Nitartha Digital Library
Tibetan
 
previousཉིན་གསུམ་པའི་ཆོས་ཁྲིད། next

ཉིན་གསུམ་པའི་ཆོས་ཁྲིད།

ཇི་སྐད་དུ་རྒྱལ་བའི་དབང་པོ་ཀློང་ཆེན་པས། ད་རེས་ཐར་ལམ་བྱང་ཆུབ་མ་བསྒྲུབས་ན། །ཕྱི་ནས་བདེ་འགྲོའི་མིང་ཡང་མི་གྲགས་ཤིང་། །ངན་སོང་མཐའ་མེད་གཅིག་ནས་གཅིག་བརྒྱུད་དེ། །གཏན་དུ་འཁོར་བའི་གནས་ནས་ཐར་ཐབས་མེད། །ཅེས་གསུངས་པ་ལྟར། ད་རེས་དལ་འབྱོར་བཅོ་བརྒྱད་ཚང་བའི་མིའི་ལུས་རྟེན་ཞིག་ཐོབ་སྟེ་ཐར་ལམ་བྱང་ཆུབ་སྒྲུབ་པའི་མཐུན་རྐྱེན་ཐམས་ཅད་ཚང་བའི་སྐབས་འདིར། གཏན་བདེ་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་རིན་པོ་ཆེ་མི་བསྒྲུབ་པར། སྐྱིད་སྣང་སྡུག་སྣང་འདྲེས་མའི་བྲེལ་ཟིང་། ཟིན་རྒྱུ་དང་འགྲུབ་རྒྱུ་གང་ཡང་མེད་པའི་ཚེ་འདིའི་ཡེངས་མ་ལམ་གྱི་ངང་ནས། ཉིན་གུང་གི་ཉི་མ་དང་འདྲ་བའི་ལུས་ཀྱི་དབང་པོ་གསལ་ཞིང་སེམས་ཀྱི་རྣམ་རིག་མ་དུབ་པའི་གཞོན་ནུའི་དུས་སྐབས་འདིར། ཚེ་རབས་གཏན་གྱི་འདུན་མ་འདི་དང་ཕྱི་མ་དོན་ཆེན་མ་བསྒྲུབས་ན། ཕྱིས་སུ་འགྱོད་ཀྱང་བྱ་ཐབས་མེད་པར། ངན་སོང་མུ་མཐའ་མེད་པར་འཁྱམས་པ་ནི། རུ་ཏྲའི་སྨྲེ་བཤགས་ལས། ལས་ཀྱིས་མནར་བའི་སྐྱེ་བོ་བདག་འདྲ་བ། །ཐོག་མ་མེད་པའི་དུས་ནས་ལོག་རྟོག་པས། །ཁམས་གསུམ་འཁོར་བའི་གནས་ནས་མ་ཐར་ཏེ། །བསྐལ་བ་གྲངས་མེད་སྐྱེ་བ་ཇི་སྙེད་དུ། །རྡོས་པོ་ཅན་ལུས་གྲངས་མེད་བླངས་གྱུར་ཏེ། །ཤ་རུས་བསགས་ན་འཇིག་རྟེན་གཏོས་དང་མཉམ། །རྣག་ཁྲག་བསགས་ན་རྒྱ་མཚོ་ཆེན་པོ་ཙམ། །ལས་འཕྲོ་བསགས་ན་བསམ་འདས་བརྗོད་མི་ལང་། །ཁམས་གསུམ་བགྲངས་ཤིང་སྐྱེ་ཤིའི་ཁ་བརྒྱུད་ཀྱང་། །བྱས་པའི་ལས་རྣམས་དོན་མེད་ཆུད་རེ་ཟོས། །ཞེས་གསུངས་པ་ལྟར་ཡིན་པས། །བྱས་པ་ཐམས་ཅད་སྡུག་བསྔལ་གྱི་ས་བོན། མྱོང་བ་ཐམས་ཅད་མི་དགེ་བའི་འབྲས་བུ་སྡུག་བསྔལ་ཁོར་མོ་ཡུག་ཏུ་མྱོང་ནས་ཐར་དཀའ་བ་ཡིན་པས། ཀུན་མཁྱེན་ཆེན་པོས། དེས་ན་ད་ལྟ་ཉིད་ནས་ལེགས་པར་བརྟགས་ཤིང་དཔྱད་ནས་ཐར་ལམ་ལ་བསྙེག་རན་པ་ཡིན་གསུངས་པའོ། །འོ་ན་སྲིད་གསུམ་འཁོར་བའི་སྡུག་བསྔལ་གྱི་འཇིགས་པ་ལས་སྐྱོབ་ནུས་པའི་སྐྱབས་དེ་གང་ཞེ་ན། དེ་ནི་སྐྱབས་གནས་དཀོན་མཆོག་གསུམ་པོ་ཡིན། དེ་ཡང་གང་ལ་སྐྱབས་ཞུ་ན། འཇིགས་པ་ཐམས་ཅད་སེལ་བར་ནུས་པའི་སྲིད་ཞི་གཉིས་ཀའི་མཐའ་ལ་མི་གནས་པའི་མཐར་ཐུག་གི་སྐྱབས་ཉག་གཅིག་དེ་རྫོགས་པའི་སངས་རྒྱས། ངན་སོང་ངན་འགྲོའི་སྡུག་བསྔལ་གྱི་འབྱུང་རྩ་ཉོན་མོངས་དུག་གསུམ་དུག་ལྔའི་ནད་འཇོམས་པའི་སྨན་མཆོག་དེ་དམ་པའི་ཆོས། ཐར་ལམ་ཡང་དག་པར་སྒྲུབ་པའི་གྲོགས་འཕགས་པའི་དགེ་འདུན་ཡིན་ནོ། །རང་རེ་རྣམས་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ་ཙམ་གྱིས་མི་ཚད་པར། ཐེག་ཆེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། ཟབ་མོ་སྔགས་ཀྱི་དབང་དང་སྡོམ་པ་ཡང་མནོས་ནས། སྨིན་གྲོལ་རིམ་གཉིས་ཀྱི་ལམ་ལ་ཞུགས་པ་ཡིན་པས། མིང་ཙམ་མིན་པར་ཁ་ཞེ་གཉིས་མཚུངས་མིང་དོན་གཉིས་འབྲེལ། རང་མགོ་རང་གིས་མི་གཡོག་པའི་ཆོས་ཀྱི་ཉམས་ལེན་ཞིག་ཡོད་དགོས་པས། གང་ཟག་རང་གི་ཉམས་ལེན་དང་བསམ་སྒོམ་གྱི་ཕྱོགས་ལ་ཞིབ་པར་དཔྱད་ཚེ། ལུས་ཆོས་གྲལ་དུ་ཞུགས་ནས་མདོ་སྔགས་གཉིས་ཀའི་ཆོས་ཚན་མི་ཉུང་བ་རེ་ཞུས་པའི་ཐོབ་ཡིག་གི་ལེ་ཚན་མང་པོ་ཞིག་བསགས་ནས་བགྲང་དུ་ཡོད་ཀྱང་། ཆོས་ཐོས་ཚད་བྲག་ཅའི་སྒྲ་བརྙན་དུ་གྱུར་ནས། དོན་རྒྱུད་ལ་སྦྱར་བའི་སྤངས་རྟོགས་ཀྱི་ཡོན་ཏན་ལྟ་ཅི། ཐ་ན་གཤིས་རྒྱུད་བཟང་པོའི་ཕྱོགས་སུ་འགྱུར་བའི་རྣམ་པ་ཙམ་ཡང་མེད་པ་ནི། ཆོས་ཞུས་པ་རྫ་རྒྱབ་ཆུ་བླུག་ཏུ་གྱུར་པས་རང་དཔེ་རོགས་ལ་འགེལ་བའི་ཆོས་དང་གང་ཟག་གཉིས་ཀའི་སྐྱོན་བཙལ་ནས། སྒྲོ་འདོགས་སྐུར་འདེབས་ཀྱི་ཚིག་རེ་ཟུང་བཤད་པ་དང་འབྲི་བ་ཤེས་ཀྱང་། ཆོས་པོ་ཏི་གསུང་རབ་དེ། གླེགས་ཤིང་བར་ལ་ལྷག་སྟེ། སྣང་བ་དགྲ་རུ་མི་ལྡང་བའི་གདམས་ངག་གི་བཅུད་མ་མྱོང་བར། མ་དྲངས་དྲོལ་བའི་དམུ་རྒོད་ཀྱི་སྒོ་གསུམ་གྱོང་པོ་ངན་གོམས་བག་ཆགས་ཀྱི་རྩི་ཡིས་མ་བཏང་བ་འདི་ནི་སེམས་དམ་པའི་ཆོས་དང་མ་འདྲེས་པའི་རྐྱེན་གྱིས། ཡར་གྱི་སྟོན་པའི་ལྷ་གྲལ་དང་། མར་གྱི་མི་ནག་གི་སྡིག་གྲལ་གཉིས་ཀ་མ་ཟིན་པར། ཟ་ཆོག་ཚོགས་གྲལ་འགྲིམ་པ་གཞོན་ནུའི་དུས། །སྐྱ་སེར་གཉིས་གོ་ཆོད་པ་བར་དུ་སྟེ། །ཕྱི་ནས་རྒྱ་དབུས་འགྲིམ་པའི་ཚོང་དཔོན་དུ། །ཆས་པ་ཕྱོགས་འདིའི་ལམ་སྲོལ་གཉིས་པ་ལགས། །ཞེས་གསུངས་པ་ལྟར། ལུས་ཀྱིས་ཆོས་པའི་གཟུགས་བརྙན་ཞིག་འཆང་ཡང་དོན་གྱིས་ཐ་མལ་བ་འཇིག་རྟེན་རྒན་པོ་རྒན་མོ་བསམ་བཟང་དད་ལྡན་རྣམས་ལས་ཀྱང་ཐ་ཆད་པར་གྱུར་པའི་གནད་དང་རྒྱུ་མཚན་ནི། རང་རྒྱུད་ཆོས་དང་མ་འདྲེས་པས་ལན་པ་ཡིན་པས། ཆོས་བཞི་རིན་པོ་ཆེ་ལས་གསུངས་པ་ལྟར། དང་པོར་བློ་ཆོས་སུ་འགྲོ་བ་འདི་གལ་ཆེ་བ་ཡིན་པ་ནི། རང་རེས་དུས་རྒྱུན་པར། བློ་ཆོས་སུ་འགྲོ་བར་བྱིན་གྱིས་རློབས། ཆོས་ལམ་དུ་འགྲོ་བར་བྱིན་གྱིས་རློབས། ལམ་འཁྲུལ་བ་སེལ་བར་བྱིན་གྱིས་རློབས། འཁྲུལ་བ་ཡེ་ཤེས་སུ་འཆར་བར་བྱིན་གྱིས་རློབས། ཞེས་གསོལ་འདེབས་དང་སྨོན་ལམ་རྒྱག་གིན་ཡོད་ཅིང་། ཡིད་གཉིས་མེད་པའི་གསོལ་འདེབས་དང་སྨོན་ལམ་བྱས་ན། ཡུལ་གྱི་སྟོབས་དང་། འདུན་པའི་སྟོབས་ཀྱིས། སྨོན་ལམ་ཇི་བཞིན་འགྲུབ་ངེས་ཀྱང་། ལུས་ངག་ཡིད་གསུམ་གྱིས་ཀྱང་དེའི་ཕྱོགས་སུ་འབད་པ་རྩ་བ་ནས་མ་བྱས་ཚེ། དོན་ཆེན་ལག་ཏུ་ཡོང་རྒྱུ་དཀའ་བ་ཡིན་ཏེ། རྐྱེན་སྨོན་ལམ་དག་པས་མཚམས་སྦྱར་གསུངས་ཡོད་ཀྱང་། ཚོགས་གཉིས་མ་བསགས་པར་སྨོན་ལམ་འབའ་ཞིག་གིས་རྣམ་མཁྱེན་ཐོབ་པ་གསུངས་མེད་པའི་ཕྱིར། ད་ཚིག་བརྒྱ་བཤད་ཀྱི་སྙིང་པོ། འོ་མ་བརྒྱ་བཤིགས་ཀྱི་མར་ལོ་ཞེས་པ་ལྟར། བློ་ཆོས་སུ་འགྲོ་བ་དང་པོའི་སྒོ་ཡིན་པས། དེའི་ཚུལ་འདི་ལྟར། ཤིན་ཏུ་རྙེད་པར་དཀའ་ཞིང་རྙེད་ན་རིན་ཐང་ཆེ་བའི་དལ་འབྱོར་གྱི་མི་ལུས་འདི་ཐོབ་ཀྱང་། ཚེ་མི་རྟག་སྟོན་ཁའི་ལྷོ་སྤྲིན་དང་། སྟོན་གཞུག་གི་སྦྲང་མ་ལྟ་བུ་འདི་ལ་བསམ་ན། ད་ལྟ་ཡོད་ཀྱང་ད་ལྟ་མེད་པ། སང་ཉིན་ཤི་གསོན་གང་ཡིན་དེ་རིང་གི་ཚོད་ཀྱིས་མི་ཐིག་པ་ཡིན་ཞིང་། ཤི་ནས་འགྲོ་དྲུག་གི་ལུས་ཤིག་ལེན་དགོས་ཚེ། རིགས་དྲུག་གི་སྡུག་བསྔལ་རྒྱུན་རིང་ལ་དོས་དྲག་པ་འདི་མྱོང་སྟེ་རྨུས་ནས་ཡོད་པ་ཡིན། དགྲ་ཆེན་འཆི་བདག་བཟློག་མེད་འདི་ལ་སེམས་ན་སྐྱི་གཡའ་ཞིང་ཡི་མུག་པ་ཞིག་ཡིན་ཡང་། ད་ཞིབ་ཏུ་དཔྱད་ན་འཆི་བ་བས་ཀྱང་ཡ་ང་བའི་གནས་ཆེན་པོ་ནི་སླར་ཡང་འཁོར་བའི་གནས་སུ་འཁྱམས་ནས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱི་ཆུ་བོ་རུ་འཕྱན་པ་འདི་ཡིན་ཏེ། ངན་སོང་གི་སྡུག་བསྔལ་མ་ཟད། མཐོ་རིས་མིའི་ལུས་རྟེན་ཞིག་ཐོབ་ཀྱང་ནོར་རྫས་ཀྱི་བསགས་བསྲུང་། གཉེན་འཁོར་ལ་ཆགས་ཞེན། ཆོས་བརྒྱད་ཀྱི་འདུ་ལོང་འདིའི་ཁྲོད་ནས། དོན་མང་ཞིང་བྱ་བ་མང་བ་ཟིན་དུས་དང་འགྲུབ་དུས་མེད་པ། ཆོག་དུས་དང་ཉན་དུས་མེད་པའི་ཞེན་པ་གཏིང་ནས་ལོག་བྱེད་ཀྱི་བྱ་བཞག་སྲིན་བུའི་དར་སྐུད་ཀྱིས་རང་གིས་རང་འཆིང་བའི་སྡུག་བསྔལ་དག་གིས་མནར་ནས་རྨུས་པ་ཡིན་ནོ། །དེ་ཡང་ཇི་སྐད་དུ། འདོད་པ་དུག་དང་མཚོན་དང་མེ་འདྲ་ཞིང་། །ཡོངས་སུ་གདུང་བས་བདེ་བའི་གོ་སྐབས་མེད། །བསགས་དང་བསྲུང་དང་སྤེལ་བས་སྡུག་བསྔལ་ཞིང་། །ཁེངས་དང་འཇུངས་དང་སེར་སྣས་རྟག་ཏུ་འཆིང་། །ཞེས་གསུངས་པ་ལྟར་དང་། འདོད་པ་ཟད་ན་འཕགས་པ་དངོས་ཡིན་ལ། །འདོད་པ་ཆུང་ན་འཕགས་པའི་རིགས་ཤེས་བྱ། །འདོད་ལྡན་སྡུག་བསྔལ་ཉོན་མོངས་འཕེལ་བ་ལྟར། །འདོད་པ་ཆུང་རྣམས་ངང་གིས་དགེ་བ་འཕེལ། །ཞེས་གསུངས་པ་ལྟར། འདོད་ཆེན་ཆོག་ཤེས་མེད་པའི་བློ་སྣ། བཟང་ངན་བར་མའི་དངོས་པོ་ཐམས་ཅད་མི་དགོས་རྒྱུ་གཅིག་ཀྱང་མེད་ཅིང་། ཅི་ཙམ་ཡོད་ཀྱང་ཚིམ་དུས་མེད་པའི་བློ་སྐྱེས་དུས་འཕུང་རན་པ་ཡིན་བསམ་ནས། འདོད་ཆུང་ཆོག་ཤེས་ཀྱི་འཕགས་ནོར་དེ་རང་གི་རྒྱུད་ལ་བསྟེན་དགོས་ཏེ། ཁྱེའུ་གང་གཱ་མོའི་གླུ་ལས། གསེར་གྱི་རི་ལ་གཡུ་ཡི་ཁྲོམ་བརྡོལ་ཡང་། །སེམས་ཀྱི་རྟེན་ས་བླ་མ་དཀོན་མཆོག་བཟང་། །དཔལ་གྱི་རི་ལ་སྲིད་ཀྱི་ཆུ་འབྲུབ་ཀྱང་། །ནོར་གྱི་དབུས་སུ་རང་སེམས་ཆོག་ཤེས་བཟང་། །ཞེས་བློ་གཏད་ས་བླ་མ་དཀོན་མཆོག་གསུམ་པོ་བྱས་ནས་ནོར་གཅིག་ཆོག་ཆོག་ཤེས་ཀྱི་ནོར་དང་མ་བྲལ་བར་གྱིས་ཤིག་དང་གཏན་དུ་བདེ་ཞིང་སྐྱིད་པ་ཡིན་ནོ་ཞེས་པའོ། །གྲོགས་ཉེ་འཁོར་གྱི་ཕྱོགས་ནས་བསམ་ན་ཡང་། རྒྱང་ལ་ཡོད་ན་བརྩེ་གདུང་ཟབ་ཀྱང་གམ་དུ་ཡོད་ཚེ་ཚོགས་ངན་གྱི་གཞི་མ་ཡིན་པ་སྟེ། ལར་མ་གཞི་སོ་སྐྱེ་སྐྱོན་ཅན་གཉིས་མཉམ་དུ་སྡོད་ཚེ་ཕན་ཚུན་གྱི་སྐྱོན་རིག་ཅིང་དུག་སྦྲུལ་རུམ་དུ་བཅུག་པ་དང་། སྤྲེའུ་གྲོགས་སུ་བསྟེན་པ་ལྟ་བུ་ཡོང་བ་ནི་ཁོ་རང་གི་རང་བཞིན་ཡིན་ནོ། །དེས་ན་རང་གཅིག་པུ་དབེན་པའི་རི་ཁྲོད་དུ་བསྡད་ནས་ལུས་དབེན་པའི་སྟེང་དུ། སེམས་དབེན་ཞིག་ཀྱང་བསྟེན་ན་ཏིང་འཛིན་ངང་གིས་འཕེལ་ནས་རྒྱལ་བ་གོང་མའི་ཞབས་རྗེས་བསྙེགས་ནས་ཟིན་པ་ཞིག་ཡོང་བ་ཡིན། སྔོན་གྱི་སྐྱེ་བོ་དམ་པ་རྒྱལ་བུ་ཟས་གཙང་སྲས་པོ་མན་ཆོད་ཀྱིས་གནས་དབེན་པར་བསྟེན་ནས་ཞི་བའི་བསམ་གཏན་བསྒོམས་ཏེ་བདུད་བཅོམ་བདེ་གཤེགས་བརྙེས་པ་འབའ་ཞིག་ཡིན་པ་ལས་གྲོང་ནག་གི་ཁྱིམ་མ་སྤངས་བར་ཏིང་འཛིན་བརྙེས་པ་དཀོན་པ་ཡིན། དེས་ན་དགོན་གྲོང་འདྲེས་མའི་ནང་དུ། མི་སྙན་པའི་སྒྲ་དང་སྡུག་སྨྲེའི་འོ་དོད་འབོད་ཀྱིན་ཆོས་རྣམ་དག་འགྲུབ་ཐུབ་པ་མིན་པས། དབེན་པའི་གནས་ནི་སྔོན་བྱོན་རྒྱལ་བ་གོང་མ་རྣམས་དང་དམ་པའི་སྐྱེས་བུ་ཐམས་ཅད་ཀྱིས་བསྔགས་པ་བརྗོད་པའི་གནས་ཡིན། དབེན་པའི་གནས་སུ་སྐྱེ་བོ་མི་བསྲུན་པ་མ་རུངས་པ་ཡོད་པ་མིན་ལ། གལ་ཏེ་ཡོད་ན་དབེན་པའི་གནས་མིན་ནོ། །དབེན་པའི་གནས་ཀྱི་གྲོགས་བྱ་དང་རི་དྭགས་རེད། མི་དང་འབྲེལ་འདྲིས་ཉུང་ཚེ་བྱ་བ་རང་ཤུགས་ཀྱིས་ཇེ་ཉུང་དུ་འགྲོ་ཞིང་། མི་སེམས་འཛིན་པའི་ངོ་སྲུང་དང་། ཆོས་བརྒྱད་ཀྱི་ཞེན་པ་ཇེ་ཆུང་དུ་འགྲོ་ཞིང་། དད་དང་ངེས་འབྱུང་ལ་སོགས་པ་ཡོན་ཏན་གྱི་ཚོགས་གོང་ནས་གོང་དུ་འཕེལ། ཟབ་མོའི་ཏིང་འཛིན་སྐྱེས་ནས་ཚེ་འདིའི་འདུན་མ་ལེགས་པའི་རྩེ་མོར་སོན་ནས། རང་གཞན་གྱི་དོན་གཉིས་འགྲུབ་པ་ཞིག་ཡོང་བ་ཡིན་པས། དམ་ཆོས་བྱང་ཆུབ་སྒྲུབ་པ་ལ་ལེ་ལོ་སྤངས་ནས་བརྩོན་འགྲུས་རྒྱུན་ཆད་དང་ཐང་ལྷོད་མེད་པར་བྱེད་དགོས་པ་ཡིན་ནོ། །སྔོན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཡབ་སྲས་ཀྱི་སྐྱེ་རྒྱུད་རྣམ་ཐར་གྱི་ནང་ན་ལོ་རྒྱུས་འདི་འདྲ་ཞིག་གསུངས་ཡོད། དེ་ཡང་སྔོན་ཡུལ་ཀོ་ཤམ་བྷི་ཞེས་པའི་ས་ཆ་ཞིག་ན་རྒྱལ་པོ་འོད་ཟེར་དཔལ་ཞེས་བྱ་བ་ལ། སྲས་རྒྱལ་བུ་རྒྱལ་སྲིད་སྐྱོང་དང་ཆགས་པ་མེད་པ་ཞེས་པ་གཉིས་ཡོད་པའི་རྒྱལ་སྲིད་སྐྱོང་ནི་སེམས་སྟོབས་ཆེ་ཞིང་རྒྱལ་སྲིད་འབངས་འཁོར་ལོངས་སྤྱོད་དང་བཅས་པ་ལ་དབང་སྤྱོད་པ། གར་བྱོན་ལ་མི་ཆེན་བློན་པོའི་འཁོར་གྱིས་བསྐོར་ནས་ཆེ་ཉམས་འཛིན་པ་ཞིག་ཡིན་པ་དང་། རྒྱལ་བུ་མ་ཆགས་པ་ནི་ཞི་བ་དུལ་བ་རྒྱལ་སྲིད་ལ་འདོད་པ་མེད་པ། ཟས་གོས་ལ་ཆོག་ཤེས་ཅན་ཐམས་ཅད་ལ་སྙན་པའི་ངག་དང་འཇམ་པའི་ཚིག་གིས་གཏམ་བཤད་ནས། སྐྱེད་མོས་ཚལ་དང་ལྗོངས་རྒྱུའི་ཡུལ་ལ་སོགས་པ་གང་དུ་སོང་ཡང་རང་ཉིད་དང་མཐུན་པའི་འཁོར། སྤྱོད་པ་ལེགས་ཤིང་བསམ་པ་བཟང་པོ་འབའ་ཞིག་ཁྲིད་ནས། རྩེད་མོའི་དུས་སུ་ཡང་རྒྱལ་བུ་རང་ཉིད་སློབ་དཔོན་གྱི་ཚུལ་དང་དེ་རྣམས་སློབ་མ་ཡིན་པར་བརྫུས་ནས་ཆོས་བཤད་ཚུལ་དང་། སྐྱེ་བོ་མང་པོ་ཆུའི་ཕ་རོལ་དུ་སྒྲོལ་བ་དང་། དམན་སར་ལྷུང་བའི་སྐྱེ་བོ་ཡར་འདྲེན་པ་དང་། ཕྱག་དང་སྐོར་བ་བྱེད་པ་སོགས་མདོར་ན་དགེ་བའི་ལྟས་དང་ལ་ཉེ་ཤ་སྟག་དང་ལྡན་པའི་སྐུ་རྩེད་ཁོ་ན་མཛད་པ་དང་། ཕ་མས་བསྐུར་བའི་ཟས་ཀྱི་སུམ་གཉིས་གཞན་ལ་སྦྱིན་པ་གཏོང་བ་དང་། རབ་ཏུ་བྱུང་བ་མཐོང་ན་གུས་པ་བྱེད་པ་ཞིག་ཡིན་པས། ས་དེའི་རྒན་གཞོན་ཐམས་ཅད་ཀྱིས་འདི་འདྲའི་རྒྱལ་བུ་ཞིག་འཇིག་རྟེན་ན་དཀོན་པའོ་སྙམ་ནས་གཙིགས་ཆེན་དང་རེ་བ་ཆེན་པོ་བྱེད་དོ། །དུས་ཤིག་ལ་རྒྱལ་པོ་འོད་ཟེར་དཔལ་ཡུལ་དེའི་རི་བྲག་གི་ས་ཆར་རི་དྭགས་བཤོར་དུ་འཁོར་གསུམ་མཚོན་ཆ་མང་པོས་བསྐོར་ནས་སོང་ཚེ། ནགས་གསེབ་ཅིག་ན་དགེ་སློང་ཆོས་གོས་རྣམ་གསུམ་མནབས་པ་རྩྭའི་ལོ་མ་གདན་དུ་བཏིང་ནས་མཉམ་པར་བཞག་པ། མཐོང་ན་དད་པ་འདྲེན་པ་ཞིག་བཞུགས་པ་དང་མཇལ་ཚེ། རྒྱལ་པོ་དཔོན་གཡོག་རྟ་ལས་བབས་ནས་ཕྱག་འཚལ་ནས་ཞུས་པ། སང་ཉིན་བདག་གི་ཕོ་བྲང་དུ་གུང་ཚིགས་གསོལ་དུ་ཕེབས་པར་འཚལ་ཞེས་ཞུས་ཚེ། དགེ་སློང་གིས་རྒྱལ་པོའི་མིང་ནས་བོས་ཏེ་ན་རེ། ཁྱོད་ཀྱིས་ཐོབ་དཀའ་བའི་མི་ལུས་ཐོབ་པས་མ་ཚད། རིགས་མཐོན་པོ་རྒྱལ་པོ་ལ་སྐྱེས་ཡོད་ཀྱང་། བྱ་བ་ངན་པ་རི་དྭགས་བརྔོན་པ་ལ་ཞུགས་ཏེ་མི་ལུས་བླངས་པ་དང་རྒྱལ་རིགས་ཐོབ་པ་འདི་ལྟ་བུ་ཆུད་ཟོས་སུ་བཏང་པ་ལ་ཨང་། སྤྱིར་སེམས་ཅན་ཐམས་ཅད་འུ་གཉིས་པོའི་ཕ་མ་ཡིན་ལ། དེའི་ནང་ནས་རི་བྲག་ལ་གནས་པའི་སྲོག་ཆགས་ང་ལ་སྐྱབས་བཅོལ་བ་རྣམས་ཁྱོད་ཀྱིས་བསད་པས། ཁྱོད་སར་གུང་ཚིགས་འགྲོ་རྒྱུའི་སྐབས་མི་འདུག་ཅེས་གསུངས་པས། རྒྱལ་པོས་སྙམ་པ་འདི་ནི་སྤྲུལ་བའི་དགེ་སློང་ཞིག་ཡིན་ངེས་ཏེ་ངའི་མིང་ཡང་ཤེས་སོང་། ངོ་སྲུང་ཡང་མི་བྱེད། བཀའ་བཀྱོན་ལ་བརྟེན་ནས་གདམས་ངག་གསུངས་པ་ཞིག་ཡིན་འདུག་བསམ་ནས། ཁྱེད་ཀྱིས་གསུངས་པ་རྣམས་བདེན། བདག་གི་ནོར་འཁྲུལ་ཡིན་པས་སྙིང་ནས་བཤགས། ཕྱིན་ཆད་འདི་འདྲའི་སྡིག་ལས་མི་བྱེད་པའི་དམ་བཅས་ནས་ཁྱེད་བླ་མར་བསྟེན་པ་ཡིན། ཅི་ནས་ཀྱང་སང་ཉིན་ཕོ་བྲང་དུ་གདུགས་ཚོད་ལ་ཕེབས་རོགས་ཞེས་ནན་ཞུ་བྱས་པས། དགེ་སློང་གིས་ཁྱེད་ཀྱིས་དེ་ལྟར་ཨུ་ཚུགས་བྱེད་ན་ང་ཕོ་བྲང་ལ་འགྲོ་ཆོག འོན་ཀྱང་ཁྱོད་ཀྱི་བུ་ཆགས་པ་མེད་པ་དེ་ང་ལ་སྦྱིན་དགོས་གསུངས་པས། རྒྱལ་པོས་སྨྲས་པ། སྤྱིར་རྒྱལ་པོའི་རྒྱལ་སྲིད་བུས་འཛིན་དགོས་ལ། དགོས་སུ་བུ་ཆགས་པ་མེད་པ་འདི་ཡུལ་འདིའི་རྒན་གཞོན་ཀུན་གྱིས་གུས་བཀུར་བྱེད་ཡུལ་ཡིན་པས་འདི་ལ་རྒྱལ་སྲིད་འཛིན་དུ་ཆུགས་དང་དེ་ལས་གཞན་པའི་ཁྱེད་ལ་འཁོར་འབངས་ཡོ་བྱད་ལ་སོགས་པ་གང་དགོས་ཀྱང་ཕུལ་ཆོག་ཞུས་པས། དགེ་སློང་གིས་ཁྱོད་ཀྱི་བུ་དེ་ལྟར་ཡིན་པས་ཁོང་གི་མཚན་ལ་ཆགས་པ་མེད་པ་ཐོགས་ཤིང་། བདག་ལའང་དགོས་པ་ཡིན་གྱི་ཆགས་པ་ཅན་གྱི་བྱིས་པ་ཞིག་ང་ལ་ཡང་དགོས་པ་མེད། ཁྱོད་ཀྱི་བུ་འདི་སྔར་ཚེ་རབས་དུ་མའི་རིང་བདག་གི་ཆོས་ཀྱི་རྒྱལ་སྲིད་སྐྱོང་བའི་བུ་ཡིན་ལ། སྤྱིར་ཁྱོད་ལ་བུ་གཅིག་ལས་སྐྱེ་རུ་མེད་ཀྱང་། ད་ལྟ་རྒྱལ་སྲས་གཉིས་འཁྲུངས་སུ་བཅུག་ནས་ཆགས་པ་མེད་ཆོས་སྒྲུབ་པའི་གོ་སྐབས་ཡོད་པར་བྱས་པས། ཆགས་པ་མེད་བདག་གི་བུ་སྐལ་ཡིན་ལ། བྱང་ཆུབ་སེམས་དཔའ་ཁྱིམ་པའི་ཚུལ་ཅན་ལ་ལ་རྒྱལ་སྲིད་འཛིན་པ་ཡང་ཡོད་ཀྱང་། ཁྱོད་ཀྱིས་གལ་སྲིད་ཁོང་ལ་རྒྱལ་སྲིད་འཛིན་བཅུག་ཚེ་རྒྱལ་སྲིད་སྟོང་ངེས་སོ། །ཞེས་གསུངས་པ་དང་། རྒྱལ་བུ་ཆགས་པ་མེད་ཀྱིས་འགྲོ་བའི་དོན་མཛད་ཚུལ་སོགས་ཀྱི་ལོ་རྒྱུས་སང་ཉིན་གྱི་ཆོས་ཁྲིད་སྐབས་སུ་འཆད། དེ་ལྟ་བུའི་དལ་འབྱོར་གྱི་སྙིང་པོ་དམ་ཆོས་སྒྲུབ་པའི་ཐབས་ལ་བརྟེན་ནས་ལེན་པ་ནི་བློ་ཆོས་སུ་འགྲོ་བའི་ཐབས་ཏེ། དེ་ཐོག་མ་ཉིད་ནས་རང་རྒྱུད་ལ་བསྟེན་པའི་སྒོ་ནས། གང་ཞིག་གསན་པར་བྱ་བ་གསང་བ་བླ་ན་མེད་པ་འོད་གསལ་རྡོ་རྗེ་སྙིང་པོའི་གནས་གསུམ་གསལ་བར་བྱེད་པ་ཚིག་དོན་རིན་པོ་ཆེའི་མཛོད་དམ་འོད་གསལ་རིན་པོ་ཆེའི་མཛོད་འདི་ཉིད་འཆད་པ་ལ། གཞི་དང་འཁྲུལ་ཚུལ་ཁྱབ་ཚུལ་དང༌། །གནས་དང་ལམ་དང་སྒོ་དང་ཡུལ། །ཉམས་ལེན་ཚད་དང་བར་མ་དོ། །གྲོལ་ས་ཉིད་དང་བཅུ་གཅིག་གོ །ཞེས་པ་ལས། ས་བཅད་དང་པོ་གཞི་གཏན་ལ་དབབ་པ་འདི་ལ། ཡེ་ཐོག་གཞི་ཡི་གནས་ལུགས་བཤད་པ་དང་། དེ་ལས་གཞི་སྣང་གི་འཆར་ལུགས་བཤད་པ་དང་། ཀུན་ཏུ་བཟང་པོའི་གྲོལ་ལུགས་བཤད་པ་སྟེ་གསུམ་ཡོད་པ་ལས། དང་པོ་ཡེ་ཐོག་གཞི་ཡི་གནས་ལུགས་བསྟན་པ་ལ། གཞི་བདུན་གྱི་རྣམ་གྲངས་སྤྱིར་བསྟན་པ་དང་། ཀ་དག་གི་ཡེ་གཞི་བྱེ་བྲག་ཏུ་བཤད་པ་གཉིས་ལས། གྲུབ་མཐའ་རྗེས་སུ་འཛིན་པ་གཞི་དྲུག་གི་རྣམ་གྲངས་དེ་དོན་གསུམ་རེའི་ཆིངས་ཀྱིས་བཅིངས་ནས་བཤད་པ་དང་། ལམ་རྗེས་སུ་འཛིན་པས་ཀ་དག་སྐྱོན་མེད་རང་གཞུང་དུ་བསྟན་པའི་སྐབས་ཀྱི་ཀ་དག་གི་ངོ་བོ་ངོས་གཟུང་བ། དེ་ལ་རྩོད་པའི་སྐྱོན་སྤོང་པ། འཆར་གཞིའི་བབས་ཚུལ་སྤྱིར་བསྟན་པ་རྣམས་སོང་ནས། གཉིས་པ་ཀ་དག་གི་ཡེ་གཞི་བྱེ་བྲག་ཏུ་བཤད་པ་ལ་གསུམ། ངོ་བོ་འདུག་ཚུལ་ངོས་གཟུང་བ་དང་། དེའི་རང་བཞིན་རྒྱས་པར་བཤད་པ། རྣམ་པ་ལ་འཁྲུལ་གཞི་བཟློག་པ་དང་གསུམ་ཡོད་པ་ལས། དང་པོ་གཉིས་སོང་ནས་དེ་རིང་ནི།

