་རྣལ་འབྱོར། སྒོམ་པ་རྒྱུན་གྱི་རྣལ་འབྱོར། ལྟ་བ་རྒྱུན་གྱི་རྣལ་འབྱོར། འབྲས་བུ་རྒྱུན་གྱི་རྣལ་འབྱོར་དང་བཞིས་ཉམས་སུ་ལེན་པ་ཡིན། སྤྱོད་པ་རྒྱུན་གྱི་རྣལ་འབྱོར་ཞེས་པ་ནི། སྤྱོད་པ་ཉེར་གཅིག་གི་ནང་ནས་གཙོ་ཆེ་བ་བདུན་ལ་བརྟེན་པས་མན་ངག་སྣང་བ་ཅོག་བཞག་གི་ཐབས་ལ་བརྟེན་ནས་དགོངས་པ་སྣང་སྲིད་གཞིར་བཞེངས་ཀྱི་སྒོ་ནས་ཉོན་མོངས་ཡེ་ཤེས་སུ་གནས་འགྱུར་བའི་གནད་སྟོན་པའོ། །སྒོམ་པ་རྒྱུན་གྱི་རྣལ་འབྱོར་ནི། བྱང་ཆུབ་སེམས་དཔའི་བསམ་གཏན། གསང་སྔགས་ཟབ་མོའི་སྒོམ་པ། ལྷ་དང་མི་ཡི་སེམས་འཛིན། བདེ་བར་གཤེགས་པའི་དགོངས་པ་རྣམས་ལ་རིམ་པ་བཞིན་དུ་བསླབས་ནས། དེའི་སྐབས་སུ་མན་ངག་རྒྱ་མཚོ་ཅོག་བཞག་གི་ཐབས་ཀྱིས་སྣང་སྲིད་གཞིར་བཞེངས་ཀྱི་དགོངས་པ། འབྲས་བུ་ཉོན་མོངས་ལ་རྒྱས་བཏབ་ན་ཉོན་མོངས་རང་དག་གི་ཆ་ཡེ་ཤེས་སུ་ཤར་བ་ཡིན་ནོ། །ལྟ་བ་རྒྱུན་གྱི་རྣལ་འབྱོར་ནི། ལྟ་བ་གྲོང་ཁྱེར་རྒྱུན་གཅོད་ཀྱི་ལྟ་བའི་ངོ་བོ་མཐོང་དུས་ཡིད་དཔྱོད་ཚིག་གི་འཛིན་པ་དང་བྲལ་ནས། རང་བྱུང་འཕོ་འགྱུར་མེད་པའི་ཡེ་ཤེས་ཀྱི་དོན་རྟོགས་པ་དེའི་སྐབས་སུ། མན་ངག་རི་བོ་ཅོག་བཞག་གིས་གང་ཤར་བཅོས་ལྷད་མེད་པར་བཞག་པས། དགོངས་པ་ཁམས་གསུམ་རང་གྲོལ་གྱིས། དང་པོ་འཁྲུལ་མ་མྱོང་། ད་ལྟ་འཁྲུལ་བ་ལ་མི་གནས། ཕྱིས་འཁྲུལ་བ་མི་སྲིད་པའི་གནད་རྟོགས་པའོ། །འབྲས་བུ་རྒྱུན་གྱི་རྣལ་འབྱོར་འཁོར་འདས་སྐྱོན་ཡོན་གྱི་འཛིན་པ་དང་བྲལ་བ་སྟེ། དེ་དག་ནི་དམིགས་པ་ཡུལ་གྱི་བློ་ཅན་སྤྲོས་པ་ལ་དགའ་བ་རྣམས་ཀྱི་ཉམས་སུ་བླང་བྱའོ། །རིག་པ་རང་སྣང་གི་བློ་ཅན་གྱིས་ཉམས་སུ་བླང་བྱ་ཐུན་མོང་མ་ཡིན་པ་ནི། ཆོས་ཟད་ཀ་དག་ཆེན་པོར་ལ་བཟླ་བ་དང་། བྱ་བྲལ་ཟང་ཐལ་རྗེན་པར་འགག་བསྡམ་པ་དང་། ཡོངས་གྲོལ་མཉམ་པར་ཆེན་པོར་ཆིངས་སུ་བཅིང་བ་གསུམ་དང་། དེའི་སྟེང་དུ་ཁྱད་པར་ཅན་ཐོད་རྒལ་གྱི་སྔོན་དུ་འགྲོ་བ་དངོས་དང་བཅས་པ་རྣམས་སོ། །རྟགས་ཚད་ངེས་པས་གཏན་ལ་དབབ་པ་དང༌། ཞེས་པ་ནི། རྟགས་ཚད་ངེས་པ་གསུངས་པ་འདི་ལ་ཡང་ནང་གསེས་སུ་དབྱེ་ན། ཉམས་ལེན་ངེས་པ་སྤྱིའི་རྟགས་ཚད་དང་། གདམས་ངག་ངེས་པ་དུས་ཀྱི་རྟགས་ཚད། དུས་གསུམ་ངེས་པ་གྲངས་ཀྱི་རྟགས་ཚད་དང་གསུམ་མོ། །ཉམས་ལེན་ངེས་པ་སྤྱིའི་རྟགས་ཚད་ལ་མཚོན་ན། རབ་ཚེ་འདིར་གྲོལ་བའི་རྟགས་ཚད། འབྲིང་བར་དོར་གྲོལ་བའི་རྟགས་ཚད། ཐ་མ་རང་བཞིན་སྤྲུལ་བའི་ཞིང་དུ་དབུགས་འབྱིན་པའི་རྟགས་ཚད་རྣམས་ཡོད་པ་ཡིན་ནོ། །གདམས་ངག་ངེས་པ་དུས་ཀྱི་རྟགས་ཚད་ལ་ཡང་། ཤར་དུས་ངེས་པ་སྤྱིའི་རྟགས་ཚད། ཤར་སྣང་ངེས་པ་རང་བཞིན་གྱི་རྟགས་ཚད། རྗེས་སུ་གདམས་པ་གནད་ཀྱི་རྟགས་ཚད་དང་གསུམ་ལས། ཤར་དུས་ངེས་པ་སྤྱིའི་རྟགས་ཚད་ནི་བདུད་དང་གོལ་སྒྲིབ་ཀྱི་འཕྲང་ལས་སྒྲོལ་ཚུལ། ཤར་སྣང་ངེས་པ་རང་བཞིན་གྱི་རྟགས་ཚད་ནི་དབྱིངས་རིག་ཏིང་ངེ་འཛིན་གྱི་བྱེ་བྲག་ཕྱེད་ཚུལ། རྗེས་སུ་གདམས་པ་གནད་ཀྱི་རྟགས་ཚད་ནི་ངོ་ཤེས་པ་དང་ཚད་ངེས་པ་གཟུང་ཚུལ་ལོ། །དུས་གསུམ་ངེས་པ་རྣམ་གྲངས་ཀྱི་རྟགས་ཚད་ནི། སྔོན་དང་། ད་ལྟ་དང༌། ཕྱིས་ཀྱི་རྟགས་ཚད་རྣམས་སོ། །ཉམས་ལེན་མ་རྫོགས་ན་བར་དོར་ཡེ་ཤེས་ཀྱི་སྒྲོན་མ་བསྟན་པ་དང༌། ཞེས་པ་ནི། བར་དོ་ཡེ་ཤེས་ཀྱི་སྒྲོན་མ་ལ་རང་སྣང་ངེས་པའི་གདམས་ངག་མཛད་ཚུལ་ཡིན་ལ། དེ་ཡང་བར་དོ་རྣམ་པ་བཞིའི་དབྱེ་བ། ས་མཚམས། སྣང་ལུགས་ལ་སོགས་པའི་ཚུལ་ངེས་པར་བྱས་ནས་བར་དོའི་གདམས་པ་གནད་ལ་འཁེལ་བར་བྱ་བའོ། །དེ་ཐམས་ཅད་ཀྱི་མཐར་ཐུག་གྲོལ་ས་ཆེན་པོ་གང་ཡིན་པ་བསྟན་པ་དང་བཅུ་གཅིག་གིས་རྡོ་རྗེའི་གནས་མདོར་བསྟན་པ་སྟེ་ཞེས་གསུངས་ཏེ། གྲོལ་ས་ཆེན་པོ་ནི་མཐར་ཐུག་གི་འབྲས་བུ་ཡིན་ལ། ལམ་སྦྱོང་ཚུལ་གྱི་དབང་གིས་གང་ཟག་སོ་སོའི་དབང་པོའི་རིམ་པ་ཐ་དད་པ་ཡིན་ཡང་འབྲས་བུ་དག་པ་གཉིས་ལྡན་གྱི་ཆོས་སྐུ་ཀ་དག་རིན་པོ་ཆེ་གསང་བའི་སྦུབས་སུ་ངོ་བོ་གཅིག་པ་ནི། སྣོད་ཐ་དད་པའི་ནམ་མཁའ་དབྱིངས་གཅིག་ལ་འདུས་པ་དང་། ཆུ་བོ་ཐ་དད་པ་ཐམས་ཅད་རྒྱ་མཚོ་ཆེན་པོར་རོ་གཅིག་པར་ལྟར་ཡིན་ནོ། །རིག་པ་གློ་བུར་གྱི་དྲི་མ་དང་བྲལ་ཚེ་རང་བཞིན་རྣམ་དག་གི་ཆོས་སྐུ་མངོན་དུ་གྱུར་ནས། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དབྱིངས་སུ་མངོན་པར་བྱང་ཆུབ་སྟེ་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ་གཟུགས་སྐུ་ཕྲིན་ལས་དང་བཅས་པས་འགྲོ་བའི་དོན་བྱས་ཏེ། དོན་གཉིས་ལྷུན་གྱིས་གྲུབ་པར་མཛད་པ་ནི་འདིའི་མཐར་ཐུག་གི་འབྲས་བུའོ། །ཚུལ་འདི་ནི་བསྟན་བཅོས་འདིའི་ལུས་རྣམ་པར་གཞག་པའོ། །དེ་ལ་རྒྱབ་རྟེན་གྱི་ལུང་འདྲེན་པ་ནི། དེ་སྐད་དུ་ཡང་ཐལ་འགྱུར་ལས། སེམས་ཅན་འཁོར་བའི་ཐོག་མ་གང༌། །འདས་པའི་ཐོག་མ་གང་གིས་བཟུང༌། །སངས་རྒྱས་མ་འཁྲུལ་གནད་འདི་ཅི། །སེམས་ཅན་འཁྲུལ་བ་ཅི་ལས་བྱུང༌། །རང་རིག་ཡེ་ཤེས་གནས་ས་གང༌། །དེ་ཉིད་ལམ་ཡང་གང་ལས་བྱུང༌། །ཡེ་ཤེས་འཆར་བའི་སྒོ་ནི་ཅི། །སྒྲོན་མའི་གནད་ནི་ཇི་ལྟ་བུ། །དེ་ཡི་མཚན་ཉིད་ཇི་ལྟར་སྣང༌། །ཡུལ་གྱི་གནད་ནི་གང་ལ་འཆར། །དེ་རྟེན་ཁྱད་པར་གང་གིས་སྒྲུབ། །བློ་རིམ་གནད་ནི་ཇི་ལྟ་བུ། །ཉམས་སུ་ཇི་ལྟར་ལེན་པ་ལགས། །དེ་ཡི་རྟགས་དང་ཚད་གནད་ཅི། །བར་མ་དོ་ཡི་སྣང་བ་ཅི། །རང་སེམས་གྲོལ་བ་གང་དུ་གྲོལ། །གྲོལ་ནས་ཐུགས་རྗེ་ཇི་ལྟར་འབྱུང༌། །ཞེས་པ་དང༌། མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད་ལས། ཇི་ལྟར་བརྗོད་བྱ་ཐམས་ཅད་ཀུན། །བགྲང་བ་ཙམ་དུ་ཟད་མོད་ཀྱང༌། །མདོ་ནི་ཟབ་མོའི་དོན་དུ་བསྡུས། །གནས་ལུགས་བསམ་གྱིས་མི་ཁྱབ་ཀྱང༌། །ཡེ་ཤེས་རྣམ་པ་གསུམ་ཡིན་ནོ། །འཁྲུལ་གཞི་རྣམ་པ་མང་བཤད་ཀྱང༌། །ལྷུན་གྲུབ་དང་ནི་ཐུགས་རྗེའོ། །རང་གནས་སྐུ་རིག་ཡེ་ཤེས་སོ། །གནས་པ་ཐུགས་ཏེ་ཙིཏྟའི་དཀྱིལ། །ལམ་ནི་རྩ་བཞི་འགྱུ་བྱེད་རླུང༌། །འཆར་བྱེད་སྒོ་ནི་མིག་སོགས་སོ། །ནམ་མཁའ་རྐྱེན་བྲལ་ཡུལ་དུ་འདུས། །ཉམས་སུ་ཇི་ལྟར་བླང་ཞེ་ན། །ཁྲེགས་ཆོད་དང་ནི་ཐོད་རྒལ་ལོ། །ཚད་ནི་གདེང་བཞིའི་རྣལ་འབྱོར་ཉིད། །བར་དོ་མ་བུ་གཉིས་སྦྱོར་རོ། །གྲོལ་ས་ཉིད་ནི་ཐོག་མའོ། །ཞེས་སོ། །དེ་ཡན་གྱིས་བསྟན་བཅོས་དངོས་ཀྱི་བརྗོད་བྱའི་ལུས་ཡོངས་སུ་རྫོགས་པ། རྡོ་རྗེའི་གནས་བཅུ་གཅིག་པོ་ལུས་རྣམ་གཞག་གི་སྒོ་ནས་མདོར་བསྟན་པ་སོང་ངོ་། །སྤྱིར་ན་དམ་ཆོས་འཆད་ཉན་བྱེད་པའི་སྐབས་སུ་བཤད་ཐབས་ཀྱི་མན་ངག་ལ་ཆིངས་ཆེན་པོ་ལྔ་དང་། ཡན་ལག་བཞིས་བཤད་པར་བྱེད་པ་ལ། ཆིངས་ཆེན་པོ་ལྔ་ནི་བསྟན་བཅོས་སྤྱི་འཆད་པའི་སྐབས་སུ་རྣམ་བཤད་རིག་པ་ལས། དགོས་པ་བསྡུས་པའི་དོན་བཅས་དང་། །ཚིག་དོན་བཅས་དང་མཚམས་སྦྱོར་བཅས། །བརྒལ་ལན་དང་བཅས་བསྙད་པར་བྱ། །ཞེས་པ་དང་། བྱེ་བྲག་ཏུ་རྒྱུད་བཤད་པའི་སྐབས་སུ། ཉི་ཟླ་ཁ་སྦྱོར་ལས། ལོ་རྒྱུས་དོན་གྱིས་མ་བཤད་ན། །གསང་ཆེན་ངེས་པའི་བཀའ་འདི་ལ། །ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། །རྩ་བ་དོན་གྱིས་མ་བཤད་ན། །ཆོས་རྣམས་རིག་པར་མི་འདུས་པས། །མཐའ་ཡས་པ་ཡི་སྐྱོན་དུ་འགྱུར། །ཡོ་ག་དོན་གྱིས་མ་བཤད་ན། །ཐེག་པའི་རུ་ཤན་མི་ཕྱེད་པས། །ཆེ་ཆུང་རིམ་པ་དོན་མེད་འགྱུར་། །ཚིག་གི་དོན་གྱིས་མ་བཤད་ན། །རྒྱུད་རྣམས་རིམ་པར་གསལ་བའི་ཚིག །འབྲུ་མི་ཆོམས་པའི་སྐྱོན་དུ་འགྱུར། །དགོས་ཆེད་དོན་གྱིས་མ་བཤད་ན། །རྫོགས་ཆེན་བྱ་རྩོལ་མེད་པ་ལ། །དོན་མེད་པ་ཡི་སྐྱོན་དུ་འགྱུར། །ཅེས་པ་ལྔ་དང་། ཡན་ལག་བཞི་ནི་། དཀྱུས་ཀྱིས་ས་བཅད་པ་སྟག་མོའི་མཆོང་སྟངས། ཚིག་གི་འབྲུ་གནོན་པ་རུས་སྦལ་གྱི་ནུར་འགྲོས། སྐབས་ཀྱི་མཇུག་བསྡུ་བ་སེངྒེའི་འགྱིངས། མན་ངག་དོན་དུ་བསྡེབས་པ་མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུ་དང་བཞི་བོ་དེ་དག་དང་བསྟུན་ནས་བཤད་དགོས་ཏེ། རྒྱུད་རིག་པ་རང་གྲོལ་ལས། ཁྱུང་ཆེན་མཁའ་ལྡིང་ལྟ་བུའི་བློས། །དོན་གྱི་ཁོག་རྣམས་ཕུབ་སྟེ་བཤད། །སྟག་མོའི་མཆོངས་སྟངས་ཤེས་རབ་ཀྱིས། །དོན་གྱི་ས་ཆེན་བཅད་དེ་བཤད། །རུས་སྦལ་ནུར་འགྲོས་ལྟ་བུའི་བློས། །ཡི་གེའི་འབྲུ་རྣམས་ཆོམས་པར་བཤད། །མུ་ཏིག་བསྟར་བརྒྱུས་ལྟ་བུའི་བློས། །མན་ངག་དོན་དུ་བསྡེབས་ཏེ་བཤད། །ཅེས་པས། དོན་གྱིས་ཁོག་འབུབས། དཀྱུས་ཀྱིས་ས་བཅད། ཚིག་གིས་དོན་བཤད། མན་ངག་གི་དོན་བསྡུས་པ་དང་བཞིའོ། །སྐབས་འདིར་བཤད་བྱའི་ཡན་ལག་བཤད་པ་ཐོག་མར་དགེ་བ་ཀླད་ཀྱི་དོན་ལ། མཚན་སྨོས་པ། ཕྱག་འཚལ་བ། མཆོད་པར་བརྗོད་པ། རྩོམ་པར་དམ་བཅའ་བ་དང་བཞི་ཡོད་པ་རྣམས་གོང་དུ་སོང་ཞིང་། བཤད་བྱ་དངོས་བཤད་པ་བར་དུ་དགེ་བ་གཞུང་དོན་རྡོ་རྗེའི་གནས་བཅུ་གཅིག་གིས་རྫོགས་པ་ཆེན་པོའི་གཞི་ལམ་འབྲས་གསུམ་ལྟ་སྒོམ་སྤྱོད་འབྲས་དང་བཅས་པ་ཐམས་ཅད་གཏན་ལ་ཕབ་པ་དང་། ཐ་མར་དགེ་བར་མཇུག་གི་དོན་མཇུག་ཡོངས་སུ་རྫོགས་པ་ཇི་ལྟར་རྩོམ་པ་དང་དགེ་བ་རྫོགས་བྱང་དུ་བསྔོ་བ་ལ་སོགས་པའི་ཆིངས་ཀྱིས་བཅིངས་ནས་བཤད་པར་བྱ་བ་ཡིན་ནོ། །སང་ཉིན་ནས་བཤད་བྱ་གཞུང་གི་དོན་རྒྱས་པར་བཤད་པར་བྱ་བ་ཡིན་ལ། སྤྱིར་ཀློང་ཆེན་མཛོད་བདུན་འདི་རྒྱ་ཆེ་བ་པཎྜི་ཏའི་ལུགས་ལྟར་བཀྲལ་བའི་བསྟན་བཅོས་རྗོད་བྱེད་རྒྱ་ཆེ། བརྗོད་བྱ་གཏིང་ཟབ། མན་ངག་གི་སྣ་ཁ་མང་ཕྱིར་དགོངས་པ་ཇི་བཞིན་དུ་འགྲོལ་ཟེར་བ་ནི་ནམ་མཁའ་མཐོ་ཡིས་གཞལ་བ་དང་འདྲ་ཞིང་། འོན་ཀྱང་བྱིན་བརྒྱུད་རྟོགས་པའི་ཕ་ཕོག་ལ་གདེང་བཅས་ནས་བརྒྱུད་པ་བཟང་པོའི་ཁྲིད་རྒྱུན་མཐུད་པ་ནི་གལ་ཆེའི་དོན་གནད་ཡིན་པས། སྔར་དམ་པ་གོང་མ་ཚོས་ཇི་ལྟར་གསུངས་པའི་ཚུལ་དང་མཐུན་པ་ལས་གཞན་དུ། ཡིན་གཅིག་མིན་གཉིས་ཀྱིས་བློ་བཟོ་དང་གཏམ་ཉོབ་བསྲེས་པར་བྱས་ན་དགོས་པ་དང་དགག་བྱ་གང་གིས་ཆེ་མི་འཚལ་བ་དང་། ཆོས་ཟབ་མོ་དང་བཀའ་གཉན་པོ་ཡང་ཡིན་པས་འདིའི་ཡིག་འབྲུ་རེ་རེ་ལའང་བཀའ་སྲུང་མ་གཟའ་རྡོར་གསུམ་གྱིས་བསྲུངས་ཡོད་ཕྱིར། ཚིག་འཆལ་མང་པོས་བསྲེས་ལྷད་ཀྱང་ཕོད་པ་མིན་ཞིང་། དེས་མ་ཚད་མཁས་པའི་ཀློང་རྡོལ་གྱི་གསུང་། གསང་བ་ཟབ་མོ་ནམ་མཁའི་ཀློང་ལྟ་བུ་ཡིན་ཕྱིར། རྗོད་བྱེད་ཀྱི་ཚིག་ཚོགས་རྒྱ་ཆེ་བ་གླེགས་བམ་གྱི་ཁ་གཅིག་བས་གཅིག་འཐུག་པ་མཛོད་ལ་ལ་སྔ་ཕྱི་དུམ་གཉིས་རེ་དང་ལྡན་པ་ཡིན་པ་དང། གསན་མཁན་གྱི་ཕྱོགས་ནས་ཀྱང་བླ་ཆེན་རྣམ་པ་ལ་བསྟན་དོན་རླབས་ཆེན་བྱ་བའི་ཐུགས་བྲེལ་གྱི་དུས་བཀག་ཡོད་ཅིང་། གྲྭ་སར་ཐོས་པ་དོན་གཉེར་ཅན་རྣམས་སྣ་སུན་ཕོག་མི་འགྲོ་བ་དང་། ཨ་ཅོ་དོན་གཉེར་བ་རྣམ་པ་ཡང་དུས་ཡུན་རིང་ན་འཚོ་ཆས་བཞུགས་གནས་ལ་སོགས་པའི་དཀའ་ངལ་ཡོད་སྲིད་པ་ཡིན་པས། རང་རེ་ཚོས་མི་དལ་མི་བྲེལ་བ་ཞིག་གིས་སྔར་གྱི་ཕྱག་སྲོལ་ལྟར། ངའི་ཡི་གེ་ལྡེབ་ཐུང་ཅན་པོ་ཉིན་རེ་ལྡེབ་བཅུ་དགུ་ཉི་ཤུ་ཙམ་རེ་སོང་ན་དུས་ཚོད་འཚམས་པ་ཞིག་གིས་མཇུག་རྫོགས་ངེས། དུས་རིང་པོ་ལོ་དང་ཟླ་བ་མ་དགོས། ཞག་མ་ཆུ་ཚོད་ཀྱི་མ་འོངས་པའི་ཚོད་རྩིས་བྱེད་དགོས་ན་ཡང་ཚོད་ཐོག་ལ་ཞོག་དཀའ་ཞིང་། འདུས་བྱས་རྟག་པ་མིན་པའི་མི་ཚེའི་ཟློས་གར་ལ་ཡིད་བརྟན་ཅི་ཡོད་ཀྱང་། དམ་པའི་ཆོས་འཆད་ཉན་འདི་ལྟ་བུའི་དབུ་བརྩམ་རྒྱུ་བྱུང་བ་ཡང་བསོད་ནམས་ཀྱི་བགོ་སྐལ་བླ་ན་མེད་པ་ཡིན་ཕྱིར། བརྩམས་ནས་ཆེད་དུ་མ་ལྡོག་ན་རྐྱེན་བར་ཆད་བཟློག་མེད་ཀྱི་དབང་དུ་སོང་ན་འགྱོད་མེད་ཡིན་པས། རྣམ་པ་ལྷན་རྒྱས་ཀྱིས་ཀྱང་ཐོག་མར་མ་གསན་ན་མ་གཏོགས་གསན་ཚར་ནས་མ་ཆད་པར་མཛད་ན་བཟང་ལ། ཆོས་ཁྲིད་ཀྱི་མཇུག་ལ་དཔལ་སྤྲུལ་ཚང་གི་གསུང་། ན་མོ་གུ་རུ། བསྐལ་མང་གོང་ནས་ཞེས་པའི་སྨོན་ལམ་འདི་ཚར་རེ་གསུང་ན་བསམ་པ་ཡིན། གོང་ནས་བཤད་པ་ལྟར་ང་ལོ་བཅུའམ་བཅུ་གཅིག་ཐོག་ནས་ཨ་བུ་ལྷ་སྒང་དང་པོར་མཇལ་དུས་དར་དཀར་ཞིག་དང་རྒྱ་ནག་གི་གནའ་དཀར་འབྲུག་མ་སྔོ་ཁྲ་ཁེབ་སྡེར་ཆ་འགྲིག་ཅན་ཞིག་གི་ནང་དུ་ཤིང་ཐོག་གང་བླུགས་ནས་གནང་བྱུང་། དེ་དང་མཉམ་དུ་བསྐལ་མང་གོང་ནས་ཞེས་པའི་སྨོན་ལམ་ལྡེབ་ཆུང་གཉིས་པོ་འདི་ཡང་གནང་ནས། འདི་བློ་ལ་ལོངས་ཤོག་ཁོང་གིས་ཉིན་ཞིག་ལ་རྒྱུགས་ལེན་རྒྱུ་ཡིན་གསུངས་བྱུང་། དེ་རྗེས་ཁོང་གི་སྐུ་ཚེའི་མཛད་པ་ཐ་མར་དགོངས་པ་རྫོགས་དུས་མཛོད་བདུན་གྱི་ཕྱག་དཔེ་ང་ལ་གནང་རྒྱུའི་ཞལ་ཆེམས་བཞག་པ་ཡིན་པས་། ངས་ཁྲིད་རྒྱུན་དངོས་ཞུ་ས་ཁོང་མིན་ཡང་དོན་བརྒྱུད་ཀྱི་དགོངས་པ་གཏད་ཡོད་བསམ་པ་ནི་གོང་ནས་ཞུས་པ་ལྟར་ཡིན་པས། ད་རེས་ཀྱི་དུས་སྐབས་འདིར་ཁོང་བཀའ་དྲིན་ཅན་རྣམ་པ་ནས་ཁྱེད་རྣམ་པ་ལ་བརྒྱུད་པའི་བར་ལག་སྦྲེལ་བྱེད་དེ་ངས་བྱས་སོང་བ་ཡིན་ཕྱིར་དམ་པ་དེ་ཚོའི་གསུང་ལ་རྒྱུ་མཚན་རེ་ཡོད་ཤག་ཤག་ཡིན་ན། འདིའི་སྨོན་ལམ་ཡང་ཁོང་གིས་ཁྲིད་ལུང་སྦྲགས་མ་མཛད་ནས་གནང་བྱུང་བས་བྱིན་རླབས་ཐོབ་པའི་དགོས་གནད་ཁྱད་པར་ཅན་ཡོད་རྒྱུ་རེད་སྙམ་བཞིན་ཡོད། དེས་ན་དང་པོ་ངས་ཚར་གཅིག་འདོན་པ་དེས་ལུང་ཐོབ་རྒྱུ་བྱེད། དེའི་འཕྲོར་མཛོད་བདུན་གྱི་ཆོས་ཁྲིད་ཀྱི་མཇུག་རྣམས་ལ་འདོན་ན་བསམ། དཔལ་སྤྲུལ་ཚང་གི་གསུང་བྱིན་རླབས་ཅན་ཡང་ཡིན་པ་རེད།།


previousཉིན་དང་པོའི་ཆོས་ཁྲིད།next