Nitartha Digital Library
Tibetan
 
previousཉིན་ལྔ་བའི་ཆོས་ཁྲིད། next

ཉིན་ལྔ་བའི་ཆོས་ཁྲིད།

ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཕ་མ་མ་གྱུར་བ་མེད་པ་སྡུག་བསྔལ་རྣམ་པ་གསུམ་གྱིས་ཉམ་ཐག་པ་འདི་དག་ཐམས་ཅད། མཐར་ཐུག་གཏན་གྱི་བདེ་བ་སྡུག་བསྔལ་ཐམས་ཅད་དང་བྲལ་བ། རྫོགས་བྱང་ཡང་དག་པ་ཟུང་འཇུག་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད། ཁྱབ་བདག་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་དམ་པ་ལ་བདག་གཅིག་པུས་འགོད་པར་བགྱི། དེའི་ཆེད་དུ་དམ་པའི་ཆོས་ཟབ་མོ་གསང་སྔགས་རྡོ་རྗེ་ཐེག་པའི་ཉེ་ལམ་ལ་ཞུགས་ནས། ཉན་བསམ་སྒོམ་པ་མཐར་ཕྱིན་པ་ཞིག་བྱས་ནས། ཚེ་ལུས་འདིའི་ཐོག་ཏུ་གྲོལ་བ་ཐོབ་ནས་རང་གཞན་གཉིས་དོན་སྒྲུབ་པའི་ནུས་པ་ཡོད་པ་ཞིག་བྱའོ་སྙམ་པ་དང་། དེ་ཡང་ཁ་རྐྱང་པས་སྨོན་པ་ཙམ་མ་ཡིན་པར། དོན་དངོས་པོ་ལག་ལེན་གྱི་ཐོག་ནས། བྱང་ཆུབ་སྤྱོད་དཀའ་ཇི་ལྟར་ཡིན་ཡང་སྤྱད། སངས་རྒྱས་སྒྲུབ་དཀའ་གང་འདྲ་ཡིན་ཡང་བསྒྲུབས་ནས། འགྲོ་བ་མགོན་མེད་ཀྱི་མགོན་དང་། སྐྱབས་མེད་ཀྱི་སྐྱབས་བྱེད་པའི་ཆོད་སེམས་བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་དང་། ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་སྣོད་བཅུད་དག་དྲན་དོན་ལ་གནས་པའི་འདུན་པ་དང་བཅས་ཏེ། དམ་པའི་ཆོས་ཞུ་བའི་ཀུན་སྤྱོད། ཞི་དུལ་བག་ཡོད་དང་ཁྱད་པར་དུ་ཆོས་ཀྱི་ཚིག་དོན་ལ་ཡིད་གཞོལ་བའི་སྒོ་ནས་གསན་དགོས་པ་ནི་རྒྱུན་དུ་ལྷག་པར་དུ་ཞུ་མ་དགོས་ལ། སྤྱིར་ན་ཆོས་ཐོས་བསམ་ཅི་ཙམ་བྱས་ཀྱང་ཐམས་ཅད་གོ་མྱོང་ཐོས་མྱོང་དུ་སོང་ནས་དེ་འདྲ་གསུངས་ཡོད་པ་རེད། དེ་ལྟ་བུ་ཟེར་དར་བསམ་པའི་རྒྱང་སྙན་གཏམ་གྱི་བཤད་པ་ཙམ་ཞིག་ལས། ཆོས་རྒྱུད་ལ་སྦྱར་ནས་བྱ་སྤྱོད་ཆོས་དང་འདྲེས་པའི་ནད་ཐོག་ལ་སྨན་ཁེལ་སོང་བ་ལྟ་བུ་ནི་རང་གཞན་སུའི་ཐད་ནས་ཀྱང་དཀོན་པོར་སྣང་ཞིང་། དེའི་རྒྱུ་མཚན་ནི། རྡོ་བ་ལ་ཚོན་རྩི་བྱུགས་པ་ལྟར་ཕྱིའི་ཁ་དོག་གི་རྣམ་པ་འགྱུར་བྱེད་ཙམ་ལས་སྣམ་བུ་ཚོས་ལ་འཕངས་པ་ལྟ་བུའི་གཏིང་གི་གཤིས་རྒྱུད་འགྱུར་བ་མེད་པའི་མཚོན་རྟགས་སོ། །ད་ལྟ་རང་རེས་དངོས་གཞི་གསང་བ་ཆེན་པོའི་མན་ངག་ལ་འཆད་ཉན་བྱེད་བཞིན་ཡོད་ལ། དེའི་སྣོད་དུ་རུང་བར་བྱེད་པའི་ཆ་ལག་ཏུ། བློ་ཆོས་སུ་འགྲོ་ཞིང་། ཆོས་ལམ་དུ་འགྲོ་བར་བྱེད་དགོས་པ་ཡིན་ལ། ཆོས་ལམ་དུ་འགྲོ་བའི་མཐུན་རྐྱེན་གྱི་གཙོ་བོ་ནི་དགེ་བའི་བཤེས་གཉེན་བསྟེན་པ་ཡིན། བསྟེན་བྱ་དགེ་བའི་བཤེས་གཉེན་ནི། ཐབས་ལ་མཁས་ཤིང་ཐུགས་རྗེ་དང་ལྡན་པ། ཐུགས་རྒྱུད་ཞི་ཞིང་སྤྱོད་ལམ་དུལ་བ། སྡོམ་དང་དམ་ཚིག་རྣམ་པར་དག་པ། མང་དུ་ཐོས་ཤིང་སྦྱངས་པ་ཆེ་བ། བྱིན་རླབས་ཆེ་ཞིང་དང་བ་འདྲེན་པ། རང་འདོད་ཚེ་འདིའི་བྱ་བཞག་ཆོས་བརྒྱད་སྒྱུ་མའི་ཉོ་ཚོང་དང་མ་འབྲེལ་བ། འབྲེལ་ཚད་དོན་ལྡན་ཐར་ལམ་ལ་འགོད་པ་ཞིག་ངེས་པར་དུ་ཡིན་དགོས་སོ། །དེ་ལྟ་བུའི་བཤེས་གཉེན་དམ་པ་དེ་མཚན་ཐོབ་ཆེ་ཆུང་དང་། འཁོར་སློབ་མང་ཉུང་དང་། ཁ་བཤད་མཁས་ཞན་ལ་མི་ལྟོས་པར་སྒོ་གསུམ་གུས་པ་ཆེན་པོས་བསྙེན་དགོས་ཏེ། མཚན་གྱི་གྲགས་རྒྱ་མི་ཆེ་བའི་སྦས་པའི་རྣལ་འབྱོར་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་བའང་དུ་མ་བཞུགས་པ་ཡོད་ཅིང་། དམ་པ་མང་པོས་བཀུར་བའི་མཚན་སྙན་གྲགས་ཅན་གྱི་དམ་པའི་སྐྱེས་བུའང་ཡོད་པ་ཡིན་པས། དེ་དག་གང་ན་བཞུགས་ཀྱང་། འདི་དག་ནི་འཇིག་རྟེན་གྱི་སྒྲོན་མེ་རེད། སྐྱབས་སུ་མཆིའོ་སྙམ་ནས་ཡི་རངས་བྱེད་དགོས་པའི་ཕྱིར། དེ་ལས་གཞན་དུ་དུས་ངན་སྙིགས་མ་ལྔ་བདོ་བའི་བསྐལ་བའི་ཁུག་སོ་འདིར། སྙན་པས་སྙན་པ་སྒྲུབ། སྙན་པས་ཟོང་སྒྲུབ། ཟོང་གིས་སྙན་པ་སྤེལ། རྨོངས་ཁྱུའི་ཁ་འགྲིལ། མཁས་པ་ཟུར་དུ་འདོན་པའི་དུས་ཀྱི་ལུང་བསྟན་ཐོག་ལ་བབས་ཏེ། དངུལ་གྱིས་མིང་ཉོ། མིང་གིས་དངུལ་བསྒྲུབས་ནས། རྨོངས་པ་ཁྲི་ཁྲག་མང་པོ་དྲིལ་བསྒྲགས་བཟང་ངན་གྱི་འུར་འབོད་ཀྱི་ཕྱོགས་སུ་དྲངས་ནས། ཚོང་རྫས་རྫུན་མ་རྒྱ་ཁྲོམ་ནས་བཙོངས་པ་དང་འདྲ་བའི་དུས་ཚོད། ཨོ་རྒྱན་ཆེན་པོས། དུས་རྣམས་མི་འགྱུར་མི་རྣམས་འགྱུར་བ་ཡིན། །གསུངས་པ་ལྟར། དུས་འགྱུར་ཞེས་པ་དེ་ཡང་དུས་དབྱར་དགུན་སྟོན་དཔྱིད་གོ་བརྗེས་པ་དང་། ཉི་མ་ཤར་ནུབ་ལྷོ་བྱང་གི་ཕྱོགས་བརྗེ་མི་འགྲོ་ཡང་། དུས་འགྱུར་ཟེར་བ་ནི་མི་འགྱུར་བ་དང་། མི་འགྱུར་ཟེར་བ་ནི་མིའི་སྤྱོད་པ་འགྱུར་བ་ལ་ཟེར་ཞིང་། སྤྱོད་པ་ནི་བསམ་པའི་རྗེས་འགྲོ་ཡིན་པས། མི་རྣམས་ཀྱི་ནང་གི་བསམ་པ་དང་ཕྱིའི་ལུས་ངག་གི་བྱ་སྤྱོད་རྣམས་འགྱུར་བ་ལ་དུས་འགྱུར་ཟེར་བས། དུས་བཟང་ངན་བར་མ་གང་དུ་བསྒྱུར་བ་ནི་མིའི་བྱ་སྤྱོད་ལ་རག་ལས་པ་ཡིན། དེས་ན་ཕྱི་འབྱུང་བཞིའི་རང་བྱུང་གི་གནོད་འཚེ་ཡང་མི་རྣམས་ཀྱི་མི་དགེའི་བྱ་སྤྱོད་ཀྱི་དབང་འབྲས་ཡུལ་ལ་སྨིན་པ་ཡིན་ནོ། །དེས་ན་གང་བསྟེན་བྱ་དགེ་བའི་བཤེས་གཉེན་དེ་ཡང་དག་པ་ཡིན་མིན་ལེགས་པར་བརྟག་པར་བྱ་དགོས་སོ། །དེ་ཡང་སྤྱིར་ན་འཇིག་རྟེན་གྱི་ཁ་དཔེར། མི་རྒྱུས་མིས་ལོན་པ་ཚེ་ཕྱེད། །ཁྱི་རྒྱུས་རྐུན་མས་ལོན་པ་ནམ་ཕྱེད། །ཅེས་པ་ལྟར་མི་ཡི་རྒྱུས་ལོན་པ་དཀའ་ཞིང་། དེ་བས་ཀྱང་དམ་པའི་སྐྱེས་བུའི་ཐུགས་ཀྱི་གཏིང་སུས་དཔོག་ཏུ་ནུས། འོན་ཀྱང་མ་རབས་ཀྱི་ཐ་ཆད་ངོ་མ་དེ་ནི། ཕྲད་པ་ཙམ་གྱིས་རྭ་གསུར་གཞོབ་དུད་སྣ་ལ་བྲོ་བ་ལྟར། དང་པོ་ནས་ཀྱང་སུན་པ་སྟེར་ཞིང་དེ་ལ་མི་གཅར་སྙམ་པ་སྐྱེད་ངེས་ལ། དམ་པའི་སྐྱེས་བུ་རང་ལ་ལས་འབྲེལ་ཡོད་པ་དངོས་དེ་ཡང་། མཇལ་མ་དགོས་མཚན་ཙམ་ཐོས་པས་ཀྱང་། དད་པའི་སྤུ་ལོང་གཡོ། མིག་ནས་མཆི་མ་འཁྲུགས་པ་སོགས་ཐོག་བབས་སུ་ཡོང་བ། དཔེར་ན་རྗེ་བཙུན་མི་ལས་ལྷོ་བྲག་མར་པ་ལོ་ཙཱའི་མཚན་ཐོས་པ་ལྟ་བུ། ལས་འབྲེལ་ཅན་གྱི་བླ་སློབ་ཕྲད་ན་དེ་ལྟ་བུ་ཡིན་པ་དང་། བར་ཤར་བ་འབྲིང་རིམ་རྣམས་ཀྱི་ཚོད་ལོན་དཀའ་བ་ཡིན། ཡང་དགོས་མི་སྨྲ་འཛུམ་བག་ཅན་གྱི་གཤིས་དེ་རྟོགས་དཀའ་ཞིང་། དེ་དང་འདྲ་བར་གཡོན་ཅན་རྫུ་བག་ཅན་དེ་ཡང་དང་པོ་ཉིད་ནས་ཤེས་དཀའ་བ་ཡིན། འོན་ཀྱང་། ཤེལ་ལ་ནོར་བུས་ཁ་བསྒྱུར་ན། །ཆུ་དང་འཕྲད་ན་རང་མདོག་སྟོན། །ཞེས་དང་། རྟོག་ངན་དུག་རོ་ཁོང་དུ་ཡོད་ན། །འཆི་ཁ་ཚུན་ཆད་མི་མངོན་མི་སྲིད། །ཅེས་གསུངས་པ་ལྟ་བུ་སྟེ། དཔེར་ན་ཝ་སྐྱེས་རྫུན་མ་ཞིག་ཚོས་རྫ་ལས་བུད་ནས་གཅན་གཟན་རྒྱལ་པོ་སེངྒེས་ཀྱང་ཉིན་ཁ་ཤས་ལ་རྒྱབ་ཏུ་ཁུར་དགོས་བྱུང་ཡང་། ཉིན་ཞིག་ཝ་སྐད་ཅིག་ཤོར་དུས་སྨ་ཕབ་པ་ལྟ་བུའོ། །དེས་ན་དགེ་བའི་བཤེས་གཉེན་དམ་པ་རྣམས་ནི། དེ་དང་ཅི་ཙམ་འདྲིས་ཤིང་བསྟེན་པ་བཞིན་དུ་ཡོན་ཏན་མཐོང་དུ་ཡོད་ཅིང་། བྱིན་རླབས་བརྒྱུད་པའི་ཕ་ཕོག་གནང་རྒྱུ་ཡོད་པས་སློབ་མའི་རྒྱུད་ལེགས་པའི་ཕྱོགས་སུ་འགྱུར་ཞིང་དད་དམ་འགྱུར་བ་མེད་པ་ནི། དཔེར་ན། ཚོས་བཟང་པོ་གནའ་བོའི་ཤིང་ཚོས་ཀྱི་ནང་དུ། ཚོས་མཁན་མཁས་པས་བཙོས་པའི་སྣམ་ཕྲུག