ག༽ རྣམ་པ་ལ་འཁྲུལ་གཞི་བཟློག་པ།

གསུམ་པ་རྣམ་པ་ལ་འཁྲུལ་གཞི་བཟློག་པ་ནི། ངོ་བོ་ཀ་ནས་དག་ཅིང་ཡོན་ཏན་ལྷུན་གྱིས་གྲུབ་པའི་རྟག་ཆད་ཀྱི་མཐའ་ལས་འདས་པའི་སྟོང་གསལ་འགག་པ་མེད་པའི་ཡེ་ཤེས། དེ་ཡང་སྟོང་ངོས་དོན་དམ་གྱི་ཆ་ནས་ཀ་དག་དང་། སྣང་ངོས་ཀུན་རྫོབ་ཀྱི་ཆ་ནས་ལྷུན་གྲུབ་ཅེས་ཚིག་བླ་དྭགས་སུ་བཏགས་པ་ཙམ་ལས་དོན་གཞི་གཅིག་རྫས་གཉིས་སུ་འཁྲུལ་བའི་འགལ་བ་མི་འདུ་བ། སངས་རྒྱས་ཞེས་ཡར་མ་ཆད། སེམས་ཅན་ཞེས་མར་མ་ཆད་པར། སྐྱེ་བ་མེད་པའི་གནས་ལུགས་ནང་གསལ་ཐིམ་ལ་མ་རྨུགས་པ། ཕྱིར་གསལ་སྐུ་གཉིས་ཀྱི་སྣང་བ་དང་ཐབས་གཅིག་ཏུ་བཞུགས་པར་གཏན་ལ་ཕབ་པའི་ཀ་དག་གི་གཞི་དེ་ལ་ངོ་བོ་རང་བཞིན་ཐུགས་རྗེའི་ཡེ་ཤེས་སུམ་ལྡན་དུ་གསུངས་པའི་ངོ་བོ་སྐུར་གནས། རང་བཞིན་འོད་དུ་གསལ། ཐུགས་རྗེ་འགག་མེད་ཀུན་ཁྱབ་ཏུ་གསུངས་པ་ལས། ངོ་བོ་སྐུར་གནས་པ་འདི་ལ་འཁྲུལ་ནས་འདི་ལ་ཁ་ཅིག་གིས་ཤེས་རབ་དང་རང་འོད་ཀྱི་ཁ་མིག་རྣ་བ་ཅན་ལ་སོགས་པ་འདོད་དེ། ངོ་བོའི་སྐུ་མ་འགགས་པ་གནས་པ་དང་། སྐུ་ཐམས་ཅད་སྨིན་པར་གནས་པ་དང་། འོད་ཀྱི་སྣང་བ་ཐམས་ཅད་མི་སྒྲིབ་པར་གསལ་བ་ལ་སོགས་པ་སྐུ་ལྟར་གནས་པའི་སྟབས་ཀྱིས། མན་ངག་སྡེའི་དགོངས་པ་དང་ཁྱད་པར་ཡོད་པའི་འོག་མ་གསང་སྐོར་དང་འདྲེས་ཤིང་མ་ཧཱ་ཡོ་གའི་གོལ་ས་སྤང་བར་མི་ནུས་སོ། །དེ་ཡང་མ་ཧཱ་ཡོ་གའི་སྐབས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་གདན་གསུམ་ཚང་བའི་དཀྱིལ་འཁོར་དུ་གསལ་བཏབ་ནས། ཕྱི་སྣོད་སངས་རྒྱས་ཀྱི་ཞིང་ཁམས། ནང་བཅུད་ལྷ་དང་ལྷ་མོ། སྒྲ་གྲགས་སྔགས་དང་ཕྱག་རྒྱ། དྲན་རྟོག་ཐམས་ཅད་རིག་སྟོང་སྒྱུ་མའི་རང་བཞིན་གྱི་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་དུ་སྒོམ་པ་ཡིན་ཡང་གཙོ་བོ་མཚན་བཅས་ཀྱི་བསྐྱེད་རྐྱང་ཞིག་ལ་གོལ་བས། གལ་ཏེ་ཁ་མིག་ཡོད་ན་དབང་པོ་གཟུགས་ཅན་དུ་རགས་པར་ཡོད་དམ་གཟུགས་མེད་པའི་ཡིད་ཀྱི་ཆ་ཙམ་དུ་ཡོད། དང་པོ་ལྟར་དབང་པོ་གཟུགས་ཅན་དུ་རགས་པའི་ཚུལ་དུ་ཡོད་པ་ཡིན་ན་འདོད་གཟུགས་ཀྱི་གཟུགས་རགས་པ་དང་ཁྱད་མེད། འདིར་མ་ཧཱ་ཡོ་གའི་འདོད་པ་ལས་གོང་དུ་འཕགས་པའི་ཁྱད་ཆོས་ཡོད་དོ། །གཉིས་པ་གཟུགས་མེད་པའི་ཡིད་ཀྱི་ཆ་ཙམ་དུ་འདོད་པ་ལྟར་ན་གཟུགས་མེད་སྐྱེ་མཆེད་མུ་བཞི་དང་ཁྱད་མེད་དེ། རང་ཤར་ལས། ཆོས་སྐུ་རྣམ་དག་ཆེན་པོ་ལ། །དངོས་པོ་གཟུང་དུ་མེད་པའི་ཕྱིར། །མཚན་མ་ཅན་དུ་བཏགས་པ་མེད། །གལ་ཏེ་མཚན་མ་ཡོད་གྱུར་ན། །ཆོས་སྐུ་གཟུང་དུ་ཡོད་པར་འགྱུར། །ཞེས་སོ། །རང་བཞིན་འོད་ལྔར་བཤད་པ་ལ་འཁྲུལ་ནས་ཁ་ཅིག་གིས་འོད་ལྔ་རང་མཚན་དུ་ཡོད་པར་འདོད་དེ། ཆོས་སྐུ་དང་གཟུགས་སྐུ་ཁྱད་མེད་པ་ཆོས་སྐུ་ཡང་གཟུགས་སྐུ་ཡིན་པར་ཐལ་བ་དང་དབྱིངས་དེ་ཆོས་ཉིད་སྟོང་པ་མ་ཡིན་པ་གཟུགས་ཅན་པར་འགྱུར་ཏེ། དེ་ཉིད་ལས། མཚན་མ་ཅན་དུ་ལྡོག་པས་ན། །ཆོས་སྐུ་གཟུགས་སུ་ཡོད་པར་འགྱུར། །ཞེས་སོ། །ཐུགས་རྗེ་འགགས་མེད་ཀུན་ཁྱབ་སྤྲོས་བྲལ་དུ་བཤད་པ་ལ་འཁྲུལ་ནས་ཁ་ཅིག་གིས་ཡེ་ཤེས་རྒྱུན་ཆད་དུ་འདོད་དེ། དེ་ལྟར་ན་ཡེ་ཤེས་ཀྱི་འཆར་གཞི་མེད་ན་སངས་རྒྱས་ཀྱི་མཁྱེན་ཆ་མེད་པས་ཕྱང་ཆད་ནམ་མཁའ་ལྟ་བུའམ་ཡང་ན་བེམ་པོ་ལྟ་བུར་འགྲོ་སྟེ། གཞི་དེའི་ངོ་བོ་ཀ་དག་ཡིན་པས། དངོས་པོ་དང་མཚན་མ་རུ་མ་གྲུབ། རང་བཞིན་ལྷུན་གྱིས་གྲུབ་པ་ཡེ་ཤེས་སུམ་ལྡན་གྱི་བདག་ཉིད་ཡིན་པས། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་ཡེ་ནས་རང་གནས། དེ་གཉིས་ངོ་བོ་གཅིག་པའི་སྣང་སྟོང་དབྱེར་མེད་ཡིན་ཕྱིར། དེའི་གནས་ལུགས་ངོ་བོ་སྟོང་པར་མི་འགྱུར་བ་ནི་སྐུ་ཡིན་ལ། སྐུ་དེ་ལའང་སྐུ་གསུམ་འདུ་འབྲལ་མེད་པ་ཉི་མའི་དཀྱིལ་འཁོར་དང་འདྲ་བ་ནང་གསལ་དུ་ཡོད་ཀྱང་དངོས་མཚན་དུ་མ་གྲུབ་པ་དང་། དེའི་རང་བཞིན་གསལ་བ་ཡེ་ཤེས་ཀྱི་གདངས་དེ། འོད་ལྟར་གསལ་ཡང་ཕྱིར་སྣང་གི་ཁ་དོག་རིས་ཅན་དུ་མེད་པ་དང་། དེའི་སྐབས་ཀྱི་ཐུགས་རྗེ་དེ། རིག་པའི་ཡེ་ཤེས་སུ་བཞུགས་ཀྱང་རྣམ་པ་ཕྱིའི་ཡུལ་དུ་མི་དཔྱོད་པའོ། །དེ་ལྟ་བུའི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ཚང་བ་ཞིག་གོ །ཀློང་དྲུག་པ་ལས། ཤེས་བྱ་ཡེ་ཤེས་གཉིས་མེད་ན། །བེམ་པོ་རྣམས་དང་ཁྱད་ཅི་ཡོད། །ཡང་ན་སྟོང་པ་ཕྱང་ཆད་དུ། །འདི་ཉིད་འགྱུར་བ་ཁོ་ནའོ། །ཤེས་བྱ་ཇི་ལྟ་ཉིད་མཁྱེན་པའི། །ཐུགས་རྗེའི་ཆ་ཡི་ཡེ་ཤེས་ཀྱིས། །རང་གི་དངོས་པོའི་གནས་ལུགས་མཁྱེན། །ཡེ་ཤེས་དེ་ཡི་ཆ་མེད་ན། །འབྱུང་བཞིའི་གཟུགས་དང་ཁྱད་ཅི་ཡོད། །ཤེས་བྱ་ཇི་སྙེད་མཁྱེན་པ་ཡི། །ཐུགས་རྗེ་ཡི་ནི་ཡེ་ཤེས་ཀྱིས། །གདུལ་བྱ་རྣམས་ཀྱི་བསམ་པ་མཁྱེན། །འདི་མེད་ནམ་མཁའ་ཉིད་དང་མཚུངས། །དེ་ཕྱིར་ཐམས་ཅད་མཁྱེན་པ་ཡི། །ཡེ་ཤེས་ཐུགས་རྗེའི་ཆ་ལ་སྣང༌། །འདི་ཀུན་དྲན་པས་བཟུང་བ་མིན། །རང་བཞིན་ཉིད་དུ་གནས་པ་ལས། །གཟུང་འཛིན་རགས་པར་མི་གནས་སོ། །གཏིང་གསལ་ཕྲ་བའི་ཆར་སྣང་བ། །འདི་ནི་སེམས་ཅན་རྣམས་ཀྱི་ལམ། །གོང་དུ་ས་བོན་བཞིན་དུ་འཕེལ། །ཞེས་སོ། །ཀ་དག་སྟོང་པའི་ཡེ་ཤེས་དང་ལྷུན་གྲུབ་སྣང་བའི་ཡེ་ཤེས་འདི་གཉིས་ཀ་དག་ཡེ་གཞི་ལ་འཆར་གཞིའི་ཆ་ཙམ་དུ་ཡོད་ལ་རགས་པར་མེད་པས་སངས་རྒྱས་ཀྱི་དུས་ན་ཡེ་ཤེས་དེ་གཉིས་འབྱུང་བའི་འཐད་པའོ། །གཞི་དེ་ལ་ཀ་དག་གི་ཡེ་གཞི་དང་། འཁོར་འདས་ཀྱི་སྤྱི་གཞི་དང་། མཐར་ཐུག་གི་གྲོལ་གཞི་དང་། གནས་སྐབས་ཀྱི་གཞི་གསུངས་པ་སོགས་དབྱེ་བ་དུ་མ་ཡོད་ལ། དེའི་སྐབས་ཐོབ་ཀྱི་གོ་བ་མ་བརླགས་པར་བྱའོ། །གཞི་ཡིན་ན་ཡེ་ཤེས་སུམ་ལྡན་ཡིན་ལ། དེ་ལ་ནང་མདངས་དང་ཕྱི་གདངས། ནང་གསལ་དང་ཕྱིར་གསལ་རྣམས་ཀྱི་གོ་བ་འཁྲུགས་པར་མི་རུང་ངོ། །སྡུད་པ་ལས་ཀྱང༌། ཡེ་ཤེས་མེད་ན་ཡོན་ཏན་འཕེལ་མེད་བྱང་ཆུབ་མེད། །རྒྱ་མཚོ་འདྲ་བའི་སངས་རྒྱས་ཆོས་ཀྱང་མེད་པར་འགྱུར། །ཞེས་སོ། །འོ་ན་རིག་པ་འོད་ཀྱི་ཁང་པ་ཅན་འོད་མཐའ་མེད་པའི་ཡུལ་ཅན་བཤད་པ་འདི་ཇི་ལྟར་ཡིན་ཞེ་ན། བཤད་པ། ཐོག་མའི་ཡེ་གཞི་ན་དབྱིངས་ཀྱི་ཀ་དག་དང་གྲོལ་ས་མཐར་ཐུག་གི་ཀ་དག་གི་རང་དུས་ན་གཏིང་གསལ་འཆར་གཞིའི་ཆ་ཙམ་ལས་དངོས་སུ་སྐུ་དང་འོད་དང་གསལ་རིག་ཡུལ་ལ་འཇུག་པའི་ཆར་མེད་དེ། གཞི་ཀ་དག་ཆེན་པོ་རྣམ་གསུམ་དབྱེར་མེད་པའི་ངོ་བོར་བཞུགས་པའི་རིག་པ་རང་བྱུང་གི་ཡེ་ཤེས་དེ་སྣང་བ་ཐམས་ཅད་ཀྱི་འཆར་གཞི་ཡིན་ཡང་མཚན་མ་རིས་ཅན་དུ་ཕྱིར་གསལ་བ་མིན་པ་ནི། དཔེར་ན་དྭངས་ཤེལ་གཙང་མ་རྐྱེན་ཉི་ཟེར་ལ་སོགས་དང་མ་འཕྲད་པ་ལྟ་བུའི། གཞོན་ནུ་བུམ་པ་སྐུ་ཡི་གནས་ལུགས། གཞི་ལས་གཡོ་བ་མེད་པའི་བྱང་ཆུབ་ཀྱི་སེམས་སོ། །དེ་ཡང་བྱང་ཆུབ་ཀྱི་སེམས་ཞེས་པ་སེམས་སྡེ་གཙོ་བོར་བྱས་པའི་ཆོས་སྐད་ཡིན་ལ། མན་ངག་སྡེའི་སྐབས་སུ་རིག་པ་རང་བྱུང་གི་ཡེ་ཤེས་སུ་གཙོ་བོར་གསུངས་པ་ཡིན་ནོ། །ཤིན་ཏུ་མི་གཡོ་བ་ཆོས་སྐུའི་གནས་སྐབས་གང་དུའང་དམིགས་པ་དང་མཚན་མར་མེད་པའི་ཕྱིར། ཤེལ་གོང་དྭངས་པ་ཉི་མ་ལ་ཡོད་དུས་དང་རྐྱེན་དང་བྲལ་ཏེ་གྲིབ་མ་ལ་ཡོད་དུས་གཉིས་སུ་གཏིང་གསལ་ཙམ་ལས་འོད་ལྔ་ཕྱིར་མི་སྣང་བ་བཞིན་ནོ། །དེ་ཡང་འཁོར་འདས་གཉིས་ཀའི་འཕྲོ་གཞི་ཡེ་ཤེས་གསུམ་ལྡན་ཀ་ནས་དག་པའམ་སྐྱེ་བ་མེད་པའི་ཆ་ལ་དངོས་མཚན་ཁ་དོག་ཏུ་གྲུབ་པ་མེད་ཀྱང་། རང་བཞིན་ལྷུན་གྱིས་གྲུབ་པའམ་འགག་མེད་ཀྱི་ཆ་ནང་གསལ་ཕྲ་བའི་བདག་ཉིད་ཅན་དུ་ཡོད་པ་རྐྱེན་དང་མ་ཕྲད་ན་ཕྱིར་མི་སྣང་བ་དྭངས་ཤེལ་གཙང་མ་ལྟ་བུའོ། །དེ་ཡང་ཤེལ་གྱི་འོད་གཏིང་གསལ་དུ་ཡོད་ཀྱང་ཉི་མ་ལ་སོགས་པའི་རྐྱེན་དང་མ་ཕྲད་ན་ཕྱིར་མི་སྣང་བ་ལྟར་ཀ་དག་ལྷུན་གྲུབ་ངོ་བོ་གཅིག་པའི་དབྱིངས་ནང་གསལ་གྱི་ཕྱི་རྒྱ་མ་རལ་བ་ལ་གཞོན་ནུ་བུམ་པའི་སྐུ་ཞེས་བཏགས་པའོ། །རིག་པ་གཞི་ལས་འཕགས་ཏེ་གཞི་སྣང་དུ་ཤར་བའི་དུས་དང༌། ད་ལྟ་ལུས་ལ་གནས་དུས་དང༌། ཆོས་ཉིད་བར་དོའི་དུས་ན་འོད་ཀྱི་ཁང་པ་ན་གནས་ཏེ། རང་རིག་གཞི་ནས་ནི་འཕགས། མཐར་ཐུག་གི་ས་ནི་མ་ཟིན་པའི་བར་དེར་གཞི་སྣང་ལ་གནས་པས། མར་མེ་རང་འོད་ཀྱི་དབུས་ན་འདུག་པའམ། ཤེལ་ཉི་ཟེར་དང་འཕྲད་པའི་སྣང་བ་བཞིན་ནོ། །ཕྱིར་གསལ་གྱི་ཤེས་པ་ནང་དུ་ལྡོག་པ་དང་། ནང་གསལ་དཔྱོད་བྱེད་ཀྱི་ཤེས་པ་ནང་དུ་དེངས་པ་ལ་ཐིམ་ལ་མ་རྨུགས་པ་ཟེར་ཞིང་། མ་རྨུགས་པ་ཟེར་དོན་ཕྲ་བའི་ཡེ་ཤེས་དེ་ཉིད་མ་འགགས་ཕྱམ་གདལ་གྱི་སྣང་བ་ཡིན་པས་སོ། །གཞི་དེ་ལས་ལྡང་བའི་དུས་སུ་སྐུ་གསུམ་གྱི་སྟོན་པར་ཤར་བ་ཡིན་པར་གསུངས། རང་རིག་གཞི་ནས་ནི་འཕགས་ལ་མཐར་ཐུག་གི་ས་མ་ཟིན་པ་ནི་གཞི་སྣང་གི་སྐབས་ཡིན་ནོ། །མདོར་ན་རིག་པ་གཞི་གནས་ནང་དབྱིངས་སུ་ཡོད་དུས་ཐོག་མ་གཞི་དབྱིངས་ཀྱི་ཀ་དག་དང་། མཐའ་མ་གྲོལ་ས་མཐར་ཐུག་གི་ཀ་དག་གཉིས་ཀྱི་ཚེ་གཏིང་གསལ་ལས་སྐུ་འོད་དངོས་སུ་མེད་ལ། བར་དེར་སྐུ་འོད་ཡོད་པ་ནི། དེ་ནས་འཕགས་དུས་རང་འོད་ཀྱི་གདངས་དང་བཅས་པའོ། །ཐོག་མའི་ཡེ་གཞིའི་ཀ་དག་དང་མཐའ་མའི་གྲོལ་སའི་ཀ་དག་ཅེས་པ་འདི་གཉིས། གཞིའི་སྐབས་ཀྱི་གོ་བ་གནད་ཆེན་ཡིན་ཏེ། ངོ་བོ་ཀ་དག་ཡིན་ལ་ཀ་དག་གི་ངོ་ན་མ་དག་པ་མེད་ཅིང་གལ་ཏེ་ཡོད་ན་ཀ་དག་ཏུ་མི་རུང་ཡང་། སེམས་ཅན་འཁྲུལ་བ་ཡོད་པ་མཐོང་ཆོས་སུ་གྲུབ་པ་ཡིན་པས། འོ་ན་འདི་གང་ནས་འཁྲུལ། འཁྲུལ་བའི་གཞི་དེ་བདེ་གཤེགས་སྙིང་པོ་ལ་འདོད་པ་ཡིན་ནམ། མ་རིག་པ་རྒྱུ་དང་བཅས་པ་ཡིན། བདེ་གཤེགས་སྙིང་པོ་ལས་འཁྲུལ་བ་ཡིན་ཟེར་ན། སངས་རྒྱས་ཀྱི་དགོངས་པ་འཁྲུལ་བཅས་སུ་ཐལ་ལ། དེ་ལས་གཞན་མ་རིག་པ་སྐྱེས་ནས་འཁྲུལ་གཞི་རུ་སོང་ངོ་ཞེ་ན། འཁྲུལ་བའི་ངོ་བོ་ངོས་བཟུང་དུ་མེད་པར་འགྱུར་རོ་སྙམ་ན། ངོ་བོ་ཀ་དག་དེ་གཞི་བདེ་གཤེགས་སྙིང་པོ་ཡིན་པས། དེ་ནམ་ཡང་འཁྲུལ་མ་མྱོང་འཁྲུལ་བར་མི་འགྱུར་ཡེ་ནས་འཁྲུལ་མི་སྲིད་དོ། །འོ་ན་སེམས་ཅན་འཁྲུལ་བ་གང་ནས་བྱུང་སྙམ་ན། རང་བཞིན་ལྷུན་གྲུབ་ཡིན་པའི་རྩལ་ལ། ཀུན་གཞི་ཚོགས་བརྒྱད་དང་བཅས་པ་ཡོད་ཅིང་། དེས་ལྷུན་གྲུབ་ཀྱི་རྩལ་སྣང་དེ་ངོ་མ་ཤེས་ན་འཁྲུལ་ཞིང་། ཤེས་ན་གྲོལ་ཆོག་པའི་འཐད་པ་དང་བཅས་པའོ། །འཁྲུལ་ཏེ་ངོ་མ་ཤེས་པའི་ཆ་དེ་ལ་མ་རིག་པ་ཟེར། མ་རིག་པ་མིན་པ་ནི་རིག་པ་ཡེ་ཤེས་སོ། །དེ་གཉིས་ནི་ལག་པའི་ལྟོ་རྒྱབ་ལྟ་བུའོ། ཀུན་མཁྱེན་འཇིགས་གླིང་གིས། གཞི་གཅིག་རྫས་སུ་འགལ་བའང་མ་ཡིན་ཏེ། །གཉིད་དུ་ཕྱོགས་དང་གཉིད་དུས་ཤེས་པ་ལྟར། །ངོ་བོ་ཀ་དག་ཡིན་པས་འཁོར་མ་མྱོང་། །ལྷུན་གྲུབ་རྩལ་ལས་རོལ་བ་ཅིར་ཡང་སྣང་། །ཞེས་པ་ལྟར། །ངོ་བོ་ཀ་དག་ལ་སེམས་ཅན་འཁྲུལ་བ་མི་སྲིད་ཀྱང་། རང་བཞིན་ལྷུན་གྲུབ་ཀྱི་རྩལ་ལམ་རོལ་བ་ལས་དེ་ལྟར་སྣང་ཞིང་མི་འགལ་བ་ཡིན་ཏེ། དཔེར་ན་གཉིད་དུ་ཕྱོགས་པ་ནས་གཉིད་དུས་ཀྱི་སྐབས་ཏེ། རང་བཞིན་བརྒྱད་ཅུའི་རྟོག་ཚོགས་འགག་པའི་ཤེས་ངོར་རྨི་ལམ་གྱི་སྣང་བ་མེད་ཀྱི། དེ་ལས་མཆེད་ནས་དེའི་གདངས་རླུང་གིས་ཁུར་དུས་རྨི་ལམ་ཤར་བ་ལྟར་རོ། །སྤྱིར་བཤད་ན་ཀ་དག་དང་ལྷུན་གྲུབ་སོ་སོར་དབྱེར་མི་ཕྱེད་དབྱེ་རུ་མེད་པ་ཡིན་ལ། འོན་ཀྱང་གཙོ་ཆེ་བའི་དབང་དུ་བྱས་ན་གཞི་དང་གཞི་སྣང་གི་ཟླས་ཕྱེ་བའི་སྐབས་སུ། གཞི་དེ་ཀ་དག་དང་གཞི་སྣང་གི་རིག་པ་ལྷུན་གྲུབ་ཏུ་འཇོག་པ་ཡིན། །ལྷུན་གྲུབ་དེ་ལའང་གཞི་ལམ་འབྲས་གསུམ་གྱི་ལྷུན་གྲུབ་རིན་པོ་ཆེའི་སྦུབས་གསུམ་ཡོད་ལ། དེ་ཡང་གཞིའི་སྐབས་ཀྱི་ཕྱི་རྒྱ་མ་རལ་བའི་ནང་གསལ་དེ་ལ་གཞི་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཞེས་བྱ། གོང་དུ་བཤད་པའི་གཞོན་ནུ་བུམ་སྐུ་དང་གཅིག་ཡིན། ཕྱིར་གསལ་གྱི་སྐབས་དེར་ལམ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཟེར་ཞིང་། འདི་དུས་ཀྱི་སྣང་བ་ཐམས་ཅད་ཕྱི་རོལ་དུ་གསལ་བས་ནང་མིན་ལ། འོད་གསལ་ཁོ་རང་གི་ངོ་བོ་ལས་གཞན་མིན་པས་ཕྱི་དབྱིངས་ཀྱང་མིན་ནོ། །མཐར་གཞི་སྣང་དེ་གྲོལ་སའི་ཀ་དག་ལ་ཐིམ་ནས་ནང་གསལ་དུ་གནས་པའི་སྐབས་སུ་འབྲས་བུ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཞེས་བྱའོ། །སྒྱུ་འཕྲུལ་མཁན་པོས་ཀྱང་། གཞི་ལ་འཁྲུལ་བ་མེད་ཀྱང་འཁྲུལ་བ་གཞི་ལ་གནས། ནམ་མཁའ་ལ་སྤྲིན་མེད་ཀྱང་སྤྲིན་ནམ་མཁའ་ལ་ཡོད་གསུངས་པ་ལྟར། ངོ་བོ་ཡེ་དག་སྒྲིབ་པ་འཕྲལ་བྱུང་ཡིན་པས། གཞི་མ་འཁྲུལ་བ་ལས་རྩལ་འཁྲུལ་བ་ཤར་ཆོག་པ་ཡིན། ཆུ་རླན་ཞིང་གཤེར་བ་ཡིན་ཡང་རྐྱེན་གྲང་ངད་དང་འཕྲད་ཚེ་སྲ་ཞིང་འཐས་པར་འགྱུར་བ་ལྟ་བུའོ། །སྙིང་ནང་དུ་གནས་དུས་གནས་སྐབས་ཀྱི་གཞི་གནས་སུ་བརྗོད་ཀྱང་དབྱིངས་ནས་འཁོར་བར་འཕགས་ཏེ་གྲོལ་སར་མ་ཕྱིན་པས་ད་དུང་གཞི་སྣང་དུ་འདོད་དེ། འདི་ལ་ལྟོས་ནས་རྨ་བྱའི་སྒོ་ང་ལྟར་རང་གདངས་འོད་ལྔའི་ཀློང་ན་རིག་པ་མ་སྨིན་པ་རྨ་བྱའི་ཕྲུ་གུ་ལྟར་གནས་ཤིང་ལམ་སྣང་སྣང་བ་བཞིའི་དུས་སུ་བར་སྣང་ལ་འཇའ་ཚོན་ལྟར་གསལ་ལ། གདོས་བཅས་ལུས་ཀྱི་ཤུན་པ་འདི་དག་དུས་མཐར་སྐྱོལ་བས་རིག་པ་ཉིད་སྐུར་སྨིན་པའི་ཚེ་སྒོ་ང་ནས་དོན་ཏེ་གནས་པ་ལྟ་བུ་ནི། སེང་གེ་རྩལ་རྫོགས་ལས། གཞི་ལ་གནས་པའི་རིག་པ་ནི། །ཡེ་ཤེས་དབྱིངས་ན་སྐུ་གསུམ་རྫོགས། །དཔེར་ན་རྨ་བྱའི་སྒོ་ང་བཞིན། །ནང་འོད་ཡེ་ཤེས་གསལ་བར་ལྡན། །ལམ་ལ་འཆར་བའི་རིག་པ་ནི། །དཔེར་ན་འཇའ་ཚོན་ལྟ་བུར་བསྟན། །མཐའ་ལ་སྐྱོལ་བའི་རིག་པ་ནི། །རྨ་བྱའི་ཕྲུ་གུས་སྒོ་ང་རྣམས། །བརྟོལ་ཏེ་དོན་པ་ལྟ་བུའོ། །ཞེས་སོ། །དབྱིངས་ཀྱི་གཞི་དང་གནས་སྐབས་ཀྱི་གཞི་གཉིས་ཀྱང་ཕྱེད་པ་གལ་ཆེ་ལ་འོད་ཀྱི་ཁང་པ་དངོས་ལ་འདུག་པ་དང་མི་འདུག་པའི་དུས་འདི་གཉིས་གནད་གལ་པོ་ཆེའོ། །གནས་སྐབས་ཀྱི་གཞི་ཞེས་པ་ནི། གཞི་ལས་གཞི་སྣང་གཡོས་ནས་ལྷུན་གྲུབ་སྒོ་བརྒྱད་ཀྱི་སྣང་བ་མ་ཤར་བའི་གནས་སྐབས་ཏེ། གཞི་སྣང་གི་རིག་པའི་མཚན་ཉིད་མ་རྫོགས་པ་ཡིན་ཡང་གནས་སྐབས་ཀྱི་གཞི་ཞེས་གསུངས་དོན་ནི། ལྷུན་གྲུབ་ཀྱི་ཕྱི་རྒྱ་རལ་ཚར་རྗེས་ཀྱི་རིག་པ་ཡིན་དགོས་པས། ལྷུན་གྲུབ་ཀྱི་ཕྱི་རྒྱ་རལ་རྗེས་ཀྱི་རིག་པ་འོད་ཀྱི་གོང་བུར་གནས་དུས་ཡིན་པར་གོ་དགོས་སོ། །གཞི་སྣང་གི་རིག་པ་ཙམ་ཡིན་པའི་ཆ་ནས་གནས་སྐབས་ཀྱི་གཞི་ཡིན་པ་མི་འགལ་ཞིང་། གཞི་སྣང་གི་རིག་པ་ཡིན་ན་སྟོང་གཟུགས་ཀྱི་སྣང་བ་ཅན་ཡིན་དགོས་པའི་ངེས་པ་ཡང་མེད་དོ། །འདི་ཕྱིར་གསལ་དང་ནང་གསལ་གཉིས་ལས་གང་ཡིན་ན། ནང་གསལ་རང་བཞིན་གསལ་བའི་རིག་པ་ཡིན་ལ། ཕྱིར་གསལ་ཡིན་ན་ཐུགས་རྗེའི་རིག་པ་ཡིན་པས། དེའི་རིག་རྩལ་རྣམ་རྟོག་དང་འགྲོགས་ནས་ཡུལ་ཐོག་ཏུ་ཤར་བ་ཞིག་གོ །དེ་ལྟར་ན་ངོ་བོ་སྟོང་གསལ་དབྱེར་མེད། རང་བཞིན་གསལ་སྟོང་དབྱེར་མེད། ཐུགས་རྗེ་རིག་སྟོང་དབྱེར་མེད་དུ་བཞུགས་སོ། །ངོ་བོ་སྟོང་གསལ་དབྱེར་མེད་ནི། སྟོང་པ་ལྟར་དུ་སྣང་ན་ཡང་གསལ་བ་མ་འགགས་པ་སྤྲོས་མེད་སྤྲོས་པ་ཆེན་པོ་ཞིག་ལ་གོ་དགོས་ལ། རང་བཞིན་གསལ་སྟོང་དབྱེར་མེད་ནི། རང་བཞིན་མ་འགགས་པ་ལ་སྣ་ཚོགས་མ་ངེས་པ་གསལ་ལ་མུན་པ་མེད་པའོ། །ཐུགས་རྗེ་རིག་སྟོང་དབྱེར་མེད་ནི། རིག་སྟོང་དབྱེར་མེད་མ་འདྲེས་ཡོངས་རྫོགས་ཆེན་པོ་ཀུན་ལ་ཁྱབ་ཅིང་གཅིག་ཏུ་འདུས་པ་དེ་ལྟ་བུ་ཞིག་ལ་གོ་དགོས་སོ། །དཔེ་ཇི་ལྟར་དུ་བཞུགས་ན། ངོ་བོ་ཀ་ནས་དག་པའི་ཡེ་ཤེས་ནམ་མཁའ་རྣམ་པར་དག་པ་ལྟ་བུར་ངོ་བོ་སྟོང་གསལ་དབྱེར་མེད་དུ་བཞུགས། རང་བཞིན་ལྷུན་གྱིས་གྲུབ་པའི་ཡེ་ཤེས་རྒྱ་མཚོ་དྭངས་པ་ལྟ་བུར་གསལ་སྟོང་དབྱེར་མེད་ཀྱི་ངང་དུ་བཞུགས། ཐུགས་རྗེ་ཀུན་ལ་ཁྱབ་པའི་ཡེ་ཤེས་ནོར་བུ་དྲི་མ་མེད་པ་ལྟ་བུར་རིག་སྟོང་དབྱེར་མེད་ཀྱི་ངང་དུ་བཞུགས་སོ། །དེ་ཡན་གྱིས་ངོ་བོ་ཀ་དག་གི་གནས་ལུགས་ཡེ་ཐོག་གཞི་ཡི་གནས་ལུགས་བཤད་པ་སོང་ནས།

