Nitartha Digital Library
Tibetan
 
previousཉིན་བཞི་བའི་ཆོས་ཁྲིད། next

ཉིན་བཞི་བའི་ཆོས་ཁྲིད།

རང་རེ་འདིར་ཡོད་ཕལ་ཆེ་བ་བོད་གངས་རིའི་ལྗོངས་ལ་སྐྱེས་ཤིང་ཆུང་ལོ་གསུམ་གྱི་བྱིས་པ་ནས་ཆོས་དང་འབྲེལ་བའི་གོམས་སྲོལ་ཆགས་པ་ཤ་སྟག་ཡིན་ཡང་། སྐབས་སྐབས་སུ་འདྲིས་ཆེ་བའི་དབང་གིས་ཆོས་འདོན་སྒོམ་འཆད་ཉན་ལ་སོགས་པ་ཐམས་ཅད་རྒྱུན་མཐོང་གི་གོམས་སྲོལ་ལུས་ངག་གི་བྱ་སྤྱོད་ཙམ་ཞིག་ཏུ་འཛིན་པ་ལས་དེའི་དོན་དངོས་ལ་བརྟགས་ཤིང་དཔྱད་པ་མ་བྱས་པ་དང་། ལེ་ལོ་ཕྱི་བཤོལ་གྱི་དབང་དུ་སོང་སྟེ། ཆོས་གོ་ལོ་དང་ཐོས་ལོ། བཤད་ལོ་དང་ཉན་ལོའི་ངང་དུ་ལོ་ཟླ་འདས་པ་ནི་ཤིན་ཏུ་འཇིགས་སུ་རུང་བའི་གནས་ཏེ། དཔེར་ན་གཡང་གཟར་ནས་ལྷུང་རྒྱུའི་མི་དེ་གོམ་རེ་བཞིན་དུ་དེ་ལས་ལྷུང་བ་ལ་ཇེ་ཉེར་སོང་བ་ལྟར་མིའི་ཚེའི་རྒྱུ་བ་སྐད་ཅིག་རེ་རེ་བཞིན་བསྣན་མེད་འགྲིབ་པ་དང་བཅས་པས་ཟད་ནས་ངན་སོང་གི་གཡང་གཟར་ཡ་ང་བར་ལྷུང་དུ་ཕྱོགས་པའི་ཕྱིར། དེས་ན་བློ་ཆོས་སུ་འགྲོ་བ་ཙམ་གྱིས་མི་ཆོག་པར་ཆོས་ལམ་དུ་འགྲོ་བར་བྱ་དགོས་ཏེ། ཀུན་མཁྱེན་ཆེན་པོས། དེ་ལྟར་རབ་དཀར་དམ་པའི་ཆོས་མཆོག་ལ། །དད་པས་རབ་ཞུགས་ཐར་ལམ་འདོད་རྣམས་ཀྱིས། །རང་གི་སེམས་ཉིད་རབ་ཏུ་གདུལ་བྱའི་ཕྱིར། །ཆོས་དེ་ལམ་དུ་འགྲོ་བ་རབ་ཏུ་གཅེས། །ཞེས་གསུངས་པའི་ཕྱིར། རང་རེ་རྒྱལ་བའི་བསྟན་པ་ལ་ཞུགས་ནས་རབ་ཏུ་བྱུང་བའི་རྟགས་ཆ་ལུགས་འཆང་སྟེ་རྒྱལ་བསྟན་འཁོར་ལོ་གསུམ་གྱིས་སྤེལ་ཕྱིར། བཤད་སྒྲུབ་ལས་གསུམ་གང་རུང་ཞིག་ལ་ཞུགས་ནས་ཐོས་བསམ་སྒོམ་གསུམ་གྱི་བྱ་བ་ལ་འབད་པའི་ཕྱི་ཚུལ་ཞིག་མངོན་ཡང་། མཚམས་རེར་ཁ་ནང་དུ་ཕྱོགས་ནས་རང་རྒྱུད་ལ་བརྟགས་ཤིང་དཔྱད་ཚེ། རང་རྒྱུད་འདི་རབ་ཏུ་མ་བྱུང་བའི་སྔོན་ལས་སོར་གང་གིས་ཇེ་བཟང་དུ་སོང་མེད་པར། ཚེ་འདིའི་ཞེན་པ་དང་རང་འདོད། ང་རྒྱལ་དང་སྡང་སེམས་སོགས་ལུས་ངག་སེམས་ཀྱི་མི་དགེ་བ་ཕལ་མོ་ཆེ། རང་གི་ལུས་ཐོག་གི་བྱ་སྤྱོད་དང་སེམས་ཀྱི་བསམ་པ། ངག་གི་སྨྲ་བརྗོད་རྣམས་ལ་ཚང་ནས། ཐ་ན་ལམ་ལོག་དང་ལམ་གོལ་དུ་མི་འཕྱན་པའི་ངེས་པ་མེད་ལ། ཆོས་དང་མི་མཐུན་ཅིང་ཆོས་དང་འགལ་བའི་བྱ་བ་སྒྲུབ་པའི་རྩ་བ་གང་ལས་བྱུང་བརྟག་ན། ཆོས་སྒྲུབ་པའི་ཟོལ་བྱས་ཀྱང་། ཆོས་ལམ་དུ་མ་སོང་བའི་གནད་དེ་ལས་བྱུང་བ་ཡིན་ནོ། །འོ་ན་ཆོས་ལམ་དུ་མི་འགྲོ་བའི་རྩ་བ་དེ་གང་ཡིན་ཞེ་ན། དེའི་འབྱུང་ཁུངས་ནི་འཁྲུལ་བས་བསླུས་པ་འདི་ལས་བྱུང་བ་ཡིན། འཁྲུལ་བ་འདིའི་དབང་དུ་སོང་ན་ཤི་ཁའི་འགྱོད་པ་དང་། བར་དོའི་འཇིགས་སྐྲག ཕྱི་མ་ངན་སོང་གི་སྡུག་བསྔལ། དུས་གཏན་དུ་འཁོར་བ་ལས་མི་ཐར་བ་ལ་སོགས་པའི་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོར་ཆུད་པ་ཡིན་ནོ། །ཆོས་ལམ་དུ་མི་འགྲོ་བ་ཞེས་པ་ནི། ཆོས་ལ་བློ་ཕྱོགས་ཁུལ་བྱས་ནས་དམ་ཆོས་ཞུས་ཤིང་ཐོབ་པ་རྣམས་རང་རྒྱུད་ལ་མ་འབྱོར་བ་ལ་ཟེར་བ་ཡིན། དཔེར་ན་ནད་དྲག་པོ་ལ་སྦྱོང་སྨན་གཏོང་ཚེ་གལ་སྲིད་སྨན་གྱི་ནུས་པ་མ་ཐོན་ཚེ། སྨན་ཡང་ན་ཟུག་གི་རྐྱེན་དུ་གྱུར་ནས་ནད་གཉིས་པ་རུ་གྱུར་ནས་གདུང་བ་སྐྱེད་པར་བྱེད་པ་བཞིན། དམ་པའི་ཆོས་ཀྱང་རང་རྒྱུད་ངན་པ་འདུལ་བྱེད་ཀྱི་གཉེན་པོ་རུ་མ་སོང་ན་ཆོས་ལམ་དུ་མ་སོང་པ་ཡིན། ཕན་པ་མེད་པའི་ཆོས་སྒྲུབ་པ་ཡང་དུས་ཀྱི་གྲོན་དང་ལུས་སེམས་གདུང་བའི་རྒྱུ་རུ་ཟད་དོ། །དེ་ལ་ཆོས་ལམ་དུ་འགྲོ་བའི་མན་ངག་ནི། ཐོག་མར་མཚན་ལྡན་གྱི་དགེ་བའི་བཤེས་གཉེན་བསྟེན། བསྟེན་ཚུལ་ཡང་ནད་པས་སྨན་པ། ཚོང་པས་དེད་དཔོན། གྲུ་བས་མཉན་པ། དགྲ་ཇག་གི་གསེབ་ནས་སྐྱེལ་མ་དཔའ་བོ་ལ་མགྲོན་པོས་བསྟེན་པ་ལྟར་བསྟེན་ནས། བཀའ་བཞིན་དུ་བསྒྲུབས་ཏེ་དམ་ཚིག་རྣམ་པར་དག་པ་བསྲུངས་ཤིང་། ཐོས་བསམ་སྒོམ་པས་རང་རྒྱུད་སྦྱངས་ཏེ། ཐར་བ་དོན་གཉེར་གྱི་བློ་དང་མི་འབྲལ་བའི་སྒོ་ནས་བརྩོན་པ་བསྐྱེད་པ་ཡོད་མེད་ནི་ཆོས་ལམ་དུ་འགྲོ་དང་མི་འགྲོའི་ཚད་ཐིག་འཛིན་མཚམས་ཡིན་ལ། བརྩོན་འགྲུས་དེ་ཡང་ཐང་ལྷོད་མེད་པ་ཞིག་དགོས་པའི་ཚུལ། ཆོས་ཁྲིད་སྔོན་མའི་གཏམ་རྒྱུད་མུ་མཐུད་ནས་འཆད་པ་ལ། ༈ ནགས་སུ་གནས་པའི་འཕགས་པའི་དགེ་སློང་དེས། རྒྱལ་པོ་འོད་ཟེར་དཔལ་ལ་རྒྱལ་བུ་ཆགས་པ་མེད་ང་ལ་མ་བྱིན་པར་ཁྱོད་ཀྱིས་རྒྱལ་སྲིད་འཛིན་དུ་བཅུག་ཀྱང་རྒྱལ་སྲིད་སྟོང་དུ་འགྲོ་ཞེས་གསུངས་ཚེ། རྒྱལ་པོའི་བསམ་པར། འཕགས་པ་འདི་སྤྲུལ་བ་ཞིག་ཡིན་པར་ཐེ་མི་ཚོམ་ལ་ངའི་རྒྱལ་སྲས་གཉིས་ཀྱི་མིང་དང་ལོ་རྒྱུས་ཚང་མ་ཁོང་གིས་མཁྱེན་ནས་འདུག འོན་ཀྱང་ཆགས་པ་མེད་ཀྱིས་རྒྱལ་སྲིད་བཟུང་ན་ཅིའི་ཕྱིར་རྒྱལ་སྲིད་སྟོང་པ་ཡིན་སྙམ་ནས་དྲིས་ཚེ། དགེ་སློང་གིས་རྒྱལ་སྲིད་ནི་དུག་གི་སྡོང་པོ་འདྲ་སྟེ་དེའི་ལོ་འདབ་མེ་ཏོག་མཛེས་ཤིང་འབྲས་བུ་ཟོས་ན་ཞིམ་པ་ལྟར་སྣང་ཡང་། སུས་ཟོས་ན་དེའི་སྲོག་འཇོམས་པའི་ཕྱིར་དང་། མེ་དོང་ཞིག་དང་ཡང་འདྲ་སྟེ། དེའི་ནང་དུ་སུ་སོང་ཡང་འདོད་པའི་མེས་བསྲེག་པར་འགྱུར་བའི་ཕྱིར། དེས་མི་ཚད་བཙོན་ཁང་དང་། འཆིང་བྱེད་ཀྱི་ལྕགས་སྒྲོག་དང་འདྲ་བས་ཆགས་པ་མེད་ཀྱིས་རྒྱལ་སྲིད་མི་འཛིན། ཁོ་ལ་རྒྱལ་སྲིད་འཛིན་པ་དང་ཤི་རྒྱུ་གཉིས་འདོམས་བཅུག་ན་ཤི་རྒྱུ་འདོམས་ངེས་ཡིན་ཏེ། རང་གར་ཤི་ཚེ་ངན་སོང་དུ་འགྲོ་དགོས་པའི་ངེས་པ་མེད་ལ་རྒྱལ་སྲིད་བཟུང་ནས་འདོད་པའི་དབང་དུ་སོང་ན་ངན་སོང་ལས་འགྲོ་ས་མེད་པས། ཆགས་པ་མེད་དལ་འབྱོར་གྱི་རྟེན་བཟང་འཐོབ་བཞིན་བག་མེད་པས་དུས་མི་འདའ་ཞེས་གསུངས་པས། རྒྱལ་པོས་རྒྱལ་བུ་ཆགས་པ་མེད་ཀྱི་དུས་རྒྱུན་གྱི་བྱ་སྤྱོད་དགེ་སློང་གི་གསུང་ཚུལ་གང་ལ་བལྟས་ཀྱང་བུ་འདི་སྤྲུལ་བ་ཞིག་ཡིན་ངེས། ད་འཕགས་པས་གསུངས་པ་ལྟར་འབུལ་དགོས་འདུག་བསམ་ནས། འབུལ་བར་ཁས་བླངས་པ་མ་ཟད། འཕགས་པ་ཁྱེད་ཀྱིས་གསུངས་པ་ལྟར་ད་དུང་གང་དགོས་པ་འབུལ་གྱི། སང་ཉིན་ངེས་པར་དུ་བདག་གི་ཕོ་བྲང་དུ་འབྱོན་དགོས་ཞུས་ཚེ། དགེ་སློང་གིས་ཀྱང་ཞལ་གྱིས་བཞེས་སོ། །དེ་ནས་རྒྱལ་པོ་ཕོ་བྲང་དུ་ལོག་ནས་སྲས་ཆེ་བ་རྒྱལ་སྲིད་སྐྱོང་ལ་དེའི་ལོ་རྒྱུས་བསྙད་པས། གཅེན་པོ་རྒྱལ་སྲིད་སྐྱོང་ནུ་བོ་ཆགས་པ་མེད་སྐྱེད་མོས་ཚལ་དུ་རྩེད་མོ་རྩེ་བའི་སར་ཕྱིན་པས། གཅུང་ཆགས་པ་མེད་བུ་ཁྱེའུ་སྟོང་ཕྲག་བཅུ་གཉིས་ཀྱིས་བསྐོར་ནས་དེ་རྣམས་ལ་ཆོས་སྟོན་པའི་རྩེད་མོ་བྱེད་བཞིན་དེ་རྣམས་ལ། ནམ་ཟླ་སོས་ཀའི་དུས་ཀྱི་མེ་ཏོག་དེ་མཛེས་ཤིང་བཀྲག་མདངས་མཚར་བར་བུང་བའི་ཁྱུ་ཡིས་བསྐོར་ནས་དགའ་བའི་གླུ་ལེན་པ་ཡིན་ཡང་དུས་ཀྱི་འགྱུར་བ་ལ་སོན་དུས་མཛེས་པའི་བཀྲག་མདངས་ཉམས་འགྲོ་བ་དང་འདྲ་བར། ཁྱེད་ཁྱེའུ་མེ་ཏོག་དང་འདྲ་བའི་སྟོང་ཕྲག་མང་པོ་འདི་དག་ད་ལྟ་གཞོན་ནུའི་སྐབས་ཡིན་པས་ཡིད་དུ་འོང་ཞིང་ལྟ་ན་སྡུག་པ་ཡིན་ཡང་ནམ་ཞིག་ལོ་དང་ཟླ་བའི་ཁུར་མང་པོ་སོག་ནས་འགྱུར་དུ་འགྲོ་བ་ཡིན། དེ་དུས་སྐྱེ་བོ་བུང་བ་དང་འདྲ་བའི་འཁོར་རྣམས་ཀྱང་ཆུང་ལོ་བརྒྱད་ཀྱི་བྱིས་པ་རིམ་གྱིས་ལོ་ལྔ་བཅུ་ཅན་དུ་འགྱུར་ལྔ་བཅུ་པ་ཡང་བརྒྱད་ཅུ་དགུ་བཅུ་པར་གྱུར་ཅིང་། ཚེ་ཟད་ལུས་རྒས་པའི་དུས་སུ་གཅེས་མཁན་དཀོན་པ་ཡིན་ཞེས་པའི་དོན་དང་ལྡན་པའི་ཚིགས་བཅད་ཀྱིས་ཆོས་སྟོན་པ་གོ་ཚེ་གཅེན་པོའི་སེམས་ཀྱང་དེར་ཕྱོགས་ནས་གུས་ཕྱག་འཚལ་ཞིང་ཆོས་ཀྱི་གཏམ་མང་གླེང་ནས་ཕྱིར་ཕོ་བྲང་དུ་ལོག་གོ །རྒྱལ་པོའི་བསམ་པར་སང་ཉིན་འཕགས་པ་སྤྱན་འདྲེན་ཐུབ་ཡོད་ཚུལ་བཤད་ན་འདི་བརྩོན་འགྲུས་དང་སྙིང་སྟོབས་ཅན་ཡིན་པས་དོ་ནུབ་ཤོར་གྱིས་དོགས་ནས་ཁྱེའུ་བསླུ་ཐབས་ཀྱི་གཏམ་དུ་མ་བཤད་ཀྱང་ཁྱེའུས་དོན་རྣམས་ཐམས་ཅད་མངོན་ཤེས་ཀྱིས་མཁྱེན་ནོ། །ཕྱི་ཉིན་ཕོ་བྲང་དུ་ཉི་མ་ཤར་བ་དང་འཕགས་པ་ཕེབས་སོ། །དེ་ནས་རྒྱལ་བུ་ཆགས་པ་མེད་ཀྱིས་འཕགས་པའི་དགེ་སློང་ཆགས་པ་མེད་ཀྱི་ཞབས་ལ་ཕྱག་འཚལ་ནས། བཀུར་བསྟི་དང་ཞབས་ཏོག་ཕུན་སུམ་ཚོགས་པར་མཛད་ནས་ཞུས་པར། བདག་ཡབ་ཡུམ་འཁོར་དང་བཅས་པ་སྔོན་སྐྱེ་བ་གྲངས་མེད་ཀྱི་རིང་འཕགས་པ་ཁྱེད་ཀྱིས་རྗེས་སུ་བཟུང་བའི་འབྲེལ་བ་ཅན་ཡིན་ལ། ད་དུང་ཡང་བདག་ཅག་ཉོན་མོངས་ཀྱི་འཆིང་བ་ལས་མ་གྲོལ་བས་ཁྱེད་ཀྱིས་སྐྱོབ་པར་ཞུ། ཞེས་གཅེན་པོ་དང་ཕ་མ་རྣམས་ཀྱི་ཚབ་བྱས་ནས་ཞུས་ཚེ། དགེ་སློང་གི་ཞལ་ནས། འཇིག་རྟེན་ཁམས་ན་ནོར་རིགས་མང་ཡང་ནོར་བུ་རིན་ཆེན་བསམ་པ་འགྲུབ་པ་ནི་སྲིད་མཐའ་མ་བཀག་པ་ཙམ་ཡིན་པ་བཞིན་མིའི་ལུས་རྟེན་རེ་ཐོབ་པ་མང་ཡང་དད་པ་གཏིང་ནས་ཡོད་པ་ནི་དེ་དང་འདྲ་བར་དཀོན་པ་ཡིན། སྐལ་བ་བཟང་པོ་ལྡན་པའི་རྒྱལ་བུ་ཁྱེད་ལ་ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་དད་པའི་ཞིང་ས་གཤིན་པོ་ཞིག་ཡོད་འདུག་པས་དགེ་བའི་བློ་སྟོབས་རང་ཤུགས་ཀྱིས་འཕེལ་ལ། སེམས་ཅན་སྐལ་བ་དང་ལྡན་པ་མང་པོ་ཞིག་ཀྱང་ཁྱོད་ཀྱིས་བདེ་བར་འགོད་ནུས་ཤིང་། ཁྱོད་ཀྱི་དད་པའི་ཞིང་ས་དེར་བདག་གི་ཐུགས་རྗེའི་ཆར་རྒྱུན་འབེབས་སོ། །ཁྱོད་ཀྱི་འཆིང་བ་ཀུན་ངས་དགྲོལ་ཆོག