གདིང་ཚོས་སྣུམ་ཞིང་རྐྱེན་ཆུ་ལ་སོགས་པས་འདག་ཏུ་མེད་པར་ཅི་ཙམ་རྙིང་གིན་མདོག་ཇེ་ཡག་ཏུ་འགྲོ་བ་དང་འདྲ་ཞིང་། དེ་ལས་གཞན་དུ་དེང་སང་གི་ཚོས་སར་འགའ་རེ། བཙོ་བྱའི་རས་རྫུན་མ་ཡིན་པས་ཚོས་མི་འགོ་བའམ། འཚོད་བྱེད་ཀྱི་ཚོས་རྫུན་མས་རས་མི་ལེན་པ་སྟེ་གང་གིས་ལན་མི་ཤེས་པར། ཆུ་དང་ཉི་མ་གང་དང་འཕྲད་ཀྱང་མདོག་ཤོར་བ། གང་དུ་འཕྲད་ཀྱང་འགོས་ནས་རྫོབ་པར་བྱེད་པ་དག་དང་ཆ་མཚུངས་པའི་བླ་སློབ་ཀྱང་ཡོད་དོ། །དེས་ན་དགེ་བའི་བཤེས་གཉེན་གྱི་རྣམ་དབྱེ་ལེགས་པར་ཕྱེད་ནས་མཚན་ཉིད་དང་ལྡན་པའི་དགེ་བའི་བཤེས་གཉེན་ལ་བསྟེན་པ་ནི་ཆོས་ལམ་དུ་འགྲོ་བའི་བྱ་བ་དང་པོ་ཡིན་པས། སྙིགས་མའི་དུས་འདིར་སངས་རྒྱས་བླ་མའི་རྣམ་པར་བྱོན་པ་ཡིན་པས་སངས་རྒྱས་དངོས་སུ་མཇལ་བ་ལྟར་རབ་ཏུ་དང་བའི་ཡིད་ཀྱིས་གུས་པ་ཆེན་པོས་བསྟེན་ན་ཕན་ཡོན་ཚད་མེད་པ་དང་ལྡན་པའི་གཙོ་བོའི་ཆ་ནས་གླེང་ན། སྲིད་པ་འཇིག་རྟེན་གྱི་ཁམས་འདིར་སྐྱོ་ཤས་དང་ངེས་འབྱུང་སྐྱེས་ནས་ཚེ་འདི་བློས་ཐོང་། འཇིགས་པ་དང་རྒུད་པ་བརྒྱ་ཕྲག་གི་འབྱུང་ཁུངས་འཁྲུལ་སྣང་གི་བདག་འཛིན་རང་བཞིན་ཤུགས་ཀྱིས་ཐུལ་ནས་ཐོས་བསམ་སྒོམ་པའི་ཡོན་ཏན་འཕེལ། དད་པ་ལ་སོགས་པ་འཕགས་ནོར་ཐམས་ཅད་རང་བཞིན་གྱིས་འདུ་ཞིང་། སྦྱངས་པའི་ཡོན་ཏན་དང་ལྡན་པ་དང་། དེའི་དུས་སུ་ཚེ་འདིའི་འཚོ་ཁམས་ཅི་ཙམ་རིང་བ་དེ་ཙམ་དུ་དལ་འབྱོར་དོན་ལྡན་དུ་འགྱུར་ཞིང་། ཕྱི་མ་ཐར་ལམ་གྱི་འབྲས་བུ་དང་ལྡན་པའི་གོ་འཕང་མཆོག་ལ་བདེ་བླག་ཏུ་ཕྱིན་པའོ། །གལ་ཏེ་སོ་སྐྱེ་ཡིན་པའི་དབང་གིས་བླ་མ་དམ་པ་བརྟགས་ནས་བསྟེན་ཏེ་མ་དད་ལོག་པའི་བློ་རེ་རྐྱེན་དབང་གིས་སྐྱེས་ནའང་དེ་མ་ཐག་ཏུ་བཤགས་སྡོམ་བྱེད་དགོས་མ་གཏོགས་ངན་སེམས་ལོག་པར་སྐྱེས་པའི་སྐད་ཅིག་གི་གྲངས་བཞིན་ངན་འགྲོར་འཇུག་དགོས་པར་གསུངས་སོ། །དེ་བས་ན་དམ་ཚིག་རྣམ་པར་དག་པ་མིག་གི་འབྲས་བུ་བཞིན་བསྲུངས་ནས་དགེ་བའི་བཤེས་གཉེན་བསྟེན་ཏེ། ཐོས་བསམ་སྒོམ་པས་རང་རྒྱུད་སྦྱངས་ནས་ཐར་བ་དོན་གཉེར་བྱེད་པ་ནི་ཆོས་ལམ་དུ་འགྲོ་བྱེད་མ་ནོར་བ་ཡིན། ཁྱད་པར་དུ་ཆོས་སྒྲུབ་པ་ཐེག་པ་ཆེན་པོའི་ལམ་དུ་འགྲོ་བྱེད་ཀྱི་ཐབས་གང་ཡིན་ཞེ་ན། དགེ་བ་ཆེ་ཆུང་གང་བསྒྲུབས་ཀྱང་གཞན་དོན་ལ་དམིགས་པའི་སྙིང་རྗེའི་སྒོ་ནས་སེམས་བསྐྱེད་དེ། ངས་གཞན་དོན་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཟིན་པ་ཡིན་པས་བདག་གི་དགེ་བ་གང་བྱས་ཐམས་ཅད་འགྲོ་བ་སེམས་ཅན་གྱི་དོན་དུ་ཡིན། བདག་གི་དགེ་བས་འགྲོ་བ་བདེ་བར་ཤོག་ཅིག འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དང་མི་འདོད་པ་ཐམས་ཅད་བདག་ལ་སྨིན་པར་ཤོག་ཅིག ལུས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ཤོག་སྙམ་པའི་ཚད་མེད་པའི་སྙིང་རྗེས་ཀུན་ནས་བསླངས་པའི་སེམས་བསྐྱེད་ཡང་ནས་ཡང་དུ་སྦྱོང་བ་དང་། མོས་པ་རྣམ་པར་དག་པའི་ཡིད་ཀྱིས་དགེ་བ་སེམས་ཅན་ཐམས་ཅད་རྫོགས་བྱང་ཐོབ་པའི་ཆེད་དུ་བསྔོ་བ་སོགས། དགེ་བ་གང་སྒྲུབ་ཐམས་ཅད་ལ་སྦྱོར་བ་སེམས་བསྐྱེད་དངོས་གཞི་དམིགས་མེད་རྗེས་བསྔོ་བས་ཡོངས་སུ་ཟིན་པ་ཞིག་ཁ་དོན་མཚུངས་པའི་སྒོ་ནས་འགྱུར་བའི་ཐབས་ལ་འབད་པ་དང་། འགྲོ་བའི་དོན་དུ་ཐུན་དང་ཐུན་མཚམས་སུ་སྨོན་ལམ་རྣམ་པར་དག་པ་རེ་བཏབ་ཅིང་། སྤྱོད་ཡུལ་ཐམས་ཅད་ཡོངས་སུ་དག་པའི་ཐབས་ཁྱད་པར་ཅན་དང་མ་བྲལ་ན། སྤྱོད་ལམ་ཐམས་ཅད་ཆོས་སུ་འགྲོ་བ་ཡིན་ནོ། །གང་ལྟར་ཡང་ཀུན་མཁྱེན་ཆེན་པོས། ཐ་མལ་ཕྱོགས་སུ་སྐད་ཅིག་མི་ཡེངས་པར། །སྒོ་གསུམ་དགེ་བར་གཞན་དོན་སྙིང་པོར་བྱ། །རང་རྒྱུད་བཏུལ་ནས་ལྷག་པའི་སེམས་བསྐྱེད་ལྡན། །ཆོས་གང་ལམ་དུ་འགྲོ་ཞེས་བྱ་བ་ལགས། །གསུངས་པ་ལྟར། དུས་དང་རྣམ་པ་ཐམས་ཅད་དུ་དགེ་སེམས་དང་མི་འབྲལ་བར་འགྲོ་ཀུན་རྫོགས་བྱང་ཐོབ་པའི་ཆེད་དུ་བག་ཡོད་དྲན་ཤེས་དང་ལྡན་པས་ཐར་བ་ལྷུར་ལེན་པ་ནི་ཆོས་ལམ་དུ་འགྲོ་བའི་གནད་ཀྱི་མན་ངག་ཡིན་པའི་ཐུགས་གསོས་ཞུས་ནས། སྐབས་འདིར་གང་ཞིག་གསན་པར་བྱ་བ། ཀུན་མཁྱེན་རྒྱལ་བ་ཀློང་ཆེན་པའི་བཀའི་གསང་མཛོད་ཆེན་མོ། ཀུན་བཟང་ཆོས་སྐུའི་དགོངས་པ། དགའ་རབ་རྡོ་རྗེའི་ཐུགས་བཅུད། མ་མཁའ་འགྲོ་འབུམ་གྱི་སྙིང་མཛོད། ཌཱཀྐིའི་འཕྲུལ་གྱི་གསང་གཏམ་ཆེན་མོ། གསང་བ་མི་ཤིགས་པའི་ཐིག་ལེ། འོད་གསལ་གསང་བའི་མཛོད་ཆེན་མོ། བརྡ་ཚིག་ཡི་གེའི་འདུ་འགོད་དུ། ཀློང་ཆེན་པའི་རང་བྱུང་དགོངས་པའི་ཀློང་མཛོད་ལས་རྒྱ་གྲོལ་བའི་ཆོས་སྐུའི་རིང་བསྲེལ་གྱི་ཕུང་པོ། ཕྱི་རབས་འགྲོ་བའི་དོན་དུ་སྣང་བའི་ཀུན་བཟང་ཆོས་སྐུའི་རང་ཞལ་གྱི་འདྲ་འབག་ལ། བྱིན་རླབས་ཀྱི་དྲོད་རླངས་མ་ཡལ་བར། སྐལ་ལྡན་འགྲོ་བའི་བསོད་ནམས་ཀྱི་མཆོད་སྡོང་ཆེན་པོར་བཞུགས་པའི་ཀློང་ཆེན་མཛོད་བདུན། ཀུན་མཁྱེན་འཇིགས་གླིང་གིས། ཤེས་བྱ་རིག་པའི་གཞུང་ལུགས་སྤྱི་དང་ངལ་གསོ་སྐོར་གསུམ་མཛོད་ཆེན་བདུན་གྱི་བསྟན་བཅོས་བང་རིམ་བུམ་ཆོས་བཀྲ། །རྨད་བྱུང་སྤངས་རྟོགས་བ་གམ་རབ་བརྗིད་མཁྱེན་པའི་ཟིལ་གྱིས་རྒྱན་དྲུག་མཆོག་གཉིས་ས་ཆེན་འདར་ནུས་ཀློང་ཆེན་པ། །ཞེས་བསྟོད་པ་མཛད་པ་ལྟར། ཟབ་དང་རྒྱ་ཆེའི་ཆོས་ཚུལ་ཐམས་ཅད། མཁྱེན་པའི་ཡེ་ཤེས་ཀྱིས་མི་གསལ་མི་གཟིགས་པ་མེད་པ་མཁྱེན་པའི་ཐུགས་ཀློང་ནས་རྡོལ་བའི་བསྟན་བཅོས་ཆེན་པོ། ས་སྟེང་མཛེས་པའི་རྒྱན་ཆ་འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས་ཀྱི་ཟླ་བོའམ་རང་མིན་གཉིས་པ། གསང་རྒྱུད་དགོངས་པ་ལོན་འདི་དགའ་རབ་རྗེ། །མ་ཡིན་གངས་ཆེན་མཚོ་ཡི་ཐུགས་བསྐྱེད་མཐུ། །ཞེས་གསུངས་པ་ལྟར། ཐུགས་བསྐྱེད་དང་མཛད་པ་རྨད་དུ་བྱུང་བའི་དགའ་སྟོན་ཆེན་པོ་ལ་ལོངས་སུ་སྤྱད་ནས། མཛོད་བདུན་གྱི་འཆད་ཁྲིད་དབུ་བཙུགས་པ་ལས། སྐབས་སུ་བབས་པ་གསང་བ་བླ་ན་མེད་པ་འོད་གསལ་རྡོ་རྗེ་སྙིང་པོའི་གནས་གསུམ་གསལ་བར་བྱེད་པའི་ཚིག་དོན་རིན་པོ་ཆེའི་མཛོད་འདི་ཉིད་འཆད་པའི་སྐབས་ལས། མན་ངག་གི་བསྟན་བཅོས་ལུས་ཀྱི་གཞུང་དངོས། གཞི་དང་འཁྲུལ་ཚུལ་ཁྱབ་ཚུལ་དང༌། །གནས་དང་ལམ་དང་སྒོ་དང་ཡུལ། །ཉམས་ལེན་ཚད་དང་བར་མ་དོ། །གྲོལ་ས་ཉིད་དང་བཅུ་གཅིག་གོ །ཞེས་རྡོ་རྗེའི་གནས་བཅུ་གཅིག་གིས་བསྟན་པ་ལས་རྡོ་རྗེའི་གནས་དང་པོ་གཞིའི་གནས་ལུགས་བཤད་པ་དང་། ཀུན་ཏུ་བཟང་པོ་གྲོལ་ཚུལ་སོགས་ཆ་ལག་དང་བཅས་པ་སོང་ནས་རྡོ་རྗེའི་གནས་གཉིས་པ་ཁམས་གསུམ་སེམས་ཅན་ཐམས་ཅད་འཁྲུལ་ཚུལ་བཤད་པའི་སྐབས་ཀྱི་འཁྲུལ་ཚུལ་སྤྱིར་བསྟན་པ་དང་། ལུས་གྲུབ་ཚུལ་གྱི་རྣམ་གྲངས་བྱེ་བྲག་ཏུ་རྒྱ་ཆེར་བཤད་པ་གཉིས་ལས་དང་པོ་སོང་ནས། གཉིས་པའི་སྐབས་ཀྱི་འཁྲུལ་བ་ངོ་བོའི་ཆ་དང་། རྣམ་པ་རྐྱེན་གྱི་ཆ་གཉིས་ལས་དང་པོ་སོང་ནས་གཉིས་པའི་སྐབས་ནས་ཀྱང་། རྟེན་ལུས་གྲུབ་ཚུལ་དང་། བརྟེན་པ་རྩ་ཐིག་རླུང་གསུམ་གྱི་རང་བཞིན་བཤད་པ་སོང་ནས།