༼ཁ༽ དེ་ལས་གཞི་སྣང་གི་འཆར་ལུགས་བཤད་པ།

༼ཀ ངོ་བོ་མདོར་བསྟན།

ད་ནི་དོན་གཉིས་པ་དེ་ལས་གཞི་སྣང་གི་འཆར་ལུགས་ལ་གསུམ་སྟེ། ངོ་བོ་མདོར་བསྟན། རང་བཞིན་རྒྱས་པར་བཤད། རྣམ་པས་དོན་བསྡུ་བའོ། །དང་པོ་ངོ་བོ་མདོར་བསྟན་པ་ནི། ནང་དབྱིངས་ཀ་དག་གི་ཡེ་གཞི་འོད་གསལ་འདུས་མ་བྱས་པའི་ཡེ་ཤེས་ལ་སྐྱེ་འཆི་བགྲེས་རྒུད་མེད་པས་ན་གཞོན་ནུ། ལྷུན་གྲུབ་ཀྱི་རྒྱ་མ་རལ་བས་ན་བུམ་སྐུ། འདིའི་ནང་གསལ་ཕྲ་བའི་ཡེ་ཤེས་ལ་མཚོན་ན། སྐུ་དང་ཡེ་ཤེས་མ་འགགས་པས་ན་ནང་གསལ། ཀུན་གྱིས་བརྟག་དཀའ་བའི་གནས་ཡིན་པས་ན་ཕྲ་བའི་ཡེ་ཤེས་སོ། །དེ་ལྟ་བུའི་གཞོན་ནུ་བུམ་པ་སྐུའི་རྒྱ་ཁ་རལ་ཏེ་ཡེ་ཤེས་ཀྱི་རླུང་གཡོས་པས་ཏེ་གཞོན་ནུ་བུམ་སྐུའི་རྒྱ་ཅིའི་ཕྱིར་རལ་ཞེ་ན། རླུང་གཡོས་པས་ཞེས་པ་འདིས་གོ་བ་ཡིན་ཏེ། རླུང་གཡོས་པས་ཞེས་པ་ནི་སྲོག་རླུང་ཡན་ལག་བཞི་ལྡན་ལ་གསུངས་ཤིང་། དེ་ཡང་ཐོག་མ་གཞི་ཡི་གནས་ལུགས་ནང་གསལ་གཞོན་ནུ་བུམ་སྐུའམ་ཤིན་ཏུ་ཕྲ་བའི་ཡེ་ཤེས་ཀྱི་རླུང་ལྔའི་སྙིང་པོ་ངོ་བོ་སྐུ། རང་བཞིན་གསུང་། ཐུགས་རྗེ་རིག་པའི་བདག་ཉིད་ཅན་དུ་གནས་པ་སྲོག་རླུང་ཡན་ལག་བཞི་ལྡན་གྱི་ཆས་བསྐྱོད་པ་ལས་འོད་ལྔ་ནང་གསལ་གྱི་དབྱིངས་བུམ་པའི་སྐུ་ལྟར་གནས་པའི་ཕྱི་རྒྱ་རལ་ཏེ། ལྷུན་གྲུབ་ཀྱི་གདངས་ཕྱིར་གསལ་དུ་ཤར། དེའི་རྣམ་པ་ལ་ཐུགས་རྗེ་རིག་པའི་གདངས་དཔྱོད་བྱེད་ལྟར་དུ་ཤར་བས། རིག་པ་ལ་ལྟོས་པའི་མ་རིག་ཅན་ཞེས་བྱ་སྟེ། གཞི་རང་མལ་ན་ཡོད་པའི་ལྷུན་གྲུབ་རིན་པོ་ཆེའི་གདངས་མ་འགྱུར་ན་ཡང་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ལས། གཞི་སྣང་གི་རྩལ་གཡོས་པས་རིག་ཆའི་གདངས་མཆེད་པའི་དབང་གིས། གཞི་མ་འགྱུར་ཡང་གཞི་སྣང་ཤར་བས་འགྱུར་བ་ལྟར་སྣང་བ་ནི་རིག་པ་གཞི་ནས་འཕགས་པའི་རང་སྣང་ལྷུན་གྲུབ་ཀྱི་སྒོ་བརྒྱད་ཤར་དུས་སྟེང་དུ་ཀ་དག་ཆོས་སྐུའི་སྣང་བ་རང་བཞིན་ཅིར་ཡང་མ་ཡིན་པ་ནམ་མཁའ་སྤྲིན་མེད་ལྟ་བུ། ཐད་ཀར་ལོངས་སྐུ་འོད་གསལ་གྱི་ཞིང་སྣང་ནམ་མཁའི་དབྱིངས་ཁྱབ་པ། དེའི་རྩལ་ལས་འོག་ན་གཞི་སྣང་ཆེན་པོ་དང་དེའི་རྩལ་ལས་འོག་ན་ལོངས་སྐུའི་སྣང་བ་དང་ཕྱོགས་མཚམས་ན་རང་བཞིན་སྤྲུལ་སྐུའི་ཞིང་སྣང་དང༌། མར་འོག་ན་འཁོར་བའི་སྒོ་ལས་འགྲོ་དྲུག་རང་སྣང་གི་ཞིང་ཁམས་ཚད་མེད་པ་སྟེ། དེ་ཐམས་ཅད་ལྷུན་གྲུབ་སྒོ་བརྒྱད་ཀྱི་སྣང་བ་ལས་རང་ཤར་བས་འཁོར་འདས་ཀྱི་སྣང་བ་ཆེན་པོ་དུས་གཅིག་ལ་ཤར་བ་ཞེས་བྱ་སྟེ། ནང་གསལ་ལས་ཕྱི་གསལ་དུ་ཤར་དུས་ངོ་བོའི་སྣང་བ་གོ་མ་འགགས་པར་རང་གསལ། རང་བཞིན་གྱི་སྣང་བ་འོད་ལྔར་ཡེ་གདངས། ཐུགས་རྗེའི་སྣང་བ་སྤྲིན་མེད་པའི་ནམ་མཁའ་ལྟ་བུས་གོ་ཕྱེ་བའི་ཆ་ལས་རང་སྣང་བ་ནི། ཀ་དག་གི་རང་བཞིན་ཅིར་ཡང་མ་ཡིན་པའི་ངང་དེ་ལས། གཞི་རང་མལ་ན་ཡོད་པའི་ལྷུན་གྲུབ་ཀྱི་འཆར་ཚུལ་བརྒྱད་བྱུང་བ་འདི་ལ་རིན་པོ་ཆེ་གའུའི་གནས་ལུགས་སུ་གསུངས་ཤིང་། མ་གྲུབ་པའི་གྲུབ་པ་ཆེན་པོས་གནས་པས་ན་ལྷུན་གྲུབ་ལྟར་འཆར། ཐུགས་རྗེ་ཤར་བའི་གོ་མ་འགགས་པས་སེམས་ཅན་གྱི་དོན་བྱུང་བ་ལ་སོགས་པ་ཡིན་ལ་འོག་ནས་རྒྱས་པར་འབྱུང་ཞིང་དེའི་ཚུལ་ལུང་གིས་གསལ་བ། བཤད་པའི་རྒྱུད་རིག་པ་རང་ཤར་ལས། ངོ་བོ་དེ་མི་འགྱུར་བའི་ཡེ་ཤེས་མ་འགགས་པར་གསལ་བ་གཞོན་ནུ་བུམ་པ་སྐུའི་གནས་ལུགས་ཞེས་བྱའོ། །རང་བཞིན་འོད་ལྔའི་སྣང་བ་མ་འགགས་སོ། །ཐུགས་རྗེའི་སྣང་བ་ནི་དཔེར་ན་སྤྲིན་མེད་པ་ལྟ་བུ། དེ་ནི་ཀ་དག་གི་གནས་ལུགས་ཞེས་བྱ་སྟེ་རྒྱ་གར་ཡང་མ་ཆད་ཕྱོགས་གང་དུའང་མ་ལྷུང་བའོ། །དེའི་འོག་ན་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཞེས་བྱ་བ་ཡོད་དེ་དེ་ལ་འཆར་ལུགས་རྣམ་པ་དྲུག་ཡོད་དོ། །སྒོ་རྣམ་པ་གཉིས་ཡོད་དོ། །དེ་ནི་གཞི་ལྷུན་གྲུབ་ཅེས་ཀྱང་བྱའོ། །གཞི་མ་ངེས་པ་ཞེས་ཀྱང་བྱའོ། །གཞི་སྣ་ཚོགས་སུ་འཆར་བ་ཞེས་ཀྱང་བྱའོ། །དེ་མན་ཆད་ལྡོག་པའི་ས་ཡོད་དོ། །དེའི་འོག་ན་གཞི་སྣང་བ་ཆེན་མོ་ཞེས་བྱ་བ་ཡོད་དོ། །དེའི་འོག་ན་ལོངས་སྐུའི་སྣང་བ་ཡོད་དོ་ཞེས་སོ། །གཞི་ལས་གཞི་སྣང་གཡོས་ཚེ་གདངས་ཕྱིར་འཕགས་ནས་ནང་གསལ་གཞོན་ནུ་བུམ་སྐུའི་ཁ་རྒྱ་རལ་ནས་གཞི་སྐྱེ་མེད་ཀྱི་ངང་ལས་མ་གཡོས་བཞིན་དུ་གཞི་སྣང་ཤར་བ་སྟེ། དེའི་ཚེ་རིག་གདངས་དཔྱོད་བྱེད་ཀྱི་ཤེས་པ་ཤར་བ་ན། རིག་པ་ལ་ལྟོས་པའི་མ་རིག་པ་ཅན་གྱི་ཆ་ཞིག ཀ་དག་སྤྲིན་དེངས་པའི་ནམ་མཁའ་དྭངས་པ་ལྟ་བུའི་ངང་ལས། རང་མལ་ན་ཡོད་པའི་གཞི་ལྷུན་གྲུབ་ཀྱི་འཆར་ཚུལ་བརྒྱད་པོ་དེ་མ་གྲུབ་པའི་གྲུབ་པ་ཆེན་པོའི་ཚུལ་གྱིས་ཤར་རོ། །དེ་ཡང་ཤར་ལུགས་དྲུག་དང་སྒོ་གཉིས་ཀྱིས་བརྒྱད་དོ། །དེ་ཡང་། ཐུགས་རྗེ་ལྟར་ཤར་བ། ཡེ་ཤེས་ལྟར་ཤར་བ། སྐུ་ལྟར་ཤར་བ་ལ་སོགས་པའོ། །ཐུགས་རྗེ་ལྟར་ཤར་བས་སེམས་ཅན་གྱི་དོན་བྱུང་། ཡེ་ཤེས་ལྟར་ཤར་བས་ཡེ་ཤེས་ལྔའི་རང་འོད་དུ་སྣང་། སྐུ་ལྟར་ཤར་བས་རིག་པ་སྐུ་རུ་སྨིན། གཉིས་མེད་ལྟར་ཤར་བས་གཅིག་དང་དུ་མ་ལས་གྲོལ། དག་པ་ཡེ་ཤེས་ཀྱི་སྒོ་ལྟར་ཤར་བས་བདེ་གཤེགས་སྙིང་པོ་ཀ་དག་ཏུ་ཤར། མ་དག་པའི་འཁོར་བའི་སྒོ་ལྟར་ཤར་བས་རིགས་དྲུག་གི་སེམས་ཅན་ལ་དམིགས་པ་མེད་པའི་སྙིང་རྗེ་སྐྱེ། འོད་ལྟར་ཤར་བས་སྣང་བ་ཐམས་ཅད་ནང་ན་གསལ། མཐའ་གྲོལ་ལྟར་ཤར་བས་མཐའ་གང་ལའང་མི་གནས་པའོ།།

༼ཁ རང་བཞིན་རྒྱས་པར་བཤད་པ།

ཀ༽ གཞི་སྣང་ལྷུན་གྲུབ་ཀྱི་འཆར་ཚུལ་སྤྱིར་བསྟན་པ།

གཉིས་པ་གཞི་ལས་གཞི་སྣང་གི་འཆར་ལུགས་དེ་ཉིད་རྒྱས་པར་བཤད་པ་ལ། གཞི་སྣང་ལྷུན་གྲུབ་ཀྱི་འཆར་ཚུལ་སྤྱིར་བསྟན་པ་དང༌། དེའི་སྣང་ལུགས་ཆེན་པོ་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་གཞི་སྣང་ལྷུན་གྲུབ་ཀྱི་འཆར་ཚུལ་སྤྱིར་བསྟན་པ་ནི། ནང་གཞོན་ནུ་བུམ་པ་སྐུའི་རྒྱ་ཁ་རལ་ཏེ་རིན་པོ་ཆེ་གའུའི་གནས་ལུགས་ལྷུན་གྲུབ་སྒོ་བརྒྱད་ཀྱི་སྣང་བ་རང་ཤར་བ་ནི། བཀྲ་ཤིས་མཛེས་ལྡན་ལས། ཀྱེ་མ་ང་ལ་འཁྲུལ་བ་མེད་ཀྱང་ངའི་རྩལ་ལས་འཁྲུལ་བ་བྱུང་སྟེ་གཞི་མི་འགྱུར་བ་ལས་རང་བཞིན་མ་འགགས་པར་ཤར་ནས་ཐུགས་རྗེ་མ་ངེས་པ་ལས་མ་རིག་པ་རང་བྱུང་སྟེ། དཔེར་ན་ནམ་མཁའ་ལ་སྤྲིན་ཡང་དག་པར་ཡོད་པ་མ་ཡིན་ཏེ་གློ་བུར་དུ་སྤྲིན་བྱུང་བ་དང་འདྲ་བར་གཞི་ལ་མ་རིག་པ་ཡོད་པ་ཅང་མ་ཡིན་ཏེ་ཐུགས་རྗེ་ལྟར་ཤར་བ་ལས་མ་རིག་པ་བྱུང་སྟེ་གཞི་ལྷུན་གྲུབ་ཀྱི་གནས་ལུགས་ཞེས་བྱ་བ་ཆགས་སོ། །དེ་ཡང་མ་ངེས་པའི་སྣང་བ་ཆེན་པོ་ཞིག་ཏུ་གནས་སོ། །དེ་ཡང་འཆར་ལུགས་རྣམ་པ་བརྒྱད་དང་ལྡན་པ་རིན་པོ་ཆེ་གའུའི་གནས་ལུགས་ཞེས་བྱ་སྟེ་འདོད་ཡོན་གྱི་གོ་མ་འགགས་པའོ། །མ་གྲུབ་པའི་གྲུབ་པ་ཆེན་པོར་གནས་པ། ཐུགས་རྗེ་ལྟར་འཆར་བའི་གོ་མ་འགགས་པ། འོད་ལྔར་འཆར་བའི་སྣང་བ་མ་འགགས་པ། ཡེ་ཤེས་ལྟར་འཆར་བའི་ལོངས་སྤྱོད་མ་འགགས་པ། སྐུ་ལྟར་འཆར་བའི་ངོ་བོ་མ་འགགས་པ། གཉིས་མེད་ལྟར་འཆར་བའི་ལྟ་བ་མ་འགགས་པ། མཐའ་གྲོལ་ལྟར་འཆར་བའི་ཐབས་མ་འགགས་པ། དག་པ་ཡེ་ཤེས་ཀྱི་འཇུག་སྒོ་མཐར་ཕྱིན་པ། མ་དག་པའི་ཐུགས་རྗེ་མ་འགགས་པ། འདོད་ཡོན་གྱི་ནོར་བུ་རིན་ཆེན་ལྟ་བུའོ་ཞེས་པ་དང༌། ཐུགས་རྗེའི་རྩལ་ལས་འདོད་ཡོན་གྱི་གོ་མ་འགགས་པ་གསུངས་པའོ། །རིན་པོ་ཆེ་སྤུངས་པ་ལས། མི་འབྱེད་ཐུགས་རྗེ་ཆེན་པོ་ལས། །ལྷུན་གྲུབ་གདགས་པ་མ་ངེས་པ། །འཆར་བྱེད་བརྒྱད་ཀྱི་ཚུལ་དུ་འབྱུང༌། །དེ་ཡི་སྣང་ཚུལ་མ་འགགས་པ། །ཐུགས་རྗེ་ལྟ་བུའི་འཆར་ཚུལ་ལས། །སེམས་ཅན་ཀུན་གྱི་སྐྱོབ་པའི་གནས། །སྣང་བ་རང་གསལ་འགག་མེད་ལས། །འོད་ལྔའི་གསལ་བྱེད་ཚུལ་དུ་སྣང༌། །མཁྱེན་ཆའི་སྣང་བ་མ་འགགས་པ། །ཡེ་ཤེས་དག་པའི་སྒོ་ཉིད་དུ། །སྣང་བ་འགགས་མེད་ལམ་ལྟར་ཤར། །རང་སྣང་ལུས་ཀུན་མཐའ་རྫོགས་ཕྱིར། །ཆོས་རྣམས་ཀུན་གྱི་སྐུ་ལྟར་སྣང༌། །ཤེས་པའི་ངོ་བོ་གཅིག་ཡིན་པས། །གཉིས་སུ་མེད་པ་ལྟར་ཡང་ཤར། །དེ་ཉིད་རང་སར་གནས་མེད་པས། །མཐའ་གྲོལ་ཆེན་པོའི་སྣང་བར་ནི། །ངེས་མེད་ལྷུན་གྲུབ་གཞི་ལ་སྣང༌། །རིག་པ་ཟང་ཐལ་ཚིག་རྫོགས་ཕྱིར། །དག་པ་ཡེ་ཤེས་ཉིད་ཀྱི་སྒོར། །ངོ་བོ་ཉིད་དང་འབྲེལ་བའོ། །བྱུང་ཚུལ་འགག་པ་མེད་པའི་ཕྱིར། །སེམས་ཅན་ཀུན་གྱི་བྱུང་ཁུངས་སུ། །མ་དག་འཁོར་བའི་སྒོ་ལྟར་ཡང༌། །ཁྱབ་བྱེད་སྣང་བའི་ཆ་ལས་ཤར། །འདི་ཀུན་འཆར་བྱེད་བརྒྱད་དུ་སྣང༌། །སྣང་བའི་ཚུལ་དུ་རང་ཤར་བས། །ལྷུན་གྱིས་གྲུབ་པའི་སྣང་བ་ཞེས། །རིན་པོ་ཆེ་ཡི་ཚུལ་དུ་སྣང༌། །ཞེས་སོ།།

ཁ༽ སྣང་ལུགས་ཆེན་པོ་བྱེ་བྲག་ཏུ་བཤད་པ།

གཞི་སྣང་གི་རིག་པ་འདི་སྤྱིར་གཞི་ལམ་འབྲས་གསུམ་གྱི་ནང་ནས་གཞི་རྒྱུད་ཡིན་ཡང་གཞི་རྒྱུད་དེ་ལ་གཞི་གཞི་སྣང་གཉིས་ཀྱི་ཟླས་ཕྱེ་པའི་གཞི་མིན་པ་ནི། དཔེར་ན་སྒྱུ་འཕྲུལ་སྐབས་ཀྱི་གཞི་རྒྱུད་ལྟར་ཡིན་སྙམ། གཉིས་པ་སྣང་ལུགས་ཆེན་པོ་བྱེ་བྲག་ཏུ་བཤད་པ་ནི། དེ་ལྟར་ཤར་བའི་ཚེ་སྣང་སྲིད་འོད་དང་སྐུར་ཤར་བས་ཐམས་ཅད་ལྷུན་གྲུབ་ཀྱི་ཞིང་སྣང་བ་ཞེས་བྱའོ། །དེའི་ངོ་བོའི་རྩལ་ལས་ལོངས་སྐུའི་སྣང་བ་དང༌། ཡོན་ཏན་གྱི་རྩལ་ལས་རང་བཞིན་སྤྲུལ་སྐུའི་ཞིང་སྣང་དང༌། ཐུགས་རྗེའི་རྩལ་ལས་འཁོར་བའི་སྒོ་རང་སྣང་དུ་རྨི་ལམ་ལྟར་ཤར་བ་སྟེ། བཀྲ་ཤིས་མཛེས་ལྡན་ལས། ནང་གཞོན་ནུ་བུམ་པའི་སྐུ་ཞེས་བྱ་བ་རྒྱ་ཁ་རལ་ཏེ་ཕྱི་ལྷུན་གྲུབ་ཀྱི་གནས་ལུགས་སུ་གནས་སོ། །དུས་དེ་ཙམ་ན་ངའི་སྣང་བ་ཕྱིར་རལ་ཏེ། སང་མ་སེང་མ། ཤག་མ་ཤིག་མ། ཁྲལ་མ་ཁྲོལ་མ། ཡང་མ་ཡེང་མ། འགུལ་བ། འཕྲིག་པ། སྣ་ཚོགས་སུ་འཕྲོ་བ་འབྱུང་ངོ༌། །དེ་ནས་ལྷུན་གྲུབ་ཀྱི་གནས་ལུགས་ཆེན་པོ་ཆགས་སོ། །དེའི་ཡེ་ཤེས་ཀྱི་གོ་མ་འགགས་པ་ལས་ལོངས་སྤྱོད་རྫོགས་སྐུའི་ཞིང་གི་སྣང་ལུགས་ཆགས་སོ། །ཡོན་ཏན་གྱི་གོ་མ་འགགས་པ་ལས་རང་བཞིན་སྤྲུལ་སྐུའི་སྣང་ལུགས་སྲིད་དོ། །དེའི་ཐུགས་རྗེའི་གོ་མ་འགགས་པ་ལས་མ་དག་པའི་སྣང་ལུགས་བྱུང་ངོ་ཞེས་སོ། །དེ་ལྟར་གཞི་སྣང་ལ་ལྷུན་གྲུབ་ཀྱི་སྒོ་ཡོད་པས་དག་པའི་ཞིང་དང་མ་དག་པའི་འཁྲུལ་སྣང་མཐོང་བའི་གནད་ཀྱང་འདི་ལ་ཐུག་གོ །ལྷུན་གྲུབ་ཀྱི་འཆར་སྒོ་བརྒྱད་ལས་འཁོར་འདས་ཀྱི་ཆོས་ཐམས་ཅད་འབྱུང་བའི་གོ་མ་འགགས་པ་ཇི་ལྟར་ཤར་བ་གོང་དུ། བཀྲ་ཤིས་མཛེས་ལྡན་གྱི་ལུང་གིས་གསལ་བ་ལྟར། སྐུ་དང་ཡེ་ཤེས་ཀྱི་རང་འོད་ལས་ལམ་མངོན་པར་སྣང་བའི་གཞི་ལོངས་སྐུའི་འོད་གསལ་དག་པའི་འབྱུང་ལྔ་རུ་ཤར་བ་དང་། དེའི་གདངས་སམ་རྩལ་མ་འགགས་པ་ལས་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་དང་། དེའི་གདངས་ལས་འགྲོ་འདུལ་སྤྲུལ་སྐུ། དེ་ལས་གདུལ་ཞིང་དག་མ་དག་གི་འཇིག་རྟེན་ཁམས་ཤར་བའོ། །དེ་རྣམས་ནི་གནས་ལུགས་ཆེན་པོ་གཅིག་ལས་སྣང་ཚུལ་འདྲ་མིན་དུ་བྱུང་བའོ།།

༼ག རྣམ་པས་དོན་བསྡུ་བ།

གསུམ་པ་རྣམ་པས་དོན་བསྡུ་བ་ནི། དེ་ལྟ་བུའི་གཞི་སྣང་དེའི་རང་ངོ་ལ་སྣང་ཚུལ་དེ་ལྟར་སྣང་ཡང་འཁྲུལ་མ་འཁྲུལ་གང་དུའང་མ་གྲུབ་སྟེ། མུ་ཏིག་ཕྲེང་བ་ལས། གཞི་སྣང་ཆེན་པོ་དེ་ཉིད་ལ། །མ་རིག་པ་ཞེས་བཏགས་མེད་པས། །འཁྲུལ་བར་གྲུབ་པ་ཡོད་མ་ཡིན། །བློ་ཞེས་ཀུན་ཏུ་མ་བཏགས་པས། །དྲི་མ་འཁྲུལ་བའི་མིང་ཡང་མེད། །མིང་དང་ཡི་གེའི་ཚོགས་མེད་པས། །བཏགས་པའི་འཁྲུལ་བ་ཡོད་མ་ཡིན། །ཆོས་ཞེས་མིང་དུ་མ་གྲགས་པས། །བློས་བཏགས་འཁྲུལ་བའི་མིང་ཡང་མེད། །སེམས་དང་ཡིད་དུ་མ་གྲུབ་པས། །འགྱུ་བྱེད་འཁྲུལ་བ་ངང་གིས་མེད། །ཕྲ་རགས་དྲི་མ་གཉིས་མེད་པས། །འབྱུང་རྐྱེན་འཁྲུལ་བ་ངང་གིས་མེད། །བྱ་དང་བྱེད་པོ་གཉིས་མེད་པས། །ཡུལ་འཛིན་འཁྲུལ་བ་ག་ལ་ཡོད། །ཅེས་སོ། །འོན་ཀྱང་རང་ངོ་ཤེས་པའི་གྲོལ་རྐྱེན་བྱེད་པའི་ཆ་ནས་གྲོལ་གཞི་ཞེས་བཏགས་ལ། མ་ཤེས་ན་འཁྲུལ་རྐྱེན་བྱེད་པའི་ཆ་ནས་འཁྲུལ་གཞི་ཞེས་བཏགས་པ་ཡིན་ནོ། །གཞི་ལ་ཐོག་མའི་གཞི་དང་གནས་སྐབས་ཀྱི་གཞིའི་ལྡོག་པ་གཉིས་སུ་ཡོད་པར་གོ་དགོས་ལ། དེ་ཡང་ཐོག་མའི་གཞི་ནི་ཀ་དག་གི་རང་ངོ་ན་འཁོར་འདས་གང་ཡང་མ་གྲུབ་པར་འཁོར་འདས་གཉིས་ཀ་འཆར་རུང་གི་གདངས་ཙམ་ཞིག་ཡོད་པ་ལ་གོ་དགོས་ཤིང་། གཞི་ལས་གཞི་སྣང་མཆེད་དུས་རང་ངོ་ཤེས་ན་སངས་རྒྱས་པའི་ལམ་ཡིན་ལ། རང་ངོ་མ་ཤེས་ན་འཁོར་བར་འཁྱམས་པའི་ལམ་ཡིན་པས་ལམ་གཉིས་ཀྱི་འདུས་མདོ་གྱེས་ས་དེ་གཞི་སྣང་གི་སྟེང་ནས་ངོས་འཛིན་དགོས་པས། དེ་ཡང་གཞི་སྣང་འདི་གྲོལ་གཞི་ཡིན་ལ། ཀ་དག་ནི་གྲོལ་ས་ཡིན་པས་འདི་གཉིས་ཀྱི་བྱེ་བྲག་ཕྱེད་པའང་ཤིན་ཏུ་གལ་ཆེ་སྟེ་ལེགས་པར་ཕྱེད་པ་ཤིན་ཏུ་ཉུང་ངོ༌། །གཞིའི་བཞུགས་ཚུལ་འདི་མ་ཤེས་ན་རྫོགས་པ་ཆེན་པོའི་གྲུབ་མཐའ་ཤེས་ཐབས་མེད་ལ། དེ་ཡང་རྩ་བ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་གསུམ་པོ་ལ་ཐུག་ཅིང་། གཞི་འདི་ལ་དབྱིངས་ཀྱི་གཞི་དང་། གནས་སྐབས་ཀྱི་གཞི་གཉིས་ཡོད། དེ་གཉིས་ལ་འོད་ཀྱི་ཁང་པར་དངོས་ན་འདུག་པ་དང་། མི་འདུག་པའི་ཁྱད་པར་ཡོད་གསུངས་པ་ནི། གཞི་ལས་གཞི་སྣང་ཤར་བས་གཞི་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ལས་གཞི་མ་འགྱུར་བ་ལས་རང་བཞིན་མ་འགགས་པར་ཤར་ཚེ། ལྷུན་གྲུབ་སྒོ་བརྒྱད་ཀྱི་ཤར་ལུགས་དེ་ཤར་ན། ངང་ལས་མ་གཡོས་པའི་གདངས་སམ་རྩལ་སྣང་ཤར་བའི་གཞི་དེའི་ངང་དུ་མཐར་ཕྱིན་པ་འབྲས་བུ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་དང་། གཞི་ལས་གཞི་སྣང་དུ་གཡོས་པའི་འོད་གསལ་གྱི་ཐིག་ལེ་དེའི་གདངས་གཡོས་པ་ལ་གཞི་སྣང་ལྷུན་གྲུབ་རིན་པོ་ཆེའི་སྦུབས། དེ་ལ་ཡང་ཕྱིར་གསལ་གྱི་སྣང་བ་ཡིན་པར་གསུངས་སོ། །འདི་ལ་བརྟེན་ནས་འཁྲུལ་རྐྱེན་བྱེད་པས་འཁྲུལ་བར་བཏགས་པ་ནི་དུང་དཀར་པོ་ལ་སེར་པོར་འཁྲུལ་རྐྱེན་བྱས་པ་ལྟ་བུ་སྟེ། འཁྲུལ་བ་དངོས་མ་ཡིན་ཡང་རྐྱེན་བྱས་དུས་བཏགས་པ་ནི། མུ་ཏིག་ཕྲེང་བ་ལས། ཁྱད་པར་ཆེན་པོའི་སྣང་བ་ལས། །ཡོད་དང་མེད་པ་གཉིས་བྱུང་སྟེ། །སྤྱི་ལ་འཁྲུལ་གཞི་ཞེས་བྱ་སྟེ། །མ་རིག་ཉིད་དང་སྤགས་པའི་ཕྱིར། །ཤེས་བྱ་ཉིད་ཀྱང་དྲི་མར་སྣང༌། །ཞེས་དང༌། དུང་ཡིག་ཅན་ལས། དེ་ལ་མ་ངེས་ལྷུན་གྲུབ་གཞི། །མ་རིག་གསུམ་དང་རྐྱེན་བཞི་དང༌། །ཤེས་པས་སྤགས་པའི་འཁྲུལ་བའོ། །ཞེས་སོ། །གཞིའི་གནས་སྐབས་སུ་ཀ་དག་དང་ལྷུན་གྲུབ་གཉིས་ཀ་རྫས་ཐ་དད་པ་ཞིག་ཡིན་ན། གཅིག་གི་གྲུབ་མཐའ་གཅིག་གིས་བཤིག་པའི་སྐྱོན་ཡོད་ཅིང་། དེས་ན་དེ་གཉིས་ངོ་བོ་གཅིག་ཡིན་པ་ལ་རང་ལྡོག་མ་འདྲེས་པའི་གོ་བ་གཞིར་བཞག་གི་ཐོག་ནས། རང་ལྡོག་མ་འདྲེས་པའི་གནས་སྐབས་ན་གཞི་འབྲས་ལ་མ་རིག་པ་མི་ལྡན་པའི་ཆ་ནས་ཀ་དག་དང་། གཞི་འབྲས་ཀྱིས་མ་རིག་པ་མ་སྤངས་ལ་མི་ལྡན་པའི་ཆ་ནས་ལྷུན་གྲུབ་ཅེས་བྱ་བ། དེས་ན་གཞི་སྣང་དུ་ཤར་བའི་ལམ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ལ་འཁོར་འདས་སུ་སྣང་བའི་གྲོལ་འཁྲུལ་གཉིས་ཀའི་གཞི་ཡོད་པ་གོའོ། །དེ་ལྟ་བུའི་གཞི་སྣང་དེ་ལ་རང་ངོ་ལྷུན་གྲུབ་ཀྱི་སྣང་བ་ནམ་མཁའི་མཐའ་འཁོར་འདས་སུ་སྣང་བ་རྒྱ་ཆེ་ཞིང་རིག་མ་རིག་ལས་འཁོར་འདས་འབྱུང་བས་དབྱིངས་ཆེ་བའི་ཕྱིར་སྔོན་མེད་པའི་རང་སྣང་ཤོང་ཆེ་ལ་མཚར་ཆེ་བ་ཞེས་བྱ་སྟེ། མུ་ཏིག་ཕྲེང་བ་ལས། གསལ་བ་མངོན་སྣང་བརྗིད་རེ་ཆེ། །སྣང་བ་ཉིད་ནི་ལྷུན་རེ་སྟུག །ཆོས་སྐུ་ངོ་སྤྲོད་དང་རེ་སྤྲོ། །ངོ་བོ་ཟང་ཐལ་སྦུབས་རེ་ཡངས། །རང་བཞིན་ཀུན་ཁྱབ་གདལ་རེ་ཆེ། །ཐུགས་རྗེ་ཀུན་འབྱུང་སྐྱིད་རེ་ཆེ། །ཁྱབ་པ་ཡེ་གདངས་བཀྲག་རེ་གསལ། །གནས་པ་ཐོགས་མེད་བང་རེ་མགྱོགས། །རིག་པའི་རང་གདངས་འོད་རེ་གསལ། །སྟོང་པ་ཀུན་འབྱུང་ངོ་རེ་མཚར། །མ་བཙལ་བཞག་པས་རྒྱུན་རེ་རིང༌། །མ་བཀག་རང་འབྱུང་གདལ་རེ་ཆགས། །སྣང་སྲིད་གཞིར་བཞེངས་དཔངས་རེ་མཐོ། །འབད་མེད་རང་གྲོལ་རྒྱ་རེ་ཆེ། །ཡེ་ཐོག་ཆེན་པོ་འཁོར་རེ་མཁས། །ཁ་དོག་ལྔ་ལྡན་བྲིས་རེ་ལེགས། །སྣང་སྲིད་རྣམ་དག་ཁོད་རེ་སྙོམས། །རང་བྱུང་འོད་གསལ་བཀོད་རེ་ལེགས། །གཞི་སྣང་ཆེན་པོ་ཤོང་རེ་ཆེ། །འཁོར་འདས་གཉིས་པོ་འབྲེལ་རེ་མཁས། །སྐུ་ལྔ་ཡེ་ཤེས་བརྩེགས་རེ་ལེགས། །ཞེས་སོ། །གཞི་དང་གཞི་སྣང་གི་འཆར་ལུགས་དེ་རྣམས་རང་ངོ་གཟིགས་པ་རྣམས་ལ་གྲོལ་རྐྱེན་དུ་གྱུར་ནས་སངས་རྒྱས་པ་དང་། མ་ཤེས་པ་རྣམས་ལ་སོ་སོའི་ཆ་བརྒྱད་པོས་འཁྲུལ་གཞི་རེ་བྱས་ནས་འཁོར་བའི་གནས་སུ་འཕེན་པར་བྱེད་དོ། །དེ་ཡང་ལྷུན་གྲུབ་ཀྱི་སྣང་ཚུལ་གྱི་ཆ་ནས་སྐྱོན་ཡོན་དུ་ཤར་བ་མིན་ཡང་། འཁྲུལ་བ་འཇུག་ཚུལ་གྱི་ཆ་ནས་བདག་གཞན་གཉིས་སྣང་དུ་གྲུབ་ལ། འཁྲུལ་བ་ལྡོག་ཚུལ་གྱི་ཆ་ནས་མཐའ་གྲོལ་རིས་མེད་དུ་རྟོགས་ནས་སངས་རྒྱས་པ་ཡིན་ནོ། །དེས་ན་གཞིའི་མཚན་ཉིད་མ་རྟོགས་ནས་རང་ངོ་མ་ཤེས་པ་ཞིག་ལ་ལྷུན་གྲུབ་སྐྱོན་དུ་སྣང་ལ། རྟོགས་ནས་རང་ངོ་ཤེས་པ་ལ་ལྷུན་གྲུབ་ཡོན་ཏན་དུ་འཆར་བ་ཡིན་པས། འཁྲུལ་གཞི་དང་གྲོལ་གཞིའི་སྒོ་ལྷུན་གྲུབ་ལ་ཐུག་པས་བར་དོ་ཐ་མ་ལ་ལྷུན་གྲུབ་སྒོ་བརྒྱད་ཀྱི་སྣང་བ་ཤར་ཚེ་གདམས་ངག་ཐོས་པའི་ཉམས་མྱོང་གི་གདེང་བསྐྱེད་པ་གལ་ཆེ་བ་ཡིན་ལ། རྟོགས་པ་མ་སྐྱེས་ཤིང་གོམས་པ་ཡུན་ཐུང་བ་རྣམས་ནི་རང་ས་མི་ཟིན་པས་སྲིད་པ་བར་དོར་ཁ་འཁྱལ་བ་ཡིན་ནོ། མདོར་བསྡུ་ན། དེའི་སྐབས་སུ་ཀ་དག་གི་རྩལ་སྣང་རང་མལ་དུ་བསྡུ་ཐུབ་དགོས་པ་ཡིན་ལ། དེ་བསྡུ་མ་ཐུབ་ཚེ་ཉི་ཟླ་ས་ལ་ལྷུང་བ་མེད་ཀྱང་འོད་ཟེར་གླིང་བཞིར་ལྷུང་བ་ལྟར། ཀ་དག་གི་གཤིས་སུ་འཁྲུལ་བ་མེད་ཀྱང་ལྷུན་གྲུབ་ཀྱི་རྩལ་ལས་རང་ངོ་མ་ཤེས་ན་འཁྲུལ་བ་སྲིད་པ་ཡིན་ནོ། །དེ་རང་ཉིད་ཀྱི་ད་ལྟའི་རིག་པ་བཟོ་མེད་སྐད་གཅིག་དྲན་རྫོགས་ལ་སྦྱར་ན། སྐྱེ་མེད་སྤྲོས་མཐའ་དང་བྲལ་བ་ནི་ཀ་དག་བདེ་གཤེགས་སྙིང་པོ། མཁྱེན་ཆ་ནང་གསལ་གྱི་ཡེ་ཤེས་ནི་གཞི་ལྷུན་གྲུབ་ཆེན་པོ། ལྷག་མཐོང་ཁྱད་པར་ཅན་གྱི་སོ་སོར་རྟོག་པ་ནི་ལམ་ལྷུན་གྲུབ་ཆེན་པོ། དེའི་རང་བཞིན་ཤེས་པའི་སངས་རྒྱས་ནི་འབྲས་བུ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཡིན་ནོ། །གཞི་སྣང་ལྷུན་གྲུབ་ཀྱི་འཆར་སྒོའི་རྩལ་རྣམ་ཤེས་ཚོགས་བརྒྱད་དང་འབྲེལ་བའི་ཚེ་འཁོར་བ་ཡང་རང་ལ་ཤར་བ་ཡིན་ནོ། །དེ་བས་ན་འཁོར་འདས་རིག་པའི་ཆོས་ཉིད་དུ་གཅིག་པས་སངས་རྒྱས་དང་སེམས་ཅན་ཞེས་པ་དེ་སྣང་བ་རང་ངོ་འཕྲོད་མ་འཕྲོད་ཙམ་གྱི་ཁྱད་པར་ལས་མེད་པ་ཡིན་པས། ཐོག་མའི་འཁྲུལ་དུས་དང་། བར་དུ་ལམ་ཉམས་སུ་ལེན་པའི་དུས་དང་། ཐ་མར་བར་དོའི་གནས་སྐབས་གསུམ་པོ་གང་གི་སྐབས་ཡིན་ཡང་གཞི་ལས་གཞི་སྣང་གི་འཆར་ཚུལ་གྱི་གནད་འདི་ངོས་ཟིན་ན། གཉིད་སད་ཚེ་རྨི་ལམ་རང་ལོག་ཏུ་འགྲོ་བ་བཞིན་འཁོར་འདས་རྒྱ་གྲོལ་དུ་འགྲོ་བའི་གནད་ངོ་ཤེས་པ་ཡིན་ནོ། །དེ་བཞིན་དུ་གཞི་སྣང་གི་གདངས་གཞི་ལ་ཐིམ་ཚུལ་ཡང་། རང་ངོ་ཤེས་ན་གྲོལ་སྟོབས་ཀྱིས་ཐིམ་པ་དང་། མ་ཤེས་ན་འཁྲུལ་སྟོབས་ཀྱིས་ཐིམ་པ་གཉིས་སུ་ཡོད་ལ། ཐིམ་ཞེས་པ་ཡང་། ཐིམ་བྱ་ཐིམ་བྱེད་གཉིས་དང་པོ་ག་ཤེད་ནས་བྱུང་སྟེ་མཐར་ག་ཤེད་དུ་སོང་བ་ལྟ་བུ་མིན་པར། ཤེལ་ལ་ཉི་མ་ཕོག་པའི་འོད་ཉི་མ་ཡོད་མེད་ཀྱི་རྗེས་སུ་འགྲོ་བའམ། རྨི་ལམ་རྨི་བདོ་བ་གཉིད་ཀྱི་ངང་དུ་ཐིམ་པ་ལྟར་སྣང་བའི་ཆ་དེ་དག་གང་ཡང་མེད་པར་སོང་བ་དེ་ལ་གདངས་ནང་དུ་ལོག་པ་ཞེས་བྱ་སྟེ། དང་པོར་གཞན་ནས་བྱུང་བ་ཡང་མེད་ལ། མཐར་གྱིས་ག་ཤེད་དུ་སོང་བའང་མེད་དོ།།

༼ག༽ ཀུན་ཏུ་བཟང་པོའི་གྲོལ་ལུགས་བཤད་པ།

༼ཀ དང་པོ་གཞི་སྣང་མཐོང་ནས་སྐད་ཅིག་ལ་གྲོལ་ཚུལ།

དེ་ཡན་གྱིས་གཞི་ལས་གཞི་སྣང་འཆར་ཚུལ་བཤད་ནས། དོན་གསུམ་པ་ཀུན་ཏུ་བཟང་པོའི་གྲོལ་ལུགས་ནི། ཀུན་ཏུ་བཟང་པོའི་གྲོལ་ཚུལ་འདི་ལ་ཞིབ་ཏུ་དབྱེ་བ་བྱས་ན། དང་པོ་གཞི་སྣང་མཐོང་ནས་སྐད་ཅིག་ལ་གྲོལ་ཚུལ། བར་དུ་གྲོལ་ནས་དབྱིངས་ན་ཇི་ལྟར་བཞུགས་པ། ཐ་མ་དེ་ལས་གཞན་དོན་མཛད་ཚུལ་རྣམས་ཡོད་པ་ལས། དང་པོ་ནི། རང་སྣང་རང་ངོ་ཤེས་པའི་སྐད་ཅིག་ལ། མ་རིག་པ་ཆ་དང་བཅས་པ་རང་དག་ལ་སོང་ནས་གཞི་སྣང་ལྷུན་གྲུབ་ཀྱི་འཆར་ཚུལ་དེ་ནང་ཐིམ་ཀ་དག་གི་ས་ལ་རང་སོར་གནས་པའི་གཞི་ལས་འཕགས་པའི་སྐད་ཅིག་དེའི་ཐོག་ནས་རང་སྣང་དུ་བྱེ་བྲག་ཕྱེད་པ་མ་ཟད་ཕྱེད་ཐོག་དེ་ནས་གྲོལ་བ་ཡིན། དེ་ལ་ཚོགས་ཆེན་ཡེ་རྫོགས་ཀྱི་སངས་རྒྱས་ཞེས་བྱ་ལ། འོན་ཀྱང་ལམ་མས་སྦྱངས་ཀྱི་ཚོགས་གཉིས་རྫོགས་ཚུལ་དང་མི་འདྲ་སྟེ། དེ་དག་ནི་ལམ་མས་སྦྱངས་ཀྱི་སེམས་པ་ཡིད་ཀྱི་ལས་དང་། བསམ་པ་ལུས་ངག་གི་ལས་ལ་བརྟེན་ནས་རྣམ་པར་སྨིན་པ་ཚོགས་གཉིས་དཀར་པོ་བསྐྱེད་པའི་འབྲས་བུ་ཡིན་ལ། འདིར་ནི་ཆོས་དབྱིངས་དགེ་སྡིག་ལས་འདས་པའི་དོན་མངོན་དུ་བྱས་པ་ལ་ཚོགས་གཉིས་རྫོགས་པའི་ཐ་སྙད་བཏགས་པའོ། །མདོར་ན་དེའི་ཚེ་གོང་དུ་བཤད་པའི་ཡེ་ཤེས་རྣམ་པ་གཉིས་ཀྱི་སྣང་བ་རྒྱས་པའོ། །དེ་ཡང་གཞི་ལས་འཕགས་པའི་སྐད་ཅིག་ལ་གཞི་སྣང་ལྷུན་གྲུབ་ཀྱི་སྒོ་བརྒྱད་རང་སྣང་དུ་ཤར་བ་སྟེ། གཞན་དུ་མ་བཟུང་བར་གཟུ་བོའི་བློས་རང་གདངས་སུ་ངོ་ཤེས་པས་འགྱུ་བ་རང་ཐོག་ཏུ་ཆོད་དེ་སྐད་ཅིག་དང་པོ་ལ་རང་སྣང་དུ་ཤར་བ་རང་ངོ་ཤེས་པས་རྟོགས་པ་སྐྱེས་ཏེ་བྱེ་བྲག་ཕྱེད། གཉིས་པ་ལ་འཁྲུལ་བ་སངས་ཤིང་ཡེ་ཤེས་རྒྱས་པས་གཞི་འབྲས་བུར་སྨིན་ཏེ་ངོ་བོ་ཡེ་སངས་རྒྱ་ལ་རྟོགས་པས་ཡང་སངས་རྒྱས་པ་ཞེས་བྱ། རང་སྣང་ཀ་དག་ཏུ་ཐིམ་ནས་གཞི་ཐོག་ཏུ་ཀུན་གྱི་སྔོན་རོལ་ཏུ་སངས་རྒྱས་པའི་སྟོན་པ་ཀུན་ཏུ་བཟང་པོ་ཞེས་བྱ་སྟེ། གཞི་ལས་འཕགས་པའི་སྐད་ཅིག་ལ། ཞེས་པ་ནི། ཐོག་མའི་གཞི་དབྱིངས་ལས་ལྷུན་གྲུབ་ཀྱི་ནང་གདངས་ཕྱིར་འཕགས་ཏེ་ཐུགས་རྗེའི་རིག་པ་དེ་མ་རིག་པའི་ཆར་ལྡོག་པའི་མགོ་བརྩམས་པ་ཙམ་ནས་རིག་པའི་ཆོས་ཉིད་ཀུན་ཏུ་བཟང་པོས་རང་སྣང་རང་བཞིན་མེད་པར་ཤེས་པས་རྟོག་དཔྱོད་ཀྱི་རྒྱུན་ཆད། གཞི་སྣང་ལྷུན་གྲུབ་ཀྱི་འཆར་ཚུལ་ཐམས་ཅད་རང་སྣང་རང་བཞིན་མེད་པའི་ངང་དུ་རང་ལོག་སྟེ་ཕྱིན་ཆད་འཁྲུལ་མི་ཤེས་པའི་ཀ་དག་གི་ས་ལ་ཐིམ་ནས་སངས་རྒྱས་ཐམས་ཅད་ལས་སྔོན་རོལ་བའི་སྟོན་པར་སངས་རྒྱས་པ་ཡིན་ཏེ། ཐལ་འགྱུར་ལས། དེ་ལྟར་འཁོར་འདས་ཐོག་མཐའ་ལས། །སངས་རྒྱས་འཁྲུལ་བར་མ་གྱུར་པ། །གཞི་ལས་འཕགས་པའི་དབང་པོ་ཡིས། །རང་སྣང་རང་བཞིན་མེད་པར་ཤེས། །རྟོག་དཔྱོད་ཡིད་རྣམས་ཕྱིར་མ་ཤོར། །འགྱུ་བ་རང་ཐོག་ཆོད་པའོ། །དེ་ཡང་གནས་ལུགས་ཆེན་པོ་ལས། །འཁྲུལ་ཞེས་ཀ་ནས་དག་པ་ལ། །མ་འཁྲུལ་ཉིད་དུ་བཅོས་སུ་མེད། །མེད་སྣང་མཐོང་བ་མེད་པའི་ཆོས། །བྱས་བྱུང་རྟོག་པ་རང་འགགས་སོ། །འཁྲུལ་ནས་དམིགས་པར་སྣང་བ་ཡིན། །རང་བཞིན་ཡེ་གདངས་མི་དམིགས་པས། །ཆོས་ཀུན་མཉམ་པར་རོ་གཅིག་གོ །མི་མཛད་རྟོག་བྲལ་ཡེ་སངས་རྒྱས། །ཞེས་པ་དང༌། རང་བྱུང་བདེ་བ་འཁོར་ལོའི་རྒྱུད་ལས། ཉུག་ཙམ་ལས་ནི་རིག་བྱུང་ནས། །ཝལ་གྱིས་གསལ་ནས་སྒྲོ་སྐུར་བྲལ། །ཞེས་པ་དང༌། མཚན་བརྗོད་ལས། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་སོ། །ཀུན་ཏུ་བཟང་པོས་དགེ་བ་རྡུལ་ཙམ་མ་བྱས་པར་སངས་རྒྱས་ཞེས་གྲགས་ཀྱང་། ཟག་མེད་རང་བྱུང་གི་དགེ་ཚོགས་རྒྱ་མཚོ་ལྟ་བུའི་རྒྱ་ཆེན་པོའི་ཚོགས་ཆེན་ཡེ་རྫོགས་སུ་སོང་ནས་རང་གནས་ཡེ་ཤེས་མངོན་དུ་གྱུར་ནས་སྐུ་དང་ཡེ་ཤེས་སུ་སངས་རྒྱས་པ་ཡིན་ནོ། །ཁ་ཅིག གྲོལ་ས་ཉིད་ནི་ཐོག་མའོ། །ཞེས་པ་དང་། ཀུན་ཏུ་བཟང་པོའི་གཞི་ཐོག་གྲོལ་བར་ཤོག །ཅེས་པའི་ཚིག་ཙམ་ལ་འཁྲུལ་ནས། གཞི་ཐོག་དེ་ཉིད་དུ་གྲོལ་བར་འདོད་པ་ནི། རང་ལུགས་མིན་པ་མ་ཟད་ནོར་ས་རྔམ་པོ་ཆེ་ཡིན་ཏེ། འཁྲུལ་བ་འབྱུང་རུང་གི་ཆ་ནས་བཞག་པའི་གཞི་དེར་གྲོལ་ན་སླར་ཡང་འཁྲུལ་བར་འགྱུར་ཏེ། གཞི་དེ་འཁྲུལ་བ་འབྱུང་རུང་གི་ཆ་ནས་བཞག་པའི་ཕྱིར་ཏེ། འཁོར་འདས་གཉིས་ཀའི་གཞི་ཡིན་པས་སོ། །དེ་བས་ན་གྲོལ་ས་ཐོག་མ་བཤད་པ་ནི་གཞི་ལས་འཕགས་པའི་རིག་པ་དེས་སྒྲིབ་བྱེད་ལུང་མ་བསྟན་གྱི་ཆ་ཐམས་ཅད་སྤངས། རྟོགས་བྱ་དབྱིངས་ཀྱི་ཡོན་ཏན་ལ་སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད་ནས་མངོན་པར་སངས་རྒྱས་པའི་གནས་ལུགས་ཀྱི་ཐོག་མ་ལས་གཞན་དུ་མི་འགྱུར་བའི་དོན་ཡིན་ནོ། །གྲོལ་ས་ཉིད་ནི་ཐོག་མའོ། །ཞེས་པ་དང་། །གུ་རུ་རིན་པོ་ཆེས། ཀུན་ཏུ་བཟང་པོའི་གཞི་ཐོག་གྲོལ་བར་ཤོག །ཅེས་གསུངས་པའང་དེ་ལྟར་གོ་ན་འགལ་བ་མི་འདུའོ། །འདི་ནས་ཐོག་མར་གསུངས་པ་ནི་གནས་ལུགས་ལ་ཐོག་མར་གསུངས་པ་དང་། རང་ངོ་ཤེས་དུས་དབྱིངས་ཀྱི་ཡོན་ཏན་མཐར་ཕྱིན་ནས་སྒྲིབ་པ་དང་བྲལ་བ་ཡིན་པས་འབྲས་བུར་གྲོལ་བ་གསུངས་སོ། །དེ་ཡང་སྐུ་དང་ཡེ་ཤེས་ལ་སོགས་པའི་ཡོན་ཏན་འཆར་གཞི་རུ་རང་ཆས་སུ་གནས་ཚད་ལ་དབྱིངས་ཀྱི་ཡོན་ཏན་ཞེས་བྱ་སྟེ། དེ་གཞི་ལྷུན་གྲུབ་ཀྱི་ཡོན་ཏན་ཡིན་ལ་རིག་པ་ལ་རང་ཆས་སུ་ཡོད་པ་ཡིན་ཡང་ཕྱི་རུ་མི་མངོན་པ་ཡིན་ཕྱིར་དང་། མཐར་ཕྱིན་ཚེ་སངས་རྒྱས་ཀྱི་ཡོན་ཏན་ཞེས་བྱ་སྟེ་མ་རིག་པ་སངས་སྟོབས་ཀྱིས་རང་ལ་ཡོད་པའི་ཡོན་ཏན་སྣང་ནས་རྒྱས་པའི་ཕྱིར་ན་སངས་རྒྱས་ཞེས་པའི་ཕྱིར་རོ། །དེ་ལྟ་བུའི་ཀུན་ཏུ་བཟང་པོ་སངས་རྒྱས་པ་དེ་ཡང་ཆོས་དྲུག་གི་ཐོག་ནས་སངས་རྒྱས་པ་སྟེ། གཞི་ལས་འཕགས་པ། རང་ངོར་སྣང་བ། བྱེ་བྲག་ཕྱེད་པ། ཕྱེད་ཐོག་ཏུ་གྲོལ་བ། གཞན་ལས་མ་བྱུང་བ། རང་སར་གནས་པ་རྣམས་སོ། །དེ་དག་ཀྱང་། རྒྱུ་ལས་མ་བྱུང་བའི་འབྲས་བུ། སེམས་ལས་མ་བྱུང་བའི་སངས་རྒྱས། ལུང་ལས་མ་བྱུང་བའི་མན་ངག་རང་ལས་བྱུང་སྟེ། སངས་རྒྱས་པའོ། །དེ་ཡང་གཞི་ནས་འཕགས་པའི་རིག་པ་ས་བོན་ལྟ་བུ་གྲོལ་འཁྲུལ་གང་བྱེད་མ་ངེས་པས་མ་སྨིན་པའི་རིག་པ་ཞེས་བྱ་སྟེ། དེ་ཡང་སྣང་བ་འཁྲུལ་བར་མ་མཆེད་པའི་རང་སྣང་རང་བཞིན་མེད་པར་ངོ་ཤེས་དུས། ཤེས་རབ་ཀྱི་སྐད་ཅིག་མ་གཅིག་གི་ཚེ་གྲོལ་འཁྲུལ་གྱི་བྱེ་བྲག་ཕྱེད་པར་བྱེད་ཅིང་། སངས་རྒྱས་སུ་སྨིན་པར་བྱེད་པ་ནི་རྟོགས་པའི་ཤེས་རབ་ཀྱིས་བྱས་ཏེ། ཕྱེད་ཐོག་དེ་ནས་ཤེས་རབ་ཉིད་ཀྱང་སྐུར་སྨིན་ནས་གཞན་བྱུང་གི་རྐྱེན་ལ་མ་ལྟོས་པར་རང་སར་གནས་བཞིན་དུ་སྐུ་དང་ཡེ་ཤེས་རྒྱ་མཚོའི་བདག་ཉིད་དུ་སངས་རྒྱས་པ་ཡིན་ཏེ། ཀུན་མཁྱེན་འཇིགས་གླིང་གིས། །སྣང་བ་འཁྲུལ་བ་མ་མཆེད་རང་སྣང་དུ། །རིག་པས་ལུང་མ་བསྟན་གྱི་གཞི་ལས་འཕགས། །གཞི་ཉིད་འབྲས་བུར་སྨིན་པའི་ཤེས་རབ་ཀྱིས། །སྐད་ཅིག་གཅིག་ལ་བྱེ་བྲག་རབ་ཏུ་ཕྱེད། །ཕྱེད་ཐོག་ཤེས་རབ་ཉིད་ཀྱང་སྐུར་སྨིན་པ། །གཞན་བྱུང་རྐྱེན་ལ་མ་ལྟོས་རང་སར་གནས། །ཞེས་དང་། སྒྲོན་མ་འབར་བ་ལས། འབྲས་བུར་སྨིན་བྱེད་ཤེས་རབ་སྟེ། །ཤེས་རབ་སྐུ་རུ་སྨིན་པ་ཡི། །ངོ་བོ་ཉིད་ཀྱི་ཆོས་སྐུ་དེ། །ཡེ་ཤེས་ཆོས་ཀྱི་སྐུ་རུ་སྨིན། །དེ་ཡི་ཡེ་ཤེས་རྒྱུན་མི་འཆད། །སྐུ་དང་ཡེ་ཤེས་ལྷུན་གྲུབ་གསལ། །ཞེས་སོ། །དེ་ལྟ་བུའི་ཐོག་མའི་གྲོལ་ས་ལ་མངོན་པར་སངས་རྒྱས་ཚེ། དེའི་མཁྱེན་ཆ་དེ་ལ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞེས་པ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཀྱི་དབྱེ་བ་གཉིས་སུ་ཕྱེ་རུ་ཡོད་ཅིང་། དེ་ཡང་ནང་བཞུགས་དང་ཕྱིར་གཟིགས་ཀྱི་རྣམ་པ་སྣང་དང་མི་སྣང་གི་ཁྱད་པར་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་དང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་དབྱེ་བ་ཕྱེ་པ་སྟེ། ཤེས་བྱ་ཡུལ་སྣང་དུ་ཤར་བའི་རྣམ་པ་རང་སྣང་དུ་ཤེས་པས་ན། རྣམ་པ་ཐམས་ཅད་མཁྱེན་པ་དང་། རང་ངོ་ནང་གསལ་དུ་བཞུགས་པའི་ཆོས་ཉིད་ཀྱི་ངང་དུ་དཔྱོད་བྱེད་ཀྱི་སྤྲོས་པ་ཞི་བ་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །རིག་པ་གཞི་ལས་འཕགས་ནས་མ་སྨིན་ན་འཁོར་བའི་རྒྱུ་རྐྱེན་ལ་བརྟེན་ནས་འཁྲུལ་བའི་མགོ་འཛུགས་པ་ཡིན་ནོ།།

༼ཁ བར་དུ་གྲོལ་ནས་དབྱིངས་ན་ཇི་ལྟར་བཞུགས་པ།

གཉིས་པ་གྲོལ་ནས་དབྱིངས་ན་བཞུགས་པའི་སྐབས་དེ་ཇི་ལྟར་ཡིན་ཞེ་ན། དཔྱོད་བྱེད་ཕྱིར་མ་ཤོར་བས་རང་དུ་རྟོགས་པའི་ཚེ་གཟུ་བོའི་བློ་ཅན་ཏེ་ལྷུན་གྲུབ་ཐིམ་ཚུལ་དང་སྦྱར་ནས་ནང་གསལ་དུ་གནས་པ་ནི། ཀ་དག་ལྷུན་གྲུབ་ཀྱི་ཡོན་ཏན་མངོན་དུ་གྱུར་ནས་ཤེལ་འོད་ནང་དུ་བསྡུས་པ་ལྟར། རང་ངོ་ནང་ན་གསལ་བའི་གཞོན་ནུ་བུམ་པའི་སྐུ་རུ་བཞུགས་པ་ཡིན། ཆོས་སྐུ་ཀ་དག་གི་ཀློང་ལྷུན་གྲུབ་སྟོང་གསལ་གྱི་འོད་ལྔ་ཅན་ན། རིག་པའི་སྟོང་ཆ་ནས་བཏགས་པའི་ཆོས་ཉིད་ཀུན་ཏུ་བཟང་མོ་དང་། རིག་པའི་སྣང་ཆ་ནས་བཏགས་པའི་ཆོས་སྐུ་ཀུན་ཏུ་བཟང་པོ། ཐབས་ཤེས་དབྱིངས་གཅིག་གིས་འབྲེལ་བའི་ངོ་བོ་ཤེས་རབ་སྲོག་ཏུ་གྱུར་པའི་རླུང་གི་རྟ་ལས་ཤེས་བྱ་ཤེས་བྱེད་ཐམས་ཅད་འབྱུང་བ། འོག་མའི་ནང་གདངས་ལ་མ་འདྲེས་པར་དབྱིངས་ཀྱི་འབྱུང་ལྔ་རང་ས་ན་གསལ་ཞིང་། ཡེ་ཤེས་ཀྱི་རང་སྣང་ལ་འཕེལ་འགྲིབ་མེད་པ་ཞིག་གོ །དེ་ཡང་སྒྲོན་མ་སྣང་བྱེད་ལས། ངེས་པ་མེད་པའི་ལྷུན་གྲུབ་ལས། །སྣ་ཚོགས་དུ་མ་ཤར་ཚུལ་ལ། །འགག་པ་མེད་པའི་རོལ་བ་ནི། །ཅིར་ཡང་མཛད་ཅིང་ཅིར་ཡང་འཆར། །ངེས་མེད་སྣང་བ་དུ་མའོ། །དེ་ཉིད་གཟུ་བོའི་བློ་ཅན་ལ། །མཐོང་བ་མ་འགགས་ནང་གསལ་ཏེ། །དེ་ལ་ངེས་པའི་ཆར་གཟུང་ངོ༌། །ཞེས་སོ། །དེའི་ཚེ་ལྷུན་གྲུབ་ཀྱི་ཐིམ་ཚུལ་ནི། རིན་པོ་ཆེ་སྤུངས་པ་ལས། རོལ་བའི་རྩལ་ལས་ཐིམ་ལུགས་བརྒྱད། །ལྷུན་གྲུབ་ངེས་པ་མེད་པའི་གཞི། །ཡོན་ཏན་ཚུལ་དུ་འདི་ལྟ་བུ། །ཐུགས་རྗེ་ཉིད་ནི་ཐུགས་རྗེ་ལ། །རང་གི་ངོ་བོ་རང་ཐིམ་པས། །མ་བཞག་ཐོབ་པའི་ཚུལ་གྱིས་ནི། །མཛད་པ་མེད་པའི་ཀློང་དུ་འདས། །མི་མཛད་ཅི་ཡང་མ་ཡིན་པས། །བྱེད་སྤྱོད་ཐམས་ཅད་མྱ་ངན་འདས། །མ་བྱས་བྱེད་པར་སྣང་བྱེད་པས། །འདུས་བྱས་རྣམས་ནི་དག་པའི་ཀློང༌། །དེ་ཉིད་རང་ལ་རང་ཐིམ་པས། །གཞན་དུ་སོང་བ་མ་ཡིན་ནོ། །དཔེར་ན་ཉི་མའི་སྙིང་པོ་ལ། །རང་གི་ཟེར་རྣམས་རང་ཐིམ་ལྟར། །རང་གི་གདངས་དང་བཅས་པ་ཡི། །གཟིགས་སྣང་ཐམས་ཅད་མྱ་ངན་འདས། །འདི་ཀུན་ཡོན་ཏན་རིན་པོ་ཆེ། །རྐྱེན་ལ་མི་གནས་རང་སའོ། །རང་འོད་རང་ལ་ཐིམ་པ་ནི། །འདི་ཡང་ཡོན་ཏན་ཆེན་པོར་ཤར། །རང་གི་ངོ་བོ་རྣམ་དག་པས། །མཚན་མར་འཛིན་པའི་ཞེན་ཡུལ་འགག །ཕྱི་རོལ་འབྱུང་བཞི་རགས་པར་ཡང༌། །འདིར་མི་སྣང་སྟེ་ཞེན་པ་ལོག །རང་དག་སྟོང་པ་ཆེན་པོ་ལས། །ཁ་དོག་བདག་འཛིན་མྱ་ངན་འདས། །འདི་ཡང་གཞན་དུ་སོང་བ་མེད། །རང་གི་ངོ་བོར་རང་ཐིམ་པས། །སྣང་བ་ཐམས་ཅད་མྱ་ངན་འདས། །འོད་ཀྱི་དཀྱིལ་འཁོར་རང་ཐིམ་པས། །དཔེར་ན་ནམ་མཁའི་འཇའ་ཚོན་བཞིན། །ནམ་མཁའ་ཉིད་ལ་རང་ཡལ་ལྟར། །མི་འབྱེད་ཆེན་པོའི་ཀློང་དུ་ནི། །འཛིན་ཆགས་ཐམས་ཅད་མྱ་ངན་འདས། །འདི་ཡང་ཡོན་ཏན་རིན་པོ་ཆེ། །ཡོན་ཏན་འཆར་ཚུལ་འདི་ལྟ་བུ། །ཡེ་ཤེས་ཉིད་ལ་ཡེ་ཤེས་ཉིད། །རང་གི་ངོ་བོར་རང་ཐིམ་པས། །ཤེས་པའི་འཛིན་རྟོག་དྲན་བསམ་ནི། །རང་གནས་མཉམ་པ་ཉིད་ཀློང་དུ། །ཐམས་ཅད་གཉིས་མེད་མྱ་ངན་འདས། །སོ་སོའི་ཡེ་ཤེས་སྣང་ཆ་ཡང༌། །བྱས་པ་མེད་པའི་ཀློང་དཀྱིལ་དུ། །ནུབ་པ་མེད་པར་མྱ་ངན་འདས། །དེ་ཉིད་རང་ལ་རང་ཐིམ་པས། །ཡེ་ཤེས་རོལ་བ་སྣ་ཚོགས་ཀུན། །རང་ངོ་མ་ལ་ཐིམ་པ་ནི། །དཔེར་ན་མ་པང་བུ་འཇུག་བཞིན། །རང་གི་ཡེ་ཤེས་རང་ཡིད་ཆེས། །རང་གི་རང་བཞིན་མྱ་ངན་འདས། །འདི་ཡང་ཡོན་ཏན་རིན་པོ་ཆེ། །ཡང་ནི་ཡོན་ཏན་ཐིམ་པའི་ཚུལ། །སྐུ་ཉིད་སྐུ་ལ་རང་ཐིམ་པས། །གཟུགས་ཀུན་མི་རྟོག་ཆེན་པོར་ནི། །སྣང་བ་མེད་པར་མྱ་ངན་འདས། །རགས་པས་བསྡུས་པའི་འབྱུང་བ་དང༌། །ཕྲ་བས་བཟུང་བའི་མ་རིག་སོགས། །འབྱེད་པ་མེད་པར་མྱ་ངན་འདས། །སྐུ་རྣམས་རང་ངོར་ཐིམ་པས་ནི། །ཤེས་པའི་འབྱུང་ཆ་ཕྱིར་མ་ཤོར། །དཔེར་ན་བུམ་པའི་སྐུ་གཟུགས་བཞིན། །ནང་གསལ་ཕྱི་ཡི་འགྱུ་བ་རྣམས། །རང་བཞིན་མེད་པར་གནས་སུ་དག །འདི་ཡང་ཡོན་ཏན་རིན་པོ་ཆེ། །ཡང་ནི་ཡོན་ཏན་འདི་ལྟ་བུ། །གཉིས་མེད་གཉིས་མེད་རང་ཐིམ་པས། །གྲངས་སུ་འཛིན་པའི་ཞེན་པ་རྣམས། །ཉག་གཅིག་སྤྲོས་དང་བྲལ་བར་ནི། །མི་གཉིས་གཅིག་པའི་ཚུལ་དུ་ནི། །རང་ཐིམ་ཉིད་དུ་མྱ་ངན་འདས། །གཉིས་སུ་སྣང་བ་རང་ཐིམ་པས། །དཔེར་ན་ཆུ་བོ་ཆུ་བོ་ལ། །ཐིམ་པ་བཞིན་དུ་དབྱེར་མི་ཕྱེད། །དབྱེར་མེད་ཆེན་པོར་མྱ་ངན་འདས། །འདི་ཡང་ཡོན་ཏན་རིན་པོ་ཆེ། །མ་འགགས་ཡོན་ཏན་འདི་ལྟ་བུ། །མཐའ་གྲོལ་ཉིད་ནི་མཐའ་གྲོལ་ལ། །རང་གི་ངོ་བོར་རང་ཐིམ་པས། །སྐུ་གསུམ་འཛིན་པའི་རང་རྒྱུད་ཀུན། །ཡུལ་རྣམས་ཟད་པར་མྱ་ངན་འདས། །མཐའ་ཉིད་རང་དག་རང་ཐིམ་པས། །དཔེར་ན་ནམ་མཁའ་ནམ་མཁའ་ལ། །ཐིམ་པ་བཞིན་དུ་ངོས་གཟུང་མེད། །མུ་བཞིའི་རྟོག་ཞེན་རང་འགགས་པས། །མི་གནས་ཆེན་པོར་མྱ་ངན་འདས། །འདི་ཡང་ཡོན་ཏན་རིན་པོ་ཆེ། །སྣང་བའི་ཡོན་ཏན་འདི་ལྟ་བུ། །མ་དག་འཁོར་བ་རང་འཇུག་སྒོ། །ངོ་བོ་ཉིད་ཀྱི་དག་སྒོ་ལ། །སོང་བ་མེད་པའི་ཚུལ་དུ་ཐིམ། །དཔེར་ན་སྦྲ་ཡི་ཆོན་ཐག་རྣམས། །བརྟུལ་བས་དབུས་སུ་རང་འདུས་ལྟར། །དབང་པོའི་སྤྱོད་ཡུལ་མྱ་ངན་འདས། །འདི་ཡང་ཡོན་ཏན་རིན་པོ་ཆེ། །འདི་ལྟར་ཡོན་ཏན་ཆ་རྫོགས་པས། །དག་པ་ཡེ་ཤེས་ཉིད་ཀྱི་སྒོ། །ངོ་བོ་ཉིད་ལ་རང་ཐིམ་པས། །སྐུ་དང་ཡེ་ཤེས་མྱ་ངན་འདས། །དཔེར་ན་སེང་གེ་གངས་ཟིན་བཞིན། །མི་ལྡོག་འཇིགས་མེད་གདེང་རྣམས་རྙེད། །འདི་ཡང་ཡོན་ཏན་རིན་པོ་ཆེ། །འདི་ལྟར་ཡོན་ཏན་འབྱུང་ཚུལ་གྱིས། །གཅིག་པར་གནས་པའི་ཡེ་ཤེས་ནི། །མ་བཙལ་རང་གིས་རང་རྙེད་པར། །སྔོན་ནས་དེ་ཡི་རང་བཞིན་ནོ། །ཞེས་སོ།།

༼ག ཐ་མ་དེ་ལས་གཞན་དོན་མཛད་ཚུལ་།

གསུམ་པ་དེ་ལས་གཞན་དོན་མཛད་པའི་ཚུལ་ནི། དབྱིངས་ཀ་དག་ཆོས་སྐུའི་ངང་དེ་ལས་མ་གཡོས་བཞིན་དུ། ལྷུན་གྲུབ་ཀྱི་སྒོ་ལས་མཐའ་ཡས་སེམས་ཅན་གྱི་སྣང་ཚུལ་དང་མཐུན་པའི་འགྲོ་བའི་དོན་མཛད་པ་ཡང་། ལྷུན་གྲུབ་ཀྱི་འོད་དང་སྐུའི་རྩལ་ལས་ལོངས་སྐུའི་སྣང་བ་བཀོད། དེ་ལས་ཚངས་ཆེན་གྱི་བསྐལ་བ་དང་། རང་བཞིན་སྤྲུལ་སྐུའི་སྣང་བ་བཀོད་དེ། མ་དག་འཁོར་བའི་སྒོ་ལྟར་ཤར་བའི་འགྲོ་བའི་སྣང་བ་དང་མཐུན་པའི་དོན་མཛད་པའོ། །དེ་ཡན་གྱིས་རྡོ་རྗེའི་གནས་དང་པོ་གཞིའི་བཞུགས་ཚུལ་བསྟན་པ་ཡིན་ལ། འདིའི་བསྟན་དོན་ཡེ་ཐོག་གཞིའི་གནས་ལུགས། དེ་ལས་གཞི་སྣང་གི་འཆར་ཚུལ། ཀུན་ཏུ་བཟང་པོའི་གྲོལ་ལུགས་ཏེ་རྩ་བའི་ཆིངས་གསུམ་གྱི་ཐོག་ནས་བསྟན་པ་རྣམས་རང་གི་གོ་བ་དང་བཤད་རྒྱུད་སྦྲགས་མའི་ཚུལ་གྱིས་ཞུས་གྲུབ་པའོ། །ཚིག་དོན་རིན་པོ་ཆེའི་མཛོད་ལས་གཞི་གཏན་ལ་དབབ་པའི་རིམ་པ་སྟེ་རྡོ་རྗེའི་གནས་དང་པོ་རྒྱ་ཆེར་བཤད་པའོ།། །།

