Nitartha Digital Library
Tibetan
 
previousཉིན་གཉིས་པའི་ཆོས་ཁྲིད། next

ཉིན་གཉིས་པའི་ཆོས་ཁྲིད།

ནམ་མཁའི་མཐའ་དང་མཉམ་པའི་མཐའ་ཀླས་འགྲོ་བའི་ཚོགས་རྣམས་ཐམས་ཅད་གཅིག་ཀྱང་མ་ལུས་པར། སྐུ་གསུམ་འདུས་པའི་བདག་ཉིད་ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་པོའི་གོ་འཕང་མཆོག་ལ་འགོད་པར་བགྱིའོ་སྙམ་པའི་བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་། སྙིང་རྗེས་སེམས་ཅན་ལ་དམིགས་པ་དང། ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པའི་ཟུར་གཉིས་དང་ལྡན་པའི་ཐོག་ནས། ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་གནས་དུས་སྟོན་འཁོར་ཆོས་ཏེ་ཕུན་སུམ་ཚོགས་པ་ལྔ་རུ་གསལ་བཏབ་ནས་གསན་དགོས་པ་ཡིན། ཕུན་སུམ་ཚོགས་པ་ལྔ་བོ་འདི་ལ་ཡང་། ཐུན་མོང་གི་ཕུན་སུམ་ཚོགས་པ་ལྔ་དང་། ཐུན་མིན་གྱི་ཕུན་སུམ་ཚོགས་པ་ལྔ་ཡི་སྒོ་ནས་འཆད་དུ་ཡོད་ཅིང་། ཐུན་མོང་གི་ཕུན་སུམ་ཚོགས་པ་ལྔ་ནི། སྟོན་པས་རྒྱུད་གསུངས་པའི་གནས་སྐབས་སུ། དེས་འཁོར་ལ་གསུངས་པ་ངེས་པ་དང་། དེའི་ཚེ་གང་ནས་གསུང་སའི་གནས་ཤིག་ཀྱང་ཡོད་ཅིང་། དེ་རྣམས་ཚོགས་ན་ནམ་གསུང་གི་དུས་ཞར་ལ་འབྱུང་བས་གསང་བ་ཆེན་པོའི་རྒྱུད་ཐམས་ཅད། ཕུན་སུམ་ཚོགས་པ་ལྔ་རེ་ལྡན་པའི་གླེང་གཞི་དང་འབྲེལ་ནས་གསུངས་པ་ལྟར། རང་རེས་ཀྱང་རྒྱུད་དོན་ལུང་ལ་སྦྱར། ལུང་དོན་མན་ངག་གིས་བཀྲོལ་ནས་བཤད་པའི་སྐབས་སུ་ཐུན་མོང་གི་ཕུན་སུམ་ཚོགས་པ་ལྔ་དང་སྦྲེལ་ཏེ་གསལ་གདབ་རྒྱུ་དང་། ཐུན་མིན་གྱི་ཕུན་སུམ་ཚོགས་པ་ལྔ་ནི། རང་ཉིད་ཀྱི་བེམ་རིག་ཚོགས་པ་འདི་ལ་བཞག་ན། གདུལ་བྱའི་མ་དག་པ་ཕུང་པོ་ལྔ་ལ། འདུལ་བྱེད་ཀྱི་ཕུན་སུམ་ཚོགས་པ་ལྔ་ཡི་གླེང་གཞིས་འདུལ་བ་ཡིན་པའི་ཕྱིར། གདུལ་བྱ་དང་འདུལ་བྱེད་ལ་འཐད་པས། གཞི་དངོས་པོ་གཤིས་ཀྱི་གནས་ལུགས་ཀྱི་ཕུན་སུམ་ཚོགས་པ་ལྔ་དེ། བཀོད་པ་ལུས་ཀྱི་ཕུན་སུམ་ཚོགས་པ་ལྔ་དང་སྦྱར་ན། གནས་ཕུན་སུམ་ཚོགས་པ། ཙིཏྟ་རིན་པོ་ཆེའི་གཞལ་ཡས་ཁང་སྙིང་དབུས་རིན་ཆེན་ཟུར་བརྒྱད་ཀྱི་དྭངས་མའི་དབུས་ན། སྟོན་པ་ཕུན་སུམ་ཚོགས་པ། འོད་གསལ་རང་བྱུང་གི་རིག་པའི་རྒྱལ་པོ་ཡིས། འཁོར་ཕུན་སུམ་ཚོགས་པ། སྐུ་ལྔ། ཡེ་ཤེས་ལྔ། འོད་ལྔ། ཤེས་རབ་ལྔ་ལ་སོགས་པ་ལྔ་ཚན་ལྔ་ཐིག་ལེ་ཐིག་ཕྲན་དང་བཅས་པས་བསྐོར་བ་ལ། ཆོས་ཕུན་སུམ་ཚོགས་པ། ཡེ་ཤེས་གསུམ་ལྡན་དང་ཆོས་དབྱིངས་ཐིག་ལེ་ཉག་གཅིག་གི་ནང་དུ་འདུས་པའི་བཤད་བྱའི་གདམས་པ་ཉམས་ལེན་མྱོང་བ་དང་བཅས་པ། དུས་ཕུན་སུམ་ཚོགས་པ། རྟོགས་སྒོམ་དུས་གཅིག་ལ་འཆར་བའི་སྐབས་དང་ལྔའོ། །གཞན་ཡང་སྒྱུ་འཕྲུལ་གསང་བ་སྙིང་པོ་ལས། སྲིད་པ་གསུམ་ཉིད་དག་པའི་ཞིང་། །སྙིགས་མ་ལྔ་ཉིད་བདེ་ལྡན་གནས། །ཕུང་པོ་ལྔ་ཉིད་རྫོགས་སངས་རྒྱས། །ཐམས་ཅད་མཆོག་གི་སྙིང་པོ་ལས། །གཞན་དུ་གྱུར་པའི་ཆོས་མི་བཙལ། །ཞེས་གསུངས་པ་ལྟར། དེ་ཉིད་དོན་ལ་གནས་པའི་ངེས་ཤེས་དང་མི་འབྲལ་བའི་ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་ཐུན་མོང་མ་ཡིན་པ་དང་བཅས་ཏེ། ཟབ་མོའི་གདམས་པ་མན་ངག་གི་བསྟན་བཅོས་འདི་གསན་དགོས་པ་ཡིན་ལ། དེ་ལྟ་བུའི་གསལ་འདེབས་དེ་ཉིད། ཡང་ན་དབང་རབ་སྔགས་ཀྱི་གདུལ་བྱ་སྦྱངས་པ་སྔོན་སོང་ཅན་ཞིག་གམ། ཡང་ན་སྤྱིར་བཏང་གི་ཆོས་རྗེས་འབྲང་བའི་དབང་རྣོན་ཐེག་ཆེན་གྱི་གདུལ་བྱ་སྔགས་ལ་མོས་པའི་རིགས་ཅན་ཞིག་མིན་ན། དེ་ལྟར་དགོས་ཞེས་པ་ཙམ་གྱིས་ཐམས་ཅད་དཔེ་གཅིག་གིས་མཚོན་པ་དང་འདྲ་བ་ཞིག་ཡོང་བ་དཀའ་བ་ཡིན་པས། ཐོག་མར་མེད་ན་ཐབས་མེད་ནི། བློ་སྣ་ཆོས་ལ་ཕྱོགས་པ་ལ་ཐུན་མོང་གི་ལམ་གནད་གལ་ཆེན་ཡིན་པས། དེ་ཡང་བློ་ཆོས་སུ་འགྲོ་བ། ཆོས་ལམ་དུ་འགྲོ་བ། ལམ་འཁྲུལ་བ་སེལ་བ། འཁྲུལ་བ་ཡེ་ཤེས་སུ་འཆར་བ། འདི་བཞི་བོའི་ནང་དུ་གང་ཟག་གཅིག་འཚང་རྒྱ་བའི་ལམ་གནད་ཐམས་ཅད་འདུས་པ་ཡིན་ཞིང་། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རྒྱལ་བ་ཀློང་ཆེན་པས་ཆོས་བཞི་རིན་པོ་ཆེའི་ཕྲེང་བ་ལས། གང་ཞིག་ཐོས་ན་སྐྱེ་ཤི་རྒྱུན་ཆད་དེ། །བདེ་ཆེན་མཆོག་དང་ནམ་ཡང་མི་འབྲལ་བ། །ཞི་བའི་ཆོས་མཆོག་རིན་ཆེན་གྲུ་བཟང་གིས། །སྲིད་གསུམ་ཉོན་མོངས་ཆུ་གཏེར་བརྒལ་ཕྱིར་འབད། །ཅེས་གསུངས་པ་ནི། དམ་པའི་ཆོས་ཟབ་མོ་གང་ཞིག་ཐོས་རྗེས། དེའི་དོན་བསམ་ནས་སྒོམ་པས་ཉམས་སུ་བླངས་ན། སྐྱེ་ཤི་ཁ་བརྒྱུད་ནས་ཁམས་གསུམ་འཁོར་བའི་འཁོར་ལོ་ལུགས་འབྱུང་དུ་འཁོར་བའི་རྒྱུན་ཆད་ནས། དུས་གཏན་དུ་བདེ་བའི་བདེ་བ་ཆེན་པོ། བདེ་ཆེན་དམ་པ་ནམ་ཡང་འགྱུར་བ་མེད་པའི་མཆོག་དམ་པ་དེ་དང་ནམ་ཡང་མི་འབྲལ་བར་བྱེད་པའི་ཆེད་དུ། ཞི་བ་བསིལ་བ་འདུས་མ་བྱས་པ་བདུད་རྩི་ལྟ་བུའི་ཆོས་མཆོག་དཔེར་ན་རིན་པོ་ཆེའི་གྲུ་བཟང་པོ་ལྟ་བུ་དེ་ལ་བརྟེན་ནས། སྲིད་པ་ཁམས་གསུམ་འཁོར་བ་ལས་དང་ཉོན་མོངས་པའི་རྦ་ཀློང་རབ་ཏུ་འཁྲུགས་པའི་ཆུ་བོ་མཐའ་དང་དབུས་མི་མངོན་པ་འཇིགས་སུ་རུང་བ་གནོད་པ་མང་པོ་ཅན་དེ་ཉིད་བརྒལ་བའི་ཕྱིར་འབད་རན་པ་ཡིན་ནོ་ཞེས་གསུངས། ཡང་སེམས་ཉིད་ངལ་གསོ་ལས། འཁོར་བའི་ཆུ་གཏེར་ཕ་མཐའ་ཡས་འདི་ལས། །རིན་ཆེན་གྲུ་བོ་ཐོབ་དུས་མ་བརྒལ་ན། །གཏན་དུ་ཉོན་མོངས་སྡུག་བསྔལ་དབའ་ཀློང་དུ། །རབ་ཏུ་འཁྲུགས་ཚེ་བདག་གིས་ཇི་ལྟར་བྱ། །ཞེས་ཀྱང་གསུངས་སོ། །དེས་ན་ད་རེས་ཐར་ལམ་སྒྲུབ་པའི་མཐུན་རྐྱེན་ཚང་བའི་སྐབས་སུ། རང་གཞན་གྱི་བྱང་ཆུབ་དམ་པ་མ་བསྒྲུབས་ན། ཕྱིས་སུ་འདི་འདྲ་བའི་ལུས་རྟེན་རྙེད་མ་དགོས་བདེ་འགྲོའི་མིང་ཙམ་ཡང་གོ་དཀའ་བས་མི་ཚད། ངན་སོང་ངན་འགྲོའི་གནས་མཐའ་མེད་ཐུག་མེད་གཅིག་ནས་གཅིག་ཏུ་བརྒྱུད་ནས། དུས་གཏན་དུ་འཁོར་བའི་གནས་ནས་ཐར་བའི་གོ་སྐབས་རྙེད་རྒྱུ་ཡོད་པར་དཀའ་བའི་ཕྱོགས་ལ། ཁ་ཙམ་མིན་པར་སྙིང་ནས་སེམས་པ་ནི་གནད་ཆེ་བ་ཡིན་ནོ། །གཞན་ཡང་ད་རེས་དལ་འབྱོར་གྱི་ལུས་རྟེན་ཞིག་ཐོབ་པ་འདི་ཡང་། འགྱུར་དུ་མེད་པའི་རྟག་བརྟན་ཅན་ཞིག་མ་ཡིན་པར། རགས་པ་རྒྱུན་གྱི་མི་རྟག་པ་དང་། ཕྲ་བ་སྐད་ཅིག་གིས་མི་རྟག་སྟེ་འགྱུར་ཞིང་། ལུས་འབྱུང་བཞི་འདུས་པའི་ཕུང་པོ་འདི་ལ། རྣམ་ཤེས་ཀྱི་རྒྱུན་བརྟེན་པའི་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པའི་སྐྱེས་བུའི་ཚེ་སྲོག་གི་རྒྱུན་འདི། དུས་ནམ་ཞིག་གི་ཚེ་འཇིག་ནས་ཡལ་འགྲོ་ཆ་མེད་པའི་ཕྱོགས་ལ་སྙིང་ནས་བསམ་པར་བྱའོ། །ཕྱི་སྣོད་ཀྱི་འཇིག་རྟེན་ལ་བསམ་ན་ཡང་མཐར་འཇིག་པའི་བསྐལ་བ་ཤར་ཚེ། མེ་བདུན་ཆུ་གཅིག་དང་རླུང་གིས་གཏོར་བའི་ཚེ། སྐྲ་རྩེའི་ཆ་ཤས་ཀྱི་རྩེ་ཙམ་ཡང་ལྷག་ལུས་མེད་པར་གྱུར་ཏེ། མཐར་ཐམས་ཅད་ནམ་མཁའ་སྟོང་པ་གཅིག་ལ་འགྱུར་བའི་གོ་སྐབས་ཀྱང་ཡོད་པ་ཡིན་ནོ། །ནང་བཅུད་ཀྱི་འགྲོ་བ་ཡང་དཔེ་དེ་དང་མཚུངས་པར་མི་རྟག་པ་སྐད་ཅིག་སྐད་ཅིག་གིས་འགྱུར་ཞིང་གཡོ་བ་སྟེ། བདག་ཉིད་གཅིག་གི་སྟེང་དུ་མི་གནས་པར། གཞན་དུ་འགྱུར་ཞིང་འགྲོ་བའི་བདག་ཉིད་ཅན་ཡིན་པས་ན་འགྲོ་བ་ཞེས་སུ་གྲགས་ལ། དེ་ལྟ་བུའི་འགྲོ་བ་ལྷ་དང་། ལྷ་མ་ཡིན། མི་དང་། དུད་འགྲོ། དམྱལ་བ་དང་། ཡི་དྭགས་ཀྱིས་བསྡུས་པའི་སེམས་ཅན་ཡོད་དོ་ཅོག་ཐམས་ཅད་ཀྱང་དུས་ཀྱི་ཐ་མར། འཆི་འཕོ་བ་དང་སྐྱེ་བའི་ཆུ་བོ་ཆེན་པོའི་དབའ་ཀློང་དུ་ཆུད་ཅིང་བྱིང་བ་ནི་འཁོར་བ་རང་གི་མཚན་ཉིད་ཡིན་པས། རང་ཡང་དེ་ལས་མི་འདའ་བར། ལོ་དང་། ཟླ་བ་དང་། ཞག་དང་། དུས་ཚིགས་དང་། སྐད་ཅིག་གིས་མི་རྟག་པར་འཇིག་ཅིང་གཡོ་བ་ཅན་ཡིན་པ་ནི་ཤེས་བཞིན་པ་སྟེ། རང་རེ་ན་ནིང་ཐུག་པའི་ཆོས་གྲོགས་ད་ལོ་ངོ་ཤེས་ལྷམ་མེར་ཐོན་བྱུང་སྙམ་པར་བྱེད་ཀྱང་། དོན་དུ་ལོ་གཅིག་གི་མི་ཚེའི་དུས་ཚོད་ཤུལ་དུ་བསྐྱུར་ནས། གདོང་འཆི་བདག་ལ་ཕྱོགས་ཏེ། མཉམ་དུ་འཆི་བདག་ལ་ཇེ་བཅར་ཇེ་བཅར་དུ་འགྲོ་བཞིན་པ་ཡིན་ལ། འཆི་བདག་གི་སྔོན་ཆ་དང་རྟགས་ཐམ་ལུས་སྟེང་དུ་ཕོག་སྟེ། དར་མ་ཚོ་ན་ཚོད་ཇེ་ཡོལ་དུ་ཕྱིན། རྒས་པ་ཚོ་རྒུད་པར་ཕྱོགས་ཏེ། ལུས་ཀྱི་ཤུགས། སེམས་ཀྱི་སྟོབས། ངོའི་གཉེར་མ། ཁའི་སོ། མགོའི་སྐྲ་མདོག་ཚུན་ལོ་རེ་ལོ་རེ་ལ་འགྱུར་བཞིན་པ་ཡིན་ནོ། །ལོ་གཅིག་ལ་ཡང་། དབྱར་རྗེས་སུ་སྟོན། སྟོན་རྗེས་སུ་དགུན་དང་། ཡང་དཔྱིད་ཀྱི་ནམ་ཟླ་ཚེས་པ་ལྟར། མི་རྟག་དུས་བཞིའི་རྣམ་འགྱུར་སྐྱོ་བ་ཅན་འདི་ནི། རང་ཉིད་ཀྱི་ཚེ་ཡང་དེ་དང་མཚུངས་པར་མི་རྟག་པའི་ངང་ཚུལ་གྱི་དཔེ་སྟོན་ཞིག་དང་འདྲ་བ་ཡིན་པས། ལུས་དང་སྲོག་ནམ་ཞིག་ལ་འབྲལ་འགྲོ་མི་ཤེས་པ་ཡིན་པས། སང་ཉིན་གྱི་ཉི་མ་དང་རང་གི་ཚེ་གཉིས་གང་གིས་རིང་བ་དང་། ཕྱི་མ་དང་སང་ཉིན་གཉིས་གང་སྔོན་དུ་ཡོང་མི་ཤེས་བསམ་པའི་ངེས་ཤེས་དེ་སྙིང་ནས་ཡོད་དགོས་པ་ཡིན་ནོ། །དེ་ལྟ་བུའི་བསམ་བློ་བཏང་ན་ཐམས་ཅད་ཤི་རྒྱུ་ལ་སྐྲག་ནས་ཡོད་ཀྱང་བླུན་ཞིང་རྨོངས་པའི་སྟོབས་ཀྱིས། མཚམས་མཚམས་རེར་འཆི་བའི་ཕྱོགས་ཀྱི་སྐད་ཆ་མ་གོ་ན་དགའ་བའི་སྣང་བ་ཤར་ནས་དེའི་ཕྱོགས་ལ་མི་སེམས་པར་འདུག་ཁུལ་བྱེད་ཀྱང་། འདི་མི་ཤེས་མདོག་བྱེད་རྒྱུ་ཡོད་པ་མིན་ཏེ། ལམ་དེར་མི་བརྒྱུད་པར་མཐོ་རྒྱལ་པོ། དམའ་སྤྲང་པོ་སུ་ཡང་གཟུར་ས་མེད་པ་ཡིན་པའི་ཕྱིར། དེས་ན་ལུས་ཅན་ཐམས་ཅད་འཆི་བ་ལ་སྐྲག་ཅིང་། དེའི་ཆེད་དུ་ལུས་དང་སྲོག་སྲུང་ཁུལ་བྱེད་ཀྱང་། ངོ་མས་དོན་དམ་དོན་ལ་བསྐོར་སོང་ན། འཆི་བ་བས་ཀྱང་སྐྱེ་བས་སྐྲག་ཆེས་པ་ཡིན་ཏེ། སྐྱེ་བས་སྡུག་བསྔལ་ཡོད་ཚད་པོ་ཐམས་ཅད། མི་མྱོང་ཐབས་མེད་ཀྱི་མགོ་གཞི་ནས་འཛིན་པར་བྱེད་པའི་ཕྱིར་རོ། །དེས་ན་འཁོར་བའི་གནས་རིས་གང་དུ་སྐྱེས་ན་ཡང་མེའི་འོབས། སྲིན་མོའི་གླིང་། དུག་སྦྲུལ་གདུག་པ་ཅན་གྱི་ཚང་ནང་དུ་ལྷུང་བ་ལྟ་བུ་ཞིག་ཡིན་པས། འཁོར་བའི་གནས་སུ་ཡང་བསྐྱར་སྐྱེ་བ་ལེན་མི་དགོས་པར་བྱེད་པའི་ཐབས་དེ་བཙལ་དགོས། འཁོར་བའི་སྡུག་བསྔལ་འདི་རང་གཞན་གཉིས་ཀའི་ཐོག་ཏུ་ཡོད་བཞིན་པ་དང་འདིས་མནར་བཞིན་པ་ཡིན་པས། དེ་ལ་ལྷག་ཏུ་གསལ་འདེབས་མི་དགོས་ལྟ་བུ་ཞིག་ཡིན་ཡང་། རང་རེ་མིའི་སྡུག་བསྔལ་བས་བརྒྱ་སྟོང་ཁྲི་འབུམ་གྱིས་ཆེ་བའི་དམྱལ་བ་ཚ་གྲང་གི་སྡུག་བསྔལ། ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ། དུད་འགྲོ་གླེན་ཞིང་རྨོངས་པ་དང་། གཅིག་ལ་གཅིག་གིས་ཟ་བའི་སྡུག་བསྔལ་དེ་དག་ལ་འདང་ཞིག་བརྒྱབ་ན། གལ་སྲིད་རང་ངོ་མའི་ལུས་ཐོག་ལ་དེ་མྱོང་དགོས་ཚེ། སྐད་ཅིག་ཙམ་ཡང་བཟོད་ཐབས་མེད་པ་དེ་འདྲ་བ་ཞིག་ཡིན་ནོ། །མིའི་སྡུག་བསྔལ་ནི་རང་ཅག་གི་སྟེང་དུ་ཡོད་རྒྱུ་འདི་སྟེ། འདི་ལ་ཡང་སྐྱེ་རྒ་ན་དང་འཆི་བའི་སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་བཞི་ལ་སོགས་པའི་སྡུག་བསྔལ་ལ་བརྟགས་ཤིང་དཔྱད་ན་མྱོང་ཚད་སྡུག་བསྔལ་གྱི་ཚོར་བ། བཤད་ཚད་སྨྲེ་ངག་གི་འོ་དོད་ཡིན་པ་དང་། ལྷ་མ་ཡིན་ལ་སྐྱེས་ན་འཐབ་རྩོད་གསོད་གཅོད་ཤི་རྨས་ཀྱི་སྡུག་བསྔལ་ཡོད་པ་དང་། དུས་རྟག་ཏུ་ཕྲག་དོག་གི་ཚོར་བ་རྩུབ་མོས་མནར་བ་ལ་སོགས་པ་ཡོད་ཅིང་། ལྷ་ཡུལ་ལ་ཡང་གནས་སྐབས་ཤིག་ལ་སྡུག་བསྔལ་རགས་པ་ཆུང་བའི་སྐབས་ཡིན་ཡང་། འདུ་བྱེད་ཀྱི་སྡུག་བསྔལ་དང་། ཁྱད་པར་དུ་འཕོ་ལྟུང་གི་སྡུག་བསྔལ་དམྱལ་བར་མ་ལྷུང་གོང་ནས་དམྱལ་བའི་སྡུག་བསྔལ་སེམས་ཐོག་ནས་མྱོང་སྟེ་སྡུག་བསྔལ་ལོ། །དེས་ན། འགྲོ་ལྔ་དག་ན་བདེ་བ་མེད། །མི་གཙང་ཁང་ན་དྲི་ཞིམ་མེད། །ཅེས་གསུངས་པ་ལྟར་ཡིན་པས། སྲིད་པ་འདི་ལས་ཡོངས་སུ་འདའ་མ་ནུས་ན། སྡུག་བསྔལ་ལ་ཟད་འགྲོ་རྒྱུ་ཞིག་ག་ལ་ཡོད་དེ་མེད་དོ། །ཚེ་འདིའི་འཁོར་ལོངས་སྤྱོད་ཉེ་དུ་ཟས་ནོར་ཏེ། འདི་རྣམས་ཀྱི་འཆིང་ཐག་གིས་བཅིངས་ནས་འཁོར་བའི་བཙོན་ཁང་འདི་ལས་ཐར་མི་ཐུབ་པ་ཡིན། འོན་ཀྱང་འདི་རྣམས་ལ་རྟག་བརྟན་དང་སྙིང་པོ་མེད་ཚུལ་གོང་དུ་བཤད་པ་ལྟར་ཡིན་ནོ། །འདི་རྣམས་ལ་རྟག་བརྟན་ཡོད་ཀྱང་རུང་མེད་ཀྱང་རུང་། རང་ཉིད་ཀྱི་ཚེ་འདིའི་སྣང་བ་འདི་གཉིད་སད་ཀའི་རྨི་ལམ་དང་འདྲ་བ་སྟེ། རྨི་ལམ་བཟང་པོ་སྐྱུར་མི་བྲ་བ་ཞིག་གམ་རྨི་ལམ་ངན་པ་ད་མ་རྨིས་ན་སྙམ་པ་ཞིག་གང་ཡིན་ནའང་སད་ཚེ་གཉིས་ཀ་མེད་པ་ཡིན། ཤི་བ་དང་གཉིད་སད་པ་གཉིས། ཅིག་ཤོས་མིག་ཕྱེས་མ་ཐག་མེད་སོང་ཞིང་ཅིག་ཤོས་མིག་བཙུམ་མ་ཐག་མེད་སོང་བ་ཙམ་ཡིན་པས་ཤི་གསོན་གྱི་སྣང་བ་འདི་མིག་ཕྱེ་བཙུམ་གྱི་ཡུན་དང་འདྲ་བའི་འཇིག་སླ་བ་ཞིག་ཡིན་པའི་དཔེར་བྱས་ཀྱང་ཆོག་གོ །དེས་ན་འཇིག་རྟེན་འདི་སྣང་གི་བྱ་བ་ཟེར་བ་ནི། དང་པོར་འདི་ཚར་དགོས། དེ་ནས་དེ་བསྒྲུབ་དགོས། དེའི་མཇུག་རྫོགས་རྗེས་ཆོས་ཤིག་བསྒྲུབ་དགོས་སྙམ་པ་ལྟ་བུ་རེ་བྱུང་ཡང་། ཐོག་མེད་ནས་ད་བར་འདིས་དེ་ལྟར་བསླུས་པ་ཡིན་པས། ད་དུང་ཡང་དེ་བཞིན་དུ་རྟག་འཛིན་དང་ཕྱི་ཚིས་རེ་དོགས་ཀྱིས་དུས་འདའ་ན། ཉིན་ཞིག་ལ་ཆག་སྒོ་ཆེན་པོ་ཉོ་ངེས་ཡིན་པས། འདི་སྣང་ཆོས་བརྒྱད་ཀྱི་ཞེན་པ་ཞེས་པ། གཅད་བྱ་ཡུལ་གྱི་བསླུ་བྲིད་འདི་དུག་དང་འདྲ་བ། མཚོན་དང་འདྲ་བ། མེ་དང་འདྲ་བ་སྟེ། དེ་ཡང་སྲོག་གཅོད་པའི་ཆ་ནས་དུག་དང་འདྲ་ཞིང་། མ་རུངས་བར་བྱེད་པའི་ཆ་ནས་མཚོན་ཆ་དང་འདྲ་ལ། སྲེག་ཅིང་ཕུང་བར་བྱེད་པས་ན་མེ་དང་འདྲ་བ་ཡིན། ཞེན་ཆགས་སྐྱེ་བའི་ཡུལ་འཁྲི་བ་མི་ཆོད་ས་ཁོ་རང་ངོས་བཟུང་སྟེ། ད་ལྟ་ཉིད་ནས་འཁྲི་བ་རྩ་བ་ནས་བཅད་དེ་དམ་པའི་ལྷ་ཆོས་རྣམ་དག་ཅིག་བྱེད་དགོས་སྙམ་པའི་ཐག་མ་ཆོད་ཚེ་ཆོས་རྣམ་དག་ཅིག་འགྲུབ་དཀའ་སྟེ། སེམས་ཐག་མ་ཆོད་པའི་དཔའ་བོ་ཞིག་དང་། ཞེན་པ་མ་ཆོད་པའི་ཆོས་པ་ཞིག་ཡོད་པ་མ་ཡིན་པས་སོ། །ད་དེ་ལྟ་བུའི་ཀུན་སློང་རྣམ་པར་དག་པས་རང་རྒྱུད་དང་བསྟུན་ནས་བློ་བཅོས་ཏེ། ཆོས་ཉན་པའི་ཀུན་སྤྱོད་མདོ་རྒྱུད་བསྟན་བཅོས་དག་ལས་ཇི་ལྟར་འབྱུང་བ་བཞིན། ཡང་དང་ཡང་དུ་ཞུས་པ་དེ་ལས་མི་འདའ་བར། སྐབས་སུ་བབས་པ་གནས་གདན་ས་ཁྱད་པར་ཅན་འདི་ནས། ཆོས་ཟབ་མོ་ཀློང་ཆེན་མཛོད་བདུན། འཁོར་བཟང་པོ་མ་འོངས་བསྟན་རྒྱུན་གྱི་སྲོག་འཛིན་ཤ་སྟག་འཛོམས་ས་ནས། དུས་བསྐལ་བ་བཟང་པོ་དཀོན་མཆོག་གི་སྣང་བ་དང་མ་བྲལ་བའི་དུས་སུ། ང་ཆོས་འཆད་པ་པོའི་སྟོན་པ་བཟང་པོ་མིན་ཡང་། བཤད་མ་ཐག་པ་ལྟར་ཕུན་སུམ་ཚོགས་པ་ལྔ་བོ་གསལ་གདབ་མི་དགོས་པར་ཡེ་ནས་ཚང་བ་དང་། ངས་དངོས་སུ་ཐོབ་སའི་སངས་རྒྱས་དངོས་བྱོན་གྱི་བླ་མ་འཇིགས་མེད་ཡོན་ཏན་མགོན་པོ་དང་། མཁན་ཆེན་ཐུབ་བསྟན་སྙན་གྲགས། བརྒྱུད་ནས་ཐོབ་པའི་དགོངས་བརྒྱུད་ཀྱི་བྱིན་རླབས་སོ་མ་འཕྲོ་མ་ཆད་པའི་པདྨ་ཐེག་མཆོག་བློ་ལྡན་གྱི་དགོངས་དོན་དེ་ཚོ་ལ་སེམས་ཚེ། ལོ་བཅུ་ཕྲག་ཁ་ཤས་ཀྱི་རྗེས་ནས་ལོ་རྒྱུས་ཀྱི་ཟིན་ཐོ་ལ་ཕྱི་མིག་ལྟ་མཁན་རེ་ཡོད་ན། བསམ་ཡས་མིན་རུང་བསམ་འདྲ། འོག་མིན་མིན་ན་ཡང་གཉིས་པ། མཁན་སློབ་ཆོས་གསུམ་མིན་རུང་དེའི་བརྒྱུད་པ་སྙིགས་མའི་དུས་སུ་སྲོག་གིས་བསྲུངས་པའི་རིན་ཐང་མངོན་དུ་ཡོད་པའི་ཡིད་ཆེས་ཀྱི་གདེང་ཚོད་དང་སྤོབས་སེམས་རང་ཉིད་ལ་ཡོད་པ་དང་། བསམ་པ་རྣམ་པར་དག་པས་ཀུན་ནས་བསླངས་ཏེ་དམ་པ་གོང་མའི་ཞལ་གྱི་བདུད་རྩི་དེ། ཕ་ནོར་བུ་སྐལ་ལ་སྤྲོད་པའི་རབ་རྒལ་གྱི་ཟམ་པ་ལྟ་བུ་ཞིག་གི་གོ་ཆོད་པ་འདི་ཡང་རྒྱལ་བའི་འཕྲིན་ལས་ཀྱི་འཇུག་པ་ཡིན་པའི་ངེས་ཤེས་ཀྱི་སྤྲོ་སྣང་དང་བཅས་པས། གང་ཞིག་འཆད་ཉན་བྱ་རྒྱུའི་ཆོས་ཀྱི་རིམ་པ་གསང་བ་བླ་ན་མེད་པ་འོད་གསལ་རྡོ་རྗེ་སྙིང་པོའི་གནས་གསུམ་གསལ་བར་བྱེད་པའི་ཚིག་དོན་རིན་པོ་ཆེའི་མཛོད་འདི་ཉིད་འཆད་པར་བྱེད་པ་ལ། གནས་ངེས་པ་གསུམ་གྱིས་རྒྱུད་ལྟར་བཤད་པ་དང་། ཕུན་སུམ་ཚོགས་པ་ལྔ་ཡིས་ལུང་ལྟར་བཤད་པ་དང་། གཞི་ལམ་འབྲས་གསུམ་གྱིས་བསྡུས་ནས་མན་ངག་ལྟར་བཤད་པ་དང་གསུམ་ལས། སྐབས་འདིར་མན་ངག་ལྟར་བཤད་པས་གཞི་བཟུང་ནས་རྒྱུད་ལུང་གི་བཤད་ཚུལ་ཞར་ལ་ཚང་བར་བྱས་ཏེ་འཆད་པ་ཡིན། དེ་ཡང་དབང་རྣོན་མཚན་སྨོས་པས་རྟོགས་པའི་ངོ་ཁར་མཚན་དོན་བཤད། འབྲིང་པོ་རྣམ་གྲངས་ཙམ་གོ་ནས་རྟོགས་པ་ལ། ཕུན་སུམ་ཚོགས་པ་ལྔས་གླེང་གཞི་དང་འབྲེལ་བའི་མན་ངག་བསྡུས་དོན་གྱི་ཆིངས་ཀྱིས་བཅིངས་ནས་བཤད། དབང་བརྟུལ་རྒྱས་པ་ལ་དགའ་བའི་རིགས་ཅན་ལ། རྒྱུད་རིག་པ་རང་གྲོལ་ལས། མདོ་དང་རྒྱས་པ་ཆེན་པོ་དང་། །ཤིན་ཏུ་རྒྱས་པ་ཆེན་པོ་བཤད། །ཅེས་གསུངས་པ་ལྟར་དུ་འཆད་པ་ལས། བསྟན་བཅོས་དངོས་ཀྱི་ལུས་རྒྱ་ཆེར་བཤད་པ་གཞུང་གི་དོན་བཤད་པའི་སྐབས་སོ། །འདི་ལ་ཁྱུང་ཆེན་མཁའ་ལྡིང་གི་འགྲོས་ཀྱིས་དོན་གྱི་ཁོག་ཕུབ་ནས་བཤད་པ་དང་། སྟག་མོའི་མཆོངས་སྟངས་ཀྱིས་དོན་གྱི་ས་ཆེན་བཅད་ནས་བཤད་པ་དང་། རུས་སྦལ་གྱི་ནུར་འགྲོས་ཀྱིས་ཚིག་གི་འབྲུ་བཅོམ་ནས་བཤད་པ་དང་། མུ་ཏིག་བསྟར་བརྒྱུས་ཀྱིས་མན་ངག་གི་དོན་བསྡུས་ནས་བཤད་པ་སྟེ། འཆད་ཐབས་རྩ་བའི་རྡོ་རྗེའི་ཆིངས་བཞི་ཡིས་བཅིངས་ནས་བཤད་ན་གསང་ཆེན་ངེས་པའི་དོན་གཏན་ལ་འབེབས་ནུས་པ་ཡིན་ནོ། །དེ་ལ་ཆིངས་དང་པོ་གླེང་གཞི་དང་འབྲེལ་བའི་ལུས་རྣམ་པར་བཞག་པ་དང་། ཆིངས་གཉིས་པ་བློ་སྤྲོས་མེད་ཀྱི་རྣལ་འབྱོར་དང་བསྟུན་ནས་ཚིག་དོན་བཅུ་གཅིག་གི་ནང་དུ་བསྡུས་ནས་གཏན་ལ་ཕབ་པ་དང་། །ཆིངས་གསུམ་པ་རྒྱས་པ་ལ་དགའ་བའི་བློ་དང་བསྟུན་ནས་ཚིག་དོན་བཅུ་གཅིག་པོ་རྒྱས་པར་བཀྲལ་བ་དང་། ཆིངས་བཞི་བ་ཤིན་ཏུ་སྤྲོས་པ་མེད་པ་དང་བསྟུན་ནས་ཚིག་དོན་བཅུ་གཅིག་པོ་ཁྲེགས་ཆོད་ཐོད་རྒལ་གཉིས་ཀྱི་ཉམས་ལེན་གྱི་ཆིངས་ཀྱིས་བཅིངས་པ་དང་། བློ་རབ་ཏུ་སྤྲོས་མེད་དང་བསྟུན་ནས་དེ་ཡང་རིག་པ་གཅིག་པོའི་དོན་དུ་འདུས་པས་དེ་དང་སྦྱར་ནས་བཤད་པ་རྣམས་སོ།།