༼ག ཁྱབ་བྱེད་འབྱུང་བའི་ཚང་ཚུལ་བཤད་པ།

དེ་རིང་དོན་གསུམ་པ་ཁྱབ་བྱེད་འབྱུང་བའི་ཚང་ཚུལ་ལ། གོང་ནས་བཤད་པའི་ལུས་དེ་ལ་ཁྱབ་བྱེད་ཀྱི་འབྱུང་བ་ཇི་ལྟར་ཚང་བ་ནི། འབྱུང་བ་རླུང་། མེ། ས། ཆུ། ནམ་མཁའ་ལྔ་ལས། དང་པོ་རླུང་བཤད་པ་ནི། སྲོག་འཛིན་པའི་རླུང་ལ་སོགས་པ་རླུང་ལྔ་ལས་རེ་རེ་ལ་ལྔ་རེ་ཕྱེ་བ་ཉི་ཤུ་རྩ་ལྔས་ཡེ་ཤེས་ཀྱི་གདངས་བྱེད་པར་ཁྱབ་ཅིང་ལུས་ལ་ཚང༌། ཕྱི་ནང་ཀུན་ཁྱབ་བྱེད་ཀྱི་མེ་ལ་སོགས་པ་མེ་ལྔས་ཡེ་ཤེས་ཀྱི་རྩལ་བྱེད་པར་ལུས་ལ་ཚང༌། ཀུན་ཏུ་སྣང་བའི་ས་སོགས་ས་ལྔས་ཡེ་ཤེས་ཀྱི་ངོ་བོ་བསྟན་༼བརྟན་ཡིན་ནམ་སྙམ་༽པར་ལུས་ལ་ཚང༌། འགྱུར་བ་མེད་པའི་ཆུ་ལ་སོགས་པ་ཆུ་ལྔས་ཡེ་ཤེས་ཀྱི་ཡུལ་བྱེད་པར་ཚང༌། སྤྱི་ལ་ཁྱབ་པའི་ནམ་མཁའ་ལ་སོགས་པ་ནམ་མཁའ་ལྔས་ཡེ་ཤེས་ཀྱི་གནས་བྱེད་པར་ཚང་བའོ། །དེས་ཁྱབ་བྱེད་འབྱུང་བའི་བྱེད་ལས་མདོར་བསྟན་ནས། འབྱུང་བ་དེ་ལུས་ལ་ཁྱབ་ཅིང་ཇི་ལྟར་གནས་པའི་ཚུལ་རྒྱས་པར་བཤད་པ་ནི། དེ་ལ་དང་པོ་ས་ལྔའི་གནས་ཚུལ་ནི། ས་ལྔ་སྔོན་དུ་བཤད་པའི་རྒྱུ་མཚན་ནི་ཡེ་ཤེས་ཀྱི་ངོ་བོའི་སྟེང་ནས་གཞི་བྱེད་པས་ཡིན་ནམ་སྙམ། ཀུན་ཏུ་སྣང་བའི་ས། མི་འགྱུར་བ་རྡོ་རྗེའི་ས། ཐམས་ཅད་འབྱུང་བ་རིན་པོ་ཆེའི་ས། སྣང་བ་སྟོན་པ་ཀུན་ཏུ་མཐའ་ཡས་པའི་ས། སྒྲུབ་པ་མཐར་ཕྱིན་པའི་ས་དང་ལྔ་ཡོད་པ་ལས། ཀུན་ཏུ་སྣང་བའི་ས་རིག་པ་དང་ལྷན་ཅིག་ཏུ་གནས། མི་འགྱུར་བ་རྡོ་རྗེའི་ས་སྒྲོན་མ་དང་ལྷན་ཅིག་ཏུ་གནས། ཐམས་ཅད་འབྱུང་བ་རིན་པོ་ཆེའི་ས་ཐིག་ལེ་དང་ལྷན་ཅིག་ཏུ་གནས། སྣང་བ་སྟོན་པ་ཀུན་ཏུ་མཐའ་ཡས་པའི་ས་དབྱིངས་ཡེ་ཤེས་གཉིས་དང་ལྷན་ཅིག་ཏུ་གནས། སྒྲུབ་པ་མཐར་ཕྱིན་པའི་ས་ཤེས་རབ་དང་ལྷན་ཅིག་ཏུ་གནས་སོ། །འགྱུར་བ་མེད་པའི་ཆུ། ཞི་བ་གསལ་དག་གི་ཆུ། ཡོན་ཏན་རྒྱས་པའི་ཆུ། ཆགས་པ་མེད་པའི་ཆུ། འཛིན་མེད་རྫོགས་པའི་ཆུ་དང་ལྔ་ལས། འགྱུར་བ་མེད་པའི་ཆུ་རྩ་ཐམས་ཅད་ལ་གནས། ཞི་བ་གསལ་དག་གི་ཆུ་རུས་པ་ཐམས་ཅད་ལ་གནས། ཡོན་ཏན་རྒྱས་པའི་ཆུ་ཁྲག་ཐམས་ཅད་ལ་གནས། ཆགས་པ་མེད་པའི་ཆུ་ཆུ་སེར་ཐམས་ཅད་ལ་གནས། འཛིན་མེད་རྫོགས་པའི་ཆུ་མིག་གི་ནང་ན་གནས་སོ། །ཕྱི་ནང་ཀུན་ཏུ་ཁྱབ་བྱེད་ཀྱི་མེ། ཕྱི་ནང་ཀུན་གསལ་གྱི་མེ། ཕྱི་ནང་ཀུན་ཏུ་མཉམ་པའི་མེ། ཕྱི་ནང་གི་བྱ་བ་རྟོག་པའི་མེ། ཕྱི་ནང་གི་བྱ་བ་སྒྲུབ་པའི་མེ་དང་ལྔ་ལས། ཕྱི་ནང་ཀུན་ཏུ་ཁྱབ་བྱེད་ཀྱི་མེ་གློ་བ་ན་གནས། ཕྱི་ནང་ཀུན་གསལ་གྱི་མེ་མིག་གཉིས་དང་ཡན་ལག་ལ་གནས། ཕྱི་ནང་ཀུན་ཏུ་མཉམ་པའི་མེ་ཤ་ལྤགས་བར་ན་གནས། ཕྱི་ནང་གི་བྱ་བ་རྟོག་པའི་མེ་རྐང་མཐིལ་གཉིས་ན་གནས། ཕྱི་ནང་གི་བྱ་བ་སྒྲུབ་པའི་མེ་ལག་མཐིལ་གཉིས་ན་གནས་སོ། །སྲོག་འཛིན་པའི་རླུང་། བཀྲག་དང་གཟི་མདངས་བསྐྱེད་པའི་རླུང་། མེ་དང་མཉམ་དུ་གནས་པའི་རླུང་། ཀུན་ཏུ་ཁྱབ་བྱེད་ཀྱི་རླུང་། སྙིང་རྗེ་མེད་པ་བསྐལ་བ་ལས་ཀྱི་རླུང་དང་ལྔ་ལས། སྲོག་འཛིན་པའི་རླུང་སྲོག་རྩ་ན་གནས། བཀྲག་དང་གཟི་མདངས་བསྐྱེད་པའི་རླུང་སྨིན་ཕྲག་ན་གནས། མེ་དང་མཉམ་དུ་གནས་པའི་རླུང་ཕོ་བ་ན་གནས། ཀུན་ཏུ་ཁྱབ་བྱེད་ཀྱི་རླུང་ལུས་ཀུན་ལ་ཁྱབ་པར་གནས། སྙིང་རྗེ་མེད་པ་བསྐལ་བ་ལས་ཀྱི་རླུང་སྙིང་དང་སྙིང་ཤུན་གྱི་བར་ན་གནས་སོ། །ཀུན་ལ་ཁྱབ་པའི་ནམ་མཁའ། ཡུལ་མེད་གསལ་དྭངས་ཀྱི་ནམ་མཁའ། མ་འདྲེས་དག་པའི་ནམ་མཁའ། དོན་མཚོན་བྱེད་ཀྱི་ནམ་མཁའ། དག་པའི་ཞིང་དུ་སྒྲོལ་བྱེད་ཀྱི་ནམ་མཁའ་དང་ལྔ་ལས། ཀུན་ལ་ཁྱབ་པའི་ནམ་མཁའ་རིག་པ་དངོས་དང་དབྱེར་མེད་དུ་གནས། ཡུལ་མེད་གསལ་དྭངས་ཀྱི་ནམ་མཁའ་འོད་ལྔ་དང་དབྱེར་མེད་དུ་གནས། མ་འདྲེས་དག་པའི་ནམ་མཁའ་དབྱིངས་རྣམ་པར་དག་པ་དང་དབྱེར་མེད་དུ་གནས། དོན་མཚོན་བྱེད་ཀྱི་ནམ་མཁའ་རྟགས་ཀྱི་ཡེ་ཤེས་ཐིག་ལེ་སྟོང་པ་དང་དབྱེར་མེད་དུ་གནས། དག་པའི་ཞིང་དུ་སྒྲོལ་བྱེད་ཀྱི་ནམ་མཁའ་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ཐམས་ཅད་དང་དབྱེར་མེད་དུ་གནས་སོ། །རླུང་ལྔ་ལ་ལྔ་ཚན་དུ་ཉི་ཤུ་རྩ་ལྔ་རུ་ཕྱེ་ན། སྲོག་འཛིན་པའི་རླུང་ལ། རྩ་བ་འཛིན་པའི་སྲོག་རླུང་གིས་རིག་པའི་མདངས་བསྐྱེད། སྐྱོད་བྱེད་ཀྱི་སྲོག་རླུང་གིས་ཐིག་ལེའི་མདངས་བསྐྱེད། རྣམ་པར་ཕྲ་བའི་སྲོག་རླུང་གིས་འོད་ཀྱི་མདངས་བསྐྱེད། མི་གཙང་བའི་སྲོག་རླུང་གིས་སེམས་དང་མ་རིག་པའི་མདངས་བསྐྱེད། རྣམ་པར་འདར་བྱེད་ཀྱི་སྲོག་རླུང་གིས་ཡིད་ཀྱི་མདངས་བསྐྱེད་དོ། །སྐབས་སྐབས་སུ་གདངས་གསུངས་པ་ཡོད་ལ་གོ་དོན་འདྲ་མོ་ཡིན་པ་ལ་སྤྱི་ཁྱབ་ཀྱི་གོ་ལུགས་དང་ཞིབ་ཕྲ་བྱས་ན། མདངས་ནང་དང་གདངས་ཕྱི་རུ་ཨེ་ཡིན་སྙམ། སྤྱི་ཕྱོགས་ཀྱི་གོ་བའི་ལུགས་ལ་མདངས་དང་གདངས་ཁྱད་མེད་པའི་སྐབས་ཀྱང་ཡོད་དོ། །དེ་དག་ནི་སྲོག་འཛིན་གྱི་རླུང་ལ་ཕྱེས་པ་ལྔའོ། །མེ་མཉམ་གྱི་རླུང་སྟེ་མེ་དང་ལྷན་ཅིག་གནས་པའི་རླུང་ལའང༌ནང་གསེས་ཀྱི་ལྔ་ལས། དྭངས་སྙིགས་འབྱེད་པའི་རླུང་སྲོག་དང་གཉིས་སུ་མེད། དྲོད་སྐྱེད་པའི་རླུང་རིག་པ་དང་གཉིས་སུ་མེད། གསལ་འགྱུར་གྱི་རླུང་སྒྲོན་མ་དང་གཉིས་སུ་མེད། རྣམ་པར་སྡུད་པའི་རླུང་ཐིག་ལེ་དང་གཉིས་སུ་མེད། རྣམ་པར་གཟེངས་བསྟོད་པའི་རླུང་ཤེས་རབ་དང་གཉིས་སུ་མེད་དོ། །བཀྲག་དང་གཟི་མདངས་བསྐྱེད་པའི་རླུང་ལའང༌ལྔ་ལས། རྣམ་པར་ཤེས་པ་སྐྱེད་པའི་རླུང་གིས་ཤེས་རབ་ཀྱི་ཡུལ་བྱེད། རྣམ་པར་ཡིད་འབྱུང་བའི་རླུང་གིས་སྣང་བའི་ཡུལ་བྱེད། རྣམ་པར་མདངས་དང་ལྡན་པའི་རླུང་གིས་སྒྲོན་མའི་ཡུལ་བྱེད། རྣམ་པར་སྲེག་པའི་རླུང་གིས་མ་རིག་པའི་ཡུལ་བྱེད། རྣམ་པར་རྒོད་པའི་རླུང་གིས་ཡིད་ཀྱི་ཡུལ་བྱེད་དོ། །རྣམ་པར་ཁྱབ་བྱེད་ཀྱི་རླུང་ལའང༌ལྔ་ལས། གཞི་ལ་ཁྱབ་བྱེད་ཀྱི་རླུང་ཡེ་ཤེས་ལ་སྣང༌། འཕྲལ་དུ་ཁྱབ་བྱེད་ཀྱི་རླུང་སྒྲོན་མ་ལ་སྣང༌། དངངས་ཤིང་སྐྲག་པ་ཁྱབ་བྱེད་ཀྱི་རླུང་ཤེས་པ་ལ་སྣང༌། དྲན་པ་ཁྱབ་བྱེད་ཀྱི་རླུང་བསམ་པ་ལ་སྣང༌། འཛིན་པས་ཡུལ་ཀུན་ཁྱབ་པའི་རླུང་སེམས་ལ་སྣང་ངོ༌། །སྙིང་རྗེ་མེད་པ་བསྐལ་བ་ལས་ཀྱི་རླུང་ལའང༌ལྔ་ལས། རྣམ་པར་སྐྱོད་བྱེད་ཀྱི་རླུང་ཕུང་པོ་ལ་ཁྱབ། རྣམ་པར་སྒྲོལ་བྱེད་ཀྱི་རླུང་སྐད་ཅིག་མ་ལ་ཁྱབ། རྣམ་པར་ཟློག་བྱེད་ཀྱི་རླུང་བར་མ་དོ་ལ་ཁྱབ། རྣམ་པར་མྱུར་བྱེད་ཀྱི་རླུང་རྟོག་པ་ལ་ཁྱབ། སྐད་ཅིག་མའི་རླུང་བྱ་རྫོགས་ཀྱི་སྐད་ཅིག་མ་གསུམ་ལ་ཁྱབ་སྟེ། དེ་དག་ཀྱང་རང་ཤར་ལས། འབྱུང་བ་ཆེན་པོ་ལྔ་ནི་རང་གི་ལུས་ལ་ཚང་ངོ༌། །དེ་ཡང་རླུང་རྣམ་པ་ལྔས་ཡེ་ཤེས་ཀྱི་གདངས་བྱེད་དོ། །མེ་རྣམ་པ་ལྔས་ཡེ་ཤེས་ཀྱི་རྩལ་བྱེད་དོ། །ས་རྣམ་པ་ལྔས་ཡེ་ཤེས་ཀྱི་ངོ་བོ་བྱེད་དོ། ཆུ་རྣམ་པ་ལྔས་ཡེ་ཤེས་ཀྱི་ཡུལ་བྱེད་དོ། །ནམ་མཁའ་རྣམ་པ་ལྔས་ཡེ་ཤེས་ཀྱི་གནས་བྱེད་དོ། །རླུང་རྣམ་པ་ལྔ་གང་ཞེ་ན། སྲོག་འཛིན་གྱི་རླུང་དང༌། བཀྲག་དང་གཟི་མདངས་བསྐྱེད་པའི་རླུང་དང༌། མེ་དང་མཉམ་དུ་གནས་པའི་རླུང་དང༌། ཀུན་ཏུ་ཁྱབ་བྱེད་ཀྱི་རླུང་དང༌། སྙིང་རྗེ་མེད་པ་བསྐལ་བ་ལས་ཀྱི་རླུང་དང་ལྔའོ། །རླུང་དེ་རྣམས་སེམས་ཅན་ཀུན་གྱི་ལུས་མགོ་མཇུག་ལ་གནས་པའོ། །མེ་ལ་ལྔ་སྟེ། ཕྱི་ནང་ཀུན་ཏུ་ཁྱབ་བྱེད་ཀྱི་མེ་དང༌། ཕྱི་ནང་ཀུན་གསལ་གྱི་མེ་དང༌། ཕྱི་ནང་ཀུན་ཏུ་མཉམ་པའི་མེ་དང༌། ཕྱི་ནང་གི་བྱ་བ་རྟོགས་པའི་མེ་དང༌། ཕྱི་ནང་གི་བྱ་བ་སྒྲུབ་པའི་མེ་དང་ལྔའོ། །ས་ལའང་ལྔ་སྟེ། ཀུན་ཏུ་སྣང་བའི་ས་དང༌། མི་འགྱུར་བ་རྡོ་རྗེའི་ས་དང༌། ཐམས་ཅད་འབྱུང་བ་རིན་པོ་ཆེའི་ས་དང༌། སྣང་བ་སྟོན་པ་ཀུན་ཏུ་མཐའ་ཡས་པའི་ས་དང༌། སྒྲུབ་པ་མཐར་ཕྱིན་པའི་ས་དང་ལྔའོ། །ཆུ་རྣམ་པ་ལྔ་ནི། འགྱུར་བ་མེད་པའི་ཆུ་དང༌། ཞི་བ་གསལ་དག་གི་ཆུ་དང༌། །ཡོན་ཏན་འབྱུང་བ་རྒྱས་པའི་ཆུ་དང༌། ཆགས་པ་མེད་པའི་ཆུ་དང༌། འཛིན་མེད་རྫོགས་པའི་ཆུ་དང་ལྔའོ། །ནམ་མཁའ་ལྔ་ནི། སྤྱི་ཀུན་ལ་ཁྱབ་པའི་ནམ་མཁའ་དང༌། ཡུལ་མེད་གསལ་དྭངས་ཀྱི་ནམ་མཁའ་དང༌། མ་འདྲེས་དག་པའི་ནམ་མཁའ་དང༌། དོན་མཚོན་བྱེད་ཀྱི་ནམ་མཁའ་དང༌། དག་པའི་ཞིང་དུ་སྒྲོལ་བྱེད་ཀྱི་ནམ་མཁའ་དང་ལྔའོ། །དེ་ལྟར་འབྱུང་བ་ལྔ་ཉིད་རང་ལ་རང་བཞིན་གྱིས་གནས་སོ། །དེ་ཡང་བཤད་ལུགས་འདི་ལྟར་ཡིན་ནོ། །སྲོག་འཛིན་པའི་རླུང་ལ་ཡང་ལྔ་སྟེ། རྩ་བ་འཛིན་པའི་སྲོག་དང༌། སྐྱོད་བྱེད་ཀྱི་སྲོག་དང༌། རྣམ་པར་ཕྲ་བའི་སྲོག་དང༌། མི་གཙང་བའི་སྲོག་དང༌། རྣམ་པར་འདར་བྱེད་ཀྱི་སྲོག་དང་ལྔའོ། །མེ་དང་ལྷན་ཅིག་ཏུ་གནས་པའི་རླུང་ལའང་ལྔ་སྟེ། །དྭངས་སྙིགས་འབྱེད་པའི་རླུང་དང༌། དྲོད་བསྐྱེད་པའི་རླུང་དང༌། གསལ་འགྱུར་གྱི་རླུང་དང༌། རྣམ་པར་སྡུད་པའི་རླུང་དང༌། རྣམ་པར་གཟེངས་བསྟོད་པའི་རླུང་དང་ལྔའོ། །བཀྲག་དང་གཟི་མདངས་བསྐྱེད་པའི་རླུང་ལའང་ལྔ་སྟེ། རྣམ་པར་ཤེས་པ་བསྐྱེད་པའི་རླུང་དང༌། རྣམ་པར་ཡིད་འབྱུང་བའི་རླུང་དང༌། རྣམ་པར་མདངས་དང་ལྡན་པའི་རླུང་དང༌། རྣམ་པར་སླེག་པའི་རླུང་དང༌། རྣམ་པར་རྒོད་པའི་རླུང་དང་ལྔའོ། །རྣམ་པར་ཁྱབ་བྱེད་ཀྱི་རླུང་ལའང་ལྔ་སྟེ། གཞི་ལ་ཁྱབ་བྱེད་ཀྱི་རླུང་དང༌། འཕྲལ་ལ་ཁྱབ་བྱེད་ཀྱི་རླུང་དང༌། དངངས་ཤིང་སྐྲག་པ་ཁྱབ་བྱེད་ཀྱི་རླུང་དང༌། དྲན་པ་ཁྱབ་བྱེད་ཀྱི་རླུང་དང༌། འཛིན་པས་ཡུལ་ཀུན་ཁྱབ་པའི་རླུང་དང་ལྔའོ། །སྙིང་རྗེ་མེད་པ་བསྐལ་བ་ལས་ཀྱི་རླུང་ལའང་ལྔ་སྟེ། རྣམ་པར་སྐྱོད་བྱེད་ཀྱི་རླུང་དང༌། རྣམ་པར་སྒྲོལ་བྱེད་ཀྱི་རླུང་དང༌། རྣམ་པར་ཟློག་བྱེད་ཀྱི་རླུང་དང༌། རྣམ་པར་མྱུར་བྱེད་ཀྱི་རླུང་དང༌། སྐད་ཅིག་མའི་རླུང་དང་ལྔའོ་ཞེས་སོ། །སྤྱིར་ན་འབྱུང་བ་འདི་ལ་ཕྱིའི་འབྱུང་བ་དང་། ནང་གི་འབྱུང་བ་རྣམ་པ་གཉིས་ཀྱི་དབྱེ་བ་ཡོད། ཕྱི་འབྱུང་ས་ཆུ་ལ་སོགས་པ་འདི་དག་ནང་འབྱུང་གི་རྟེན་ཡིན་པས། རྟེན་དང་བརྟེན་པར་འབྲེལ་བས་ན་ཕྱི་ནང་གི་འབྱུང་བ་གཉིས་སུ་ངེས་པ་ཡིན། འདི་གཉིས་ལ་མ་བརྟེན་པའི་སེམས་ཅན་དང་སངས་རྒྱས་ཞེས་པ་ཞིག་མེད་དེ། སེམས་ཅན་རྣམས་འབྱུང་ལྔ་འཁྲུལ་བའི་དབྱིངས་ལ་སྤྱོད་ཅིང་། འབྱུང་བ་ཆེན་པོ་རང་ཆས་སུ་ལྡན། སངས་རྒྱས་ཐམས་ཅད་དོན་དམ་དག་པའི་འབྱུང་ལྔའི་དབྱིངས་སུ་བཞུགས་ཤིང་། འབྱུང་ཆེན་ལྔའི་དྲི་མ་ཤིན་ཏུ་ཟད་པ་ལ་སྤྱོད་པའོ། །འོ་ན་འབྱུང་ཆེན་འབྱུང་ཆུང་ཞེས་པ་གང་ཡིན་ཞེ་ན། དེ་ལ་འབྱུང་བ་ཆེན་པོ་ནི། འོད་གསལ་བའི་ཡེ་ཤེས་ཁ་དོག་ལྔ་ལྡན་དེ་ཡིན་པ་དང་། འབྱུང་ཆུང་ནི། ས་ཆུ་མེ་རླུང་ནམ་མཁའ་ལྔ་པོའོ། །འབྱུང་ཆུང་ལའང་འབྱུང་གཟུགས་དང་། འབྱུང་བ་དངོས་གཉིས་ལས། འབྱུང་གཟུགས་ཞེས་པ་ནི། ད་ལྟ་ཕྱི་རོལ་དུ་སྣང་བའི་ས་ཆུ་མེ་རླུང་ནམ་མཁའ་དང་ལྔའོ། །འབྱུང་བ་དངོས་ནི་ནང་འབྱུང་གི་རྟེན་དུ་གྱུར་པའི་ལུས་ཀྱི་ཆོས་སྲ་བ་ལ་སོགས་པ་ལྔ་བོ་དེའོ། །ནང་འབྱུང་ནི་ཁམས་དགང་བའི་རྟེན་ཆོས་འབྱུང་ལྔ་སོ་སོ་བ་ཡིན་ནོ། །དེས་ན་འཁོར་འདས་ཐམས་ཅད་འབྱུང་ལྔའི་དབྱིངས་ལས་མ་གཡོས་ཤིང་། འབྱུང་ལྔ་མེད་པའི་སྔོན་དུ་འཁོར་འདས་བྱུང་བ་མེད་དོ། །དེས་ན་འབྱུང་བ་སོ་སོའི་ངོ་བོ་དང་། ངེས་ཚིག་དང་། དགོས་ཆེད། མཚན་ཉིད། དབྱེ་བ་ལ་སོགས་པ་མང་ངོ། །དེ་ལས་དང་པོ་ངོ་བོ་ནི། ཕྱི་འབྱུང་གཟུགས་སུ་སྣང་བ་འདི་ཡང་ནང་འབྱུང་དངོས་ཀྱི་རོལ་བ་ཡིན་པས། ནང་གི་ཁོངས་ནས་བྱུང་བའམ་དེའི་ཁོངས་སུ་འདུ་བ་ཡིན་པས་འབྱུང་བ་ལྔའོ། །སེམས་ཅན་སྤྱི་མཐུན་ལ་སྣང་བའི་ཕྱིའི་འབྱུང་གཟུགས་ལྔ་ནི། རྟེན་སྣོད་ཀྱི་སྣང་བ་རུ་ཆགས་པ་ཡིན་ལ། ནང་འབྱུང་དངོས་ལྔ་ནི། སེམས་དང་རིག་པའི་རྟེན་དུ་ཆགས་པའོ། །ལུས་ཀྱི་འབྱུང་ལྔ་རགས་པ་ལ་དྭངས་མའི་འབྱུང་ལྔ་ནང་དུ་བརྟེན་ཡོད་པས་ན་ནང་འབྱུང་སྟེ། འདི་དག་གི་ཐུན་མོང་རབ་དབྱེ་ནི་རླུང་མེ་ས་ཆུ་ནམ་མཁའ་ལྔ་བོ་རེ་རེ་ལ་ཡང་ལྔ་ལྔར་ཕྱེས་པས་ཉེར་ལྔ་རུ་འགྱུར་ལ། ནང་འབྱུང་གི་བྱེད་ལས་མི་འདྲ་བ་ལྔ་ལ་ལྟོས་ནས་རྣམ་གྲངས་ལྔ་རུ་ངེས་སོ། །དེ་ཡང་རླུང་རྣམ་པ་ལྔས་ཡེ་ཤེས་ཀྱི་གདངས་བྱེད། མེ་རྣམ་པ་ལྔས་ཡེ་ཤེས་ཀྱི་རྩལ་བྱེད། ས་རྣམ་པ་ལྔས་ཡེ་ཤེས་ཀྱི་ངོ་བོ་བྱེད། ཆུ་རྣམ་པ་ལྔས་ཡེ་ཤེས་ཀྱི་ཡུལ་བྱེད། ནམ་མཁའ་རྣམ་པ་ལྔས་ཡེ་ཤེས་ཀྱི་རྟེན་བྱེད། དེ་དག་རེ་རེ་ལའང་ཡན་ལག་གི་དབྱེ་བ་དུ་མ་གཞུང་ནས་གསུངས་པ་ལྟར་རོ། །ཚིག་དོན་རིན་པོ་ཆེའི་མཛོད་ལས་སྲིད་པར་འཁྲུལ་ཚུལ་གྱི་རིམ་པ་སྟེ་རྡོ་རྗེའི་གནས་གཉིས་པ་རྒྱ་ཆེར་བཤད་པའོ།། །།