རྡོ་རྗེའི་གནས་གཉིས་པ་སྲིད་པ་འཁྲུལ་ཚུལ་གྱི་རིམ་པ་རྒྱ་ཆེར་བཤད་པ།

༼ཀ༽ འཁྲུལ་བའི་ཚུལ་སྤྱིར་བསྟན་པ།

༼ཀ ངོ་བོ་མདོར་བསྟན་པ།

དེ་ནས་སྤྱི་དོན་གཉིས་པ་དེའི་ངང་ལས་འཁྲུལ་བ་ཇི་ལྟར་བྱུང་བའི་ཚུལ་ལ་གཉིས་ཏེ། འཁྲུལ་བའི་ཚུལ་སྤྱིར་བསྟན་པ་དང༌། ལུས་གྲུབ་ཚུལ་གྱི་རྣམ་གྲངས་བྱེ་བྲག་ཏུ་རྒྱ་ཆེར་བཤད་པའོ། །དང་པོ་ལ་ངོ་བོ་མདོར་བསྟན་པ་དང༌། རང་བཞིན་རྒྱས་པར་བཤད་པ་གཉིས་ལས། དང་པོ་ངོ་བོ་མདོར་བསྟན་པ་ནི། གཞི་སྣང་དེ་རང་ངོ་མ་ཤེས་པའི་ཆ་ལས་འཁྲུལ་ཏེ། གོང་དུ་བཤད་པའི་ནང་དབྱིངས་ཀ་དག་གི་གཞི་གཞོན་ནུ་བུམ་སྐུའི་རྒྱ་རལ་ཏེ། ངོ་བོ་སྐུ། རང་བཞིན་གསུང་། ཐུགས་རྗེ་རིག་པའི་གདངས་སུ་དཔྱོད་བྱེད་དུ་ཤར་ནས་རིག་པ་ལ་ལྟོས་ན་མ་རིག་པ། གཞི་མ་འགྱུར་བར་སྣང་བ་འགྱུར་བའི་སྐབས་སུ་རང་སྣང་རང་བཞིན་མེད་པ་མ་ཤེས་པར་འཁྲུལ་ལོ། །དེ་ཡང་ཐལ་འགྱུར་ལས། གཅིག་མ་ཤེས་པས་ཀ་དག་ལ། །ཆོས་ཉིད་རང་ངོ་མ་ཤེས་པས། །རྒྱུ་དང་མཚུངས་པར་ཉེར་ལེན་ནོ། །དམིགས་པའི་རྟེན་ནི་ཁ་དོག་ལས། །གཉིས་ཆ་ཕྲ་བའི་རྒྱུ་རྐྱེན་གྱིས། །འཁོར་བ་ལས་ཀྱི་དམིགས་གྱུར་ཏོ། །ཞེས་སོ། །ཐོག་མའི་གཞི་ལ་འཁྲུལ་བ་མེད་ཀྱང་གཞི་སྣང་ཤར་དུས་རང་ངོ་མ་ཤེས་པའི་ཤེས་པ་ལུང་མ་བསྟན། མ་རིག་པའི་རྩ་བ་ཅན་དེ་ཡིས། གཞི་སྣང་གི་སྣང་བ་རིས་སུ་བཅད་ནས་སེམས་ཅན་དུ་འཁྲུལ་བའོ། །གཞི་ལས་གཞི་སྣང་འཆར་བའི་ཚུལ་ཇི་ལྟར་ཤར་ན་དེ་ཡང་ཐོག་མའི་གཞི་ལ་མ་རིག་པ་ཞེས་པ་ཞིག་མེད་ཀྱང་ཉམས་སམ་རྣམ་པ་ལ་ཡོད་ལ། གཞི་སྣང་དུ་ཤར་དུས་ཐུགས་རྗེའི་རྩལ་ཤེས་པ་གསལ་རིག་ཡུལ་དཔྱོད་ནུས་སུ་རང་ཤར་བ་དེ་རང་ངོ་མ་ཤེས་པ་ལ་ལྟོས་ནས་མ་རིག་པ་གསུམ་དང་མཚུངས་ལྡན་དུ་ཤར་ཏེ། དེ་ཡང་དེའི་རྣམ་པ་དེ་ལས་རྐྱེན་རྣམ་པ་བཞི་འབྱུང་སྟེ། དེ་ཡང་གཞི་ལས་གཞི་སྣང་ཤར་དུས་རང་ངོ་མ་རིག་པའི་རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་ཤེས་པར་སྐྱེས་པ་དེ་ཉིད་དུ་མ་ཤེས་པ་དང༌། དེ་ལས་དཔྱོད་བྱེད་ཀྱི་ནུས་པ་ཕྲ་མོ་ཞིག་ལངས་པ་དེ་ཉིད་ནུས་པ་ཇེ་ཆེར་སོང་བ་དེ་ངོ་མ་ཤེས་པའི་ལྡོག་པ་ལྷན་ཅིག་སྐྱེས་པའི་མ་རིག་པ་རང་ངོ་མ་ཤེས་པ་དེ་དང་ཤེས་པ་དེ་གཉིས་ལྷན་ཅིག་སྐྱེས་པ་དང༌། དེའི་ངང་ལས་གཉིས་སྣང་བྱུང་ནས་བདག་དང་གཞན་ལ་སོགས་པའི་སྣང་བར་ཞེན་པའི་ཆ་ནས་མིང་དང་དོན་ལ་སོགས་པ་བདག་རྟོག་གི་ཆར་སོང་པ་ཀུན་བརྟགས་པའི་མ་རིག་པ་རང་སྣང་ལ་གཞན་དུ་དཔྱོད་པའི་ཆ་དང་གསུམ་མོ། །དེ་གསུམ་ཤེས་པ་གཅིག་ལ་ལྡོག་པ་ཐ་དད་ངོ་བོ་གཅིག་ཏུ་ཡོད་པ་དེས་རང་སྣང་ལ་དཔྱོད་པ་ན་གཞི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དང་གཞི་སྣང་ལྷུན་གྲུབ་ཀྱི་འཆར་ཚུལ་སྣང་བ་ལ་གཞི་དང་གཞི་སྣང་གི་རང་བཞིན་དུ་མ་ཤེས་ཏེ་གཞན་ཡིན་པར་བཟུང་བའི་ཁྱད་པར་ལས་འཁྲུལ་ལོ། །དེ་ཡང་རྒྱུའི་རྐྱེན་མ་རིག་པ་གསུམ་པོ་ཚོགས་ཤིང་འདུས་པ་ནི་དཔེར་ན་གཟུགས་དང་། མིག་དང་། མིག་ཤེས་གསུམ་ཚོགས་པ་ལས་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱི་ཚོར་བ་བྱུང་བ་ལྟར་དང་། དེ་ལས་རྐྱེན་བཞི་ཇི་ལྟར་མཆེད་ཚུལ་ནི། གཞི་འོད་ཁྱིམ་གྱི་ཚུལ་དུ་གནས་པ་རྒྱུའི་རྐྱེན། དེ་ལ་རྟོག་དཔྱོད་དུ་སོང་བ་བདག་པོའི་རྐྱེན། དེ་ལ་ཡུལ་དུ་བཟུང་བ་དེ་དམིགས་པའི་རྐྱེན། དེ་གསུམ་དུས་མཚུངས་པ་དེ་མ་ཐག་རྐྱེན་ནོ། །དེ་དག་གི་དོན་མདོར་བསྡུ་ན། རྒྱུའི་རྐྱེན་མ་རིག་པ་གསུམ་ནི་སྐྱེས་བུའི་བྱད་བཞིན་ལྟ་བུ། དེ་ལ་རྟོག་དཔྱོད་དུ་སོང་བའི་བདག་པོའི་རྐྱེན་ནི་མེ་ལོང་ལྟ་བུ། མེ་ལོང་དང་། བྱད་བཞིན། བདག་དངོས་གསུམ་དུ་བཟུང་བས་བྱད་དང་མེ་ལོང་དུ་རྟོག་པ་དང་འདྲ་བར་འོད་དང་། རིག་པ་དང་། ཡུལ་ཅན་གསུམ་དུ་ཚོགས་པ་ནི་དམིགས་པའི་རྐྱེན། དེ་གསུམ་དུས་མཚུངས་པ་དེ་མ་ཐག་རྐྱེན་ཏེ་དམིགས་པ་མ་དག་པའི་ཆ་ལས་སྣང་བ་ལ་ཤེས་པ་གཟུང་འཛིན་དུ་འཁྲུལ་དུས་ཡིད་དྲུག་འཛིན་པ་མ་འགགས་པར་ཤར་བས་ཉོན་མོངས་པ་དྲུག་བག་ལ་ཉལ་གྱི་ཆར་ཤར་བས་རིག་པ་བཅིངས་ཏེ་ཡུལ་དྲུག་གི་སྣང་བ་ལ་འཁྲུལ་བ་དངོས་སུ་ཤར་བ་ནི། སྒྲོན་མ་སྣང་བྱེད་ལས། དེ་ལྟར་གནས་པའི་གཞི་དེ་ལས། །རྒྱུ་དང་འཁྲུལ་བའི་ས་བོན་ནི། །གསལ་བའི་ཆ་ནི་ཕྱིར་ཤོར་བས། །ཤེས་པ་གསལ་གསལ་རིག་རིག་སྟེ། །མ་རིག་པ་ནི་གསུམ་དག་ལས། །ཡིད་ཙམ་ཕྱིར་འགྱུས་སྣང་ཆ་ལ། །ཡུལ་དེ་བདག་ཏུ་བཟུང་བའི་བློས། །གཞི་དང་གཞི་ཡི་སྣང་ཆ་ལ། །གཞི་དང་གཞི་ཤེས་ཁྱད་པར་འཁྲུལ། །འཁྲུལ་བའི་རྒྱུ་ལས་ཡུལ་རྐྱེན་འཕྲད། །རྐྱེན་བཞི་དམིགས་པ་མ་དག་པས། །སྣ་ཚོགས་སྣང་བའི་གསལ་ཆ་འགགས། །ཡིད་དྲུག་འཛིན་པ་མ་འགགས་པས། །ཉོན་མོངས་དྲུག་གིས་བདག་བཅིངས་པ། །ཡུལ་དྲུག་སོ་སོར་སྣང་བ་ཤར། །དེ་ལྟར་ཡུལ་ལ་བདག་བཟུང་བའོ། །ཞེས་སོ། །དེ་ལྟར་འཁྲུལ་ཏེ། རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་གི་ཚུལ་དུ་འཁོར་བ་ཡིན་ཏེ། ཐུགས་རྗེའི་རྩལ་དེ་རང་ངོ་མ་ཤེས་པས་མ་རིག་པ་གསུམ་བྱུང་བ་ནི་རྩ་བ་མ་རིག་པ། དེ་ལ་བརྟེན་པའི་རྐྱེན་བཞི་པོ་འདུ་བྱེད། དེ་ལས་ཡུལ་གྱི་རྣམ་པར་དཔྱོད་པའི་ཤེས་པ་རགས་པ་ཞིག་སྐྱེ་བ་རྣམ་ཤེས། དེ་ཉིད་ལས་ཐ་དད་ཀྱི་མིང་དང་ལུས་ཐ་དད་བྱུང་བ་མིང་གཟུགས། དེའི་ཁྱད་པར་ལུས་ཀྱི་འབྱུང་བའི་ཆ་དང་ཁ་དོག་ཏུ་གྲུབ་པ་སྐྱེ་མཆེད། དེས་ཡུལ་ལ་ལོངས་སྤྱོད་པ་རེག་པ། དེ་ལས་བདེ་སྡུག་བར་མའི་ཚོར་བ་མྱོང་བ་ཚོར་བ། དེ་ནས་བདེ་བ་ལ་ཆགས་ནས་སྡུག་བསྔལ་མི་འདོད་པའི་སྲེད་པ། དེ་ལས་ཡུལ་དང་དུ་ལེན་པ་ལེན་པ། ལས་དང་ཉོན་མོངས་ཀྱིས་ཕྱི་མའི་སྐྱེ་བར་འཕེན་པ་སྲིད་པ། དེ་ལས་འགྲོ་བ་དེ་དང་དེར་སྐྱེ་བ་སྐྱེ་བ། དེ་ལས་ན་གཞོན། དར་བབས་ལ་སོགས་པ་ནས། རྒས་ཏེ་ཤི་བའི་རྒ་ཤིའི་བར་འབྱུང་བའོ། །ཡུལ་དྲུག་ནི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་དང་ཆོས་སོ། །ཉོན་མོངས་པ་དྲུག་ནི་ངར་འཛིན་གྱི་རྩ་བ་ཉོན་མོངས་པའི་འབྱུང་ཁུངས་དང་ཁྱབ་བྱེད་མ་རིག་པ་དང་འདོད་ཆགས་དང་ཞེ་སྡང་དང་གླེན་ཞིང་རྨོངས་པའི་གཏི་མུག་དང་ང་རྒྱལ་དང་ཕྲག་དོག་གོ །དེའང་མ་རིག་པ་ནི་དུག་ལྔ་ཐམས་ཅད་ལ་ཁྱབ་ལ་གཏི་མུག་ནི་དུག་ལྔའི་ཡ་གྱལ་ཡིན་པས་སོ་སོར་བཤད་དོ། །མ་རིག་པ་ལ་དབྱེ་ན་རྒྱུའི་གསུམ་བཤད་ཟིན་ལ་ངོ་བོའི་ཆ་དྲུག་ནི། རང་ཤར་ལས། མ་རིག་པ་ནི་འདི་ལྟ་སྟེ། རྩ་བ་སེམས་ཀྱི་མ་རིག་པ་དང༌། འཁྲུལ་བ་ཡུལ་གྱི་མ་རིག་པ་དང༌། འཁྲུལ་གཞི་གཞིའི་མ་རིག་པ་དང༌། འཛིན་པ་རྟོག་པའི་མ་རིག་པ་དང༌། བཅོས་པ་ལམ་གྱི་མ་རིག་པ་དང༌། མ་ཤེས་པ་རྨོངས་པའི་མ་རིག་པ་དང༌། དེ་ལྟར་མ་རིག་པ་རྣམ་པ་དྲུག་བྱུང་སྟེ་རང་གི་སྣང་བ་མི་མཐོང་ཞེས་སོ། །དེ་དག་ཀྱང་རང་རང་གི་ཆ་དེ་ལ་རྨོངས་པ་དྲུག་ཏུ་བྱུང་བས་སོ་སོར་བཤད་དོ། །དེ་ལ་རྩ་བ་སེམས་ཀྱི་མ་རིག་པ་ནི། ལྷན་སྐྱེས་ཀྱི་མ་རིག་པ་དངོས་རིག་པའི་ཡེ་ཤེས་ངོ་མ་ཤེས་པའི་འཁྲུལ་རྩའི་མ་རིག་པའོ། །འཁྲུལ་བ་ཡུལ་གྱི་མ་རིག་པ་ནི། རྒྱུད་ལས་ཤིང་དང་སྒོ་ང་དྲོད་དང་རླན་ལ་སོགས་པའི་བརྡ་ཡིས་གསུངས་ཀྱང་། དོན་ནི་ནང་སེམས་ཀྱིས་བསྡུས་པའི་ཁམས་འདི་ལ། སེམས་སྡུད་པར་བྱེད་པ་སྣོད་ཀྱི་ཁམས་དང་། སེམས་ཉིད་ལས་བྱུང་བའི་སེམས་ཅན་གྱི་ཁམས་གཉིས་ཡོད་པ་ལས་གནས་དོན་ལུས་སུ་སྣང་བའོ། །འཁྲུལ་གཞི་གཞིའི་མ་རིག་པ་ནི། གཞི་ལ་འཁྲུལ་བ་མེད་ཀྱང་འཁྲུལ་གཞི་རང་གིས་རང་མ་དག་ནས་རྐྱེན་བཞིའི་སྒོ་ནས་གཟུང་འཛིན་དུ་འཁྲུལ་བའོ། །འཛིན་པ་རྟོག་པའི་མ་རིག་པ་ནི། དེ་ལས་ཉོན་མོངས་པའི་ཚོགས་དཔག་ཏུ་མེད་པ་བྱུང་བ་དང་། འཛིན་པའི་ཡིད་དྲུག་བྱུང་བའོ། །བཅོས་མ་ལམ་གྱི་མ་རིག་པ་ནི། ཡིད་དྲུག་འདུས་ནས་ཡེ་ཤེས་ཀྱི་ལམ་བསྒྲིབས་པས་སངས་རྒྱས་ཐོབ་པར་བསྒྲིབ་པའོ། །མི་ཤེས་རྨོངས་པའི་མ་རིག་པ་ནི། རང་གི་སྣང་བའི་འོད་རང་སྣང་དུ་མ་ཤེས་པས་འཁོར་བར་འཁོར་བའོ། །དེ་ལས་བཅོས་མ་ལམ་གྱི་མ་རིག་པ་ཡིད་དྲུག་ནི། ཡང་དེ་ལས་འཛིན་པའི་ཡིད་དྲུག་བྱུང་ངོ༌། །མ་རིག་པ་དང་མཚུངས་པར་ལྡན་པའི་ཡིད་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཡིད་དང༌། ཀུན་ཏུ་ཚོལ་བའི་ཡིད་དང༌། གཏན་ལ་འབེབས་པའི་ཡིད་དང༌། རྣམ་པར་རགས་པའི་ཡིད་དང༌། ངེས་པར་འཇོག་པའི་ཡིད་དོ་ཞེས་སོ། །དེ་དག་ཀྱང་རིམ་པ་ལྟར། ཡིད་འགྱུ་བ་དང་བཅས་པ་མ་རིག་དང་མཚུངས་པར་ལྡན་པའི་ཡིད་དང༌། ཤེས་པས་རང་རིག་པ་ཡིད་ཀྱི་རྣམ་པར་ཤེས་པའི་ཡིད་དང༌། ཡུལ་འཛིན་པ་ཀུན་ཏུ་འཚོལ་བའི་ཡིད་དང༌། ཡུལ་ངེས་པར་འཛིན་པ་གཏན་ལ་འབེབས་པའི་ཡིད་དང༌། ཡུལ་ལ་ཡེངས་པ་དང༌། ཉོན་མོངས་པ་རགས་པ་རྣམ་པ་རགས་པའི་ཡིད་དང༌། ནང་དུ་རྩེ་གཅིག་ཏུ་འཛིན་པ་ངེས་པ་འཇོག་པའི་ཡིད་དང་ནི་དྲུག་གི་ཆའི་རྨོངས་པའོ།།

༼ཁ རང་བཞིན་རྒྱས་པར་བཤད་པ།

ཀ༽ འཁྲུལ་ཚུལ་ངོ་བོའི་ཆ་བསྡུས་ནས་བསྟན་པ།

གཉིས་པ་རང་བཞིན་རྒྱས་པར་བཤད་པ་ལ་གཉིས་ཏེ། འཁྲུལ་ཚུལ་ངོ་བོའི་ཆ་དང༌། རྣམ་པ་རྐྱེན་གྱི་ཆ་རྒྱས་པར་བཤད་པའོ། །དང་པོ་འཁྲུལ་ཚུལ་ངོ་བོའི་ཆ་ནི། སྤྱི་པའི་འཁྲུལ་གཞི་སྣང་དུས་རིག་པས་རང་ངོ་མ་ཤེས་པའི་དྲི་མས་རིག་པ་ཉིད་འཁྲུལ་བར་སྦགས་པས་ཤེས་བྱ་རིག་པ་མིང་མེད་མིང་དུ་སོང་བ་ལྟར་དྲི་མ་མེད་པ་ཉིད་ཀྱང་དྲི་བཅས་སུ་སོང་སྟེ་སེམས་ཀྱི་རྒྱར་འཐུམས་ནས་ངོ་བོ་ཀ་དག་གི་རིག་པ་དྲི་མ་མེད་པ་དེ་རྟོག་པས་སྦགས་ཏེ་ཡིད་དྲུག་གིས་བཅིངས་པས་ལུས་རྡུལ་ཕྲན་ཆ་མེད་ཀྱི་དྲ་བར་ཚུད་དེ་འོད་གསལ་བག་ལ་ཞའོ། །དེ་ཡང་གཞི་སྣང་གི་འོད་ཁྱིམ་དེ་ཉིད་ཤར་ཚེ་རང་ལས་བྱུང་བར་མ་ཤེས་པས་ང་ལས་ཕ་གི་བྱུང་ཕ་གི་ལས་ང་བྱུང་སྙམ་པའི་ལྷན་སྐྱེས་ཀྱི་མ་རིག་པ་དང་བཅས་པས་ན་རྒྱུའི་རྐྱེན། དེ་ཉིད་ཡུལ་དུ་ཤར་ནས་རང་སྣང་ལ་གཞན་དུ་བཟུང་བས་དམིགས་པའི་རྐྱེན། བདག་དང་བདག་གིར་རམ་ང་དང་ང་ཡི་བར་བཟུང་བས་བདག་པོའི་རྐྱེན། དེ་གསུམ་དུས་མཚུངས་པས་དེ་མ་ཐག་པའི་རྐྱེན་བཞིར་འཁྲུལ་བ་ནི། མུ་ཏིག་ཕྲེང་བ་ལས། སྤྱི་པ་འཁྲུལ་གཞི་ཞེས་བྱ་སྟེ། །མ་རིག་ཉིད་དང་སྦགས་པའི་ཕྱིར། །ཤེས་བྱ་ཉིད་ཀྱང་དྲི་མར་སྣང༌། །སེམས་ལ་དྲན་བསམ་འཆར་བའི་ཕྱིར། །ངོ་བོ་ཉིད་ནི་རྟོག་པས་སྦགས། །ཡིད་དྲུག་འཛིན་པ་མ་འགགས་ཕྱིར། །ཆོས་སྐུ་ཉིད་ཀྱང་གཟུང་བས་བཅིངས། །ཆ་མེད་རྡུལ་དང་བཅས་པའི་ཕྱིར། །འོད་གསལ་ཉིད་ཀྱང་བག་ལ་ཆགས། །རྐྱེན་བཞི་དམིགས་པ་མ་དག་ཕྱིར། །སྣང་བ་ཉིད་ནི་དུ་མར་ཤར། །ཞེས་སོ། །དེ་ཡང་འཁྲུལ་བའི་རྒྱུ་མ་རིག་པ། རྐྱེན་ཤེས་པ་ལ་ཡུལ་སྣང་བ། གཞི་ལས་གཞི་ཤེས་སུ་སྣང་བ་འཁྲུལ་མཁན་འགྱུར་བ་མཆེད་པའི་རིག་པ་གཟུང་འཛིན་དུ་བཅིངས་པ་སྟེ། ཐལ་འགྱུར་ལས། འཁྲུལ་བའི་རྒྱུ་ནི་མ་རིག་པ། །གཞི་དང་ཤེས་པ་སྦགས་པ་དང༌། །གཟུང་དང་དབང་པོ་འཁོར་ཚུལ་ལོ། །རྐྱེན་ནི་ཡུལ་དང་གཟུང་ཆ་ལས། །མཐའ་ཡི་སོ་སོར་འབྱེད་པ་དང༌། །གཅིག་མ་ཤེས་པའི་དམིགས་རྟེན་ནོ། །གཞི་ནི་གར་ཡང་འབྱེད་མེད་ཅིང༌། །ངེས་པ་མེད་པར་བཅོམ་ལས་སོ། །ཤེས་པ་འགྱུ་དང་ཡལ་བ་དང༌། །མཆེད་པར་འཛིན་པ་རྣམས་ཡིན་ནོ། །སྦགས་པ་དྲི་མར་འཛིན་པ་སྟེ། །ཤེས་བྱས་རང་རྒྱུད་བཅིངས་པའོ། །གཟུང་བ་མ་ཡིན་པ་ལ་ཡང༌། །བདེན་པས་དམ་དུ་བཅིངས་པའོ། །ཞེས་སོ། །བག་ཆགས་འཁྲུལ་བའི་སྣང་བ་དེ་ཇི་ལྟར་སྟོབས་ཆེ་ཡང་། རི་རབ་དང་། རྒྱ་མཚོ་དང་། ཉི་ཟླ་ལ་སོགས་པ་སྲ་ཞིང་འཐས་པ་ལྟར་གྱུར་པ་སྣང་དུ་ག་ལ་རུང་སྙམ་ན། སྣང་དུ་རུང་སྟེ་སྔོན་ཆད་གྲོང་ཁྱེར་ཝཱ་ར་ཎཱ་སིར་བྲམ་ཟེ་མེ་སྦྱིན་ཞེས་པས་རང་གི་ལུས་སྟག་ལ་བསྒོམས་པས་གྲོང་ཁྱེར་གྱི་མི་རྣམས་ཀྱིས་ཀྱང་སྟག་ལ་མཐོང་ནས་མི་ཚང་མ་བྲོས་ནས་གྲོང་ཁྱེར་སྟོངས་པའི་ལོ་རྒྱུས་དང་། འགྲོ་བ་རིགས་དྲུག་གི་སྣང་བ་ལ་གཅིག་ཏུ་ངེས་པ་མེད་པའི་ཕྱིར་ན་བག་ཆགས་ཀྱི་དབང་གིས་ཅིར་ཡང་སྣང་རུང་ངོ་། །འོན་ཀྱང་སྣང་ཡུལ་སེམས་མིན་པ་ནི། མེ་ལོང་ནང་དུ་གཟུགས་བརྙན་ཤར་བ་ལྟར་རྒྱུ་རྐྱེན་རྟེན་འབྲེལ་གྱི་སྣང་བ་གཟུང་འཛིན་སྣ་ཚོགས་པ་ཙམ་ལས་བྱུང་བ་ལས་ཕྱི་དོན་དུ་བདེན་པར་གྲུབ་པ་མེད་དོ།།

