Nitartha Digital Library
Tibetan
 
previousཉིན་དྲུག་པའི་ཆོས་ཁྲིད། next

ཉིན་དྲུག་པའི་ཆོས་ཁྲིད།

དེ་ཡང་ཇི་སྐད་དུ། བཙན་ཡང་སྡིག་པ་དཔུང་གིས་བསྡུར་རྒྱུ་མེད། །ཕྱུག་ཀྱང་ཐར་བ་ཉོ་རུ་མི་བཏུབ་ན། །དྲེགས་ལྡན་རྒྱལ་པོ་ཡིན་ཡང་མི་དབང་གིས། །མང་ཐོས་མཁས་པའི་ཞབས་རྡུལ་སྤྱི་བོས་ལོངས། །ཞེས་གསུངས་པ་ལྟར། འཇིག་རྟེན་མཐུན་སྣང་གི་དཔུང་སྟོབས་དབུ་རྨོག་ཇི་ལྟར་བཙན་ཡང་དཔུང་གིས་བསྡུར་ས་མེད་ལ། རྒྱུ་ཡོད་ཀྱང་ཐར་ལམ་གྱི་ཉི་མ་གསར་བ་ཞིག་ཉོ་རུ་མི་བཏུབ་ཅིང་། །ཅི་འདྲའི་རང་སྣང་མཐོན་པོ་དང་ང་རྒྱལ་ཆེན་པོ་གནམ་སྔོན་པོའི་འོག་ཏུ་ང་མིན་པའི་བུ་མེད་བསམ་པའི་གྲགས་པ་ཅན་གྱི་མི། ཡུལ་གྱི་རྒྱལ་སྲིད་ལ་དབང་སྒྱུར་མཁན་ཞིག་ཡིན་ཡང་ལམ་གོ་མི་ཆོད་སར་ཐོན་དུས། ཕན་པ་ཡོད་ངེས་ཅན་གྱི་རྒྱུ་ནོར་རིན་ཐང་ཅན་ནི། མང་ཐོས་མཁས་པའི་ཞབས་རྡུལ་སྤྱི་བོས་བསྟེན་ནས་དང་དུ་ལོངས་དང་ཚེ་འདི་ཕྱི་རང་གཞན་གཉིས་ཕན་གྱི་དོན་ཆེན་དེ་ན་ཡོད་པ་ཡིན་ཞེས་གསུངས་པའོ། །རང་རེས་རང་བསམ་ཞིག་བཏང་ན་མཁས་པའི་གསུང་དམ་པའི་ལེགས་བཤད་མན་ངག་ཟབ་མོ་ཚེ་གཅིག་ལ་གྲོལ་བ་འཐོབ་པའི་ཆོས་ཚུལ་ཟབ་མོ་ཐོས་བསམ་འཆད་ཉན་མ་བྱས་པ་དང་ཆོས་ཐོས་པའི་ཕྱོགས་ནས་མ་འདང་བ་བསམ་པ་མེད་ཀྱང་། དང་པོའི་དུས་སུ་བློ་ཆོས་ཕྱོགས་སུ་འགྲོ་ས་ནས་གཅིག་ཐོགས། བར་དུ་ཆོས་ལམ་དུ་མི་འགྲོ་ས་ནས་འཕྲལ་རྐྱེན་གྱི་དབང་དུ་ཤོར། དེ་གཉིས་ཀྱི་འཕྲང་ལས་བུད་ཐུབ་ཀྱང་ལམ་འཁྲུལ་བ་སེལ་བའི་ཉམས་ལེན་གྱི་གནད་དེ་ལ་གཟབ་མ་ཐུབ་ཚེ། འཁྲུལ་བ་རྒྱ་འབྱམས་སུ་འགྲོ་བའི་ཉེན་ཡོད་པས། ཡང་འཁྲུལ་བའི་དབང་དུ་ཕྱིར་ཤོར་དུས། ཐ་མར་ཆོས་ཀྱི་སྙིང་པོ་མ་ལོན་ནས་ལག་སྟོང་དུ་ལུས་པ་ཡིན། དེས་ན་བློ་ཆོས་སུ་སོང་ཞིང་། ཆོས་ལམ་དུ་སོང་ནས། ལམ་གྱི་འཁྲུལ་བ་ཇི་ལྟར་སེལ་ཚུལ་གྱི་གནད་དེ་ཇི་ལྟར་ཡིན་པ་ཤེས་དགོས་པ་ཡིན། ལམ་འཁྲུལ་བ་སེལ་བ་དེ་ལ་དང་པོ་ལམ་ཁོ་རང་ཤེས་དགོས། ཐེག་ཆེན་མདོ་སྔགས་ཀྱི་ལམ་ནས་ཐར་བ་སྒྲུབ་པ་ལ་ལམ་རྣམ་པ་གསུམ་ཡོད། གསུམ་པོ་དེ་གང་ཡིན་ན། ཐུན་མོང་གི་ལམ་དང་། ཁྱད་པར་གྱི་ལམ་དང་། བླ་ན་མེད་པའི་ལམ་དང་གསུམ་ཡོད། དེ་ལས་དང་པོ་ནི་ཐུན་མོང་ཐེག་པའི་ལམ་ཆེན་དེ་ཡིན། དེ་ནི་ཚད་མེད་རྣམ་བཞིས་བློ་སྦྱངས་ནས་བྱང་ཆུབ་མཆོག་དུ་སེམས་བསྐྱེད། སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་ནས་རླབས་ཆེན་ཕྱིན་དྲུག་གི་སྤྱོད་པ་རྒྱ་མཚོ་ལྟ་བུ་ལ་སྤྱད་དེ་ལམ་གྱི་འཁྲུལ་བ་སེལ་དགོས་པ་སྟེ། དེ་ཡང་སྟོང་ཉིད་སྙིང་རྗེ་སྙིང་པོ་ཅན་ལ་གོ་མྱོང་རྟོགས་པའི་རིམ་པ་བརྒྱུད་ནས། རང་གཞན་གྱི་དོན་གཉིས་མཉམ་དུ་སྒྲུབ་པའི་གནས་སྐབས་ན་རང་རྒྱུད་ལ་ཡེ་ནས་ཡོད་པའི་ཆོས་ཁམས་དགེ་བ་འདུས་མ་བྱས་གང་ཡིན་པ་དེའི་སྟེང་གི་གློ་བུར་གྱི་དྲི་མ་སྦྱོང་བའི་ཆེད་དུ་ཚོགས་སྦྱོར་མཐོང་སྒོམ་གྱི་ལམ་བཞི་ལ་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དེ་གོམས་པར་བྱས་ནས། ལྟ་བ་རྣམ་དག་སྟོང་ཉིད་བཅུ་དྲུག་དང་། སྤྱོད་པ་སྐྱོན་མེད་ཕ་རོལ་ཕྱིན་དྲུག་རྫོགས་པར་བྱས་པ་དང་། གང་ཟག་དང་ཆོས་ཀྱི་བདག་གཉིས་རང་བཞིན་མེད་པར་རྟོགས་ནས། ཉོན་མོངས་གཉེན་པོའི་ཐབས་ཀྱི་སྒོ་ནས་སྦྱོང་བ་ནི་བྱང་ཆུབ་སེམས་དཔའི་ལམ་བཟང་སྟེ། །ཀུན་རྫོབ་རྟེན་འབྱུང་སྒྱུ་མ་རྨི་ལམ་ལྟ་བུའི་འཁྲུལ་བའི་ངང་ཚུལ་དེ་ལས་དགེ་སྡིག་སྤང་བླང་རྒྱུ་འབྲས་གཞུང་བཞིན་བྱེད་པ་དང་། འདོད་ཆགས་ཀྱི་གཉེན་པོ་ལ་མི་གཙང་བ་བསྒོམས། ཞེ་སྡང་གི་གཉེན་པོ་ལ་བྱམས་པ་བསྒོམས། གཏི་མུག་གི་གཉེན་པོ་ལ་རྟེན་འབྲེལ་བསྒོམས་པའོ། །དོན་དམ་པར་མ་སྐྱེས་རང་བཞིན་གྱིས་རྣམ་པར་དག་པ་འཁོར་འདས་སྤྲོས་པ་དང་བྲལ་བ་རྟེན་ཅིང་འབྲེལ་འབྱུང་དབུ་མའི་ལམ་སྟེ། དེ་ལྟ་བུའི་བདེན་པ་གཉིས་ཀྱི་དོན་གཏན་ལ་ཕབ་པ་ནི་མཚན་ཉིད་རྒྱུ་ཡི་ཐེག་པ་ཆེན་པོའི་ལམ་གྱི་འཁྲུལ་བ་སེལ་ཚུལ་ལོ། །ཁྱད་པར་གྱི་ལམ་ཆེན་ནི། གསང་བ་སྔགས་ཀྱི་ཐེག་པ་ཕྱི་ནང་གཉིས་ཡིན་ལ། དེའི་ལམ་དེ་ནས་འཁྲུལ་བ་ཇི་ལྟར་སེལ་ཞེ་ན། བསྐྱེད་པ་དང་། རྫོགས་པ། བསྐྱེད་རྫོགས་རིམ་གཉིས་ཟུང་འཇུག་གི་ལམ་ཐབས་མཆོག་ཏུ་གྱུར་པ་དཔག་ཏུ་མེད་པ་སྣ་ཚོགས་པའི་རིམ་པ་ཡིས་ལམ་གྱི་འཁྲུལ་བ་སྦྱོང་བ་སྟེ། གསང་སྔགས་དེ་ལ་ཡང་ཕྱི་ནང་གི་རིམ་པ་དང་ཁྱད་པར་ཡོད་པ་ཡིན་པས། གསང་སྔགས་ཕྱི་བ་གསུམ་ནས་དག་པ་གཙོ་བོར་བྱེད་པས་སྤང་བླང་རེས་འཇོག་གི་ཐོག་ནས་སྤང་བྱའི་དྲི་མ་གཉེན་པོས་སེལ་བ་དང་། གསང་སྔགས་ནང་བ་ཡིན་ན་ཟུང་འཇུག་གཉིས་སུ་མེད་པའི་ཡེ་ཤེས་དང་ཐབས་ཁྱད་པར་གྱིས་སྤང་བྱ་དེ་ལམ་དུ་བསྒྱུར་བ་དང་། ཆོས་ཉིད་བདེ་གཤེགས་སྙིང་པོ་གཞི་རྒྱུད་དབྱིངས་ཀྱི་དཀྱིལ་འཁོར་ལ་ཆོས་ཅན་རང་སྣང་དུ་ཤར་བའི་ཆོས་ཐམས་ཅད་རང་སྣང་ཙམ་ལས་འཁྲུལ་བ་དངོས་མེད་སྟོང་གཟུགས་ཀྱི་གསལ་སྣང་ཉིད། ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་མདོར་ན་བརྟན་གཡོའི་དངོས་པོ་ཐམས་ཅད་རྒྱལ་བ་རིགས་ལྔ་དང་དབྱིངས་ཀྱི་ཡུམ་ལྔ་ལ་སོགས་དག་པར་དྲན་པར་བྱས་ཏེ། བསྐྱེད་རིམ་གྱི་སྒོ་ནས་སྣང་སྲིད་དཀྱིལ་འཁོར་ཆེན་པོ་གཅིག་ཏུ་རང་ལུས་ལྷ། ངག་སྔགས། དྲན་རྟོག་ཡེ་ཤེས་ཀྱི་འཕྲོ་འདུ་རུ་བསྒྱུར་ནས་ཐ་མལ་གྱི་འཁྲུལ་སྣང་སངས་རྒྱས་ཀྱི་ཞིང་དུ་བལྟ་བ་དང་། རྫོགས་རིམ་གྱི་སྒོ་ནས་ཆོས་ཐམས་ཅད་ཆོས་ཉིད་གཅིག་གི་ངང་དུ་བསམ་གྱིས་མི་ཁྱབ་པའི་འོད་གསལ་ཆེན་པོའི་དབྱིངས་སུ་འཇུག་ཅིང་རྩ་རླུང་ཐིག་ལེའི་རྣལ་འབྱོར་ལ་གོམས་པར་བྱས་ནས། རླུང་སེམས་ལས་སུ་རུང་བའི་ཐོག་ནས་དབྱིངས་དང་ཡེ་ཤེས་མཉམ་པར་སྦྱོར་བ་ནི། ཟུང་འཇུག་དབྱེར་མེད་ཕྱག་རྒྱ་ཆེན་པོའི་ལམ་མཆོག་འབྲས་བུ་གསང་སྔགས་རྡོ་རྗེའི་ཐེག་པའི་ལམ་གྱི་འཁྲུལ་བ་སེལ་ཚུལ་ལོ། །དེ་ལས་ཀྱང་ཐུན་མིན་དུ་གྱུར་པ། འོད་གསལ་བླ་ན་མེད་པ་མཆོག་གསང་རྫོགས་པ་ཆེན་པོ་ལྷུན་གྲུབ་འབྲས་བུའི་དབྱིངས་སུ་དངོས་སུ་སྦྱོར་བའི་ལམ་དུ་ཞུགས་ནས་འཁྲུལ་བ་སེལ་ཐབས་ནི། གཞི་དབྱིངས་ཡེ་ནས་འགྱུར་མ་མྱོང་བ་ཀ་དག་ནམ་མཁའ་ལྟ་བུ་ལ་ཡོན་ཏན་ལྷུན་གྱིས་གྲུབ་པ་ཉི་ཟླ་གཟའ་སྐར་ཤར་བ་ལྟར་བཙལ་མི་དགོས་པ་ཡེ་ནས་རང་བྱུང་ལྷུན་གྱིས་གྲུབ་ནས་ཡོད་པས་ན་འབད་ཅིང་རྩོལ་བ་མི་དགོས་པར་རང་བཞིན་མངོན་སུམ་གྱི་ལམ་ཡིན་པའོ། །དེ་ཇི་ལྟར་ཡིན་ཞེ་ན། འོད་གསལ་དབྱིངས་ཀྱི་དཀྱིལ་འཁོར་འདུས་མ་བྱས་པ་གང་ཡིན་པ་རང་གནས་ཀྱི་ཆོས་སྐུ་རང་བཞག་མཉམ་པའི་དགོངས་པ་དེ་ཉིད། མངོན་སུམ་ཇི་ལྟ་བ་བཞིན་རྟོགས་པར་བྱེད་པ་ནི་གནས་ལུགས་ལྟ་བའི་མཆོག་སྟེ། དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ཡང་གློ་བུར་འཁྲུལ་བའི་སྤྲིན་ཚོགས་ཀྱིས་བསླད་ནས། འགྲོ་བའི་སེམས་འཁྲུལ་བའི་སྣང་བ་མེད་བཞིན་དུ་སྣང་བ་འདིས་ཁམས་གསུམ་རིགས་དྲུག་ཏུ་བརྒྱུད་ནས་བདེ་སྡུག་བཏང་སྙོམས་ཀྱི་ཚོར་བ་གང་སྣང་ཡང་། དང་པོ་སྣང་བའི་དུས་ཉིད་ནས་དོན་ལ་གྲུབ་པ་མེད་པར་ནམ་མཁའ་ལ་སྤྲིན་སྣང་བ་བཞིན་གློ་བུར་དུ་སྣང་བའི་རྐྱེན་སྣང་ཡིན་པ་ཤེས་པར་བྱས་ནས། འཁོར་བ་སྣང་བ་དེ་ཡང་མཚན་ཉིད་ཆད་པའི་སྒྲོ་བཏགས་མེད་བཞིན་དུ་སྣང་བ། རང་གི་ངོ་བོས་སྟོང་པ་སྟོང་སྣང་དངོས་མེད། རབ་རིབ་ཅན་ལ་སྐྲ་ཤད་སྣང་བ་དང་། རྨི་ལམ་གྱི་ནང་གི་བདེ་སྡུག་ཤར་བ་དང་། མཁྲིས་ནད་ཅན་ལ་དུང་བསྟན་ན་སེར་པོར་སྣང་བ་བཞིན། ཇི་ལྟར་སྣང་དུས་ཉིད་ནས་གྲུབ་མ་མྱོང་བ། གཞི་མེད། རྟེན་མེད། ཐོག་མ་དབུས་དང་ཐ་མ་མེད་པ། རང་བཞིན་གདོད་ནས་རྣམ་པར་དག་པ་ཡིན་པ་དེ་དོན་གྱི་ཐོག་ནས་མངོན་དུ་གྱུར་པ་ཤེས་པར་བྱ་དགོས་སོ། །དེ་ལྟར་ཤེས་ཚེ་འདི་ལྟར་སྣང་བའི་སྣོད་བཅུད་སྣང་སྲིད་ཀྱི་ཆོས་ཐམས་ཅད་གཟུང་བའི་ཡུལ་མེད་པ། སྤྲུལ་བ་དང་། མིག་ཡོར་ལྟ་བུ་དང་། འཛིན་པའི་སེམས་མེད་པ་བར་སྣང་དག་པ་འདྲ་བ་དང་། གཟུང་འཛིན་དབྱེར་མེད་འཁོར་བ་ཡེ་ནས་ཡོད་མ་མྱོང་བར་མེད་སྣང་འཁྲུལ་བའི་རང་བཞིན་དུ་ཤེས་པས་གྲོལ་བ་ཐོབ་པའོ། །མདོར་བསྡུས་ན་ཉམས་ལེན་གང་བྱས་པ་དང་ལམ་གང་སྒྲུབ་ཀྱང་མཐར་ཐུག་བདག་འཛིན་གྱི་འཆིང་བ་དམ་པོ་འདི་ལས་གྲོལ་དགོས་ལ། དེ་ལས་གྲོལ་བ་ལ་ཉོན་མོངས་པ་དབྱིངས་སུ་དག་པའི་ཐབས་ལ་བརྟེན་ནས་ཐབས་ཀྱི་སྤྱོད་པ་ལ་མཁས་པ་ནི་ལམ་གྱི་འཁྲུལ་བ་སེལ་བའི་མན་ངག་ཁྱད་པར་ཅན་ཡིན་ནོ། །དམ་ཆོས་སྒྲུབ་པའི་འདུན་པ་གཅིག་པུ་ཞིག་བཅངས་ནས་ལམ་དངོས་ལ་ཞུགས་པ་མ་བྱུང་ནས་གྲ་སྒྲིག་འབའ་ཞིག་བྱེད་པའི་ཚེ་ན་མི་ཚེའི་དུས་ཚོད་ཤོར་ན་གྱོང་ཆེ་བས། ཚེ་འདིའི་བྱ་བཞག་ཇི་ལྟར་གལ་ཞིག་ཆེ་ཡང་ཕྱི་མ་བར་དོའི་སྐབས་དང་ཚེ་རབས་སྐྱེ་བའི་ཕྲེང་བའི་ཡུན་རིང་གི་དོན་དང་བསྡུར་ན་འདི་སྣང་འདི་ཉིན་ཁ་ཤས་ཀྱི་དོན་ཆུང་ཆུང་ཞིག་ཡིན་པས། ཡུན་རིང་སྐྱེ་བ་མང་པོའི་རང་གཞན་གྱི་དོན་སྒྲུབ་པ་ནི་ཤིན་ཏུ་གལ་ཆེ་ཞིང་། དོན་ཆུང་ལ་ལྟ་ས་ནས་དོན་ཆེན་གྱི་གལ་གནད་ལུས་ཤོར་ན་འགྱོད་པ་ཆེན་པོ་རྗེས་ནས་ཡོང་བ་ཡིན་པས། ཚེ་འདིའི་བདེ་སྐྱིད་དང་བསྙེན་བཀུར་ལ་བསམ་ནས་བྱས་པའི་ལས་གང་ཞིག་ཡིན་ཡང་ཕལ་མོ་ཆེ་ནི་ངན་སོང་གི་རྒྱུར་ཤས་ཆེ་ཞིང་། ཕྱི་མ་ལྷ་མིའི་གོ་འཕང་གི་ཆེད་དུ་བྱས་པའི་ལས་རྣམས་ནི་འཁོར་བའི་རྒྱུ་ཁོ་ནར་འགྱུར་ལ། གཞན་རང་ཁོ་ནའི་ཞི་བདེ་དོན་དུ་གཉེར་ནས་བྱས་པ་ཡིན་ན་ཞི་མཐར་ལྷུང་ཞིང་། ཐེག་ཆེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་ཐར་བ་རྣམ་དག་སྒྲུབ་པའི་གང་ཟག་ཅིག་ལ་མཚོན་ན་དེ་རྣམས་དགེ་བའི་ལས་ཡང་དག་པ་ཞིག་མིན་ནོ། །དཀོན་མཆོག་ལ་དང་བའི་དད་པ་དང། ལས་འབྲས་ལ་ཡིད་ཆེས་ཀྱི་དད་པ་ཡོད་པའི་ཐོག་ནས་སྦྱིན་པ་གཏོང་འདོད་ཚུལ་ཁྲིམས་སྲུང་འདོད་ཡོད་པ་དེ་དག་སྤྱིར་བཤད་ན་དགེ་སེམས་ཤིག་མ་རེད་ཟེར་དུ་མེད་པར་མངོན་མཐོའི་རྒྱུ་ཡིན་ཡང་། ཐེག་ཆེན་མདོ་སྔགས་ཀྱི་ལམ་ལ་ཞུགས་དུས་ཀྱི་དགེ་སེམས་ཁྱད་པར་ཅན་ཟེར་བ་དེ་བྱང་ཆུབ་སེམས་ཀྱི་བསླབ་པས་རྒྱུད་བསྡམས་ནས། ཐབས་དང་མན་ངག་ཟབ་མོས་རྒྱུད་གྲོལ་བའི་གནད་ཟབ་མོར་བསྟེན་ཤེས་པ་ཞིག་ལ་ཟེར་བ་ཡིན་པས། ཐོག་མ་བློ་ཆོས་སུ་འགྲོ་བ། དེ་ནས་ཆོས་ལམ་དུ་འགྲོ་ཐབས། དེ་རྗེས་ལམ་གྱི་འཁྲུལ་བ་སེལ་བ་ཞིག མཐར་ཐུག་འཁྲུལ་བ་ཡེ་ཤེས་སུ་འཆར་བའི་ཆོས་བཞིའི་མན་ངག་རིན་པོ་ཆེ་ཡང་ནས་ཡང་དུ་ཉམས་བཞེས་མཛད་རྒྱུ་ནི་སྔོན་འགྲོ་དངོས་གཞི་གང་གི་སྐབས་སུ་ཡང་གལ་ཆེ་བ་ཡིན་པས་དེ་དང་མི་འབྲལ་བའི་ཆེད་དུ་ཉིན་རེ་བཞིན་ཞུས་པ་ཡིན། རང་རེས་དུས་རྒྱུན་བཤད་པའི་ལྟ་བ་དཔའ་དགོས། སྤྱོད་པ་སྡར་དགོས་ཞེས་པ་དེ་ཨོ་རྒྱན་ཆེན་པོས་ཀྱང་གསུངས་ཡོད་དེ། ལྟ་བ་ཁ་ལྟའི་ཕྱོགས་སུ་སྤྱོད་པ་མ་ཤོར་མ་གཏོགས་ནག་པོ་ཁ་འབྱམས་བདུད་ཀྱི་ལྟ་བ་རུ་འགྲོ་ཞེས་གསུངས་པ་ཡིན། ཉམས་ལེན་སྒོམ་སྒྲུབ་བྱེད་རྒྱུ་དམ་ཆོས་རྫོགས་པ་ཆེན་པོ་ཡིན་ལ། དམ་ཆོས་རྫོགས་པ་ཆེན་པོ་དེ། སྣང་སྲིད་ཡེ་གྲོལ་དག་པ་རབ་འབྱམས། བྱ་རྩོལ་རྩོལ་མེད་དགེ་སྡིག་གིས་ཕན་གནོད་མེད་པའི་རྡོ་རྗེའི་ཚིག་ཆེན་གྱི་གནད་དང་སྦྱོར་གྱིན་ཡོད་ཀྱང་། དེ་འཇལ་བྱེད་ཀྱི་བློའི་མཐུ་ནུས་ད་དུང་མ་རྫོགས་པའི་སྐབས་སུ། གསོལ་འདེབས་དང་དག་སྣང་སྦྱོང་། རྒྱུ་འབྲས་ཡིད་ཆེས་ལས་འབྲས་བསླུ་བ་མེད་པའི་རྣམ་གཞག་དང་བྱང་ཆུབ་ཀྱི་སེམས་གཉིས་རང་རྒྱུད་ལ་འབྱོང་བའི་ཐབས་ལམ་རྣལ་མ་རང་ཚོད་དང་མཐུན་པའི་སྨན་དང་འདྲ་བའི་ཆོས་བློ་སྦྱོང་དང་འབྲལ་མི་རུང་ངོ་། །སྐས་ཐེམ་འོག་མ་ནས་ཡར་གོང་མར་འགོས་ན་བརྟན་པོ་ཡིན་པ་རེད། ལྟ་སྒོམ་མཐོན་པོའི་ཁ་བཤད་དེ་གནམ་འདྲ་ཞིག་ཡར་ཆད། ཐུན་མོང་བློ་སྦྱོང་གི་ཆོས་དེ་ཆུང་ཆུང་དམའ་ས་རེད་བསམ་ནས། ས་འདྲ་ཞིག་མར་ཆད་ན་འུ་བུ་དེའི་བར་སྣང་སྟོང་པ་དེ་ནས་ཧོར་གུར་དཀར་རྒྱལ་པོ་སྤྲེས་འགྱོགས་ལ་བཀྱགས་པ་ལྟར་སྔ་གྲོ་ལྷོ་འཛམ་གླིང་ས་བཤད་རི་རྩིས་སྤྲད་ནས་འཛམ་གླིང་ལ་རྒྱལ་པོ་སྟོང་ཡོད་ན་ཡང་གནམ་ལ་འཕུར་བའི་རྒྱལ་པོ་ཁོ་མ་གཏོགས་མེད་ཅེས་འུར་ལངས་དུས། ཕྱི་དྲོ་བར་ཞིག་ལ། ད་ཡར་ལ་མ་བཀྱགས་མར་ལ་ཕོབས། །མདུང་ཁྲི་མི་བརྟན་འགྱར་མ་འགྱུར། །ཤེས་པ་མི་བདེ་ཟང་མ་ཟིང་། །ཟེར་བའི་མཚམས་ནས་ཧོར་རྒྱལ་རབས་བཞི་བཅུ་ཞེ་དགུའི་ཆབ་ཁང་ནང་དུ་ལྷུང་ནས་ཆུ་ཟོམ་བརྒྱ་ཡིས་མི་འདག་རྒྱུ་ཞིག་རེད་སོང་བ་ཨོས་ཡིན། དེ་ལྟར་དུ་ཧ་ཅང་མཐོ་དྲགས་ནས་ལྟ་ཕྱོགས་སུ་སྤྱོད་པ་མ་ཤོར། ཧ་ཅང་དམའ་དྲགས་ནས་སྤྱོད་ཕྱོགས་སུ་ལྟ་བ་མ་ཤོར་བར་རང་ལམ་རང་ཚུགས་ཐུབ་པར་བྱས་ནས། རང་རྒྱུད་དང་སྦྱར་ནས་རང་རྒྱུད་དང་མཐུན་པའི་ཆོས་དང་། སྒྲུབ་པའི་ཚུལ་ཆོས་དང་རང་རྒྱུད་འདྲེས་རྒྱུ་ནི་གནད་གལ་ཆེན་ཡིན་ནོ། །སྤྱིར་ན་ཐུབ་པས་དམ་ཆོས་བརྒྱ་གསུངས་ན། སྟོང་གསུངས་ན། ཁྲི་གསུངས་ན། ཐམས་ཅད་ཉོན་མོངས་གཅིག་པུའི་གཉེན་པོ་རེད་ཀྱང་། གདུལ་བྱའི་བློ་རིམ་དང་བསྟུན་ནས་ནང་གསེས་ཐེག་རིམ་གསུམ་གྱི་རྣམ་གཞག་མཛད་པར་ལྟར། སེམས་ཅན་གཅིག་དང་གཅིག་གི་ཤེས་རྒྱུད་མི་གཅིག་ཅིང་། གང་ཟག་རེ་རེ་དང་རེ་རེའི་བློ་རིམ་འདྲ་བ་མིན་པས་རང་རྒྱུས་རང་གིས་བླངས་ནས། ཉོན་མོངས་གང་ཆེའི་གཉེན་པོར་འབད་དེ་བསླབ། །གསུངས་པ་ལྟར། རང་ཉིད་ལ་ཕན་ཐོགས་གང་ཆེའི་གནད་དང་བསྟུན་ནས་རང་གིས་རང་རྒྱུད་འཆོས་རྒྱུ་ལ་བརྩོན་དགོས་སོ། །ནོར་རྫས་དང་ཉེར་སྤྱད་གང་ཡིན་ཡང་རང་ལ་ཕན་ཐོགས་པ་ཞིག་དགོས་པ་ལས་ཕན་ཐོགས་མེད་པའི་རྒྱུ་དེ་ཁུར་གྱི་སྣོན་མ་ཡིན་པས་ཡོད་པ་ལས་མེད་ན་དགའ་བ་ཡིན་པ་ལྟར། ཆོས་སྒྲུབ་པའང་བདེ་བ་དོན་གཉེར་གྱི་ཆེད་མིན་ཟེར་དུ་མེད་དེ། རང་གཞན་བདེ་ནས་བདེ་བར་འགྲོ་བའི་བགྲོད་བྱེད་ཀྱི་ཐབས་ཤིག་ཡིན་པའི་ཕྱིར། དེས་ན་ཆོས་ཐོས་པ་ཚིག་རེ་ཡིན་ཡང་རང་རྒྱུད་ལ་སྦྱར་ནས་ཆོས་སྒྲུབ་སྟངས་ཤེས་ཏེ་ཆོས་གོ་བ་དང་ཞུས་པའི་དོན་དང་ཕན་འབྲས་ཡོད་པ་བྱེད་དགོས་སོ། །དེས་ན་དུས་རྒྱུན་དུ་རྣམ་གཡེང་ལེ་ལོའི་དབང་དུ་མི་ཤོར་བར། གཏན་གྱི་འདུན་མའི་དོན་ཆེན་དང་རྣམ་པར་གཡེང་བ་གཉིས་བརྗེ་བར་མི་བྱའོ། །བ་བཞོས་པའི་ཡུན་ཙམ་ཞིག་ལ་བྱང་ཆུབ་ཀྱི་སེམས་བསྒོམས་པས་ཀྱང་ས་ཆེན་པོའི་རྡུལ་གྲངས་དང་མཉམ་པའི་བསོད་ནམས་ཆེན་པོ་འཐོབ་ཏུ་ཡོད་པ་མདོ་སྡེ་དག་ལས་གསུངས་ཡོད་པས། བཅོམ་ལྡན་འདས་ཀྱིས་བསླབ་པ་གསུམ་དང་འབྲེལ་བའི་སྡོམ་དམ་ཚིག་གི་རྣམ་གཞག་མཛད་པ་འདི་བཙན་པོ་དབང་ཡོད་ཀྱིས་ཁྲིམས་བཅས་པ་ཞིག་མིན་པར་གདུལ་བྱའི་གང་ཟག་རང་རང་ལ་ཕན་པའི་ཆེད་དུ་ཡིན་པ་དང་། དེའི་རྒྱུན་འཛིན་རྣམས་ཀྱིས་ཀྱང་། བསྟན་པ་དྲི་མ་མེད་པ་དྭངས་གཙང་ཞིག་སྤེལ་བའི་ཆེད་དུ། སྟོན་པའི་བཅས་ཁྲིམས་ཀྱི་སྒྲིག་ལམ་བཞག་པ་ཡང་རང་གར་བཙན་བཀའ་ཕབ་པ་ཞིག་མ་རེད། དེ་ཡང་བཅས་ཁྲིམས་འཁུར་མཁན་རང་ཉིད་ལ་ཕན་པའི་ཆེད་རེད། དཔེར་ན་ཁྲག་ཁམས་མཐོ་བའི་ན་ཚ་ཅན། ཟས་དང་སྤྱོད་ལམ་མ་འཛེམས་ན་ཀླད་ཁྲག་འདྲེས་རྒྱུའི་ཉེན་ཁ་ཡོད་པ་ཞིག་ལ། སྨན་པས་ཁྱོས་སྣུམ་ཆེན་མ་ཟ། སྔོ་ཚོད་ཀྱི་ཟས་གཙོ་བོར་བསྟེན་དགོས། ཧ་ཅང་སྒུལ་སྐྱོད་ཆེ་དྲགས་པ་དང་འདུག་ཆེ་མི་རུང་། ཁྱད་པར་ཁོང་ཁྲོ་ལང་མི་རུང་མ་གཏོགས་ཁྱོད་ཀྱི་ཁྲག་ཁམས་ལ་གནོད་ཅེས་བཤད་ན། ཡིན་རྒྱུ་ནད་པ་ཁོ་རང་ལ་ཕན་པའི་ཆེད་ཡིན་ཡང་། བག་མེད་ཀྱི་སྤྱོད་པ་ལ་ཡུན་རིང་པོར་ངན་ལང་དུ་ཤོར་སོང་བ་ལ་འཛེམ་དགོས་དུས་དང་པོར་དཀའ་སྣང་ལྟ་བུར་ཡོད་ཀྱང་། དེ་ལྟར་མ་བྱས་ཚེ་དེ་བས་དཀའ་ཞིག་ཡོང་རྒྱུ་ཡོད་པར་ཁོ་རང་གི་ལུས་ཁམས་ལ་གཞི་གྲུབ་ནས་ཡོད་ཅིང་། དེ་བཞིན་དུ་སྨན་པས་བཤད་པ་ལྟར་དུ་ཟུར་གྱི་མི་ཞིག་གིས་འཛེམ་བྱ་དེ་དག་ཅིས་ཀྱང་འཛེམ་དགོས་མ་འཛེམས་ན་མི་ཆོག་ཅེས་པའི་ཁྲིམས་ཤིག་བཞག་ཡོང་ན་དེ་ཁོ་རང་ལ་ཕན་པའི་ཆེད་རེད། དེ་བཞིན་དུ་མ་ཀི་ཉན་ཐོས་ཀྱི་ཐེག་པ་ནས་ཡ་ཀི་རྫོགས་པ་ཆེན་པོའི་བར་གྱི་ལམ་ཉམས་ལེན་གྱི་སྐབས་ཀྱི་སྤང་བླང་གི་གནས་ཐམས་ཅད། རང་གི་གནས་སྐབས་དང་མཐར་ཐུག་གི་བདེ་བའི་ཆེད་ཤ་སྟག་ཡིན། ཁྱད་པར་དུ་དུས་སྙིགས་མའི་སྐབས་སུ་བསླབ་སྡོམ་བསྲུང་བ་ནི་ཕན་ཡོན་ཆེ་བ་ཡིན་པས་བསོད་ནམས་རླབས་ཆེན་ཐོབ་པ་ཡིན་ཚུལ། མདོ་སྡེ་ཏིང་འཛིན་རྒྱལ་པོ་ལས། བསྐལ་བ་བྱེ་བ་གངྒཱའི་བྱེ་སྙེད་དུ། །དང་བའི་སེམས་ཀྱིས་ཟས་དང་སྐོམ་རྣམས་དང་། །གདུགས་དང་བ་དན་མར་མེ་ཕྲེང་བ་ཡིས། །སངས་རྒྱས་བྱེ་བ་ཁྲག་ཁྲིག་རིམ་གྲོ་བྱས། །གང་ཞིག་དམ་ཆོས་རབ་ཏུ་འཇིག་པ་དང་། །བདེ་གཤེགས་བསྟན་པ་འགག་པར་འགྱུར་བའི་ཚེ། །ཉིན་མཚན་དུ་ནི་བསླབ་པ་གཅིག་སྤྱོད་པ། །བསོད་ནམས་འདི་ནི་དེ་བས་ཁྱད་པར་འཕགས། །ཞེས་གསུངས་སོ། །གོང་དུ་ཞུས་པ་ལྟར་དུ་བ་བཞོས་པའི་ཡུད་ཙམ་ཞིག་ལ་བྱང་ཆུབ་ཀྱི་སེམས་བསྒོམས་པའི་བསོད་ནམས་ས་ཆེན་པོའི་རྡུལ་གྲངས་དང་མཉམ་པ་ཐོབ་གསུངས་པ་དང་། བསྐལ་བ་བྱེ་བ་གངྒཱའི་བྱེ་སྙེད་དུ་ཞེས་གསུང་ན་ཆུ་བོ་གངྒཱའི་ཀླུང་གི་བྱེ་མ་བརྩིར་ག་ལ་ལངས། བསྐལ་བ་ནི་དུས་ཐུང་ཐུང་ཞིག་མིན་པར་ལོ་དུང་ཕྱུར་མང་པོ་ཡིན། དེ་ལྟ་བུའི་ཡུན་དུ་དྭངས་པའི་སེམས་ཀྱིས་ཟས་དང་སྐོམ་རྣམས་དང་། གདུགས་དང་བ་དན་མར་མེ་ཕྲེང་བ་ཡིས་སངས་རྒྱས་གཅིག་མཆོད་ན་ཡང་ཅི་འདྲའི་བསོད་ནམས་མེད་དེ་ཡོད་མོད་ཀྱང་། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་མཆོད་པ་བས་གང་ཞིག་དམ་ཆོས་རབ་ཏུ་འཇིག་པར་འགྱུར་བའི་དུས་ཚོད་དེང་སང་གི་དུས། ཕྱིའི་ཁྲ་ཁྲ་ཟིང་ཟིང་གི་བསྟན་པ་དར་བའི་དུས་ཡིན་ཡང་། ནང་བསླབ་པ་སློབ་གཉེར་དོན་གྱི་བསྟན་པ་མར་ཉམས་པའི་དུས་ཚོད་འདིར། ཉིན་ཞག་གཅིག་ཆུ་ཚོད་ཉི་ཤུ་རྩ་བཞིའི་ཚེ་ལ་བསླབ་པ་སྣ་གཅིག་བསྲུངས་པར་བྱས་ན། སངས་རྒྱས་མང་པོ་དེ་འདྲ་ལ་དུས་བསྐལ་བ་མང་པོ་དེ་འདྲ་ཞིག་གི་ཡུན་ལ་མཆོད་པར་བྱས་པ་བས་བསོད་ནམས་ལྷག་པར་ཆེ་བ་ནི་སྨོས་ཅི་དགོས་སོ་གསུངས་པའོ། །དེ་བཞིན་དུ་མི་ཚེའི་རིན་ཐང་ཅན་གྱི་དུས་ཚོད་ཡེངས་མ་ལམ་དུ་མི་ཤོར་བའི་ཟོན་སྐུལ་གྱི་ཐུགས་གསོས་ཞུས་པ་དང་ཆབས་ཅིག གང་ཞིག་གསན་པར་བྱ་བའི་ཆོས་ཀྱི་རིམ་པ། རྒྱལ་བའི་བསྟན་པ་མཐའ་དག་གི་དགོངས་དོན་ལེགས་པར་བཀྲལ་བའི་ལེགས་བཤད་ཀྱི་རྒྱ་མཚོ་ཆེན་པོ། ཟབ་གསང་རྡོ་རྗེའི་སྙིང་པོའི་ཟབ་དོན་ནོར་བུ་རིན་པོ་ཆེ་རིན་ཐང་དང་བྲལ་བ་ཤ་སྟག་ཐང་མར་བརྡལ་བ་དང་འདྲ་བའི་སྐལ་ལྡན་རིགས་བཟང་གི་བློ་ཡི་འདོད་པ་ཇི་བཞིན་དུ་འཇོ་བའི་གཞུང་བཟང་དམ་པ། འཕགས་ཆེན་སེམས་དཔའ་ཆེན་པོས་མཛད་པའི་བསྟན་བཅོས་ཁྱད་པར་ཅན། རྒྱལ་བ་རྡོ་རྗེ་འཆང་གི་བཀའ་དང་རྣམ་དབྱེར་མེད་པ་ཀློང་ཆེན་དགོངས་པའི་གསང་མཛོད་ནས་བརྡོལ་བའི་མཛོད་ཆེན་རིན་པོ་ཆེ་རྣམ་པ་བདུན་འཆད་ཉན་བགྱི་བའི་བསྐལ་བཟང་མངོན་དུ་གྱུར་བའི་སྐབས་འདིར། གཞི་དངོས་པོ་གཤིས་ཀྱི་གནས་ཚུལ་གྱི་མགོ་བཟུང་པ་ནས་མཐར་ཐུག་འབྲས་བུའི་གྲོལ་ས་ཆེན་པོ་ལ་མ་ཐུག་གི་བར་དུ་རྡོ་རྗེའི་གནས་བཅུ་གཅིག་གིས་བསྟན་པའི་བསྟན་བཅོས་ཆེན་པོ་ཚིག་དོན་རིན་པོ་ཆེའི་མཛོད་འདི་ཉིད་འཆད་བཞིན་པའི་སྐབས་སུ། ཐོག་མར་དགེ་བ་ཀླད་ཀྱི་དོན། བར་དུ་དགེ་བ་གཞུང་གི་དོན། ཐ་མར་དགེ་བ་མཇུག་གི་དོན་དང་ཆིངས་ཆེན་པོ་རྣམ་པ་གསུམ་གྱིས་བཅིངས་ནས་བཤད་པ་ལས། ཐོག་མར་དགེ་བ་ཀླད་ཀྱི་དོན་སོང་ནས། བར་དུ་དགེ་བ་གཞུང་གི་དོན་ལས་ཀྱང་། གཞི་དང་ཁྱབ་ཚུལ་འཁྲུལ་ཚུལ་དང་ཞེས་པའི་རྡོ་རྗེའི་གནས་གསུམ་པ་ཡན་ཆོད་འཆད་ཉན་ཚུལ་བཞིན་དུ་གྲུབ་ནས། དེ་རིང་གནས་དང་ལམ་དང་སྒོ་དང་ཡུལ། །ཞེས་པའི་རིག་པའི་ཡེ་ཤེས་ཀྱི་བཞུགས་གནས་གཏན་ལ་དབབ་པའི་ཚུལ་ནི།

རྡོ་རྗེའི་གནས་བཞི་བ་ཡེ་ཤེས་ཀྱི་གནས་བསྟན་པའི་རིམ་པ་རྒྱ་ཆེར་བཤད་པ།

༼ཀ༽ བཞུགས་གནས་དངོས་སྤྱིར་བསྟན་པ།

༼ཀ རིག་པའི་ཡེ་ཤེས་ཀྱི་གནས་ས་བསྟན་པ།

དེ་ནས་རིག་པའི་ཡེ་ཤེས་ཀྱི་བཞུགས་གནས་གཏན་ལ་དབབ་པ་ལ་གཉིས་ཏེ། བཞུགས་གནས་དངོས་སྤྱིར་བསྟན་པ་དང༌། གསང་མཆོག་རྒྱལ་པོའི་གནད་ངེས་པ་བྱེ་བྲག་ཏུ་བཤད་པའོ། །དང་པོ་བཞུགས་གནས་དངོས་སྤྱིར་བསྟན་པ་དེ་ལའང་གནས་ས། གནས་ལུགས། མཚོན་དཔེ་དང་གསུམ་ལས། དང་པོ་གནས་ས་ནི་རིག་པ་ཡེ་ཤེས་ཀྱི་གནས་དངོས་ནི་སྙིང་ག་རིན་པོ་ཆེ་དཔལ་གྱི་བེའུ་ན་གནས་ལ། དེའི་གདངས་ནི་དུང་ཁང་བྷནྡྷ་འབར་བའི་གཞལ་ཡས་དང༌། ལྟ་བྱེད་མིག་གི་གཞལ་ཡས་དང༌། འགྱུ་བྱེད་རྩའི་གཞལ་ཡས་ན་གནས་ཏེ། གནས་གཞལ་ཡས་ཁང་བཞི་བོ་དེར་འགའ་རེ་ལ་སྐུ་ལྟར་གནས། འགའ་རེ་ལ་འོད་ལྟར་གནས། འགའ་རེ་ལ་གདངས་ལྟར་གནས། འགའ་རེ་ལ་རྩལ་ལྟར་གནས་པའོ། །གནས་གང་དུ་ཡེ་ཤེས་ཇི་ལྟར་གནས་པ་ནི་ལུང་གིས་གསལ་བ། ཐལ་འགྱུར་ལས། ཙིཏྟ་རིན་ཆེན་གཞལ་ཡས་སུ། །རིན་ཆེན་འདུས་པ་ཟུར་བརྒྱད་སྒོ། །ཡེ་ཤེས་ལྔ་དང་སྐུ་ལྔ་སྟེ། །རླུང་དང་ཤེས་པའི་རྩལ་ཡང་ལྔ། །ཐམས་ཅད་ལྔ་ལྔའི་རང་བཞིན་ནོ། །ཞེས་པ་དང༌། སྤྱི་དང་ཙིཏྟ་རྩ་ནང་ན། །མ་བཅོས་དག་པའི་ཆོས་ཉིད་གནས། །ཞེས་པ་དང༌། ནོར་བུ་ཕྲ་བཀོད་ལས། རིན་ཆེན་ཟུར་བརྒྱད་གཞལ་ཡས་དང༌། །འགྱུ་བྱེད་རྩ་ཡི་གཞལ་ཡས་དང༌། །དུང་ཁང་བྷནྡྷའི་གཞལ་ཡས་དང༌། །ལྟ་བྱེད་མིག་གི་གཞལ་ཡས་དང༌། །གཞལ་ཡས་ཆེན་པོ་དེ་བཞི་ན། །གསང་སྔགས་ཀུན་གྱི་གསང་ཆེན་གནས། །ཞེས་པ་དང༌། རང་ཤར་ལས། སེམས་ཅན་ཀུན་ལ་རང་རིག་ནི། །སྙིང་གི་དཀྱིལ་ན་གནས་པའོ། །ཞེས་དང༌། སེང་གེ་རྩལ་རྫོགས་ལས། ཨེ་མའོ་རིག་པའི་ཡེ་ཤེས་ཉིད། །སངས་རྒྱས་སེམས་ཅན་ཐམས་ཅད་ལ། །འགྱུར་བ་མེད་པའི་ཚུལ་དུ་གནས། །དེ་ཡང་གནས་ལུགས་འདི་ལྟ་སྟེ། །ཙིཏྟ་རིན་ཆེན་གཞལ་ཡས་དང༌། །རིན་ཆེན་རྩ་ཡི་གཞལ་ཡས་དང༌། །རྣམ་དག་དུང་ཁང་གཞལ་ཡས་དང༌། །བྲི་གུ་ཏ་ཡི་གཞལ་ཡས་སོ། །གཞལ་ཡས་ཆེན་པོ་དེ་རྣམས་ན། །རིག་པའི་ངོ་བོ་རྩལ་ལྟར་གནས། །དེ་ཡང་བཤད་པ་འདི་ལྟ་སྟེ། །ལ་ལ་དག་ན་སྐུ་རུ་གནས། །ལ་ལ་དག་ན་ཐིག་ལེ་སྟེ། །གཅིག་ན་འོད་ཟེར་ཚུལ་དུ་གནས། །ཀུན་ན་ལུ་གུ་རྒྱུད་དུ་གནས། །དེས་ནི་གནས་པའི་མདོ་ཉིད་བསྟན། །ཞེས་པ་དང༌། མུ་ཏིག་ཕྲེང་བ་ལས། སངས་རྒྱས་རྣམས་ཀྱི་སྐུ་ཉིད་ནི། །ཐུགས་ཀྱི་དཀྱིལ་ན་མ་བསྐྱེད་རྫོགས། །འགྱུར་བ་མེད་པའི་སྐུ་གཅིག་ནི། །ཀུན་ཏུ་ཁྱབ་པའི་ཚུལ་དུ་གནས། །ཡོངས་ལ་ཁྱབ་པའི་སེམས་གཅིག་པུ། །རང་བཞིན་གཉུག་མ་རང་ལ་གནས། །རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ། །རྒྱུན་ནི་འཆད་པ་མེད་པར་གནས། །ལུ་གུ་རྒྱུད་ནི་གྲངས་མང་བས། །ཆ་ཤས་སྐུ་ནི་བསམ་མི་ཁྱབ། །ཡོད་པ་གཅིག་ལས་མེད་པ་ལ། །སྣང་བ་ཐམས་ཅད་ཡོངས་ལ་སྣང༌། །ཞེས་པ་དང༌། །ངོ་སྤྲོད་སྤྲས་པ་ལས། དོན་ནི་རང་གི་ལུས་དཀྱིལ་ན། །སྙིང་ནང་ཡེ་ཤེས་ཆེན་པོ་གནས། །ཞེས་པ་དང༌། འཇམ་དཔལ་སྒྱུ་འཕྲུལ་དྲ་བ་ལས། འོད་བཟང་འབར་བ་དཔལ་བེའུ། །ཞེས་སོ། །རིག་པ་ཡེ་ཤེས་ཆེན་པོའི་བཞུགས་གནས། སྙིང་རིན་པོ་ཆེ་ཟུར་བརྒྱད་པའི་དབུས་ན་འོད་རྩའི་དྭངས་མ་འོད་ལྔའི་དབུས་ན་བཞུགས་ཤིང་། བཞུགས་ཚུལ་ཞི་བའི་སྐུ་ཡུངས་འབྲུ་ཙམ་རིག་པ་དེ་ཉིད་ལ་གནས་བཅས་ནས་ཡོད་དེ། རྒྱུད་ལས། རྟེན་ནི་གཟུགས་ཀྱི་ཕུང་པོར་བརྟེན། །ཞེས་སོགས་གསུངས་པའི་དོན་དཔེར་ན་ཁྲ་ཚང་དུ་ཉལ་བ་བཞིན་དུ་ཡོད། གནས་སྙིང་ཁ་ན་གནས་པ་དཔེར་ན་བུམ་པའི་སྐུ་ལྟ་བུ། ལམ་དུ་གང་ནས་རྒྱུ་ན་རྩ་བཞི་ནས་འབྱུང་ངོ་། །དཔེར་ན་མུ་ཏིག་གི་ཕྲེང་བ་བརྒྱུས་པ་ལྟ་བུའོ། །མདོར་ན་འགྱུར་བ་མེད་པའི་སྐུ་གཅིག་གིས་ཀུན་ཁྱབ་རྒྱུན་མི་ཆད་པའི་ཚུལ་གྱིས་བཞུགས་སོ།།

༼ཁ རིག་པའི་ཡེ་ཤེས་ཀྱི་གནས་ལུགས་བསྟན་པ།

གཉིས་པ་གནས་ལུགས་ལ་གསུམ་སྟེ། ངོ་བོ་སྐུར་གནས། རང་བཞིན་འོད་ཀྱི་ཐིག་ལེར་གནས། ཐུགས་རྗེ་ཡེ་ཤེས་སྒྲོན་མར་གནས་སོ། །དང་པོ་ངོ་བོ་སྐུར་གནས་པ་ནི་སྙིང་ག་ན་ཞི་བའི་སྐུ་དང་དེའི་གདངས་ཀྱི་རྩལ་ལས་དུང་ཁང་ན་ཁྲོ་བོའི་སྐུར་གནས་ཏེ། ནོར་བུ་ཕྲ་བཀོད་ལས། ཨེ་མ་རིག་པའི་གནས་ལུགས་ནི། །རང་རང་ཙིཏྟའི་དཀྱིལ་ན་གནས། །ཡབ་ཡུམ་གཉིས་ཀྱི་ཆ་འཛིན་པའི། །ཐབས་དང་ཤེས་རབ་ཚུལ་དུ་གནས། །ཡབ་ཀྱི་ཆ་འཛིན་ཐབས་ཀྱི་སྐུ། །ཡུམ་གྱི་ཆ་འཛིན་ཤེས་རབ་སྐུ། །འོད་དང་འོད་ཟེར་ཚུལ་དུ་གནས། །དབྱིངས་དང་རིག་པས་རབ་བརྒྱན་ཏེ། །ལྷུན་རྫོགས་ཐིག་ལེ་ཆེན་པོར་གནས། །ཞེས་པ་དང༌། ཐལ་འགྱུར་ལས། སེམས་ཅན་ཀུན་གྱི་ལུས་སྤྱི་ལ། །ཆོས་ཉིད་རླུང་གི་ཚུལ་གྱིས་ཁྱབ། །ཕྲ་དང་ཡང་དང་འགྱུ་དང་འབྱེད། །ཙིཏྟའི་གནས་ན་སྐུར་གནས་ཏེ། །གདངས་ཀྱི་སྐུ་ནི་རྣམ་པ་ལྔས། །སོ་སོའི་རིགས་ཀྱི་མཚན་ཉིད་འཛིན། །ངོ་བོ་སྐུར་གནས་པ་དེ་སྙིང་ཙིཏྟ་རིན་པོ་ཆེ་ཟུར་བརྒྱད་པའི་དབུས་ན་སྐུ་རུ་གནས་པའོ། །དེའི་གདངས་དུང་ཁང་བྷན་དྷ་འབར་བའི་གཞལ་ཡས་ན་ཁྲོ་བའི་སྐུ་རུ་གནས། ཞེས་པ་དང༌། །རྩལ་རྫོགས་ལས། ཀུན་གཞི་ཆོས་འབྱུང་ཆེན་པོའི་མཛོད། །རིག་པའི་ཡེ་ཤེས་གོང་བུར་གནས། །སྣང་བ་འཛིན་མེད་ཡུལ་གྱི་མཛོད། །རིག་པའི་ཡེ་ཤེས་དབྱིངས་སུ་གནས། །གསང་འདུས་རིན་ཆེན་ཟུར་བརྒྱད་མཛོད། །རིག་པའི་ཡེ་ཤེས་ཡབ་ཡུམ་ཚུལ། །སྲོག་འདུས་རིན་ཆེན་ཟུར་བཞིའི་མཛོད། །རིག་པའི་ཡེ་ཤེས་ཐིག་ལེར་གནས། །དོན་འཁྱིལ་བྷནྡྷའི་གཞལ་ཡས་མཛོད། །རིག་པའི་ཡེ་ཤེས་ཁྲོ་སྐུར་གནས། །འགག་མེད་གསལ་བའི་སྒོ་གཉིས་མཛོད། །དབྱིངས་དང་ལུ་གུ་རྒྱུད་དུ་གནས། །སྟོང་པ་མཚན་བྲལ་ནམ་མཁའི་མཛོད། །རིག་པའི་ཡེ་ཤེས་འོད་དུ་གནས། །དེ་ནི་གསང་བའི་མཛོད་དུ་བསྟན། །ཞེས་སོ། །སྙིང་གི་དཀྱིལ་ན་ཀུན་བཟང་གའུ་ཁ་སྦྱོར་གྱི་དགོངས་པ། དཔེར་ན་བསེའི་གའུ་ཁ་སྦྱར་བ་བཞིན་དུ་གནས་པའི་ནང་ན་འོད་ཁ་དོག་སྣ་ཚོགས་འཛོམས་པའི་དཀྱིལ་དུ། ཞི་བའི་སྐུ་ཡུངས་འབྲུ་ཙམ་འོད་ཁྱིམ་གྱི་ཚུལ་དུ་བུམ་སྐུ་ལྟ་བུར་གནས་པ་དང་། དེ་ལས་བྱུང་བའི་ཡེ་ཤེས་ནི། ཀླད་པ་དུང་ཁང་གི་ནང་དུ་གནས་སོ། །དེ་ཡང་ཁྲོ་བོའི་སྐུ་ཡུངས་འབྲུ་ཙམ་ལ་སྤྱན་ཕུལ་དག་ཙམ་དུ་འོད་ཟེར་གྱི་ཚུལ་དུ་གནས་སོ། །གཉིས་པ་རང་བཞིན་འོད་ཀྱི་ཐིག་ལེར་གནས་པ་ནི། ནོར་བུ་ཕྲ་བཀོད་ལས། ཐིག་ལེའི་བཞུགས་ཚུལ་བསྟན་པ་འདི་ལྟ་སྟེ། །རྩ་རྣམས་ནང་ན་ཐིག་ལེ་སྐུ་ལྟར་གནས། །ཆེ་བའི་ཚད་ནི་ནམ་མཁའི་མཐའ་དང་མཉམ། །ཆུང་བའི་ཚད་ནི་རྟ་རྔ་བཅུ་བཤགས་ཙམ། །གསལ་བའི་ཚད་ནི་ཉི་ཟླའི་དཀྱིལ་འཁོར་འདྲ། །དེ་ཡང་གསལ་འཚེར་གཟི་བརྗིད་ལྡན། །འགྲོ་དང་འོང་དང་གནས་པའོ། །ཡེ་ཤེས་དེ་རང་བཞིན་འོད་ཀྱི་ཐིག་ལེར་གནས་པའི་སྐབས་སུ། ཆེ་བ་ནམ་མཁའ་དང་མཉམ་པ། ཆུང་བ་སྐྲ་རྩེའི་བཅུ་ཆ་ཙམ། གསལ་བ་ཉི་ཟླའི་དཀྱིལ་འཁོར་དང་འདྲ་བ། དེ་ཡང་འགུལ་འཕྲིག་གི་རྣམ་པ་ཅན་ཡིན་གསུངས་པའོ། །ཞེས་སོ། །གསུམ་པ་ཐུགས་རྗེ་སྒྲོན་མར་གནས་པ་ནི། ཡེ་ཤེས་ཆེན་པོ་དེ་སྙིང་དབུས་འོད་རྩ་དག་པའི་གཞལ་ཡས་ན་ངོ་བོ་སྐུར་གནས་པས་འོད་ལྔའི་མཚན་དཔེ་རྫོགས། རང་བཞིན་འོད་དུ་གནས་པས་ཡེ་ཤེས་ལྔའི་སྣང་བ་ཚད་མེད། ཐུགས་རྗེ་རིག་པར་གནས་པས་མཁྱེན་པ་ནང་གསལ་དུ་བཞུགས་ཡོད་པའི་ཚུལ་ནི། རང་ཤར་ལས། དེ་ཡང་སྒྲོན་མ་རྣམ་པ་བཞི། །འགག་པ་མེད་པའི་ཚུལ་གྱིས་གནས། །ཞེས་སོ། །ཡེ་ཤེས་ཀྱི་རང་གནས་སྙིང་ཁའི་རྩ་ཆེན་ན། གདངས་གསལ་བ་ཡེ་ཤེས་ཀྱི་རང་གདངས་བཞུགས་པ་ནི། རྩ་བཞི་ན་ཡེ་ཤེས་ལྔ་ཡི་རང་གདངས་ལ་བརྟེན་ནས་མིག་གི་ནང་གི་སྒྲོན་མ་བཞི་ལས། ཇི་ལྟ་བུའི་ཡེ་ཤེས་ཐིག་ལེ་སྟོང་སྒྲོན་དང་། དབྱིངས་རྣམ་དག་གི་སྒྲོན་མར་སྨིན་པ་དང་། ཇི་སྙེད་པའི་ཡེ་ཤེས་རྒྱང་ཞགས་ཆུའི་སྒྲོན་མ་དང་། ཤེས་རབ་རང་བྱུང་གི་སྒྲོན་མ་ལ་སྨིན་པའོ།།

༼ག རིག་པའི་ཡེ་ཤེས་ཀྱི་མཚོན་དཔེ་བསྟན་པ།

གསུམ་པ་མཚོན་དཔེ་ནི། ངོ་བོ་སྐུར་གནས་པ་བུམ་པའི་སྐུ་ལྟ་བུ། རང་བཞིན་འོད་དུ་གནས་པ་བུམ་ནང་གི་མར་མེ་ལྟ་བུ། ཐུགས་རྗེ་འོད་ཟེར་དུ་གནས་པ་ཉི་མའི་འོད་ཟེར་ལྟ་བུ་སྟེ། ཐལ་འགྱུར་ལས། ཙིཏྟ་རིན་ཆེན་གཞལ་ཡས་ན། །ངོ་བོ་ཀ་ནས་དག་པའི་ཆ། །སྟོང་གསལ་འདུས་པ་སྐུ་ཡི་གདངས། །ཞལ་ཕྱག་རྫོགས་པ་བུམ་སྐུའི་ཚུལ། །ལྷུན་གྲུབ་འོད་ཀྱི་གོང་བུར་གནས། །ཐུགས་རྗེ་ཁ་དོག་སོ་སོར་གསལ། །ཞེས་སོ། །ངོ་བོ་སྐུར་གནས་པའི་དཔེ་ནི་བུམ་ནང་གི་སྒྲོན་མེ་ནང་ནས་གསལ་བའི་བདག་ཉིད་ཅན་དང་། རང་བཞིན་གྱི་འོད་ཀྱི་དཔེ་ནི། རྩལ་རྫོགས་ལས། ནང་གསལ་བུམ་པའི་མར་མེ་བཞིན། །ཞེས་པ་དང༌། བུམ་ནང་གི་མར་མེའི་འོད་བུམ་པའི་རྒྱས་འཐུམས་ནས་ཕྱིར་མི་གསལ་ཡང་རང་འོད་ནང་ན་གསལ་བ་ལྟ་བུའོ། །ཐུགས་རྗེའི་དཔེ་ཡང་དེ་ལས། སྒྲོན་མའི་འོད་ཟེར་ཉི་མའི་དཀྱིལ་འཁོར་འདྲ། །སྒྲོན་མའི་འོད་ཟེར་སྟོང་ལ་ཐུག་པ་མེད། །ཅེས་དང༌། བི་མ་ལའི་ཞལ་སྔ་ནས། སྐུ་ནི་ནང་གསལ་བུམ་སྐུ་ལྟར། །འོད་ནི་བུམ་པའི་མར་མེ་བཞིན། །ཡེ་ཤེས་རྨ་བྱའི་སྒོ་ང་འདྲ། །ངོ་བོ་སྐུར་གནས། རང་བཞིན་འོད་དུ་གནས། ཐུགས་རྗེ་འོད་ཟེར་དུ་གནས་པའི་ཚུལ་གྱི་མཇུག་སྡོམ་དུ་ཞེས་གསུངས་སོ། །སྐུ་ཡུངས་འབྲུ་ཙམ་ལ་སྤྱན་ཕུལ་ཐག་ཙམ་དུ་བཤད་པའི་ཕུལ་དག་ནི་དངོས་པོ་ཞིག་ལ་གོ་རྒྱུ་མ་ཡིན་པར་སྐད་རྙིང་སྟེ་འཚམས་པར་ཡོད་ཅེས་པའི་དོན་ཏོ། །ལ་ལ་ནས་ཡེ་ཤེས་འཕོ་བར་བཤད་པ་ནི་རླུང་གི་སྤོར་ཤབ་ཡིན་ནོ། །སྐུ་ཡུངས་འབྲུ་སྤྱན་ཕུལ་ཐག་ཅེས་པའང་ཤིན་ཏུ་ཕྲ་བའམ་ཟབ་ཅིང་གཏིང་དཔག་དཀའ་བའི་དོན་ལ་གོ་བ་ཡིན་ནོ། །ལ་ལས་ཡེ་ཤེས་འཕོ་བ་བཤད་པ་ལྟ་བུའི་ཡེ་ཤེས་འཕོས་ན་ལུས་སེམས་འབྲལ་བར་འགྱུར་རོ་ཞེས་མི་རིགས་པའི་གཏན་ཚིགས་བཀོད་པའོ།།