༼ག༽ རུས་སྦལ་གྱི་ནུར་འགྲོས་ཀྱིས་ཚིག་གི་འབྲུ་བཅོམ་ནས་བཤད་པ།

རྡོ་རྗེའི་གནས་དང་པོ་གཞི་གཏན་ལ་དབབ་པའི་རིམ་པ་རྒྱ་ཆེར་བཤད་པ།

༼ཀ༽ ཡེ་ཐོག་གཞིའི་གནས་ལུགས་བཤད་པ།

ད་ལྟ་ཆིངས་གསུམ་པའི་སྐབས་སུ་བབས་པ་ཡིན་པས། དེ་ཡང་ལྟ་བའི་ལ་ཤན་ཕྱེ། སྒོམ་པའི་དོན་དང་བསྟུན་ནས་གཞུང་བཞིན་རྒྱས་པར་བཤད་པ་ལ། ད་ནི་ཡན་ལག་རྒྱས་པར་བཤད་པ་ལ། གཞི་དང་འཁྲུལ་ཚུལ་ཁྱབ་ཚུལ་དང༌། །གནས་དང་ལམ་དང་སྒོ་དང་ཡུལ། །ཉམས་ལེན་ཚད་དང་བར་མ་དོ། །གྲོལ་ས་ཉིད་དང་བཅུ་གཅིག་གོ །ཞེས་རྡོ་རྗེའི་གནས་བཅུ་གཅིག་ཡོད་པའི་རྡོ་རྗེའི་གནས་དང་པོ་གཞི་བཤད་པ་ནི། རྟོགས་ཏེ་སངས་རྒྱས་མ་བྱུང༌། མ་རྟོགས་ཏེ་སེམས་ཅན་མ་བྱུང་བའི་སྔོན་རོལ་ན་རིག་པ་རང་བྱུང་གི་ཡེ་ཤེས་གཞི་ལས་མ་གཡོས་པའི་སྐབས་ཡིན་ལ་དེའི་སྐབས་དེར་གཞི་དངོས་པོ་གཤིས་ཀྱི་གནས་ལུགས་དང་གཞི་དེ་ལས་གཞི་སྣང་གི་སྣང་ལུགས་ཇི་ལྟར་འཆར་བའི་ཚུལ་དེ་ཉིད་གཏན་ལ་དབབ་པར་བྱ་སྟེ། ཞེས་མཚམས་སྦྱར་ཏེ། རྒྱུད་ལུང་ལས་སྟོན་པ་ལ་འཁོར་གྱིས། ཐོག་མའི་གཞི་ཇི་ལྟར་ཡིན་པར་དྲིས་ཏེ་གསུང་བར་བསྐུལ་བ་ནི། ཀློང་དྲུག་པ་ལས། ཀྱེ་སྟོན་པ་ཀུན་ཏུ་བཟང་པོ། ཐོག་མ་སྟོན་པ་ཉིད་མེད་པའི་སྔོན་རོལ་ན་འདི་ལྟར་སེམས་ཅན་སེམས་ཅན་ཞེས་བྱ་བར་ཡང་མ་གྲུབ། སངས་རྒྱས་སངས་རྒྱས་ཞེས་བྱ་བར་ཡང་མ་གྲུབ་པའི་སྔོན་རོལ་ན་གཞི་འདི་ཇི་ལྟར་གནས་པ་ལགས་ཞེས་དྲིས་པས། སྟོན་པས་དེའི་ལན་དུ་དོན་གྱི་གནད་བསྟན་པ་ནི། འདི་བསྟན་པ་ལ་གསུམ་སྟེ། དེ་ཡང་གང་ཞེ་ན་ཡེ་ཐོག་གཞིའི་གནས་ལུགས་དང་གཅིག དེ་ལས་གཞི་སྣང་གི་འཆར་ལུགས་དང་གཉིས། ཀུན་ཏུ་བཟང་པོའི་གྲོལ་ལུགས་སོ། །དོན་དེ་གསུམ་གྱིས་འཆད་པའི་དང་པོ་ཡེ་ཐོག་གཞི་ཡི་གནས་ལུགས་ལ་གཉིས་ཏེ། གཞི་བདུན་གྱི་རྣམ་གྲངས་ཀྱི་བཤད་པ་ཡོད་པ་དེ་སྤྱིར་བསྟན་པ་དང༌། དེ་ལས་ཀ་དག་གི་ཡེ་གཞི་བྱེ་བྲག་ཏུ་བཤད་པའོ།།