རྡོ་རྗེའི་གནས་གསུམ་པ་སངས་རྒྱས་ཀྱི་སྙིང་པོས་ཁྱབ་ཚུལ་གྱི་རིམ་པ་རྒྱ་ཆེར་བཤད་པ།

༼ཀ༽ ཁྱབ་ཚུལ་སྤྱིར་བསྟན་པ།

༼ཀ ཁྱབ་ཆོས་དངོས་བཤད་པ།

དེས་གཞི་དང་འཁྲུལ་ཚུལ་གཉིས་ཀ་སོང་ནས་ཁྱབ་ཚུལ་བཤད་པ་ནི། དེ་ནས་སེམས་ཅན་གྱི་ཁམས་ལ་སངས་རྒྱས་ཀྱི་སྙིང་པོས་ཇི་ལྟར་ཁྱབ་ཅིང་གནས་པའི་ཚུལ་བསྟན་པ་ལ་གཉིས་ཏེ། །ཁྱབ་ཚུལ་སྤྱིར་བསྟན་པ་དང༌། ཁྱབ་ཆོས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལའང་ཁྱབ་ཆོས་དངོས་དང༌། དེ་ལ་ཐེ་ཚོམ་སྤང་བ་གཉིས་ལས། དང་པོ་ནི། དེ་ལ་བདེ་གཤེགས་སྙིང་པོ་ལུང་གིས་སྒྲུབ་པ་ལ། བླ་ན་མེད་པའི་ལུང་དང་། ཐུན་མིན་གྱི་ལུང་དང་། ཐུན་མོང་གི་ལུང་སྟེ་གསུམ་གྱིས་སྒྲུབ་པ་སྟེ། གཞལ་བྱ་ཤིན་ཏུ་ལྐོག་གྱུར་བདེ་བར་གཤེགས་པའི་ལུང་ཚད་མས་སྒྲུབ་པ་ནི་བསྟན་པ་སྤྱི་ལུགས་ཡིན་པས། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལ་སོགས་པ་རྒྱུད་ཆེན་གྱི་ལུང་འདི་དག་བླ་ན་མེད་པའི་ལུང་ཡིན། ཐུན་མོང་མིན་པའི་ལུང་ནི། གསང་སྔགས་སྤྱིའི་ལུང་དཔེར་ན་རྒྱུད་བརྟག་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་དངོས། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །ཞེས་པ་ལྟ་བུའོ། །ཐུན་མོང་གི་ལུང་རྒྱུད་བླའི་ལུང་སོགས་འོག་ནས་འབྱུང་བ་རྣམས་སོ། །དང་པོ་བླ་ན་མེད་པའི་ལུང་ནི། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ལས། འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཏིལ་འབྲུ་ལ་མར་གྱིས་ཁྱབ་པ་བཞིན་དུ་གནས་སོ་ཞེས་པ་དང༌། ནོར་བུ་ཕྲ་བཀོད་ལས། ཏིལ་འབྲུའམ་ནི་ཡུངས་འབྲུ་ལ། །མར་ཉིད་ཡེ་ནས་ལྷུན་གྲུབ་བཞིན། །སེམས་ཅན་ལུས་ལྟར་སྣང་བ་ལ། །དེ་བཞིན་གཤེགས་པའི་ས་བོན་ནི། །མཐུན་པའི་འོད་དང་བཅས་པར་སྣང༌། །ཞེས་པ་དང༌། ཐལ་འགྱུར་ལས། རང་རིག་ཡེ་ཤེས་ལུས་ལ་གནས། །ཏིལ་འབྲུ་ལ་ནི་མར་བཞིན་ནོ། །ལུས་ཀྱི་བཀྲག་དང་གཟི་མདངས་ནི། །ཡེ་ཤེས་བརླན་གྱིས་ཁྱབ་པར་བྱེད། །ཅེས་པ་དང༌། རང་ཤར་ལས། ཡང་དག་སངས་རྒྱས་དགོངས་པ་ནི། །སེམས་ཅན་ཀུན་གྱི་རང་རྒྱུད་ལ། །སྐུ་དང་ཡེ་ཤེས་ཚུལ་དུ་གནས། །ཞེས་པ་དང༌། དེ་དག་ནི་བླ་ན་མེད་པའི་ལུང་ངོ། །ཐུན་མོང་གི་ལུང་ནི། ཐེག་པ་ཐུན་མོང་གི་མདོ་རྒྱུད་ལས་ཀྱང་གསུངས་ཏེ། ཀྱེ་རྡོ་རྗེ་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་པ་དང༌། དེ་བཞིན་གཤེགས་པའི་སྙིང་པོ་འདི་གསང་སྔགས་ཀྱི་རྒྱུད་སྡེ་མ་ཟད་བཀའ་ཐ་མ་དོན་དམ་རྣམ་པར་ངེས་པའི་ཆོས་ཀྱི་རྣམ་གྲངས་ཀྱི་མདོ་སྡེ་དག་ལས་ཀྱང་གཙོ་བོར་གསུངས་ཡོད་ལ། འདི་རྒྱུད་ཀྱི་དངོས་གཞི་ཡང་ཡིན། གསང་སྔགས་ཀྱི་སྐབས་སུ་གཞི་རྒྱུད་རང་བཞིན་གྱིས་དག་པར་འདོད་པ་ཡིན་པས། ཡེ་ནས་འདུས་མ་བྱས་པ་སོ་སོར་རང་རིག་པའི་ཡེ་ཤེས་སྟོང་གསལ་སྤྲོས་པ་དང་བྲལ་བ་འདི་ལ་བདེ་བར་གཤེགས་པའི་སྙིང་པོ་ཞེས་བྱའོ། །སྤྲོས་བྲལ་སྨྲ་བསམ་བརྗོད་པ་ལས་འདས་པའི་ངོ་བོ་དེར་སྐུ་དང་ཡེ་ཤེས་ཀྱི་ཡོན་ཏན་ཡེ་ནས་རྫོགས་པ་དེ་ནི་རང་ལ་ཡོད་པའི་བྱང་ཆུབ་སྙིང་པོ་གཞི་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཡང་ཡིན་ནོ། དེ་ལྟ་བུའི་གཞི་ལྷུན་གྲུབ་ཀྱི་དཀྱིལ་འཁོར་བདེ་བར་གཤེགས་པའི་ཁམས་འདི་ཉིད་རང་བཞིན་ལྷུན་གྲུབ་ཀྱི་སངས་རྒྱས་གནས་ལུགས་དོན་གྱི་ཡེ་ཤེས་ཆེན་པོ་ཡིན་པས་དེས་ཆེ་ཆུང་བཟང་ངན་མེད་པར་སེམས་ཅན་ཐམས་ཅད་ལ་ཁྱབ་ཡོད་ཅིང་། དེས་འགྲོ་བ་ཐམས་ཅད་ལ་ཁྱབ་པ་དང་འགྲོ་བ་ཐམས་ཅད་ལ་དེ་ཡོད་པའི་དཔེ་ཇི་ལྟར་ཡིན་ན། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། བུད་མེད་དབུལ་མོ་ཞིག་གི་ཁང་པའི་ནང་ན་གསེར་གྱི་གཏེར་ཡོད་ཀྱང་ཐམས་ཅད་ཀྱིས་ཡོད་པར་མི་ཤེས་པ་ལས། དབུལ་མོའི་ཁྱིམ་གྱི་གསེར་གཏེར་དེ་ཁང་པའི་ནང་གི་སས་བསྒྲིབས་པ་ལྟར་སྙིང་པོ་རང་ལ་ཡོད་ཀྱང་ཀུན་གཞིའི་བག་ཆགས་སད་ནས་བསྒྲིབས་ཏེ་མ་རིག་པས་འཁོར་བའི་གནས་སུ་དབུལ་ཕོངས་སུ་གྱུར་པའི་དཔེའོ། །ཕྱིས་སྐྱེས་བུ་ཐབས་ལ་མཁས་པ་ཞིག་གིས་བུད་མེད་དབུལ་མོ་ལ་འདི་སྐད་དུ། བུད་མེད་ཁྱོད་ཁོ་བོའི་ཕྱག་བདར་སར་གླ་ཟ་བར་ནུས་སམ། བུད་མེད་དེས་སྨྲས་པ། ཁོ་མོས་མི་ནུས་སོ། །ཇི་སྟེ་ཁྱོད་ཀྱིས་ཁོ་མོའི་བུས་གསེར་གྱི་གཏེར་ཞིག་སྦས་པ་བསྟན་པར་ནུས་ན་ཁྱོད་ཀྱི་ལས་བྱའོ། །སྐྱེས་བུ་དེས་སྨྲས་པ། ཁོ་བོ་ནི་ཐབས་ལ་མཁས་པས་ཁྱོད་ཀྱི་བུས་སྦས་པའི་གསེར་གྱི་གཏེར་ཁོ་བོས་ཤེས་ཀྱི་བསྟན་ཏོ། །བུད་མེད་དེས་སྨྲས་པ། ཁོ་མོའི་ཁྱིམ་གང་གི་ཆེ་ཕྲ་ཐམས་ཅད་ཀྱིས་ཀྱང་མི་ཤེས་ན་ཇི་ག་ཁྱོད་ཀྱིས་ཤེས་སམ། སྐྱེས་བུ་དེས་སྨྲས་པ། ཁོ་བོས་ནི་ཐེ་ཚོམ་མེད་པར་ཤེས་སོ། །བུད་མེད་དེས་སྨྲས་པ། ཁོ་མོ་དེ་མཐོང་བར་འདོད་ཀྱི་སྟོན་ཅིག དེ་ནས་སྐྱེས་བུ་དེས་མོའི་ཁང་པར་ཞུགས་ནས་གསེར་གྱི་གཏེར་བྲུས་ཏེ་བུད་མེད་ལ་བསྟན་ཏོ། །བུད་མེད་དེས་གཏེར་མཐོང་ནས་ཤིན་ཏུ་དགའ་མགུ་སྟེ་ངོ་མཚར་རྨད་ཀྱི་འདུ་ཤེས་སྐྱེས་ནས་སྐྱེས་བུ་དེ་ལ་བསྟི་སྟངས་སུ་བྱེད་དོ། །རིགས་ཀྱི་བུ་སེམས་ཅན་ཐམས་ཅད་ཀྱི་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ་སེམས་ཅན་ཐམས་ཅད་ཀྱིས་མི་མཐོང་བ་ཡང་ཇི་ལྟར་བུད་མེད་དབུལ་མོས་རིན་པོ་ཆེའི་གཏེར་མི་མཐོང་བ་བཞིན་ནོ། །རིགས་ཀྱི་བུ་ངས་སྐྱེ་བོ་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པ་ཀུན་ནས་ཉོན་མོངས་པས་བསྒྲིབས་ཏེ་མི་མཐོང་བ་བསྟན་པ་ཡང་ཇི་ལྟར་བུད་མེད་དབུལ་མོས་གཏེར་མི་མཐོང་བ་བསྟན་པ་བཞིན་ནོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པས་ཀྱང་སེམས་ཅན་ཐམས་ཅད་ལ་མངོན་པར་སངས་རྒྱས་པའི་རིན་པོ་ཆེའི་གཏེར་བསྟན་པ་ནི་འདི་ལྟ་སྟེ་སངས་རྒྱས་ཀྱི་རང་བཞིན་ཅན་ནོ། །སོ་སོ་སྐྱེ་བོ་དག་ཀྱང་དེ་ལྟ་བུའི་དངོས་པོ་དག་མཐོང་ནས་རབ་ཏུ་དགའ་བའི་སེམས་སྐྱེས་ཏེ་དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བྱེད་ཅིང་ཕྱོགས་སོ། །ཐབས་ལ་མཁས་པའི་སྐྱེས་བུ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་དཔེའོ། །བུད་མེད་དབུལ་མོ་ཞེས་བྱ་བ་ནི་སོ་སོ་སྐྱེ་བོ་ཚད་མེད་པའི་དཔེའོ། །གསེར་གྱི་གཏེར་ཞེས་བྱ་བ་ནི་སངས་རྒྱས་ཀྱི་རང་བཞིན་གྱི་དཔེའོ་ཞེས་པ་དང༌། དབུལ་མོའི་ཁྱིམ་ན་ལྷའི་མིག་ཡོད་པའི་གང་ཟག་དེས་མཐོང་ནས་དེ་བསྟན་ཚེ་དབུལ་མོ་རྒྱུ་ནོར་གྱིས་ཕྱུག་ནས་ཕུན་སུམ་ཚོགས་པ་ལྟར། རང་ལ་སྙིང་པོ་ཡོད་པ་དེ་རང་གིས་ངོ་མ་ཤེས་ཀྱང་བླ་མས་ངོ་སྤྲད་པ་བཞིན་ཉམས་སུ་བླངས་པས་སངས་རྒྱས་འགྲུབ་པ་ནི་དེ་ལྟར་རོ། །ཡང་གྱད་ཀྱི་ནོར་བུའི་དཔེ་སྔོན་དུ་བཏང་ནས་གསུངས་པ། རིགས་ཀྱི་བུ་དེ་ལྟར་དེ་བཞིན་གཤེགས་པས་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་གསུངས་པ་ཡང༌། ཇི་ལྟར་སྨན་པ་མཁས་པས་གྱད་ཀྱི་རྡོ་རྗེའི་ནོར་བུ་བསྟན་པ་བཞིན་ནོ་ཞེས་པ་ནས། རིགས་ཀྱི་བུ་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ནང་ན་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུ་ཡང་ཡོད་དོ་ཞེས་པའི་བར་དུ་རྒྱ་ཆེར་གསུངས་སོ། །རྒྱུད་བླ་མ་ལས་ཀྱང༌། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང༌། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང༌། །རིགས་ཡོད་ཕྱིར་ན་སེམས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་དང༌། བརྟག་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ན་ནི་སངས་རྒྱས་ཉིད། །ཅེས་པ་དང༌། དོ་ཧ་ལས། མཁས་པ་ཐམས་ཅད་བསྟན་བཅོས་འཆད་པ་ཡིས། །ལུས་ལ་སངས་རྒྱས་ཡོད་པ་མ་རྟོགས་སོ། །ཞེས་པ་དང༌། རྒྱུད་བླ་མ་ལས། ཇི་ལྟར་མི་དབུལ་ཁྱིམ་ནང་ས་འོག་ན། །མི་ཟད་པ་ཡི་གཏེར་ནི་ཡོད་གྱུར་ལ། །མི་དེས་དེ་མ་ཤེས་ཤིང་གཏེར་དེས་ཀྱང༌། །དེ་ལ་ང་འདིར་ཡོད་ཅེས་མི་སྨྲ་ལྟར། །དེ་བཞིན་ཡིད་ཀྱི་ནང་ཆུད་རིན་ཆེན་གཏེར། །དྲི་མེད་བསལ་དང་བཞག་མེད་ཆོས་ཉིད་ཀྱང༌། །མ་རྟོགས་པ་ན་དབུལ་བའི་སྡུག་བསྔལ་ནི། །རྣམ་མང་རྒྱུན་དུ་སྐྱེ་དགུ་འདིས་མྱོང་ངོ༌། །ཞེས་པ་ལ་སོགས་པ་དཔེ་དགུ་དོན་དགུ་དང༌། ཕལ་པོ་ཆེ་ལས། སྟོང་གསུམ་དར་ཡུག་ཆེན་པོའི་དཔེ་ལ་སོགས་པ་དུ་མས་སེམས་ཅན་གྱི་རྒྱུད་ལ་ཁམས་བདེ་བར་གཤེགས་པའི་སྙིང་པོ་ཡོད་པར་གསུངས་སོ། །འོག་ནས་འབྱུང་བའི་སྟོན་སྒོམ་གྱི་མིང་བཟུང་ནས་གཟུ་ལུམ་སྨྲ་བ་ལ་ལས། གསང་སྔགས་ནི་སེམས་ཙམ་པ་དང་ལྟ་བ་གཅིག་པ་སྟེ། དོན་གྱི་གཞི་འགྱུར་མེད་དང་། གནས་འགྱུར་འདོད་པའི་ཕྱིར་ཞེས་དང་། བཀའ་ཐ་མའི་སྙིང་པོ་བསྟན་པའི་མདོ་ལ་སོགས་པ་ཐམས་ཅད་དྲངས་དོན་ཡིན་ལ། དེ་ལྟར་མིན་ན་མུ་སྟེགས་པའི་བདག་དང་འདྲའོ། །ཞེས་པ་དང་། ཚིག་ཏུ་ཡོད་མེད་ཀྱི་མཐའ་ལས་འདས་པས་སྤྲོས་པ་ཐམས་ཅད་དང་བྲལ་བ་ཞེས་སུ་སྨྲ་ཡང༌། དོན་དུ་གང་འབྲལ་རྒྱུའི་དྲི་མ་གང་གི་སྟེང་དུ་བྲལ་བའི་འབྲལ་གཞི་ཙམ་ཡང་མེད་པར་སྟོང་པ་ཕྱང་ཆད་ནམ་མཁའ་ལྟར་འདོད་པ་དེ་རྣམས་ལ། ཀུན་མཁྱེན་ཆོས་རྗེས། མཛོད་འགྲེལ་པདྨ་དཀར་པོ་ལས། བསྟན་པ་འདི་ལས་ཕྱི་རོལ་དུ་གྱུར་པས་ན། ལེགས་ནའང་སྲིད་རྩེའི་ལྟ་བ་དེས་འཁོར་བའི་ས་བོན་འདེབས་ཤིང༌། ཕལ་ཆེར་ངན་སོང་དུ་བགྲོད་པའི་ཕྱིར། ལོག་པར་ལྟ་བ་འཛིན་པ་ཕུར་བུ་པའི་ཁོངས་སུ་གཏོགས་པ་ལ། ཆ་ལུགས་མ་འཛོམས་པ་ཙམ་དུ་ཟད་དེ། དེ་ནི་གོས་ངུར་སྨྲིག་སྤངས་ནས་ཐལ་བའི་སྐྱོ་མས་ལུས་ལ་བྱུགས་ན་ཐམས་ཅད་མཚུངས་པས་རྒྱང་འཕེན་པར་ཕྱོགས་ཀུན་མཚུངས་པར་རུང་བ་ཡིན་ནོ། །ཞེས་གསུངས་སོ། །ཡིད་བཞིན་མཛོད་རྩ་བ་ལས་ཀྱང་། ཚིག་ཏུ་ཡོད་མེད་མཐའ་བྲལ་ཞེས་སྨྲ་ཡང༌། །འབྲལ་གཞི་མི་ཤེས་སྲིད་རྩེའི་ལྟ་བ་ཅན། །བསྟན་པ་འདི་ལས་ཕྱི་རོལ་གྱུར་པའི་ཕྱིར། །ནམ་མཁའི་ཡིད་ཅན་ཐལ་བས་བྱུགས་པ་རུང༌། །ཞེས་འདོད་པ་བཀོད་ནས་དེའི་ཐེ་ཚོམ་བསལ་བ་དང་། གཞན་ཡང་སེམས་ཙམ་པས་རང་རིག་རང་གསལ་འགྱུར་མེད་རྟག་པར་འདོད་པ་དང་། རྫོགས་པ་ཆེན་པོའི་ལྷུན་གྲུབ་འདུས་མ་བྱས་རྟག་ཆད་ལས་འདས་ཤིང་ཡོན་ཏན་ལྷུན་གྱིས་གྲུབ་པའི་ཁམས་སུ་འདོད་པ་གཉིས་ཀ་འདོད་པ་མི་མཚུངས་པས་གཅིག་ཡིན་པའི་དོན་མེད་དོ། །གནས་འགྱུར་གྱི་ཕྱོགས་ནས་ཀྱང་། སེམས་ཙམ་པས་ཀུན་གཞི་ཚོགས་བརྒྱད་དེ་ཉིད་གནས་འགྱུར་བས་ཡེ་ཤེས་སུ་འདོད་ལ། རྫོགས་ཆེན་གྱི་སྐབས་སུ་ཚོགས་བརྒྱད་ཕར་བསལ་བས་རང་བྱུང་གི་ཡེ་ཤེས་མི་མངོན་པ་མངོན་པར་བྱས་ནས་མྱུར་དུ་རྟོགས་པ་ཙམ་ལ་གནས་གྱུར་དུ་བཏགས་པ་གཉིས་ཁྱད་པར་ཤིན་ཏུ་ཆེའོ། །དེ་ཡང་གསང་སྔགས་པ་ཐམས་ཅད་ཀྱིས། བྱང་ཆུབ་ཀྱི་སེམས་མི་ཤིགས་པ་བདེ་བར་གཤེགས་པའི་སྙིང་པོ་ལ། མི་ཤིགས་པ་ཡིན་པ་ཉིད་ཀྱིས་མི་འགྱུར་བ་གཡུང་དྲུང་ངོ་ཞེས་གསུངས་པས། མི་འགྱུར་བའི་བདེ་བ་ཆེན་པོ་མངོན་དུ་བྱས་ནས་འབྲས་བུ་ལམ་དུ་བྱེད་པས་ན་རྡོ་རྗེ་ཐེག་པར་གྲུབ་པའོ། །སངས་རྒྱས་ཀྱི་རང་བཞིན་ཤིན་ཏུ་ཕྲ་ཞིང་ཟབ་པའི་ཡེ་ཤེས་ཀྱི་དོན་དེ་སངས་རྒྱས་ཁོ་ན་མ་གཏོགས་གཞན་གྱིས་ཤེས་བྱ་མིན་ནོ།།

༼ཁ དེ་ལ་ཐེ་ཚོམ་སྤང་བ།

ཀ༽ ཐེ་ཚོམ་དགོད་པ།

གཉིས་པ་དེ་ལ་ཐེ་ཚོམ་སྤང་བ་ལ་གསུམ་སྟེ། ཐེ་ཚོམ་དགོད། དེ་སྤང༌། ངེས་ཤེས་ཁྱད་པར་ཅན་གྱིས་སྤྲོ་དགའ་བསྐྱེད་པའོ། །དང་པོ་ནི། སྔོན་དགེ་བའི་རྩ་བ་མ་བསྐྲུན། ད་ལྟ་ཡང་དག་པའི་དགེ་བའི་བཤེས་གཉེན་དང་མ་མཇལ། ངེས་པ་དོན་གྱི་ཆོས་ཟབ་མོ་མ་ཐོས་པ་རྣམས་ན་རེ། སེམས་ཉིད་སྟོང་ཉིད་ལ་སངས་རྒྱས་ཀྱི་རང་བཞིན་ནམ་སྙིང་པོ་ཟེར་གྱི། མཚན་དཔེ་སྟོབས་སོགས་ཀྱི་ཆོས་སུ་ཡོད་པ་ག་ལ་སྲིད། གནས་ལུགས་བདག་མེད་པ་ནམ་མཁའ་སྟོང་པ་ལྟ་བུར་ཡུམ་བར་མ་ལ་སོགས་པ་ཐམས་ཅད་ནས་གསུངས་པའི་ཕྱིར་སྙིང་པོ་བསྟན་པའི་མདོ་རྣམས་དྲང་དོན་ཡིན་ནོ། །གལ་ཏེ་དེ་ལྟར་མ་ཡིན་ན་མུ་སྟེགས་པའི་བདག་རྟག་པ་དང་ཁྱད་མེད་པ་ཁོ་ནའོ་ཞེས་ངེས་པ་དོན་གྱི་ཆོས་ལ་རྒྱབ་ཀྱིས་ཕྱོགས་པར་སྣང་ངོ༌། །སེམས་ཅན་དང་། སངས་རྒྱས་ཐམས་ཅད་ལ་ཁྱད་པར་མེད་པར། སངས་རྒྱས་ཀྱི་སྙིང་པོས། དབྲི་བསྣན་མེད་པར་ཁྱབ་པས་གྲོལ་གཞི་ལྷུན་གྱིས་གྲུབ་པའི་ཆོས་ཉིད་དུ་གྲུབ་པའི་ཆོས་ཉིད་འདི་ཡོད་པར་ཤེས་པར་བྱའོ། །འདིའི་དོན་ཇི་བཞིན་མ་རྟོགས་པར་བཀའ་ཐ་མའི་གཤེགས་སྙིང་བསྟན་པའི་མདོ་བཅུ་ལ་སོགས་པ་དྲང་དོན་དུ་བཟུང་ནས་སྟོང་པ་སྤྲོས་པ་བྲལ་བའི་སྟོང་རྐྱང་དོན་དམ་དུ་འདོད་པ་དག་ཆད་པའི་མཐར་ལྷུང་ངོ་། །འབྲལ་གཞི་མེད་ན་འབྲལ་ཆོས་གང་གི་སྟེང་དུ་སངས་རྒྱས་པ་དང་གྲོལ་བ་དང་འདས་པའི་ཐ་སྙད་གདགས་དགོས། སྤྲོས་པ་དང་བྲལ་བའི་སྟོང་རྐྱང་དོན་དམ་གྱི་ཆ་འབྲལ་གཞི་ལ་མེད་ཅིང་། དེས་ན་དབྱིངས་རང་བཞིན་རྣམ་དག་གི་ངོ་བོ་སོ་སོར་རང་རིག་པའི་ཡེ་ཤེས་སྟོང་གསལ་སྤྲོས་པ་དང་བྲལ་བ་འདི་ནི་ངེས་པའི་སྙིང་པོ་ཡིན་པས་ཐར་འདོད་ཐམས་ཅད་ཀྱིས་རྟོགས་བྱའི་གཞི་དང་ལྟ་བ་རྣམས་ཀྱི་རྩེ་མོར་གཟུང་བར་བྱའོ། །འདི་ལ་མིང་གི་རྣམ་གྲངས་ངེས་པ་ནི། རྟོགས་ན་མྱ་ངན་ལས་འདས་པའི་གཞི་དང་མ་རྟོགས་ན་འཁོར་བ་འབྱུང་བའི་ཆ་ནས་དབྱིངས་དང་། སེམས་ཀྱི་དམ་པ་དང་། སེམས་ཉིད་ཅེས་བྱ་སྟེ། དོ་ཧ་ལས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལས་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་སོ། །ཡེ་ནས་འདུས་མ་བྱས་སུ་རང་ལ་རང་ཆས་སུ་ཡོད་པའི་ཆ་ནས། རང་བཞིན་ལྷུན་གྲུབ་ཀྱི་སངས་རྒྱས་ཞེས་བྱའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཚང་བར་ཡོད་པས་ན་བདེ་བར་གཤེགས་པའི་སྙིང་པོ་ཞེས་བྱའོ། །དྲི་མས་བསྒྲིབས་པའི་ཆ་ནས་དོན་གྱི་ཀུན་གཞི་དང་ཁམས་ཞེས་འདོགས་སོ། །ཆོས་ཐམས་ཅད་ཀྱི་གནས་ལུགས་དངོས་ཡིན་པའི་ཆ་ནས་དོན་དམ་བདེན་པ་ཞེས་བྱའོ། །གདོད་མ་ཉིད་ནས་དག་པས་ན་འོད་གསལ་བའི་ཡེ་ཤེས་ཞེས་བྱའོ། །མངོན་རྟོགས་རྒྱན་ལས། ཟབ་པ་དེ་ནི་སྒྲོ་འདོགས་དང་། །སྐུར་བའི་མཐའ་ལས་གྲོལ་བ་ཉིད། །ཅེས་གསུངས་པ་ལྟར། ཡོད་མེད་སྒྲོ་སྐུར་གྱི་མཐའ་ལས་འདས་པས་སྟོང་ཉིད་ཟབ་མོ་དབུ་མའི་རང་བཞིན་ཞེས་བྱའོ། །སྤྲོས་པ་ཐམས་ཅད་ཀྱི་མཐའ་ལས་འདས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །སྟོང་གསལ་གཉིས་སུ་མེད་པས་ན་བདེན་པ་དབྱེར་མེད་ཅེས་བྱའོ། །འཕོ་འགྱུར་སྐྱེ་འགག་དང་བྲལ་བ་ཡིན་པས་ན་དེ་བཞིན་ཉིད་ཅེས་བྱའོ། །མདོར་ན་མིང་གང་ལྟར་བཏགས་ཀྱང་དོན་ལ་གནས་ལུགས་འོད་གསལ་དགོངས་པ་ཕྱིན་ཅི་མ་ལོག་པ་དེ་ཉིད་ཡིན་ནོ།།