༼ཁ༽ གསང་མཆོག་རྒྱལ་པོའི་གནད་ངེས་པ་བྱེ་བྲག་ཏུ་བཤད་པ།

༼ཀ ཀུན་གཞི་དང་ཆོས་སྐུའི་གནད་བཤད་པ།

ཀ༽ རྣམ་དབྱེ་སྤྱིར་བསྟན་པ།

སྤྱི་དོན་གཉིས་པ་གསང་མཆོག་རྒྱལ་པོའི་གནད་བསྟན་པ་ལ་གཉིས་ཏེ། ཀུན་གཞི་དང་ཆོས་སྐུའི་གནད་དང༌། སེམས་དང་ཡེ་ཤེས་ཀྱི་གནད་དོ། །དང་པོ་ལ་རྣམ་དབྱེ་སྤྱིར་བསྟན་པ་དང༌། ཁྱད་པར་སོ་སོར་བཤད་པའོ། །དང་པོ་ནི་ཀུན་གཞི་འཁོར་བའི་རྩ་བ་ཡིན་པས་བག་ཆགས་ཐམས་ཅད་ཀྱི་རྟེན་རྫིང་དང་འདྲ་ལ། ཆོས་སྐུ་མྱ་ངན་ལས་འདས་པའི་རྩ་བ་ཡིན་པས་བག་ཆགས་ཐམས་ཅད་དང་བྲལ་བས་ཟག་པ་ཟད་པ་སྟེ། མུ་ཏིག་ཕྲེང་བ་ལས། ཀུན་གཞི་ཉིད་ནི་བསགས་པའི་ཕྱིར། །ཆོས་ཀྱི་སྐུ་ནི་ཟག་པ་ཟད། །ཅེས་པ་དང༌། རྒྱུ་དང་རྐྱེན་བཅས་ཀུན་གཞི་ལ། །བག་ཆགས་གསོག་ཕྱིར་རྫིང་དང་འདྲ། །ཆོས་ཀྱི་སྐུ་ནི་བག་ཆགས་བྲལ། །ཡིད་དང་སེམས་སོགས་འདུས་པ་ལས། །ལུས་ཅན་ཀུན་གཞི་དུ་མར་སྣང༌། །ཆོས་སྐུ་ཡིད་སོགས་བྲལ་བས་ན། །དུ་མ་གཟུགས་སྣང་ཡིད་མེད་པའོ། །ཞེས་སོ། །ཀུན་གཞི་ཞེས་པའི་ཀུན་ནི་མང་ཚིག་དང་། གཞི་ནི་དེའི་རྟེན་གཞིའི་དོན་ཡིན་པས། ཚོགས་པ་སྣ་ཚོགས་པ་ཀུན་གྱི་རྟེན་གཞིར་གྱུར་པས་ན་ཀུན་གཞིའོ། །དེ་ཡང་སྤྱིར་འཁོར་བ་དང་མྱང་འདས་གཉིས་ཀ་གཞི་རིག་པའི་ངང་དུ་གཅིག་པ་ཡིན་ཡང་། ལྷུན་གྲུབ་ཀྱི་རྩལ་སྣང་རིག་ཐོག་ཏུ་མ་གྲོལ་ཞིང་གཞན་དབང་དུ་སོང་ནས་སེམས་དང་སེམས་བྱུང་གི་རང་བཞིན་སྣ་ཚོགས་པ་ཞིག་བྱུང་བ་དེ་ཐམས་ཅད་སྣང་བའི་གཞིའམ་ཁམས་གསུམ་གྱི་བག་ཆགས་ཐམས་ཅད་ཀྱི་གསོག་གཞི་ཡིན་པས་ན་ཀུན་གཞིའོ། །སྣ་ཚོགས་འཁྲུལ་བས་བསླད་ནས་མ་རིག་པའི་ཆར་སོང་བ་ལ་ཀུན་གཞི་ཞེས་བཏགས་ལ། དེ་ལས་ལྡོག་པའི་ཆོས་སྐུ་ནི། མ་རིག་པའི་གཞན་དབང་དུ་མ་གྱུར་ལ་སེམས་དང་སེམས་བྱུང་ལས་འདས་པས་ང་དང་ང་ཡིར་འཛིན་པའི་ཡིད་དང་ལྷན་ཅིག་ཏུ་མི་གནས་པ། ལས་དང་བག་ཆགས་ཀྱི་བསམ་པས་མ་སྦགས་པས་དྲན་བསམ་ལས་འདས་པ་ཞིག་གོ །འདི་གཉིས་ཀྱི་གསལ་བའི་དཔེར་བརྗོད་པ་ནི། རང་ཤར་ལས། ཀུན་གཞི་དང་ཆོས་སྐུའི་དཔེ་རྒྱ་མཚོ་དང་གྲུའི་ཚུལ་དུ་ལམ་འབྱུང་ཞེས་པས། གཞི་གནས་ཀྱི་ཆོས་སྐུ་རྒྱ་མཚོ་དྭངས་པ་ལྟ་བུའི་ངང་ན། ཀུན་གཞི་གྲུ་ལྟ་བུ་སྟེ་སེམས་རྣམ་ཤེས་ཚོགས་པ་དུ་མའི་མི་དང་ལས་དང་བག་ཆགས་ཀྱི་ཡོ་བྱད་དུ་མས་བཀང་ནས་རིག་པ་ཆོས་སྐུའི་ངང་ལས་ལམ་བྱུང་བའི་ཚུལ་ལོ། །ཀུན་མཁྱེན་འཇིགས་གླིང་གིས་ཀྱང་། དེ་བཞིན་ཀུན་གཞི་དང་ནི་ཆོས་སྐུ་གཉིས། །དབྱིངས་སུ་གཅིག་ཀྱང་ཆོས་སྐུ་རྒྱ་མཚོ་འདྲ། །ཀུན་གཞིའི་རྣམ་ཤེས་དེ་ཡི་སྒྲིབ་ཆ་སྟེ། །གྲུ་བ་བཞིན་དུ་འཁོར་འདས་གཉིས་ཀར་ལྡིང། །ཞེས་གསུངས་པ་ལྟར། ཀུན་གཞི་ནི་ཆོས་སྐུའི་སྒྲིབ་ཆར་གྱུར་པ། མ་རིག་པ་ཐམས་ཅད་ཀྱི་རྟེན་དང་། ཁྱབ་བྱེད་དང་། ངོ་བོར་གནས་པ་དེ་སྐབས་འདིར་གྲུ་དང་རྒྱ་མཚོའི་དཔེས་བཤད་པ་ནི། གཞི་ཀ་དག་རིག་པའི་དབྱིངས་གཅིག་རྒྱ་མཚོ་ལྟ་བུ་དེའི་ངང་ནས། རྩལ་སྣང་ལྷུན་གྲུབ་ཀྱི་རིག་ཆ་ལྡོག་པ་ལས་བྱུང་བའི་ཀུན་གཞི་གྲུའམ་གྲུ་བ་ལྟ་བུ་དེས། སེམས་དང་སེམས་བྱུང་། ལས་དང་བག་ཆགས་ཀྱི་ནོར་རྫས་མང་པོ་ཞིག་འཁུར་གྱིན་རྣམ་ཤེས་ཀྱི་ཚོགས་པ་དུ་མའི་མི་མང་པོ་ཞིག་གྲུ་ནང་དེར་བསྡད་ནས་མཚོ་ཁར་ལྡིང་བ་དང་འདྲ་ཞེས་གསུངས་པའོ། །ཡང་བསྐྱར་བཤད་ན། ཆོས་སྐུའི་ཀ་དག་སྤྲོས་བྲལ་གྱི་རིག་པ་དེ་རང་བཞིན་གང་དུ་ཡང་མ་གྲུབ་ཅིང་སྣ་ཚོགས་འཆར་བའི་གོ་མ་འགགས་པ། གློ་བུར་གྱི་དྲི་མ་ལས་ལྡོག་པའི་རྒྱ་མཚོ་དྭངས་མོ་འདྲ་ཞིག་ཡིན་ལ། དེའི་སྒྲིབ་ཆར་གྱུར་པ། རྩལ་སྣང་ལྷུན་གྲུབ་ཀྱི་རིག་ཆ་ལྡོག་པ་ལས་བྱུང་བའི་མ་རིག་པ་ཐམས་ཅད་ཀྱི་རྟེན་དང་། ཁྱབ་བྱེད་དུ་བྱུང་བ་དེ་ཀུན་གཞིའོ། །དཔེ་གཞན་ཞིག་གིས་བཤད་ན་ཀུན་གཞིའི་རང་བཞིན་ནི་གཉིད་སོང་བ་ལྟ་བུ་འཁྲུལ་སྣང་དང་རྨི་ལམ་སྣ་ཚོགས་འཆར་བའི་རྟེན་དུ་གྱུར་བ་ཞིག་ཡིན་ལ། ཆོས་སྐུའི་ངོ་བོ་རིག་པ་དྲི་མ་མེད་པ་ནི་མཐར་ཐུག་གི་གྲོལ་གཞིར་ཡོད་པ་གཉིད་སད་པ་དང་འདྲ་བ་ཞིག་གོ །དེས་ན་ཀུན་གཞི་དང་དེ་ལ་བརྟེན་པའི་ཆོས་ཅན་ཐམས་ཅད་ནི་འདག་བྱའི་དྲི་མ་ཡིན་པས་གཉིད་དང་རྨི་ལམ་གྱི་ཆ་ནི་ལྡོག་དགོས་ཀྱང་ཆོས་སྐུའི་ངོ་བོ་རིག་པ་དྲི་མ་མེད་པ་དེ་གནས་སྐབས་སུ་གོམས་བྱར་གྱུར་ཅིང་མཐར་ཐུག་གི་རྟོགས་བྱ་དང་གྲོལ་གཞིར་ཡོད་པས་རྣམ་པ་ཀུན་ཏུ་ལྡོག་བྱ་མིན་ནོ། །འདི་གཉིས་ཀའི་དབྱེ་བ་འབྱེད་ཚུལ་གཞན་ཡང་། བག་ཆགས་སྣ་ཚོགས་ཀྱི་གཞིར་གྱུར་ཅིང་འཁོར་བའི་འཁྲུལ་སྣང་ཐམས་ཅད་ཀྱི་ཐོག་མར་སྐྱེས་པ་ངོ་བོ་གང་ལ་ཡང་མི་རྟོག་པར་རྩེ་གཅིག་ལུང་མ་བསྟན་དུ་སྡོད་པ་དེ་ཀུན་གཞི་དང་། དྭངས་གསལ་སྤྲོས་དང་བྲལ་བ་འབྲས་ཆོས་རྒྱ་མཚོའི་རྟེན་གཞིར་གྱུར་པ་དེ་ཆོས་སྐུ་ཡིན་ནོ། །དེ་ཡང་མདོ་རྒྱུད་ཁ་ཅིག་ཏུ་གཞིའི་ཆ་ལ་ཀུན་གཞིར་མིང་བཏགས་པ་དགོངས་པ་མ་ལོན་པ་ཁ་ཅིག་ཀུན་གཞི་དང་ཆོས་སྐུ་དེ་གཉིས་གཅིག་ཏུ་འདོད་པ་ཡོད་དེ་ཤིན་ཏུ་ནོར་ས་ཁམ་པོ་ཆེ་ཡིན་པས་སྐྱོན་དུ་མ་ཡོད་དེ། མདོ་རྒྱུད་འགའ་རེར་གཞིའི་ཆོས་ཉིད་ལ་ཀུན་གཞིའི་མིང་གིས་བསྙད་ནས་གསུངས་པའང་ཡོད་པའི་དོན་གྱི་བསྟན་བྱ་དངོས་དེ་མ་གོ་ནས་སྒྲ་འདྲ་བ་ཙམ་གྱི་རྒྱུ་མཚན་གྱིས་དོན་གཅིག་ཏུ་བཟུང་ན་ནོར་ཚབས་ཆེའོ། །ཅིའི་ཕྱིར་ཞེ་ན། ཀུན་གཞི་བག་ཆགས་དང་བཅས་པའི་ཕྱིར་དེ་གཉིས་གཅིག་ཡིན་པས་ཆོས་སྐུ་བག་ཆགས་དང་བཅས་པར་ཐལ་བ་དང༌། ཀུན་གཞི་གནས་འགྱུར་དགོས་པའི་ཕྱིར་ཆོས་སྐུ་ཡང་གནས་འགྱུར་དགོས་པར་ཐལ་བ་དང༌། ཀུན་གཞི་འཁོར་བའི་གནས་སྐབས་ཀྱི་ཆོས་ལ་ལྟོས་པས་རེས་འགའ་བ་ཡིན་པའི་ཕྱིར་ཆོས་སྐུ་ཡང་རེས་འགའ་བར་ཐལ་བ་སོགས་ཀྱི་སྐྱོན་མང་ངོ༌། །རང་ཤར་ལས་ཀྱང་དེ་གཉིས་གཅིག་པ་ལ་འགལ་བ་སྡུད་པའི་རིགས་པ་དྲི་ལན་རྒལ་རྩོད་དང་བཅས་པར་གསུངས་པ་ནི། ལ་ལ་ཀུན་གཞི་ཆོས་སྐུར་འདོད། །དེ་ལ་ལན་བཏབ་བསྟན་པའི་ཕྱིར། །ཀུན་གཞིའི་མཚན་ཉིད་འདི་ལྟར་ཡིན། །དེ་ནས་དེ་ཡི་ལན་སྨྲས་པ། །ཐམས་ཅད་རྫོགས་ཕྱིར་ཀུན་གཞི་ཡིན། །དེ་ནས་དྲིས་པའི་ཚིག་གིས་བཟློག །སངས་རྒྱས་འགྱུར་བ་ཡོད་པར་རིགས། །ཀུན་གཞི་སྣ་ཚོགས་འཆར་བའི་ཕྱིར། །དེ་ལས་ཐམས་ཅད་རྫོགས་པའི་ཕྱིར། །སངས་རྒྱས་ཉིད་དུ་སེམས་ཅན་རིགས། །ཅི་ཕྱིར་ཐམས་ཅད་རྫོགས་པའི་ཕྱིར། །ཡང་ན་རེས་འཇོག་ཅན་དུ་འགྱུར། །ཅི་ཕྱིར་སྣ་ཚོགས་འཆར་བའི་ཕྱིར། །རེས་འགའ་སངས་རྒྱས་ཡིན་པར་འགྱུར། །རེས་འགའ་སེམས་ཅན་ཡིན་པར་འགྱུར། །ཅི་ཕྱིར་རེས་འཇོག་ཡོད་པའི་ཕྱིར། །ཞེས་དང༌། །ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས་ཀྱང༌། །ཀུན་གཞི་ཆོས་སྐུར་འདོད་པ་ང་ལས་གོལ་བ་ཡིན། །ཞེས་སོ། །འོ་ན་ཇི་ལྟར་ཡིན་ན་ཆོས་སྐུ་ནི་གཞི་རྟོགས་བྱ་ཡིན་པ་དང་། འབྲས་བུའི་གྲོལ་ས་ཡིན་ལ། ཀུན་གཞི་ནི་འཁོར་བའི་གཞི་ཡིན་ཞིང་དེ་དང་དེ་ལ་བརྟེན་པའི་ཆོས་ཐམས་ཅད་འདག་བྱའི་དྲི་མ་ཡིན་པས་འཁོར་འདས་ཀྱི་གཞི་ཐ་དད་ལ་ལྟོས་ནས་སོ་སོར་བྱེ་བ་ཡིན་ཏེ། རང་ཤར་ལས། སེམས་ཅན་གཞི་དང་སངས་རྒྱས་གཞི། །ཁྱད་པར་གཅིག་གིས་ཕྱེ་བར་ངེས། །ཞེས་སོ།།