ཁྱོད་ཀྱི་ཚེ་རབས་དུ་མར་བདག་དང་འབྲེལ་བ་ཡོད་པས་ཁྱོད་བདག་གི་ཐུགས་སྲས་ཀྱི་ཐུ་བོ་ཡིན། དེས་ན་མི་འགྱང་བར་ནགས་ཁྲོད་དུ་ཕེབས་ནས་དམ་པའི་ཆོས་ལ་འབད་དགོས་སོ། །ཞེས་གསུངས་པས། རྒྱལ་བུ་ཆགས་པ་མེད་ཡབ་ཡུམ་འཁོར་དང་བཅས་པས་འཕགས་པའི་དགེ་སློང་ལ་མཆོད་པ་ཕུལ། འཕགས་པས་ཀྱང་ཡོན་བསྔོ་དང་སྨོན་ལམ་མཛད། འཕགས་པ་འབྱོན་རན་དུས་སྲས་ཀྱིས་ཡབ་ཡུམ་གཉིས་ལ་ཐལ་མོ་སྦྱར་ནས། ཡབ་ཡུམ་ཁྱེད་གཉིས་བདག་ལ་ཐུགས་བརྩེ་ཞིང་དུང་བས་ང་དང་འབྲལ་མི་ནུས་པ་བདག་གིས་ཤེས་སོ། །འོན་ཀྱང་ཡུད་ཙམ་ཞིག་ལ་མི་འབྲལ་བ་ལས་དུས་རྟག་ཏུ་མི་འབྲལ་བ་དགའ་བས། ཚེ་འདི་ནི་ཡུད་ཙམ་ཡུད་ཙམ་ཡིན་ལ་དེ་མཚམས་ནས་འབྲལ་བར་ངེས་ལ། ཕྱི་མའི་སྐྱེ་བ་ཀུན་ཏུ་མི་འབྲལ་བ་ཞིག་བྱ་ན་སེམས་ནས་དམ་པའི་ཆོས་བསྒྲུབ་དགོས་། དེས་ན་བདག་འཕགས་པ་འདིའི་ཞབས་རྗེས་འབྲངས་ནས། བཟའ་བ་དང་བཏུང་བ། གོས་དང་མལ་ཆ། རྒྱལ་པོའི་ཕོ་བྲང་དང་སྐྱེད་མོས་ཚལ། དགའ་བའི་རྩེད་གྲོགས། གཉིད་དང་རྨུགས་པ་སོགས་བག་མེད་ཀྱི་སྤྱོད་པ་ཀུན་སྤངས་ནས་དམ་པའི་ལྷ་ཆོས་བསྒྲུབ་རྒྱུར་འདུན་པ་རྩེ་གཅིག་ལ་གཏད་ནས་གཏན་གྱི་འདུན་མ་ཤོར་དུ་མི་འཇུག་པར་ཚེ་ཚེ་རབས་རབས་སུ་ཁྱེད་ཕ་མ་གཉིས་ཀྱིས་ཕ་མར་བྱས་ཏེ་མི་འབྲལ་བ་ཞིག་བྱེད། ཁྱེད་གཉིས་ཀྱིས་ཀྱང་ང་དང་མི་འབྲལ་བར་བྱ་བསམ་ན་དཀོན་མཆོག་གསུམ་ལ་བློ་ཕུགས་གཏོད་ལ་ལས་འབྲས་ཕྲ་ཞིབ་ནས་འཛེམས། ཡོན་ཏན་རྒྱ་མཚོ་ལྟ་བུ་དེ་ཆུ་ཐིགས་བསགས་པ་བཞིན་དུ་སོག ཐར་བའི་གནས་སུ་འགྲོ་བའི་ཐེམ་སྐས་དགོས་པས་ཚུལ་ཁྲིམས་བསྲུངས་ནས་མི་ལུས་ཀྱི་གཞི་ཞིག་འཆོས་ཞེས་སོགས་ཀྱི་གདམས་པ་གནང་། མཚམས་དེར་འཕགས་པ་ཆགས་པ་མེད་ཀྱི་རྫུ་འཕྲུལ་གྱིས་རྒྱལ་བུ་ཆགས་པ་མེད་དང་བཅས་པ་རྒྱལ་པོའི་ཕོ་བྲང་ནས་མི་སྣང་བར་གྱུར། དེ་ནས་འཕགས་པ་ཆགས་པ་མེད་ཡབ་སྲས་གཉིས་ནགས་ཁྲོད་སྟུག་པོའི་དབེན་པའི་གནས་སུ་གཤེགས་ནས། རྒྱལ་བུ་ཆགས་པ་མེད་ལ་ལོ་མའི་སྤྱིལ་བུ་སྤྲད་ནས། ཁྱོད་ཀྱི་མཁན་སློབ་གཉིས་ཀ་བདག་གིས་བྱེད། ཁྱོད་ཁྱིམ་ལ་ཆགས་པ་མེད་པར་རབ་ཏུ་བྱུང་དགོས་གསུངས་ནས་རབ་ཏུ་བྱུང་བ་དང་བྱིན་གྱིས་བརླབས་ཏེ། ཁྱོད་ཀྱི་ཚེ་འདི་ཇི་སྲིད་མ་བརྗེས་བར་གཉིད་དང་རྨུགས་པ་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་ཁྱད་དུ་བསད་ནས་ཕ་མར་གྱུར་པའི་སེམས་ཅན་ཐམས་ཅད་འཁོར་བའི་གནས་སུ་སྡུག་བསྔལ་བ་ལ་སྙིང་རྗེ་སྒོམ་དགོས། དེ་ཐམས་ཅད་མཐར་ཐུག་སངས་རྒྱས་ཐོབ་པའི་ཆེད་དུ་བརྩོན་འགྲུས་བསྐྱེད་དགོས། ཐམས་ཅད་བདེན་མེད་ཀྱི་ངང་དུ་དབང་དུ་བསྡུས་ལ་སོགས་པ་ཆོས་མང་དུ་བསྟན་ཚེ། རྒྱལ་བུས་བླ་མས་ཇི་ལྟར་གསུངས་པ་བཞིན་སྒྲུབ་པར་ཁས་བླངས་ནས་ལོ་མའི་སྤྱིལ་བུ་དེར་མི་ལོ་སོ་དགུའི་བར་དུ་གཉིད་རྨུགས་དང་ལེ་ལོ་སྤངས་ནས་འགྲོ་བའི་དོན་དུ་བརྩོན་འགྲུས་རྒྱུན་ཆད་མེད་པར་བརྩམས་པས། ལོ་སོ་དགུའི་དུས་དེར་བླ་མ་ཆགས་པ་མེད་པ་བྱོན་ནས་ཁྱོད་ཀྱིས་བདག་གི་གདམས་པ་ཡོངས་རྫོགས་དམ་ཚིག་བརྟན་པོས་ཉམས་སུ་བླངས་ནས་སྒྲུབ་པ་བྱས་པ་ཡིན། བུ་ཁྱོད་ཀྱིས་བལྟས་ན་སྔོན་ཁྱོད་དང་སྐྱེད་མོས་ཚལ་དུ་ལྷན་ཅིག་ཏུ་རྩེ་བར་བྱེད་པའི་ཁྱེའུ་སྟོང་ཕྲག་བཅུ་གཉིས་པོ་ད་ལྟ་གང་དུ་འདུག མ་འོངས་པར་དེ་རྣམས་ཀྱིས་ཅི་བྱེད་ཅེས་དྲིས་ཚེ། ཁྱེའུ་ཆགས་པ་མེད་ཀྱིས་ཁྱེའུ་ལ་ལ་ནི་ཚེ་རྗེས་ནས་ཞིང་ཁམས་གཙང་མའི་གནས་སུ་ཕྱིན་སོང་། ལ་ལ་ལས་དབང་གིས་སེམས་ཅན་གྱི་མངལ་སྒོར་འགྲིམས་ཀྱང་ཐ་མར་བདེ་འགྲོ་ཐོབ་པ་གྱུར། ལ་ལ་ནི་ཚེ་མ་བརྗེས་པར་ཡུལ་འདིར་གནས་ཤིང་མ་འོངས་པར་ངས་བསྟན་པའི་གདམས་པ་ལ་སྤྱོད་ངེས། མ་འོངས་ལྔ་བརྒྱ་ཐ་མའི་དུས་སུ་གངས་རིའི་མགུལ་ཞེས་བྱ་བའི་ས་ཆར་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྗེའི་འོད་ཟེར་འཕྲོས་ནས་ཞིང་ཁམས་དག་པ་ཞིག་ཏུ་བྱིན་གྱིས་བརླབས་ཚེ་སྤྱན་རས་གཟིགས་ཀྱི་སྤྲུལ་བ་ངས་འགྲོ་བའི་དོན་དུ་སྤྲུལ་བ་བསྟན་ཞིང་། དེ་དུས་བླ་མ་ཁྱེད་ཀྱང་ཐུགས་རྗེའི་དབང་གིས་དེར་བྱོན་ལ། དེའི་དུས་ངའི་སྲས་བླ་མ་ཁྱེད་ཀྱིས་རྗེས་སུ་བཟུང་ནས་རིགས་གསུམ་གྱི་སྤྲུལ་བ་སོགས་དམ་པའི་སྐྱེས་བུ་མང་པོ་ཞིག་དེར་བྱོན་པ་ཡིན་པ་སོགས་དེ་དུས་སེམས་ཅན་གྱི་འགྲོ་དོན་མཛད་ཚུལ་རྣམས་ཡར་ཞུས་པས། དེ་བཞིན་ནོ་གསུངས་ནས་འབྱུང་གྱུར་གྱི་ལུང་བསྟན་དང་དབུགས་དབྱུང་གཟེངས་བསྟོད་མཛད་དོ། །སྲས་ཀྱིས་ཀྱང་དེ་བཞིན་འགྲུབ་པའི་སྨོན་ལམ་བཏབ་པ། ད་ནི་བདེ་བ་ཅན་དུ་འགྲོ། །བླ་མ་རྟག་ཏུ་མི་འབྲལ་བར། །ཇི་སྲིད་ཁྱེད་དང་ལྷན་ཅིག་ཏུ། །འགྲོ་དོན་དཔག་ཏུ་མེད་པར་བགྱི། །གསུངས་ནས་བདེ་བ་ཅན་དུ་བྱོན་པའོ། །བླ་མ་ཆགས་པ་མེད་ནི་ཇོ་བོ་རྗེ་ཨ་ཏི་ཤ་དང་སྲས་ཆགས་པ་མེད་ནི་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་སོ། །དེ་ལྟ་བུའི་དད་དང་ངེས་འབྱུང་གིས་བརྩོན་འགྲུས་བརྩམས་ནས་ཐར་བའི་གོ་འཕང་ལ་བསྙེགས་པའི་རྣམ་ཐར་ལ་སྨོན་པའི་ཐོག་ནས་གང་ཞིག་གསན་པར་བྱ་བ་བླ་ན་མེད་པ་འོད་གསལ་རྡོ་རྗེའི་སྙིང་པོའི་གནས་གསུམ་གསལ་བར་བྱེད་པ། ཚིག་དོན་རིན་པོ་ཆེའི་མཛོད་ཅེས་བྱ་བ་ཆོས་སྐུའི་རིང་བསྲེལ་གྱི་ཕུང་པོ་གསུང་ཡི་གེའི་རྣམ་པར་བྱོན་པ་འདི་ཉིད་འཆད་ཉན་བྱེད་པའི་བསྐལ་བ་བཟང་པོ་ཐོབ་པའི་སྐབས་འདིར། ཐོག་མ་དགེ་བ་ཀླད་ཀྱི་དོན་སོང་ནས། བར་དུ་དགེ་བ་གཞུང་གི་དོན་ལ། གཞི་དང་འཁྲུལ་ཚུལ་ཁྱབ་ཚུལ་དང༌། །གནས་དང་ལམ་དང་སྒོ་དང་ཡུལ། །ཉམས་ལེན་ཚད་དང་བར་མ་དོ། །གྲོལ་ས་ཉིད་དང་བཅུ་གཅིག་གོ །ཞེས་ཆིངས་བཅུ་གཅིག་གིས་བཅིངས་པའི་དང་པོ་གཞིའི་སྐབས་སོང་ནས། ད་ནི་གཉིས་པ་འཁྲུལ་ཚུལ་སྤྱིར་བསྟན་པའི་སྐབས་ལ། འཁྲུལ་ཚུལ་ངོ་བོའི་ཆ་དང་། རྣམ་པ་རྐྱེན་གྱི་ཆ་གཉིས་ལས། གཉིས་པའི་སྐབས་ནས་འགའ་ཞིག་སོང་ནས་དེ་རིང་། དེ་ལྟར་ལྷུན་གྲུབ་སྒོ་བརྒྱད་དུ་ཤར་ཚེ། གདངས་ཕྱིར་གསལ་གྱི་རང་ངོ་མ་ཤེས་པས་མ་དག་འཁོར་བའི་སྒོ་ལ་ཞུགས་ཏེ་འཁྲུལ་སྣང་འཁོར་བར་སྣང་བ་ཡང་རང་མ་རིག་པས་མེད་པ་ལ་བདག་ཏུ་བཟུང་བའི་བག་ཆགས་ཀྱི་འཛིན་པ་ཕྲ་བ་ནས་ཇེ་རགས་སུ་སོང་བའི་མཐུ་བརྟས་པ་ལས་གནས་དོན་ལུས་སུ་སྣང་བའི་རྨི་ལམ་ལྟ་བུ་འདི་འབྱུང་སྟེ་གྲུབ་པ་ཡིན་པ་དེས་ན། སོ་སོའི་ལུས་ཀྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་གྲུབ་ནས་གཅིག་ནས་གཅིག་ཏུ་འཁོར་ཞིང་གཏན་དུ་སྲིད་པ་ན་གནས་པ་ནི། མུ་ཏིག་ཕྲེང་བ་ལས། དེ་ལྟར་འཇིག་རྟེན་གསུམ་པོ་ནི། །ཕུང་པོ་ལྔ་དང་དབང་པོ་ལྔ། །ཡན་ལག་ལྔ་དང་དོན་སྙིང་ལྔ། །ཡུལ་ལྔ་དང་ནི་ཉོན་མོངས་ལྔ། །སེམས་ལྔ་ཡིད་ལྔ་རྟོག་པ་ལྔ། །གཟུང་འཛིན་འཁོར་བ་ཉིད་དུ་གྲུབ། །འཁྲུལ་བ་གཉིས་སྣང་དེ་ལྟ་བུ། །དཔེར་ན་མྱུར་འགྲོ་འཁོར་ལོ་བཞིན། །རྒྱུན་ཆགས་འཁོར་ལ་ཡུན་རིང་གནས། །ཞེས་སོ། །དེ་ཡང་གཟུགས་ལ་སོགས་པའི་ཡུལ་ལྔ་ནི་འོད་ལྔ་རང་སྣང་དུ་མ་ཤེས་པར་བཟུང་བའི་ཆ་ལས་བྱུང་ཞིང༌། ཉོན་མོངས་པ་ལྔ་ནི་ཡེ་ཤེས་ལྔ་རང་ངོ་མ་ཤེས་པའི་ཆ་ལས་བྱུང༌། སྣ་ཚོགས་སྡུད་པའི་ལུས་སེམས་ལ་སོགས་པ་ལྔ་ནི་ཆོས་ཉིད་ཀྱི་རང་གདངས་མ་དག་པ་ལས་བྱུང༌། ཀུན་ནས་འཚོལ་བའི་ཡིད་ལ་སོགས་པ་ལྔ་ནི་རླུང་ལྔ་རྣམ་པར་མ་དག་པ་ལས་བྱུང༌། བསམ་པ་དྲན་པས་འཛིན་པའི་བདག་ཏུ་རྟོག་པ་དང༌། ཡུལ་དུ་མ་ལ་བདག་ཏུ་རྟོག་པ་དང༌། འགྱུ་བ་ཐ་དད་པ་ལ་བདག་ཏུ་རྟོག་པ་དང༌། ཤེས་པའི་རྣམ་པ་ཙམ་ལ་བདག་ཏུ་རྟོག་པ་དང༌། ཆོས་རྣམ་པར་སེམས་པ་དང་བཅས་པ་ལ་བདག་ཏུ་རྟོག་པ་དང་ལྔ་ནི་འགྱུ་བ་རང་ཐོག་ཏུ་མ་ཆོད་པ་ལས་བྱུང་བའོ། །མདོར་ན་རྐྱེན་བཞི་ལས། རྒྱུ་དང་། འབྲས་བུ། མིང་དང་སྣང་བ་སྣ་ཚོགས་སུ་འཁྲུལ་ནས་གཟུགས་ལ་སོགས་པའི་ཡུལ་ལྔ་ལ་སོགས་པའི་གཟུང་འཛིན་ཅན་དུ་འཁྲུལ་ཞིང་། རྒྱུའི་ངང་དེར་སངས་རྒྱས་དང་སེམས་ཅན་གཅིག་ཡིན་པས་སྤང་བླང་ལས་འདས་པའི་ཡེ་ཤེས་ངོས་ཟིན་ན་རྒྱུའི་རྐྱེན་རང་སར་གྲོལ། ཡུལ་སྣ་ཚོགས་སུ་ཤར་བ་ཆོས་ཉིད་རང་སྣང་དུ་གྲོལ་བས་དམིགས་པའི་རྐྱེན་ལས་གྲོལ། དེ་རང་བྱུང་ཡེ་ཤེས་ལས་མི་འདའ་བར་ཤེས་པས་བདག་པོའི་རྐྱེན་ལས་གྲོལ། དུས་མེད་ཀུན་ཏུ་བཟང་པོ་ལ་སྔ་ཕྱི་ཕན་ཚུན་གྱི་འགལ་བ་མེད་པས་དེ་མ་ཐག་པའི་རྐྱེན་ལས་གྲོལ་ནས་གྲོལ་དུ་རུང་བ་ཡིན་ནོ། །དེ་ལྟར་མ་དག་པ་འཁོར་བའི་ཆོས་རྣམས་རིག་པའི་ངང་ལས་བྱུང་ངང་ལ་གནས་ངང་ལ་རོལ་བ་ཙམ་ལས་གཞན་དུ་གཡོས་པ་ཅུང་ཟད་ཀྱང་མེད་པ་ནི་རྨི་ལམ་གཉིད་ཀྱི་ངང་ལས་མ་གཡོས་པ་ལྟ་བུ་སྟེ། དོན་ལ་སྟོང་གཟུགས་མེད་པ་གསལ་སྣང་གི་ཆོ་འཕྲུལ་ཙམ་དུ་བསྟན་པ་ནི་འཁོར་བའི་རྣམ་དག་སྟེ། འདི་ལ་སྤྱིའི་རྣམ་དག་དང་བྱེ་བྲག་གི་རྣམ་དག་ལེགས་པར་བཤད་པ་གཉིས་ལས། དང་པོ་སྤྱིའི་རྣམ་དག་བསྟན་ན་གཞི་ཡེ་སྟོང་གི་རྩལ་རང་སྣང་རོལ་བ་མེད་བཞིན་དུ་སྣང་བ་སྒྱུ་མ་ཙམ་དུ་སྣང་བ་ནི་དཔེར་ན་ཐག་པ་རགས་པ་ལྟར་སྣང་ཡང་རང་དོན་ལ་སྤུ་རེ་རེ་བ། དེ་ཡང་རྡུལ་ཕྲན་ཆ་མེད་སྟོང་པ་ལྟར་འཁྲུལ་སྣང་རགས་པ་ལྟར་སྣང་ཡང་དོན་རྫོགས་པ་ཆེན་པོའི་སྐབས་ལ་སྐྱེ་འགག་གནས་གསུམ་དང་བྲལ་བའི་རང་སྣང་སྟོང་པ་ཉིད་དུ་གཏན་ལ་འབེབས་སྟེ། མུ་ཏིག་ཕྲེང་བ་ལས། དེ་ལྟར་སྣང་བ་སྣ་ཚོགས་རྣམས། །ཐག་པ་ལ་ནི་སྦྲུལ་མཐོང་བཞིན། །དེ་མ་ཡིན་ལ་དེར་བཟུང་བས། །ཕྱི་ནང་སྣོད་བཅུད་གཉིས་སུ་ཆགས། །དེ་ཡང་བརྟགས་ན་ཐག་པ་ཉིད། །སྣོད་བཅུད་ཡེ་ནས་སྟོང་པ་སྟེ། །དོན་དམ་ཀུན་རྫོབ་གཟུགས་ཅན་ནོ། །སྦྲུལ་མཐོང་དེ་ཉིད་མཐོང་བས་བདེན། །ཐག་མཐོང་ཡང་དག་ཉིད་དུ་བདེན། །དཔེར་ན་མཐོ་ལ་བྱར་སྣང་བཞིན། །བདེན་པ་གཉིས་ཀྱི་རང་བཞིན་ནི། །འཇིག་རྟེན་ཀུན་རྫོབ་ཙམ་དུ་སྟེ། །ཡང་དག་ཉིད་ལ་འབྲེལ་བ་མེད། །སྟོང་པ་ཉིད་ཀྱི་དབྱིངས་ལ་ནི། །དེ་ཡི་ངོ་བོར་ཐམས་ཅད་གྲོལ། །ཞེས་སོ། །དེའང་ཕུང་པོ་ལ་སོགས་པའི་ཆོས་རྣམས་རིག་པའི་ངང་ན་ནམ་མཁའ་ལ་སྤྲིན་ལྟར་རིག་པ་ལ་སྣང་ཡང་རིག་པ་ལ་མ་གོས་པར་སྟོང་གཟུགས་སུ་ལིང་ངེ་གནས་པ་ནི་སྒྱུ་མ་དང་སྤྲུལ་བ་ལྟ་བུ་སྟེ། རྒྱུད་བླ་མ་ལས། ཕུང་པོ་སྒྱུ་མ་སྤྲུལ་བ་བཞིན། །ཞེས་སོ། །དེ་དག་གང་ལ་གནས་ན་སྣོད་བཅུད་ནམ་མཁའ་ལ་གནས་པ་ལྟར་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ལས་དང་ཉོན་མོངས། དེ་རྣམ་རྟོག་རང་སྣང་ཙམ་ལ། དེ་སེམས་ཉིད་སྟོང་པའི་ངང་དུ་གནས་པས། དང་པོ་ཡང་སྟོང་པ། ད་ལྟ་ཡང་སྟོང་པ། མཐར་ཡང་སྟོང་པ། སྐྱེ་འགག་གནས་གསུམ་དང་བྲལ་བར་གནས་ཏེ། དེ་ཉིད་ལས། ས་ནི་ཆུ་ལ་ཆུ་རླུང་ལ། །རླུང་ནི་མཁའ་ལ་རབ་ཏུ་གནས། །མཁའ་ནི་རླུང་དང་ཆུ་དག་དང༌། །ས་ཡི་ཁམས་ལ་གནས་མ་ཡིན། །དེ་བཞིན་ཕུང་པོ་ཁམས་དབང་རྣམས། །ལས་དང་ཉོན་མོངས་དག་ལ་གནས། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །སེམས་ཀྱི་རང་བཞིན་ཆོས་རྣམས་ནི། །ཐམས་ཅད་ལ་ཡང་གནས་མ་ཡིན། །ཞེས་སོ། །སྐྱེ་འགག་གནས་པར་སྣང་ཡང་གནས་པའི་དུས་ན་དེ་དག་ཏུ་མ་གྲུབ་པ་སྟེ། སྒྱུ་འཕྲུལ་གསང་སྙིང་ལས། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཨེ་མ། གནས་པ་ཉིད་ན་གནས་པ་མེད། །ཨེ་མ། འགག་པ་ཉིད་ན་འགག་པ་མེད། །ཅེས་པ་དང༌། རྩ་བ་ཤེས་རབ་ལས། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ཡང་འཇིག་པར་གསུངས། །ཞེས་པ་དང༌། སྣང་སྲིད་ཀྱི་ཆོས་སོ་ཅོག་སྣང་དུས་ཉིད་ནས་སྐྱེ་འགག་སྤྲོས་པའི་མཐའ་དང་བྲལ་བར། དེ་ཉིད་ལས། གང་གིས་རྟེན་ཅིང་འབྲེལ་བར་འབྱུང༌། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞིར་བསྟན་པ། །ཞེས་སོ། །བྱེ་བྲག་རྣམ་རྟོག་གི་རྣམ་དག་ནི་ཁམས་གསུམ་འཁོར་བའི་སྣང་བ་ཐམས་ཅད་དང་པོ་ཡང་དབྱིངས་ཀྱི་ཆ་ལ་བཟུང་བས་དེའི་ཆ་རེ་སྦྱར་དུ་ཡོད་པས་ཀྱང་གཟུགས་བརྙན་ལྟར་དོན་ལ་ཆོས་ཉིད་སྟོང་པར་གནས་ལ་ད་ལྟར་སྣང་དུས་ཕུང་པོ་དང་འབྱུང་བ་ལ་སོགས་པ་སྐུ་དང་ཡེ་ཤེས་ཀྱི་ཆར་སྦྱར་ཏེ། སྒོ་གསུམ་སྐུ་གསུང་ཐུགས་སུ་གྲོལ་བའི་རང་བཞིན་ནི་སྐྱེ་རྒ་ན་འཆིའི་སྣང་བ་ཆོས་དབྱིངས་ཡེ་ཤེས་རོལ་བར་ཤར་ཞིང༌། བྱ་བྱེད་དང་སྣང་བ་ཐམས་ཅད་ཆོས་ཉིད་ཀྱི་ལྟ་སྒོམ་རང་ཤར་ཆེན་པོར་སྣང་བའི་རྣམ་དག་བཤད་པ་ནི། ཐལ་འགྱུར་ལས། གཞན་ཡང་རབ་ཏུ་བཤད་བྱ་བ། །སྣང་བ་འཁྲུལ་བའི་རང་བཞིན་ནི། །ཡེ་ཤེས་ཡིན་པར་སྔར་མ་མཐོང༌། །རྟོག་བཅས་འཁྲུལ་བའི་གཞི་མེད་པས། །ཀུན་གཞི་ཆོས་སྐུ་ཆེན་པོར་རྟོགས། །འཁྲུལ་བའི་རང་རྟོག་རྒྱུན་ཆད་དོ། །དེ་ལྟར་འཁྲུལ་མེད་སྣང་བ་ནི། །ཡེ་ནས་གྲོལ་བའི་གནད་ལས་བྱུང༌། །འགྲོ་བའི་ཕུང་པོ་སངས་རྒྱས་སྐུ། །ཡེ་ནས་ཡིན་པར་སུས་མ་རིག །ཕུང་པོ་སངས་རྒྱས་མངའ་བདག་ཏུ། །རྩ་གནས་ཡི་གེར་གྲུབ་ལས་བྱུང༌། །ཆུ་བུར་མིག་ལས་ཡེ་ཤེས་ནི། །རང་སྣང་ཡིན་པར་སུས་མ་མཐོང༌། །དེ་ལས་འཁྲུལ་བའི་སྣང་བ་ནི། །སྒྲོན་མའི་གནད་ལས་བྱུང་བའོ། །གཞན་ཡང་ལུས་ཀྱི་སྤྱོད་ལམ་ཉིད། །སྐུ་གསུམ་དག་ཏུ་གྲོལ་བའི་ཕྱིར། །བྱ་བྱེད་ཐམས་ཅད་ཆོས་ཉིད་དོ། །ངག་ཏུ་ཇི་ལྟར་སྨྲས་པ་ཀུན། །གསང་སྔགས་གསང་བའི་བཟླས་པ་སྟེ། །ཡིག་འབྲུ་རྣམ་སྤྲུལ་གནད་ལས་བྱུང༌། །འགྲོ་བའི་སེམས་ཀྱི་རྟོག་ཚོགས་ཀུན། །བསམ་གཏན་ཡིན་པ་ཅིས་མ་ཤེས། །རང་སེམས་རྟོགས་ལས་གྲོལ་བས་ན། །དེ་ནི་འབྱུང་བའི་གནད་ལས་བྱུང༌། །དེ་ལྟར་ཐམས་ཅད་ཆོས་ཉིད་པས། །བླང་བར་བྱ་བ་གང་མེད་ཅིང༌། །གཞག་པར་བྱ་བ་ཅུང་ཟད་མེད། །གང་དུ་མེད་པའི་ཆོས་ཉིད་དོ། །བྱ་བྱེད་བརྗོད་དང་བསམ་པ་ལས། །འཁོར་འདས་གྲོལ་བའི་གནད་རྟོགས་ཏེ། །སངས་མ་རྒྱས་པ་གཅིག་ཀྱང་མེད། །ཁམས་གསུམ་འཁོར་བ་དོང་སྤྲུག་གོ །གཞན་ཡང་ཁམས་གསུམ་སེམས་ཅན་ཀུན། །ལུས་ངག་ཡིད་ལས་མ་འདས་པས། །སྐུ་གསུམ་གཞན་དུ་བཙལ་མི་དགོས། །བཙལ་ཀྱང་རྙེད་པའི་གནས་མེད་དོ། །མ་བྱུང་བྱུང་བ་མེད་པ་ལ། །བལྟས་པས་མཐོང་བ་ངོ་མཚར་ཆེ། །ངོ་མཚར་ཆེན་པོའི་རོལ་བ་ནི། །སངས་རྒྱས་སེམས་ཅན་འབྱེད་པ་མེད། །ནམ་མཁའ་ལ་ནི་སྤྲིན་བཞིན་དུ། །རང་བྱུང་རང་ལ་རྫོགས་པས་ཞི། །ཆོས་ཉིད་མངོན་སུམ་ཁྱད་པར་གྱིས། །དབང་པོ་རྣོ་དང་རྟུལ་མེད་པས། །སེམས་ཅན་ཐམས་ཅད་སངས་རྒྱས་ལས། །གཞན་དུ་གནས་པ་མ་ཡིན་ནོ། །ལུས་ཅན་སེམས་ཀྱིས་ཁྱབ་པའི་ཕྱིར། །སངས་རྒྱས་མ་ཡིན་སེམས་ཅན་མེད། །ས་བོན་ལས་ནི་འབྲས་བུ་བཞིན། །རང་གི་རང་བཞིན་གཤིས་ཀྱི་གནད། །བརྗོད་པའི་ཚིག་གིས་མ་ཡིན་པར། །དབང་པོའི་ཡུལ་ལ་གསལ་སྣང་བས། །ཅེར་མཐོང་གྲོལ་བའི་བདག་ཉིད་དོ། །གཞན་ཡང་རྐྱེན་གྱིས་སེམས་ཅན་རྣམས། །སངས་མ་རྒྱས་པ་གཅིག་ཀྱང་མེད། །རང་སྣང་ཡེ་ཤེས་ཆོས་མཐུན་ཕྱིར། །འཁོར་བ་ཡེ་ནས་ཡོད་མ་ཡིན། །དེ་ཕྱིར་རང་རང་སངས་རྒྱས་སོ། །སྐྱེ་བ་ཉིད་ནི་རྟོགས་པ་ལས། །མངལ་དུ་གནས་པ་ཆོས་ཀྱི་དབྱིངས། །ལུས་སེམས་འདུས་པས་དབྱིངས་རིག་འབྲེལ། །ལུས་སུ་གནས་པས་སྐུ་གསུམ་སྟེ། །རྒས་པས་ཆོས་ཟད་འཁྲུལ་སྣང་འགག །ན་བས་ཆོས་ཉིད་ཉམས་སུ་མྱོང༌། །ཤི་བས་སྟོང་པ་ངོས་གཟུང་མེད། །དེས་ན་སེམས་ཅན་སངས་རྒྱས་སོ། །ཞེས་པ་དང༌། མུ་ཏིག་ཕྲེང་བ་ལས། ཇི་ལྟར་སྨྲ་དང་བྱ་བྱེད་རྣམས། །སྟོང་རིག་གསལ་བའི་སྤྱོད་པ་ཡིན། །བཟང་དང་ངན་པའི་རྟོག་པ་རྣམས། །སྒོམ་པ་ཆུ་བོའི་ཀློང་ཆེན་ཡིན། །ལོག་ལྟ་ཡང་དག་འདོད་པ་རྣམས། །རྣལ་འབྱོར་རིས་མེད་ལྟ་བ་ཡིན། །རེ་དང་དོགས་པར་འཛིན་པ་ཀུན། །ཟང་མ་ཐལ་བྱུང་འབྲས་བུ་ཡིན། །ཕྱག་རྒྱ་ཆེན་པོ་མངོན་འདོད་པས། །བཟའ་དང་བཏུང་བ་བསྙེན་པ་ལ། །ཉལ་དང་འདུག་པ་སྒྲུབ་པའོ། །འདུ་བྱེད་རྣམས་ནི་ལྷག་གནས་ཡིན། །ཀླད་དང་ལུད་པ་དཀྱིལ་འཁོར་སྒྲུབ། །སྟོང་གསུམ་ཐམས་ཅད་དཀྱིལ་འཁོར་ལ། །ཆར་དང་ཁུ་རླུངས་ཆག་ཆག་བཏབ། །འགྲོ་བའི་ལམ་དམིགས་ཐེག་ཆེན་ཏེ། །རྐང་པའི་རྗེས་ནི་རྡུལ་ཚོན་རིས། །འགྲོ་བར་འདོད་པ་སྟང་སྟབས་ཉིད། །ཡན་ལག་བསྐྱོད་པ་ཕྱག་རྒྱའོ། །ཇི་ལྟར་སྨྲས་པ་སྔགས་ཀྱི་ཚིག །བསམ་པ་རྣམས་ནི་བསྐྱེད་རིམ་ཡིན། །ཡིད་ལ་འགྱུ་བ་མཆོད་པ་ཉིད། །གཟུགས་སུ་སྣང་བ་ལྷ་ཡི་སྐུ། །སྒྲ་ཆེན་བརྗོད་པ་རོལ་མོ་ཉིད། །རང་གི་ལུས་ནི་བུམ་པ་ལ། །སྐྲ་ནི་ལོ་འདབ་ཁ་རྒྱན་མཛེས། །ཁྲག་དང་ཆུ་སེར་ཆུ་རྣམས་ཉིད། །དོན་སྙིང་ལ་སོགས་རྫས་ཀྱིས་གཏམས། །རང་ལ་སྣང་བའི་དབང་རྣམས་བྱིན། །མ་བསྐུར་ཉིད་ལ་རྫོགས་པའོ། །འདའ་བར་འདོད་པ་དམ་ཚིག་ལ། །བསྲུང་བར་འདོད་པ་བཅིངས་པ་ཡིན། །གྲོལ་བར་འདོད་པ་ཉམས་པ་སྟེ། །མེད་པར་འདོད་པ་ཐུབ་མཆོག་ཡིན། །མཐོང་བ་རྣམས་ནི་ཕྱག་རྒྱའི་བརྡ། །དེ་ལ་ཆགས་པ་ཉམས་མྱོང་ཡིན། །ཤེས་རིག་གསལ་བ་གདམས་ངག་ལ། །ལུས་སེམས་གཉིས་འདུས་གདབ་པའི་ཡུལ། །སྐྱེ་རྒ་ན་འཆི་གོམས་པའི་གནད། །ཚོགས་དྲུག་མ་འགགས་རྟོགས་པའོ། །ཞེས་གསུངས་སོ།།

༼ཁ༽ ལུས་གྲུབ་ཚུལ་གྱི་རྣམ་གྲངས་བྱེ་བྲག་ཏུ་རྒྱ་ཆེར་བཤད་པ།

༼ཀ རྟེན་ལུས་ཀྱི་གྲུབ་ཚུལ་དངོས་བཤད་པ།

སྤྱི་དོན་གཉིས་པ་ལུས་གྲུབ་ཚུལ་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། རྟེན་ལུས་ཀྱི་གྲུབ་ཚུལ་དངོས། བརྟེན་པ་རྩ་ཐིག་རླུང་གསུམ་གྱི་རང་བཞིན། ཁྱབ་བྱེད་འབྱུང་བའི་ཚང་ཚུལ་ལོ། །དང་པོ་རྟེན་ལུས་ཀྱི་གྲུབ་ཚུལ་དངོས་ནི། སྒྲོན་མ་སྣང་བྱེད་ལས། དེ་ནས་རིམ་གྱིས་སྣོད་བཅུད་ཀྱི། །སྣང་བ་དུ་མས་གཟུགས་བསྡུས་པ། །འདི་ཉིད་མི་ཤེས་བྱིས་པ་རྣམས། །ཟོ་ཆུ་བཞིན་ཏེ་བརྒྱུད་མར་གནས། །སོ་སོའི་ལུས་དང་ཚད་ལེན་པའོ། །ཞེས་པ་དང༌། ཇི་ལྟར་ལེན་ན། ཉི་ཟླ་ཁ་སྦྱོར་ལས། དེ་ནས་མངལ་གྱི་སྒོར་ཚུད་ནས། །ཕ་དང་མ་ཡི་རྒྱུ་རྐྱེན་ལས། །མེར་མེར་པོ་དང་ནུར་ནུར་པོ། ལྟར་ལྟར་པོ་དང་གོར་གོར་པོ། མཁྲང་འགྱུར་ཉིད་དང་ཉ་ལྟ་བུ། །རུས་སྦལ་བཞིན་དང་སྦལ་པ་བཞིན། །དེ་བཞིན་ཞག་ནི་བདུན་ཕྲག་བདུན། །ལྟེ་བ་ལས་ནི་ལུས་རྣམས་བསྐྱེད། །ཟླ་དགུ་དེ་བཞིན་ངོ་བཅུ་ན། །ལུས་རྫོགས་མ་ཡི་མངལ་ནས་འཐོན། །ཞེས་པས་བར་མ་དོའི་སེམས་ཅན་ལུས་འཚོལ་བ་དཔག་ཏུ་མེད་པ་ཕ་མ་སྦྱོར་བ་བྱེད་པའི་མངལ་སྒོར་དབྱར་གྱི་ཤ་རུལ་ལ་སྦྲང་མ་སྤུངས་པ་ལྟར་འདུ་བ་ལས། ཚེ་ཚད་མ་རྫོགས་པ་ཞག་བདུན་ཚན་ལ་སླེབས་པ་རྣམས་ཕལ་ཆེར་འཆི་ལ། བར་དོའི་སེམས་ཅན་སྤྱི་ངོས་ནས་ཚེ་ཚད་ལ་ངེས་པ་མེད་ཀྱང་ལས་ཀྱི་དབང་གིས་བར་དོར་གནས་དགོས་པའི་ཚེ་ཚད་རྫོགས་ཤིང་ལས་མཐུན་པ་ཞིག་བཤང་ལམ་ནས་མངལ་དུ་ཞུགས་ཏེ་ལུས་ལེན་པའི་རླུང་དང་སེམས་གཉིས། ཕ་ལས་བྱུང་བའི་རྒྱུ་དྭངས་མ་དཀར་པོ། མ་ལས་བྱུང་བའི་རྐྱེན་དྭངས་མ་དམར་པོ་སྟེ་བཞི་པོ་དེ་ཁྲག་དང་འོ་མ་འདྲེས་པ་ལྟར་ཀྲུག་གིས་འདྲེས་ཏེ་ལུས་སུ་གྲུབ་དུས་རྒྱུ་རྐྱེན་གཉིས་པོ་དེས་ཀུན་རྫོབ་ཀྱི་འབྱུང་བ་བཞིའི་ལས་བྱེད་པས་འཕེལ་སྲོག་གི་ཆ་དང༌། རླུང་སེམས་གཉིས་པོ་དེས་དོན་དམ་གྱི་འབྱུང་བ་བཞིའི་ལས་བྱེད་པས་ལུས་འཛིན་པ་དང་འབྱེད་སྡུད་ཀྱི་སྨིན་སོར་བྱེད་པས་ལུས་བསྐྱེད་དོ། །དེ་ཡང་ཞག་བདུན་ཚན་དུ་ངེས་པ་ནི། འབྱུང་བ་སོ་སོ་ལ་ཞག་རེ། གཉིས་གཉིས་འདུས་པ་ལ་ཞག་གཉིས། གཅིག་འདུས་པ་ལ་ཞག་གཅིག་སྟེ་བདུན་ནོ། །འདི་ལ་འབྱུང་བཞིས་བསྐྱེད་ཚུལ་གྱི་རིམ་པ་སྤྱིར་བསྟན་པ་དང༌། ཞག་གི་འབྱུང་བའི་ཆ་དབྱེ་བ་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་འབྱུང་བཞིས་བསྐྱེད་ཚུལ་གྱི་རིམ་པ་སྤྱིར་བསྟན་པ་ནི། འབྱུང་བཞིའི་བྱེད་ལས་བཞི་ལས་ཞག་དང་པོ་ལ་ཆུའི་ཟུག་པས་ཕྱོགས་གཅིག་ཏུ་བསྡུས། ཞག་མ་གཅིག་ལ་འབྱུང་བའི་བྱེད་ལས་བཅུ་གཉིས་ཀྱི་བྱེར་ཟུག་བཅུ་གཉིས་སུ་འགྱུར་རོ། །དེ་ནས་བྱེར་བས་སོ་སོར་བྱེ། སྙོམས་པར་གཅིག་ཏུ་བསྲེས་པ་ལས་ཆུའི་རྩ་རབ་ཏུ་ཕྲ་བ་རྟ་རྔ་བརྒྱར་གཤགས་པ་ཙམ་ཞིག་མའི་གཡས་སུ་ཐང་ཆོད་དུ་བརྒྱངས་ནས་ཆགས་སོ། །དེའི་དུས་སུ་མའི་ལུས་ཀྱང་རབ་ཏུ་གྲང་ངོ༌། །དེ་ནས་ཞག་གཉིས་པ་ལ་སའི་བྱེད་པའི་ལས་བྱེར་བ་དང་ཟུག་པ་དང་སྙོམས་པའི་ལས་གསུམ་བྱས་པས་སའི་རྩ་རྟ་རྔ་བརྒྱར་བཤགས་པ་དེ་ཙམ་ཞིག་གཡོན་དུ་ཐང་ཆོད་དུ་ཆགས་པས་མ་ཡང་མགོ་འཁོར་ཞིང་ཤེས་པ་ལྕིའོ། །དེ་ནས་གསུམ་པ་ལ་རླུང་སེམས་རྒྱུ་རྐྱེན་དང་བཅས་པའི་མེའི་བྱེད་པའི་ལས་གསུམ་གྱིས་གོང་ལྟར་བྱས་པས་རྒྱབ་ཏུ་རྩ་རྟ་རྔ་བརྒྱར་གཤགས་པ་དེ་ཙམ་ཆགས་པས་མ་ལ་རྔུལ་འབྱུང་ཞིང་ལུས་ཚའོ། །དེ་ནས་བཞི་བ་ལ་རླུང་གི་ལས་གསུམ་གྱིས་དང་པོས་བསྡུས། བར་དུ་གཏོར། མཐར་བསྲེས་པས་མའི་མདུན་དུ་རླུང་གི་རྩ་རྟ་རྔ་བརྒྱའི་ཆ་ཙམ་ཆགས་ཏེ་འདིའི་དུས་སུ་མའི་ཤེས་པ་ཡང་ཤིན་ཏུ་གསལ་ལོ། །འདིའི་སྐབས་སུ། སྲོག་ནི་ཚེ་ཡིན་དྲོད་དང་ནི། །རྣམ་ཤེས་རྟེན་གང་ཡིན་པའོ། །ཞེས་པའི་ཚེ་ཞེས་པ་བ་ཐག་བསྒྲེངས་པ་ལྟ་བུ་ཞིག་ཆགས་པ་དེ་དྲང་ན་ཚེ་རིང་བ་དང་། གཡོན་དུ་འཁྱིལ་ན་ཚེ་ལ་བར་ཆད་འབྱུང་། ཐུར་དུ་འཁྱོག་ན་ཚེ་ཐུང་བ་ཡིན་ནོ། །འདིའི་སྐབས་སུ་འབྱུང་བཞི་སོ་སོའི་ཆ་ཆེ་ཆུང་གིས་མའི་ལུས་ཀྱང་སོ་སོར་འབྱུང་བའི་སྨིན་སོ་བྱེད་དོ། །ལྔ་པ་ལ་ཆུ་དང་ས་གཉིས་ཀྱིས་གཅིག་ཏུ་བསྡུས་ཤིང་བརྟན་པར་བྱས། འདིའི་སྐབས་སུ་རྩ་གནས་ཀྱི་ཡི་གེ་ཁྱད་པར་བ་ཆགས་པས་འགྲོ་བའི་སྐད་ཀྱི་གདངས་དེ་ལ་བརྟེན་ནས་བྱུང་བའོ། །དྲུག་པ་ལ་མེ་དང་རླུང་གིས་སྨིན་ཞིང་གསལ་བར་བྱས། འདིའི་སྐབས་སུ་མེའི་རྩའི་བྱེད་ལས་ཀྱིས་འགྲོ་བ་སོ་སོའི་ཤེས་པ་རྣོ་བ་དང་རྟུལ་བའི་བྱེ་བྲག་ཕྱེད་དོ། །བདུན་པ་ལ་མ་ནིང་གི་འབྱུང་བ་ནམ་མཁའི་ལས་ཀྱིས་གོ་ཕྱེ་བས་གོང་གི་བཞི་པོ་དེ་གཅིག་ཏུ་བྱས་པ་ལས་རྩ་ཕྲ་མོ་བཞི་པོ་དེའི་ནང་དུ་རྩ་གནས་ཀྱི་ཡི་གེ་ཁཾ་སུཾ་རཾ་ཡཾ་བཞི་གསལ་བར་ཆགས་སོ། །དེ་ལྟར་འབྱུང་བཞི་སོ་སོའི་བྱེད་ལས་ཀྱིས་རླུང་སེམས་གཉིས་རྒྱུ་རྐྱེན་གཉིས་ཏེ་མེར་མེར་པོའི་རྣམ་པ་ཡུངས་འབྲུ་ཉིས་འགྱུར་ཙམ་དུ་གནས་པའི་ཐིག་ལེ་ཟླུམ་པོའི་ནང་དུ་ཐིག་ལེ་མིག་ཆུང་ཤིན་ཏུ་ཕྲ་བ་གཅིག་ཆགས་སོ། །དེ་དག་ནི་འབྱུང་བ་རང་ངོའི་བྱེད་ལས་ཏེ་འདི་དུས་སུ་མེར་མེར་པོ་དེ་ཆུའི་བརླན་གྱིས་བཤིག སའི་ལྗིད་ཀྱིས་མནན། མེའི་དྲོད་ཀྱིས་བསྲེགས། རླུང་གི་ཤུགས་ཀྱིས་གཏོར་བས་ནམ་མཁའ་ལ་སྤྲིན་ཆད་པའི་རྣམ་པ་ལྟར་དུམ་བུར་ལོང་གིས་སོང་ངོ༌། །འདིའི་སྐབས་སུ་འབྱུང་བཞི་ངོ་བོ་གཅིག་ཏུ་གྱུར་ནས། རྒྱུ་རྐྱེན་རླུང་སེམས་བཞི་དང་། ཤ་ཁྲག་དྲོད་དབུགས་བཞི་དང་། རྩ་བཞི་དང་། དེ་ལ་བརྟེན་པའི་ཡི་གེ་བཞི་རྣམས་གཅིག་ཏུ་འདུས་པ་ཐུན་མོང་ལུགས་ཀྱི་མེར་མེར་པོའི་སྐབས་དེ་ཡིན། དེ་ལྟར་ཞག་བདུན་གྱིས་ལུས་ཀྱི་གཞི་ཐིངས་པ་ནི། བསྙེན་སྒྲུབ་ཀྱི་ལས་མཐའ་ཐམས་ཅད་ཞག་བདུན་གྱིས་བསྡུ་བ་དང་། འབྱུང་བ་བསྡུ་མཆེད་ཀྱི་འཕེལ་དེ་ཡང་ཞག་བདུན་གྱིས་འགྲུབ་པ་ལ་དགོངས་པའོ། །དེ་ནས་ཡང་ལས་དང་བག་ཆགས་ཀྱི་དབང་གིས་ནུབ་བརྒྱད་པ་ལ་ཆུས་གཅིག་ཏུ་བསྡུས་ཏེ་ནུར་ནུར་པོའི་རྟེན་སྲན་མ་བཅུ་ཆ་ཙམ་ལས་ཤར་གྱི་རྩ་བསྐྱེད། དགུ་པ་ལ་སས་གཅིག་ཏུ་བསྲེས་ཏེ་སྲན་མ་དགུ་ཆ་ཙམ་ལས་ལྷོའི་རྩ་བསྐྱེད། བཅུ་པ་ལ་མེས་སྨིན་པར་བྱས་ཏེ་སྲན་མ་བདུན་ཆ་ཙམ་ལས་ནུབ་ཀྱི་རྩ་བསྐྱེད། བཅུ་གཅིག་པ་ལ་རླུང་གིས་བསྐྱོད་པས་སྲན་མ་ལྔ་ཆའི་ནང་དུ་བྱང་གི་རྩ་བསྐྱེད། བཅུ་གཉིས་པ་ལ་ཆུ་དང་སས་བསྡུས་ཤིང་བརྟན་པར་བྱས་ཏེ་སྲན་མའི་རྡོག་པོ་ཙམ་ལ་ནུར་ནུར་པོའི་མིག་ཆུང་གཉིས་དང་འབྱུང་བ་བཞིའི་རྩ་རེ་ཐག་བརྒྱངས་པ་ལྟ་བུ་བཞི་ཆགས། བཅུ་གསུམ་པ་ལ་མེ་དང་རླུང་གིས་སྨིན་པར་བྱས། བཅུ་བཞི་བ་ལ་ནམ་མཁས་གོ་ཕྱེ་བས་ལུས་ཀྱི་དབུས་ལྟེ་བའི་རྩ་མདུད་ལས་རྩ་བཞི་རེ་ཐག་བརྒྱངས་པ་ལྟར་ཆགས་པའི་དབུས་ཀྱི་སྒྲོན་མའི་སྤྱན་དང་འབྱུང་བའི་སྤྱན་གྱི་མིག་ཆུང་གཉིས་པོ་དེ་སྔར་བས་རབ་ཏུ་གསལ་བར་བྱས་སོ། །འདིའི་དུས་ནུར་ནུར་པོའི་སྐབས་སོ། །མིག་ཆུང་གི་ནང་དུ་ཡེ་ཤེས་ཀྱི་ངོ་བོ་ཤིན་ཏུ་ཕྲ་ཞིང་བརྟག་པར་དཀའ་བ་ཞིག་ཀྱང་གནས་སོ། །དེ་ནས་ཡང་འབྱུང་བ་བཞི་ཆར་གྱི་བྱེད་ལས་འཁྲུགས་པས་ཡང་བཤིག་ནས་ཟླ་བ་ཕྱེད་པའི་ནུབ་མོ་སྔ་མ་བཞིན་བསྡུས་ཏེ་སྲན་མ་ཉིས་འགྱུར་ཙམ་དུ་བྱས་པ་ལས་རླུང་གིས་བསྐྱོད་ཅིང་དཀྲུགས་པས་དྲོད་ཀྱི་དྭངས་མ་ཤིན་ཏུ་སྲབ་པ་སྦྲང་བུའི་གཤོག་པ་ལ་བརྒྱར་གཤགས་པ་ཙམ་ཞིག་ནུབ་ཕྱོགས་ཀྱི་རྩ་ནང་དུ་ཆགས་པས་ཤེས་པའི་དྭངས་མ་རབ་ཏུ་གསལ་བར་གནས་སོ། །དེ་ནས་ཞག་གཉིས་སུ་ལས་བྱེད་ཅིང་དཀྲུགས་པས་ཁ་དོག་གསལ་བར་བྱས། དེ་ནས་ཡང་ཞག་གཉིས་སུ་བསྐྱོད་ཅིང་དཀྲུགས་པས་ཤེས་པའི་རྟེན་རྣམས་བསྡུས། དེ་ནས་ཞག་གཉིས་སུ་ལས་ཀྱི་རླུང་གིས་བསྐྱོད་ཅིང་དཀྲུགས་པ་ལས་ལྟར་ལྟར་པོའི་གཞི་མཐེ་བོང་ཙམ་དུ་བྱས་པ་སྟེ། ཡང་བཤིག་ནས་ཞག་ཉི་ཤུ་རྩ་གཉིས་པ་ལ་ཆུས་བསྡུས་ཤིང་བརླན་པར་བྱས་པ་ལས་ཤར་གྱི་རྩ་ནང་དུ་ཐིག་ལེ་ཕྲ་མོ་ཞིག་བསྐྱེད། དེ་ནས་རྩ་གསུམ་པ་ལ་ཐིག་ལེའི་ནང་དུ་རྟོག་མེད་ཀྱི་ཤེས་པ་གནས་པར་བྱས། རྩ་བཞི་བ་ལ་ལྷོའི་རྩ་ནང་དུ་ཤའི་དྭངས་མ་ཁ་དོག་དཀར་བའི་ནང་དུ་ཡིད་དང་སེམས་ཀྱི་རྟེན་ཐིག་ལེ་ཕྲ་མོར་གནས་པར་བྱས། རྩ་ལྔ་པ་ལ་ཡང་ཆུས་བསྡུས་ཤིང་བརླན་པ་ལས་བྱང་གི་རྩའི་ནང་དུ་དབུགས་ཀྱི་དྭངས་མ་གསེར་ས་འོག་ཏུ་བཅུག་པའི་རླངས་པ་ཙམ་ཁ་དོག་སྔོ་ཞིང་དམར་བ་ཆགས་པ་ལས་ཡེ་ཤེས་དང་རིག་པའི་རྩལ་གསལ་བར་རང་ཤེས་དང་བཅས་པ་བརྟེན་ནས་གནས་སོ། །རྩ་དྲུག་པ་ལ་ཆུས་བསྡུས་ཤིང་བརླན་པར་བྱས་པ་ལས་རྟེན་དེ་དག་རེ་རེའི་ནང་གི་ནུབ་ན་ཤེས་པ་དང་བློ་དང་དྲན་པའི་རྟེན་གསལ་བར་བྱས། ཤར་ན་མ་རིག་པ་དང་ཉོན་མོངས་པའི་རྟེན་གསལ་བར་བྱས། ལྷོ་ན་འགྱུ་བ་དང་ཡིད་ཀྱི་རྟེན་གསལ་བར་བྱས། བྱང་དུ་སེམས་དང་རྣམ་པར་རྟོག་པ་གསལ་བར་བྱས་སོ། །དེ་དག་ནི་ཀུན་རྫོབ་ཀྱི་འབྱུང་བ་བཞིའི་ལས་སོ། །དོན་དམ་གྱི་འབྱུང་བས་སྒྲོན་མ་བཞི་བསྟེན་པའི་ལས་བྱེད་དོ། །རྩ་བདུན་པ་ལ་གཉིས་གཉིས་འདུས་པ་དང༌། རྩ་བརྒྱད་པ་ལ་བཞི་ཆར་གྱི་བྱེད་པའི་ལས་ཀྱིས་གོར་གོར་པོའི་གཞིར་སྨིན་པ་སྟེ་འབྱུང་བ་བཞི་ཆར་གྱི་ལས་འཁྲུགས་པས་བཤིག་ནས་རྩ་དགུ་པའི་ནུབ་མོ་ཆུས་བསྡུས། སས་བརྟན། མེས་སྨིན། རླུང་གིས་འཕེལ་བའི་ལས་བྱས་པ་ལས་འཁོར་ལོ་བཞི་ལ་དབང་པོ་ལྔའི་རྟེན་གྱི་རྩ་ཆགས་ཏེ། སྐྱེད་བྱེད་དང་པོའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི་འབྱུང་བའི་སྤྱན་དང་སྒྲོན་མའི་སྤྱན་གཉིས་དང་བཅས་པ་བསྐྱེད། དེ་ནས་ཞག་གཅིག་ཏུ་གོང་ལྟར་བྱས་པས་དྲན་པ་འདུས་པའི་འཁོར་ལོ་རྩ་བ་བརྒྱད་ལས་གྱེས་པའི་རྩ་འདབ་སུམ་ཅུ་རྩ་གཉིས་སྤྱན་གཉིས་དང་བཅས་པ་བསྐྱེད། འདིའི་སྐབས་སུ་དྭངས་མ་ལས་དོན་དམ་པའི་ཐིག་ལེ་སྒྲོན་མ་བཞིའི་སྨིན་སོ་དང་བཅས་པ་བྱུང་སྟེ། དེས་བདེ་བ་ལམ་དུ་བྱས་ན་བཙན་ཐབས་སུ་སངས་རྒྱས་པར་ངེས་སོ། །དེ་ནས་ཞག་གཉིས་སུ་གོང་ལྟར་བྱས་པས་རོ་རྣམས་འདུས་པར་རྩ་འདབ་བཅུ་དྲུག་སྤྱན་གཉིས་དང་བཅས་པ་བསྐྱེད། དེ་ནས་གོང་ལྟར་ཞག་གཉིས་བྱས་པས་རྩེ་མོ་རྣམ་བཀོད་དུ་རྩ་འདབ་སུམ་བརྒྱ་དང་དྲུག་ཅུ་སྤྱན་གཉིས་དང་བཅས་པ་སྨིན་པར་བྱས་སོ། །དེ་ནས་འབྱུང་བའི་ལས་ཞག་གཅིག་ཏུ་བྱས་པས་མཁྲང་འགྱུར་ཞེས་བྱ་སྟེ། དེ་དག་རབ་ཏུ་སྲ་བ་གཅིག་ཏུ་གྱུར་ནས་འཁོར་ལོ་བཞིའི་དབུས་སུ་རོ་རྐྱང་དང་ཀུན་འདར་མ་གསུམ་ཀ་བའི་ཚུལ་དུ་རབ་ཏུ་གསལ་བར་འགྱུར་རོ། །དེ་ནས་ཡང་མཁྲང་འགྱུར་ཡང་ཆུའི་བརླན་གྱིས་བཤིག སས་གཅིག་ཏུ་བསྡུས། རླུང་གིས་སོ་སོར་ཕྱེ་ཞིང་གཏོར༌། མེས་སྨིན་པར་བྱས་པ་ལས་ཞག་བཞི་ནས་དབང་པོ་རྣམས་བསྐྱེད། དེ་ནས་ཞག་གཅིག་ཏུ་མེས་བསྲེགས་ཏེ་སྟོངས་པར་བྱས། རླུང་གིས་སོ་སོར་ཕྱེ། སས་གཅིག་ཏུ་མནན་པར་བྱས། ཆུས་འཕེལ་བའི་ལས་བྱས་པས་ལུས་སྤྱི་བསྐྱེད། དེ་ནས་ཞག་གཅིག་ཏུ་འབྱུང་བ་རྣམས་གཅིག་ཏུ་གྱུར་པས་ཁྱབ་འཇུག་ཉ་ལྟ་བུ་མའི་ཕྱག་གང་པ་ཞིག་ཏུ་བྱས་སོ། །དེ་ནས་ཡང་འབྱུང་བའི་ལས་ཐ་དད་པས་ཞག་གཉིས་སུ་ཆུས་གོང་མ་དེ་བཤིག་ནས་ཡང་བསྡུས་པས་གཟུགས་སུ་གྲུབ་པར་བྱས། ཞག་གཅིག་ཏུ་སས་བཟུང་བས་དབང་པོ་དང་དོན་སྣོད་རྣམས་ཐ་དད་དུ་བྱས། དེ་ནས་ཞག་གཅིག་ཏུ་མེས་སྨིན་པར་བྱས་པས་དབང་པོ་རྣམས་ཀྱི་སྒོ་གསལ་བར་དོད། དེ་ནས་རླུང་གིས་ཞག་གཅིག་ཏུ་ཕྱེ་བས་མིག་ལ་སོགས་པ་སོ་སོར་མ་འདྲེས་པར་བྱས་སོ། །དེ་ནས་འབྱུང་བའི་ལས་དངོས་སུ་མེད་ཤུགས་ལས་བྱས་པས་ལུས་བསྐྱེད་པ་ནི། ཆུས་བརླན་པའི་ལས་བྱས་པས་ཆེར་འཕེལ་བ་ལ་ཞག་གཅིག སས་སྲ་ཞིང་བརྟན་པས་གཟུགས་སུ་གྲུབ་པར་བྱས་པ་ལ་གཅིག་སྟེ་ཞག་དྲུག དེ་ནས་ཞག་གཅིག་ཏུ་མེ་དང་རླུང་གིས་ཕྱེ་ཞིང་སྨིན་པས་དབྱིབས་དེ་རུས་སྦལ་བཞིན་དུ་དབང་པོ་དང་ལུས་ཀྱི་རྣམ་སྤྱི་གསལ་བ་ལ་ཡན་ལག་མེད་པ་མ་དེའི་མཁྱིད་གང་པར་བྱས་སོ། །དེ་ནས་ཞག་གཅིག་ཏུ་མེས་ཚ་ཞིང་སྲེག་པའི་ལས་བྱས་པས་ཡན་ལག་བསྐྱེད། དེ་ནས་ཞག་གཉིས་སུ་རླུང་གིས་ཡང་ཞིང་བསྐྱོད་པའི་ལས་བྱས་པས་རླུང་ཨ་ཝ་དྷཱུ་ཏིར་ཚུད། འདིའི་དུས་སུ་འབྱུང་བ་ལྔའི་ཆོས་སུ་སྨིན་ནོ། །དེ་ནས་ཡང་ཞག་གཉིས་སུ་ཆུས་གྲང་བའི་ལས་བྱས་པས་ནད་འདུ་བ་བཞིར་སྨིན་པའི་རྒྱུ་བྱས། དེ་ནས་ཞག་གཉིས་སུ་སས་ལྕི་ཞིང་འཐས་པའི་ལས་བྱས་པས་ཤ་ཁྲག་དངོས་སུ་གྲུབ་ནས་ཁྱབ་འཇུག་སྦལ་པ་བཞིན་དུ་ཡན་ལག་རྫོགས་པ་མ་དེའི་མཐོ་གང་དུ་བྱས་སོ། །འདི་མན་ཆད་དུ་འབྱུང་བ་ཚོགས་པའི་ལས་བྱེད་པས་མ་ནིང་གི་འབྱུང་ལས་ཞེས་བྱ་སྟེ་གཅིག་ཁོ་ནར་མ་ཆད་པའི་ཕྱིར་ན་འབྱུང་བ་གཉིས་གཉིས་ཀྱི་བྱེད་པའི་ལས་གཙོ་བོའོ། །དེ་ནས་མེས་ཚ་བར་བྱས་པས་དབང་པོ་གསལ་བ་དང་མི་གསལ་བར་བྱས། རླུང་གིས་ཕྱེ་བས་ཡན་ལག་དང་དབང་པོ་ལ་སོགས་སོ་སོ་ན་གསལ་ཞིང་དོད་པར་བྱས། ཆུས་གཤེར་བ་ལས་གོང་དུ་འཕེལ་བར་བྱས། སས་བརྟན་པ་ལས་རྫོགས་ཤིང་བསྐྱེད་པ་དང་འཕེལ་བའི་གཞི་འཛིན་པར་བྱས་ཏེ་ཞག་བཞི་བཅུ་རྩ་དགུའི་བར་དུ་མའི་མངལ་དུ་ལུས་ཆགས་ཤིང་རྣམ་པ་རྫོགས་པར་བྱས་ནས། དེ་ཕན་ཆད་ལུས་བསྐྱེད་པའི་ལས་ཏེ་མས་ཟས་སྐོམ་འཐུངས་ཟོས་བྱས་པའི་དྭངས་མ་བུའི་ལྟེ་བ་ན་མར་སོང་བས་རྒྱུ་བྱས་ཏེ་བུའི་ལུས་ཀྱི་པགས་པ་དང་སྐྲ་དང་བ་སྤུ་རྣམས་ཆགས་ཏེ། ཟླ་བ་གཅིག་དང་ཞག་ཉེར་དྲུག་ན་ཨ་ཝ་དྷཱུ་ཏིའི་རླུང་དང་ཉོན་མོངས་པ་བག་ལ་ཉལ་ལངས་པས་འགུལ་ཞིང་འཕྲིག་པ་འབྱུང་ངོ༌། །གཉིས་པ་ཞག་གི་འབྱུང་བའི་ཆ་དབྱེ་བ་བྱེ་བྲག་ཏུ་བཤད་པ་ནི། དེ་ལྟར་བདུན་ཚན་བདུན་དུ་ལུས་ཆགས་དུས་སྤྱིར་འབྱུང་བ་བཞི་ག་ལ་བརྟེན་ཡང་ཁྱད་པར་དུ་གང་གཙོ་བ་དང་རྒྱུ་མཚན་ངེས་པ་ཅུང་ཟད་བཤད་ན། དང་པོ་མེར་མེར་པོ་ཞག་བདུན་དུ་གྲུབ་པ་ནི་སས་ཟུག་པའི་ལས་ཀྱིས་བྱུང་ལ། དེ་སླར་བཤིག་པ་ནི་རླུང་ཟུག་པས་བྱས་སོ། །དེ་ནས་ནུར་ནུར་པོ་བདུན་ནི་སས་བྱེར་བའི་ལས་ཡིན་ནོ། །ཤའི་རྒྱུ་སས་བྱས་པས་ཉོན་མོངས་པ་གཏི་མུག་གནས་པའི་རྐྱེན་དུ་བྱུང་བའོ། །དེ་ནས་རླུང་བྱེར་བས་བཤིག་པ་ནི་བག་ཆགས་ཀྱི་རྒྱུའོ། །དེ་ནས་ཡང་ཆུ་ལ་སོགས་པས་བསྡུས་པས་ལྟར་ལྟར་པོར་བྱས་པ་ནི་སས་སྙོམས་པའི་ལས་ཏེ་ཤའི་རྐྱེན་དུ་བྱས་ནས་འདོད་ཆགས་ཀྱི་ཉེར་ལེན་དུ་བྱས་སོ། །དེ་ནས་རླུང་སྙོམས་པས་བཤིག་པ་ནི་ལས་སྣ་ཚོགས་པའི་རྒྱུའོ། །དེ་ནས་ཡང་ཆུས་བསྡུས་པ་ལ་སོགས་པ་བྱས་ནས་ཞག་བཅོ་ལྔ་ནས་ཉེར་གཅིག་གི་བར་དུ་ཆུས་ཟུག་པ་དང་བྱེར་བའི་ལས་སུ་བྱས་པས་ཁྲག་གི་རྒྱུ་ལས་འདོད་ཆགས་ཀྱིས་ཀུན་ནས་སློང་བའི་རྐྱེན་ནོ། །མེ་ཟུག་པས་བཤིག་པ་ནི་འདོད་ཡོན་འབྱུང་བའི་རྒྱུའོ། །ཞག་ཉེར་གཅིག་ནས་ཉེར་བརྒྱད་ཀྱི་བར་དུ་སྨིན་པས་ན་ཆུས་སྙོམས་པ་དང༌། མེས་ཟུག་པའི་ལས་ཀྱིས་དྲོད་བརླན་གཉིས་འདུས་པ་ལས་དབང་པོ་ལ་སོགས་པ་སོ་སོའི་རྒྱུའོ། །དེ་ནི་གཏི་མུག་གིས་ཀུན་ནས་སློང་བའི་ལས་སོ། །མེ་བྱེར་བ་དང་སྙོམས་པས་བཤིག་པ་ནི་མི་དགེ་བ་སྣ་ཚོགས་པའི་རྒྱུ་བྱས་པ་ལས་གྱུར་པའོ། །ཉེར་དགུ་ནས་སོ་ལྔའི་བར་དུ་སྨིན་པར་བྱས་པ་ནི་མེ་བྱེར་བ་དང་སྙོམས་པའི་ལས་ཏེ་ཞེ་སྡང་གིས་ཀུན་ནས་སློང་བའི་ལས་སོ། །ས་ཟུག་པས་བཤིག་པ་ནི་ལས་ཀྱི་བྱེ་བྲག་སྣ་ཚོགས་སུ་སྟོན་པའི་རྒྱུའོ། །སོ་དྲུག་ནས་ཞེ་གཉིས་ཀྱི་བར་རླུང་ཟུག་པ་དང་བྱེར་བའི་ལས་ཡིན་ཏེ་ཞེ་སྡང་གིས་བསྐྱེད་པའོ། །ས་བྱེར་བས་བཤིག་པ་ནི་རྨི་ལམ་གྱི་ལས་སོགས་པའི་རྒྱུའོ། །ཞེ་གསུམ་ནས་ཞེ་དགུའི་བར་ཆུ་སྙོམས་པའི་ལས་ཏེ་གཏི་མུག་དང་འདོད་ཆགས་གཉིས་ལྷན་དུ་བྱས་པའོ། །སའི་སྙོམས་པས་ཆ་ཤས་གསལ་བར་ཕྱེ་བ་ནི་རྟོག་པ་དུ་མས་ཉེ་བར་བསྡུས་པའོ། །དེ་ལྟར་བདུན་ཚན་བདུན་དུ་ཆགས་པའི་ལས་ནི་རྣམ་ཤེས་ཚོགས་བདུན་བག་ཆགས་ལུས་ཀྱི་ཀུན་གཞི་ལ་བརྟེན་པར་བྱས་པའོ། །ཞག་བཞི་བཅུ་རྩ་དགུར་ངེས་པ་ནི་བར་མ་དོ་ལ་ཞག་ཞེ་དགུ་གནས་པས་ལས་དང་བག་ཆགས་ཉེར་འཇོག་ཏུ་བྱུང་བའོ། །དེ་ཡང་ཀུན་རྫོབ་རང་སོའི་འབྱུང་བ་བཞིས་ལུས་སྨིན་པར་བྱས་པ་ནི། ས་ལས་ཤ་དངོས་སུ་གྲུབ་པར་བྱས། ཆུ་ལས་ཁྲག་དངོས་སུ་གྲུབ་པར་བྱས། མེ་ལས་དྲོད་དངོས་སུ་གྲུབ་པར་བྱས། རླུང་ལས་དབུགས་དངོས་སུ་གྲུབ་པར་བྱས་སོ། །དེ་ཡང་ཤ་ལས་གཏི་མུག