ཁ༽ ཐེ་ཚོམ་བསལ་བ།

འོན་ཀྱང་དེ་ལྟར་མ་རྟོགས་པའི་ལོག་པར་རྟོག་པ་ཡོད་པས་དེ་དགག་པའི་ཆེད་དུ། གཉིས་པ་ཐེ་ཚོམ་བསལ་བ་ནི། ཚུལ་དེ་ལྟ་བུ་བཟང་པོ་མ་ཡིན་པས་རེ་ཞིག་ལུང་ཉིད་ཚད་མར་བྱས་ཏེ་སྤང་བ་ནི། ཅི་བཅོམ་ལྡན་འདས་ཀྱིས་བཀའ་འཁོར་ལོ་གསུམ་དུ་གསུངས་པ་ལས་གནས་འདི་ནི་ཐ་མ་དོན་དམ་རྣམ་པར་ངེས་པའི་ཆོས་ཀྱི་འཁོར་ལོར་གསུངས་པ་ཡང་ཁྱོད་ཀྱིས་མ་ཤེས། སྟོང་ཉིད་རྐྱང་བ་དོན་དམ་ཡིན་ན། འཁོར་ལོ་གསུམ་ལ་ཐ་དད་དུ་བསྟན་པའང་ཇི་ལྟར་འཐད་དེ། སྟོང་ཉིད་དྲང་དོན་དུ་གསུངས་ཀྱི། དེ་ཡང་གནས་ལུགས་ཀྱིས་སྐྲག་པ་དང༌། ལས་དང་པོ་པས་བདག་ཏུ་འཛིན་པ་དགག་པ་ཙམ་ལ་དགོངས་པ་སྟེ། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལས། བུད་མེད་བུ་ཁ་མྱགས་གསོ་བའི་དཔེ་སྔོན་དུ་བཏང་ནས་གསུངས་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཡང་དེ་བཞིན་དུ་སེམས་ཅན་ཐམས་ཅད་བསྒྲལ་བའི་ཕྱིར་སེམས་ཅན་ཐམས་ཅད་ལ་བདག་མེད་པའི་ནན་ཏན་བྱེད་པ་སྟོན་ཏེ། དེ་ལ་ནན་ཏན་བྱས་པས་བདག་ཅེས་བྱ་བའི་སེམས་མེད་དེ་ཡོངས་སུ་མྱ་ངན་ལས་བཟླའོ། །དེ་ལའང་འཇིག་རྟེན་རྒྱང་འཕེན་པའི་ངན་པར་ལྟ་བ་བསལ་བའི་ཕྱིར། འཇིག་རྟེན་རྒྱང་འཕེན་པའི་ཆོས་ལས་འདས་པར་བསྟན་པའི་ཕྱིར། གཞན་ཡང་འཇིག་རྟེན་རྒྱང་འཕེན་པ་དག་བདག་ཏུ་ལྟ་བ་ཡང་དག་པ་མ་ཡིན་པར་བསྟན་པའི་ཕྱིར། བདག་མེད་པའི་ཆོས་བསྒོམས་པས་ཡོངས་སུ་དག་པའི་ལུས་སུ་འགྱུར་བའི་ཕྱིར། ཇི་ལྟར་བུད་མེད་དེས་བུའི་ཕྱིར་མཁྲིས་པས་ནུ་མ་ལ་བསྐུས་པ་བཞིན་དུ། དེ་བཞིན་གཤེགས་པ་ཡང་དེ་དང་འདྲ་སྟེ། སྟོང་པ་ཉིད་བསྒོམ་པའི་ཕྱིར་ཆོས་ཐམས་ཅད་ལ་བདག་མེད་ཅེས་གསུངས་སོ། །ཇི་ལྟར་བུད་མེད་དེས་ནུ་མའི་ཕྱིར་བསྐུས་ནས་བུ་བོས་ཏེ་ནུ་ཞོ་བླུད་དོ་ཞེས་བྱ་བ་བཞིན་དུ། ངས་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའང་དེ་དང་འདྲ་སྟེ། དགེ་སློང་ཁྱོད་ཀྱང་མ་སྐྲག་པར། ཇི་ལྟར་བུ་དེ་ལ་མས་བོས་ཏེ་ནུ་ཞོ་བགས་ཀྱིས་འཐུངས་པ་བཞིན་དུ། དགེ་སློང་ཁྱོད་ཀྱང་བྱེ་བྲག་ཤེས་པར་གྱིས་ཤིག །དེ་བཞིན་གཤེགས་པའི་སྙིང་པོ་ནི་མེད་པར་བྱ་བ་མ་ཡིན་ནོ་ཞེས་པ་དང༌། སྔོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་བརྗོད་པ་ལས། ངས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྟན་པ་གང་ཡིན་པ་དེ་ནི་བྱིས་པ་རྣམས་བདག་ཏུ་མངོན་པར་ཞེན་པ་ལས་ཡོངས་སུ་དྲང་བའི་ཕྱིར་བཤད་ཀྱི་ཡང་དག་པར་ན་དེ་བཞིན་གཤེགས་པའི་སྙིང་པོ་ཉག་གཅིག་དོན་དམ་པའི་བདེན་པའོ་ཞེས་གསུངས་སོ། །མུ་སྟེགས་ཀྱི་བདག་རྟག་པ་དང་མི་མཚུངས་ཏེ་སྙིང་པོ་ནི་ཡེ་ནས་འོད་གསལ་ཞིང་ལུས་ལ་གནས་ཀྱང་རྟག་མི་རྟག་ལས་འདས་པས་རྟག་པ་ཁོ་ནར་མི་འདོད་པ་དང༌། འོད་གསལ་བ་དེ་བླ་མའི་མན་ངག་གིས་མཐོང་དུ་ཡོད་པའི་ཕྱིར་སུས་ཀྱང་མི་མཐོང་བའི་ལྐོག་གྱུར་དུ་མི་འདོད་པ་དང༌། ངོ་བོ་སྟོང་གསལ་མཐའ་བྲལ་ཡིན་པས་མཐེ་བོང་ལ་སོགས་པའི་དངོས་པོ་རང་མཚན་དང་ཆོས་མི་སྦྱོར་བ་དང༌། དངོས་པོ་དང་མཚན་མར་མེད་པས་ལུས་ཆེ་ཆུང་ལ་སྙིང་པོ་ཆེ་ཆུང་དང་བཟང་ངན་དུ་མི་འདོད་པ་ལ་སོགས་པའི་ཁྱད་པར་ཤིན་ཏུ་མང་ངོ༌། །མུ་སྟེགས་ཀྱིས་དེ་ལྟར་སྨྲས་པ་དེ་ནི་སངས་རྒྱས་ཀྱི་སྙིང་པོ་དང་ཀུན་ཏུ་མི་མཚུངས་ཀྱང་མིང་ཙམ་མམ་ཚིག་གིས་བརྗོད་པ་ལས་འདྲའོ་སྙམ་དུ་འཁྲུལ་བས་ཁྱོད་ཅག་བློ་གྲོས་བླུན་པོར་ཁོ་བོ་ཅག་གིས་མཐོང་བ་ནི། སྔོན་རྒྱལ་པོའི་རལ་གྲི་སྟོར་བ་ལས་དབུལ་པོ་ཞིག་གིས་རྨི་ལམ་དུ་རལ་གྲི་རྨིས་པ་བླ་བརྡོལ་དུ་ཤར་བ་ལ་རལ་གྲི་བརྩད་པས་མིང་ཙམ་ལས་དོན་མ་མཐོང་བས་རལ་གྲི་མ་མཐོང་བར་རྣམ་པར་གཞག་པ་དང་འདྲ་སྟེ། བདེ་གཤེགས་སྙིང་པོ་དེ་དེ་ལྟ་བུའི་ཚུལ་གྱིས་སེམས་ཅན་ཐམས་ཅད་ལ་གནས་ན། ད་ལྟའི་སྐབས་སུ་མཐོང་བར་རིགས་སོ་སྙམ་ན། ད་ལྟའི་སྐབས་སུ་སེམས་ཅན་རྣམས་སྒྲིབ་པས་བསྒྲིབས་ནས་ཡོད་པས་མི་མཐོང་བའོ། །ཇི་ལྟར་བསྒྲིབས་ནས་ཡོད་ཅེ་ན། སྐུ་ལ་ལུས་ཀྱིས་བསྒྲིབས། གསུང་ལ་ངག་གིས་བསྒྲིབས། ཐུགས་ལ་སེམས་ཀྱིས་བསྒྲིབས་ནས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་མ་ཤེས་པའོ། །འོན་ཀྱང་གང་ཟག་བརྩོན་འགྲུས་ཅན་གྱིས་ད་ལྟའི་སྐབས་སུ་མཐོང་ནུས་ཏེ། སྣང་བཞི་ཚད་དུ་ཕྱིན་ན་ད་ལྟའི་སྐབས་སུ་ཡང་ལྟར་ཡོད་པའི་ཕྱིར། །མཐོང་དུ་ཡོད་པ་ནི་དཔེ་དོན་རྟགས་གསུམ་གྱིས་བཤད་ཐུབ་ལ། དེ་ལ་དཔེ་ནི་ཉི་མ་སྤྲིན་རུམ་ན་གནས་པ་ལྟར་ལུས་རྒྱས་འཐུམས་ནས་ཡོད་པ། དོན་སྙིང་ནང་ན་ཡོད་པར་ངོ་སྤྲད་དེ། རྟགས་ཐིག་ལེ་སྟོང་སྒྲོན་བསྟན་ན་ཡིད་ཆེས་སོ། །ད་ལྟའི་སྐབས་སུ་ཁྱུང་གི་ཕྲུ་གུ་སྒོང་རྒྱས་འཐུམས་པ་ལྟར་བག་ཆགས་ཀྱི་སྒོང་ཤུན་གྱིས་བཏུམས་ནས་ཡོད་ལ། ནམ་ཞིག་སྒོང་རྒྱ་རལ་ཚེ་བར་དོའི་སྐབས་སུ་རང་སྣང་དག་པ་ཇི་བཞིན་དུ་ཤར་ཐུབ་པ་ཡིན། འོན་ཀྱང་དེ་མི་ཤེས་པའི་དཔེ་ནི་ཡང་མདོ་དེ་ཉིད་ལས་བུས་པ་གླེན་པ་དག་ཐམས་ཅད་ལ་བདག་ཡོད་དོ་ཞེས་སྨྲས་པ་ནི་མི་དབུལ་པོ་གཞན་གྱི་ཁྱིམ་ན་གཉིད་ལོག་པ་ལས་རལ་གྲི་རལ་གྲི་ཞེས་བླ་བརྡོལ་སྨྲ་བ་དང་མཚུངས་སོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་ཅན་རྣམས་ལ་བདག་ཅེས་བྱ་བའི་མཚན་ཉིད་ཅི་འདྲ་དྲིས་ན། དེ་ལ་ཁ་ཅིག་གིས་བདག་ཏུ་ལྟ་བ་དང་བདག་ཅེས་བྱ་བ་མཚན་ཉིད་མཐེ་བོང་ཙམ་ཞིག་ཡོད་དོ་ཞེས་སྨྲའོ། །ཁ་ཅིག་ནི་ཁྲེའི་འབྲུ་ཙམ་ཞིག་ཡོད་དོ་ཞེས་སྨྲའོ། །ཁ་ཅིག་ནི་ཏིལ་གྱི་འབྲུ་ཙམ་ཞིག་ཡོད་དོ་ཞེས་སྨྲའོ། །ཁ་ཅིག་ནི་བདག་གི་མཚན་ཉིད་སེམས་ལ་གནས་ཏེ་ཉི་མ་ལྟ་བུར་འབར་ཞིང་གསལ་ལོ་ཞེས་སྨྲ་སྟེ། དེ་ལྟར་སོ་སོ་སྐྱེ་བོ་དག་བདག་ཅེས་བྱ་བའི་མཚན་ཉིད་མི་ཤེས་པ་ཡང༌། ཇི་ལྟར་བླུན་པོ་རྣམས་ཀྱིས་རལ་གྲི་བཟང་པོ་དེ་མི་ཤེས་པ་བཞིན་ནོ། །བྱང་ཆུབ་སེམས་དཔས་དེ་ལྟར་བདག་ཅེས་བྱ་བའི་མཚན་ཉིད་བསྟན་པ་བུས་པ་གླེན་པ་དག་གིས་མི་ཤེས་པས་རྣམ་པ་སྣ་ཚོགས་སུ་བྱེ་བྲག་ཕྱེ་སྟེ་བདག་ཅེས་བྱ་བའི་མཚན་ཉིད་འཛིན་པ་ནི། རལ་གྲིའི་དབྱིབས་ཅི་འདྲ་ཞེས་དྲིས་ན་རྭ་རུ་འདྲའོ་ཞེས་སྨྲ་བ་དང་མཚུངས་སོ། །དེ་ལྟར་བུས་པ་མ་རབས་དག་ནི་རྒྱུན་མི་འཆད་པར་ངན་པར་ལྟ་བ་བསྐྱེད་དེ། དེ་ལྟར་ངན་པར་ལྟ་བ་བཅད་པའི་ཕྱིར་དེ་བཞིན་གཤེགས་པས་བདག་མེད་པར་བསྟན་པ་ནི། དཔེར་ན་རྒྱལ་པོ་དག་བློན་པོ་རྣམས་ལ་ངའི་མཛོད་ན་དེ་འདྲ་བའི་རལ་གྲི་མེད་དོ་ཞེས་སྨྲ་བ་དང་མཚུངས་སོ། །རིགས་ཀྱི་བུ་དེ་ལྟར་དེ་བཞིན་གཤེགས་པས་བདག་ཅེས་བྱ་བར་བསྟན་པ་ནི་སངས་རྒྱས་ཀྱི་རང་བཞིན་ཞེས་བྱའོ། །དེ་ལྟར་སངས་རྒྱས་ཀྱི་རང་བཞིན་དེ་ནི་སངས་རྒྱས་ཀྱིས་བསྟན་པའི་ཆོས་ཀྱི་ནང་ན་རལ་གྲི་ཤིན་ཏུ་གསལ་ཞིང་དག་པ་དང་མཚུངས་སོ་ཞེས་སོ། །དབྱིངས་བདེ་བར་གཤེགས་པའི་སྙིང་པོ། གནས་ལུགས་འོད་གསལ་གྱི་དགོངས་པ་དེ་ཉིད། ཕྱིན་ཅི་མ་ལོག་པ་མངོན་སུམ་དུ་ཤེས་ན། ཉན་རང་དང་། སྲིད་རྩེའི་ཏིང་འཛིན་ལ་མི་གོལ་བ་དང་། རྟག་ཆད་དང་། ལྟ་བའི་མཐའ་ཐམས་ཅད་ལས་གྲོལ་ཐུབ་པ་མ་ཟད། ཐར་བ་བསྒྲུབས་པ་དོན་ཡོད་པར་འགྱུར་བ་དང་། རིང་པོར་མི་འགོར་བར་བྱང་ཆུབ་དམ་པ་ཐོབ་ཐུབ་པ་ཡིན་པ་དེས་ན་ཤིན་ཏུ་ཟབ་པ་དབྱིངས་རང་བཞིན་གྱི་འདུས་མ་བྱས་པ། ལྷུན་གྲུབ་རྟག་ཆད་ལས་འདས་པ་འདིའི་དོན་ཤེས་ན་མདོ་དང་རྒྱུད་ཀུན་ལ་ལྟ་བྱེད་ཀྱི་མིག་དག་པ་ཞིག་ཐོབ་ནས། དེ་དག་གི་དོན་ལ་མཁས་པར་གྱུར་ནས་དོན་གཉིས་ལྷུན་གྱིས་འགྲུབ་པ་ཡིན་ནོ།།

ག༽ ངེས་ཤེས་ཁྱད་པར་ཅན་གྱིས་སྤྲོ་དགའ་བསྐྱེད་པ།

གསུམ་པ་ངེས་ཤེས་ཁྱད་པར་ཅན་གྱིས་སྤྲོ་དགའ་བསྐྱེད་པ་ལ་གསུམ་སྟེ། ཡང་དག་པའི་དགེ་བའི་བཤེས་གཉེན་གྱིས་མ་བསྟན་ན་མཐོང་དུ་མི་རུང་བའི་དོན་བླ་མ་དམ་པ་ལས་རྙེད་པས་ཀྱང་སྤྲོ་བར་རིགས་པ་དང་གཅིག ས་ལ་གནས་པའི་བྱང་ཆུབ་སེམས་དཔས་ཀྱང་རྟོགས་དཀའ་བའི་གནས་སུ་འགྱུར་ན་ཚུ་རོལ་མཐོང་བས་ལྟ་སྨོས་ཀྱང་ཅི་དགོས་ཞེས་སངས་རྒྱས་ཁོ་ནའི་གསང་བ་རྡོ་རྗེའི་གནས་ཡིན་པས་ཀྱང་སྤྲོ་དགའ་བསྐྱེད་པ།དང་གཉིས། ཡང་དག་པའི་བླ་མས་བསྟན་ན་དངོས་སུ་མཐོང་ལ་རང་བཞིན་དུ་བར་དོར་རང་སྣང་མངོན་དུ་འཆར་བས་ཀྱང་སྤྲོ་དགའ་བསྐྱེད་པར་རིགས་པའོ། །དང་གསུམ་ལས། དང་པོ་ཡང་དག་པའི་དགེ་བའི་བཤེས་གཉེན་གྱིས་མ་བསྟན་ན་མཐོང་དུ་མི་རུང་བའི་དོན་བླ་མ་དམ་པ་ལས་རྙེད་པས་ཀྱང་སྤྲོ་བར་རིགས་པ་བསྟན་པ་ནི། ཡང་འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ཀྱི་མདོ་དེ་ཉིད་ལས། རིགས་ཀྱི་བུ་སེམས་ཅན་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་མ་བྱས་པས་སངས་རྒྱས་ཀྱི་རང་བཞིན་ཡོད་ཀྱང་མཐོང་བར་མི་ནུས་སོ་ཞེས་སོ། །གཉིས་པ་ས་ལ་གནས་པའི་བྱང་ཆུབ་སེམས་དཔས་ཀྱང་རྟོགས་དཀའ་བའི་གནས་སུ་འགྱུར་ན་ཚུ་རོལ་མཐོང་བས་ལྟ་སྨོས་ཀྱང་ཅི་དགོས་ཞེས་སངས་རྒྱས་ཁོ་ནའི་གསང་བ་རྡོ་རྗེའི་གནས་ཡིན་པས་ཀྱང་སྤྲོ་དགའ་བསྐྱེད་པ་ནི་འཕགས་པ་མྱ་ངན་ལས་འདས་པའི་མདོ་ལས། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་གང་ཟག་དམུས་ལོང་ཞིག་མིག་གསོ་བའི་ཕྱིར་སྨན་པ་མཁས་པ་དག་གི་གན་དུ་སོང་བ་ལས་སྨན་པས་གསེར་གྱི་གྲི་ཐོགས་ཏེ་མིག་གི་རབ་རིབ་ཀྱི་སྤྲིས་མ་བཅད་ནས་མཛུབ་མོ་གཅིག་བསྒྲེངས་ཏེ་བསྟན་ན་ལོང་བ་དེས་མི་མཐོང་ངོ་ཞེས་ཟེར་རོ། །མཛུབ་མོ་གཉིས་སམ་གསུམ་བསྟན་ན་གདོད་ཅུང་ཟད་ཅིག་མཐོང་ཞེས་ཟེར་རོ། །རིགས་ཀྱི་བུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་འདི་མ་གསུངས་ན་བྱང་ཆུབ་སེམས་དཔའ་ཚད་མེད་པ་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ནས་ས་བཅུའི་བར་དུ་གནས་ཀྱང་སངས་རྒྱས་ཀྱི་རང་བཞིན་མི་མཐོང་བ་ནི་དེ་དང་འདྲ་སྟེ་དེ་བཞིན་གཤེགས་པས་གསུངས་ནས་ཅུང་ཟད་ཅིག་མཐོང་བར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་དེ་ལྟར་མཐོང་བར་གྱུར་ནས་འདི་སྐད་ཅེས་སྨྲའོ། །ཤིན་ཏུ་ངོ་མཚར་ཏོ། །བཅོམ་ལྡན་འདས་བདག་ཅག་ནི་བསྐལ་བ་གྲངས་མེད་པའི་བར་དུ་འཁོར་བར་འཁོར་ཏེ་བདག་མེད་པས་ཡོངས་སུ་བསྡུས་པར་གྱུར་ཏོ། །རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པས་ཀྱང་སངས་རྒྱས་ཀྱི་རང་བཞིན་གསལ་བར་མི་མཐོང་ན་ཉན་ཐོས་དང་རང་སངས་རྒྱས་ཀྱིས་མཐོང་བ་ལྟ་སྨོས་ཀྱང་ཅི་དགོས་ཞེས་རྒྱ་ཆེར་གསུངས་སོ། །གསུམ་པ་ཡང་དག་པའི་བླ་མས་བསྟན་ན་དངོས་སུ་མཐོང་ལ་རང་བཞིན་དུ་བར་དོར་རང་སྣང་མངོན་དུ་འཆར་བས་ཀྱང་སྤྲོ་དགའ་བསྐྱེད་པར་རིགས་པ་ནི། སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད་ལས། སེམས་ཅན་ཀུན་གྱི་རང་ལུས་ལ། །ཡེ་ཤེས་དག་པའི་སྣང་བ་གནས། །རྒྱ་ཆེ་སྣང་བར་མ་ནུས་ཏེ། །དཔེར་ན་མངལ་དང་སྒོ་ངའི་རྒྱ། །མངོན་དུ་མི་འབྱུང་བསྒྲིབས་གྱུར་ཀྱང༌། །རང་རྩལ་རྫོགས་ནས་འབྱུང་བ་བཞིན། །རྣམ་དག་ལུས་འདི་བོར་མ་ཐག །རང་སྣང་ཡུལ་དང་འཕྲད་པར་འགྱུར། །ཡེ་ནས་གནས་པའི་རང་རིག་ཉིད། །ངོ་བོ་རྟོག་མེད་མཐོང་བར་འགྱུར། །ཡེ་ཤེས་དག་པའི་སྣང་བ་ལ། །སངས་རྒྱས་བདེན་པ་མཐོང་བར་འགྱུར། །ཞེས་སོ། །དེ་ལྟ་བུའི་གཞི་ལྷུན་གྲུབ་ཀྱི་དཀྱིལ་འཁོར་རམ་བདེ་བར་གཤེགས་པའི་སྙིང་པོ་འདི། འགྲོ་བ་ཀུན་ལ་ཡོད་པའི་དཔེ། དབུལ་པོའི་གཏེར་ཁང་ནང་གི་སས་བསྒྲིབས་པ་ལྟར་སྙིང་པོ་རང་ལ་ཡོད་ཀྱང་ཀུན་གཞིའི་བག་ཆགས་ཀྱིས་བསྒྲིབས་ཏེ་མ་མཐོང་བས། འཁོར་བར་དབུལ་ཕོངས་སུ་གྱུར་པ་དང་། ཡོད་པ་རྟོགས་པས་སངས་རྒྱས་འགྲུབ་པའི་དཔེ། གཏེར་ལྷ་མིག་ཡོད་པས་མཐོང་ནས་འདོན་ཐབས་བསྟན་པས་ཐོན་ཏེ་ཕུན་སུམ་ཚོགས་པ་ལྟར། རང་ལ་སྙིང་པོ་ཡོད་པ་བླ་མས་ངོ་སྤྲད་པ་བཞིན་ཉམས་སུ་བླངས་པས་སངས་རྒྱས་འགྲུབ་པའི་དཔེ་ཡིས་བསྟན་པ་དང་། ཡང་བུམ་ནང་གི་མར་མེའི་དཔེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། ཇི་ལྟར་བུམ་ནང་མར་མེ་ནི། །ཕྱི་རོལ་ཀུན་ཏུ་མི་སྣང་ལྟར། །དེ་བཞིན་ཆོས་ཀྱི་དབྱིངས་འདི་ཡང༌། །འཁོར་བར་འོད་ནི་གསལ་མ་ཡིན། །བུམ་པ་དེ་ཉིད་བཅགས་གྱུར་ན། །ཐམས་ཅད་ཀུན་ཏུ་སྣང་བ་ལྟར། །གང་ཚེ་ཏིང་འཛིན་རྡོ་རྗེ་ཡིས། །སྒྲིབ་པ་ཀུན་ཏུ་བཅོམ་གྱུར་པ། །དེ་ཚེ་ནམ་མཁའི་མཐར་ཐུག་གསལ། །ཞེས་སོ། །ད་དུང་དཔེ་གཞན། པདྨའི་ནང་དུ་བདེ་གཤེགས་ཀྱི་སྐུ་གཟུགས་ཡོད་པ་པདྨས་བཏུམས་ནས་ཕྱི་ནས་མ་མཇལ་བ་དེ། ནམ་ཞིག་པདྨ་ཁ་བྱེ་དུས་རྒྱལ་བའི་སྐུ་གཟུགས་མཐོང་བ་ལྟར། གཟུང་འཛིན་འཁྲུལ་རྟོག་གི་འདབ་མ་ལས་གྲོལ་ཚེ་བྱང་ཆུབ་སྐུ་གསུམ་གྱི་ཡོན་ཏན་རང་ལ་སྣང་བ་ཡིན་ཚུལ། རྒྱུད་བླ་མ་ལས། ཇི་ལྟར་པད་ནང་བདེ་གཤེགས་དབང་པོ་ནི། །ལྷ་མིག་དག་པའི་མི་ཡིས་དེ་མཐོང་ནས། །ཆུ་སྐྱེས་འདབ་མའི་སྦུབས་ནས་འབྱིན་པ་ལྟར། །དེ་ཡི་སྒྲིབ་པ་རབ་ཏུ་སེལ་བ་ཡིན། །ཞེས་གསུངས་སོ།།

༼ཁ༽ ཁྱབ་ཆོས་བྱེ་བྲག་ཏུ་བཤད་པ།

༼ཀ སྙིང་པོའི་ཡེ་ཤེས་དེ་ཉིད་ལ་སྐུ་ལྔ་ཡེ་ནས་གནས་ཚུལ།

དེ་ཡན་གྱིས་གཞི་རྒྱུད་བདེ་གཤེགས་སྙིང་པོས་སེམས་ཅན་ཡོངས་ལ་ཁྱབ་ཚུལ་བསྟན་ནས། སྤྱི་དོན་གཉིས་པ་ཁྱབ་ཆོས་བདེ་གཤེགས་སྙིང་པོའམ་སངས་རྒྱས་ཀྱི་སྙིང་པོ་བྱེ་བྲག་ཏུ་བཤད་པ་ལ་དྲུག་སྟེ། སྙིང་པོའི་ཡེ་ཤེས་དེ་ཉིད་ལྔ་ཚན་དྲུག་གིས་བསྟན་པ་ལ་སྐུ་ལྔ་དང༌། ཡེ་ཤེས་ལྔ་དང༌། འོད་ལྔ་དང༌། རིགས་ཀྱི་ཆོས་ལྔ་དང༌། ཡེ་ཤེས་ཀྱི་རླུང་ལྔ་དང༌། ངོ་བོ་རང་བཞིན་ཐུགས་རྗེའི་ཆོས་ལྔ་སྟེ་ལྔ་ཚན་དྲུག་དེ་ཡེ་ནས་གནས་པའི་རྟགས་སུ་མ་དག་པའི་སྣང་བ་ལ་ཉོན་མོངས་པ་ལྔ་དང༌། ཕུང་པོ་ལྔ་དང༌། འབྱུང་བ་ལྔ་དང༌། དབང་པོ་ལྔ་དང༌། འདོད་ཡོན་ལྔ་དང༌། སྒོ་གསུམ་རང་བཞིན་གྱི་ཆོས་ལྔར་གནས་ཏེ། དག་པའི་གནས་སྐབས་ཀྱི་གོང་གི་ལྔ་ཚན་དྲུག་པོ་དེ། མ་དག་པའི་གནས་སྐབས་འདིའི་ལྔ་ཚན་དྲུག་གིས་གནས་པ་ནི། གོ་སླ་བར་བཤད་ན་འདིར་དབྱར་ཁ་ཆུ་ཡོད་པ་ནི། དེའི་རྟགས་དགུན་དུས་དར་ཆགས་པས་ཤེས་པ་དང་འདྲའོ། །མུ་ཏིག་ཕྲེང་བ་ལས། དེ་ལྟར་སྙིང་པོ་དེ་ཉིད་ལ། །སྐུ་ལྔ་ཡེ་ཤེས་ལྔ་དང་ནི། །འོད་ལྔ་ཁ་དོག་རྣམ་པ་ལྔ། །ཆོས་ལྔ་ཡེ་ཤེས་རླུང་ལྔ་ཉིད། །ངོ་བོ་ལྔ་དང་རང་བཞིན་ལྔ། །ཐུགས་རྗེ་ལྔ་ཡིས་ཀུན་ལ་ཁྱབ། །ཅེས་སོ། །དང་པོ་རིག་པའི་ཡེ་ཤེས་ཡེ་ཤེས་ཞེས་པའི་ངེས་ཚིག་ནི། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། ཡེ་ནི་གནས་པའི་དོན་ཉིད་ལ། །ཤེས་པས་མངོན་དུ་གྱུར་ནས་ནི། །ཆོས་རྣམས་ཟད་པའི་སར་ཕྱིན་པའོ། །ཞེས་དང་། གཞན་ཡང་རྒྱུད་ལས། ཡེ་ནས་གནས་པས་ཡེ་ཞེས་བྱ། །ཐམས་ཅད་ཤེས་པས་ཤེས་ཞེས་བྱ། །ཞེས་གསུངས་སོ། །དེ་ལ་དབྱེ་ན། གཞི་གནས་ཀྱི་ཡེ་ཤེས། མཚན་ཉིད་འཛིན་པའི་ཡེ་ཤེས། ཡུལ་ལ་ཁྱབ་པའི་ཡེ་ཤེས་དང་གསུམ་དུ་འདུས་སོ། །གཞི་གནས་ཀྱི་ཡེ་ཤེས་ནི། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་མོ། །ངོ་བོ་ཀ་དག་གི་ཡེ་ཤེས་ཡོད་མེད་ཀྱི་མཐའ་ལས་འདས་པ་ནམ་མཁའ་ལྟ་བུ། རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་ཡེ་ནས་ཡོན་ཏན་རྫོགས་པས་རྩལ་དང་འཆར་བའི་གཞིར་གྲུབ་པ་འདོད་འབྱུང་གི་ནོར་བུ་ལྟ་བུ། དེ་ཡང་དངོས་མཚན་གྱིས་སྟོང་བ། ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་རང་གི་ངོ་ཁ་ན་མེད་ཀྱང་འཆར་བའི་གཞི་དང་འཕྲོ་བའི་རྩ་བ་བྱེད་པའོ། །མཚན་ཉིད་འཛིན་པའི་ཡེ་ཤེས་ནི། ཆོས་དབྱིངས་ཡེ་ཤེས་སོགས་ལྔའོ། །མཚན་ཉིད་ཇི་ལྟར་འཛིན་ན། རྟོག་མེད་དེ་ཆོས་དབྱིངས་ཡེ་ཤེས། འགག་མེད་དུ་གསལ་བ་མེ་ལོང་ཡེ་ཤེས། མ་འདྲེས་ཡོངས་སུ་རྫོགས་པ་མཉམ་ཉིད་ཡེ་ཤེས། ཇི་བཞིན་རྟོག་པ་སོར་རྟོག་ཡེ་ཤེས། ཆོས་རྣམས་ཐམས་ཅད་ཀུན་ཡོངས་སུ་རྫོགས་པ་བྱ་གྲུབ་ཡེ་ཤེས་སོ། །ཡུལ་ལ་ཁྱབ་པའི་ཡེ་ཤེས་ནི། ཐུན་མོང་གི་དབང་དུ་བྱས་ན་ཇི་ལྟ་ཇི་སྙེད་ཀྱི་ཡེ་ཤེས་གཉིས་ལ་བཞག་ཅིང་། ཐུན་མིན་ལྟར་ན་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་ལ་སོགས་པ་ལ་བཤད་པ་ཡང་ཡོད་ལ། ཐུན་མོང་གི་དབང་དུ་བྱས་ཏེ་ཇི་ལྟ་ཇི་སྙེད་ཀྱི་ཡེ་ཤེས་གཉིས་ལྟར་བཤད་ན། དེ་ཡང་ཐུགས་རྗེའི་ཆ་ལ་ཤེས་པས་བསྡུས་པའི་ཡེ་ཤེས་དང་། ཤེས་བྱས་བསྡུས་པའི་ཡེ་ཤེས་གཉིས་ཀྱི་དབྱེ་བ་ཡོད་པ་ལས་འདི་ཤེས་བྱས་བསྡུས་པའི་ཡེ་ཤེས་ཡིན་ཟེར་དགོས། དེ་ཇི་ལྟར་ཡིན་ན་ཇི་སྙེད་པ་ཤེས་བྱའི་རྣམ་པ་ལ་ཅིར་སྣང་ཐམས་ཅད་སོ་སོར་མ་འདྲེས་པར་མཁྱེན་པ་ཇི་སྙེད་མཁྱེན་པའི་ཡེ་ཤེས། ཇི་ལྟ་བ་ཤེས་བྱའི་གནས་ལུགས་སྤྲོས་བྲལ་ནམ་མཁའ་ལྟ་བུ་མཁྱེན་པ་ཇི་ལྟ་མཁྱེན་པའི་ཡེ་ཤེས་སོ། །དེ་ལྟ་བུའི་རིག་པའི་ཡེ་ཤེས་དེ་རྣམ་པར་སྣང་མཛད། མི་བསྐྱོད་པ། རིན་ཆེན་འབྱུང་ལྡན། སྣང་བ་མཐའ་ཡས། དོན་ཡོད་གྲུབ་པ་དང་སྐུ་ལྔར་གནས་པ་ནི། དེ་ཡང་རིག་པའི་ཡེ་ཤེས་ཀྱི་གཤིས་དེར་དྲི་མ་གཏན་ནས་ཞུགས་མ་མྱོང་བས་འོད་གསལ་བ་ཞེས་བྱ་ལ། དྲི་མའི་མུན་པ་དང་བྲལ་བ་དེ་འོད་གསལ་བ་རང་གི་ངོ་བོ། དེ་ལྟ་བུའི་རང་ཡུལ་ཆོས་ཉིད་ཀྱི་རྣམ་པ་དེ་ལས་ཡེ་གདངས་ལྷུན་གྲུབ་ཏུ་སྣང་བར་མཛད་པའམ་རིག་པའི་ངོ་བོ་དེ་ནང་དབྱིངས་ལྷུན་གྲུབ་ཀྱི་རྣམ་པར་སྣང་པས་རྣམ་པར་སྣང་མཛད་ཀྱི་སྐུར་བྱུང༌། རིག་པའི་ཡེ་ཤེས་ལ་འཕོ་འགྱུར་གཞོམ་གཞིག་མེད་པས་རྡོ་རྗེ་ལྟར་མི་བསྐྱོད་ཅིང་འཕོ་འགྱུར་མེད་པས་མི་བསྐྱོད་པའི་སྐུར་བྱུང༌། རིག་པའི་ཡེ་ཤེས་ལ་འོད་གསལ་གྱི་འཕེལ་ཆའི་ཡོན་ཏན་རང་ཆས་སུ་ཡེ་ནས་ཡོད་པས་ཉམས་སུ་བླང་དུས་རིན་པོ་ཆེ་དགོས་འདོད་ཀུན་འབྱུང་ལྟར་ཟད་མེད་ཀྱི་དངོས་གྲུབ་དང་། ཡོན་ཏན་འབྱུང་བས་ཡོན་ཏན་རིན་པོ་ཆེའི་ཚོགས་ཀྱི་གཏེར་གོང་འཕེལ་དུ་སྣང་བའི་ཕྱིར་རིན་ཆེན་འབྱུང་ལྡན་གྱི་སྐུར་བྱུང༌། རིག་པའི་ཡེ་ཤེས་ལ་རང་བབས་གདངས་ཀྱི་སྣང་བ་ཚད་གཟུང་དུ་མེད་པའི་འོད་མཐའ་ཡས་པ་ཞིག་ཡོད་པས་སྣང་བ་མཐའ་ཡས་ཀྱི་སྐུར་བྱུང༌། རིག་པའི་ཡེ་ཤེས་ཉིད་ཡེ་ནས་སངས་རྒྱས་པའི་ཆོས་ཉིད་དུ་རིག་པའི་ཡེ་ཤེས་ཀྱི་དོན་ཉམས་སུ་བླངས་པས་ཡེ་ནས་སངས་རྒྱས་སུ་གྲུབ་པ་རང་ལ་རྫོགས་པར་སྣང་བ་དོན་གཉིས་ལྷུན་གྲུབ་ཏུ་ངེས་པ་དོན་ཡོད་གྲུབ་པ་བྱ་བ་ཀུན་རྫོགས་པའི་རང་བཞིན་གྱི་སྐུར་བྱུང་བའོ། །དེ་ལྟར་རིག་པ་ལ་སྐུ་ལྔ་མ་རྫོགས་ན་ད་ལྟར་ཕུང་པོ་ལྔ་ཤར་བ་མི་སྲིད་པས་སྐུ་ལྔ་ཡེ་ནས་ཡོད་པས་ད་ལྟ་ཕུང་པོ་ལྔ་ཤར་བ་སྟེ། རང་ཤར་ལས། གྲོལ་བའི་ཕུང་པོ་སངས་རྒྱས་སྐུ། །ཞེས་པ་དང༌། གསང་སྙིང་ལས། རྡོ་རྗེ་ཕུང་པོའི་ཡན་ལག་རྣམས། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །ཞེས་པ་དང༌། བདུད་རྩི་མངོན་པར་འབྱུང་བའི་རྒྱུད་ལས། གཟུགས་ཕུང་རྣམ་པར་སྣང་མཛད་དེ། །ཚོར་བ་རིན་ཆེན་འབྱུང་ལྡན་ནོ། །འདུ་ཤེས་སྣང་བ་མཐའ་ཡས་ཉིད། །འདུ་བྱེད་དོན་ཡོད་གྲུབ་པ་སྟེ། །རྣམ་པར་ཤེས་པ་མི་བསྐྱོད་པ། །ཞེས་སོ།།