ཁ༽ ཁྱད་པར་སོ་སོར་བཤད་པ།

ཀ ཀུན་གཞིའི་ཁྱད་པར་བཤད་པ།

གཉིས་པ་ཁྱད་པར་སོ་སོར་བཤད་པ་ལ་གཉིས་ཏེ། ཀུན་གཞིའི་ཁྱད་པར་དང༌། ཆོས་སྐུའི་ཁྱད་པར་བཤད་པའོ། །དང་པོ་ཀུན་གཞིའི་ངོ་བོ། ངེས་ཚིག །དབྱེ་བ། བྱེད་ལས། སྒྲ་འཇུག་པའི་རྒྱུ་མཚན་དང་ལྔ་ལས། ངོ་བོ་ནི་སེམས་སེམས་བྱུང་གིས་ཉེ་བར་བསྡུས་པས་འཁོར་འདས་ཀྱི་ལས་དང་བག་ཆགས་ཐམས་ཅད་ཀྱི་རྟེན་དུ་གྱུར་པ་སྟེ། མ་རིག་པའི་ས་བ་ལུང་མ་བསྟན་ཏེ། ཐལ་འགྱུར་ལས། ངོ་བོ་བག་ཆགས་རྣམས་ཀྱི་སྣོད། །ཅེས་པ་དང༌། རང་ཤར་ལས། ཀུན་གཞི་རྣམ་རྟོག་འཛིན་པ་ལས། །སྣ་ཚོགས་པ་ཡི་ཤེས་པས་བསླད། །ཀུན་གཞི་མ་རིག་དངོས་པོ་ཡིན། །ཞེས་སོ། །ཀུན་གཞིའི་ངོ་བོ་ལས་དང་བག་ཆགས་ཀྱི་རྟེན་མ་རིག་པའི་ས་བ་ཡིན་པ་བསྟན་པའོ། །ངེས་ཚིག་ནི། བག་ཆགས་དུ་མའི་གཞི་ཡིན་པས་ཀུན་གཞི་སྟེ། ཐལ་འགྱུར་ལས། ངེས་ཚིག་ཀུན་ནི་འདུས་པ་ལ། །གཞི་ནི་ཚོགས་ཤིང་སོག་པའོ། །ཞེས་སོ། །དབྱེ་ན་བཞི་སྟེ། ཡེ་དོན་གྱི་ཀུན་གཞི། སྦྱོར་བ་དོན་གྱི་ཀུན་གཞི། བག་ཆགས་སྣ་ཚོགས་པའི་ཀུན་གཞི། བག་ཆགས་ལུས་ཀྱི་ཀུན་གཞི་དང་བཞི་ལས། དང་པོ་ཡེ་དོན་གྱི་ཀུན་གཞི་ནི་རིག་པའི་སྟེང་ན་ཡེ་ཐོག་དང་པོའི་དུས་ནས་གསེར་དང་གཡའ་བཞིན་ལྷན་ཅིག་སྐྱེས་པའི་ཆ་རིག་པ་ལ་ལྟོས་པའི་མ་རིག་པ་སྟེ། འཁོར་བའི་ཆོས་ཀུན་གྱི་དང་པོའི་གཞི་དང༌། དེ་ཡང་འཁོར་བའི་ཆོས་ཐམས་ཅད་ཀྱི་དང་པོའི་གཞི་དབྱིངས་དེའི་ངང་ནས་དཔྱོད་བྱེད་ཐོག་མའི་འགྱུ་བ་རིག་པ་ལ་ལྟོས་པའི་མ་རིག་པ་མཚུངས་ལྡན་དུ་ཡོད་པའི་ལྡོག་པ་ནས་བརྗོད་པ་འཁོར་བའི་གོ་འབྱེད་པའི་ཆ་ནས་བཤད་པའོ། །སྦྱོར་བ་དོན་གྱི་ཀུན་གཞི་ལས་ཀྱི་ཆའི་གཞི་དེ་འཁོར་འདས་སུ་ལས་དང་སོ་སོས་སྦྱོར་ཞིང་འཕེན་པའི་རྩ་བའི་རྟེན་ཅན་ལུང་མ་བསྟན་པ་དང༌། དེའི་སྐབས་སུ་དཔྱོད་བྱེད་ཀྱི་ཤེས་པ་དེས་རང་མ་རིག་ན་ཁ་ཕྱིར་བལྟས་ཀྱི་འཁོར་བར་འཁོར་བྱེད་དུ་སོང་ཞིང་རང་གི་རང་བཞིན་རིག་ན་མྱང་འདས་སུ་སྦྱོར་བ་ཞིག་གོ །བག་ཆགས་སྣ་ཚོགས་པའི་ཀུན་གཞི་སེམས་དང་སེམས་བྱུང་གི་འཁོར་བར་བསྐྱེད་པའི་ཆའི་ལས་སྣ་ཚོགས་པ་བག་ལ་ཉལ་གྱི་ཆ་ལུང་མ་བསྟན་པ་དང༌། ཤེས་པ་དེ་ཉིད་མི་དགེ་བའི་ལས་དང་བག་ཆགས་ཀྱི་འབྱུང་ཁུངས་དང་དེ་ཐམས་ཅད་ཀྱི་རྟེན་གཞི་ཡིན་པའི་ཆའོ། །བག་ཆགས་ལུས་ཀྱི་ཀུན་གཞི་ཡན་ལག་དང་ཉིང་ལག་རྡུལ་ཕྲན་ཆ་ཤས་སུ་སྣང་བ་རགས་པའི་ལུས་དང༌། དྭངས་པ་འོད་ཀྱི་ལུས་དང༌། ཏིང་ངེ་འཛིན་ལྟར་སྣང་བའི་ལུས་གསུམ་དུ་སོ་སོར་སྣང་བའི་གཞི་མ་རིག་པའི་རྟེན་གྱི་ཆ་ཅན་ཏེ། རྩ་བའི་ཤེས་པ་དེ་ལ་ལུས་ཀྱི་བག་ཆགས་ཡོད་པས་སའི་རང་བཞིན་ཤ ཆུའི་རང་བཞིན་ཁྲག མེའི་རང་བཞིན་དྲོད། རླུང་གི་རང་བཞིན་ཡིད་ལུས་སུ་འཆར་བའི་ཆ་ནས་བཏགས་པའོ། །ཐལ་འགྱུར་ལས། དབྱེ་ན་ལུས་དང་སྦྱོར་བ་དང༌། །སྣ་ཚོགས་པ་དང་ཡེ་གཞིའོ། །ཞེས་སོ། །ཁ་ཅིག་གིས་རིག་པ་དངོས་དྲི་བཅས་ཀྱི་ཆ་ནས་ཀུན་གཞིར་བཏགས་པ་འདུག་སྟེ། ཡིད་ཀྱི་ཡུལ་དུ་གྱུར་པའི་ཆོས་དང་གཅིག་ཏུ་འདྲེས་པའི་སྐྱོན་ཡོད་པས་བག་ཆགས་ལ་ཁོ་ནར་འཇོག་པ་འདི་འཐད་དོ། །ཀུན་གཞིའི་དབྱེ་བ་འདི་དག་ཀྱང་ངོ་བོ་མ་རིག་པའི་ཤེས་པ་ལུང་མ་བསྟན་བག་ཆགས་ཀྱི་ས་བར་ངོ་བོ་རྫས་གཅིག་ལ་ལྡོག་པ་ཐ་དད་པ་ཙམ་མོ། །དེ་ཡང་བག་ཆགས་ལུས་ཀྱི་ཀུན་གཞི། ལུས་སུ་བག་ཆགས་པའི་གཞི་ཀུན་གཞིར་བྱུང་བས་ད་ལྟ་ལུས་སུ་སྣང་བའི་གནད་དེ་ཡིན་ལ། བག་ཆགས་སྣ་ཚོགས་པའི་ཀུན་གཞི། སེམས་སུ་བག་ཆགས་པའི་གཞིར་བྱུང་བས་ད་ལྟ་རྣམ་ཤེས་དུ་མའི་ཚོགས་པ་སེམས་བྱུང་དང་བཅས་པར་བྱུང་ལ། སྦྱོར་བ་དོན་གྱི་ཀུན་གཞི། བག་ཆགས་སྣ་ཚོགས་པའི་གཞིར་བྱུང་བས་ད་ལྟ་སྣང་བ་ཐ་དད་དུ་ཤར་མདངས་སྣང་དུ་བྱུང་ལ། ཡེ་དོན་གྱི་ཀུན་གཞི། ཡེའི་གཞིར་བྱུང་བས་ད་ལྟ་གང་ལའང་མ་རིག་པ་དང་མཚུངས་ལྡན་དུ་བྱུང་བའོ། །ཀུན་གཞི་བཞི་བོ་འདི་བག་ལ་ཉལ་གྱི་ཆ་ལུང་མ་བསྟན་ཡིན་པས་ས་འོག་གི་ས་བོན་དང་འདྲ་བར་དངོས་སུ་བལྟར་མེད་ལ། མངོན་གྱུར་གྱི་ཆོས་རྣམས་ཀྱི་རྒྱུ་ཙམ་དུ་ཡོད་ཅིང་ལུས་སེམས་སྣང་ཆའི་མ་རིག་པ་བཞི་པོ་མྱུ་གུ་དང་འདྲ་བར་དངོས་སུ་བལྟར་ཡོད་པའི་གནད་དེ་ལས་བྱུང་བའོ། །དེ་ཐམས་ཅད་ཀྱང་ཀུན་གཞི་ཞེས་བྱ་བ་གཅིག་ཏུ་འདུ་བ་ནི། ངོ་བོ་གཅིག་པའི་ཆས་བཞག་ལ། དབྱེ་བ་བཞི་ནི་ལྡོག་པ་ཐ་དད་ལ་ལྟོས་ནས་བཞག་གོ །ངོ་བོ་རྫས་གཅིག་ལ་ལྡོག་པ་ཐ་དད་དུ་བཞག་པའི་ཀུན་གཞི་དང་ཚོགས་བརྒྱད་གཉིས་ནི་རྟེན་དང་བརྟེན་པའི་རྣམ་པར་འབྲེལ་བའི་ཤེས་པའི་རྣམ་པ་ཅན་ཞིག་གོ །ཕྱི་ནང་གང་དུ་ཡང་རྒྱ་མ་ཆད་པས་ཀུན་གཞིའི་རྣམ་ཤེས་ཟེར་བ་དང་། དབང་ཤེས་ལ་རང་རང་གི་ཤེས་པ་རྟོག་མེད་ཡུལ་ལྔར་འཛིན་པའི་ཆ་ནས་སྒོ་ལྔའི་རྣམ་ཤེས་ཟེར་ཞིང་། བྱེད་ལས་ནི་བག་ཆགས་སྔ་ཕྱིའི་རྟེན་བྱེད། ལས་དང་ཉོན་མོངས་པའི་རྒྱུ་བྱེད། ལུས་དང་ཚོགས་པ་དུ་མའི་འཆར་གཞི་བྱེད། ལུས་སེམས་དང་འཁོར་འདས་སོ་སོ་ལ་སྦྱོར་བའི་ཆ་བྱེད་དེ། མུ་ཏིག་ཕྲེང་བ་ལས། ཀུན་གཞི་ཉིད་ནི་བསགས་པའི་ཕྱིར། །ཞེས་སོ། །ཀུན་གཞི་དེ་དག་གི་བྱེད་ལས་ཇི་ལྟར་ཡིན་ན། ཡེ་དོན་གྱི་ཀུན་གཞིས་འཁྲུལ་གཞི་བྱེད། སྦྱོར་བ་དོན་གྱི་ཀུན་གཞིས་ལུས་སེམས་གཉིས་འབྲེལ་དུ་བཅུག་ནས་བདེ་སྡུག་ལ་སྦྱོར། བག་ཆགས་སྣ་ཚོགས་པའི་ཀུན་གཞིས་ལས་དང་ཉོན་མོངས་གསོག་བྱེད་དང་དེའི་རྒྱུ་རྐྱེན་སྒྲུབ་པར་བྱེད་དོ། །བག་ཆགས་ལུས་ཀྱི་ཀུན་གཞིས་ལུས་འདྲ་མིན་སྣ་ཚོགས་པ་དུ་མ་དང་འབྲེལ་བའི་རྐྱེན་བྱེད་པའོ། །ཀུན་གཞི་ཞེས་པའི་སྒྲ་འཇུག་པའི་རྒྱུ་མཚན་ནི། བག་ཆགས་སྔ་ཕྱིའི་ཉིང་མཚམས་དང༌། རྣམ་སྨིན་སྔ་ཕྱིའི་འབྲེལ་དང༌། རྒྱུ་འབྲས་ཀྱི་སྟོབས་དཀར་ནག་སོ་སོ་བའི་རྟེན་བྱེད་པས་ཀུན་ཞེས་བྱ་ལ། ལྷན་ཅིག་ཏུ་ཚོགས་པའི་གནས་ཡིན་པས་གཞི་ཞེས་བྱ་སྟེ། ལས་སྔ་མའི་རྗེས་འཇོག་པས་བག་ཆགས། ཕྱི་མ་ཉེ་བར་ལེན་པས་རྣམ་སྨིན། བདེ་སྡུག་གི་ཀུན་སྦྱོར་བྱེད་པ་དང་རྒྱུ་འབྲས་སྔ་ཕྱིར་སྨིན་པའི་སྡེབ་བྱེད་པས་ནས་ཀུན་གཞིའི་སྒྲ་ཞུགས་པའོ། །ཐལ་འགྱུར་ལས། དེ་ལ་ཀུན་གཞི་རེ་ཞིག་བཤད། །ཆོས་དང་ཆོས་མིན་ཀུན་གྱི་གཞི། །ཞེས་པ་དང༌། །རྒྱུད་བླ་མའི་འགྲེལ་བར། ཀུན་གཞི་ཀུན་གྱི་གཞི་ཡིན་ཏེ། །རྣམ་པར་བྱང་བའི་གཞི་མའང་ཡིན། །ཞེས་སོ། །འཁོར་བའི་གཞིར་འཐད་ཀྱི་རྣམ་བྱང་གི་གཞི་ཇི་ལྟར་ཡིན་ཞེ་ན། སྤྱིར་གཞི་ལ་དངོས་ཀྱི་གཞི་ཟེར་ལས་ཉི་མ་ལྟ་བུ་དང༌། དེ་ལ་སྦྱོར་བའི་གཞི་དགེ་བས་མཐོ་རིས་ཀྱི་གཞི་བྱེད་པ་ལྟ་བུ་ལས། འདི་སྦྱོར་བའི་གཞི་ལ་མིང་དུ་བཏགས་པ་སྟེ། མྱང་འདས་ལ་སྦྱོར་བའི་ཐར་བ་ཆ་མཐུན་གྱི་དགེ་བ་སྒོ་གསུམ་གྱིས་བསགས་པའི་ཀུན་གཞིའི་སྟེང་ན་ཡོད་པའི་ཆ་ལས་སོ། །ཐར་བ་ཆ་མཐུན་གྱི་ལས་དེ་མྱང་འདས་ཀྱི་ཆ་ལ་སྒྲིབ་པའི་དྲི་མ་སེལ་བའི་རྒྱུ་བྱེད་པ་ལ་མྱང་འདས་ཀྱི་རྒྱུར་བཏགས་ཀྱི་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་སུ་མི་འདོད་དེ། མྱང་འདས་ཀྱི་ངོ་བོ་འདུས་མ་བྱས་པ་ཡིན་པས་རྒྱུ་རྐྱེན་གྱིས་གསར་དུ་བྱེད་པར་འགལ་བའི་ཕྱིར་ཏེ། རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་དང༌། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པས་སངས་རྒྱས་ཉིད། །ཅེས་སོ། །ཐལ་འགྱུར་ལས། ཆོས་དང་ཆོས་མིན་ཀུན་གྱི་གཞི། །ཞེས་དང་། རྒྱུད་བླ་མའི་འགྲེལ་བར། ཀུན་གཞི་ཀུན་གྱི་གཞི་ཡིན་ཏེ། །རྣམ་པར་བྱང་བའི་གཞི་མའང་ཡིན། །ཞེས་པ་འདི་ལ་དཔེ་ལ་ལར། མྱ་ངན་འདས་པའི་གཞི་མའང་ཡིན། །ཞེས་གསུངས་པའང་ཡོད། དེ་ལྟར་གསུངས་པ་ལ་འཁྲུལ་ནས་ཀུན་གཞི་ཆོས་སྐུར་འདོད་པ་འདི་བྱུང་བ་དང་། ད་དུང་རིག་པ་དྲི་བཅས་ཐོག་མའི་གྲོལ་འཁྲུལ་གྱི་གཞི་རུ་འཁྲུལ་ནས་ཀུན་གཞི་ཆོས་སྐུར་འདོད་པ་དང་། དབྱིངས་དེ་བཞིན་ཉིད་ཀུན་གཞིའི་སྒྲ་ཡིས་བསྙད་པའི་སྐབས་ཡོད་པ་དེ་ཚོའི་གོ་ཤན་ལེགས་པར་མ་ཕྱེད་པར་གཅིག་ཏུ་འདོད་པ་ནི། ཀུན་གཞི་ཆོས་སྐུར་འདོད་པ་ཐུན་མོང་ཐེག་པའི་སྐབས་སུ་ཡང་བཀག་པ་ཡིན་པས་གསང་བ་བླ་ན་མེད་པའི་ཐེག་པ་ལས་འགོག་པ་ནི་དེ་བས་ཀྱང་སྨོས་མ་དགོས་པའོ། །ལུང་ལས། མྱ་ངན་འདས་པའི་གཞི་མའང་ཡིན། །ཞེས་གསུངས་པ་ནི་སྤྱིར་གཞི་ཞེས་པ་འདི་ལ། ཟེར་གྱི་གཞི་ནི་ཉི་མའོ་ཞེས་པ་ལྟ་བུའི་དངོས་གཞི་ཞིག་དང་། དགེ་བས་མཐོ་རིས་སུ་སྐྱེ་བའི་གཞི་བྱེད་ཅེས་པ་ལྟ་བུའི་སྦྱོར་བའི་གཞི་དང་གཉིས་ཡོད་པ་ལས་འདི་སྦྱོར་བའི་གཞི་ལ་གོ་བ་ལེན་ཚེ། སྒོ་གསུམ་གྱིས་བསགས་པའི་ཐར་བ་ཆ་མཐུན་གྱི་དགེ་བ་ཞིག་བསྒྲུབས་པ་དེ། བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་དངོས་མིན་ཡང་མྱང་འདས་ཀྱི་རྒྱུར་བཏགས་ཆོག་པ་ཡིན་ཏེ། མྱང་འདས་ཀྱི་ཆ་ལ་སྒྲིབ་པའི་དྲི་མ་སེལ་བའི་རྒྱུ་བྱས་པས་ན་རྒྱུ་རུ་སོང་བའི་ཕྱིར། རྒྱུ་དངོས་མིན་པ་ནི་མྱང་འདས་འདུས་མ་བྱས་པ་དེ་རྒྱུ་རྐྱེན་གྱིས་གསར་དུ་སྒྲུབ་ཏུ་མེད་པས་སོ། །དེས་ན་ཀུན་གཞི་དང་ཆོས་སྐུ་གཉིས་རིག་དང་མ་རིག་གི་ལྡོག་ཆ་ནས་སྣང་མིན་རྫས་ཐ་དད་ཡིན་པས་དེ་གཉིས་གཅིག་ཡིན་མི་རུང་ངོ། །དེའི་ཕྱིར་ཀུན་གཞིའི་གནས་དང་ཆོས་སྐུ་གཉིས་ཤེས་པའི་སྟེང་ན་འདྲ་གཞི་གཅིག་པ་ལ་འཁྲུལ་ནས། རིག་པ་དྲི་བཅས། ཀུན་གཞི་དྲི་མེད་ཆོས་སྐུའོ་ཞེས་འདོད་པ་ནི་གཅིག་ཏུ་འདྲེས་པས་གཉིས་སུ་མ་ཕྱེད་པ་ཡིན་ཏེ། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་སོང་བའི་དོན་གྱི་ཁྱད་པར་མ་ཤེས་པས། ཚིག་གིས་སོ་སོར་ཕྱེ་ཡང་ཕན་མེད་དེ། ཀློང་དྲུག་པ་ལས། དེའི་ཕྱིར་ན་ཀུན་གཞི་དང་ཆོས་སྐུ་མ་ཕྱེད་ན་གཟུགས་གཉིས་ལ་ཐ་དད་དུ་འཛིན་པའི་ཤེས་པ་དང་འདྲ་སྟེ་དོན་སོ་སོར་སྣང་བར་མི་ནུས་སོ་ཞེས་སོ། །འདི་གཉིས་ནི་ནོར་ས་ཆེ་བས་ཁྱད་ཕྱེད་པ་ཤིན་ཏུ་གཅེས་སོ། །རྫོགས་པ་ཆེན་པོ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། མུ་སྟེགས་རྟག་པ་ཐེར་ཟུག་དང་། །རྫོགས་ཆེན་འགྱུར་མེད་ཆོས་སྐུ་གཉིས། །འདྲ་དང་ནོར་བས་གོལ་ཏེ་འགྲོ། །དེ་ཕྱིར་ནང་གི་སྒྲོ་འདོགས་ཆོད། །ཅེས་དང་། སེམས་ཙམ་རང་རིག་རང་གསལ་དང་། །ཆོས་སྐུ་རིག་པ་གསལ་བ་གཉིས། །འདྲ་དང་ནོར་བས་གོལ་དུ་འགྲོ། །དེ་ཕྱིར་ཀུན་གཞི་ཤན་འབྱེད་དགོས། །ཞེས་གསུངས་པས། །འདྲ་གཞི་གཅིག་ལ་གོལ་ས་ཆེ་བའི་གནད་རྟོགས་པར་གལ་ཆེའོ།།