༼ཀ གཞི་བདུན་གྱི་རྣམ་གྲངས་སྤྱིར་བསྟན་པ།

དང་པོ་གཞི་བདུན་གྱི་རྣམ་གྲངས་སྤྱིར་བསྟན་པ་ནི། སྤྱིར་རྫོགས་པ་ཆེན་པོ་སེམས་ཀློང་མན་ངག་གི་སྡེ་གསུམ་པོའི་ལུགས་ཀྱི་གཞིའི་འདོད་ལུགས་རྣམ་གྲངས་བདུན་ཡོད་པས་བདུན་ལས་མི་འདའ་སྟེ། དེ་དག་གང་གང་ཡིན་ན་གཞི་ལྷུན་གྲུབ་ཏུ་འདོད་པའི་ལུགས། གཞི་མ་ངེས་པར་འདོད་པའི་ལུགས། གཞི་ངེས་པ་དོན་གྱི་དངོས་གཞིར་འདོད་པའི་ལུགས། གཞི་ཅིར་ཡང་བསྒྱུར་དུ་བཏུབ་པར་འདོད་པའི་ལུགས། གཞི་ཅིར་ཡང་ཁས་བླང་དུ་བཏུབ་པར་འདོད་པའི་ལུགས། གཞི་སྣ་ཚོགས་སུ་འདོད་པའི་ལུགས། གཞི་ཀ་དག་ཏུ་འདོད་པའི་ལུགས་སོ། །དེ་ལྟར་གཞི་བདུན་དུ་ཡོད་པའི་ལུང་གི་རྒྱབ་རྟེན་ནི། དེ་སྐད་དུ་ཡང་ཐལ་འགྱུར་ལས། བབས་ལས་གྲུབ་པའི་གནས་ལུགས་ནི། །གནས་པ་བདུན་གྱི་ཚུལ་ལ་ཡང༌། །སྣ་ཚོགས་ངོས་ནས་ལྷུན་གྲུབ་ལ། །འགྱུར་ཚད་ཆ་ནས་ངེས་མེད་པ། །མི་འགྱུར་བ་ལས་ངེས་པ་ཅན། །སྣང་བའི་རྩལ་ནི་ཅིར་ཡང་བསྒྱུར། །ཐམས་ཅད་འབྱུང་ཕྱིར་ཁས་ལེན་བཅས། །འཁྲུལ་བ་དག་ཕྱིར་ཀ་དག་ལ། །སྣང་ཚུལ་ཐ་དད་ཁྲ་བོར་འདོད། །འདི་ལྟར་འདོད་པའི་བྱེ་བྲག་ལས། །རྫོགས་པ་ཆེན་པོ་ཅིར་སྣང་ཕྱིར། །ཐ་དད་འདོད་པ་གྲངས་མང་ཡང༌། །གནས་པ་བབས་ཀྱི་ལྟ་བ་ལ། །གཅིག་མེད་གཉིས་མེད་གང་དང་བྲལ། །ཞེས་དང༌། ཀློང་དྲུག་པ་ལས། ཐོག་མ་བབས་ཀྱི་གྲུབ་པའི་གཞི། །ཡོད་ནི་གཅིག་ལས་མེད་པ་ལ། །འཁྲུལ་བར་སྣང་བའི་ཕྱོགས་དག་ནས། །རྟོག་ཚོགས་རྣམས་ཀྱིས་གཏན་ཕབ་ན། །རིམ་པ་བདུན་གྱི་ཚུལ་དུ་སྣང༌། །རིམ་པ་བདུན་གྱི་སྣང་བ་ཡང༌། །ངོ་བོ་གཅིག་གི་སྣང་ཚུལ་ལས། །གཅིག་མ་ཤེས་པས་དེ་ལྟར་སྣང༌། །འོན་ཀྱང་དེ་དོན་འདི་ལྟ་སྟེ། །ལྷུན་གྲུབ་ཉིད་དུ་གནས་པ་ལ། །སྣ་ཚོགས་འདུས་པའི་སྙིང་པོར་སྣང༌། །ངེས་པ་མེད་པར་གནས་པ་ལ། །འགྱུ་བྱེད་ཡིད་བཅས་རྣམ་པར་སྣང༌། །ངེས་པར་རང་ངོར་གནས་པ་ལ། །དྲན་བྱེད་འཕོ་བ་མེད་པར་སྣང༌། །བསྒྱུར་དུ་བཏུབ་པར་གནས་པ་ལ། །འབད་དེ་བློ་ཡི་རྣམ་པར་སྣང༌། །ཅི་ཡི་ངོ་བོར་གནས་པ་ལ། །གང་སྣང་རང་གི་ངོ་བོར་སྣང༌། །ཁྲ་བོ་དག་ཏུ་གནས་པ་ལ། །སྣ་ཚོགས་སོ་སོའི་ཚུལ་དུ་སྣང༌། །ཀ་ནས་དག་པར་གནས་པ་ལ། །དྲི་མ་ཡེ་ནས་མེད་པར་སྣང༌། །འདི་ཀུན་བློ་ཡི་རིམ་པར་སྣང༌། །རང་ངོ་ཀ་ནས་དག་པའོ། །ཞེས་མཐར་ཐུག་ཀ་དག་གཅིག་ལ་གཏན་ལ་ཕབ་པ་ཡིན། ཞེས་སོ། །དེ་ལྟར་སྒྲ་ཐལ་འགྱུར་རྩ་བའི་རྒྱུད་དང་ཀློང་དྲུག་པའི་རྒྱུད་ཀྱིས་གཞིའི་འདོད་ཚུལ་རྣམ་པ་བདུན་དུ་བསྟན་པ་ཡང་རིག་པ་སྟོང་གསལ་ཉག་གཅིག་གི་དོན་འཇལ་བྱེད་ཀྱི་བློ་ཡིས་འཇལ་བ་ལས་ཆ་ཤས་སམ་ཕྱོགས་སོ་སོ་ནས་བརྟགས་ཀྱང་རིག་པའི་ངོ་བོ་ལ་ཚིག་དང་ཡི་གེ་དང་འདོད་ཚུལ་གང་དུའང་མ་གྲུབ་པས་འདི་ཁོ་ནའོ་ཞེས་མཐའ་གཅིག་ཏུ་ཞེན་པའི་ཁས་ལེན་ནི་ལུགས་འདིར་མི་འདོད། འོན་ཀྱང་ཆ་མཐུན་པའི་ཕྱོགས་སོ་སོ་ནས་མ་བསྟན་ན་མི་རྟོགས་པའི་ཕྱིར་རེ་ཞིག་བརྗོད་ན།།

ཀ༽ གྲུབ་མཐའ་རྗེས་སུ་འཛིན་པས་གཞི་དྲུག་སྐྱོན་ཅན་དུ་བསྟན་པ།

སྤྱིར་ན་རང་བྱུང་གི་རིག་པ་སྤྲོས་མེད་ཐིག་ལེ་ཉག་གཅིག་དེ། སྨྲ་བརྗོད་ཚིག་གི་སྤྲོས་པ་ལས་རིང་དུ་འདས་པ་ཞིག་ཡིན་པས། དེ་ལ་འདི་ཡིན་དང་དེ་མིན་ཞེས་བཤད་དགོས་ན། བརྗོད་བྱ་རྗོད་བྱེད་ཀྱི་མཐའ་ལས་འདས་པ་ཞིག་ལ་བཤད་ཡོང་རྒྱུ་ཞིག་མེད་ཀྱང་། ཚིག་གི་མཚོན་དུ་མེད་ཚུལ་དེ་ཡང་། ཚིག་གིས་བརྡ་མ་སྤྲད་ན་མི་གོ་བས་རེ་ཞིག་དེའི་ཚུལ་བརྗོད་པ་ནི། འདི་ལ་རྗེས་འཇུག་གི་གདུལ་བྱའི་གང་ཟག་བློ་རིགས་མི་འདྲ་བ་རྣམ་པ་གཉིས་ཀྱི་དབང་དུ་བྱས་ནས་གྲུབ་པའི་མཐའ་རྗེས་སུ་འཛིན་པ་དང་ལམ་རྗེས་སུ་འཛིན་པ་རྣམ་པ་གཉིས་ཡོད་པ་ལས། གྲུབ་མཐའ་རྗེས་སུ་འཛིན་པའི་སྒོ་ནས་གཞི་སྔོན་མ་དྲུག་པོ་སྐྱོན་ཅན་དུ་བསྟན་པ་ནི་ཕྱོགས་རེ་ཕྱོགས་རེའི་འདོད་པ་ཕྱོགས་རེ་ལ་ཞེན་ནས་དེའི་ཕྱོགས་གཅིག་པུའི་མཐར་འཛིན་གྱི་ལྟ་བར་ལྟུང་བ་ནི། དཔེར་ན་དམུས་ལོང་དྲུག་གིས་ལྷའི་གླང་པོ་ཆེ་ལ་ལག་པས་ཉུལ་ནས་དབྱིབས་དང་ཁ་དོག་འཇལ་བ་འདྲ་ལ། ལམ་རྗེས་སུ་འཛིན་པའི་སྒོ་ནས་ཀ་དག་སྐྱོན་མེད་རང་གཞུང་དུ་འདོད་པ་ཇི་ལྟར་ཡིན་ན་མིག་དང་ལྡན་པས་གླང་པོ་ཆེའི་རང་བཞིན་འཇལ་བ་ལྟ་བུ་སྟེ། འདི་ཀུན་བློ་ཡི་རིམ་པར་སྣང༌། །ཞེས་པ་འདིས་གྲུབ་མཐའ་རྗེས་སུ་འཛིན་པ་གཞི་དྲུག་སྐྱོན་ཅན་དུ་བསྟན། རང་ངོ་ཀ་ནས་དག་པའོ། །ཞེས་པ་འདིས་ལམ་རྗེས་སུ་འཛིན་པ་ཀ་དག་སྐྱོན་མེད་དུ་བསྟན། ཞེས་སོ། །དེ་ལ་དང་པོ་གཞི་དྲུག་སྐྱོན་ཅན་དུ་གནས་པའི་མཚན་ཉིད་ཅུང་ཟད་བཤད་ན་དྲུག་ལས།

ཀ གཞི་ལྷུན་གྲུབ་ཏུ་འདོད་པ།

དང་པོ་གཞི་ལྷུན་གྲུབ་ཏུ་འདོད་པ་ལ་འདོད་པ་བརྗོད། དེ་དགག བཀག་པའི་དོན་བསྡུ་བ་དང་གསུམ་ལས་དང་པོ་ལྷུན་གྲུབ་ཏུ་འདོད་པའི་འདོད་པ་བརྗོད་པ་ནི། རིག་པའི་ངོ་བོ་ལ་ཡོན་ཏན་ཡེ་ནས་རང་ཆས་སུ་ཡོད་པ་ནི་ཉི་མ་དང་འོད་ཟེར་ལྟར་ལྷུན་གྱིས་གྲུབ་པའི་གནས་ལུགས་ནི་རྒྱ་གར་ཡང་མ་ཆད། ཕྱོགས་གང་དུའང་མ་ལྷུང༌། ཡོན་ཏན་ཐམས་ཅད་ཡེ་ནས་ལྷུན་གྲུབ་ཏུ་གནས་པའི་བདག་ཉིད་ཅེའོ་སྟེ་དེ་ལྟར་འདོད་ཅེས་འདོད་པ་བཀོད་པའོ། །གཉིས་པ་དེ་དགག་པ་ནི། དང་པོ་ཉིད་ནས་ཡོན་ཏན་ཐམས་ཅད་ལྷུན་གྲུབ་ཏུ་ཡོད་ན། གློ་བུར་དྲི་བྲལ་གྱི་འབྲས་བུ་ཡང་དང་པོ་ཉིད་ནས་ལྷུན་གྲུབ་ཏུ་ཡོད་པས་མྱ་ངན་ལས་འདས་པ་ཡང་རང་ངོ་ཤེས་པ་སོགས་རྐྱེན་ལ་མི་ལྟོས་པར། ཐོག་མ་ཉིད་ནས་ཡོད་དགོས་པར་ཐལ་ཏེ། ཡོན་ཏན་ཐམས་ཅད་ལྷུན་གྲུབ་ཏུ་ཡེ་ནས་གྲུབ་ཟིན་པའི་ཕྱིར་རོ། །དེ་ལྟར་འདོད་ན་སུ་ཡང་གཞི་དེ་ལས་འཁྲུལ་མི་སྲིད་པར་ཐལ་བ་དང༌། གལ་ཏེ་འཁྲུལ་ཡང་འཁྲུལ་བ་འདི་འདག་མི་རིགས་པ་དང༌། རྒྱུ་ལ་འབྲས་བུ་གནས་པར་ཐལ་བའི་ཕྱིར་རྒྱུ་འབྲས་དུས་མཉམ་པ་དང༌། ཐམས་ཅད་ལྷུན་གྲུབ་ཡིན་ན་འཁོར་བ་ཡང་ལྷུན་གྲུབ་ཏུ་འགྱུར་བས་འཁོར་བ་ཡིན་ན་རྟག་ཏུ་འཁོར་བ་དང་། མྱང་འདས་ཡིན་ན་རྟག་ཏུ་མྱང་འདས་སུ་ཐལ་བས་གྲོལ་བར་མི་རིགས་པ་དང༌། དེ་གཉིས་གཅིག་ཡིན་ན་འཁོར་བ་མྱང་འདས་སུ་ཐལ་བ་དང་མྱང་འདས་འཁོར་བ་རུ་ཐལ་ཏེ། དེ་གཉིས་གཅིག་ཡིན་པའི་ཕྱིར་རོ། །རྒྱུ་འབྲས་ཐ་དད་པས་ལྷུན་གྲུབ་མ་ཡིན་པར་ཐལ་བའི་ཕྱིར་ཏེ། དེ་ཡང་གཞི་ལྷུན་གྲུབ་ཡིན་ན། སོལ་བའི་ཁ་དོག་ལྟར་འགྱུར་བ་མེད་པའི་ཕྱིར། འཁོར་འདས་གཉིས་སུ་འགྱེས་རྒྱུ་མེད་ཅིང་། འཁོར་བ་ཡིན་ཡང་མ་རིག་པ་གཞི་ལ་གྲུབ་པས་རྟག་ཏུ་འཁོར་བར་འཁོར་ནས་གྲོལ་མི་རིགས་པ་དང་། མྱང་འདས་ཡིན་ཡང་ཡེ་ནས་མྱང་འདས་སུ་ལྷུན་གྱིས་གྲུབ་པས་རང་ངོ་ཤེས་པ་ལ་སོགས་ཚོགས་གཉིས་ཀྱི་རྐྱེན་ལ་ལྟོས་དོན་མེད་པའི་ཕྱིར་ཏེ། ཀློང་དྲུག་པ་ལས། ལྷུན་གྲུབ་སྣ་ཚོགས་གཞི་དེ་ཉིད། །ཡང་དག་གཞི་ཉིད་མ་ལགས་ཏེ། །གལ་ཏེ་ཡིན་ན་འདི་ལྟར་འགྱུར། །འདི་ལྟར་སེམས་ཅན་འབད་པས་ནི། །གྲོལ་བ་ཉིད་དུ་མི་འགྱུར་ཏེ། །མ་རིག་ཉིད་ཀྱིས་སྦགས་པའི་ཕྱིར། །རིག་པ་ཡོད་པས་གྲོལ་གསུངས་ན། །འབྲས་བུ་ཡང་གྲོལ་ཉིད་མི་འགྱུར། །དཔེར་ན་སོལ་བ་ནག་པོ་ལ། །བྱི་དོར་གང་གིས་དཀར་པོ་ཡི། །མདོག་ཏུ་འགྱུར་བར་མི་ནུས་བཞིན། །རྒྱུ་དང་འབྲས་བུ་ཐ་དད་པས། །ཡང་ན་ལྷུན་གྲུབ་མ་ལགས་སོ། །ཞེས་སོ། །ས་བཅད་གསུམ་པ་བཀག་པའི་དོན་བསྡུ་བ་ནི། འདིར་དེ་ལྟར་མི་འདོད་དེ། ངོ་བོ་ཀ་ནས་དག་པས་འཁོར་བ་ཞེས་བྱ་བ་ལོགས་སུ་མ་གྲུབ། རང་བཞིན་རྣམ་པར་དག་པས་ན་མྱ་ངན་ལས་འདས་པ་ཡང་ཟུར་དུ་མ་གྲུབ། འཁོར་འདས་གཉིས་མེད་བསམ་བརྗོད་ལས་འདས་པས་ཡེ་ནས་སྐྱོན་ལས་འདས་པའི་བདག་ཉིད་དུ་བཞུགས་པ་དེ་ལ་ལྷུན་གྲུབ་འཆར་བའི་གཞིར་མཚོན་པ་ཙམ་ལས་རང་མཚན་དུ་མ་ཡིན་ཏེ། ཡང་ཀློང་དྲུག་པ་དེ་ཉིད་ལས། དེ་ལྟར་གནས་པའི་གཞི་དེ་ལ། །ལྷུན་གྲུབ་མཚོན་པའི་བདག་ཉིད་དོ། །ཞེས་སོ།།

ཁ གཞི་མ་ངེས་པར་འདོད་པ།

དེས་གཞི་ལྷུན་གྲུབ་ཏུ་འདོད་པ་བཀག་ནས། གཉིས་པ་གཞི་མ་ངེས་པར་འདོད་པ་ལ་ཡང་འདོད་པ་བརྗོད་པ། དེ་དགག་པ། བཀག་པའི་དོན་བསྡུ་བ་དང་རྣམ་པ་གསུམ་ཡོད་པ་ལས། དང་པོ་འདོད་པ་བརྗོད་པ་ནི། གཤིས་ངོ་མའི་གནས་ལུགས་ངོ་བོ་གང་དུ་ཡང་གྲུབ་པ་མ་ཡིན་པས་མ་ངེས་ལ། སྣང་ཚུལ་རྐྱེན་གྱིས་བསྒྱུར་བས་རང་བཞིན་གཅིག་ཏུ་མ་ངེས་ཏེ། མིང་གི་སྤྲོས་པ་སྣ་ཚོགས་བློས་གང་ལྟར་བཏགས་པ་ཙམ་ལས། དོན་ཡང་བཏགས་པ་ཙམ་གྱིས་སྟོང་སྟེ་རང་བཞིན་གཅིག་ཏུ་མ་ངེས་པས། གང་ལྟར་བཏགས་པ་དེར་སྣང་བའོ་ཞེའོ་སྟེ་ཞེ་ན། །སྔ་རྒོལ་གྱི་འདོད་པ་དེ་དགག་པ་ནི། གཞི་ངེས་མེད་ཡིན་པས་བློས་གང་བཏགས་ཡིན་ན་གཅིག་ཡིན་ན་ཅིག་ཤོས་མ་ཡིན་པས་དངོས་འགལ་རྫས་ཐ་དད་པའི་རིགས་པས་གནོད་དེ། གཞི་མ་ངེས་པ་དེ་འཁོར་བ་འབྱུང་བའི་གཞི་ཡིན་པར་བཏགས་དུས་དེ་ཉིད་དུ་ངེས་པའི་ཕྱིར་མྱང་འདས་སུ་མི་རུང་ལ། གཅིག་ཡིན་དུས་དུ་མ་ཡིན་པར་མི་འཐད་པ་དང༌། ཕན་ཚུན་ངེས་པ་འཆོལ་བས་འཁྲུལ་གྲོལ་གོ་འཕོ་བར་ཐལ་བ་དང༌། གལ་ཏེ་ངེས་པ་མེད་པར་ཡིན་ན་གཞི་མ་ངེས་པ་གང་ཡིན་ཡིན་དུ་འགྱུར་རུང་བ་ཡིན་པས་གྲོལ་ནས་སླར་ཡང་འཁྲུལ་བར་ལྡོག་པར་ཐལ་ལ། མ་གྲོལ་བ་དེ་རང་དུས་དེ་ན་གྲོལ་ཟིན་དུ་ཐལ་བ་སྟེ་སྟེས་དབང་གིས་མཚམས་རེར་སེམས་ཅན་འབད་མེད་དུ་གྲོལ་བ་དང་མཚམས་རེར་སངས་རྒྱས་ཀྱང་འཁོར་བ་ལྷུང་ནས་སྡུག་བསྔལ་བར་ཐལ་བ་དང༌། ངེས་མ་ངེས་གཉིས་ཕན་ཚུན་གོ་འཕོ་བས་འཁོར་འདས་འཆོལ་བར་ཐལ་བ་དང༌། མ་ངེས་པར་དམ་བཅའ་ན་གཞིར་མི་རུང་སྟེ་ས་མི་ཟིན་པའི་སྐྱོན་དང་བཅས་པར་ཡང་ཀློང་དྲུག་པ་དེ་ཉིད་ལས། མ་ངེས་པ་ཡི་གཞི་གསུངས་པ། །འདི་ཡང་གཞི་ཉིད་མི་བཏུབ་པར། །བདག་གིས་བློ་རིམ་འདི་ལྟར་གོ །འབྲས་བུ་རེས་འཇོག་ཅན་ཉིད་དམ། །ཡང་ན་ལྡོག་བཅས་ཉིད་དུ་འགྱུར། །མ་ངེས་ངེས་པ་ཅན་དུ་འགྱུར། །ངེས་པའང་མ་ངེས་ཅན་དུ་འགྱུར། །རང་གི་མ་ངེས་རང་ཡོད་པས། །ངེས་པ་ཡིན་ན་ལས་མཐའ་བཞིན། །ཞེས་སོ། །གསུམ་པ་བཀག་པའི་དོན་བསྡུ་བ་ནི། འདིར་ནི་དེ་ལྟར་མི་འདོད་དེ། ངེས་མ་ངེས་ཀྱི་མིང་དོན་གང་དུའང་མི་འབྱེད་པས་ཡེ་ནས་སྐྱེ་མ་མྱོང་ཞིང་སྐྱེ་མ་མྱོང་བ་ལ་གནས་པ་དང་འགག་པ་ག་ལ་ཡོད་དེ་མེད་པས་མ་སྐྱེས་པའི་ཆོས་ཉིད་ལ་སྐྱེ་འགག་གནས་པ་མེད་པར་གཏན་ལ་ཕབ་ནས་ཆོས་ཉིད་ཕྱོགས་ལྷུང་དང་བྲལ་བའི་ནམ་མཁའ་ལྟ་བུ་ལ་ཕྱོགས་འཛིན་དུ་ངེས་པ་གང་ཡང་མེད་པར་འདོད་པ་ཡིན་ནོ། །ཞེས་གཞི་མ་ངེས་པར་འདོད་པའི་ལུགས་བཀག་ནས།