༼ཁ སྙིང་པོའི་ཡེ་ཤེས་དེ་ཉིད་ལ་ཡེ་ཤེས་ལྔ་ཡེ་ནས་གནས་ཚུལ།

གཉིས་པ་ཡེ་ཤེས་ལྔར་ཡང་ཡེ་ནས་གནས་ཏེ། རིག་པ་ཉིད་ལ་ཆོས་སྤྱི་དང་རང་གི་གཟུགས་བརྙན་གསལ་བས་མེ་ལོང་ལྟ་བུའི་ཡེ་ཤེས། རིག་པ་ཉིད་བཟང་ངན་དང་ཆེ་ཆུང་ལ་སོགས་མེད་པས་ནམ་མཁའ་དང་ནོར་བུ་ལྟར་མཉམ་པས་མཉམ་པ་ཉིད་ཀྱི་ཡེ་ཤེས། རིག་པ་ལ་ཆོས་རྣམས་དང་དབང་པོའི་བྱེ་བྲག་མ་འདྲེས་པར་གསལ་བས་སོ་སོར་རྟོག་པའི་ཡེ་ཤེས། རིག་པ་ཉིད་ཐོགས་རྡུགས་མེད་པར་རང་གྲོལ་བས་བྱ་བ་གྲུབ་པའི་ཡེ་ཤེས། རིག་པ་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །རིག་པའི་གཤིས་འདིར་དྲི་མ་གཏན་ནས་ཞུགས་མ་མྱོང་བའི་འོད་གསལ་བ། ཅིར་ཡང་འཆར་དུ་རུང་བ། ཅིར་ཡང་འཆར་དུ་བཏུབ་པ། གང་ལྟར་ཤར་ཡང་ཤར་བའི་གོ་མི་འགག་པ། དྭངས་གསལ་རྙོག་མ་དང་བྲལ་བ་ཞིག་ཡིན་པས་རིག་པ་དྲི་མེད་ཡིན་པའི་ཆ་ནས་མེ་ལོང་ཡེ་ཤེས། རིག་པའི་རང་བཞིན་འོད་གསལ་བའི་ཡེ་ཤེས་དེ་དང་། དེའི་གདངས་དང་། རྩལ་དང་། རོལ་བ་ཐམས་ཅད་ཀ་དག་རིག་པའི་ཀློང་དུ་དབྱེར་མི་ཕྱེད་པ་ཞིག་ཡིན་པས་མཉམ་ཉིད་ཡེ་ཤེས། རིག་པ་དེ་དྭངས་གསལ་ཤིན་ཏུ་ཕྲ་བའི་ཡེ་ཤེས་ཡིན་ལ། དེས་ཆོས་ཐམས་ཅད་ཀྱི་མཚན་ཉིད་དང་། གང་ཟག་སོ་སོའི་བློའི་དབང་པོ་མ་འདྲེས་མ་ནོར་བར་མངོན་སུམ་དུ་རྟོགས་པའི་རྩལ་འབར་བ་དེ་སོ་སོར་རྟོག་པའི་ཡེ་ཤེས། རིག་པ་རང་གསལ་གྱི་ཡེ་ཤེས་དེ་སྐྱོན་མ་སྤངས་རང་གྲོལ་ཡིན་པ་དང་། ཡོན་ཏན་མ་བཙལ་ལྷུན་རྫོགས་ཡིན་པ་དང་། སེམས་ཅན་གྱི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བའི་འཕྲིན་ལས་ཆེན་པོ་དེས་ལས་དང་བྱ་བ་ཐམས་ཅད་རང་ཤུགས་ཀྱིས་འགྲུབ་པས་ན་བྱ་གྲུབ་ཡེ་ཤེས། གཉུག་མ་གཤིས་ཀྱི་བཞུགས་ཚུལ་རྒྱུ་རྐྱེན་རྩོལ་བ་ལས་འདས་པ་གང་ཡིན་པ་དེ་འཁོར་འདས་ཐམས་ཅད་ཀྱི་དབྱིངས་སུ་གཅིག་པ་ཆོས་དབྱིངས་ཡེ་ཤེས། དེ་ལྟར་ཡེ་ཤེས་ལྔ་ཡེ་ནས་རིག་པ་ལ་ཡོད་པས་ད་ལྟ་ཉོན་མོངས་པ་ལྔར་ཤར་བ་སྟེ། རྩལ་རྫོགས་ལས། ཉོན་མོངས་ལྔ་ལ་ཡེ་ཤེས་ལྔ། །ཞེས་པ་དང༌། རིན་པོ་ཆེ་སྤུངས་པ་ལས། བདག་རྟོག་བཅིངས་པའི་ཉོན་མོངས་ལྔ། །ཡེ་ནས་རིག་པ་རང་ཤར་བས། །ཡེ་ཤེས་ཡིན་པ་ཞལ་མ་འཚོ། །ཞེས་པ་དང༌། བདེ་ཆེན་སྒེག་པ་མཱ་མ་ཀཱིའི་རྒྱུད་ལས། གཏི་མུག་ཆོས་དབྱིངས་ཡེ་ཤེས་ཏེ། །ཞེ་སྡང་མེ་ལོང་ཡེ་ཤེས་ཆེ། །ང་རྒྱལ་མཉམ་ཉིད་ཡེ་ཤེས་ཉིད། །འདོད་ཆགས་ཀུན་རྟོག་ཡེ་ཤེས་ལ། །ཕྲག་དོག་བྱ་གྲུབ་ཡེ་ཤེས་སོ། །ཞེས་སོ།།

༼ག སྙིང་པོའི་ཡེ་ཤེས་དེ་ཉིད་ལ་འོད་ལྔ་ཡེ་ནས་གནས་ཚུལ།

གསུམ་པ་འོད་ལྔ་ནི། འོད་ནི་ཡེ་ཤེས་ཀྱི་རང་གདངས་ཡིན་ལ། དེ་ལ་ཡང་ནང་གསལ་ཕྲ་བ་གཏིང་གསལ་ཁ་དོག་ལས་འདས་པའི་འོད་དང་། ཕྱིར་གསལ་རགས་པ་ཁ་དོག་འཛིན་པའི་འོད་དང་གཉིས་སུ་ཡོད་ཅིང་། དང་པོ་ནང་གསལ་ཕྲ་བའི་འོད་ནི། ཀ་དག་གི་དབྱིངས་ལྷུན་གྲུབ་ཀྱི་རང་གདངས་ཤེལ་གྱི་ནང་འོད་རྐྱེན་དང་མ་ཕྲད་པ་ལྟར་གཞི་རང་བྱུང་གི་རིག་པའི་དབྱིངས་རུམ་ན་གནས་པའོ། །འདི་ནི་འོད་རྣམས་ཀྱི་འཆར་གཞི་དང་མཐར་ཐུག་གི་ཟད་ས་གཉིས་ཀའོ། །འདི་ནས་གསུངས་པ་ནི། འོད་ལྔ་ཤར་དང་འཆར་རུང་གི་ཚུལ་ཅན་ཞིག་ལ་གོ་དགོས། འོད་ལྔ་ནི། སྔོ་སེར་དཀར་དམར་རྩ་བའི་ཁ་དོག་བཞིའི་སྟེང་དུ་ལྗང་གུ་སྣ་ཚོགས་མདོག་ཅན་བསྣན་པ་དང་ལྔའོ། །རྩ་བའི་ཁ་དོག་བཞི་བོ་ལས་བཞིའམ་རིགས་བཞིའི་ཁ་དོག་དང་། ལྗང་གུ་སྣ་ཚོགས་འདྲེས་པའི་མདོག་ནི། ལས་ཐམས་ཅད་འགྲུབ་པའི་བྱ་གྲུབ་ཡེ་ཤེས་ཀྱི་ཁ་དོག་གོ རིགས་པ་ལ་ལས་དང་ཉོན་མོངས་པ་གང་གིས་ཀྱང་མ་གོས་པར་དཀར་པོ་ལྟར་ཡང་བྱུང༌། ཡོན་ཏན་ཡེ་ནས་རྫོགས་པས་སེར་པོ་དང༌། མ་བཙལ་བཞག་པའི་དབང་བཞི་རང་ལ་རྫོགས་པས་དམར་པོ་དང༌། གཡོ་རྩོལ་ལས་འདས་པས་ལྗང་གུ་དང༌། འགྱུར་བ་མེད་པས་མཐིང་ག་ལྟར་བྱུང་བའོ། །ལས་བཞི་དང་བསྟུན་ན་འོད་གསལ་ལ་དྲི་མ་མེད་པས་ཞི་བའི་ཁ་དོག་དཀར་བོ། ཡོན་ཏན་རྫོགས་པ་རིན་པོ་ཆེའི་རིགས་རྒྱས་པའི་ཁ་དོག་སེར་བོ། མ་བཙལ་བཞག་པ་རང་བཞག་བློ་འདས་དབང་བཞི་ཡོངས་རྫོགས་དབང་དུ་བྱེད་པའི་ཁ་དོག་དམར་བོ། གཡོ་རྩོལ་མེད་པ་བྱ་རྩོལ་བྲལ་བ་ལས་བཞི་ལྷུན་གྲུབ་ཀྱི་ཁ་དོག་ལྗང་གུ། ནམ་མཁའི་མདོག་ལྟར་འགྱུར་བ་མེད་པ་མཐིང་ཁའོ། །དེ་ལྟར་འོད་ལྔ་ཡོད་པས་ད་ལྟ་འབྱུང་བ་ལྔར་ཤར་བ་སྟེ། གསེར་ཕྲེང་ལས། མཐིང་ག་དཀར་པོ་སེར་ལེ་བརྒན། །ལྗང་གུ་ལྔ་ལ་བདག་བཟུང་བས། །ནམ་མཁའ་ཆུ་བོ་ས་དང་མེ། །རླུང་ལྔའི་འབྱུང་བར་རང་ཤར་རོ། །ཞེས་སོ། །དང་པོ་འཁྲུལ་བའི་གནས་སྐབས་སུ། སེར་པོ་ས་རུ་མཐོང་། དཀར་བོ་ཆུ་རུ་མཐོང་། དམར་བོ་མེ་རུ་འཁྲུལ། ལྗང་གུ་རླུང་དུ་འཁྲུལ། མཐིང་ཁ་ནམ་མཁའ་ལ་འཁྲུལ་ནས་ནང་འབྱུང་ཕྱི་འབྱུང་དུ་ཇེ་རགས་སུ་སོང་ཞིང་། མཐར་འཆི་བའི་གནས་སྐབས་སུ་ཡང་འབྱུང་བ་ལུགས་ལྡོག་ཏུ་དེ་ལྟར་སྡུད་པ་ཡིན། དེ་དག་ཀྱང་ཡུམ་ལྔའི་དག་པར་སྦྱར་ཏེ། གསང་སྙིང་ལས། ས་ཆུ་སྤྱན་དང་མཱ་མ་ཀཱི། །མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་མ་ལུས་ཆོས་སོ་ཅོག །ཐམས་ཅད་མ་ལུས་སངས་རྒྱས་ཞིང༌། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །བཙལ་ཡང་རྒྱལ་བས་མི་རྙེད་དོ། །ཞེས་སོ། །ས་སངས་རྒྱས་སྤྱན་མ། ཆུ་མཱ་མ་ཀཱི། མེ་གོས་དཀར་མོ། རླུང་དམ་ཚིག་སྒྲོལ་མ། ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། སྲིད་གསུམ་བརྟན་དང་གཡོ་བ་སངས་རྒྱས་ཀྱི་ཞིང་དང་། སངས་རྒྱས་ལས་གཞན་པའི་ཆོས་དག་མཉམ་བདེན་པ་དབྱེར་མེད་ཀྱི་ངོ་ན་མི་དམིགས་པའོ།།

༼ང སྙིང་པོའི་ཡེ་ཤེས་དེ་ཉིད་ལ་རིགས་ཀྱི་ཆོས་ལྔ་ཡེ་ནས་གནས་ཚུལ།

ལྔ་ཚན་བཞི་བ་དེ་བཞིན་གཤེགས་པའི་རིགས། རྡོ་རྗེའི་རིགས། རིན་པོ་ཆེའི་རིགས། པདྨའི་རིགས། ལས་ཀྱི་རིགས་དང་ལྔ་ནི། སྔར་འདས་པའི་སངས་རྒྱས་ཀྱང་རིག་པ་ཉིད་གཟིགས་པས་སངས་རྒྱས་པ་དེ་བཞིན་དུ་སངས་རྒྱས་ཀྱི་སར་གཤེགས་པས་དེ་བཞིན་གཤེགས་པའི་རིགས་སོ། །རིག་པ་ཉིད་འགྲོ་བ་གང་དུ་སྐྱེས་པའི་དུས་ནའང་འཕོ་འགྱུར་མེད་པས་རྡོ་རྗེའི་རིགས་སོ། །རིག་པ་ཡོན་ཏན་ལྷུན་གྲུབ་ཏུ་ཡོད་པས་རིན་པོ་ཆེའི་རིགས་སོ། །འཁོར་བར་གནས་ཀྱང་སྐྱོན་གྱིས་མ་གོས་པས་པདྨའི་རིགས་སོ། །རིག་པ་ལ་ཕྲིན་ལས་ལྷུན་གྲུབ་ཏུ་ཡོད་པས་ལས་ཀྱི་རིགས་སོ། །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་ཆོས་ཉིད་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་མ་ནོར་མ་འཁྲུལ་བར་མཁྱེན་ཅིང་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་དེ་ཉིད་ལམ་དུ་བྱེད་པས་དེ་བཞིན་གཤེགས་པའི་རིགས། རིག་པའི་རང་ངོ་དེ་ཡར་སངས་རྒྱས་ཀྱི་དུས་སུ་ཇེ་བཟང་དུ་མ་སོང་མར་འཁོར་བའི་གནས་སྐབས་སུ་ཇེ་ངན་དུ་མ་སོང་བར་འགྱུར་བ་མེད་པ་རྡོ་རྗེ་ལྟར་སྐྱེ་འགག་འཕོ་འགྱུར་དང་བྲལ་བས་རྡོ་རྗེའི་རིགས། རིག་པའི་སྣང་ཆའི་ཕྱོགས་ནས་ལྷུན་གྲུབ་ཡོན་ཏན་རྒྱ་མཚོའི་བདག་ཉིད་དགོས་འདོད་ཟད་མེད་ཀྱི་གཏེར་ཆེན་པོ་ཡིན་པས་ན་རིན་པོ་ཆེའི་རིགས། རིག་པ་ལྷུན་གྲུབ་ཆེན་པོའི་སྣང་ཆ་ལ་དག་དང་མ་དག་གང་ཤར་ཡང་རིག་པ་རང་གི་གཤིས་ལ་གོས་མ་མྱོང་བ་མེ་ཏོག་པདྨ་འདམ་དུ་སྐྱེས་ཀྱང་འདམ་གྱིས་མ་གོས་པ་དང་འདྲ་བ་པདྨའི་རིགས། རིག་པ་ལྷུན་གྲུབ་ཆེན་པོ་དེ་ལས་དང་བྱ་བ་རང་གྲུབ་ཏུ་ཡོད་པས་ལས་ཀྱི་རིགས་སོ། །དེ་ལྟར་རིགས་ལྔར་ཡེ་ནས་ཡོད་པས་ད་ལྟ་དབང་པོ་ལྔ་མཚོན་བྱེད་དུ་ཤར་བ་སྟེ། རྡོ་རྗེ་མེ་ལོང་ལས། མིག་ནི་རྡོ་རྗེའི་རིགས་སུ་བཤད། །རྣ་བ་དོན་ཡོད་ལས་ཀྱི་རིགས། །སྣ་ནི་པདྨའི་རིགས་ཆེན་པོ། །དེ་བཞིན་ལྕེ་ནི་རིན་ཆེན་རིགས། །ལུས་ནི་བདེ་གཤེགས་རིགས་སུ་བཤད། །ཅེས་སོ། །དོན་གྱི་དག་པ་སྦྱར་བའོ།།

༼ཅ སྙིང་པོའི་ཡེ་ཤེས་དེ་ཉིད་ལ་ཡེ་ཤེས་ཀྱི་རླུང་ལྔ་ཡེ་ནས་གནས་ཚུལ།

ལྔ་པ་རླུང་ལྔ་ནི། མེ་མཉམ། སྲོག་འཛིན། ཁྱབ་བྱེད་གསུམ་དང་། དྭངས་སྙིགས་འབྱེད་པའི་རླུང་དང་། སྙིང་རྗེ་མེད་པ་བསྐལ་བ་ལས་ཀྱི་རླུང་ཐ་མ་དབུགས་སྡུད་པའམ་སྲོག་སྡུད་པ་དེ་ཉིད་དང་ལྔའོ། །ཡུལ་ཉེ་བར་སྤྱོད་པ་འདོད་ཡོན་ལྔར་སྦྱར་བ་སྟེ། རྒྱས་པར་སྔར་རྡོ་རྗེའི་གནས་གཉིས་པ་འཁྲུལ་ཚུལ་གྱི་སྐབས་སུ་བསྟན་ལ་ད་དུང་འདི་ནས་ལྔ་ཚན་གྱི་དབང་དུ་བྱས་ནས་ཅུང་ཟད་བཤད་ན་རིག་པ་ཡེ་ཤེས་ཀྱི་དྲོད་འབེབས་པའི་ཕྱིར་མེ་དང་མཉམ་པའི་རླུང་ཞེས་བྱའོ། །འཁོར་འདས་ཀྱི་སྲོག་འཛིན་པས་སྲོག་འཛིན་པའི་རླུང་ངོ༌། །ཡེ་ཤེས་ཀྱི་འོད་ལྔ་རང་ཆས་སུ་ཡོད་པས་བཀྲག་དང་གཟི་མདངས་བསྐྱེད་པའི་རླུང་ངོ༌། །ཡང་དག་པའི་སར་སྐྱེལ་བས་སྐྱོད་བྱེད་ཀྱི་རླུང་ངོ༌། །འཁོར་བ་མྱང་འདས་སུ་སྒྲོལ་བས་སྙིང་རྗེ་མེད་པ་བསྐལ་བ་ལས་ཀྱི་རླུང་ངོ༌། །རིག་པའི་ཡེ་ཤེས་ཀྱི་སྣང་བ་འདིས་ཡེ་ཤེས་ཀྱི་དྲོད་བཅུད་འབེབས་ཤིང་སྨིན་པར་བྱེད་པས་ན་མེ་མཉམ་གྱི་རླུང་། སྨིན་པར་བྱེད་པའི་བདག་ཉིད་ཅན་ནོ། །འཁོར་འདས་གཉིས་ཀྱི་འཆར་གཞིའི་སྲོག་འཛིན་པས་སྲོག་འཛིན་གྱི་རླུང་། ཡེ་ཤེས་ཀྱི་རླུང་སྟོབས་སུ་གྱུར་བའི་ཆ་ནས་སྐྱེད་བྱེད་ཀྱི་རླུང་ངམ་དྭངས་སྙིགས་འབྱེད་པའི་རླུང་། འཁོར་འདས་ཀུན་ལ་ཁྱབ་ཅིང་སྙོམས་པས་ན་སྐྱོད་བྱེད་དང་ཁྱབ་བྱེད་ཡིན་པས་ན་ཁྱབ་བྱེད་ཀྱི་རླུང་། ལས་རླུང་གི་རྒྱུ་བ་བཅད་ནས་མྱང་འདས་ཀྱི་སར་སྒྲོལ་བ་བྱེད་པས་ན་སྙིང་རྗེ་མེད་པ་བསྐལ་བ་ལས་ཀྱི་རླུང་ངོ་། །དེ་སྐད་དུའང་རང་ཤར་ལས། དེ་ལྟར་རླུང་ལྔའི་རང་བཞིན་དུ། །སེམས་ཅན་ཀུན་ལ་གནས་པའོ། །ཞེས་དང༌། ཡང་དག་པའི་ས་ལ་སྐྱོད་པར་བྱེད་པའི་ཕྱིར་ན་སྐྱོད་བྱེད་ཀྱི་རླུང་ཞེས་བྱའོ། །དག་པ་ཡེ་ཤེས་ཀྱི་སྲོག་འཛིན་པའི་ཕྱིར་ན་སྲོག་འཛིན་པའི་རླུང་ཞེས་བྱའོ། །ཡེ་ཤེས་ཀྱི་འོད་ལྔ་རང་ཆས་སུ་ཡོད་པའི་ཕྱིར་ན་བཀྲག་དང་གཟི་མདངས་བསྐྱེད་པའི་རླུང་ཞེས་བྱའོ། །ཤེས་རབ་ཀྱིས་ཡང་དག་པའི་དབྱིངས་སུ་སྒྲོལ་ནུས་པའི་ཕྱིར་ན་སྙིང་རྗེ་མེད་པ་བསྐལ་བ་ལས་ཀྱི་རླུང་ཞེས་བྱའོ། །ཡེ་ཤེས་ཀྱི་སྣང་བ་དང་འདུ་འབྲལ་མེད་པའི་ཕྱིར་ན་མེ་དང་མཉམ་དུ་གནས་པའི་རླུང་ཞེས་བྱའོ་ཞེས་སོ།།