ཁ༽ རྣམ་པ་རྐྱེན་གྱི་ཆ་རྒྱས་པར་བཤད་པ།

གཉིས་པ་རྣམ་པ་རྐྱེན་གྱི་ཆ་རྒྱས་པར་བཤད་པ་ནི། དེ་ཡང་མེད་པ་ལ་ཡོད་པར་མཐོང་སྟེ་དེ་ལ་འཁྲུལ་བའི་རྒྱུ་མ་རིག་པ་གསུམ་སྟེ། དོན་གྱི་མ་འཁྲུལ་བའི་ཆ་ལ་རང་མ་རིག་པས་བརྟགས་ནས་འཁྲུལ་བར་སོང་བ་ལ་རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་ཞེས་བྱའོ། །གཞི་སྣང་ཤར་བའི་རྣམ་པ་མ་རིག་པའི། །གློ་བུར་རྐྱེན་ནི་བདག་ཉིད་གཅིག་པ་སྟེ། །ཞེས་གསུངས་པ་ལྟར། ཐོག་མའི་གཞི་ལ་འཁྲུལ་བ་མེད་ཀྱང་། གཞི་སྣང་དུ་ཤར་བའི་རྣམ་པ་མ་རིག་པའི་གློ་བུར་གྱི་རྐྱེན་དེ་ལ་རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་ཞེས་བྱའོ། །ངོ་མ་ཤེས་པ་དེ་ཉིད་ཐུ་རུ་སོང་སྟེ་དཔྱོད་བྱེད་ཀྱི་ཤེས་པ་ཕྲ་མོ་ཞིག་ལྡང་བ་དེ་ངོ་མ་ཤེས་པ་ལ་ལྷན་ཅིག་སྐྱེས་པའི་མ་རིག་པ་སྟེ་འཁོར་འདས་གཉིས་ཀྱི་སྣང་ཆར་བྱུང་བའོ། །དེ་ལྟར་གཉིས་ཀྱི་ཆར་སྣང་བ་དེ་ནས་ཡུལ་འོད་སྣང་དང་བདག་དང་གཞན་ཐ་དད་ཀྱི་བློ་གཉིས་སུ་སྣང་བའི་ཆ་དེ་ལ་གནས་དོན་ལུས་ལ་སོགས་པ་སོ་སོར་ཀུན་ཏུ་བརྟག་ཅིང་དཔྱད་པའི་ཆར་སོང་ནས་སྐྱེས་པས་ཀུན་བརྟགས་པའི་མ་རིག་པའོ། །དེ་ལྟ་བུའི་རྒྱུ་མ་རིག་པ་གསུམ་དེ་ལས་འཁྲུལ་བའི་རྐྱེན་ནི་བཞི་མཆེད་པ་ཡིན་སྟེ། གཞི་སྟོང་པ་ཉིད་འོད་ཁྱིམ་ལྟར་གནས་པའི་རྒྱུའི་རྐྱེན་དེ་ལྟར་མ་རིག་པ་གསུམ་འདུས་པས་འཁྲུལ་བ་འབྱུང་བ་ནི་སྐྱེས་བུ་གཟུགས་དང་ཡན་ལག་དང་ལྡན་པ་ལ་བྱད་རང་ཆས་སུ་འབྱུང་བ་ལྟ་བུའོ། །དེ་ལས་ཡུལ་གཞན་དང་ཡུལ་ཅན་རང་དུ་བཟུང་བ་དམིགས་པའི་རྐྱེན་མེ་ལོང་དང་འདྲ་བར་ཕྱི་ཡུལ་ལ་ཤར་བ་དང་དེ་ལ་བཞིན་ཡོད་པས་རྐྱེན་མེ་ལོང་གི་ནང་དུ་ཤར་བ་ལྟར། དམིགས་པའི་ཡུལ་རང་འོད་ཕྱིར་ཤར་བ་ལས་བདག་པོའི་རྐྱེན་མེ་ལོང་དང་བཞིན་དང་བདག་དངོས་གསུམ་དུ་བཟུང་བས་བཞིན་དང་མེ་ལོང་དུ་རྟོག་པ་ལྟར། འོད་དང་རིག་པ་དང་ཆོས་ཉིད་གསུམ་དུ་རྟོག་པ་དང་བཅས་པས་རྟོག་དཔྱོད་ཕྲ་མོར་ཤར་བ་བདག་པོའི་རྐྱེན་ཞེས་བྱའོ། །དེ་ལྟར་རྒྱུ་མ་རིག་པ་གསུམ་དང་རྐྱེན་གསུམ་དུས་མཚུངས་པས་མཚུངས་པ་དེ་མ་ཐག་པའི་རྐྱེན་ཏེ་དེ་ལྟ་བུའི་རྐྱེན་ཚོགས་ནས་རིམ་བཞིན་འཁྲུལ་བ་སྟོབས་སུ་གྱུར་ཏེ་ཉོན་མོངས་པ་འཕེལ་ནས་འཁྲུལ་བ་དངོས་སུ་འབྱུང་བའོ། །དེ་ལྟ་བུའི་འཁྲུལ་བ་དངོས་སུ་འབྱུང་བའི་རིམ་པ་དེ་བརྒྱུད་ནས་ཁམས་གསུམ་རིགས་དྲུག་གི་འཁོར་བའི་གནས་རིས་མཐོ་དམན་ཐམས་ཅད་གྲུབ་ནས་རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་དུ་ཤིང་རྟའི་འཕང་ལོ་བཞིན་འཁོར་བའོ། །དེ་དག་ཀྱང་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ལས། ཁམས་གསུམ་གྱི་སེམས་ཅན་འདི་དག་ཐམས་ཅད་ནི་དང་པོ་གཞི་ཅི་ཡང་མ་ཡིན་པ་ལས་ཅིར་ཡང་འཁྲུལ་ལོ། །གཞི་དེའི་ངོ་བོ་སྟོང་པ། །རང་བཞིན་གསལ་བ། ཐུགས་རྗེ་སེམས་ཅན་ལ་སྣང་ནུས་པའོ། །དེ་ལ་འཛིན་བྱེད་ཀྱི་ཤེས་པ་མ་རིག་པའི་ཆ་ལས་བྱུང་བ་བྲེང་ཙམ་ཞིག་འགྱུས་པ་ལས། ཤེས་པ་དམུན་པོས་ཕ་གི་ལས་ང་བྱུང་ངམ་ང་ལས་ཕ་གི་བྱུང་ངམ་སྙམ་པའི་ཤེས་པ་བྱུང་བ་ཙམ་གྱིས་འཁྲུལ་ལོ། །མ་རིག་པ་དེ་གཞི་ལ་མེད་དེ་ཉམས་སམ་རྣམ་པ་ལ་ཡོད་དོ། །རྣམ་པ་ལས་རྐྱེན་རྣམ་པ་བཞི་འབྱུང་ངོ༌། །དེ་ཡང་གཞི་འོད་ཁྱིམ་གྱི་ཚུལ་དུ་གནས་པ་ལ་རྒྱུའི་རྐྱེན་ཞེས་བྱ་སྟེ་མ་རིག་པ་དངོས་སོ། །དེ་ལ་འཛིན་རྟོག་ཏུ་སོང་བས་བདག་པོའི་རྐྱེན་ཞེས་བྱའོ། །དེ་ལ་ཡུལ་ཅན་དུ་བཟུང་བས་དམིགས་པའི་རྐྱེན་ཞེས་བྱ་སྟེ། དཔེར་ན་མེ་ལོང་ལ་སྐྱེས་བུའི་བྱད་བསྟན་པ་ལྟ་བུའོ། །དེ་གསུམ་དུས་མཚུངས་པས་དེ་མ་ཐག་པའི་རྐྱེན་ཞེས་བྱའོ། །དེ་རང་གི་གཞི་ཡིན་པ་ལ་རང་གིས་ངོ་མ་ཤེས་ཏེ་འཁྲུལ་ནས་ཁམས་གསུམ་འཁོར་བ་གྲུབ་བོ། །དེ་ལས་ཉོན་མོངས་པ་རགས་སུ་སོང་ནས་སེམས་ཅན་གྱི་གཟུགས་ཐ་དད་བྱུང་ངོ༌། །གཞི་དེ་ལྟ་བུ་མ་དག་པ་ལས་འཁྲུལ་ལོ། ཞེས་པ་དང༌། བཀྲ་ཤིས་མཛེས་ལྡན་ལས། དེ་ཡང་ལྷུན་གྲུབ་རིན་པོ་ཆེའི་གའུའི་གནས་ལུགས་ལས་སྣང་བ་མ་འགགས་པ་ལས་གཞི་མ་འགྱུར་བར་སྣང་བ་འགྱུར་ཏེ་ཡུལ་དུ་མའི་རྗེས་སུ་འབྲངས་ཏེ་ཐམས་ཅད་ལ་རྟོག་པའོ། །ཆོས་ཀྱི་སྐུའི་སྣང་བ་མ་འགྱུར་ཡང་འཁྲུལ་བའི་སྣང་བ་ལ་འགྱུར་འགྱུར་ལྟར་བྱུང་བའོ། །རྡོ་རྗེ་སེམས་དཔའ་ལ་འཁྲུལ་བ་མི་མངའ་ཡང་སེམས་ཅན་ལ་འཁྲུལ་བའི་ཚུལ་བསྟན་པའོ། །ཐ་མ་རང་གི་སྣང་བ་རང་རྐྱེན་གྱི་གཞི་ལ་བཟློག་པའོ། །གཉིས་སུ་མེད་པའི་སྣང་བ་རང་ཤར་བར་མ་ཤེས་ཏེ་འཁྲུལ་བ་ལ་བདག་པོར་བཟུང་བས་བདག་པོའི་རྐྱེན་ནོ། །རང་རིག་པའི་འབྲས་བུ་རང་ཤར་བར་མ་ཤེས་ཏེ་རྒྱུ་ཉིད་ལྟོས་ཅན་དུ་བཟུང་བས་རྒྱུའི་རྐྱེན་ནོ། །ཡུལ་དང་ཤེས་པ་སྟོང་པར་ནི་མ་ཤེས་ཏེ་དམིགས་པ་ལ་ཡུལ་དུ་བཟུང་བས་རང་ངོའི་རྐྱེན་ནོ། །དུས་ལ་ལྟོས་ནས་འོད་རང་བྱུང་བར་མ་ཤེས་ཏེ་དེ་མ་ཡིན་ལ་དེར་འཛིན་པའི་ཤེས་པ་བྱུང་བས་མཚུངས་པ་དེ་མ་ཐག་པའི་རྐྱེན་ནོ། །ཞེས་དང༌། ཐལ་འགྱུར་ལས། དེ་ལ་འཁྲུལ་བའི་རྒྱུ་དང་རྐྱེན། །ཆ་དང་ཡན་ལག་ཉིད་དང་ཡང༌། །མ་སྨིན་རྣམ་རྟོག་འཁོར་བའོ། །མ་རིག་པ་ནི་རྣམ་པ་གསུམ། །བདག་ཉིད་གཅིག་པས་འཁྲུལ་རྩ་བྱས། །ལྷན་ཅིག་སྐྱེས་པས་རྟོག་པ་གཉིས། །ཀུན་ཏུ་བརྟགས་པས་ཡུལ་དུ་གྱུར། །རྐྱེན་ནི་རྣམ་པ་བཞི་དག་གིས། །འདུས་ཤིང་བཟུང་བས་འཁྲུལ་ཞེས་བྱ། །ཆ་ནི་འདུ་བྱེད་ལ་སོགས་པས། །འཁྲུལ་ཡུལ་ཆ་ལས་བཅུ་གཉིས་ཕྱེད། །སྨིན་པས་ལོ་དང་བྱེད་ལས་སོ། །ཡན་ལག་སྤྲོས་པ་ཐ་དད་ལས། །ཐམས་ཅད་མིང་གི་བྱེ་བྲག་ཏུ། །འཁྲུལ་བའི་ཡུལ་ལ་རྣམ་གཉིས་འགྱུར། །ལས་ཀྱིས་འདོད་དང་གཟུགས་ཀྱི་ཁམས། །གཟུགས་མེད་རྣམས་ཏེ་རྣམ་གསུམ་བྱེད། །མ་སྨིན་པས་ནི་རིགས་དྲུག་གཟུགས། །མིང་དང་བྱེད་ལས་ཐ་དད་འགྱུར། །རྣམ་རྟོག་བག་ལ་ཉལ་བ་དང༌། །ཀུན་ནས་ལྡང་དང་ཁྱབ་ཚུལ་ལོ། །འཁོར་བ་ཞེས་པ་མཚུངས་པ་དང༌། །ཚོགས་པའི་ལས་ཏེ་སྡུད་དང་མཆེད། །རྫོགས་དང་བྱེ་བྲག་སྣ་ཚོགས་པའོ། །ཞེས་སོ། །དེ་ཡང་རིག་པ་གཞི་ནས་འཕགས་ཏེ་མ་སྨིན་པས་ཁམས་གསུམ་རིགས་དྲུག་ཏུ་སོ་སོའི་ལས་ཀྱིས་འཁོར་བ་དེ་ཡང་དང་པོ་རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་གི་ཚུལ་ལས་འཁྲུལ་ཏེ་ཕྱིར་ལོ་བཅུ་གཉིས་དང་ཟླ་བའི་ཆ་བཅུ་གཉིས་ནང་དུ་ཉོན་མོངས་པ་བཅུ་གཉིས་རྣམས་ཚོགས་པས་སྐྱེ་མཆེད་བཅུ་གཉིས་སུ་སྲིད་པར་བྱས་པ་ནི་རྟེན་འབྲེལ་ལུགས་སུ་འཇུག་པ་བཅུ་གཉིས་མ་དག་པ་ལས་འབྱུང་བ་སྟེ། གཞི་ལས་གཞི་སྣང་དུ་ཤར་དུས་རིག་པའི་རྩལ་ལས་ཡིད་ཀྱི་ཤེས་པ་བྱུང་སྟེ་རང་ངོ་མ་ཤེས་པ་དང་ལྷན་ཅིག་པས་མ་རིག་པ་འཁོར་བའི་རྩ་བའོ། །དེ་ལས་འཁྲུལ་བས་འདུ་བྱེད་དོ། །དེ་ལས་ཤེས་པ་རགས་པ་ཡུལ་དུ་འཕེལ་ནས་ཡུལ་གྱི་རྣམ་པ་ལ་དཔྱོད་པས་རྣམ་པར་ཤེས་པའོ། །དེ་ལས་འདི་ནི་ཡུལ་ལོ་འདི་ནི་སྣང་བའོ་ཞེས་པ་ལ་སོགས་པའི་མིང་དང་བརྡ་དང་གཟུགས་ཀྱི་ཐ་སྙད་ལ་སོགས་པ་མིང་དུ་འབྱེད་པའོ། །དེ་ལས་མིང་ཅན་དོན་གྱི་རང་བཞིན་གཟུགས་སུ་འཛིན་པས་སྲིད་པའི་འཁྲུལ་བ་དང་པོ་མིང་དང་གཟུགས་ཞེས་བྱའོ། །དེ་ལས་ཡུལ་གྱི་རྣམ་པ་དྲུག་ལ་ཤེས་པ་འབྱུང་བ་སོ་སོའི་ཆ་དང་ཁ་དོག་ལ་སོགས་པ་སྐྱེ་ཞིང་མཆེད་པའི་སྐྱེ་མཆེད་དྲུག་ཏུ་བྱུང་ངོ༌། །དེ་ལས་ཡུལ་ལ་ལོངས་སྤྱོད་ནས་ཡུལ་འཛིན་པའི་རེག་པའོ། །དེ་ལས་ཆགས་སྡང་བར་མ་བདེ་སྡུག་བར་མའི་ཆའི་ཚོར་བའོ། །དེ་ལས་བདེ་བ་ལ་ཆགས་ཤིང་ཡུལ་ལ་ཞེན་པའི་སྲེད་པའོ། །དེ་ལས་ཕྱིས་ཀྱི་ལེན་པ་པོ་དང་དེ་ལྟར་ཡུལ་དང་དུ་ལེན་པའི་ལེན་པའོ། །དེ་ལས་ལས་དང་ཉོན་མོངས་པ་རྒྱས་ནས་འཁྲུལ་བ་དུ་མར་སྣང་བ་དང་སྐྱེ་བ་ཕྱི་མར་འཕེན་པར་བྱེད་པའི་བྱེད་པ་མྱོང་བའི་ཆ་ཅི་འབྱུང་མ་ངེས་པ་བསྐྱེད་པས་སྲིད་པའོ། །དེ་ལས་གཟུགས་མེད་གཟུགས་དང་འདོད་པར་སྐྱེ་བ་ཐ་དད་པ་སོ་སོར་སྐྱེ་བས་སྐྱེ་བའོ། །དེ་ལས་བྱིས་པ་དང་གཞོན་པའི་གནས་སྐབས་ནས་རྒས་པ་དང་ན་བ་དང་ཤི་བའི་བར་དུ་འབྱུང་སྟེ་འཁོར་བའི་སྡུག་བསྔལ་དེ་ལྟར་མྱོང་ནས་ཡང་དང་ཡང་དུ་དེ་ལྟར་འཁོར་བས་འཁོར་བའི་རྒྱུ་རྟེན་འབྲེལ་ལུགས་སུ་འཇུག་པ་བཅུ་གཉིས་གཞི་སྣང་ལས་དང་པོར་མཆེད་པའོ། །དེ་ལས་སྲིད་པ་སོ་སོར་འཁྲུལ་དུས་ཀྱི་རྟེན་འབྲེལ་བཅུ་གཉིས་ཀྱང་ཞར་ལ་ཤེས་པར་བྱ་སྟེ། ཆོས་ཉིད་ནུབ་ནས་རང་མ་རིག་པ་ལས་ཕྱི་མའི་འདུ་བྱེད་དང༌། །རྣམ་ཤེས་ཀྱི་ཆས་ལུས་འཚོལ་བ་དང༌། མངལ་དུ་ཚུད་དེ་མེར་མེར་པོ་ལ་སོགས་པ་ནས་མིང་དང་གཟུགས་སུ་གྲུབ་པ་དང༌། དེའི་སྐྱེ་མཆེད་དྲུག་དང༌། རྐྱེན་འདུས་པས་རེག་པ་དང༌། བདེ་སྡུག་གི་ཚོར་བ་དང༌། མྱོང་བ་ལ་སྲེད་པ་དང༌། ཡུལ་དང་ལས་ཀྱི་ལེན་པ་དང༌། ཡང་སྲིད་པའི་ཉེ་བར་ལེན་པ་དང༌། མངལ་ནས་སྐྱེ་བ་དང༌། དར་ལ་བབ་པའི་ཚོགས་པ་གཞན་དུ་འགྱུར་བའི་བརྒྱུད་པ་ནི་རྒས་པ་དང་མཐར་འཆི་བ་སྟེ་འབྲེལ་ཆགས་སུ་འབྱུང་བ་ནི། དེ་ལྟར་གཞི་ལ་མ་རིག་པ་མེད་ཀྱང་། རྩལ་གཞི་སྣང་དུ་གཡོས་པ་རང་ངོ་མ་ཤེས་པའི་ཆ་དེ། འཁོར་བའི་གནས་རིས་སོ་སོར་འཁོར་བའི་སྐབས་སུ། ལུང་མ་བསྟན་གྱི་ཀུན་གཞི་ལས་མ་རིག་པ་དྲུག་དང་། ཀུན་གཞིའི་རྣམ་ཤེས་ཀྱི་ཆ་ལས་དཔྱོད་བྱེད་ཀྱི་གཞི་དྲུག་ཏུ་ལངས་ནས། འགལ་མེའི་འཁོར་ལོ་ལྟར་ཡང་ནས་ཡང་དུ་འཁོར་བ་ནི། རང་ཤར་ལས། དེ་ཡང་མ་རིག་པ་ལས་བྱུང༌། །མ་རིག་པ་ལས་འདུ་བྱེད་དོ། །འདུ་བྱེད་རྣམ་པར་ཤེས་པའོ། །རྣམ་པར་ཤེས་ལས་མིང་འབྱུང་ཞིང༌། །མིང་ལས་གཟུགས་ཀྱི་རང་བཞིན་འབྱུང༌། །གཟུགས་ལས་སྐྱེ་མཆེད་རྣམ་དྲུག་འབྱུང༌། །སྐྱེ་མཆེད་དྲུག་ལས་རེག་པ་འབྱུང༌། །རེག་ལས་ཚོར་བ་འབྱུང་བར་འགྱུར། །ཚོར་ལས་སྲེད་པ་འབྱུང་བར་འགྱུར། །སྲེད་པ་ལས་ནི་ལེན་པ་འབྱུང༌། །ལེན་པ་ལས་ནི་སྲིད་པ་འབྱུང༌། །སྲིད་པ་ལས་ནི་སྐྱེ་བ་འབྱུང༌། །སྐྱེ་བ་ལས་ནི་རྒས་པ་འབྱུང༌། །རྒས་པ་ལས་ནི་ན་བ་འབྱུང༌། །ན་བ་ལས་ནི་འཆི་བ་འབྱུང༌། །ཞེས་སོ།།


previousཉིན་གསུམ་པའི་ཆོས་ཁྲིད། next