ང གཞི་ངེས་པ་དོན་གྱི་དངོས་གཞིར་འདོད་པ།

གསུམ་པ་གཞི་དེ་རྟོགས་ནས་ངེས་པ་དོན་གྱི་དངོས་གཞིར་འདོད་པ་ལའང་འདོད་པ་བརྗོད་པ། དེ་བཀག་པ། དོན་བསྡུ་བ་དང་གསུམ་ལས། དང་པོ་འདོད་པ་བརྗོད་པ་ནི། གཞིའི་ངོ་བོ་དེ་འགྱུར་བ་མེད་པ་ནམ་མཁའ་ལྟ་བུ་དང་། སྣང་ཚུལ་གྱི་སྟེང་ནས་གང་ལྟར་སྣང་བ་དེ་ལྟར་ལས་བསྒྱུར་དུ་མི་བཏུབ་པ་མེ་དང་ཆུ་ལྟ་བུའོ་ཞེས་སོ། །དེ་དགག་པ་ནི། འགྱུར་མེད་ཁོ་ན་ཡིན་ན་རྟོགས་པའི་སྔོན་དུ་རྟོགས་གཞི་མྱང་འདས་ཡོད་དགོས་པས་མུ་སྟེགས་རྟག་པར་ལྟ་བའི་ལུགས་ཀྱི་བདག་རྟག་པར་འདོད་པ་དང༌། གཅིག་པར་ཐལ་བ་ཡིན་པས་རྒྱུ་རྐྱེན་ལས་གྲོལ་བར་འདོད་པ་དང༌འགལ་ལ། མ་རྟོགས་ཀྱང་གཞི་ཡིན་ན་གཞི་ཡིན་པ་གང་གིས་ཤེས། འཁོར་བའི་ངོ་བོ་མྱང་འདས་ཡིན་པས་ཤེས་སོ་ཟེར་ན། ངོ་བོ་མྱང་འདས་ཡིན་ན་གདོད་གྲོལ་མི་དགོས་པ་ནི་དཔེར་ན་མེ་ཚ་བ་ཡིན་པས་དེ་སླར་ཚ་བར་བསྒྱུར་མི་དགོས་པ་བཞིན་དང་། གལ་ཏེ་འཁོར་བར་ངེས་ན་རྒྱུ་རྐྱེན་ལས་གྲོལ་བར་འདོད་པ་ཡང་འགལ་ཕྱིར། འབད་པས་གྲོལ་བ་མི་སྲིད་པར་ཐལ་ཏེ་མ་དག་པའི་རིག་པ་དག་པར་བསྒྱུར་དུ་མི་བཏུབ་པའི་ཕྱིར་རོ། །འདོད་ན་གཞི་དེ་རྟོགས་པ་དང་ལམ་སྒོམ་པ་ལ་དགོས་པ་མེད་པར་ཐལ་བ་དང༌། གཞི་རྟོགས་པས་འཁྲུལ་བ་བཟློག་པར་མི་སྲིད་པར་ཐལ་བའི་སྐྱོན་ཡོད་དེ། བློ་ལ་སྣང་བ་དེ་བློ་ལ་སྣང་བ་མ་གཏོགས་གཞི་ལ་སྣང་བ་མིན་ཟེར་ན། སྣང་ཚུལ་བསྒྱུར་དུ་མེད་པ་ཁས་བླངས་པ་དང་འགལ་ལོ། །དེ་འཁོར་བའི་སྣང་ཚུལ་ལས་གཞིའི་སྣང་ཚུལ་མིན་ནོ་ཞེ་ན། གཞི་དེ་གཉིས་བཅས་སུ་ཐལ་ཏེ། གཞི་ལས་ལོགས་ན་འཁོར་བའི་སྣང་ཚུལ་ཡོད་པའི་ཕྱིར་རོ། །དེ་ལ་སོགས་པའི་སྐྱོན་ཡོད་དེ། ཀློང་དྲུག་པ་ལས། ངེས་པའི་གཞི་ཞེས་བསྟན་པ་ལ། །འདི་ཡང་ཡང་དག་སྙིང་པོ་མིན། །དཔེར་ན་མིག་སེར་ཅན་དག་ལ། །དུང་ཉིད་སེར་པོར་སྣང་བ་བཞིན། །རང་ས་ལྡོག་པའི་ཁྱད་ཀྱིས་ནི། །རང་གཞན་གཉིས་མེད་ངེས་མཐའ་བྲལ། །དེ་ཕྱིར་དེ་ཡང་ཡང་དག་མིན། །ཡང་ན་རྒྱུ་ངེས་འབྲས་ངེས་པས། །བདག་རྟག་པ་དང་ཁྱད་མེད་འགྱུར། །ཞེས་སོ། །བཀག་པའི་དོན་བསྡུ་བ་ནི། འདིར་དེ་ལྟར་མི་འདོད་དེ། རྟོགས་ཡོད་ན་རྟོགས་ངོ་རང་དག་ལ་མ་རྟོགས་ཀྱང་རང་བཞིན་གཉིས་སུ་མེད་པས་ཀ་ནས་དག་པའི་ཆོས་ཉིད་ལ་འཕོ་འགྱུར་མེད་ཅེས་བྱའི། འབད་པས་མི་དག་ཅེས་དེ་ལྟར་གཞི་ངེས་པ་དོན་གྱི་དངོས་གཞིར་འདོད་པ་ཁས་མི་ལེན་པའོ།།

ཅ གཞི་ཅིར་ཡང་བསྒྱུར་དུ་བཏུབ་པར་འདོད་པ།

བཞི་བ་གཞི་ཅིར་ཡང་བསྒྱུར་དུ་བཏུབ་པར་འདོད་པ་ལའང་སྔར་བཞིན་འདོད་པ་བརྗོད་པ། དེ་བཀག་པ། དོན་བསྡུ་བ་དང་གསུམ་ལས། འདོད་པ་བརྗོད་པ་ནི། གཞིའི་ངོ་བོ་ཕྱོགས་དང་རིས་སུ་མ་ཆད་པ་ཡིན་པས་ན་གཅིག་ཏུ་མ་ངེས་པའི་གནས་ཚུལ་དེ་གར་ཡང་བསྒྱུར་དུ་བཏུབ་པའམ་བསྒྱུར་དུ་རུང་བ་ཞིག་ཡིན་པའོ་ཞེའོ། །དེ་དགག་པ་ནི། གཞིའི་གནས་ལུགས་བསྒྱུར་དུ་བཏུབ་ན་གནས་ལུགས་མ་ཡིན་པར་ཐལ་བ་དང༌། དག་པ་སངས་རྒྱས་ཀྱང་མ་དག་འཁྲུལ་བར་འགྱུར་བ་དང་། སེམས་ཅན་སུས་ཀྱང་མ་འབད་པར་སངས་རྒྱས་སུ་འགྱུར་བར་ཐལ་ཏེ། འབྲས་བུ་གྲོལ་ཟིན་ཡང་རྒྱུར་ལྡོག་པའམ་རྒྱུ་འཁྲུལ་སྣང་སྤུ་མ་བརྗེས་པ་ཟང་ངེ་བའི་རང་དུས་དེ་གྲོལ་ཟིན་སྔར་འདས་དང་ཕན་ཚུན་གོ་བརྗེ་བར་ཐལ་ཏེ། གང་དུའང་བསྒྱུར་དུ་བཏུབ་པའམ་འགྱུར་དུ་རུང་བའི་ཕྱིར་རོ། །འདོད་ན་དགོས་པ་མེད་པ་དང༌། ཡང་ཕྱིར་ལྡོག་པ་རྣམ་པར་གྲོལ་བ་མི་བདེན་པར་ཐལ་ཞིང༌། བསྒྱུར་དུ་རུང་ན། རྟག་པ་ཞིག་བསྒྱུར་རམ་མི་རྟག་པ་ཞིག་བསྒྱུར། རྟག་པ་ནི་བསྒྱུར་དུ་མི་རུང་སྟེ་ནམ་མཁའ་ལ་གཅད་གཏུབ་མི་ཕེར་བ་བཞིན་ནོ། །མི་རྟག་པ་ནི་བསྒྱུར་མི་དགོས་ཏེ་མ་བསྒྱུར་ཡང་འགྱུར་བ་ཆོས་ཉིད་ཡིན་པའི་ཕྱིར་རོ། །གཞི་བསྒྱུར་དུ་རུང་བ་དེས་ན་འབྲས་བུ་རྒྱུ་རུ་ལྡོག་པས་ས་སོགས་བེམ་པོ་རྣམས་རིག་པ་རུ་བསྒྱུར་བ་དང་། རིག་པ་བེམ་པོར་བསྒྱུར་ནས། ཕན་ཚུན་བསྒྱུར་དུ་བཏུབ་པར་ཐལ་ཏེ། དེ་ཉིད་ལས། བསྒྱུར་དུ་བཏུབ་ཅེས་སྔར་གསུངས་པ། །རང་གི་གནས་ལུགས་བསྒྱུར་བཏུབ་ན། །འདི་ཡང་ངེས་པ་མེད་པར་མཚུངས། །འབྲས་བུ་ཉིད་ནི་རྒྱུར་ལྡོག་ཕྱིར། །འབད་པ་རྣམས་ལ་དགོས་མེད་འགྱུར། །ཡང་དང་ཡང་དུ་ལྡོག་པས་ན། །བེམ་པོ་རྣམས་ནི་རིག་བཅས་སུ། །བསྒྱུར་དུ་བཏུབ་པ་མ་ཡིན་ཞིང༌། །ཞེས་སོ། །དོན་བསྡུ་བ་ནི། གཞི་རང་གི་ངོ་བོ་འཕོ་འགྱུར་མེད་པས་གཞན་དུ་མི་འགྱུར་ལ། འཁྲུལ་བ་གནས་སུ་དག་ནས་ངོ་བོ་ལ་རང་ས་ཟིན་པ་ཞེས་བྱའོ།།

ཅ གཞི་ཅིར་ཡང་ཁས་བླང་དུ་བཏུབ་པར་འདོད་པ།

ལྔ་པ་གཞི་ཅིར་ཡང་ཁས་བླང་དུ་བཏུབ་པར་འདོད་པ་ལའང་སྔར་བཞིན་གསུམ་ལས། དང་པོ་འདོད་པ་བརྗོད་པ་ནི། དངོས་པོ་ཀུན་གྱི་ངོ་བོར་གཞི་མེད་ཕྱོགས་ཡན་དུ་ཤར་བས་ཅིར་ཡང་ཁས་བླངས་པའོ་ཞེའོ་སྙམ་ན། །དེ་དགག་པ་ནི། གཞི་དེ་ཅིའི་ངོ་བོ་གང་དུའང་ཁས་བླང་དུ་བཏུབ་ན་དངོས་པོ་སྣ་ཚོགས་ལ་ཟད་པའི་མཐའ་མེད་པས་ཐུག་པ་མེད་པ་ལྟར་གཞི་ལ་ཐུག་མེད་དུ་འགྱུར་ལ། ཐུག་མེད་ཡིན་པར་འདོད་ན་ཐུག་མེད་ཀྱི་མཐའ་མི་འགྲུབ་པར་ཐལ་བའི་སྐྱོན་དང༌། དངོས་མེད་ཡིན་ན་རི་བོང་གི་རྭ་དང་ནམ་མཁའི་པདྨོས་འཁོར་འདས་ཀྱི་བྱ་བ་བྱེད་པར་ཁས་བླང་དགོས་པ་དང་། ཡོད་མེད་རྟག་ཆད་དུ་ཐལ་བས་གནས་ལུགས་ཀྱི་གཞིར་མི་རུང་བར་ཐལ་བ་སྟེ། དེ་ཉིད་ལས། ཁས་ལེན་རྣམས་དང་ལྡན་པར་ནི། །སྟོན་པ་ཉིད་ཀྱིས་སྔར་གསུངས་པ། །འདི་ཀུན་ཕྱོགས་ཀྱི་འཕེན་པ་ཙམ། །ཐམས་ཅད་ཡིན་ངོར་བསྒྲུབ་པའི་ཕྱིར། །ཐུག་པ་མེད་པའི་སྐྱོན་འགྱུར་བས། །ཞེས་སོ། །དོན་བསྡུ་བ་ནི། གཞིའི་ཆོས་ཉིད་དེ་ཡོད་མེད་རྟག་ཆད་ལས་འདས་པས་ཁས་ལེན་གང་ཡང་མེད་ལ། མཚོན་ཚུལ་ཕྱོགས་རེ་ནས་གང་ཡང་མཚོན་དཔེར་སྟོན་པ་ཞེས་བྱའོ།།

ཆ གཞི་སྣ་ཚོགས་སུ་འདོད་པ།

དྲུག་པ་གཞི་སྣ་ཚོགས་སུ་འདོད་པ་ལའང་གསུམ་ལས། འདོད་པ་བརྗོད་པ་ནི། ངོ་བོ་ཀུན་ཏུ་རང་ཤར་བས། །སྣང་ཚུལ་སྣ་ཚོགས་སྣང་བའོ། །ཞེའོ། །དེ་དགག་པ་ནི། གཞི་སྣ་ཚོགས་ཡིན་པས་དུ་མར་འགྱུར་ལ། དག་པ་རྣམ་གྲོལ་གྱི་གཞིར་མི་རུང་བས་འབད་ཀྱང་ངལ་བ་དོན་མེད་པ་དང༌། དུ་མ་མཐའ་ཡས་ཐུག་པ་མེད་པས་ངེས་པ་རྙེད་དུས་དང་རྟོགས་དུས་མེད་པར་ཐལ་བ་དང༌། སྣང་ཚུལ་འཕོ་འགྱུར་བྱེད་པ་ལྟར་གཞི་ཡང་འཕོ་འགྱུར་བྱེད་པར་ཐལ་བ་དང༌། འཕོ་འགྱུར་བྱེད་ན་གཞིར་མི་འཐད་པ་དང༌། རྟོག་ཚོགས་དུ་མ་སྐད་ཅིག་ལ་འགྱུ་བ་ལྟར། གཞི་གྱ་གྱུ་ཉོན་མོངས་ཅན་དུ་ཐལ་བའི་ཕྱིར་ཏེ། ཞེས་གསུངས་ལ། དེ་ཡང་སྣ་ཚོགས་སུ་སྣང་བ་དེ་ཕྱི་སྣང་བ་ལ་འདོད་དམ། ནང་ཤེས་པར་འདོད་དམ། དེ་གཉིས་ཚོགས་པ་ལ་འདོད། དང་པོ་ལྟར་ན། གཞི་གཅིག་པོ་དེ་སྣང་བ་སྣ་ཚོགས་ཀྱི་གྲངས་དང་མཉམ་པའི་མང་པོ་རུ་ཐལ་བ་དང་། གཉིས་པ་ལྟར་ན། དེ་ནི་སྙམ་བྱེད་ཀྱི་རྟོག་པ་ཞིག་ཡིན་ཕྱིར་གཞི་ཡང་སྙམ་བྱེད་ཀྱི་རྟོག་པར་ཐལ་བ་དང་། གསུམ་པ་ལྟར་ན། དེ་ཡང་ཕྱི་རུ་གཟུང་བའི་ཡུལ། ནང་དུ་འཛིན་པའི་སེམས་དང་བཅས་པས་ཕན་ཚུན་རྟེན་དང་བརྟེན་པར་འབྲེལ་བས་དབྱིངས་གཅིག་ཏུ་མི་རུང་སྟེ། དེ་ཉིད་ལས། སྟོན་པས་གོང་དུ་ཁྲ་བོར་གསུངས། །འདི་ཡང་ཕྱོགས་ནས་མི་འཐད་པས། །གང་གི་ངོ་བོ་དེ་སྣང་བས། །འབྲས་བུ་ཐ་དད་དོན་དེ་མཚུངས། །མང་བའི་སྒྲ་ཡིས་ཉམས་པའི་ཕྱིར། །ཞེས་སོ། །དོན་བསྡུ་བ་ནི། འདིར་གཞི་སྣ་ཚོགས་ཡིན་པ་དེ་ལྟར་མི་འདོད་དེ། གཞིའི་ངོ་བོ་གང་དུའང་མ་གྲུབ་པས་མཚན་གཞི་དང་བྲལ། རང་བཞིན་སྣང་ཐོག་ནས་གྲོལ་བས་མཚོན་བྱ་དང་བྲལ། གནས་ལུགས་སྤྲོས་པ་ལས་གྲོལ་བས་མཚན་ཉིད་དང་བྲལ་ཏེ། མཚན་མཚོན་གཞི་གསུམ་གྱིས་གདགས་སུ་མི་རྙེད་པས་ངོ་བོ་ཀ་དག་བདེ་གཤེགས་སྙིང་པོ་ཡིན་པས་ན་ནམ་ཡང་འཁྲུལ་མ་མྱོང་། ཕྱིས་སུ་འཁྲུལ་བར་མི་འགྱུར། རང་བཞིན་ལྷུན་གྲུབ་ཀྱི་རྩལ་ཀུན་གཞི་ཚོགས་བརྒྱད་དང་བཅས་པར་ཤར་ཡང་། རང་ངོ་མ་ཤེས་ན་འཁྲུལ་ཞིང་། ཤེས་ན་གྲོལ་བའི་འཐད་པ་དང་ལྡན་པ་ཞིག་ཡིན་པ་དེའི་ཕྱིར་སྣ་ཚོགས་འཆར་གཞི་མ་འགགས་ཀྱང་ཡིན་ཚུལ་སྐྱོན་ལས་འདས་པའོ། །དེ་ཡན་གྲུབ་མཐའ་རྗེས་སུ་འཛིན་པའི་གཞི་དྲུག་སྐྱོན་ཅན་དུ་བསྟན་པ་དེ་ལ་འདོད་པ་བརྗོད་པ། དེ་དགག་པ། བཀག་པའི་དོན་བསྡུ་བ་དང་གསུམ་རེས་བསྟན་པའོ།།