ཁྲག་ལས་འདོད་ཆགས། དྲོད་ལས་ཞེ་སྡང༌། དབུགས་ལས་རྣམ་རྟོག་དུ་མ་འབྱུང་བའི་རྟ་བྱེད་པའོ། །འདོད་ཆགས་ལས་ལུས་དངོས་སུ་སྨིན་པར་བྱས་པ་ནི་ཐོག་མ་འདོད་ཆགས་ཀྱི་ཀུན་སློང་བྱས་པ་ལས་འབྱུང༌། ཞེ་སྡང་གིས་སྨིན་པར་བྱས་པ་ནི་ཐོག་མ་ཞེ་སྡང་ལ་བརྟེན་ནས་སྒྲའི་བརྗོད་པ་ཐ་དད་ལས་འབྱུང་བའོ། །གཏི་མུག་ལས་ཡིད་སྣ་ཚོགས་སུ་སྨིན་པ་ནི་ཐོག་མ་གཞི་མ་རིག་པའི་འཁྲུལ་བ་ལས་འབྱུང་བའོ། །དེ་ལྟར་གསུམ་ཡང་དབུགས་ཀྱི་རྟ་ལ་ཞོན་ནས་འགྲོ་བས་ན་དུག་གསུམ་ཐ་དད་པའི་རྟོག་པར་འབྱུང་བའོ། །དེ་ཡང་གཏི་མུག་གི་སྨིན་སོ་གཉིད་པ་འབྱུང་ལ། འདོད་ཆགས་ཀྱི་སྨིན་སོ་དགོད་པའི་གད་མོར་འབྱུང༌། ཞེ་སྡང་གི་སྨིན་སོ་རྨི་ལམ་སྣ་ཚོགས་པར་འབྱུང་ངོ༌། །དེ་ཡང་ཤ་གཏི་མུག་གིས་བསྐྱེད་པའི་རྟགས་སུ་འགྲོ་བ་ཤ་གང་ཆེ་བ་གཉིད་ཆེ། ཞེ་སྡང་གིས་དྲོད་བསྐྱེད་པའི་རྟགས་སུ་ཕྱིའི་ནམ་ཟླ་དྲོད་ཕེབས་པའི་དུས་སུ་རྨི་ལམ་མང་ངོ༌། །ཞེ་སྡང་སྐྱེས་པའི་རྟགས་སུ་ལུས་དྲོད་ཆེ་ཞིང་ངག་སྨྲ་བ་ལ་བརྩོན་པའོ། །འདོད་ཆགས་ཀྱིས་ཁྲག་བསྐྱེད་པའི་རྟགས་སུ་ཁྲག་གི་འགྱུ་བ་ལ་བརྟེན་ནས་དགོད་པ་འབྱུང༌། འདོད་ཆགས་སྐྱེས་པའི་དུས་སུ་བརླན་ལ་སོགས་པ་འབྱུང་ངོ༌། དེ་ནི་ཀུན་རྫོབ་ཀྱི་འབྱུང་བ་བཞིས་བསྐྱེད་པའོ། །དེ་ཡང་ཤ་ལ་བརྟེན་ནས་གཟུགས་ཀྱི་ཕུང་པོར་མཆེད། ཁྲག་ལ་བརྟེན་ནས་འདུ་ཤེས། དྲོད་ལ་བརྟེན་ནས་རྣམ་ཤེས། དབུགས་ནང་དུ་རྔུབ་པ་ལ་བརྟེན་ནས་འདུ་བྱེད། རླུང་ཕྱིར་འགྲོ་བ་ལ་བརྟེན་ནས་ཚོར་བའི་ཕུང་པོར་མཆེད་དོ། །དེ་ཡང་ཤ་ལ་བརྟེན་ནས་རྩ་བསྐྱེད། རྩས་རླུང་བསྐྱེད། རླུང་གིས་ལས་དང་ཡེ་ཤེས་ཀྱི་རླུང་གཉིས་ཀ་བསྐྱེད། ལས་རླུང་གིས་འཁོར་བ་སྡུད། ཡེ་ཤེས་ཀྱིས་འདས་པ་སྡུད་དོ། །དེ་ཡང་ཁྲག་ལ་བརྟེན་ནས་ཆུ་སེར་བསྐྱེད། དེས་ཐིག་ལེ་བསྐྱེད། ཐིག་ལེ་ལ་བརྟེན་ནས་ཀུན་རྫོབ་ཀྱི་སྨིན་སོ་དབང་པོ་ལྔ་འབྱུང༌། དབང་པོའི་རྒྱུ་ཉོན་མོངས་པ་ལྔ། རྐྱེན་ཡུལ་ལྔ། འདས་པ་དང་མ་འོངས་པ་དང་ད་ལྟའི་རྟོག་ཚོགས་འདུས་པ་ལས་འཁོར་འདས་ཀྱི་རྒྱུར་འབྱུང་བའོ། །དེ་དག་ནི་ཀུན་རྫོབ་ཀྱི་འབྱུང་བཞིའི་འཕེལ་བ་བརྩིས་པའོ། །དེ་ལ་བརྟེན་པ་དོན་དམ་པའི་འབྱུང་བ་བཞི་ནི། ཁ་དོག་དཀར་པོ་རབ་ཏུ་མཆེད་པ་ལས་རྒྱང་ཞགས་ཆུའི་སྒྲོན་མའི་རྒྱུ་བྱས། ཆུའི་རླུང་གི་རྩ་ལས་བྱུང༌། དམར་པོ་རབ་ཏུ་དམར་བ་ལས་ཐིག་ལེ་སྟོང་པའི་སྒྲོན་མའི་རྒྱུ་བྱས། མེའི་རྩ་ལས་བྱུང༌། སེར་བ་རབ་ཏུ་སེར་བ་ལས་དབྱིངས་རྣམ་པར་དག་པའི་སྒྲོན་མའི་རྒྱུ་བྱས། སའི་རྩ་ལས་བྱུང༌། ཁ་དོག་རབ་ཏུ་ལྗང་བ་ལས་ཤེས་རབ་རང་བྱུང་གི་སྒྲོན་མའི་རྒྱུ་བྱས། ལས་རླུང་གི་རྩ་ནས་འབྱུང་ངོ༌། །དེ་ཡང་ཤེས་རབ་རང་བྱུང་གིས་རིག་པ་བསྐྱེད། རྒྱང་ཞགས་ཀྱིས་འོད་བསྐྱེད། ཐིག་ལེས་སྐུ་བསྐྱེད། དབྱིངས་ཀྱིས་ཡེ་ཤེས་བསྐྱེད་དོ། །རྒྱང་ཞགས་ཆུའི་སྒྲོན་མས་ནི་ཆོས་ཉིད་མངོན་སུམ་གྱི་སྣང་བ་མཐོང་ལ། ཐིག་ལེ་སྟོང་པའི་སྒྲོན་མས་ཉམས་གོང་འཕེལ་གྱི་སྣང་བ་མཐོང༌། དབྱིངས་རྣམ་པར་དག་པའི་སྒྲོན་མས་རིག་པ་ཚད་ཕེབས་ཀྱི་སྣང་བ་མཐོང༌། ཤེས་རབ་རང་བྱུང་གི་སྒྲོན་མས་ཆོས་ཉིད་ཟད་པའི་སྣང་བ་མཐོང་བའི་རྟེན་བྱེད་དོ། །དེ་ལྟར་ན་ཀུན་རྫོབ་དང༌། དོན་དམ་གྱི་འབྱུང་བ་བཞིའི་སྨིན་སོས་ལུས་ཆགས་པ་དང་བསྐྱེད་པའི་ལས་བྱེད་དུས་དང་པོ་ལུས་ཀྱི་གཞི་ལྟེ་བ་ལས་རྩ་མདུད་བསྐྱེད། དེ་ལས་དྲན་པ། དེ་ལས་རོ་རྣམས། དེ་ལས་རྩེ་མོ་རྣམ་བཀོད་རྣམས་སུ་ལུས་ཀྱི་དབང་པོ་དྭངས་མ་ལྔ་རྫོགས་པར་བསྐྱེད་ནས་ཟླ་བ་རིལ་པོ་དགུ་དང་ངོ་བཅུ་ན་ལུས་ཡོངས་སུ་རྫོགས་པ་མངལ་ནས་འཐོན་ཏེ་ཕྱི་ཡུལ་གྱི་སྣང་བ་དང་འདོད་ཡོན་སོ་སོ་ལ་སྤྱོད་པར་བྱེད་དོ། །དེ་ལྟ་བུའི་འབྱུང་བ་བཞི་ནམ་མཁའ་དང་བཅས་པ་ལྔ་ལ་བརྟེན་ནས་ཤ་དང་ཁྲག་ལ་སོགས་པ་སྐྱེད་ཅིང་། དེ་ཡང་ཤ་ལ་བརྟེན་ནས་གཟུགས་ཀྱི་ཕུང་པོར་མཆེད། ཁྲག་ལས་འདུ་ཤེས། དྲོད་ལས་རྣམ་ཤེས། དབུགས་ལས་འདུ་བྱེད། རླུང་ཕྱིར་འགྲོ་བ་ལ་བརྟེན་ནས་ཚོར་བ་མཆེད་པའོ། །དེ་ཡང་ཤས་རྩ་བསྐྱེད། རྩས་རླུང་བསྐྱེད། རླུང་གིས་ལས་དང་ཡེ་ཤེས་གཉིས་ཀ་བསྐྱེད་དོ། །ལས་ཀྱིས་འཁོར་བ་སྡུད། ཡེ་ཤེས་ཀྱིས་མྱ་ངན་ལས་འདས་པ་སྡུད་དོ། །དེ་ཡང་ཁྲག་ལ་བརྟེན་ནས་ཆུ་སེར་བསྐྱེད། དེས་ཐིག་ལེ་བསྐྱེད། ཐིག་ལེ་ཀུན་རྫོབ་ཀྱི་སྨིན་སོ་དབང་པོ་ལྔ་བྱུང་། དབང་པོའི་རྒྱུ་ཉོན་མོངས་པ་ལྔ། རྐྱེན་ཡུལ་ལྔ། དུས་གསུམ་གྱི་རྟོག་ཚོགས་འདུས་པ་ལས་འཁོར་འདས་ཀྱི་རྒྱུར་བྱུང་བའོ། །དེ་ལ་དོན་དམ་པའི་འབྱུང་བ་བཞི་ནི། ཁ་དོག་དཀར་པོས་རྒྱང་ཞགས་ཆུའི་སྒྲོན་མའི་རྒྱུ་བྱས། དམར་པོས་ཐིག་ལེ་སྟོང་སྒྲོན་གྱི་རྒྱུ་བྱས། སེར་པོས་དབྱིངས་རྣམ་དག་གི་སྒྲོན་མའི་རྒྱུ་བྱས། ལྗང་གུས་ཤེས་རབ་རང་བྱུང་གི་སྒྲོན་མའི་རྒྱུ་བྱས། རྒྱང་ཞགས་ཀྱིས་འོད་བསྐྱེད། ཐིག་ལེས་སྐུ་བསྐྱེད། དབྱིངས་ཀྱིས་ཡེ་ཤེས་བསྐྱེད་དོ། །རྒྱང་ཞགས་ཀྱིས་ཆོས་ཉིད་མངོན་སུམ་གྱི་སྣང་བ་མཐོང་། ཐིག་ལེ་སྟོང་པས་ཉམས་གོང་འཕེལ་མཐོང་། དབྱིངས་ཀྱིས་རིག་པ་ཚད་ཕེབས་མཐོང་། ཤེས་རབ་རང་བྱུང་གི་སྒྲོན་མས་ཆོས་ཉིད་ཟད་པའི་སྣང་བ་ལ་སྤྱོད་པའོ། །དེ་དག་ཀྱང་སྒོ་མིག་ནས་ཡེ་ཤེས་ཤར་བ་ལ་དངོས་སུ་སྤྱོད་པའོ།།

༼ཁ བརྟེན་པ་རྩ་ཐིག་རླུང་གསུམ་གྱི་རང་བཞིན་བསྟན་པ།

ཀ༽ གནས་པ་རྩ་ཡི་གནས་ལུགས་བཤད་པ།

གཉིས་པ་བརྟེན་པ་རྩ་ཐིག་རླུང་གསུམ་གྱི་རང་བཞིན་ལ་གསུམ་སྟེ། གནས་པ་རྩ། གཡོ་བ་རླུང༌། བཀོད་པ་བྱང་ཆུབ་སེམས་ཀྱི་གནས་ལུགས་སོ། །དང་པོ་ནི། སྤྱིར་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལ་སོགས་པ་གསུངས་ཀྱང་བཞི་བརྒྱ་དང་བདུན་ཅུ་རྩ་གཉིས་སུ་འདུ། དེ་ཡང་འཁོར་ལོ་བཞིར་འདུ། དེ་ཡང་གཙོ་མོ་གསུམ་དུ་འདུ་སྟེ། རྩ་གནས་འཁོར་ལོ་ལས། ལུས་ཀྱི་རྩ་མདུད་རྩ་ཡི་འཁོར་ལོ་བཞི། །འཁོར་ལོ་དྲ་བ་བཞིན་དུ་མང་འབྲེལ་ཡང༌། །མཆོག་ཏུ་དྲང་བ་ལུས་ཀྱི་ཀ་བའི་ཚུལ། །སྐུ་གསུམ་བསྐྱེད་པའི་ཡེ་ཤེས་རྩ་གསུམ་གནས། །ཞེས་སོ། །སྤྱིར་ལུས་གྲུབ་ནས་བཟུང་རྩ་གྲུབ་ལ། རྩ་དེ་ལ་རླུང་དང་ཡེ་ཤེས་གནས་པ་ཡང་གྲུབ། གནད་དེ་ལ་བརྟེན་ནས་གྲོལ་བ་ཡོད་པས། རྩ་ངོས་འཛིན་དགོས་པ་ཡིན། སྤྱིར་ན་རྩ་གཙོ་ཕལ་རྩ་ཕྲན་དང་བཅས་བརྩིས་ན། ལུས་འདི་ལ་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཡོད་པ་ཡིན་ཡང་། ཁྱད་པར་དུ་བསྡུས་པའི་དབང་དུ་བྱས་ན། བཞི་བརྒྱ་བདུན་བཅུ་རྩ་གཉིས་སུ་འདུ་ཞིང་། དེ་ཡང་འཁོར་ལོ་བཞི་ལ་འདུས་པ་དང་། དེ་ཡང་གཙོ་མོ་གསུམ་ལ་འདུའོ། །གཙོ་མོ་གསུམ་ནི་རྩ་འཁོར་ལོ་བཞིའི་དབུས་ན་རྩ་གསུམ་པོ་དེ་སྲོག་ཤིང་ལྟར་དྲང་ཞིང་ཡོ་འཁྱོག་མེད་པར་འབྱུང་བ་དེས། ཕྱི་རུ་ལུས་ངག་ཡིད་གསུམ་གྱི་རྟེན་བྱེད། ནང་དུ་སྐུ་གསུངས་ཐུགས་ཀྱི་མཚམས་སྦྱོར། གསང་བར་སྐུ་གསུམ་གྱི་འཆར་གཞི་བྱེད་པ་ཡིན་ནོ། །རྩ་གསུམ་ནི། རོ་མ། རྐྱང་མ། ཀུན་འདར་མ་གསུམ་མོ། །འདི་ལ་རྒྱུད་འགའ་ཞིག་ལས་ཆགས་ཚུལ་འདྲ་མིན་དུ་བཤད་པ་ཡོད་ཀྱང་། རང་ལུགས་ལ་རོ་མ་སྐྱེས་པའི་གཡས་དང་། བུད་མེད་ཀྱི་གཡོན་དུ་ཡོད་པ་ཡིན། རྩ་གསུམ་པོ་དེ་ཉིད་དག་པས་སྐུ་གསུང་ཐུགས་སུ་སྨིན་པའི་གཞི་བྱེད། མ་དག་པས་ལུས་ངག་ཡིད་གསུམ་སྨིན་པའི་གཞི་བྱེད། ཕྱིན་ཅི་ལོག་པས་དུག་གསུམ་འཆར་བའི་གོ་འབྱེད་པའོ། །སྐབས་འདིར་དག་པའི་དབང་དུ་བྱས་ནས། སྐུ་གསུམ་སྐྱེད་པའི་ཡེ་ཤེས་རྩ་གསུམ་གནས། ཞེས་གསུངས་པའོ།།

ཁ༽ གཡོ་བ་རླུང་གི་གནས་ལུགས་བཤད་པ།

གཉིས་པ་གཡོ་བ་རླུང་ནི། གང་ཟག་སོ་སོའི་ཁམས་དབང་བསམ་པའི་ཁྱད་པར་གྱིས་རྒྱུད་སོ་སོའི་བཞེད་པ་མང་ཡང་འདིར་ལས་དང་ཡེ་ཤེས་ཀྱི་རླུང་གཉིས་སུ་བཤད་དེ། དེ་ཡང་སྐྱེས་བུ་དར་ལ་བབ་པ་ཞིག་ལ་ཉིན་ཞག་ཕྲུགས་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་ལ། རྒན་པ་ལ་དྲུག་ཅུ་ཆད། གཞོན་པ་རྣམས་ལ་ལྷག་ཅིང་མང་པ་ནི་འབྱུང་བའི་ནུས་པ་མ་སྨིན་པ་དང༌། དར་ལ་བབ་པ་དང༌། རྒས་ཤིང་རྒུད་ནས་འབྱུང་བའི་ནུས་པ་སྟོངས་པ་ལས་འབྱུང་སྟེ། དར་མའི་དབང་དུ་བྱས་ན་འགྱུ་བའི་རླུང་དྲུག་ཅུའི་མཚམས་ན་ཉོན་མོངས་པའི་རླུང་རེ་རེ་རྒྱུ་ལ། བརྒྱ་ཉི་ཤུའི་ཆ་ལ་རགས་པའི་རླུང་གཅིག་ཏུ་བརྩིས་པའི་ཆ་གསུམ་ལ་ལས་རླུང་སྦོམ་པོ་སུམ་བརྒྱ་དྲུག་ཅུའོ། །དེའི་སུམ་ཆ་གཅིག་ནི་མཉམ་གནས་ཀྱི་རླུང་སྟེ། བརྒྱ་ཉི་ཤུའོ། །འགྱུ་བ་ཉི་ཤུ་ཉི་ཤུའི་བར་ན་ཆོས་ཉིད་ཡེ་ཤེས་ཀྱི་རླུང་རེ་རེའོ། །སྤྱིར་ན་ལུས་ལ་རྩ་གནས་པ་དང་། རྩ་ལ་རླུང་གནས་ཤིང་། རླུང་དེ་ཡང་། ནང་གསེས་ཀྱི་དབྱེ་ན། འགྱུ་བ་ཆེ་ཆུང་དང་། ཕྱི་འགྱུ་དང་ནང་འགྱུ་སོགས་ཀྱི་ཁྱད་པར་དང་དབྱེ་བ་ཡོད་དོ། །འགྱུ་བ་ཆེ་བའི་རླུང་ནི། སྐྱེས་བུ་དར་བབས་ནད་མེད་ཞིག་ལ་མཚོན་ན། ཉིན་ཞག་ཕྲུགས་གཅིག་སྟེ། དེང་སང་གི་འཁོར་ལོའི་ཆུ་ཚོད་ཉི་ཤུ་རྩ་བཞི་ལ། རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བའོ། །རྒྱུ་བ་འདིའི་ཐོག་ཏུ་གཏན་ལ་ཕབ་ནས་ཕྱི་ནང་གི་དུས་སྦྱོར་བཅུ་གཉིས་དང་། ལོ་གཅིག་ཞག་མ་སུམ་བརྒྱ་དྲུག་ཅུ་། ཞག་ལྷག་གི་ཟླ་བཤོལ། ཕྱི་ནང་གཞན་གསུམ་གྱི་དུས་ཀྱི་འཁོར་ལོའི་རྣམ་གཞག་ཚང་མ་གསུངས་པ་ཡིན། སྐབས་འདིར་འགྱུ་བའི་རླུང་དྲུག་ཅུ་རེའི་མཚམས་ནས་ཉོན་མོངས་པའི་རླུང་རེ་རྒྱུ་བས་སུམ་བརྒྱ་དྲུག་ཅུ་རྒྱུའོ། །དེ་བརྒྱ་ཉི་ཤུ་ལ་རགས་རླུང་རེ་རེར་བརྩིས་ན་རགས་རླུང་སུམ་བརྒྱ་དྲུག་ཅུ་ཡིན། དེ་ལ་ལས་རླུང་སྦོམ་པོ་སུམ་བརྒྱ་དྲུག་ཅུ་ཟེར། རགས་རླུང་རྩི་གཞི་ཕྲ་བའི་རླུང་ཞེས་པ་ནི་འགྱུ་བ་ཆུང་བའོ་སྙམ་ན་མིན་ཏེ། ཁ་སྣ་མ་གཏོགས་པ་རྩའི་ནང་ན་རྟོག་པ་དང་ཡེ་ཤེས་ཀྱི་རྟེན་དུ་འགྱུ་བ་ཆུང་བའི་རླུང་འཕར་རྩ་ནས་རྒྱུ་བ་བསྡོམས་པས་ཆིག་འབུམ་ཉི་ཁྲི་དྲུག་བརྒྱ་བརྒྱད་ཅུའོ། །དེ་སྐད་དུའང་ཐལ་འགྱུར་ལས། རླུང་ནི་ཞག་གི་རིམ་པ་ཡིས། །ཉི་ཁྲི་དང་ནི་ཆིག་སྟོང་དང༌། །དྲུག་བརྒྱ་རུ་ནི་བརྩིས་པ་ཡིས། །ཞག་གཅིག་ལ་ནི་རླུང་རྫོགས་སོ། །ཇི་ལྟར་སོ་སོའི་བྱེ་བྲག་གིས། །ཆུང་བ་རྣམས་ལ་དྲུག་ཅུ་ལྷག །རྒས་པ་དག་ལ་ཆད་པ་ནི། །འབྱུང་བ་སྣོད་ཀྱི་ལས་ཀྱིས་སོ། །འགྱུ་བའི་རླུང་ནི་དྲུག་ཅུ་ལ། །ཕྲ་འགྱུར་ཆོས་ཉིད་རྩིས་ཀྱིས་བཟུང༌། །དེ་ཕྲག་གཉིས་ལ་རགས་པ་སྟེ། །དེ་བསྡོམས་གསུམ་ལ་སྦོམ་པོ་ཉིད། །དེ་ལས་གསུམ་བྲི་མཉམ་པའོ། །མདོར་ན་འགྱུ་བ་ཉི་ཤུའི་བར། །ཆོས་ཉིད་མཉམ་པ་རེ་རེའོ། །ཞེས་སོ། །དེ་ཡང་དགེ་བ་ཡེ་ཤེས་ཀྱི་རླུང་སྟོང་ཕྲག་གཅིག་དང་ལྔ་བརྒྱ་སུམ་ཅུ་ཉིན་ཞག་གཅིག་ལ་རྒྱུ་ལ། མི་དགེ་བ་ཉོན་མོངས་པའི་རླུང་སུམ་སྟོང་དྲུག་བརྒྱ་རྒྱུ་ཞིང༌། ལྷག་མ་ཁྲི་ཕྲག་གཅིག་དང་ལྔ་སྟོང་བཞི་བརྒྱ་ནི་ལུང་མ་བསྟན་གྱི་རླུང་འགྱུ་བ་སྟེ། རྣལ་འབྱོར་པ་དག་གིས་ཡེ་ཤེས་ཀྱི་རླུང་ངོས་བཟུང༌། ཉོན་མོངས་པའི་རླུང་བཀག ལུང་མ་བསྟན་གྱི་རླུང་རང་བཞག་ལ་འགག་པས་ལམ་དུ་བྱེད་པར་འདོད་པའོ། །རླུང་གི་འགྱུ་བ་ལ་ཡེ་ཤེས་ཀྱི་རླུང་དང་། ལས་རླུང་ཞེས་པ་གཉིས་སུ་ཕྱེ་རུ་ཡོད་ལ། ཁ་སྣ་དང་རྩ་ནས་འགྱུ་བ་ཙམ་དུ་གཅིག་ཡིན་ན་འདི་གཉིས་ཅིས་ཁྱད་ཅེ་ན། འགྱུ་བ་ཙམ་དུ་གཅིག་ཀྱང་རྩའི་གནས་འགྱུར་མ་འགྱུར་དང་། རྩ་འཆུས་མ་འཆུས་ཀྱི་ཁྱད་ཀྱིས་ཕྱེ་སྟེ། དཔེར་ན་པ་ཐ་རའི་བུ་གཅིག་པུ་དེ་ཁྲོས་ན་སྟག་ལ་འགྱུར་ལ། མ་ཁྲོས་ན་མི་རུ་ཡོང་བ་ལྟར། རིག་གདངས་དང་ལུས་ཀྱི་རྩ་ནས་འགྱུ་བའི་རླུང་གཉིས་རླུང་ཡིན་པ་ཙམ་དུ་གཅིག་ན་ཡང་། རྩ་མ་འཆུས་ན་ཤེས་པ་ལས་སུ་རུང་བའི་ཡེ་ཤེས་ཀྱི་རླུང་དང་། རྩ་འཆུས་ན་ཤེས་པ་ལས་སུ་མི་རུང་བས་ཉོན་མོངས་སུ་འགྱུར་བའི་རྟར་བྱུང་བ་ཡིན་ནོ། །བྱེད་ལས་ཀྱི་སྟེང་ནས་རྩ་མ་འཆུས་པར་ཡེ་ཤེས་ཀྱི་རླུང་དུ་སོང་དུས་བདེ་བ་དང་སྟོང་པ་གསལ་བའི་ཉམས་ཐོབ་ལ། དེ་ལས་ལྡོག་ནས་རྩ་འཆུས་ནས་ཉོན་མོངས་པའི་རླུང་དུ་སོང་ན་བྱིངས་པ་དང་། རྒོད་པ་དང་། རྨུགས་པ་དང་། འཆལ་བ་ལ་སོགས་པ་རླུང་ཉམས་ངན་པ་སྐྱེ་བ་ཡིན་ནོ། །དེ་དག་ཀྱང་གྱེན་དུ་རྒྱུ་བ་ནི་ཁ་སྣའི་སྒོ་ནས་རྒྱུ་ལ། ཐུར་སེལ་ནི་ལུས་ཀྱི་སྨད་ནས་འོག་སྒོར་རྒྱུ་བས་དྲི་ཆེན་དང་དྲི་ཆུ་འཕེན་པའི་ལས་བྱེད་དོ། །ཡང་དེ་ཉིད་ལས། དེ་ལ་བྱེད་ལས་རྣམ་གཉིས་ཏེ། །གྱེན་ལ་རྒྱུ་དང་ཐུར་དུ་སེལ། །ཞེས་སོ། །ཡེ་ཤེས་གདངས་བསྐྱེད་པའི་ཆ་དང་སྦྱར་ན་རོ་རྐྱང་དབུ་མ་ཤེལ་བུག་ཅན་དང་བཞི་ནི་ཡེ་ཤེས་ཀྱི་རང་གདངས་འོད་གསལ་གྱི་ཐིག་ལེ་ཟེར་དང་བཅས་པ་བསྐྱེད་པའི་རྐྱེན་འབྱུང་བ་བཞིའི་རླུང་ཡེ་ཤེས་ལྔའི་གདངས་ལ་འཇུག་པས་ཕྱེ་བ་ནི་ཡེ་ཤེས་དག་པའི་རླུང་ཞེས་བྱ་སྟེ། སྔར་གྱི་ལས་རླུང་ལས་ཕྱེ་བ་རྣམས་ནི་ཤེས་པའི་རྟ་བྱེད་པའི་ཆ་ནས་བཞག་ལ། འདི་ནི་སྟོང་གཟུགས་འོད་གསལ་བསྐྱེད་པའི་ཆ་ནས་བཞག་པས་རླུང་འཛིན་པའི་ཁོངས་སུ་སྔར་གྱི་དེ་ལ་འདོད་ཀྱི། འདི་དག་པར་བྱེད་འཛིན་པར་མི་འདོད་པས་དོན་གྱི་རླུང་གི་ཁོངས་སུ་གཏོགས་པ་ཙམ་ལས་དངོས་སུ་མ་ཡིན་ཏེ། ཡེ་ཤེས་ཀྱི་རླུང་ལ། གནས་པའི་ཆ་དང་། སྣང་བའི་ཆ་དང་། སྐྱེ་བའི་ཆ་དང་། འགྱུ་བའི་ཆ་ནས་དེའི་བྱེད་པ་གཙོ་བོར་གསུངས་པས། རླུང་དེ་གནས་པའི་ཆ་ནས་གཞིར་གནས་ཀྱི་ཡེ་ཤེས་ཀྱི་ལས་བྱེད། དེའི་རྐྱེན་གྱིས་ཅིར་སྣང་གནས་ལུགས་ཀྱི་སྟེང་ལས་གཞན་དུ་འགྱུར་མི་སྲིད་པ་བྱུང་བ་དང་། སྣང་བའི་ཆ་ནས་མཚན་ཉིད་འཛིན་པའི་ཡེ་ཤེས་ཀྱི་ལས་བྱེད་ལ། དེའི་རྐྱེན་གྱིས་སོ་སོའི་རིགས་དང་སྐུ་དང་ཡེ་ཤེས་དང་འོད་དང་ཁ་དོག་གསལ་བ་ལས་འདའ་མི་སྲིད་པ་ཡིན་ནོ། །སྐྱེ་བའི་ཆ་ནས་ཤེས་བྱས་བསྡུས་པའི་ཡེ་ཤེས་སུ་བྱེད་ལ། དེའི་རྐྱེན་གྱིས་རང་གཞན་གྱི་དོན་ཐོགས་པ་མེད་པར་བྱེད་དོ། །འགྱུ་བའི་ཆ་ནས་ཤེས་པས་བསྡུས་པའི་ཡེ་ཤེས་སུ་བྱེད་ལ། དེ་བྱེད་ཀྱང་བྱ་བ་དང་བྱེད་པ་རང་རྒྱུད་ཅན་ནི་མ་ཡིན་ནོ། །དེའི་ཕྱིར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཤེས་པའི་བྱེ་བྲག་སྣ་ཚོགས་བྱུང་ཡང་བདག་དང་བདག་གིར་འཛིན་པ་ནི་མ་ཡིན་ནོ། །དེ་ལྟར་བཞིར་ངེས་པ་ནི། རྒྱུ་དུས་ཡིན་ལ། ལམ་དུས་སུ་དོན་དམ་པའི་འབྱུང་བ་བཞིར་བྱེད་ལ། འབྲས་བུའི་དུས་སུ་སྐུ་བཞིའི་ངོ་བོར་སྨིན་པ་ཡིན་ནོ། །ལས་རླུང་ལ་ཡང་བྱེད་ལས་རྣམ་པ་བཞིར་དབྱེར་ཡོད་ཅིང་། དེ་ཡང་གཡས་ནས་རྒྱུ་བས་ཕོ། གཡོན་ནས་རྒྱུ་བས་མོ། ཕྱིར་འོང་བས་སྣང་བ་སྣ་ཚོགས་ལ་འཇུག ནང་དུ་འགེངས་པས་རྟོག་ཚོགས་སྣ་ཚོགས་སུ་འཕྲོ་བར་བྱེད་པས་མ་དག་འཁོར་བའི་ལས་སྣ་ཚོགས་བྱེད་པ་ཡིན་ནོ། །འདིར་བསྟན་ཡེ་ཤེས་ཀྱི་རླུང་རྩ་གང་གང་དུ་རྒྱུ་བ་རྒྱུད་ཀྱི་ལུང་གིས་གསལ་བ་ནི། སྒྲོན་མ་འབར་བ་ལས། སྐྱེད་པར་བྱེད་པའི་རྩ་བཞི་ནས། །གཡོ་དང་འགུལ་དང་འཕྲིག་པ་དང༌། །ཡང་ཞིང་བསྐྱེད་པའི་བདག་ཉིད་དུ། །ཙིཏྟའི་དཀྱིལ་འཁོར་ཉིད་ལ་འཁོར། །དྭངས་མ་ཤེས་པའི་བཅུད་རྣམས་ནི། །མེ་སྟག་ཡར་བའི་མཚན་ཉིད་དོ། །ལྔ་བཞི་ལས་ཀྱི་རླུང་དང་བཅས། །ཤེས་པ་གསལ་གསལ་རིག་རིག་པོ། །ཤེས་རབ་རྣམས་ཀྱི་རང་བཞིན་དུ། །རོ་མ་རྐྱང་མ་ཀུན་འདར་མ། །ཤེལ་བུག་ཁོག་པ་སྟོང་པའི་ནང༌། །གསལ་བ་རང་ཤེས་ཆེན་པོར་བཞུགས། །ཞེས་དང༌། གསལ་དང་མི་གསལ་རྩལ་རྣམས་ནི། །རླུང་གི་གཡོ་འགུལ་ཉིད་ལས་བྱུང༌། །ལུས་ཀྱི་རྩ་ནང་གནས་པའོ། །ཞེས་སོ། །རྩ་དེ་ལ་བརྟེན་ནས་རླུང་ཉམས་སུ་བླང་བ་ནི། ལྟེམས་པ་དང་། མནན་པ་དང་། བསྐྱིལ་བ་དང་། གཟིར་བ་དང་། གཅུན་པ་དང་། སྦ་བ་རྣམས་ཀྱི་གནད་ལ་བརྟེན་པའི་མན་ངག་གིས་ཉམས་སུ་ལེན་དགོས་ལ། དེ་ཡང་དཔེར་ན་སྦ་བ་ཡིས་རོ་མའི་གནད་གཅུན། གཅུན་པས་རྐྱང་མའི་གནད་གཅུན། གཞིལ་བས་ཀུན་འདར་མའི་གནད་གཅུན། ལྟེམས་པས་ལུས་ཀྱི་གནད་གཅུན། མནན་པས་ངག་གི་གནད་གཅུན། བསྐྱིལ་བས་སེམས་ཀྱི་གནད་དུ་བྱ་བ་དང་། གཟིར་བས་སྣང་བའི་གནད་དུ་བྱ་བ་རྣམས་ཡིན་ནོ།།

ག༽ བཀོད་པ་བྱང་ཆུབ་སེམས་ཀྱི་གནས་ལུགས་བཤད་པ།

གསུམ་པ་བཀོད་པ་བྱང་ཆུབ་སེམས་ཀྱི་གནས་ལུགས་ནི། འཁོར་ལོ་བཞིའི་དབུས་རྩའི་གཙོ་མོ་གསུམ་ནས་ཐིག་ལེ་འབྱུང་སྟེ། ཀུན་རྫོབ་ཀྱི་ཐིག་ལེ་གཡས། དོན་དམ་གྱི་ཐིག་ལེ་གཡོན། དབུ་མ་ནས་རང་བཞིན་གྱི་ཐིག་ལེ་རྒྱུ་སྟེ། དེ་ཡང་སྐྱེས་པ་ལ། གཡས་རོ་མ་ན་ཀུན་རྫོབ་ཀྱི་ཐིག་ལེ་གནས་པ་དང་། གཡོན་རྐྱང་མ་ན། དོན་དམ་གྱི་ཐིག་ལེ་གནས། དེ་ཡང་འོད་ཀྱི་རང་གདངས་ཕྲ་མོར་གནས་སོ། །དབུས་དབུ་མ་ན། ཆོས་སྐུའི་ཐིག་ལེ་སྤྲོས་བྲལ་འོད་གསལ་དག་པ་གནས། རྩོལ་བཅས་སྤྲོས་པ་ཅན་གྱི་ལུགས་ལ། ལས་རླུང་གི་དུས་སུ་ཐིག་ལེ་གཟུང་བ་དང་། ཡེ་ཤེས་ཀྱི་དུས་སུ་ཐིག་ལེ་ལྡོག་ཅིང་རྩ་ལ་གདབ་པ་གནད་ཡིན་ནོ། །རྩོལ་མེད་སྤྲོས་པ་དང་བྲལ་བའི་ལུགས་ལ། འོད་གསལ་གྱི་ཐིག་ལེ་མངོན་སུམ་ལམ་དུ་བྱེད་པ་ཡིན་པས། བཞུགས་སྟངས་དང་། གཟིགས་སྟངས་ངེས་པའི་ཐོག་ནས་ལས་དང་པོ་བས་ཐིག་ལེ་སྟོང་སྒྲོན་ལ་བརྟེན་ནས་སྒོམ། དེའི་མཐུ་ཡིས་འོད་གསལ་གྱི་སྣང་བ་ལ་ཉིན་མཚན་འདྲེས་པར་སྤྱོད་ཐུབ་པ་ཡོང་ངོ་། །གོང་དུ་བཤད་པའི་གཡས་ཀུན་རྫོབ་ཀྱི་ཐིག་ལེ་ལམ་དུ་བྱ་དུས་ཟུང་འཇུག་ཡབ་ཡུམ་གྱི་ཐབས་དང་། གཡོན་དོན་དམ་གྱི་ཐིག་ལེ་ལམ་དུ་བྱེད་དུས་ཁ་སྦྱོར་གྱི་བདེ་བའི་ངོ་བོ་སྟོང་པ་ཤེས་རབ་ཏུ་རྒྱུ་བ་ཡིན་ནོ། །མདོར་ན་གསང་སྔགས་ཀྱི་ཉེ་ལམ་ནི་རྩ་ཐིག་རླུང་གསུམ་ལ་གནད་དུ་བསྣུན་པ་འདིའོ། །རྩ་གནས་འཁོར་ལོ་ལས། རིག་པ་ཐིག་ལེའི་ཚུལ་དུ་རྒྱུ། །ཐིག་ལེ་རྣམ་པ་གསུམ་གྱིས་ནི། །སྐུ་གསུམ་ཉིད་ནི་བསྐྱེད་པའོ། །ཀུན་རྫོབ་རྒྱུ་ཡི་ཐིག་ལེ་ནི། །སྤྲུལ་སྐུ་སྒྲུབ་པའི་ས་བོན་ནོ། །ཕ་མའི་ཁུ་ཁྲག་ཐིག་ལེ་ནི། །ཕུང་པོའི་རྟེན་ཏེ་རྩ་ནང་རྒྱུ། །གནས་པས་ཕུང་པོའི་གཟི་མདངས་བསྐྱེད། །ཕོ་ནི་གཡས་རྩ་མོ་གཡོན་རྒྱུ། །དོན་དམ་འོད་ཀྱི་ཐིག་ལེ་ནི། །ཡུངས་འབྲུ་ཙམ་ཞིག་གསལ་བར་ཡང༌། །རང་གསལ་སྤྲོས་བྲལ་ཟླུམ་པོར་གནས། །ཟག་མེད་རྟག་ཆད་མཐའ་ལས་འདས། །རླུང་གིས་བསྐྱེད་དེ་འགྱུ་བར་རིག །ཕྲ་ཞིང་འབྱུང་བས་རྟོགས་པར་དཀའ། །ཕོ་ནི་གཡོན་ལ་མོ་ནི་གཡས། །རང་བཞིན་ངོ་བོ་ཀ་ནས་དག །གཞི་གནས་ཡེ་ཤེས་གསུམ་ལྟ་བུ། །ཡེ་ཤེས་འོད་དང་སྐུ་དང་རིག །དེ་ཉིད་དུ་ཡང་མ་གྲུབ་པས། །སྟོང་པ་ཟང་ཐལ་གསལ་བ་དང༌། །རིག་པ་ཟང་ཐལ་གསུམ་དུ་ནི། །དབུས་ཀྱི་རྩ་ནས་རྒྱུ་བའོ། །ཞེས་སོ། །དེ་དག་གི་བྱེད་ལས་ནི་ཀུན་རྫོབ་རྒྱུའི་ཐིག་ལེས་ཀུན་རྫོབ་ཀྱི་འབྱུང་བ་བཞིའི་རྒྱུ་དང་རྐྱེན་དང་བྱེད་པའི་ལས་བྱེད་དོ། །ཀུན་རྫོབ་ཀྱི་རྒྱུ་འབྱུང་བ་བཞི་རྐྱེན་ཤ་ཁྲག་དྲོད་དབུགས་སོ། །བྱེད་ལས་ལུས་བསྐྱེད་པ་འཕེལ་བ་གནས་པའི་རྟེན་བྱེད་དོ། །དེ་ཡང་ཚེས་གཅིག་ལ་རྐང་མཐིལ་ནས་ཡར་འཕེལ་བས་ཟས་སྐོམ་གྱི་དྭངས་མས་ལྟེ་བར་ཕུང་པོ་ལ་སོགས་པ་རྒྱས་པའི་ལས་བྱེད་པ་ནི། ཚེས་གཅིག་ལ་ལྟེ་བར། བརྒྱད་ལ་སྙིང་གར། བཅུ་གཉིས་ལ་མགྲིན་པར། བཅོ་ལྔ་ལ་སྤྱི་གཙུག་ཏུ་རྒྱས་པས་ཚོགས་ཅི་བསགས་འཕེལ་ཆེ་ཞིང་ཁམས་རྒྱས་པས་སྒྲུབ་པ་པོ་རྣམས་ཀྱི་ལུས་ལ་མེ་བཙའ་དང་གཏར་ག་མི་བྱ་སྟེ་ཉམས་ཤིང་རྒུད་པར་འགྱུར་བའི་ཕྱིར་རོ། །བྱང་ཆུབ་ཀྱི་སེམས་རྒྱས་པའི་རྟེན་ཡིན་པས་ཀུན་རྫོབ་ཀྱི་ཐིག་ལེ་སྤང་དུ་མི་རུང་ངོ༌། །སྐྱེ་མཆེད་དང་དབང་པོ་རྒྱས་པས་སྤྱི་གཙུག་ཏུ་སྐྲ་མཐེབ་གང་བ་ཞིག་བཞར་ལ། ཏིལ་མར། གླ་རྩི། ཙནྡན་དཀར་དམར་རྣམས་བསྲེས་པའི་བསྐུ་མཉེ་བྱས་ན་ལུས་ཀྱི་ཁམས་དྭངས་མ་རྒྱས་ཤིང་འབྱུང་བ་མི་འཁྲུགས་པ་ཡིན་ནོ། །བཅོ་ལྔ་ནས་ཟས་ཟོས་པའི་སྙིགས་མ་ལ་བརྟེན་ནས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་མར་འཕེལ་ཏེ། ཚེས་བཅུ་དགུ་ལ་མགྲིན་པར་ཕུང་པོ་ལ་སོགས་པ་རྒྱས། ཉེར་གཉིས་ལ་སྙིང་གར་རྒྱས། གནམ་སྟོང་ལ་རྐང་མཐིལ་དུ་རྒྱས་པས། འབྲུ་མར་སྣ་ཚོགས་པ་དང་ཞིམ་ཚོ་དང་ཛཱ་ཏིའི་ཕྱེ་མ་བསྲེས་པའི་བསྐུ་མཉེ་བྱས་ཏེ་ཉི་མ་ལ་བསྲོས་པས་ཁམས་རྒྱས་ཏེ་དགེ་སྦྱོར་ངང་གིས་འགྲུབ། ཐིག་ལེ་ལ་བརྟེན་པའི་བསམ་གཏན་འཕེལ་ལོ། །སྤྱིར་ན་ཐིག་ལེ་འདི་ལ་གཞི་འཛིན་པའི་ཐིག་ལེ་དང་། སྣང་བ་ལམ་གྱི་ཐིག་ལེ་དང་། འབྲས་བུ་རང་སྨིན་པའི་ཐིག་ལེ་སྟེ་གསུམ་གྱི་དབྱེ་བ་ཡོད་དོ། །དེ་ལས་དང་པོ་གཞི་འཛིན་པའི་ཐིག་ལེ་ནི། འོད་ལྔ་ལྷུན་གྲུབ་ཀྱི་ཐིག་ལེ་ཡིན། དེ་སྙིང་དབུས་འོད་རྩ་དྭངས་མའི་ནང་ན་གནས། དེ་ལ་རང་བཞིན་འོད་ཀྱི་ཐིག་ལེ་ཡང་ཟེར། དེ་ལ་ཀ་དག་གི་རིག་པས་བརྒྱན་པས་ན་ཀུན་ཏུ་བཟང་པོའི་ཐིག་ལེ་ཞེས་བྱ། འདི་ལ་གསང་འདུས་ལས་མི་ཤིག་པའི་ཐིག་ལེ་དང་། བདེ་མཆོག་ལས་མི་འགྱུར་བའི་ཐིག་ལེ་ཞེས་སྔགས་གསར་རྒྱུད་ལས་དེ་ལྟར་གསུངས། འོན་ཀྱང་གསང་འདུས་མཐའ་གཅིག་ཏུ་སྔགས་གསར་མ་ཡིན་པའི་ངེས་པ་མེད་དོ། །གཉིས་པ་སྣང་བ་ལམ་གྱི་ཐིག་ལེ་ནི། སྔར་བསྟན་པའི་ཀུན་རྫོབ་རྒྱུའི་ཐིག་ལེ་དང་། གནས་པ་དོན་དམ་གྱི་ཐིག་ལེ་གཉིས་སོ། །དང་པོ་ཀུན་རྫོབ་རྒྱུའི་ཐིག་ལེ་ནི། ལུས་ཅན་ཀུན་གྱི་རྩའི་ནང་དུ་གནས་ཤིང་། དེ་ཡང་འབྱུང་བའི་དྭངས་མ་འདུས་པའི་མའི་ཐིག་ལེ་དམར་པོར་བྱུང་བ་དེ་རྒྱུ་དང་། བྱང་སེམས་ཀྱི་སྙིགས་མ་འདུས་པའི་ཕའི་ཐིག་ལེ་དཀར་པོར་བྱུང་བ་དེ་རྐྱེན་གྱི་ཚུལ་དུ་གནས། དེའི་ཕྱིར་འབྱུང་བ་འདུས་པ་ལས་གཟུགས་སུ་སྨིན། བྱང་སེམས་འདུས་པ་ལས་དྲན་བསམ་དང་བྱུང་ཚོར་དུ་སྨིན་པ་དེ་རིག་པར་འདུས་པ་ཡིན་ནོ། །ལུས་སྡུད་པར་བྱེད་པའི་རྒྱུ་རྐྱེན་གྱི་ཐིག་ལེ་དེ་གཉིས་ཀ་ལུས་ཅན་ཀུན་ལ་རང་ཆས་སུ་གནས་སོ། །དེས་ན་དང་པོ་སྐྱེ་བའི་སྐབས་སུ་ས་བོན་དེ་གཉིས་ཀས་ཕུང་པོའི་རྟེན་བྱེད་ཅིང་། ཐ་མ་ཚེ་དུས་བྱེད་དུས་ཀྱང་དེ་གཉིས་གནས་ནས་འཕོས་ཚེ་ཕྱི་དབུགས་ནང་དབུགས་ཀྱི་སོ་མཚམས་འབྱེད་པའོ། །གཉིས་པ་གནས་པ་དོན་དམ་གྱི་ཐིག་ལེ་དེ་ལ་ཡང་། རང་གནས་རྒྱུའི་ཐིག་ལེ་དང་། སྐྱེས་བུས་གོམས་པ་ལས་བྱུང་བ་གཉིས་ལས། དང་པོ་རང་གནས་རྒྱུའི་ཐིག་ལེ་ནི། ལུས་ཅན་ཀུན་གྱི་སྙིང་ནང་གི་འོད་ཀྱི་དྭངས་མ་འདུས་པའི་འོད་ལྔ་དང་། དེ་ལས་ཕྱིར་ཤར་བའི་འོད་རྩའི་ནང་ནས་འགྱུ་ཞིང་གནས་པ་དེའོ། །གཉིས་པ་སྐྱེས་བུས་གོམས་པ་ལས་བྱུང་བ་ནི། མཚན་ཉིད་འཛིན་པའི་ཡེ་ཤེས་ཀྱི་ཕྱོགས་གཅིག་དག་པ་ལ། དང་པོ་འོད་ཀྱི་སྣམ་བུར་སྣང་བ་དང། དེ་ནས་དུམ་བུ་དང་། གྲུ་ཆད་དང་། བན་བུན་ལ་སོགས་པའི་སྣང་བ་ཡང་ཤར་བ་དང་། གཉིས་པ་འོད་ཀྱི་ཟེར་ཐག་ཏུ་སྣང་བ་དང་། དེ་ལས་ཕྲ་བ་དང་། འགུལ་བ་དང་། འཕྲིག་པ་ལ་སོགས་པ་ཤར་བ་དང་། གསུམ་པ་ཐིག་ལེའི་མུ་ཁྱུད་དུ་འཆར་ཞིང་། དེ་ལས་གྱེན་འགྲེང་དང་། རྩིབས་ཤར་ལ་སོགས་པ་ཤར་བའོ། །དེ་ལྟར་ཀུན་རྫོབ་ཀྱི་ཐིག་ལེས་འབྱུང་བ་བཞི་དར་གུད་ཀྱི་ལས་བྱེད་དོ། །དོན་དམ་གྱི་ཐིག་ལེས་རྒྱུ་ཡེ་ཤེས། རྐྱེན་འོད་དང་ཁ་དོག །བྱེད་ལས་སྐུ་དང་ཡེ་ཤེས་སྨིན་པའི་ལས་བྱེད་དོ། །དེ་ཡང་ཙིཏྟར་སྐུར་སྨིན་པར་བྱེད། རྩ་རྣམས་སུ་ཐིག་ལེར་སྨིན་པར་བྱེད། མིག་ཏུ་སྒྲོན་མ་བཞིར་སྨིན་པའི་ལས་བྱེད་དོ། །འབྲས་བུ་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའོ། །རང་བཞིན་གྱི་ཐིག་ལེ་ནི་མཉམ་བཞག་གི་དུས་ན་ཆོས་ཉིད་ཀྱི་ཐིག་ལེ། དེ་ལ་ཉམས་སྐྱེས་པའི་དུས་ན་ཆོས་ཉིད་རྣམ་པར་དག་པའི་ཐིག་ལེ། སྣང་བའི་དུས་ན་དབྱིངས་ཀྱི་ཐིག་ལེ། དེ་ལས་འཕེལ་བ་འབྱུང་བའི་དུས་ན་དབྱིངས་རྣམ་པར་དག་པའི་ཐིག་ལེ། དེ་ཉིད་རྫོགས་པའི་དུས་ན་ཀུན་ཏུ་བཟང་པོའི་ཐིག་ལེ། དེ་ཉིད་ཕྱིར་ཤར་བའི་དུས་ན་ཡེ་ཤེས་ཆེན་པོའི་ཐིག་ལེའོ། །གསུམ་པ་འབྲས་བུའི་ཐིག་ལེ་ལ། འོད་རྣམས་སྨིན་པའི་ཐིག་ལེ་དང་། ཡེ་ཤེས་སྨིན་པའི་ཐིག་ལེ་དང་། རིག་པ་སྨིན་པའི་ཐིག་ལེ་དང་གསུམ་དུ་དབྱེ་བ་ལས། དང་པོ་འོད་རྣམས་སྨིན་པའི་ཐིག་ལེ་ནི། ཐིག་ལེ་གྱེན་འགྲེང་དུ་ཤར་བ་ན་ཡེ་ཤེས་ཀྱི་ངོ་བོ་དག་པའི་སྣང་བ་ཡིན། ད་དུང་གོམས་པས་མཁར་ཐབ་ལ་སོགས་པ་གྱུར་ནས། ཐིག་ལེ་དང་ཕྱིའི་འོད་རྣམས་མ་འདྲེས་པ་དཔེར་ན་བར་སྣང་གི་འཇའ་ཚོན་བཞིན་དུ་སྣང་བའོ། །ཡང་དེ་ཉིད་ཡང་དང་ཡང་དུ་གོམས་པ་ལས། ཉམས་གོང་འཕེལ་གྱི་སྣང་བ་མིག་མངས་རིས་དང་། མིང་ཚགས་དང་། དྲ་བ་དང་། དྲ་བ་ཕྱེད་པའི་སྣང་བ་ཡང་འཆར་རོ། །ཡེ་ཤེས་སྨིན་པའི་ཐིག་ལེ་ནི། ཡེ་ཤེས་ལྔ་སྨིན་པའི་ཐིག་ལེ་རྩིབས་ཤར་དུ་སྣང་བ་ཡིན་ནོ། །ཁ་དོག་སྣ་ལྔ་གསལ་ནས་འོད་ཟེར་འཕྲོ་བ་ཉི་མ་ལྟར་ཡིན་ནོ། །རིག་པ་སྨིན་པའི་ཐིག་ལེ་ནི། རིགས་ལྔ་ཕྱེད་སྐུ་དང་། རང་རྐྱང་དང་ཡབ་ཡུམ་དང་། ཚོམ་བུ་ལ་སོགས་པ་སྣང་བ་ནས་མཐར་ཟད་པ་ལ་སྐྱོལ་བའོ། །རིག་པ་སྐུ་རུ་སྨིན་པའི་དུས་སུ་ཤེས་རབ་སྐུ་རུ་སྨིན་པ་ཞེས་པ་ནི། གོང་དུ་གྲོལ་འཁྲུལ་གྱི་སྐབས་ནས་བཤད་པ་དེ་ཡིན། ཐིག་ལེ་འདི་དག་རྩའི་ནང་གདངས་ཕྱིར་ཤར་བ་ཡིན་ནོ། །དེ་དག་ཀྱང་ཐལ་འགྱུར་ལས། ཙིཏྟའི་ནང་ན་སྐུར་གནས་ཏེ། །གདངས་ཀྱི་སྐུ་ནི་རྣམ་པ་ལྔས། །སོ་སོའི་རིགས་ཀྱི་མཚན་ཉིད་འཛིན། །ཟེར་གྱི་སྐུ་ནི་དྲུག་གིས་ཀྱང༌། །རང་བཞིན་སྣང་བའི་ཆོས་ཉིད་སྡུད། །དག་པའི་སྐུ་ནི་རྣམ་གསུམ་གྱིས། །མྱ་ངན་འདས་པའི་ས་མཚམས་འཛིན། །རྣམ་པའི་སྐུ་ནི་བརྒྱད་ཀྱིས་ཀྱང༌། །ས་ལམ་རྫོགས་པའི་བྱ་བ་བྱེད། །རྩ་ཡི་ནང་ན་ཐིག་ལེ་སྟེ། །འཇུག་པའི་ཐིག་ལེ་རྣམ་གསུམ་གྱིས། །འཁོར་འདས་འབྲེལ་བའི་ས་བོན་འདེབས། །སྐྱེ་བའི་ཐིག་ལེ་ལྔ་ཡིས་ཀྱང༌། །རྣལ་འབྱོར་ཉམས་ཀྱི་དཀྱིལ་འཁོར་རྫོགས། །བཀོད་པའི་ཐིག་ལེ་དྲུག་གིས་ནི། །ཆོས་ཉིད་དུ་མ་གཅིག་ཏུ་སྡུད། །དེ་དང་དེ་ལ་བརྟེན་པ་ཡིས། །ཆོས་ཀུན་མཉམ་པའི་བདག་ཉིད་དོ། །ཞེས་སོ། །ཐིག་ལེ་འདི་དག་རིགས་བསྡུ་ན་ནང་དབྱིངས་ལ་ངོ་བོ་སྐུའི་ཐིག་ལེ་དང་། རང་བཞིན་འོད་ཀྱི་ཐིག་ལེ་དང་། ཐུགས་རྗེ་ཟེར་གྱི་ཐིག་ལེ་སྟེ་འཇུག་པའི་ཐིག་ལེ་གསུམ་མོ། །དེ་བཞིན་དུ་སྐྱེ་བའི་ཐིག་ལེ་ལྔ་དང་། བཀོད་པའི་ཐིག་ལེ་དྲུག་ལ་སོགས་པ་ཡང་གཞུང་ནས་འབྱུང་འགྱུར་ལྟར་རོ། །ཐིག་ལེའི་གནས་ནི། སྙིང་ནང་གི་འོད་གདངས་ནང་གི་རྩ་དང་། ཕྱིའི་ནམ་མཁའ་ལ་སྣང་བ་རྣམས་ཞིབ་ཏུ་ཕྱེ་ན་ཙིཏྟ་ན་རྣམ་དག་སྐུ་ཡི་ཐིག་ལེ་གནས་པ་དང་། དྷཱུ་ཏི་ན་སྟོང་ཉིད་རྟགས་ཀྱི་ཐིག་ལེ་གནས་པ་སོགས་ཐིག་ལེ་གནས་པའི་ཚུལ་དང་སྣང་བའི་ཚུལ་རྣམས་འབྱུང་ངོ། །དེ་ཡན་གྱིས་སྤྱི་དོན་གཉིས་པའི་སྐབས་ཀྱི་ལུས་གྲུབ་ཚུལ་བྱེ་བྲག་ཏུ་བཤད་པའི་རྟེན་ལུས་ཀྱི་གྲུབ་ཚུལ་དང་། བརྟེན་པ་རྩ་ཐིག་རླུང་གསུམ་གྱི་རང་བཞིན་བཤད་ཟིན་ཏོ།།


previousཉིན་བཞི་བའི་ཆོས་ཁྲིད། next