༼ཆ སྙིང་པོའི་ཡེ་ཤེས་དེ་ཉིད་ལ་ངོ་བོ་རང་བཞིན་ཐུགས་རྗེའི་ཆོས་ལྔ་ཡེ་ནས་གནས་ཚུལ།

ལྔ་ཚན་དྲུག་པ་ངོ་བོ་རང་བཞིན་ཐུགས་རྗེའི་ཆོས་ལྔ་ནི། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ཆོས་ལོངས་སྤྲུལ་གསུམ་དང་སྦྱར་ནས་རེ་རེ་ལ་ཆོས་ལྔ་ཚང་བར་བསྟན་པའོ། །དེ་དག་གི་དོན་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་གཞི་གནས་ཀྱི་ཡེ་ཤེས་སྐུ་གསུམ་དུ་བསྡུ་བ་སྟེ། ངོ་བོ་ལྔ་ནི་འཆར་གཞི་ལྔའི་སྐུ་ཆོས་ལོངས་སྤྲུལ་གསུམ་མི་འགྱུར་རྡོ་རྗེ་མངོན་པར་བྱང་ཆུབ་ལྔ་དང་སྦྱོར་ལ། རང་བཞིན་ལྔ་ནི་འོད་ལྔའི་སྣང་བ་ལོངས་སྐུའི་ཞིང་སྣང་དང་སྦྱོར་ཞིང་ཐུགས་རྗེ་ལྔ་ནི་ཡེ་ཤེས་ལྔ་དང་སྦྱོར་བས་སངས་རྒྱས་ཀྱི་སར་རང་བཞིན་ཤུགས་ཀྱི་ཐུགས་རྗེ། རྐྱེན་ཡུལ་དང་འཕྲད་པའི་ཐུགས་རྗེ། བསྐུལ་ཞིང་གསོལ་བ་བཏབ་པའི་ཐུགས་རྗེ། མཛད་པ་སྣ་ཚོགས་ཀྱི་ཐུགས་རྗེ། གདུལ་བྱ་མི་འགྱུར་གྱི་ཐུགས་རྗེ་དང་ལྔར་འཆར་བ་ནི་ད་ལྟ་རིག་པའི་ཡེ་ཤེས་ལ་འཆར་གཞིའི་ཆ་ལྷུན་གྲུབ་ཏུ་ཡོད་པའི་ཆ་ལས་བྱུང་བའོ། །འཆར་གཞིའི་ཆ་ད་ལྟ་ནས་མེད་ན་སྣང་མི་ཐུབ་ཅིང་སྣང་དོན་མེད་དོ། །རང་བཞིན་ཤུགས་ཀྱི་ཐུགས་རྗེ་ནི་རྒྱུན་ཆད་མེད་པ་ཆུ་བོའི་གཞུང་ལྟ་བུ། རྐྱེན་ཡུལ་དང་འཕྲད་པའི་ཐུགས་རྗེ་མེ་ཤེལ་དང་ཉི་མའི་འོད་མདངས་ཀྱིས་རྩ་ཕུང་སྐམ་པོ་མེ་ལ་བསྲེགས་པ་ལྟ་བུ། བསྐུལ་ཞིང་གསོལ་བ་བཏབ་པའི་ཐུགས་རྗེ་གདུང་བའི་བུ་ཆུང་གིས་མ་ལ་བོས་པ་ལྟ་བུ། མཛད་པ་སྣ་ཚོགས་ཀྱི་ཐུགས་རྗེ་དགོས་འདོད་ཡིད་བཞིན་ནོར་བུ་ལ་གསོལ་བ་བཏབ་པ་ལྟ་བུ། གདུལ་བྱ་མི་འགྱུར་གྱི་ཐུགས་རྗེ་རྒྱ་མཚོ་ཆེན་པོའི་དུས་རླབས་ལ་འགྱུར་བ་མེད་པ་ལྟ་བུའོ། །རིག་པ་ཉིད་འབྱེད་པར་བྱེད་པའི་ཤེས་རབ། སྡུད་པའི་ཤེས་རབ། ཁྱབ་བྱེད་ཀྱི་ཤེས་རབ། སྐྱོད་པར་བྱེད་པའི་ཤེས་རབ། སྒྲོལ་བར་བྱེད་པའི་ཤེས་རབ་དང་ཤེས་རབ་ལྔར་ཡང་གནས་ཏེ། འབྱེད་པར་བྱེད་པའི་ཤེས་རབ་ཏུ་གནས་པས་སྣང་བ་དང་ཤེས་པའི་ཆོས་ཐ་དད་དུ་འབྱེད། སྡུད་པའི་ཤེས་རབ་ཏུ་ཡོད་པས་ཐམས་ཅད་རང་ལ་རྫོགས། སྣང་ཤེས་ཀུན་ལ་ཁྱབ་པས་ཁྱབ་བྱེད་ཀྱི་ཤེས་རབ་ཏུ་བྱུང༌། ཡེ་ཤེས་ཀྱི་རླུང་ལ་བརྟེན་ནས་རིག་པ་མཁའ་ལ་བསྐྱོད་པས་སྐྱོད་པར་བྱེད་པའི་ཤེས་རབ་ཏུ་གནས། འཁོར་འདས་གཉིས་ཀའི་སྲོག་ཆོས་ཉིད་ཀྱིས་གཅོད་པས་སྒྲོལ་བར་བྱེད་པའི་ཤེས་རབ་ཏུ་བྱུང་བའོ། །འོད་གསལ་ཆོས་ཉིད་ཀྱི་རང་ངོ་རྟོགས་དང་མ་རྟོགས་ཀྱིས་འཁོར་འདས་འབྱེད་པའམ་སྣང་ཤེས་སུ་འབྱེད་པ་དེ་འབྱེད་པའི་ཤེས་རབ། ཡེ་ཤེས་ཀྱི་རྩལ་ཐམས་ཅད་དེའི་ངང་དུ་སྡུད་པར་བྱེད་པས་སྡུད་པའི་ཤེས་རབ། ཡུལ་ཀུན་ལ་ཁྱབ་ཅིང་རིག་པའི་ཡེ་ཤེས་ལས་མ་འདས་པས་ཁྱབ་པའི་ཤེས་རབ། རིག་རྩལ་འོད་སྣང་གི་སྣང་བ་ཐམས་ཅད་གོང་ནས་གོང་དུ་འཕེལ་བའི་ཚུལ་གྱིས་སྐྱོད་པར་བྱེད་པས་སྐྱོད་པའི་ཤེས་རབ། གནས་ལུགས་འོད་གསལ་གྱི་དོན་དེ་རྟོགས་ན་འཁོར་བ་ལས་སྒྲོལ་ཞིང་མྱ་ངན་ལས་འདས་པའི་སར་སྐྱེལ་བར་བྱེད་པས་སྒྲོལ་བའི་ཤེས་རབ་སྟེ་དེ་ལྟ་བུའི་ཤེས་རབ་རྣམ་པ་ལྔའོ། །དེ་ཡང་རིག་པ་ཉིད་སྐུ་དང་འོད་དང་ཡེ་ཤེས་དང་རང་ཆས་སུ་སུམ་བརྩེགས་སུ་གནས་ཏེ། ཡེ་ནས་འཕོ་འགྱུར་མེད་པའི་ཕྱིར། ངོ་བོ་སྐུར་གནས་པས་ཤེས་བྱ་རང་གསལ་དུ་འཆར། རང་བཞིན་འོད་དུ་གནས་པས་འོད་གསལ་ཀློང་དུ་རྒྱས། ཐུགས་རྗེ་ཡེ་ཤེས་སུ་གནས་པས་མཛད་པ་ཕྱོགས་མེད་དུ་འཆར་བའོ། །ད་ལྟ་རྣལ་འབྱོར་པ་ཞིག་ལ་བརྩི་ན་མཉམ་བཞག་གི་དུས་སུ་ཆོས་སྐུ། མཉམ་རྗེས་གང་དུའང་མ་ཕྱེ་བའི་དུས་ན་ལོངས་སྐུ། རྗེས་ལ་སྤྲུལ་སྐུ་སྟེ། རིག་པ་ཆོས་སྐུའི་ངོ་བོ་དེ་སྟོང་གསལ་སྤྲོས་པ་དང་བྲལ་བ་སྐྱེ་འགག་གནས་གསུམ་གྱི་མཚན་མའི་ཆོས་ལས་འདས་ཤིང་སྐུ་གསུམ་དབྱེར་མེད་ཀྱི་འཆར་གཞི་ཆེན་པོ་རུ་བཞུགས་པ་ཆོས་སྐུ། ལྷུན་གྲུབ་ཡེ་ཤེས་ཀྱི་སྣང་ཆ་མ་འགགས་ནས་རང་བཞིན་འོད་ལྔའི་ཚོམ་བུ་རང་གསལ་དུ་ཡོད་པ་ལོངས་སྐུ། དེའི་ཐུགས་རྗེ་རྣམ་རོལ་སྣ་ཚོགས་སུ་མཁྱེན་པ་ཕྱོགས་མེད་དུ་རྒྱས་པ་སྤྲུལ་སྐུ། གནས་ལུགས་ངོ་བོ་མི་འགྱུར་བ་ངོ་བོ་སྟོང་པ་ཆོས་སྐུའི་བདག་ཉིད་དེ་སྐུ་གསུམ་འདུ་འབྲལ་མེད་པས་ཉི་མའི་དཀྱིལ་འཁོར་བཞིན་དུ་ནང་གསལ་ན་ཡང་དངོས་པོ་དང་མཚན་མ་མ་གྲུབ་པ། རང་བཞིན་ཡེ་གདངས་འོད་དུ་གསལ་ཡང་ཕྱིར་སྣང་གི་ཁ་དོག་རིས་ཅན་དུ་མ་གྲུབ་པ། ཐུགས་རྗེ་ཡེ་ཤེས་སུ་བཞུགས་ཀྱང་ཕྱི་རོལ་ཡུལ་དུ་མི་སྐྱོད་པའི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་བཞུགས་པ་དེ་ལྟ་བུ་དེ་ད་ལྟའི་རྣལ་འབྱོར་བ་ཞིག་གི་མཉམ་རྗེས་ལ་སྦྱར་ན་རང་ཤར་ལས། རིག་པ་རྟོག་མེད་གནས་པ་ཆོས་ཀྱི་སྐུ། །རིག་པ་འགག་མེད་གསལ་བ་ལོངས་སྤྱོད་རྫོགས། །རིག་པ་ཅིར་ཡང་སྣང་བ་སྤྲུལ་བའི་སྐུ། །ཞེས་སོ། །དེ་ལྟ་བུའི་གནས་ལུགས་གསུམ་ལ་དཀོན་མཆོག་གསུམ་ཡེ་ནས་རང་ཚང་གི་བདག་ཉིད་དུ་གནས་ཏེ། ཀློང་དྲུག་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་ནི། །ཡེ་རྫོགས་རང་གི་ལུས་ལ་གནས། །ཞེས་པ་དང༌། མ་འཁྲུལ་བ་གཞི་ཡི་སངས་རྒྱས། སྒྲ་ཚིག་ལས་འདས་པ་དོན་གྱི་དམ་ཆོས། གཡོ་འགུལ་དང་བྲལ་བ་སྙིང་པོའི་དགེ་འདུན་དང་ཐམས་ཅད་ཚང་བའོ། །དེའི་ཚུལ་མུ་ཏིག་ཕྲེང་བ་ལས། རྟོག་བཅས་འཁྲུལ་བའི་ལུས་འདི་ལ། །དྲི་མེད་དག་པ་ཆོས་ཀྱི་སྐུ། །མ་བཙལ་བཞག་པའི་ཚུལ་དུ་གནས། །ཞེས་སོ། །ཇི་ལྟར་གནས་ལུགས་རྒྱས་པར་དག་པ་དང་སྦྱར་ཏེ་བཤད་ན། རང་ཤར་ལས། དེ་བཞིན་དུས་གསུམ་སངས་རྒྱས་ནི། །རང་གི་སྣང་བ་ཆེན་པོར་བཤད། །དེ་ཡང་ལུས་ངག་ཡིད་གསུམ་མོ། །ངག་ནི་འདས་པའི་སངས་རྒྱས་ཡིན། །ཡིད་ནི་མ་འོངས་སངས་རྒྱས་ཡིན། །ལུས་ནི་ད་ལྟའི་སངས་རྒྱས་སོ། །སངས་རྒྱས་རྣམ་གསུམ་དེ་ལྟར་གནས། །ཞེས་པ་དང༌། མུ་ཏིག་ཕྲེང་བ་ལས། སངས་རྒྱས་ཆོས་དང་དགེ་འདུན་དང༌། །སྟོན་པ་གནས་དང་འཁོར་དང་དུས། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་དང༌། །འདུལ་བ་མདོ་སྡེ་མངོན་པ་དང༌། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །ཞེས་པ་དང༌། འདས་པ་དཀར་པོའི་ཆོས་རྣམས་ནི། །ལུས་དང་སེམས་ལ་ཐམས་ཅད་རྫོགས། །ཞེས་དང༌། དེ་ཉིད་རྫོགས་ཕྱིར་གཞན་ནས་ནི། །བཙལ་བས་རྙེད་པའི་གནས་མེད་དོ། །ཞེས་སོ། །ཆ་མཐུན་གྱི་དག་པ་དང་སྦྱར་ན་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རྣལ་འབྱོར་བའི་ལུས་དང་སེམས་ལ་ཚང་བའི་དག་པར་སྦྱར་ནས་གསུངས་ཏེ། དེ་ཉིད་ལས། ས་དང་ཆུ་དང་མེ་དང་རླུང༌། །ནམ་མཁའ་དང་ནི་ཉི་ཟླ་དང༌། །སྐྱེས་པ་དང་ནི་བུད་མེད་གཟུགས། །གཟའ་དང་སྐར་མ་སྤྲིན་དང་ནི། །ཤིང་དང་རི་དང་བྲག་རྣམས་དང༌། །རྩ་བ་སྡོང་བུ་ཡལ་ག་དང༌། །འདབ་མ་མེ་ཏོག་འབྲས་བུ་དང༌། །དྲི་དང་རོ་དང་སྒྲ་དང་རེག །རོལ་མོ་རྣམས་དང་འཕན་གདུགས་དང༌། །རྒྱལ་མཚན་དང་ནི་བླ་བྲེ་ཡང༌། །དེ་དག་འཁོར་དེ་སྣང་བའི་ཆོས། །རྣལ་འབྱོར་ཉིད་ཀྱི་ལུས་ལ་ཚང༌། །ས་ནི་ཤ་སྟེ་དངོས་པོ་ཉིད། །ཆུ་ནི་ཁྲག་སྟེ་སྡུད་པ་ཉིད། །མེ་ནི་དྲོད་དེ་ལུས་ཀུན་སྨིན། །རླུང་ནི་དབུགས་ཏེ་ལུས་ཟུངས་འཛིན། །ནམ་མཁའ་སེམས་ཏེ་ལུས་མདངས་འཛིན། །ཉི་ཟླ་མིག་སྟེ་གསལ་བར་བྱེད། །སྐྱེས་པ་དག་ནི་སྐྱེ་བ་ཉིད། །བུད་མེད་དག་ནི་འཆི་བར་སྣང༌། །གཟའ་ནི་ཁ་ལ་སྐར་མ་སོ། །སྤྲིན་ནི་སྐྲ་ལ་ཤིང་ནི་རྩ། །རི་ནི་ལུས་ལ་བྲག་ནི་རུས། །རྩ་བ་སྙིང་ལ་སྡོང་པོ་རྐང༌། །ཡལ་ག་དག་ནི་ཡན་ལག་ལ། །མེ་ཏོག་ཉིད་ནི་དབང་པོ་ལྔ། །འབྲས་བུ་ལུས་སུ་གྲུབ་པའོ། །དྲི་ནི་བ་སྤུ་རོ་ནི་པགས། །སྒྲ་ནི་སྐད་ལ་རེག་ནི་ནང༌། །རོལ་མོ་ནང་ཁྲོལ་འཕན་ནི་ཆུ། །གདུགས་ནི་རྐང་པ་རྒྱལ་མཚན་མིང༌། །བླ་བྲེ་དག་ནི་རླངས་པའོ། །རྣལ་འབྱོར་ལུས་ལ་དེ་དག་རྫོགས། །རིག་པ་ཉིད་ལ་འདི་ལྟ་སྟེ། །འབྱུང་བ་ལྔ་ནི་འོད་ལྔ་སྟེ། །ཉི་མ་ཟླ་བ་ཤེས་རབ་ཐབས། །སྐྱེས་པ་གཞི་ལ་བུད་མེད་ལམ། །གཟའ་ནི་རྟགས་ཚད་སྐར་མ་ཆོས། །སྤྲིན་ནི་ཐུགས་རྗེ་ཀུན་ལ་ཁྱབ། །ཤིང་ནི་ཐུགས་རྗེ་རྒྱས་པའི་ལམ། །རི་ནི་ལྟ་བ་འགྱུར་བ་མེད། །བྲག་ནི་ཆོས་སྐུ་སྐྱེ་འཇིག་བྲལ། །རྩ་བ་ཆོས་ཀུན་རྒྱུ་གཅིག་ལ། །ཡལ་ག་བྱང་ཆུབ་ཡན་ལག་ཉིད། །སྡོང་པོ་སྟོང་པར་རོ་གཅིག་སྟེ། །འདབ་མ་ཁྱབ་བྱེད་ཆོས་ཀྱི་དབྱིངས། །མེ་ཏོག་ཡེ་ཤེས་སྒྲོན་མ་ཉིད། །འབྲས་བུ་སྐུ་གསུམ་རང་རྫོགས་སོ། །སྒྲ་ནི་ཆོས་ཉིད་ཡུལ་གྱི་སྒྲ། །དྲི་ནི་སངས་རྒྱས་གསུང་དུ་གྲག །རོ་ནི་ཉམས་མྱོང་བདེ་བའི་རོ། །རེག་ནི་བསམ་གཏན་ཆེན་པོའི་གོས། །རོལ་མོ་འོད་ལྔའི་དཀྱིལ་འཁོར་རྫོགས། །འཕན་ནི་ཁ་དོག་གསལ་བའི་མདངས། །གདུགས་ནི་སྐྱོབ་པ་ཤེས་རབ་གདངས། །བླ་རེ་མན་ངག་ཆེ་བའི་གནད། །རྒྱལ་མཚན་རྟོགས་པ་མངོན་སངས་རྒྱས། །སེམས་ཉིད་ངོ་ལ་ཆོས་རྣམས་ནི། །ཡེ་ནས་ལྷུན་གྲུབ་ཚུལ་དུ་གནས། །དེ་ཕྱིར་བློ་དང་དངོས་པོ་ཡི། །ཆོས་ནི་ཐམས་ཅད་བཏགས་པ་ཙམ། །ཞེས་སོ། །དེ་ཡང་སྣང་སྲིད་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་གཞི་རིག་པ་ལ་མ་ཚང་ན་དེའི་ཉེར་ལེན་ལུས་སེམས་ཕུང་ཁམས་ལ་ཡང་མི་ཚང༌། དེ་ལ་མ་ཚང་ན་སེམས་ལ་སྣང་བའི་ཕྱི་གཟུང་བའི་ཡུལ་ལ་མི་ཚང་སྟེ། མོ་གཤམ་ལ་བུ་མེད་པས་བཞིན་མེད་ལ། བཞིན་མེད་པས་མེ་ལོང་དུ་མི་སྣང་བ་བཞིན་ནོ། །སྣང་བ་ལ་སྣང་བ་ལུས་སེམས་ལ་ཚང་བ་ལས་བྱུང་ལ་ལུས་སེམས་ལ་ཚང་བ་དེ་རིག་པ་ལ་ཚང་བས་བྱུང་སྟེ། དཔེར་ན་ལྷ་སྦྱིན་ལ་མགོ་ཡོད་པས་བཞིན་ཡོད་ལ་དེ་ཡོད་པས་མེ་ལོང་ནང་དུ་གཟུགས་བརྙན་འཆར་བ་བཞིན་ནོ། །དེ་དག་ཀྱང་ཀུན་བྱེད་ལས། ཇི་ལྟར་སྣང་བ་ང་ཡི་ངོ་བོ་ཉིད། །ཇི་ལྟར་ཤར་བ་ང་ཡི་ངོ་བོ་ཡིན། །ང་ལས་མ་གཏོགས་པ་ཡི་ཆོས་རྣམས་ནི། །སྣང་ཞིང་སྲིད་པས་བསྡུས་པ་འདི་ན་མེད། །ཅེས་པ་དང༌། ནོར་བུ་ཕྲ་བཀོད་ལས། དཔེར་ན་བཞིན་དང་མེ་ལོང་བཞིན། །གང་སྣང་དེ་ལ་དེ་ལྟར་སྣང༌། །ཞེས་པ་དང༌། སངས་རྒྱས་ཞིང་ཁམས་མ་ལུས་པར། །སྟོང་ཞིང་བདག་མེད་ཡངས་པ་ཆེ། །ཞེས་གསུངས་སོ། །དེ་ལྟ་བུའི་སེམས་ཉིད་རང་བཞིན་གྱིས་འོད་གསལ་བའི་ཁྱབ་བྱེད་ཆེན་པོ་དེས་འཇག་མའི་སྲིན་བུ་ཡན་ཆད་ལ་ཁྱབ་པས་མི་ཚད། རྒྱུ་དང་མི་རྒྱུ་འགྲོ་དང་མི་འགྲོ་བའི་འཁོར་བའི་གནས་སྐབས་ཀུན་ལ་ཆོས་དབྱིངས་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་དེས་མ་ཁྱབ་པ་མེད་པས། གཞི་རིག་པའི་ངོ་བོ་ལ་མ་ཚང་བ་ཞིག་མེད། དེའི་རང་གི་ངོ་བོ་གནས་སྐབས་ནམ་དུ་ཡང་གཞན་དུ་འགྱུར་བ་དང་། དམན་པར་འགྱུར་བ་དང་། ཉམས་པར་འགྱུར་བ་རྡུལ་ཙམ་ཡང་མེད་པ་དཔེར་ན་དངུལ་ཆུ་དཀར་མོ་རྡུལ་ཁྲོད་དུ་ལྷུང་ཡང་རྡུལ་གྱིས་མ་གོས་པ་བཞིན་འཁོར་འདས་ཡོངས་ལ་ཁྱབ་ཀྱང་། ངོ་བོ་གདོད་ནས་མི་འགྱུར་བ་ངོ་བོ་ཡེ་དག་རང་བཞིན་ལྷུན་གྲུབ་ཏུ་དུས་རྟག་ཏུ་བཞུགས་ཡོད་པར་བསྟན་ཏོ། །ཚིག་དོན་རིན་པོ་ཆེའི་མཛོད་ལས་སངས་རྒྱས་ཀྱི་སྙིང་པོས་ཁྱབ་ཚུལ་བསྟན་པ་སྟེ་རྡོ་རྗེའི་གནས་གསུམ་པ་རྒྱ་ཆེར་བཤད་པའོ།།


previousཉིན་ལྔ་བའི་ཆོས་ཁྲིད། next