ཁ༽ ལམ་རྗེས་སུ་འཛིན་པས་ཀ་དག་སྐྱོན་མེད་རང་གཞུང་དུ་བསྟན་པ།

གཉིས་པ་ལམ་རྗེས་སུ་འཛིན་པས་ཀ་དག་སྐྱོན་མེད་རང་གཞུང་དུ་བསྟན་པ་ལ་གསུམ་སྟེ། ཀ་དག་གི་ངོ་བོ་ངོས་གཟུང༌། དེ་ལ་རྩོད་པའི་སྐྱོན་སྤང༌། འཆར་གཞིའི་བབས་ཚུལ་སྤྱིར་བསྟན་པའོ། །དང་པོ་ཀ་དག་གི་ངོ་བོ་ངོས་གཟུང༌བ་ནི། ཡེ་ཐོག་གཞིའི་ཀ་དག་ནི་སྨྲ་བསམ་བརྗོད་འདས་ཆེན་པོ་སྤྲོས་པ་ཀུན་དང་བྲལ་བས་ཡོད་མེད་ཀྱི་མཐའ་བཞི་འམ་བརྒྱད་ལས་འདས་པ་སྟེ། ངོ་བོ་ཀ་ནས་དག་པའི་རིག་པ་དེ་དངོས་པོ་དང་མཚན་མར་མ་གྲུབ་པས་ཡོད་པ་རྟག་པའི་མཐའ་དང་བྲལ་ཏེ་དངོས་པོ་དང་མཚན་མའི་ཆོས་སུ་མ་གྲུབ། རང་བཞིན་ལྷུན་གྱིས་གྲུབ་པ་འོད་གསལ་ཕྲ་བའི་ཆ་ནང་གསལ་དུ་གནས་པས་མེད་པ་ཆད་པའི་མཐའ་ལས་འདས་ཏེ། སྣང་བའི་ངོ་བོ་སྟོང་པ། སྟོང་པའི་རང་བཞིན་གསལ་བ། གསལ་བའི་སྙིང་པོ་རིག་པ་སྟེ། སྐུ་དང་ཡེ་ཤེས་ཡེ་ནས་འདུ་འབྲལ་མེད་པ། དཔེར་ན་ཉི་མའི་སྙིང་པོ་ལྟར་གནས་པ་ཏེ། ངོ་བོ་ཀ་ནས་དག་པ་དང་རང་བཞིན་ལྷུན་གྱིས་གྲུབ་པ་གཉིས་དབྱེར་མེད་ཀྱི་ཆ། འོད་གསལ་སྟོང་པའི་ཆོས་ཉིད་དུ་ཡེ་ནས་རྣམ་པར་དག་པ། རང་བཞིན་གདོད་མའི་སངས་རྒྱས། ཡེ་གྲོལ་ཆོས་སྐུ་འགྱུར་མེད་ཀྱི་དགོངས་པ། གཞིའི་ངོ་བོ་དེ་ཉིད་འཁོར་འདས་གང་དུའང་མ་གྲུབ་ལ་ཡེ་སྟོང་རང་བྱུང་གི་ཡེ་ཤེས་ཆེན་པོ་ཡེ་ཐོག་ཉིད་ནས་སྨྲ་བསམ་བརྗོད་པ་དང་བྲལ་བ་ནམ་མཁའ་ལྟར་གནས་པ་ནི། མུ་ཏིག་ཕྲེང་བ་ལས། ངོ་བོ་ཉིད་ནི་ཀ་དག་པས། །རང་བཞིན་ཉིད་ལ་ལྷུན་གྲུབ་བོ། །ས་དང་ཕྱོགས་དང་རིས་ལས་འདས། །ཡོད་དང་མེད་དང་བལྟ་རུ་མེད། །སྒྲ་ཚད་རྣམས་ཀྱི་སྤྱོད་ཡུལ་མིན། །གཅིག་དང་གཉིས་དང་བགྲང་ཡུལ་མེད། །སྟོང་པ་ཆེན་པོར་བབས་ཀྱིས་གྲུབ། །ཅེས་པ་དང༌། ཀློང་དྲུག་པ་ལས། སྤྲོས་བྲལ་ཆོས་ཉིད་ཀ་དག་ནི། །རང་ངོ་རྣམ་དག་སྙིང་པོའི་གཞི། །དེ་ལ་ཚིག་དང་ཡི་གེ་བྲལ། །བརྗོད་པས་གཏན་ལ་དབབ་ཏུ་མེད། །སྒྲོ་འདོགས་ཐ་སྙད་ཀུན་བྲལ་ཏེ། །གཟུང་དང་འཛིན་པའི་རྣམ་རྟོག་མེད། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཆོས་མེད་ཆོས་ཀྱི་འདུ་ཤེས་མེད། །གང་མེད་ཅི་མེད་ཅི་ཡང་མེད། །དེ་ལྟར་མེད་པའི་སྙིང་པོ་ལ། །རེ་ཞིག་ཚིག་གིས་གཏན་ཕབ་ན། །ངོ་བོ་ཉིད་ལ་ཀ་དག་ལ། །རང་བཞིན་དུ་ནི་ལྷུན་གྲུབ་བོ། །ཞེས་སོ། །གཉིས་པ་དེ་ལ་རྩོད་པའི་སྐྱོན་སྤོང་བ་ལ་རྩོད་པ་དང༌། ལན་གཉིས་ལས་དང་པོ་རྩོད་པ་ཕྱོགས་སྔའི་འདོད་པ་བཀོད་པ་ནི། ངོ་བོ་ཀ་དག་ཡིན་ན་དྲི་མ་ཡེ་ཟད་ཡིན་པའི་ཕྱིར་སེམས་ཅན་འཁོར་བར་འཁྲུལ་བ་མི་རིགས་ལ། རང་བཞིན་ལྷུན་གྲུབ་ཡིན་ན་འབྲས་བུ་ལྷུན་གྱིས་གྲུབ་ཟིན་པས་ཡེ་ནས་འབད་མེད་དུ་སེམས་ཅན་རྣམས་གྲོལ་བར་རིགས་སོ་ཞེ་ན། ཞེས་པ་ནི་ཀ་ལྷུན་ཕྱོགས་རེ་བ་ཡིན་ན་སོ་སོ་ལ་སྐྱོན་རེ་ཡོད་པས། རང་གི་ངོ་བོ་ཀ་དག་ཡིན་ན་འཁོར་བ་ཡོད་མ་མྱོང་བས་སེམས་ཅན་འཁྲུལ་དོན་མེད་ལ། རང་བཞིན་ལྷུན་གྲུབ་ཡིན་པས་སུ་ཡང་འབད་མེད་དུ་གྲོལ་བར་ཐལ་བ་དང་། གཉིས་ཀ་གཞི་གཅིག་ཡིན་ན་རྫས་འགལ་ཡིན་པས་མི་འཐད་དོ་ཞེ་ན། གཉིས་པ་ལན་ནི། ཡེ་ནས་གྲོལ་ཟིན་པས་དྲི་མ་བསྐྱར་ནས་མཚན་ཉིད་པ་སྦྱང་དུ་མེད་ཅིང་འཁྲུལ་བ་དང་གྲོལ་བ་རང་མཚན་པ་མེད་དེ་རྨི་ལམ་གྱི་གྲོལ་འཁྲུལ་ལྟར་རིག་པའི་རོལ་བ་ཙམ་དུ་སྣང་དུས་ཉིད་ནས་གྲུབ་མ་མྱོང་བས་ཀ་དག་ཡིན་པ་ལ་སྐྱོན་མེད། ལྷུན་གྲུབ་ཡིན་པས་ཡེ་ནས་དབྱིངས་ཀྱི་སྐུ་དང་ཡེ་ཤེས་རང་བཞིན་རྣམ་དག་ཏུ་རྫོགས་ཀྱང་གཉིད་སད་པ་ལྟར་གློ་བུར་དྲི་བྲལ་གྱི་ཆ་ལས་ཡེ་ཐོག་དེར་མངོན་དུ་གྱུར་ཚར་ཡོད་པས་སྐྱོན་མེད་དོ་ཞེས་བསྟན་པ་ནི། ཞེས་པ་སྟེ་དེ་ཡང་ངོ་བོ་ཀ་དག་ཡིན་པས་སེམས་ཅན་དང་འཁོར་བ་མེད་ཀྱང་། ལྷུན་གྲུབ་ཀྱི་རྩལ་ལམ་རོལ་བ་ཙམ་ལས་དེ་ལྟར་སྣང་བ་མི་འགལ་ཏེ། གཉིད་དུ་འགྲོ་ཁ་དང་གཉིད་དུས་ཀྱི་ཤེས་པའི་རང་ངོ་ལ་རྨི་ལམ་མེད་ཀྱང་། སྣང་ངོ་ལ་རྟ་གླང་དུ་སྣང་བ་མི་འགལ་བ་བཞིན་ནོ། །ཡང་སྣང་ངོ་ཀུན་རྫོབ་ཀྱི་ཆ་ནས་ལྷུན་གྲུབ་དང་། སྟོང་ངོ་དོན་དམ་གྱི་ཆ་ནས་ཀ་དག་ཅེས་ཚིག་བླ་དྭགས་སུ་བཏགས་པ་ཙམ་ལས། དེ་གཉིས་རྫས་ཐ་དད་མེད་པས་སོ་སོར་མི་འགྱུར་ཏེ། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་བྲམ་ཟེ་ཡིན་པས་མི་ཡིན་པ་དང་། སྡོམ་ལྡན་ཡིན་པས་རབ་བྱུང་ཡིན་པ་གཉིས་མི་འགལ་བ་བཞིན་ནོ། །དེས་ན་སྐབས་འདིར་གཞི་དྲུག་སྐྱོན་ཅན་དུ་བསྟན་ནས་ཀ་དག་རང་གཞུང་དུ་བསྟན་པ་ཞེས་པའི་ཀ་དག་དེའང་ཀ་ལྷུན་དབྱེར་མེད་ཀྱི་གཞི་དེ་སྐྱོན་མེད་དུ་ཁས་བླངས་པ་ཡིན་གྱི་ཀ་དག་ཕྱོགས་རེ་བ་གཞི་རུ་མི་འདོད་པས་གཞི་བདུན་སྐྱོན་ཅན་དུ་བཤད་ཀྱང་རུང་ལ། འོ་ན་རྒྱུད་ལས་གཞི་བདུན་གཏན་ལ་ཕབ་ཡོད་པ་ཡིན་ན་འདིར་བརྒྱད་དུ་ཐལ་བར་མི་འགྱུར་རམ་ཞེ་ན། ཀ་དག་དང་ལྷུན་གྲུབ་གཉིས་སུ་ཕྱེ་ཡང་། ཚོགས་པ་གཅིག་གིས་བསྡུས་པས་གྲངས་ལ་འགལ་བ་མི་འདུའོ། །དེ་དག་གི་རྩོད་ལན་ཡང་། རྒྱུད་མུ་ཏིག་ཕྲེང་བ་དེ་ཉིད་ལས། ངོ་བོ་ཉིད་ལ་ཀ་དག་པས། །སེམས་ཅན་འཁོར་བ་འདི་མི་རིགས། །མ་རིག་དྲི་མ་ཡེ་ཟད་ཕྱིར། །སྟོན་པས་གསུངས་པ་སེམས་དཔའ་ཆེ། །རང་བཞིན་ལྷུན་གྱིས་གྲུབ་པའི་ཕྱིར། །དེ་ཡང་མ་འགགས་རོལ་བར་སྣང༌། །སེམས་དཔའ་ཉིད་ཀྱིས་ཡང་གསོལ་བ། །རང་བཞིན་ཉིད་ལ་ལྷུན་གྲུབ་ན། །སེམས་ཅན་འདི་དག་རང་གྲོལ་རིགས། །ཡེ་ནས་ལྷུན་གྱིས་གྲུབ་པའི་ཕྱིར། །གསུངས་པ་སེམས་ཅན་འདི་དག་ནི། །ངོ་བོ་ཀ་ནས་དག་པའི་ཕྱིར། །གྲོལ་བ་རྣམས་ཀྱང་རོལ་བར་སྣང༌། །བྱང་ཆུབ་སེམས་དཔས་ཡང་གསོལ་བ། །ངོ་བོ་ཉིད་ནི་ཀ་དག་པས། །ལྷུན་གྲུབ་ལ་ཡང་དགོས་མེད་འགྱུར། །ཡང་ན་ལྷུན་གྱིས་གྲུབ་པའི་ཕྱིར། །ཀ་ནས་དག་པ་མེད་པར་འགྱུར། །སྟོན་པས་གསུངས་པ་འདུག་ཚུལ་ལ། །གང་གིས་བརྗོད་པའི་ཚིག་མེད་པས། །བརྗོད་པའི་སྒྲ་ཚིག་དང་བྲལ་བ། །ཅི་ཡི་ངོ་བོར་གྲུབ་མེད་ཕྱིར། །ཚིག་གིས་འདི་ལ་གནོད་པ་བྲལ། །ཞེས་སོ། །གསུམ་པ་འཆར་གཞིའི་བབས་ཚུལ་སྤྱིར་བསྟན་པ་བླ་ན་མེད་པའི་གཞི་བྱེ་བྲག་ཏུ་བཤད་པ་ལ། ཐུན་མོང་དུ་མདོར་བསྟན་པ་དང་། སོ་སོའི་ཆ་ནས་རྒྱས་པར་བཤད་པ་གཉིས་ལས། དང་པོ་མདོར་བསྟན་པ་འཆར་གཞིའི་བབས་ཚུལ་སྤྱིར་བསྟན་པ་ལའང་། མན་ངག་གི་འབྲེལ་དགོད་པ་དང་། ལུང་གིས་རྒྱབ་སྐྱོར་བ་གཉིས་ལས། དང་པོ་མན་ངག་གི་འབྲེལ་དགོད་པ་ནི། དབྱིངས་གདོད་མའི་ཡེ་གཞི་གཞོན་ནུ་བུམ་པའི་སྐུའི་ཀློང་དེ་ལ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ། ངང་དང་རང་བཞིན་བདག་ཉིད་གསུམ། །ཀ་དག་ཉིད་དང་ལྷུན་གྲུབ་སྟེ། །ངོ་བོ་གཅིག་ལ་ལྡོག་པས་ཕྱེ་ན་བརྒྱད་དུ་གནས་ཤིང༌། དེའི་ངང་ལས་གཞི་སྣང་དུ་ཤར་དུས་གྲོལ་འཁྲུལ་གཉིས་ཀའི་གཞི་བྱེད་པའི་ཆ་ནས་སྤྱི་གཞི་ཟེར་ལ། གྲོལ་གཞི་བྱེད་པས་གྲོལ་བའི་གཞི་དང༌། སེམས་ཅན་གྱི་འཁྲུལ་གཞི་བྱེད་པས་འཁྲུལ་གཞི་ཞེས། གཞི་སྣང་གི་ངོ་བོ་གཅིག་ལ་གྲོལ་འཁྲུལ་གྱི་ཆ་དབྱེ་ན་གསུམ་དུ་གནས་པ་སྟེ། ཞེས་གསུངས་ཏེ། དེ་ཡང་ངོ་བོ་ཀ་དག་གི་ལྡོག་པ་ནས་གང་ཡང་མ་གྲུབ་པས་ཕྱི་གསལ་གྱི་ཆ་ལ་སྐུ་དང་འོད་ལ་སོགས་པ་མཚན་མ་རིས་ཅན་དུ་མ་གྲུབ་ཀྱང་། དེའི་རང་བཞིན་ལྷུན་གྲུབ་ཀྱི་དབྱིངས་ན་ཡེ་གདངས་འོད་ལྔ་སྐུ་དང་ཟེར་དང་ཐིག་ལེར་སྣང་བ་ཆེས་ཕྲ་བའི་བདག་ཉིད། དབྱིངས་ན་འཁྱིལ་བ་ཡིན་པས་ནང་གསལ་ཕྲ་བའི་ཡེ་ཤེས་སུ་ཡོད་པའོ། །དེ་ཡང་ཕྱི་གསལ་རགས་པར་མེད་པས་ན་རྟག་པའི་མཐའ་ལས་གྲོལ། ནང་གསལ་ཕྲ་བར་འདོད་པས་ཆད་པའི་མཐའ་ལས་གྲོལ་ལོ། །དེ་ལྟར་མཐའ་བྲལ་རང་བྱུང་གི་ཡེ་ཤེས་ངོ་བོ་སྟོང་པས་གང་དུ་ཡང་མ་གྲུབ། རང་བཞིན་གསལ་བས་སྣང་ཚུལ་མ་འགགས། ཐུགས་རྗེ་རྒྱུན་མ་ཆད་པས་གང་ལྟར་འཆར་བའི་གཞི་བྱེད་པ་ནི། གཞི་དངོས་པོ་གཤིས་ཀྱི་གནས་ལུགས་ཡིན་ནོ། །གཉིས་པ་ལུང་གིས་རྒྱབ་སྐྱོར་ནི། མུ་ཏིག་ཕྲེང་བ་ལས། ངོ་བོ་རང་བཞིན་ཐུགས་རྗེ་དང༌། །ངང་དང་རང་བཞིན་བདག་ཉིད་ཆེ། །ཀ་དག་ཉིད་དང་ལྷུན་གྲུབ་དང༌། །སྤྱི་པའི་གཞི་དང་འཁྲུལ་གཞིའོ། །ཞེས་པ་དང༌། དེའི་རྒྱས་བཤད་དུ། ངོ་བོ་ཀ་དག་བརྗོད་གཞི་བྲལ། །རང་བཞིན་ལྷུན་གྲུབ་ཅིར་སྣང་རྫོགས། །ཐུགས་རྗེ་ཀུན་ཁྱབ་རང་ཤར་བའོ། །ངང་ནི་ཤུགས་ལས་འབྱུང་བ་སྟེ། །རང་བཞིན་མ་བཅོས་ཀུན་སྣང་བས། །བདག་ཉིད་ཁྱབ་གདལ་འུབ་ཆུབ་པའོ། །ཀ་དག་དྲི་མ་རང་དག་སྟེ། །ལྷུན་གྲུབ་སྣ་ཚོགས་འབྱུང་བའི་ཕྱིར། །སྤྱི་པའི་གཞི་ནི་གྲུབ་པར་སྣང༌། །ཞེས་གསུངས་སོ། །འདི་དག་ཀྱང་གཞིའི་རང་གནད་གལ་པོ་ཆེ་ཡིན་པས་ཤེས་རབ་ཀྱི་མིག་ཡོད་པས་རྟོགས་པར་བྱའོ། །དེ་ཡང་ཀ་དག་ཕྱང་ཆད་དུ་བཟུང་བའི་མཐའ་དང་། ལྷུན་གྲུབ་མཚན་མ་རིས་ཅན་དུ་བཟུང་བའི་མཐའ་སྟེ་རྟག་ཆད་ཀྱི་མཐའ་གཉིས་སེལ་བ་ལ། ཀ་དག་གི་རང་བཞིན་ལྷུན་གྲུབ་དང་། ལྷུན་གྲུབ་ཀྱི་ཡེ་གདངས་འགག་མེད་ཡིན་པའི་གནད་དེ་གོ་བ་གཙོ་ཆེའོ།།

༼ཁ ཀ་དག་གི་ཡེ་གཞི་བྱེ་བྲག་ཏུ་བཤད་པ།

ཀ༽ངོ་བོའི་འདུག་ཚུལ་ངོས་གཟུང༌བ།

གཉིས་པ་ཀ་དག་གི་ཡེ་གཞི་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། ངོ་བོ་སྟོང་བའི་ལྡོག་པ་ནས་འདུག་ཚུལ་ངོས་གཟུང༌བ་དང་། དེའི་རང་བཞིན་ལྷུན་གྲུབ་སྣང་བའི་ལྡོག་པ་ནས་རྒྱས་པར་བཤད། རྣམ་པ་ལ་འཁྲུལ་གཞི་བཟློག་པའོ། །དང་པོ་ངོ་བོ་འདུག་ཚུལ་ངོས་གཟུང་བ་ལ། བསྟན་བཤད་གཉིས་ལས། དང་པོ་མདོར་བསྟན་ནི། རིག་པ་རང་བྱུང་གི་ཡེ་ཤེས། ཡེ་སྟོང་ཐོག་མའི་ཆོས་སྐུ། དབྱིངས་དོན་དམ་པའི་བདེན་པ། ཆོས་ཉིད་འོད་གསལ་བའི་གནས་ལུགས་ཏེ། ཀ་དག་དངོས་པོ་དང་མཚན་མ་མ་གྲུབ་པའི་ལྡོག་པ་ལ་ལྟོས་ན་འཁོར་འདས་བདེ་སྡུག ཡོད་མེད། ཡིན་མིན། གྲོལ་འཁྲུལ། རིག་མ་རིག་ལ་སོགས་པ་གང་དུའང་མ་གྲུབ་ཅིང་ཅིར་ཡང་དམིགས་སུ་མེད་པ་སྟེ། ཇི་ལྟར་མ་གྲུབ་ན། མུ་ཏིག་ཕྲེང་བ་ལས། ཐོག་མ་ཉིད་ཀྱི་ཀ་དག་ལ། །འཁྲུལ་ཞེས་ཙམ་དུ་བརྗོད་དུ་མེད། །དེ་བཞིན་མ་འཁྲུལ་བ་ཡང་ཅི། །དེ་ཕྱིར་འཁྲུལ་བ་གདོད་ནས་མེད། །ཅེས་སྒྲོ་འདོགས་ཐ་སྙད་ཐམས་ཅད་དང་བྲལ་བར་བསྟན་པ་དང༌། གསང་བ་ཡི་གེ་མེད་པའི་རྒྱུད་ལས། རང་བྱུང་གི་ཡེ་ཤེས་ལ་སྤྱད་པའི་ཡུལ་མེད་དོ། །སྔར་འདས་པ་མེད་དོ། །ཕྱིས་འབྱུང་བ་མེད་དོ། །ད་ལྟར་སྣང་བ་གང་ཡང་མེད་དོ། །ལས་མེད་དོ། །བག་ཆགས་མེད་དོ། །མ་རིག་པ་མེད་དོ། །སེམས་མེད་དོ། །ཡིད་མེད་དོ། །ཤེས་རབ་མེད་དོ། །འཁོར་བ་མེད་དོ། །མྱ་ངན་ལས་འདས་པ་མེད་དོ། །རིག་པ་ཉིད་ཀྱང་ཡོད་པ་མ་ཡིན་ནོ། །ཡེ་ཤེས་སུ་སྣང་བ་གང་ཡང་མེད་དོ་ཞེས་སོ། །འདིས་ནི་རྒྱ་མ་ཆད་པའི་ཡེ་ཤེས་སྤྲོས་པ་དང་བྲལ་བའི་ཆོས་ཉིད། མཐའ་བྲལ་གྱི་རིག་པ་ཕྱོགས་ལྷུང་མེད་པའི་ལྟ་བ་དེ་བསྟན་པའོ། །དེའང་ཀ་ནས་དག་པ། དང་པོ་ནས་དག་པ། ཐོག་མ་ནས་དག་པ། ཡེ་ནས་དག་པ། གདོད་མ་ནས་དག་པ་ཞེས་བྱ་སྟེ། མུ་ཏིག་ཕྲེང་བ་ལས། ཀ་ཞེས་ཐོག་མར་བྱུང་བ་ལ། །དག་པ་དྲི་མའི་གྲངས་མཐའ་ཟད། །ཅེས་སོ། །ངོ་བོའི་འདུག་ཚུལ་ངོས་བཟུང་ཞིང་ཀ་དག་གི་སྒྲ་བཤད་པའོ།།

ཁ༽ དེའི་རང་བཞིན་རྒྱས་པར་བཤད་པ།

གཉིས་པ་དེའི་རང་བཞིན་རྒྱས་པར་བཤད་པ་ལ་གཉིས་ཏེ། ཀ་དག་སྟོང་པའི་ཡེ་ཤེས་དང་། ལྷུན་གྲུབ་སྣང་བའི་ཡེ་ཤེས་ཉིས་ལྡན་དུ་བཤད་པ་དང༌། གཞི་གནས་ཀྱི་ཡེ་ཤེས་ངོ་བོ་རང་བཞིན་ཐུགས་རྗེ་སུམ་ལྡན་དུ་བཤད་པའོ། །དང་པོ་ཡེ་ཤེས་གཉིས་ལྡན་དེ་ཉིད་བཤད་པ་ནི། རིག་ཅིང་གསལ་ལ་དངོས་པོ་མེད་པ་ཀ་དག་དྲི་མེད་ཤེལ་གོང་ལྟ་བུ་ཡིན་པས་རིག་སྟོང་དབྱེར་མེད་ལ་ལྟོས་ནས་ངོ་བོ་ཀ་དག་གི་ཡེ་ཤེས་བསམ་ངོ་དང་བྲལ་བ་དང༌། རང་བཞིན་ལྷུན་གྲུབ་ཀྱི་ཕྲ་བའི་ཡེ་ཤེས་གཏིང་གསལ་ལམ་མདངས་ནང་གསལ་གྱི་ཡེ་གདངས་སུ་གནས་ཏེ། ཀློང་དྲུག་པ་ལས། ངོ་བོ་ཉིད་ནི་ཀ་དག་ལ། །རང་བཞིན་དུ་ནི་ལྷུན་གྲུབ་བོ། །ཞེས་སོ། །ཀ་ནས་དག་པ་ངོ་བོའི་ལྡོག་པ་ནས་གཞལ་ན་གང་དུའང་མ་གྲུབ་པས་ཡོད་མེད་ཀྱི་མཐའ་ལས་འདས་ལ། རང་བཞིན་ལྷུན་གྲུབ་གྱི་ཆ་ནས་སམ་ལྡོག་པ་ན་གཏིང་གསལ་འཆར་གཞིའི་ཆ་ཙམ་དུ་གནས་ཏེ། ངོ་བོ་སྟོང་ཞིང་རང་བཞིན་ལྷུན་གྱིས་གྲུབ་པ་དེ་གཉིས་རང་ངོ་སོ་སོར་མ་ཡིན་ཐ་མི་དད་པ་དབྱེར་མེད་མཐའ་གྲོལ་རྫོགས་པ་ཆེན་པོར་བཞུགས་པ་ནི་རིག་པ་རང་གྲོལ་ལས། མཐའ་བཞིའི་དྲི་མ་རང་སངས་ཉིད། །ཅེས་སོ། །གཉིས་པ་ཡེ་ཤེས་སུམ་ལྡན་དུ་བཤད་པ་ལ། ངོ་བོ་མདོར་བསྟན་པ་དང༌། རང་བཞིན་རྒྱས་པར་བཤད་པ་གཉིས་ལས། དང་པོ་ངོ་བོ་མདོར་བསྟན་པ་ནི། རང་ཤར་ལས། ཀ་དག་ཆེན་པོའི་གཞི་དེ་ལ་ཡང་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དང་ལྡན། །ཞེས་དང༌། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། འཁོར་དང་འདས་པ་མི་གནས་པའི། །ཆོས་ཉིད་སྟོང་པ་ཀུན་ཁྱབ་པས། །ཡེ་ཤེས་རང་ངོར་གནས་པ་ལ། །གསུམ་གྱི་ཚུལ་དུ་དབྱེར་མེད་དོ། །ཞེས་དང༌། ཀློང་དྲུག་པ་ལས། ཡེ་ཤེས་ཉིད་ནི་རྣམ་གསུམ་གྱིས། །གཞི་ཡི་ཁྱད་པར་ཚིག་ཏུ་བསྟན། །ཞེས་པ་དང༌། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། གཞིའི་ཆོས་ཐམས་ཅད་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་ཤེས་པར་གྱིས་ཤིག་ཅེས་སོ། །གཉིས་པ་རང་བཞིན་རྒྱས་པར་བཤད་པ་ལ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་གནས་ལུགས་གསུམ་སྟེ། གསང་བ་བླ་ན་མེད་པ་ཐེག་མཆོག་རྡོ་རྗེའི་སྙིང་པོ་འདིའི་བཞེད་ཀྱིས་ཆོས་སྐུ་གདོད་ནས་དག་པའི་ངོ་བོ་སྐུར་བཞུགས་པས་སྐུ་གསུམ་འདུ་འབྲལ་མེད་པའི་འཆར་གཞིར་གནས་ཀྱང་མཚན་མ་རིས་ཅན་གྱི་ཞལ་ཕྱག་ཏུ་གྲུབ་པ་ནི་ཅུང་ཟད་ཀྱང་མེད་དོ། །འདིས་ངོ་བོ་ཀ་དག་སྟོང་པ་བསྟན་པ་ཡིན་ལ། དེ་ཡང་ཀ་དག་ཆེན་པོ་ཞེས་པ་ནི། ཡང་དག་པའི་སངས་རྒྱས་ཞེས་པ་ཞིག་ཀྱང་མ་བྱུང་ལ། མ་དག་པའི་སེམས་ཅན་ཞེས་པ་ཞིག་ཀྱང་མ་བྱུང་བའི་གནད་ལས། རིག་པ་མ་གཡོས་པའི་ཡེ་གདངས་ཆེན་པོའོ། །དེ་ནི་སྐྱེ་འཆི་མེད་པས་འགག་པའི་ཆོས་མེད། ཕྱི་ནང་མེད་པས་གསལ་བའི་ཆོས་ཡོངས་སུ་རྫོགས། སྟོང་དང་དངོས་པོ་མེད་པས་སྣང་བའི་ཆོས་ཡོངས་སུ་རྫོགས་པ་ཞིག་གོ །རང་བཞིན་གསལ་བ་འོད་ལྔར་བཞུགས་པས་གདངས་གསུམ་ཡེ་ནས་རང་གསལ་ཀྱང་ཁ་དོག་རིས་བཅས་སུ་སོ་སོར་གྲུབ་པ་ནི་མེད་དོ། །རང་བཞིན་ལྷུན་གྱིས་གྲུབ་པའི་གནས་ལུགས། རྒྱ་གར་ཡང་མ་ཆད་ཕྱོགས་གང་དུའང་མ་ལྷུང་། སྐུ་དང་ཡེ་ཤེས་འཆར་བའི་གནས། ནང་གསལ་ཕྲ་བར་ཡོད་པ་ལ་ཕྱི་རྒྱ་མ་རལ་བ། འོད་ལས་འདས་པའི་ཡེ་གདངས། སྐུ་ལས་འདས་པའི་རང་གདངས། རང་བཞིན་ཉིད་ཀྱི་སྣང་བ་འཕེལ་འགྲིབ་གང་སྟོང་མེད་པ། མཚན་འཛིན་ལས་འདས་པའི་སྐུ་དང་ཡེ་ཤེས་ཀྱི་འཆར་གཞིར་བཞུགས་པ་ཞིག་ཡིན་ནོ། །ཐུགས་རྗེ་རིག་པའི་ཡེ་ཤེས་སུ་བཞུགས་པས་མཁྱེན་པའི་ཆ་མ་འགགས་པར་སོ་སོར་གསལ་ཀྱང་བྱ་བ་དང་བྱེད་པའི་རྣམ་པ་ཡུལ་ཡུལ་ཅན་དུ་སྣང་བ་ནི་མེད་དེ། དེ་ཡང་གསལ་ལ་འགག་པ་མེད་པའི་སྤྲོས་མེད་སྤྲོས་པ་ཆེན་པོ། སྟོང་གསལ་འགག་པ་མེད་པ། མ་འདྲེས་ཡོངས་རྫོགས་ཆེན་པོ། ཀུན་ཁྱབ་གཅིག་ཏུ་རྫོགས་པའོ། །དེ་དག་གི་དོན་ལུང་གིས་གསལ་བ་ནི། ཐལ་འགྱུར་ལས། ཐོག་མའི་ངོ་བོ་རང་བཞིན་དང༌། །ཐུགས་རྗེ་རྣམ་པ་གསུམ་དུ་གནས། །དེ་ཡང་ངོ་བོ་སྐུར་གནས་པས། །ཆོས་དང་ལོངས་སྤྱོད་སྤྲུལ་བའི་ཆར། །མ་ཕྱེ་འབྱེད་པ་མེད་པའི་ཚུལ། །བབས་ལས་གྲུབ་པ་ཉིད་ལ་ཡང༌། །སྐུ་མདོག་ལ་སོགས་བློ་ཡུལ་མེད། །རང་བཞིན་ཆར་བྱེད་འོད་ཀྱི་ཚུལ། །དཀར་དམར་སེར་དང་ལྗང་མཐིང་ནི། །མཚན་མ་རིས་ཅན་མ་ཡིན་པར། །རིས་མེད་ཤེས་པའི་བབས་ལས་གྲུབ། །ཐུགས་རྗེ་འཆར་གཞི་སྣ་ཚོགས་ལས། །འདི་འདྲ་གཅིག་ཏུ་ངེས་མེད་པས། །སྣ་ཚོགས་སྣང་ཕྱིར་གཞི་ཞེས་བྱ། །ཞེས་པ་དང༌། དེས་ངོ་བོ་སྟོང་པའི་ཡེ་ཤེས་བསྟན། ཀློང་དྲུག་པ་ལས། དེ་ལྟར་ཆོས་ཉིད་ཀ་དག་ལ། །ཡེ་ཤེས་མེད་ཅིང་སྐུ་ཡང་མེད། །འོད་མེད་ཁ་དོག་རྣམས་དང་བྲལ། །གང་གི་ངོ་བོར་གྲུབ་མེད་པས། །མ་རིག་པ་དང་ཉོན་མོངས་ཀྱང༌། །སྨོས་ཅི་དགོས་ཏེ་ཡོད་མ་ཡིན། །རང་བཞིན་ཉིད་ཀྱི་སྣང་བ་ལ། །མཚན་མར་འཛིན་པ་ཡེ་མེད་དེ། །ཁ་དོག་མ་ཡིན་རང་གསལ་བས། །ཤེས་ཤིང་རིག་པའི་ཆ་རྣམས་བཅོམ། །འཛིན་པའི་གཟུང་ཡུལ་གང་མེད་ཕྱིར། །རྣམ་པར་རྟོག་པའི་འཛིན་ཆ་མེད། །འོད་ལས་འདས་པའི་ཡེ་གདངས་སུ། །ཡེ་ཉིད་ནས་ནི་ཁྱབ་པར་གནས། །སྐུ་ལས་འདས་པའི་རང་གདངས་སུ། །རྣམ་དག་ཕྱག་རྒྱ་ཆེན་པོར་གནས། །འོན་ཏེ་རང་བཞིན་སྣང་བ་ལ། །མཚན་མ་དམིགས་པར་ཡེ་མེད་དོ། །དོན་གྱི་ཆ་ལ་འདི་ལྟར་གནས། །རང་གདངས་བསྐྱེད་པ་དཀར་པོའི་ཆ། །གཏིང་གསལ་ཆེན་པོ་ཉིད་དུ་གནས། །གཏིང་གསལ་ངོ་བོ་བཀྲག་བསྐྱེད་པ། །སྣང་བ་རང་ཟད་སེར་པོའི་ཆ། །མི་མངོན་གཏིང་ནས་རང་ངོ་གསལ། །རང་ངོ་ཆགས་མེད་གདངས་བསྐྱེད་པ། །གང་གིས་བཅིངས་པ་དང་བྲལ་བའི། །ཆགས་པ་རང་ཟད་དམར་པོའི་ཆ། །གཏིང་གདངས་མ་འདྲེས་ཆེན་པོར་གནས། །མ་འདྲེས་སོ་སོའི་ཆ་འཛིན་པ། །བྱ་རྩོལ་བསྐྱོད་པ་དང་བྲལ་བའི། །མཛད་པ་མེད་པའི་ལྗང་གུར་ནི། །ཐོག་མ་རྣམས་ཀྱི་ཟེར་དུ་ཡང༌། །མི་མངོན་གཏིང་ནས་གསལ་བའི་ཆ། །གཏིང་གསལ་ཁྱབ་པའི་འབྲེལ་བྱེད་པ། །འགྱུར་མེད་རྫོགས་པའི་མཐིང་གར་ནི། །ཡེ་རྫོགས་བྱས་པ་མེད་པར་གནས། །དེ་ལྟར་དེ་ཡི་རང་བཞིན་ལ། །སྐུ་ནི་སྣང་བའི་མཚན་ཉིད་བྲལ། །ཡེ་ནས་རང་དག་ཆེན་པོ་ལ། །རྫོགས་པ་རྣམས་ཀྱི་རྩེ་མོར་གནས། །འདི་ལ་དབང་པོར་སྣང་བ་མེད། །གདོས་བཅས་མཚན་མ་རང་དག་ཕྱིར། །གཏིང་གསལ་ཆེན་པོའི་གཞི་མར་གནས། །ཁྱབ་དང་ཁྱབ་པ་ཉིད་ཀྱིས་སྟོང༌། །ཕྱང་དང་ཆད་པ་མེད་སྣང་བར། །གསལ་བྱེད་སྣང་བའི་ཆ་མ་འགགས། །སྙིང་པོ་ཐམས་ཅད་བཅུད་འདུས་པས། །དྲི་མ་མེད་ཅིང་རང་སར་དག །སངས་རྒྱས་རྣམས་ཀྱི་གསང་ཆེན་དུ། །རང་བཞིན་གྱི་ནི་ཆ་ལ་བཞུགས། །ཐུགས་རྗེའི་སྣང་ཆ་སྣ་ཚོགས་ལས། །སྟོང་ཆ་འགག་པ་མེད་པ་ཉིད། །ཤེས་བྱ་ཡེ་ཤེས་རྣམ་གཉིས་སུ། །སྣང་བའི་ཆ་ལས་སྣང་བར་བས། །མེད་པའི་སྣང་བ་རང་དག་ལས། །རང་བཞིན་ཤུགས་ཀྱི་ཐུགས་རྗེ་ནི། །མཛད་པའི་རྩོལ་བ་ཡེ་མེད་པས། །མ་བྱས་སྣང་བའི་ཚུལ་དག་ཏུ། །ཡེ་ནས་འབྱེད་པ་མེད་པར་སྣང༌། །ཉི་མ་ལས་ནི་འོད་བཞིན་དུ། །རང་གིས་བྱས་པ་མ་ཡིན་ཏེ། །རང་གི་རང་བཞིན་དེ་ལྟར་སྣང༌། །ཞེས་པ་དང༌། དེས་རང་བཞིན་གསལ་བ་བསྟན། རང་ཤར་ལས། གཞི་ཀ་དག་ཆེན་པོ་ཞེས་བྱ་སྟེ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་གནས་སོ། །ངོ་བོ་དེ་མི་འགྱུར་བའི་ཡེ་ཤེས་མ་འགགས་པར་གསལ་བ་གཞོན་ནུ་བུམ་པ་སྐུའི་གནས་ལུགས་ཞེས་བྱའོ། །རང་བཞིན་འོད་ལྔའི་སྣང་བ་མ་འགགས་པའོ། །ཐུགས་རྗེའི་སྣང་བ་ནི་དཔེར་ན་སྤྲིན་མེད་པའི་ནམ་མཁའ་ལྟ་བུའོ། །དེ་ནི་ཀ་དག་གི་གནས་ལུགས་ཞེས་བྱ་སྟེ་རྒྱ་གར་ཡང་མ་ཆད་ཕྱོགས་གང་དུའང་མ་ལྷུང་བའོ་ཞེས་པ་དང༌། དེས་ཡེ་ཤེས་གསུམ་ཀ་བསྟན་པའོ། །བཀྲ་ཤིས་མཛེས་ལྡན་ཆེན་པོའི་རྒྱུད་ལས། རྟོགས་པའི་སངས་རྒྱས་མ་བྱུང་མ་རྟོགས་པའི་སེམས་ཅན་མ་བྱུང་བའི་སྔོན་རོལ་ན་རིག་པ་རང་བྱུང་གི་ཡེ་ཤེས་གཞི་ལས་མ་གཡོས་ཏེ་རྐྱེན་མེད་པའི་སྣང་བ་གསུམ་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་རང་རིག་པའི་ཡེ་ཤེས་ཉིད་ཀྱིས་རང་གི་འདུག་ཚུལ་གྱི་གནས་ལུགས་འདི་གསུངས་སོ། །ཀྱེ་སྣང་བ་ཆེན་པོ་ཡངས་པའི་ཀློང་འདི་ནི་མ་གཡོས་པའི་ཆོས་ཀྱི་སྐུ་ཆེན་པོ་ལས་མ་འཁྲུལ་བའི་སངས་རྒྱས་ཆེན་པོར་བཞུགས་སོ། །དེས་ཐོག་མའི་ཡེ་གཞི་བསྟན། ངོ་བོའི་སྐུ་མ་འགགས་པར་གནས་ཏེ། ངོ་བོ་མི་འགྱུར། ཐབས་གསང་བ། མ་གཡོས། མི་གཡོ། མ་བསྐྱོད་པ། སྣང་བ་ཐམས་ཅད་དུས་གཅིག་ལ་རྫོགས་པ། ཡེ་ཤེས་ཐམས་ཅད་སྐད་ཅིག་ལ་རྫོགས་པ། སྐུ་ཐམས་ཅད་སྨིན་པར་གནས་པ། འོད་ཀྱི་སྣང་བ་ཐམས་ཅད་མ་བསྒྲིབས་པར་གསལ་བ། གནས་ལུགས་ཀྱི་སྣང་བ་ལ་སྣང་ཐབས་ཀྱིས་མ་བསྒྲིབས་པའི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་རྒྱ་མ་ཆད་པར་ཡོངས་སུ་རྫོགས་པ་ཆེན་པོ། ངོ་བོའི་གནས་ལུགས་ཆེན་པོ་དེ་ཡང་སྐུ་ལྟར་སྣང་བ་ལ་ཁ་མིག་རྣ་བར་དོད་པ་ནི་ཅང་མི་བཞུགས། སྟོང་པ་ལྟར་སྣང་བ་ལ་བེམ་སྟོང་ལྟར་ཅང་མི་བཞུགས། འོད་ལྔ་ལྟར་སྣང་བ་ཆེན་པོ་ལ་ཁ་དོག་ཏུ་ཕྱེ་བ་ནི་ཅང་མི་བཞུགས། རྒྱ་མ་ཆད་པར་སྣང་བ་ལ་འབྲེལ་བ་ལྟར་ཅང་མི་བཞུགས། མཐའ་དབུས་མེད་པ་ལྟར་སྣང་བ་ལ་ཕྱོགས་སུ་དམིགས་པ་ནི་ཅང་མི་བཞུགས། ཆ་ཡིས་མ་གོས་པ་ལྟར་སྣང་ལ་རིས་སུ་ཕྱེ་བ་ནི་ཅང་མི་བཞུགས། རྒྱན་མ་འགགས་པ་ལྟར་སྣང་ཞིང་དཔངས་མཐོ་བ་ལ་སྟེང་འོག་ཏུ་སྣང་བ་ནི་གང་ཡང་མེད་དོ། །དེས་ངོ་བོ་སྟོང་པར་བསྟན། རང་བཞིན་གྱི་སྣང་བ་ནི་ཡངས་པ་ལྟར་སྣང་བ་ལ་ཕྱོགས་ལྷུང་མེད་པ། གསལ་བ་ལྟར་སྣང་བ་ལ་དངོས་པོ་མེད་པ། མཐིང་ག་ལྟར་སྣང་བ་ལ་ཆ་མ་ཕྱེ་བ། དཀར་པོ་ལྟར་སྣང་བ་ལ་རིགས་མི་འཛིན་པ། སེར་པོ་ལྟར་སྣང་བ་ལ་ཡོན་ཏན་རྫོགས་པ། དམར་པོ་ལྟར་སྣང་བ་ལ་གོ་མ་འགགས་པ། ལྗང་གུ་ལྟར་སྣང་བ་ལ་དངོས་པོ་མེད་པ། སྣ་ལྔ་ཉིད་དུ་གནས་པ་ལ་ཁ་དོག་མི་འཛིན་པ་ཆེན་པོ། ཟླུམ་པ་ལ་དབྱིབས་མེད་པ། མ་འགགས་པ་ལ་སྐྱོན་མེད་པ། ཁྱབ་པ་མེད་པ་ལ་རང་གདངས་ཆེན་པོ། རང་གསལ་བ་ལ་ཕྱི་ནང་དང་བཅས་པ། རྩོལ་སྒྲུབ་མེད་པ་ལ་བབས་ཀྱིས་གྲུབ་པའོ། །དེས་རང་བཞིན་གསལ་བར་བསྟན། ཐུགས་རྗེའི་སྣང་བ་ནི་སྟོང་པ་ལྟར་སྣང་བ་ལ་གསལ་ལ་མ་འགགས་པ། སྤྲོས་པ་མེད་པ་ལ་སྤྲོས་པ་ཆེན་པོ། རང་བཞིན་མ་འགགས་པ་ལ་སྣ་ཚོགས་མ་ངེས་པ་ཆེན་པོ། གསལ་བས་མུན་པ་མེད་པ། མ་འགགས་པས་མེད་པ་ཆེན་པོ། བགས་ཀྱིས་སྟོང་པ་ལ་ཀུན་ཏུ་འཆར་བ་ཆེན་པོ། མ་འདྲེས་པ་ལ་ཡོངས་སུ་སྣང་བ་ཆེན་པོ། ཀུན་ལ་ཁྱབ་པ་ལ་གཅིག་ཏུ་འདུས་པ་ཆེན་པོ། དག་པ་ལ་འཁྲུལ་བ་མ་འགགས་པ་ཆེན་པོ། རྫོགས་པ་ལ་གཅིག་ཏུ་སྣང་བ་ཆེན་པོ། ཐུགས་རྗེའི་གོ་མ་འགགས་པར་བཞུགས་སོ་ཞེས་སོ། །དེས་ཐུགས་རྗེ་ཀུན་ཁྱབ་བསྟན་པ་སྟེ། དེ་དག་གིས་གཞི་གནས་ཀྱི་ཡེ་ཤེས་ངོ་བོ་སྟོང་པ། རང་བཞིན་གསལ་བ། ཐུགས་རྗེ་ཀུན་ཁྱབ་གསུམ་པོ་བསྟན་པའོ། །དེ་དག་གི་དོན་བསྡུས་ཏེ་ཅུང་ཟད་བཤད་ན། ཚིག་དོན་བཅུ་གཅིག་གི་དང་པོ་གཞི་བཤད་པའི་སྐབས་ཀྱི། གཞི་དང་གཞི་སྣང་གི་ཟླས་ཕྱེས་པའི་གཞི་ཀ་དག་སྤྲོས་པ་ཐམས་ཅད་དང་བྲལ་བ། རིག་སྟོང་ཟུང་འཇུག་གི་ཆ་གདོད་མའི་གཞི་དབྱིངས་དེའི་ཐོག་ན། གྲོལ་འཁྲུལ་གཉིས་ཀ་མེད་ཅིང་། གཞི་སྣང་འགག་མེད་ཏུ་འཆར་རུང་གི་ལྷུན་གྲུབ་ཀྱི་ཆ་ལ་ཡང་དེ་བཞིན་དུ་གྲོལ་འཁྲུལ་གཉིས་ཀ་ཡོད་པ་མིན། འོན་ཀྱང་ཟུང་འཇུག་ཐུགས་རྗེའི་རིག་རྩལ་གྱི་རྣམ་པ་ཕྱིར་གསལ་དུ་འཆར་ཚེ། རང་སྣང་དུ་རང་ངོ་ཤེས་ན་གྲོལ་བའི་གཞི་དང་། མ་ཤེས་ན་འཁྲུལ་གཞི་ཡིན་པས། གྲོལ་འཁྲུལ་གཉིས་ཀ་གཞི་སྣང་གི་སྐབས་དེར་འཇོག་པ་ཡིན་པ་ནི། མ་ཤེས་ཐབས་མེད་ཀྱི་རྩ་བའི་གནད་གཅིག་ཡིན། དེ་ལྟ་བུའི་གཞི་དང་གཞི་སྣང་གི་ཁྱད་པར་གསལ་བོར་ཕྱེ་མ་ཤེས་པའི་དབང་གིས་ཕྱོགས་རེར་ཞེན་པ། གོང་དུ་དཔེར་བཀོད་པ་ལྷའི་གླང་པོ་ཆེ་ལ་ལོང་བ་དྲུག་གིས་ལོང་བསྙབ་བྱས་ཏེ་ངོས་འཛིན་བྱས་ཚེ། ལ་ལས་མགོ་ལ་རེག་ནས་གླང་ཆེན་ཟླུམ་པོ་ཡིན་པར་སྨྲ་བ་དང་། ལ་ལས་རྣ་བ་ལ་རེག་ནས་གླང་ཆེན་ལེབ་ལེབ་མོ་ཡིན་པར་སྨྲ་བ་དང་། ལ་ལས་སྒལ་བ་ལ་རེག་ནས་གླང་ཆེན་ཟོར་ཟོར་པོ་ཡིན་པར་སྨྲ་བ་དང་། ལ་ལས་རྔ་མར་རེག་ནས་གླང་ཆེན་ནི་ནར་ནར་པོ་དཔེར་ན་སྦྲུལ་ལྟ་བུའོ་སོགས་སྨྲ་བ་བཞིན་ནོ་ཞེས་གཞི་དྲུག་པོ་དེ་སྐྱོན་ཅན་དུ་བསྒྲུབས་པ་ཡིན། འོ་ན་དེ་དག་གིས་སྨྲས་པ་ཐམས་ཅད་ཕྱོགས་ཡོངས་ནས་མི་རིགས་སམ་ཞེ་ན། མ་ཡིན་ཏེ་དེ་དག་གིས་ཕྱོགས་ཡོངས་ནས་ཆ་ཚང་བ་བཤད་མ་ནུས་པ་ལས་ཕྱོགས་ཙམ་ཡང་མ་ཤེས་པ་ནི་མིན་ཏེ། དཔེར་ན་གླང་པོའི་མགོ་ལ་རེག་མཁན་གྱིས་གླང་པོ་ཆེ་ནི་ཟླུམ་པོའོ་ཞེས་སྨྲས་ན་གླང་ཆེན་ཟླུམ་པོ་མིན་ཡང་། དེའི་མགོ་བོ་ཟླུམ་པོ་ཡིན་པས་དེའི་ཆ་ནས་མི་རིགས་པ་མེད་པ་དང་། དེ་བཞིན་རྔ་མ་ལ་རེག་པ་དང་རྣ་བ་ལ་རེག་པ་རྣམས་ལ་ཡང་འཐད་པའི་ཆ་རེ་ཡོད་ཀྱང་མིག་ལྡན་ཞིག་གིས་བལྟས་པ་ན་སྤྱི་བོ་ཟླུམ་པོ་སྣ་ཞགས་འཕྱངས་པ་རྐང་ལག་ཀ་བ་བཙུགས་པ་དང་འདྲ་བ་དང་། ལྟོ་བ་བུམ་པ་ལྟ་བུ་སོགས་ཀྱི་ཁྱད་ཆོས་རྣམས་ཀྱིས་ཕྱོགས་ཡོངས་ནས་མཚོན་པའི་ཁྱད་གཞི་གླང་ཆེན་གཅིག་ལ། ཁྱད་ཆོས་དེ་དག་འདུ་བ་མ་ཤེས་པ་བཞིན་དུ། འོག་མའི་བློ་ཡིས་མ་རེག་པའི་དོན། ཐེག་མཆོག་རྩེ་མོའི་སྐབས་འདི་ནས་གསལ་བར་བསྟན་པའི་ཆེད་དུ། ཐོག་མ་ཉིད་ནས་འཁོར་འདས་ཀྱི་སྤྱི་གཞི་གཏན་ལ་ཕབ་ཅིང་། དེ་ནས་ཁམས་གསུམ་སེམས་ཅན་འཁྲུལ་ཚུལ། ཀུན་ཏུ་བཟང་པོ་གྲོལ་ཚུལ་གྱིས་དབུ་བཙུགས་ནས། ཤེས་བྱ་འཁོར་འདས་ཀྱི་ཆོས་ཀུན་གཏན་ལ་ཕབ་སྟེ། མཐར་ཐུག་ཆོས་དབྱིངས་ཐིག་ལེ་ཉག་གཅིག་རིག་པ་གཅིག་གི་ཀློང་དུ་བསྡུས་པའོ། །གོང་ནས་དེ་ལ་ཆིངས་དང་པོ། གླེང་གཞི་དང་འབྲེལ་བའི་ལུས་རྣམ་པར་བཞག་པ་དང་། ཆིངས་གཉིས་པ། བློ་སྤྲོས་མེད་ཀྱི་རྣལ་འབྱོར་དང་བསྟུན་ནས་ཚིག་དོན་བཅུ་གཅིག་གི་ནང་དུ་བསྡུས་ནས་གཏན་ལ་ཕབ་པའོ། །ཆིངས་གསུམ་པ། རྒྱས་པ་ལ་དགའ་བའི་བློ་དང་བསྟུན་ནས་ཚིག་དོན་བཅུ་གཅིག་པོ་རྒྱས་པར་བཀྲལ་བ་དང་། ཆིངས་བཞི་བ། ཤིན་ཏུ་སྤྲོས་པ་མེད་པ་དང་བསྟུན་ནས་ཚིག་དོན་བཅུ་གཅིག་པོ་ཁྲེགས་ཆོད་ཐོད་རྒལ་གཉིས་ཀྱི་ཉམས་ལེན་གྱི་ཆིངས་ཀྱིས་བཅིངས་པ་དང་། །བློ་རབ་ཏུ་སྤྲོས་མེད་དང་བསྟུན་ནས་དེ་ཡང་རིག་པ་གཅིག་པོའི་དོན་དུ་འདུས་པས་དེ་དང་སྦྱར་ནས་བཤད་པའོ་ཞེས་པ་བཞིན། གཞི་དྲུག་སྐྱོན་ཅན་དུ་བཤད་པ་ནི་རྫོགས་པ་ཆེན་པོ་སེམས་ཀློང་ལ་སོགས་པའི་སྐབས་སུ་མན་ངག་སྡེ་ལྟར་ཆ་ཡོངས་སུ་མ་རྫོགས་ལ། སྔགས་བླ་མེད་གཞན་གྱི་ལུགས་ཀྱང་འདིར་གཏོགས་ཤིང་། ཡེ་ཤེས་བླ་མའི་སྐབས་ཀྱི་དངོས་དང་གཞིའི་བཤད་པ་དང་ཕྱོགས་ཀྱིས་འདྲ་བ་ཡིན་མོད་དེའི་སྐབས་སུ་དངོས་གཞིའི་མུ་བཞི་ཕྱེ་དུས་རང་ལུགས་ཀྱི་བཤད་ཚུལ་ལ་ཐོད་རྒལ་གྱི་རིག་པའི་གནས་ལུགས་རྟོགས་མ་རྟོགས་ཀྱིས་ཕྱེས་པ་ཡིན། འདི་ནས་འཁོར་འདས་ཡོངས་ཀྱི་སྤྱི་གཞི་གཏན་ལ་འབེབས་པའི་སྐབས་ཀྱི་ཆ་ཚང་མ་རྟོགས་པའི་ཕྱོགས་དྲུག་གསུངས་པའི་དོན་ཐེག་པ་དང་གྲུབ་མཐའ་ལ་སྦྱར་ནའང་ཆོག་ཀྱང་། གཙོ་བོ་ནང་རྣལ་འབྱོར་བ་རང་ཉིད་ཀྱི་ཉམས་ལེན་གྱི་ཐོག་ནས་ལྟ་བ་གོལ་ཤོར་ནོར་བའི་ཕྱོགས་ལ་འགྲོ་གིན་ཡོད་མེད་ཀྱི་ཚངས་ཐིག་ལ་འཛིན་དགོས་སོ། །དེ་ཡང་གདོད་མའི་ཡེ་གཞི་ཞེས་པ་དེ། སྟོང་པ་ཕྱང་ཆད་ནམ་མཁའ་ལྟ་བུ་ཞིག་རེད་སྙམ་ན་ཆད་ལྟའི་ཕྱོགས་ལ་སོང་བ་ཡིན། རྟག་པ་འགྱུར་བ་མེད་པ་ཞིག་རེད་སྙམ་ན་རྟག་ལྟའི་ཕྱོགས་སུ་ལྟུང་བ་ཡིན་པ་སོགས་གཞི་སྐྱོན་ཅན་དྲུག་གི་སྐྱོན་འདྲ་མིན་བཀོད་པའི་ཕྱོགས་སུ་ལྷུང་ན། ལྟ་བ་རྣམ་དག་མིན་པར་འགྱུར་ཞིང་། ལྟ་བ་ནི་མིག་དང་འདྲ་བར་གསུངས་ཤིང་། མིག་གིས་བལྟ་ས་ནོར་ན་རྐང་པས་བརྫི་ས་ཡང་རང་ཤུགས་ཀྱིས་ནོར་བ་ལྟར། ལྟ་བ་འཕྱུགས་དུས་སྒོམ་པ་འཕྱུག་པ་དང་སྒོམ་པ་འཕྱུགས་དུས་སྤྱོད་པ་འཕྱུག་པར་འགྱུར་ཞིང་། དེ་དང་མཚུངས་པར་འབྲས་བུ་ཡང་འཕྱུག་མི་འགྲོ་བའི་འོས་མེད་དོ། །དེས་ན་འདི་ནི་ཤེས་བྱ་གཏན་ལ་དབབ་རྒྱུའི་དོན་ཙམ་མ་ཟད་རྣལ་འབྱོར་པའི་ཉམས་ལེན་གྱི་གནད་ལ་གལ་ཆེ་བ་ཞིག་ཡིན་པས་ཞིབ་ཏུ་དཔྱད་ན་རིན་ཐང་བྲལ་བའི་ངེས་ཤེས་རྙེད་རྒྱུ་ཡོད་པ་ཡིན་ནོ། །འདི་ནས་བཤད་པའི་གཞི་སྐྱོན་ཅན་དྲུག་གམ་ཡང་ན་བདུན་ཡང་རུང་སྟེ་ཀ་དག་རྐྱང་བ་ཞིག་ལ་གཞི་རུ་འདོད་ནའང་མི་འཐད་པའི་ཕྱིར། དེས་ན་དེ་དག་དགག་དགོས་པས། དེ་ལས་དང་པོ་གཞི་ཀ་དག་ཏུ་འདོད་པ་ནི། སྟོང་རྐྱང་ཆད་མཐའ་ལ་གོལ་བ་ཡིན་པས། དེ་ལྟར་ན་སེམས་ཅན་གཅིག་ཀྱང་གྲོལ་དུ་མེད་པར་འགྱུར་རོ། །གཉིས་པ་གཞི་ལྷུན་གྲུབ་ཏུ་འདོད་ན་ཡེ་ཤེས་དེ་ཁེར་ཆད་དུ་སོང་ནས། ཁམས་གསུམ་འཁོར་བའི་སེམས་ཅན་རྟག་ཏུ་འཁོར་བས་འཁྲུལ་བ་ལས་གྲོལ་དུ་མེད་པར་འགྱུར་ཏེ་རྟག་ལྟ་ལ་གོལ་ལོ། །གསུམ་པ་གཞི་མ་ངེས་པར་འདོད་ན། གཞི་དེ་མ་ངེས་པ་ཡིན་པས། དེའི་མཚམས་རེར་འཁྲུལ་གཞི་བྱེད་པ་དང་། ཡང་མཚམས་རེར་གྲོལ་གཞི་བྱེད་པས། སངས་རྒྱས་གྲོལ་ནས་ཡོད་ཀྱང་མཚམས་རེར་འཁྲུལ་ནས་སེམས་ཅན་དུ་འགྱུར་བ་དང་། སེམས་ཅན་འཁྲུལ་བཞིན་པ་ཡང་སངས་རྒྱས་སུ་འགྱུར་དུ་ཡོད་པར་ཐལ་ལོ། །དེས་ན་རྣལ་འབྱོར་ལམ་གྱི་བགྲོད་པ་དོན་མེད་པའོ། །བཞི་བ་གཞི་ངེས་པ་དོན་གྱི་དངོས་གཞི་རུ་འདོད་ན། འདུས་མ་བྱས་པ་རྟག་བརྟན་ཅན། འཕོ་འགྱུར་རྩ་བ་ནས་མེད་པ་ཞིག་ཏུ་འགྱུར་བས། སྣང་ཆ་ཐམས་ཅད་གཏན་འགགས་པར་གྱུར་ནས་གཟུགས་སྐུའི་སྒྲུབ་གཞི་མེད་པར་ཐལ་ལོ། །ལྔ་བ་གཞི་ཅིར་ཡང་བསྒྱུར་དུ་རུང་བ་ཡིན་ཞེ་ན། གོང་གི་མ་ངེས་པར་འདོད་པ་དང་ཕྱོགས་ཀྱིས་འདྲ་བ་མ་ཟད། ཆུ་ནང་ཏུ་ཀོ་གྲུ་བཞག་པ་གང་དུ་འཐེན་ཡང་ཆོག་པ་བཞིན། འཁོར་བ་འདས་པ་དང་། མྱང་འདས་འཁོར་བ་ལ་བསྒྱུར་ཆོག་པ་ཞིག་ཏུ་འགྲོའོ། །དྲུག་པ་གཞི་ཅིར་ཡང་ཁས་བླང་དུ་བཏུབ་པར་འདོད་ན། འོ་ན་གཞི་དེ་ཡོད་པར་ཁས་བླངས་ཀྱང་ཆོག་པ་དང་། མེད་པར་ཡང་ཁས་བླངས་ཀྱང་ཆོག་ལ། འོན་ཀྱང་ཡོད་མེད་གཉིས་ཀ་ནི་དངོས་འགལ་ཡིན་པས་མི་རིགས་ལ། དེས་མི་ཚད་ཅིར་ཡང་ཁས་བླང་རུང་ན་ཕུང་གསུམ་པར་ཡང་ཁས་བླང་ཆོག་ལ་དེ་ནི་སྨྱོན་པའི་ངག་བཞིན་སྙིང་པོ་མེད་པའོ། །བདུན་པ་གཞི་སྣ་ཚོགས་སུ་འདོད་ན་འཁོར་འདས་སྣ་ཚོགས་སུ་སྣང་བ་འདི་ཐམས་ཅད་གཞི་ཡིན་པར་ཐལ་བའོ། །དེ་རྣམས་ལ་འཐད་པའི་ཆ་ཅུང་ཟད་ཀྱང་མེད་དམ་ཞེ་ན་མ་ཡིན་ཏེ། ཕྱོགས་རེར་ཞེན་པའི་སྟོབས་ཀྱིས་མི་འཐད་པར་བསྒྲུབས་པ་ལས་ཕྱོགས་ཀུན་ནས་མི་འཐད་པར་མ་གསུངས་ཏེ། དཔེར་ན་དང་པོ་གཞི་ཀ་དག་ཏུ་འདོད་པའི་ལུགས་ལྟ་བུ་ཞིག་ལ་མཚོན་ན་ངོ་བོ་སྟོང་པའི་ཆ་ནས་འཐད་ཀྱང་། ཡེ་གདངས་འགག་པ་མེད་པའི་ལྷུན་གྲུབ་ཀྱི་སྣང་ཆ་ཤོར་བས་ཀ་དག་སྟོང་རྐྱང་དེ་ལ་མ་རིག་པ་མེད་པས་འཁོར་བ་མ་གྲུབ་པ་དང་། ཡེ་ཤེས་མེད་པས་མྱང་འདས་ཀྱང་མེད་ནས་ཆད་པའི་ཕྱོགས་སུ་གོལ་ལོ། །སྒོམ་པའི་ཉམས་མྱོང་དང་ར་སྦྲགས་ན། རྣམ་རྟོག་མེད་ཤུལ་གྱི་སྟོང་པ་སྟོང་རྐྱང་ཞིག་ལ་དམིགས་ནས་བསྒོམས་ན། རྫོགས་ཆེན་སྤྱི་འབྱམས་གཤིས་ཤོར་གྱི་ཕྱོགས་སུ་གོལ་ཤོར་དུ་འགྲོའོ། །གཉིས་པས་གཞི་ལྷུན་གྲུབ་ཏུ་འདོད་ལ་གདངས་འགག་མེད་རྩལ་སྣང་སྣ་ཚོགས་འཆར་བའི་ཆ་ཙམ་ཁས་བླང་དུ་རུང་ཡང་། མཐའ་གཅིག་ཏུ་དེ་ཁས་བླངས་ན་རྟག་ལྟ་རུ་འགྱུར་ལ། ཡོད་པ་ཐམས་ཅད་རྟག་པའི་དངོས་པོར་འགྱུར་ཚེ། གཞི་མ་སྤངས་ན་འཁོར་བ་སྤངས་མི་ཐུབ་པ་དང་། ཚོགས་རྫོགས་པ་སོགས་ཀྱིས་མྱང་འདས་རྟོགས་སུ་མེད་པ་དང་། སེམས་ཅན་གཅིག་གི་རྒྱུད་དུ་འཁོར་འདས་གཞི་མཐུན་མི་སྲིད་པས། གཞི་གཅིག་ལམ་གཉིས་མེད་པར་འགྱུར་བའོ། །གསུམ་པས་དེས་ན་གོང་མ་གཉིས་པོ་མི་འཐད་ཅིང་རྟག་ཆད་གཉིས་པོ་གང་དུ་ལྷུང་ཡང་མཐར་ལྷུང་བ་ཡིན་པས། གང་དུ་འཛིན་ཀྱང་མཐར་འཛིན་ཡིན་པ་དེས་ན། གཉིས་མཐར་མ་ལྷུང་བ་ཞིག་དགོས་འདུག་སྙམ་ནས། སེམས་ཀྱི་རང་བཞིན་འཁོར་འདས་གང་དུ་ཡང་འགྱུར་ཆོག་པར་སེམས་ནས་གཞི་མ་ངེས་པར་ཁས་ལེན་ན། གཞི་སྤྲོས་བྲལ་ཡིན་པས་འཁོར་འདས་གཞི་ལ་མ་གྲུབ་པའི་ཆ་ནས་འཐད་པ་ཡིན་ཡང་། རྣམ་པ་ཀུན་ཏུ་དོན་གྱི་ཐོག་ནས་མ་ངེས་ཚེ་དྲི་མ་དག་ཀྱང་མ་དག་པའི་ཕྱོགས་སུ་ལྡོག་པ་དང་། དྲི་མ་མ་དག་ཀྱང་དག་པར་འགྱུར་ཏེ་ངེས་པ་ཅན་གྱི་ས་ཟིན་མེད་པར་འཁོར་འདས་འཆོལ་བར་འགྱུར་བའི་སྐྱོན་ཡོད་དོ། །བཞི་བས་དེ་ལྟ་བུའི་མ་ངེས་པ་མིན་པར་གཞི་ངེས་པ་དོན་གྱི་དངོས་གཞི་འདུས་མ་བྱས་པ། འཕོ་འགྱུར་དང་བྲལ་བ་ཞིག་ཡིན་སྙམ་ན། གཤིས་ཀྱི་རང་བཞིན་ལ་གློ་བུར་གྱི་དྲི་མ་མེད་སྣང་ཡིན་པའི་ཆ་ནས་དེ་ལྟར་འཐད་ཀྱང་། རྣམ་པ་ཀུན་ཏུ་དེ་ལྟར་འདོད་ན་མི་འཐད་དེ། འཁོར་བ་སྣང་དོན་མེད་པ་ཡིན་ཞིང་། མྱང་འདས་གཞི་ལ་ཡོད་པས་ལམ་ལ་མི་ལྟོས་པས་ལམ་སྒྲུབ་པ་དོན་མེད་དུ་འགྱུར་རོ། །ལྔ་བས་འོ་ན་གཞི་ཅིར་ཡང་བསྒྱུར་དུ་བཏུབ་པར་ཁས་ལེན་ཞེ་ན། གཞི་ལས་གཞི་སྣང་འཆར་སྐབས་རང་ངོ་ཤེས་མ་ཤེས་ཀྱིས་གྲོལ་འཁྲུལ་དུ་གྱུར་སོང་བས་བསྒྱུར་བའི་ཐ་སྙད་སྒོ་ཀུན་ནས་འདོགས་མི་རུང་བ་མིན་པར་། གྲོལ་འཁྲུལ་གཉིས་སུ་གྱུར་པ་དེ་ལ་བསྒྱུར་བའི་ཐ་སྙད་སྦྱར་རུང་བ་ཡིན་ཡང་། གཞིའི་ངོ་བོ་བསྒྱུར་དུ་ཡོད་པར་ཁས་བླངས་ཚེ། བསྒྱུར་རྒྱུའི་དངོས་པོ་ཞིག་ཁས་བླང་དགོས་ལ་དེ་རྟག་པ་ཞིག་གམ་མི་རྟག་པ་ཞིག་ཡིན། གལ་ཏེ་རྟག་པ་ཡིན་ཟེར་ན་བསྒྱུར་མི་བཏུབ་ལ། བཏུབ་ན་རྟག་པ་ཡིན་པ་ཉམས་ལ། མི་རྟག་པ་ཡིན་ཟེར་ན་བསྒྱུར་མི་དགོས་པར་འགྱུར་བ་སོགས་ཀྱི་སྐྱོན་ཡོད་དོ། །དྲུག་པ་ཅིར་ཡང་ཁས་བླང་དུ་བཏུབ་པ་ནི། གཞི་སེམས་ཀྱི་རང་བཞིན་འདི་འཁོར་འདས་ཡོད་མེད་ཡིན་མིན་རྟག་ཆད་ལ་སོགས་པ་རྣམ་པ་ཀུན་ཏུ་ཅིར་ཡང་ཁས་བླང་དུ་རུང་ན། གྲོལ་གཞི་འཁྲུལ་གཞིར་ཐལ་བ་དང་། འཁྲུལ་གཞི་གྲོལ་གཞིར་འགྱུར་ནས་རི་བོང་གི་རྭ་དང་མོ་གཤམ་གྱི་བུས་ཀྱང་དོན་བྱེད་ནུས་པར་འགྱུར་བར་མ་ཟད་འཁོར་འདས་ཀྱང་དེས་བྱེད་པར་ཐལ་ལོ། །བདུན་པ་གཞི་སྣ་ཚོགས་སུ་འདོད་པ་ནི། འདི་དང་གཞི་ལྷུན་གྲུབ་ཏུ་འདོད་པ་གཉིས་ཚིག་ཙམ་ལས་དོན་གཅིག་གོ་སྙམ་ན། མིན་ཏེ་གཞི་ལ་འཁོར་འདས་གཉིས་གྲུབ་ཅེས་སྨྲ་བ་དང་། གཞི་ཁོ་རང་འཁོར་འདས་གཉིས་ཡིན་ཞེས་སྨྲ་བ་གཉིས་ལ་ཁྱད་ཡོད་པ་བཞིན། ཐུགས་རྗེ་འགག་མེད་ཀྱི་སྟེང་ནས་རོལ་བ་སྣ་ཚོགས་སུ་ཤར་ཞིང་། ཤར་བ་དེ་སེམས་ཉིད་ཀྱི་ཆ་ནས་བྱུང་བ་ལས་གཞན་ནས་བྱུང་བ་མིན་པའི་ཆ་ནས་འཐད་ཀྱང་། རྣམ་པ་ཀུན་ཏུ་དེ་ལྟར་ཡིན་པར་ཁས་བླངས་ན་སེམས་ཉིད་གཅིག་པུ་འདི་དག་མ་དག་གཉིས་ཀར་ཐལ་བ་དང་། གལ་ཏེ་སྣང་བ་ཞིག་ལ་འདོད་ན་གཞི་བེམ་པོ་ཡིན་པ་དང་། འདི་ཤེས་པ་ཞིག་ཡིན་པར་སྨྲས་ན་གཞི་རྣམ་ཤེས་སུ་འགྱུར་བ་དང་། གཉིས་ཚོགས་ཤིག་ཡིན་པར་འདོད་ན་གཞི་གཟུང་འཛིན་ཅན་དུ་སོང་ནས། དབྱིངས་གཅིག་གི་རང་བཞིན་དེ་ཆ་ཤས་འདྲ་མིན་མང་པོ་དང་ལྡན་པའི་ཆ་ཤས་ཅན་ཁས་བླང་དགོས་པར་ཐལ་ལོ། །དེ་ལྟ་བུའི་ཕྱོགས་རེར་འཛིན་པའི་གཞི་སྐྱོན་ཅན་བདུན་པོ་བཀག་ནས་སྐྱོན་མེད་དུ་བསྒྲུབ་བྱ་གང་ཡིན་ཞེ་ན། ཡང་གསང་བླ་མེད་ཀྱི་སྐབས་གཞི་སྐྱོན་མེད་རང་གཞུང་ནས་བསྟན་པ་འདིའོ། །དེ་གང་ཡིན་ན་ཀ་དག་སྟོང་པའི་ཡེ་ཤེས་དང་ལྷུན་གྲུབ་སྣང་བའི་ཡེ་ཤེས་གཉིས་ལྡན་ནམ། རིག་སྟོང་ཟུང་འཇུག་གི་ཡེ་ཤེས་སྐུ་གསུམ་འདུ་འབྲལ་མེད་པ། ངོ་བོ་སྟོང་པའི་ཡེ་ཤེས། རང་བཞིན་གསལ་བའི་ཡེ་ཤེས། ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་ཏེ། གཞི་གནས་ཡེ་ཤེས་གསུམ་ལྡན་གྱི་བདག་ཉིད་རྣམ་གསུམ་དབྱེར་མེད་ཆེན་པོ། དེ་ནི་སྐུ་གསུམ་འདུས་པའི་བདག་ཉིད་ཀྱང་ཡིན་ཏེ། ངོ་བོ་སྟོང་པ་ཡེ་ཤེས་ཀྱི་སྙིང་པོ་ཅན་དེ་ཆོས་སྐུ། རང་བཞིན་གསལ་བ་འོད་ཀྱི་སྙིང་པོ་ཅན་དེ་ལོངས་སྐུ། ཐུགས་རྗེ་ཀུན་ཁྱབ་རིག་པའི་སྙིང་པོ་ཅན་དེ་སྤྲུལ་སྐུའོ། །དེ་རྣལ་འབྱོར་ལམ་གྱི་སྒོམ་པ་དང་སྦྱར་ན། ངོ་བོ་མི་རྟོག་པ་ཡིན་ཅིང་གདངས་མ་འགགས་པས་གཟུགས་མེད་ཁམས་ཀྱི་སེམས་ལས་གྲོལ། གསལ་ལ་མི་འཛིན་པས་གཟུགས་ཁམས་ཀྱི་སེམས་ལས་གྲོལ། ཚོགས་དྲུག་གི་ཤེས་པ་འགག་མི་དགོས་པར་རིག་ཅིང་མི་འཛིན་པས་འདོད་ཁམས་ཀྱི་སེམས་ལས་གྲོལ། དེ་ལྟ་སྒོམ་སྤྱོད་པ་དང་འབྲེལ་ནས་བཤད་ན། སྲིད་གསུམ་ཀ་དག་གི་ལྟ་བ། ཁམས་གསུམ་ཡོངས་གྲོལ་གྱི་སྒོམ་པ། ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་རྣམས་སུ་གྱུར་ཚེ། རང་ངོ་འཕྲོད་པ་ལྟ་བ། ངང་ལ་གནས་པ་སྒོམ་པ། གང་ཤར་རང་གྲོལ་སྤྱོད་པ། སྐུ་གསུམ་ལྷུན་གྲུབ་འབྲས་བུ། དེ་ལས་མི་འདའ་བ་དམ་ཚིག་གི་ངོ་བོར་རང་བཞིན་ཤུགས་ཀྱིས་གྲུབ་པ་ཡིན་ནོ། །འདིར་གཞི་སྐྱོན་ཅན་བདུན་བཀག་ཅིང་རང་གཞུང་དུ་གཞི་སྐྱོན་མེད་དུ་བསྒྲུབས་ནས་རྫོགས་པ་ཆེན་པོའི་གཞི་ལམ་འབྲས་གསུམ་དེ། གཞི་དང་འཁྲུལ་ཚུལ་ཁྱབ་ཚུལ་ལ་སོགས་པ་ཚིག་དོན་བཅུ་གཅིག་གིས་གཏན་ལ་འབེབས་པས། གནས་གསུམ་གསལ་བར་བྱེད་པའི་ཚིག་དོན་རིན་པོ་ཆེའི་མཛོད་ཅེས་གོང་དུ་མཚན་དོན་འགྲེལ་བ་ལྟར་རོ། །མཚན་དེ་ལྡན་གྱི་གཞུང་ནས་ཀྱང་དང་པོར་གཞི་བཤད་ཅིང་། དེ་རྣལ་འབྱོར་ལམ་གྱི་ཉམས་ལེན་དང་བསྟུན་དགོས་ཏེ། རྫོགས་ཆེན་གྱི་སྐབས་སུ་མ་ཟད་ཕྱི་ཀུན་འབྱུང་འདྲེན་པའི་ཐེག་པ། ཉན་ཐོས་ཀྱི་ལམ་ནས་མགོ་བརྩམས་ཏེ་ལྟ་སྒོམ་སྤྱོད་གསུམ་པོ་གཞི་ལམ་འབྲས་གསུམ་དང་འབྲེལ་ནས་ཇེ་བཟང་དུ་འགྲོ་བཞིན་ཡོད་པ་ཡིན་པས། འོག་མ་དོར་བྱ་མིན་པ་དེའི་རྨང་གཞི་དེའི་ཐོག་ནས་ཡར་ཡོང་དགོས་པས། བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་ཐུབ་བོ། །དཔེར་ན་ཉན་ཐོས་ཀྱི་ལམ་ནས་གང་ཟག་གི་བདག་མེད་རྟོགས་པ་དང་། རང་རྒྱལ་གྱིས་གཟུང་བ་རང་བཞིན་མེད་པར་རྟོགས་ནས་བདག་མེད་ཕྱེད་དང་གཉིས་རྟོགས་པ་དང་། ཐེག་ཆེན་དབུ་སེམས་ལ་མཚོན་ན་བདེན་གཉིས་ཟབ་མོའི་ཚུལ་གྱིས་སེམས་རྣམ་པ་གཉིས་བསྐྱེད་དེ་བདག་མེད་གཉིས་ལ་གོམས་པའི་ལམ་དེ་ནས་འབྲས་བུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་སྒྲུབ་ཅིང་། གཟུང་འཛིན་གཉིས་སྟོང་གི་རང་རིག་བདེན་པར་ཁས་བླངས་པས་ཆོས་བདག་མེད་ཕྲ་བ་མ་རྫོགས་པའི་སེམས་ཙམ་པ་དང་། བདག་མེད་ཀྱི་ལྟ་བ་ཡོངས་སུ་རྫོགས་པའི་དབུ་མ་པ། དེ་ནས་སྔགས་ཀྱི་ཕྱི་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་ལ་མཚོན་ན་དོན་དམ་པར་བདག་དང་ལྷ་ཐ་དད་དུ་སྒྲུབ་པ་དང་། ཀུན་རྫོབ་ཏུ་རྗེ་ཁོལ་དུ་སྒྲུབ་པ་དང་། བདག་དམ་ཚིག་པ་དང་ལྷ་ཡེ་ཤེས་སེམས་དཔའ་འདྲ་མཉམ་གྲོགས་པོའི་ཚུལ་གྱིས་སྒྲུབ་པ་དང་། བདེན་གཉིས་ཟུང་འཇུག་གི་ངེས་པ་ཇེ་ཆེར་འཕེལ་ནས་བདག་དང་ལྷ་ཆུ་ལ་ཆུ་བཞག་པ་ལྟར་སྒྲུབ་པ་དང་། དེ་ནས་ཡར་ལ་སྔགས་ནང་བ་བླ་མེད་བདག་དང་ལྷ་ཡེ་ནས་འདུ་འབྲལ་མེད་པའི་སྣང་སྲིད་དག་མཉམ་ཆེན་པོར་རྟོགས་པའི་ལྟ་བ་ཟབ་མོ་དང་བསྟུན་ནས། རིམ་གཉིས་བསྐྱེད་རྫོགས་ཀྱི་ལམ་ནས་མི་སློབ་ཟུང་འཇུག་དྲུག་པ་རྡོ་རྗེ་འཆང་གི་གོ་འཕང་སྒྲུབ་པ་ཡིན་ནོ། །བླ་མེད་དེ་ལ་ཡང་བསྐྱེད་རྫོགས་རྫོགས་ཆེན་གསུམ་དུ་ཕྱེ་ཚེ། མ་ཧཱ་ཡོ་ག་ལྟར་ན་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དོན་དམ་དཀོར་བདུན་གྱི་ངོ་བོར་ལྷུན་གྱིས་གྲུབ་པ། ལྷག་པའི་བདེན་པ་དབྱེར་མེད། གཞི་འབྲས་དབྱེར་མེད་ཆོས་སྐུ་ཆེན་པོར་གཏན་ལ་ཕབ་ནས། ལམ་བསྐྱེད་རྫོགས་ཟུང་དུ་འཇུག་པའི་རིག་འཛིན་རྣམ་པ་བཞིའི་ལམ་བགྲོད་ནས་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་མངོན་པར་བྱང་ཆུབ་པར་བྱེད་པའོ། །སྔགས་གསར་མའི་དུས་འཁོར་ལ་སོགས་པའི་སྐབས་དང་། རིམ་ལྔ་དང་སྦྱོར་དྲུག་སོགས་ཀྱི་ཕྱོགས་ནས་ཀྱང་རླུང་དང་ཐིག་ལེའི་རྣལ་འབྱོར་ལ་བརྟེན་ནས་སྟོང་གཟུགས་འཆར་བ་དང་། འབྲས་བུ་དྲུག་པ་རྡོ་རྗེ་འཆང་ཟུང་འཇུག་གི་གོ་འཕང་སྒྲུབ་པའོ། །མ་རྒྱུད་ཨ་ནུ་ཡོ་ག་ལྟར་ན་ཕྱི་སྤྲོས་པ་དང་རྩོལ་བ་ཅན་གྱི་ལམ་ལ་མི་ལྟོས་པར་རྡོ་རྗེའི་ལུས་ཀྱི་རྩ་རླུང་ཐིག་ལེ་ལ་གནད་དུ་བསྣུན་ནས། བདེ་སྟོང་དབྱེར་མེད་ཀྱི་ལྟ་བ་དཀྱིལ་འཁོར་གསུམ་དང་རྗེས་སུ་འབྲེལ་ནས་མི་སློབ་པའི་ཟུང་འཇུག་མངོན་དུ་བྱེད་པ་ཡིན། ཨ་ཏི་ཡོ་ག་ལྟར་ན། སེམས་ཀློང་མན་ངག་གི་སྡེ་སྤྱི་དང་ཁྱད་པར་དུ་ཡང་གསང་མན་ངག་གི་སྡེའི་སྐབས་སུ། གཞི་ཀ་དག་དང་ལྷུན་གྲུབ་རིག་སྟོང་ཟུང་དུ་འཇུག་པ། ཡེ་ཤེས་གསུམ་ལྡན་གྱི་རང་བཞིན་སྐུ་གསུམ་འདུ་འབྲལ་མེད་པའི་རང་ཆས་ཀྱི་ཡོན་ཏན་མངོན་དུ་བྱེད་པ། བྱར་མེད་བསལ་བཞག་དང་བྲལ་བའི་ཁྲེགས་ཆོད་ཅོག་བཞག་བཞི་དང་ཐོད་རྒལ་སྒྲོན་མ་བཞིའི་ཉམས་ལེན་ལ་བརྟེན་ནས། སྣང་བཞི་མཐར་ཕྱིན་ནས་ལྷུན་གྲུབ་གདོད་མའི་གཞི་དབྱིངས་སུ་གྲོལ་བ། ཐེག་རིམ་དགུ་བོ་དེ་ལྟ་བུ་རེ་རེ་བས་རེ་རེ་འཕགས་པའི་འཕགས་ཆོས་ཡོན་ཏན་ཡར་ལྡན་གྱི་ཚུལ་དུ་ཨ་ཏི་ཡོ་ག་དེ་འབྲས་བུའི་ཐེག་པ་སྔགས་བླ་མེད་ཀྱི་ཡེ་ཤེས་ཁྱད་འཕགས་རྩལ་དུ་བཏོན་པ་ཡིན་ནོ། །སྔགས་བླ་མེད་ཐམས་ཅད་ལ་དབང་བཞི་ཡོད་པའི་དབང་བཞི་བ་ཚིག་དབང་རིན་པོ་ཆེ་དེ་ལས་ཟབ་པའི་མཐར་ཐུག་གི་ཡེ་ཤེས་མན་ངག་གིས་ལ་བཟླ་བ་དེ་ལ་རྫོགས་པ་ཆེན་པོ་ཟེར། སྔོན་མ་ཞིག་ལ་གོང་ས་བཅུ་བཞི་བས། རྫོགས་པ་ཆེན་པོ་འདི་ལ་ལས་དབུ་མའི་ལྟ་བ་ལས་འཕྲོས་པ་རེད་ཟེར། ལ་ལས་སྔགས་བླ་མེད་ལས་འཕྲོས་པ་རེད་ཟེར། ངས་བལྟས་ན་སྔགས་བླ་མེད་ལས་འཕྲོས་སམ་སྙམ། ཁྱེད་ཀྱིས་ཇི་ལྟར་འདོད་ཅེས་གསུངས་བྱུང་། ངས་ཆོས་ཉིད་ལྟ་བའི་ལྟ་བ་སྤྲོས་མཐའ་བརྒྱད་དང་བྲལ་བར་གཏན་ལ་འབེབས་པས། དབུ་མའི་ལྟ་བ་དང་འདྲ་བ་ཡིན་ཞེས་བརྗོད་ན་ཡང་ཆོག་ལ། ཆོས་ཅན་ལྟ་བའི་ལྟ་བ་ཡི་ངོས་ནས་སྔགས་བླ་མེད་ཀྱི་དབང་བཞི་བའི་དོན་གྱི་ཡེ་ཤེས་ཀྱི་འབྲས་བུའི་མཐར་ཐུག་རྩོལ་མེད་རང་བཞག་གི་དགོངས་པ་མངོན་དུ་བྱེད་པ་དང་། དེ་ལ་ཡང་སེམས་ཀློང་མན་ངག་གི་སྡེའི་ནང་གསེས་ཀྱི་ཁྱད་ཆོས་ཡོད་པ་ཡིན་ཞེས་ཞུས་པ་ཡིན། སྐབས་འདིའི་གོ་བ་ཡི་མདོ་འགག་ཚུར་བསྡུས་ན། གཞི་ཀ་དག་དང་ལྷུན་གྲུབ་རིག་སྟོང་ཟུང་དུ་འཇུག་པའི་བདག་ཉིད། དེའི་ངོ་བོ་ཡེ་ཤེས་གསུམ་ལྡན་དུ་གཏན་ལ་མ་ཕབ་སྟེ་ངོ་བོ་བརྗོད་མེད་ཀ་དག་གི་ངོ་མ་ཤེས་པས། རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་ཡེ་ལྡན་དུ་ཡོད་པ་དང་། རང་བཞིན་གསལ་བ་རང་སྣང་དུ་མ་ཤེས་པས་ལྷན་ཅིག་སྐྱེས་པའི་མ་རིག་པ་དང་། དེ་དང་མཉམ་དུ་ཐུགས་རྗེ་ཀུན་ཁྱབ་རང་རིག་ཏུ་མ་ཤེས་པས། ཀུན་ཏུ་བརྟགས་པའི་མ་རིག་པ་ཕྱི་འབྱུང་གི་ཚུལ་དུ་ཤར་ཚེ་གཟུང་འཛིན་རྒྱང་ཆད་དུ་སོང་ནས་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་བྱུང་བའོ། །དེ་ལྡོག་པ་ལ་གཞི་ཀ་དག་ཁྲེགས་ཆོད་ཀྱི་ལྟ་བ་ངོ་འཕྲོད་པས་རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་རང་སར་དེངས། ལམ་ཐོད་རྒལ་སྣང་བཞི་ལ་བརྟེན་པས་ལྷན་ཅིག་སྐྱེས་པའི་མ་རིག་པ་དབྱིངས་སུ་དག ཐུགས་རྗེའི་རིག་གདངས་ཤར་གྲོལ་དུ་སོང་བས་ཀུན་ཏུ་བརྟགས་པའི་མ་རིག་པ་གཞི་ལ་དག་ནས་འཁྲུལ་བ་གཏན་སངས་སུ་འགྲོའོ། །དེའི་གནད་ནི་གཞི་རང་བྱུང་གི་ཡེ་ཤེས་དེ་སངས་རྒྱས་བཟང་པོས་ཇེ་བཟང་དང་། སེམས་ཅན་ངན་པས་ཇེ་ངན་མ་བྱས་པའི་རྒྱུ་རྐྱེན་འདུས་མ་བྱས་པའི་ཕྱིར་རོ། །འདི་ལ་ཕྱག་ཆེན་པ་སོགས་དང་སྔགས་གསར་མས། གཉུག་མའི་སེམས་དང་། གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་། དུས་འཁོར་སོགས་ཀྱི་སྐབས་སུ་མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཞེས་གསུངས་པ་ཡིན། སྔགས་ཐུན་མོང་བས་རང་བཞིན་གཞིའི་རྒྱུད་དང་། རྫོགས་ཆེན་པས་རང་བྱུང་གདོད་མའི་ཡེ་གཞི་ཞེས་གསུངས། མདོར་བསྡུས་ན། ཐིབ་ཀྱིས་འགོག་པ་འདུ་བྱེད་ཀྱི་རྣམ་རྟོག དལ་གྱིས་ཤར་བ་འོད་གསལ་གྱི་དཀྱིལ་འཁོར། ཧྲིག་གེ་རིག་པ་རང་བྱུང་གི་ཡེ་ཤེས། ཕྱམ་གྱིས་གདལ་བ་གདོད་མའི་གཞི་དབྱིངས། གཉུག་མ་ལྷན་སྐྱེས་ཡེ་ནས་རང་ལ་ཡོད་པའི་ཡེ་ཤེས་དེ་ཉིད། ཉེ་ཆེ་ནས་ངོ་མ་ཤེས། སླ་ཆེ་ནས་ཡིད་མ་ཆེས། ཟབ་ཆེ་ནས་བློར་མ་ཤོང་བའི་སྟབས་ཀྱིས། འཁྲུལ་བ་རྒྱུན་འབྱམས་སུ་སོང་པ་ཡིན་པས། ད་རེས་གདམས་པའི་ཟབ་ཁྱད། བརྒྱུད་པའི་བྱིན་རླབས། རང་ངོས་ཀྱི་དད་དང་འདུན་པ་སོགས་རྒྱུ་རྐྱེན་རྟེན་འབྲེལ་ཡང་རབ་ཅིག་མཉམ་དུ་འཛོམས་ཡོད་པས། འཁོར་བ་ལ་ཕྱི་ཕྱག་འཚལ་ཆོག་པའི་གདམས་པ་ཟབ་མོ་ཡིན་པའི་འདུ་ཤེས་མཛོད་དང་རྟོགས་པའི་ཡེ་ཤེས་རྒྱུད་ལ་སྐྱེ་ངེས་སོ། །ཁྱེད་རྣམ་པས་ཚར་གྲངས་མང་པོ་ལྟ་ཐུབ་ན་ལེགས་ཤིང་། ཁྱད་པར་དུ་དངོས་གཞིའི་ཉམས་ལེན་པ་ཚོས། རིག་ཐོག་ནས་ལྟོས་དང་རྟོགས་པའི་ཡེ་ཤེས་དྲངས་ནས། ཤེས་རབ་རང་བྱུང་གི་སྒྲོལ་མའི་རྩལ་ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་རབ་ཏུ་འབར་ནས་གོ་བའི་ངེས་ཤེས་ཁྱད་པར་ཅན། ནང་ནས་ཚུར་འཁྲུངས་པ་ནི་ཉམས་མྱོང་ཅན་མྱོང་བས་གྲུབ་པ་ཡིན། དཔེ་ཆ་ལྟ་བཞིན་རིག་ཐོག་ཏུ་འཇོག་མ་རུང་ན། ལྟ་སྒོམ་རེས་འཇོག་ཅན་སྣང་རིག་ཡ་བྲལ་དུ་སོང་བས། གོང་གི་གཞི་བདུན་པོའི་ནང་ནས་གཅིག་ལ་སོང་ཡོད་ཚོད་རེད། འདི་མན་ཆད་དུ་གནའ་ང་རང་གི་ཐོབ་ལུགས་ལྟར། ཁྲིད་མ་ལུང་གཙོ་བོ་བྱེད་རྒྱུ་ཡིན། མང་པོ་བཤད་ན་མགོ་འཁོར་བྱེད་རེད། ལོ་མ་བཤད་དུས་རྩ་བ་བསྒྲིབས་ནས་སོ་སོ་སྐྱེ་བོའི་འགལ་ཉེས། མ་རྟོགས། ལོག་རྟོག་གི་སྐྱོན་འབྱུང་སྲིད། གཙོ་ཆེར་དད་དང་མོས་གུས་ཀྱི་སྒོ་ནས། ཉམས་དང་སྦྱར་ནས་གཟིགས་རྒྱུ་དེ་གནད་ཆེ་བ་ཡིན། འདི་རྟོག་གེའི་བསྟན་བཅོས་ལྟར་དུ་ཁ་བཤད་ལབ་གླེང་གཙོ་བོ་བྱེད་རྒྱུ་མིན་ནོ།།


previousཉིན་གཉིས་པའི་ཆོས་ཁྲིད། next