ཁ ཆོས་སྐུའི་ཁྱད་པར་བཤད་པ།

གཉིས་པ་ཆོས་སྐུའི་ཁྱད་པར་བཤད་པ་ལ། ངོ་བོ། ངེས་ཚིག དབྱེ་བ། བྱེད་ལས། སྒྲ་འཇུག་པའི་རྒྱུ་མཚན་དང་ལྔ་ལས། ཆོས་སྐུའི་ངོ་བོ་ནི་འཁོར་བས་མ་གོས་པའི་རིག་པ་ནམ་མཁའ་ལྟ་བུ་སྟོང་གསལ་འགག་མེད་རང་དྭངས་ཤིག་སྟེ། ཐལ་འགྱུར་ལས། ཆོས་ཀྱི་སྐུ་ནི་སྤྲོས་བྲལ་ཏེ། །རང་གར་འཛིན་པའི་མཚན་མ་མེད། །ངོ་བོ་སྟོང་གསལ་དབྱེར་མེད་ལ། །ཞེས་དང༌། མུ་ཏིག་ཕྲེང་བ་ལས། ཆོས་ཀྱི་སྐུ་ནི་ཟག་པ་ཟད། །སྟོང་ཞིང་གསལ་ལ་གསལ་ཞིང་ཁྱབ། །བསམ་པས་མ་སྤགས་དྲན་པ་སངས། །སྤྲོས་པ་ཉིད་དང་བྲལ་བ་སྟེ། །ནམ་མཁའ་ལྟ་བུར་ཁྱབ་ཅིང་སྟོང༌། །རང་གར་མཚོན་པ་ཀུན་དང་བྲལ། །ཞེས་སོ། །ཆོས་སྐུའི་མཚན་ཉིད་ནི། ངོ་བོ་སྟོང་པ་ཡེ་ཤེས་ཀྱི་སྙིང་པོ་ཅན། རང་བཞིན་གསལ་བ་འོད་ཀྱི་སྙིང་པོ་ཅན། ཐུགས་རྗེ་འགག་མེད་རིག་པའི་སྙིང་པོ་ཅན། ཡིད་དང་སེམས་དང་མ་རིག་པའི་རྩ་བ་ཆད་པས་ས་ལམ་སྦྱང་བགྲོད་ལས་འདས་པའོ། །ངེས་ཚིག་ནི། ཐལ་འགྱུར་ལས། ངེས་ཚིག་ཆོས་ནི་ཡང་དག་ལམ། །སྐུ་ནི་དེ་ལས་གྲུབ་པའོ། །ཞེས་སོ། །ཆོས་ནི་ཡུལ་དུ་སྣང་བ་དང་། སྐུ་ནི་རིག་པའི་ངོ་བོ་མ་འགག་པའོ། །གཞན་ཡང་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་སྙིང་པོ་འདུས་པས་ན་ཡང་ཆོས་སྐུ་དང་། ཀ་དག་དང་ལྷུན་གྲུབ་གཉིས་དང་སྦྱར་ནས་བཤད་ན། ངོ་བོ་ཀ་དག་མི་འགྱུར་བ་འཁྲུལ་མེད་ཀྱི་ཆོས་དང་། རང་བཞིན་ལྷུན་གྲུབ་འོད་གསལ་རང་གནས་ཀྱི་སྐུ་ཡིན་པས་ན་ཡང་ཆོས་སྐུའོ། །དབྱེ་ན་གསུམ་སྟེ། དེ་ཉིད་ལས། དབྱེ་བ་ཆོས་དང་ལོངས་སྤྲུལ་སྐུ། །གསུམ་གྱིས་ཕྱེ་བས་ཁྱད་པར་འཇུག །ཅེས་སོ། །གཞི་ཀ་དག་ཆེན་པོའི་དོན་གང་ཡིན་པ་དེ་ཉིད། བདེ་གཤེགས་སྙིང་པོའི་རང་བཞིན་དུ་ལུས་དཀྱིལ་སྙིང་པོ་རུ་བཞུགས་པ་དེ་ཉིད། རྫོགས་ཆེན་ཐོད་རྒལ་གྱི་ལམ་ལ་བརྟེན་ནས་སྐུ་གསུམ་ལམ་སྣང་དུ་ཤར་བའི་ཚུལ་ལས་གསུམ་གསུམ་དགུ་རུ་ཕྱེ་བའང་ཡོད་དོ། །བྱེད་ལས་ནི། ལྟ་སྒོམ་སྤྱོད་འབྲས་ཡོན་ཏན་ཕྲིན་ལས་ཀྱི་རོལ་བས་དྲི་མ་མེད་པར་བྱེད་པ་སྟེ། རང་ཤར་ལས། འགག་མེད་ཞེན་མེད་ཆགས་པ་མེད། །ཆོས་ཀྱི་སྐུ་ཡི་སྤྱོད་པའོ། །ལྷན་ནེ་ལྷང་ངེ་ཡེངས་པ་མེད། །ཆོས་ཀྱི་སྐུ་ཡི་སྒོམ་པ་ཡིན། །བལྟར་མེད་བལྟས་ཟིན་ལྟ་བ་རྫོགས། །ཆོས་ཀྱི་སྐུ་ཡི་ལྟ་བ་ཡིན། །བྱས་མེད་བྱུང་མེད་འབྱུང་བ་མེད། །ཆོས་ཀྱི་སྐུ་ཡི་འབྲས་བུ་ཡིན། །བསྒྲུབ་མེད་བསྒྲུབས་ཟིན་སྒྲུབ་པ་རྫོགས། །ཆོས་ཀྱི་སྐུ་ཡི་ཕྲིན་ལས་ཡིན། །གཅིག་བྱུང་གཉིས་བྱུང་ཐམས་ཅད་བྱུང༌། །ཆོས་ཀྱི་སྐུ་ཡི་ཡོན་ཏན་ཡིན། །ཞེས་སོ། །བྱེད་ལས་སམ་ཆོས་སྐུའི་དགོངས་པ་ནི། རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་ལྟ་བ། དངོས་པོའི་མཚན་འཛིན་ལ་མ་གྲུབ་པའི་སྒོམ་པ། གཟུང་འཛིན་གཉིས་ཆོས་ལས་འདས་པའི་སྤྱོད་པ། ལྷུན་གྱིས་གྲུབ་པའི་འབྲས་བུ། དོན་ཀུན་རྫོགས་པའི་འཕྲིན་ལས། མ་བཙལ་རང་ལ་གནས་པའི་ཡོན་ཏན་རྣམས་དེའི་དགོངས་པའམ་བྱེད་པའོ། །སྒྲ་འཇུག་པའི་རྒྱུ་མཚན་ནི། སྟོང་པ་དངོས་པོ་དང་མཚན་མ་མེད་པའི་སྐུ་ལ་སྟོབས་དང་མི་འཇིགས་པ་དང་མ་འདྲེས་པའི་ཡོན་ཏན་གྱི་ཆོས་རྫོགས་པས་ཆོས་སྐུ་ཞེས་བྱ་སྟེ། དེ་ཉིད་ལས། མི་འཇིགས་སྟོབས་དང་གསལ་བ་དང༌། །བྱ་བ་ཐམས་ཅད་རྫོགས་པ་ནི། །ཆོས་ཀྱི་སྐུ་ཡི་ངེས་ཚིག་ཡིན། །ཞེས་སོ། །སྐབས་འདིའི་ཆོས་སྐུ་ནི་གཞི་གནས་ཀྱི་ཆོས་སྐུ་རང་བཞིན་རྣམ་དག་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་མཚན་ཉིད་ཅན་ལ་འདོད་དེ། རང་ཤར་ལས། ངོ་བོ་རང་བཞིན་ཐུགས་རྗེ་གསུམ། །ཆོས་ཀྱི་སྐུ་ཡི་མཚན་ཉིད་ཡིན། །ཞེས་སོ། །འདྲ་གཞི་ཚིག་གི་སྟེང་ནས་ཆོས་སྐུ་དང་། རང་བྱུང་གི་ཡེ་ཤེས། དབྱིངས་ལྷུན་གྲུབ་ཆེན་པོ་ཞེས་ཟེར་ཡང་། འདོགས་པ་པོ་ཁོ་རང་རྣམ་རྟོག་མ་ཡིན་པས་རང་གི་ངོ་བོ་དངོས་ཀྱི་སྟེང་ནས་བརྗོད་མེད་བློ་འདས་སྤྲོས་བྲལ་ཉག་གཅིག་ཏུ་སྟོན་པ་ཡིན་པས་རྫོགས་པ་ཆེན་པོའོ། །དེ་སེམས་ཙམ་པའི་རང་རིག་རང་གསལ་དང་འདྲ་བ་མ་ཡིན་ལ། བློ་ཞིག་གིས་མཐའ་བྲལ་དུ་བཞག་པའི་ནམ་མཁའ་ལྟ་བུའི་སྟོང་པ་ཞིག་ལ་གཞི་བྱས་ནས་བཤད་པའི་དབུ་མ་པ་ཞིག་དང་ཡང་མི་འདྲ། ཕྱི་ནང་དུས་གསུམ་གྱི་མཚན་འཛིན་མེད་པས་སོ་སྐྱེ་ཐ་མལ་བའི་སེམས་སུ་ཡང་མི་གྲུབ། གཟུང་འཛིན་ཞེས་པ་ཞིག་ཡོད་མ་མྱོང་བས་འགོག་པའི་སྙོམས་འཇུག་ལྟ་བུའི་མཁྱེན་པ་གཉིས་དང་བྲལ་བ་ཞིག་ཀྱང་འདི་མིན། སེམས་སེམས་བྱུང་མེད་ཅིང་གཟུགས་མེད་ཁམས་དང་འདྲ་བའི་ལུང་མ་བསྟན་གྱི་སེམས་སུ་ཡང་མ་གྲུབ། གསལ་དང་མི་གསལ་གྱི་ཐ་སྙད་མེད་པས་ཀུན་གཞིའི་རྣམ་ཤེས་རང་གསལ་ཙམ་དུ་ཡང་མ་གྲུབ་པའོ།།

༼ཁ སེམས་དང་ཡེ་ཤེས་ཀྱི་གནད་བཤད་པ།

ཀ༽ ཐུན་མོང་གི་དབྱེ་བ་སྤྱིར་བསྟན་པ།

ཀ སེམས་དང་ཡེ་ཤེས་ཀྱི་ཁྱད་པར་དངོས།

གཉིས་པ་སེམས་དང་ཡེ་ཤེས་ཀྱི་གནད་ལ་གཉིས་ཏེ། ཐུན་མོང་གི་དབྱེ་བ་སྤྱིར་བསྟན་པ་དང༌། སོ་སོའི་རང་བཞིན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་ཁྱད་པར་དངོས། མ་ཤེས་པའི་སྐྱོན། ཤེས་པར་གདམས་ཚུལ། དེ་གཉིས་ཀྱི་ངོ་བོ། སོ་སོའི་གནས་དང་ལྔ་ལས། དང་པོ་ཁྱད་པར་ནི་སེམས་གང་ཡིན་འཁོར་བའི་ཆོས་ཏེ་ལས་དང་བག་ཆགས་ཀྱི་རང་བཞིན་དྲི་མར་སྐྱེས་པའི་སྐྱོན་དེ་རིག་པ་ལ་ལྡན་དུས་སེམས་ཅན་ཞེས་བཏགས་ཤིང༌། སེམས་དེས་འགྲོ་དྲུག་སོ་སོར་འཁྲུལ་བར་བྱེད་ལ། རིག་པ་དེ་སེམས་དང་བྲལ་དུས་གློ་བུར་དྲི་བྲལ་གྱི་སངས་རྒྱས་ཞེས་བྱའོ། །ཡེ་ཤེས་གང་ཡིན་མྱ་ངན་ལས་འདས་པའི་ཆོས་ཏེ་ལས་དང་བག་ཆགས་བསྲེགས་པས་མེ་དང་འདྲ་ཞིང་ཀུན་ཏུ་རྟོག་པ་ཐམས་ཅད་དང་བྲལ་བ་སྟོང་གསལ་ནམ་མཁའི་རང་བཞིན་ཅན་ཏེ། མུ་ཏིག་ཕྲེང་བ་ལས། སེམས་ནི་བག་ཆགས་ཀུན་གྱི་གཞི། །ལུས་ཅན་རྣམས་ཀྱི་དྲི་མ་ཡིན། །གཟུང་བ་ཡུལ་ལ་འཛིན་པ་སེམས། །དེ་ཕྱིར་འཁོར་བའི་ཆོས་ཉིད་དོ། །སེམས་དེ་བྲལ་ན་སངས་རྒྱས་པ། །ལུས་ཅན་ཀུན་གྱི་དྲི་མ་དག །འགྲོ་བ་རྣམས་ནི་སེམས་དེས་འགྲོ། །དེ་མིན་འགྲོ་བར་ནུས་མིན་ཏེ། །དེ་ཕྱིར་འགྲོ་རྣམས་འཁྲུལ་འཁོར་བཞིན། །ཐུགས་ནི་བསྐྱོད་པ་ཀུན་བྲལ་བ། །བེམ་པོ་ལྟ་བུ་མ་ཡིན་ཏེ། །ཤེས་ཤིང་རིག་ལ་གསལ་བྱེད་སྣང༌། །རྣམ་པར་རྟོག་པ་ཀུན་བསྲེགས་ཏེ། །ཡེ་ཤེས་ཉིད་ནི་མེ་བཞིན་ཟ། །ནམ་མཁའ་ཉིད་དང་མཚུངས་པ་ཡིན། །སྟོང་གསལ་རིག་བཅས་ཉིད་ཡིན་ནོ། །དེ་ཕྱིར་ཡེ་ཤེས་སྣང་བར་སྟོན། །འབྱེད་མེད་ཐུགས་རྗེ་རང་ཤར་བས། །ཁྱབ་ཅིང་ཀུན་འབྲེལ་ཆོས་ཀུན་རྫོགས། །དྲན་པ་ཉིད་ནི་དྲན་མེད་པས། །ཡེ་ཤེས་དྲན་གཞི་ཉིད་དང་བྲལ། །ཞེས་སོ། །སེམས་ཀྱི་མཚན་ཉིད་ནི། ཀུན་གཞི་ཚོགས་བརྒྱད་དང་མཚུངས་པར་ལྡན་པས་གཟུང་འཛིན་དང་བཅས་པའི་དྲན་བསམ་རང་ག་མ་ཡེ་ཤེས་ཀྱི་སྒྲིབ་བྱེད་དུ་ཡོད་པ་དང་། ཡེ་ཤེས་ཀྱི་མཚན་ཉིད་ནི། ཆོས་སྐུ་དང་མཚུངས་ལྡན་སོ་སོར་རང་རིག་པའི་བདག་ཉིད་འཁོར་བའི་ཆོས་དྲན་བསམ་རང་ག་མ་དང་ལྷན་ཅིག་ཏུ་མི་འདུ་བའོ།།

ཁ སེམས་དང་ཡེ་ཤེས་ཀྱི་ཁྱད་པར་མ་ཤེས་པའི་སྐྱོན།

གཉིས་པ་ནི། སེམས་དང་ཡེ་ཤེས་གཉིས་མ་ཕྱེད་ན་སྣང་བ་ཡུལ་གྱི་རྩ་བ་མི་ཆོད་པས་སེམས་ཀྱི་ཡུལ་འཁྲུལ་སྣང་འཁོར་བ་ལས་མི་ཐར་བའི་སྐྱོན་ཡོད་དེ། སེང་གེ་རྩལ་རྫོགས་ལས། སེམས་དང་ཡེ་ཤེས་གཉིས་སུ་མ་ཕྱེ་ན། །སྣང་བ་ཡུལ་གྱི་རྩ་བ་མི་ཆོད་པས། །སྐྱོན་བྲལ་ཆོས་ཉིད་དོན་གྱིས་རྟོགས་པར་དཀའ། །ཞེས་སོ། །དེ་ལ་སེམས་ཀྱི་ཡུལ་འཁྲུལ་ཆོས་ཉིད་དོན་གྱིས་རྟོགས་པར་དཀའ། །ཞེས་པའོ། །དེ་ལ་སེམས་ཀྱི་ཡུལ་འཁྲུལ་སྣང་འཁོར་བའི་ཆོས་ཏེ་བསྡུ་ན་གཟུགས་སྒྲ་དྲི་རོ་རེག་དང་ཆོས་ཏེ་དྲུག་གོ །འདི་དག་སེམས་ཀྱི་བག་ཆགས་ལས་མེད་ལ་ཡོད་པར་སྣང་བ་རབ་རིབ་ཅན་ལ་སྐྲ་ཤད་ཀྱི་རྣམ་པ་ལྟར་སྣང་བ་སྟེ། གང་ལ་སྣང་ན་འཁྲུལ་བའི་སེམས་ལ་སྣང་བའོ། །སེམས་ཀྱི་ངོ་བོ་འཁོར་བའི་རང་བཞིན་གཟུང་འཛིན་ཅན། རྩལ་ཡུལ་དུ་བཟུང་ནས་ང་དང་བདག་ཏུ་ཞེན་པ། བྱེད་ལས་ཁོ་རང་གི་འཁོར་བའི་བདེ་སྡུག་སྣ་ཚོགས་ཀྱི་སྣང་བ་དེ་རྨི་ལམ་འདྲ་ཞིག་སྣང་བ་དེ་ཁོ་རང་གི་བྱེད་པའོ། །འབྲས་བུ་འཁོར་བ་དང་ངན་སོང་མཐའ་མེད་དུ་མྱོང་དུ་འཇུག་པའོ། །འདི་རྟོགས་ན་གློ་བུར་བ་ཡིན་པས་མེད་པར་བྱེད་སླ་ལ་མ་རྟོགས་ན་འཁོར་བ་ཐོག་མེད་ཀྱི་དུས་རིང་ནས་ད་ལྟའི་བར་དུ་གོམས་ཡུན་རིང་བའི་དབང་གིས་འཁྲུལ་བ་ལྡོག་དཀའ་བའོ། །ཡེ་ཤེས་ཀྱི་ཡུལ་ནི་དག་པའི་ཆོས་ཉིད་ནམ་མཁའ་ལྟ་བུ་དང༌། འོད་གསལ་གྱི་སྣང་བ་སྐུ་དང་ཡེ་ཤེས་ཀྱི་ཞིང་སྣང་རྒྱ་ཆེ་བ་རྣམས་སོ། །སེམས་ནི་འདུས་བྱས་ཡིན་པས་བག་ཆགས་དང་ཉོན་མོངས་པའི་ཚོགས་སྡུད་པར་བྱེད་པའོ། །ཡེ་ཤེས་ནི་སེམས་དང་ལྷན་ཅིག་འདུ་མི་ཤེས་པ་ཡིན་པས་རྣམ་རྟོག་གི་བུད་ཤིང་བསྲེགས་པ་ནི་དེས་སོ། །འཇུག་པ་ལས། སེམས་འགགས་པས་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་གསུངས་པའོ། །འོ་ན་སེམས་མེད་ན་བེམ་པོ་རྡོ་བ་ལྟ་བུར་གྱུར་རམ་སྙམ་ན། མིན་ཏེ་སེམས་མེད་ཀྱང་དེ་དུས་ཡེ་ཤེས་ཡོད་པས་རིག་པ་མ་འགགས་པའི་ཕྱིར། དེ་ཡང་མ་རིག་འཁྲུལ་བའི་སེམས་མུན་པ་ལྟ་བུ་དེ་འགགས་ཚེ། ཡེ་ཤེས་གསལ་བའི་ཉི་མ་དེ་ཚུར་ཤར་ནས་མཚན་མོ་སང་ནས་ཉིན་ཁར་ཚེས་པ་ལྟར་མ་རིག་པ་སེམས་ཀྱི་ཆ་དང་བཅས་པ་འགགས་ནས་རིག་པ་ཡེ་ཤེས་སུ་རྒྱས་ནས་མཁྱེན་པ་གཉིས་ལ་ལོངས་སྤྱོད་པའོ། །གཉིས་པ་མ་ཤེས་པའི་སྐྱོན་ནི། འདི་ལ་སེམས་རང་ངོ་ཤེས་ན་ཡེ་ཤེས་ཡིན། ད་ལྟའི་སྣང་བ་འདི་ཡེ་ཤེས་ཀྱི་འོད་གསལ་ཡིན་བྱ་བ་དང༌། སེམས་རྟོགས་ན་ཡེ་ཤེས་ཡིན་པས་ཞེས་བཤད་པའི་ཚིག་ལ་འཁྲུལ་ནས་སེམས་མི་རྟོག་པའི་ཆ་རྐྱང་བ་རྟོག་མེད་སྟོང་པ་ཕྱང་ཆད་དེ་ཡེ་ཤེས་སུ་འདོད་པ་སོགས་ཤིན་ཏུ་མང་སྟེ། འདི་ཡང་ནོར་ས་ཤིན་ཏུ་ཁམ་ཆེ་བས་གསལ་བའི་སྐྱོན་མཐའ་ཡས་ཀྱང་རེ་ཞིག་ཆེ་ལོང་བརྗོད་ན། སེམས་འཛིན་པ་དང་བཅས་པའི་ཕྱིར་ཡེ་ཤེས་ཀྱང་འཛིན་པ་དང་བཅས་པ་དེར་ཐལ་བ་དང༌། སེམས་དྲི་བཅས་ཡིན་པའི་ཕྱིར་ཡེ་ཤེས་ཀྱང་དྲི་བཅས་ཡིན་པ་དེར་ཐལ་བ་དང་སེམས་སྤང་བྱ་འཁོར་བའི་ཆོས་ལ་སྣང་བའི་ཕྱིར་ཡེ་ཤེས་ཀྱང་སྤང་བྱ་འཁོར་བའི་ཆོས་དེར་ཐལ་ཏེ། ཆུ་རླན་ཞིང་གཤེར་བ་དེ་རྐྱེན་ལྷག་རླུང་དང་ཕྲད་ན་རྣམ་པ་འགྱུར་བ་ལྟར་སེམས་ནི། རིག་པའི་རྩལ་དང་གདངས་ཡིན་པ་དང་། སེམས་རིག་པ་ལ་ལྟོས་པ་ཡིན་ཞིང། རིག་པ་ནི་སེམས་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པ་མིན་པས་སེམས་ནི་འཁྲུལ་བ་ཡིན་ལ། ཡེ་ཤེས་མ་འཁྲུལ་བ་ཡིན་ཏེ། འཁྲུལ་མ་འཁྲུལ་གཉིས་ཀ་གཅིག་ཡིན་མི་རུང་ངོ། །བདེན་གཉིས་ལས། སེམས་དང་སེམས་བྱུང་ཁམས་གསུམ་བའི། །སྒྲོ་བཏགས་རྣམ་པ་ཅན་རྟོག་ཡིན། །ཞེས་སོ། །ཡང་སྣང་བ་འདི་འཁྲུལ་བར་སྣང་བས་འོད་གསལ་འཁྲུལ་སྣང་དུ་ཐལ་བ་དང༌། སྣང་བ་སེམས་ཅན་ཕལ་ལ་མཐུན་སྣང་དུ་ཡོད་པའི་ཕྱིར་འོད་གསལ་མཐུན་སྣང་དུ་གྲུབ་པར་ཐལ་ཏེ། འདོད་ན་ཐམས་ཅད་རྣལ་འབྱོར་པ་བཞིན་དུ་གྲོལ་བར་ཐལ་བ་དང༌། སྣང་བ་དང་སེམས་ལ་སྐྱེ་ཤི་འཕོ་འགྱུར་སྣང་བའི་ཕྱིར་ཡེ་ཤེས་དང་དེའི་སྣང་བ་ཡང་དེར་ཐལ་བ་ལ་སོགས་པའི་སྐྱོན་མང་པོ་དམིགས་པས། ཁ་ཅིག་མ་རིག་པ་རིག་པའི་ཁྱབ་བྱེད་ཡིན་པས། སེམས་འགགས་དུས་རིག་པ་འགགས་པར་འདོད་པའང་ཤིན་ཏུ་ནོར་བ་ཆེན་པོ་སྟེ། རིག་པས་མ་རིག་པ་ལ་ཕར་ཁྱབ་ཀྱང་། མ་རིག་པས་རིག་པ་ལ་ཚུར་ཁྱབ་པ་པའི་ཕྱིར། སེམས་ལ་མ་རིག་པས་ཁྱབ་པ་དང་སེམས་ཀྱི་ཁྱབ་བྱེད་དེ་མ་རིག་པ་ཡིན་གྱི། རིག་པ་ལ་མ་ཁྱབ་པས། མ་རིག་པ་རིག་པའི་དབྱིངས་ནས་ལྡོག་སྟེ་རྒྱུན་ཆད་དགོས་སོ། །དེས་ན་སེམས་འགགས་པའི་གནས་སྐབས་ན་གཞི་མ་རིག་པ་ཆ་དང་བཅས་པ་འགགས་ཀྱང་། རིག་པ་འགགས་པ་མིན་ཏེ་འགག་གཞི་རིག་པ་ཡིན་པའི་ཕྱིར་རོ། །རིག་པ་མེད་ན་གང་གི་སྟེང་དུ་འགག་པ་ལ་བསམ་པ་འོས་པ་དེས་ན་རྨོངས་པ་གཏི་མུག་ལས་ཀྱང་ཆེས་གཏི་མུག་པ་དག་གི་ཕྱོགས་ལ་བརྟེན་པར་མི་བྱའོ་ཞེས་གདམས་ནས། སེམས་ལ་གཞི་བྱས་ཏེ་སངས་རྒྱས་ཀྱི་འབྲས་བུ་འདོད་ན་རྒྱུ་འབྲས་སམ་གཞི་འབྲས་འཛོལ་བས་ཕྱིན་ཅི་ལོག་ཏུ་འགྱུར་རོ་ཞེས་བསྟན་པ་ནི། རང་ཤར་ལས། ལ་ལ་དག་གི་འདོད་པ་ནི། །སེམས་ལ་འབྲས་བུ་འཚོལ་བར་འདོད། །དེ་ལས་བཟློག་པ་འདི་ལྟ་སྟེ། །སེམས་ཀྱི་དངོས་པོ་ཅི་ཙམ་ལགས། །དྲི་ལན་རྒྱས་པར་བཏབ་པ་ནི། །སེམས་ལ་དངོས་པོ་མེད་པའི་ཕྱིར། །འོ་ན་སེམས་ཀྱི་མཚན་ཉིད་ཅི། །དྲི་ལན་རྒྱས་པར་བཏབ་པ་ནི། །ཆོས་ཉིད་གཟུང་འཛིན་ག་ལ་ཡོད། །དཔེར་ན་ནམ་མཁའི་མཚན་ཉིད་བཞིན། །གཟུང་དང་འཛིན་པ་མེད་པའི་ཕྱིར། །དེ་ལ་བཟློག་པའི་ཚིག་སྨྲས་པ། །སེམས་ལ་གཟུང་འཛིན་ཡོད་དམ་མེད། །དྲི་ལན་རྒྱས་པར་བཏབ་པ་ནི། །སེམས་ལ་གཟུང་དང་འཛིན་ཡོད་ཀྱང༌། །ཆོས་ཉིད་གཟུང་འཛིན་མེད་པའི་ཕྱིར། །དེ་ལ་བཟློག་པ་ཡང་སྨྲས་པ། །གོང་གི་དམ་བཅའ་ཉམས་པར་འགྱུར། །སེམས་དང་ཆོས་ཉིད་གཅིག་པའི་ཕྱིར། །སེམས་ལ་གཟུང་འཛིན་བྱུང་གྱུར་ན། །སངས་རྒྱས་འབད་པས་རྙེད་པར་འགྱུར། །སེམས་ལ་གཟུང་འཛིན་ཡོད་པའི་ཕྱིར། །དྲི་ལན་བཟློག་སྟེ་སྨྲས་པ་ནི། །གལ་ཏེ་སེམས་མེད་སངས་རྒྱས་ཉིད། །ཁྱོད་ཀྱིས་རྙེད་དམ་གང་གི་ཕྱིར། །དེ་ལ་དྲིས་ལན་རྒྱས་བཏབ་པ། །སེམས་ལ་འབྲས་བུ་མི་འཚོལ་ཏེ། །སེམས་ལ་སྣ་ཚོགས་འབྱུང་བའི་ཕྱིར། །ཞེས་སོ། །དེ་ཡང་སེམས་གློ་བུར་གྱི་སྒྲིབ་པ་ཡིན་པས་སངས་རྒྱས་ཀྱི་རྟེན་དང་རྒྱུར་མི་རུང་བ་དང༌། ཡེ་ཤེས་ཡེ་ནས་ཡོད་པས་སངས་རྒྱས་ཀྱི་རང་བཞིན་ཡིན་པ་གཉིས་གཅིག་ཏུ་བྱེད་པ་ནི་ཧ་ཅང་མི་རུང་སྟེ། ཉི་མ་དང་སྤྲིན་ཕུང་གཅིག་ཏུ་འཛིན་པ་བཞིན་ནོ། །འདིར་སེམས་ལ་འབྲས་བུ་མི་འདོད་ཅིང་ཡེ་ཤེས་སྟོང་གསལ་དག་པ་ལས་འདོད་དེ། དེ་ཉིད་ལས། སེམས་ལ་འབྲས་བུ་མི་འདོད་དེ། །རིག་པའི་ཡེ་ཤེས་ཡོད་པའི་ཕྱིར། །ཞེས་དང༌། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། སྣང་བ་ཆོས་སྐུར་འདོད་པ་ང་ལ་སྒྲིབ་པ་ཡིན། །ཅིར་སྣང་སེམས་སུ་འདོད་པ་ང་ལ་སྒྲིབ་པ་ཡིན། །ཡེ་ཤེས་སེམས་སུ་འདོད་པ་ང་ལ་སྒྲིབ་པ་ཡིན། །ཞེས་སོ། །སེམས་དང་སེམས་ཉིད་ཀྱི་དབྱེ་བ་ཕྱེ་མ་ཐུབ་པས། སེམས་ལ་གཞི་ལམ་འབྲས་གསུམ་གྱི་བློ་གཏད་འཆའ་ན། བློ་གཏོད་སའི་གཞི་སེམས་དེ་ཉིད་གཟུང་འཛིན་དང་བཅས་པ་ཡིན་པའི་ཕྱིར། ཁྱོད་ཀྱིས་གཞི་ལམ་འབྲས་གསུམ་པོ་ཐམས་ཅད་གཟུང་འཛིན་ཅན་ལས་ཡོང་ཐབས་མེད་དོ། །དེ་ལྟར་འདོད་ན་སངས་རྒྱས་མི་འགྲུབ་པ་དང་། འགྲུབ་ཀྱང་གཟུང་འཛིན་ལས་མ་གྲོལ་བས་ཕྱིན་ཅི་ལོག་ཏུ་ཐལ་ལོ། །དེའང་དེང་སང་རྨོངས་པ་ཕལ་པ་དག་གིས་སྣང་བ་རང་གི་སེམས་ཡིན། སྣང་བ་ཆོས་སྐུ་ཡིན། ཡེ་ཤེས་སེམས་ཡིན་ཟེར་ཏེ། མགོ་འཕོང་ཡིན། མེ་ཆུ་ཡིན། མུན་པ་སྣང་བ་ཡིན་ཞེས་ཅི་རུང་རུང་སྨྲ་བའི་སྨྱོན་པ་རྣམས་དང་ཁྱད་མེད་པ་ལས། དེ་དག་ལས་རློམ་སེམས་སླར་ཆེ་བས་གཏི་མུག་པར་མཐོང་སྟེ། སྣང་བ་སེམས་ཡིན་ན་སེམས་ལ་ཁ་དོག་ལ་སོགས་ཡོད་པར་ཐལ་ལ། ཁྱོད་མེད་དུས་ཁྱོད་ཀྱི་སེམས་ཕྱོགས་འདིར་ཡོད་པར་ཐལ། ཅིའི་ཕྱིར་ཞེ་ན། སྣང་བ་ཡོད་པའི་ཕྱིར་དང༌། ཡང་གཅིག་སྐྱེ་བས་ཀུན་སྐྱེ་ལ་གཅིག་ཤི་བས་ཀུན་འཆི་བར་ཐལ་བ་དང༌། སྐྱེ་བོ་བྱེ་བས་བུམ་པ་གཅིག་མཐོང་དུས་རིལ་སེམས་གཅིག་ཡིན་པ་བཞིན་སྐྱེ་བོ་ཐམས་ཅད་སེམས་གཅིག་ཏུ་ཐལ་བ་དང༌། སངས་རྒྱས་ཀྱི་ཇི་སྙེད་མཁྱེན་པའི་ཡུལ་ལ་ཆོས་ཐམས་ཅད་སྣང་བས་འཁོར་བ་སངས་རྒྱས་ཀྱི་ཡེ་ཤེས་སུ་ཐལ་བ་དང༌། སེམས་ཅན་གྱིས་སངས་རྒྱས་མཐོང་དུས། སངས་རྒྱས་དེ་འཁྲུལ་བར་ཐལ་ཏེ། མཐོང་མཁན་སེམས་ཅན་གྱི་སེམས་ཡིན་པའི་ཕྱིར། སེམས་ཅན་དེ་སངས་རྒྱས་སུ་ཐལ་ཏེ། སངས་རྒྱས་སེམས་ཅན་དེའི་སེམས་ཡིན་པའི་ཕྱིར་རོ། །སེམས་སྐད་ཅིག་ལ་འགྱུ་བ་ལང་མ་ལིང་དུ་བྱེད་པ་ལྟར་སྣང་བ་འདི་ཡང་སྐད་ཅིག་ལ་ལང་མ་ལིང་དུ་འགྱུར་བར་ཐལ་བ་སོགས་ཤིན་ཏུ་མང་ངོ༌། །སྣང་བ་ཆོས་སྐུ་ཡིན་ན། སྣང་བ་འདི་སྣང་མི་སྣང་ལས་འདས་པར་ཐལ་ཏེ། ཆོས་སྐུ་སྣང་མི་སྣང་ལས་འདས་པའི་ཕྱིར་དང༌། ཆོས་སྐུ་འཁྲུལ་སྣང་དུ་ཐལ་བ་དང༌། ཆོས་སྐུ་དངོས་པོ་དང་མཚན་མར་འཛིན་པར་ཐལ་བ་དང༌། སྣང་བ་འདི་འཁྲུལ་སྣང་དང་དངོས་མཚན་དུ་འཛིན་པའི་ཕྱིར། སྣང་བ་འདི་འཁྲུལ་ངོར་སྣང་མི་སྲིད་པར་ཐལ་ཏེ། ཆོས་སྐུ་འཁྲུལ་ངོར་སྣང་མི་སྲིད་པའི་ཕྱིར་ཏེ། དོན་དམ་ཡིན་པའི་ཕྱིར། སྤྱོད་འཇུག་ལས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་བརྗོད། །ཅེས་པ་དང༌། རྡོ་རྗེ་གཅོད་པ་ལས། འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་ཤེས་བྱ་མ་ཡིན་ཏེ། །དེ་ནི་ཤེས་པར་ནུས་མ་ཡིན། །ཞེས་པས་གསལ་ལོ། །ཡེ་ཤེས་སེམས་ཡིན་པ་བཀག་ཟིན་ཏོ། །མདོར་ན་དེ་སྐད་སྨྲ་ན་བ་ལང་གི་ཁྱུར་ཕྱོགས་གཅིག་ཏུ་བཞག་སྟེ། ལུང་རིགས་ཀྱིས་བཟློག་རིན་མི་ཆོག་སྟེ། སེམས་མེད་ན་ཡེ་ཤེས་མི་རྟོགས་ཞེས་ཟེར་ནས་འཕགས་ལམ་མཐོན་པོ་ཡང་། རྒྱུ་འབྲས་དག་གྲོལ་དུ་བཟུང་ནས་གུ་དོག་གི་བློ་རྒྱས་འདོར་མི་ནུས་ཚེ། སོ་སོར་རང་རིག་པའི་ཡེ་ཤེས་སེམས་ཀྱི་སྤྱོད་ཡུལ་དུ་འཛུད་མཁན་ཁྱོད་ཀྱི་ལུགས་ལྟར་མི་འཇོག་ཀ་མེད་ཡིན་ལ། ཐེག་མཆོག་རྒྱལ་པོའི་དགོངས་པ་བློ་ཡུལ་ལས་འདས་པས་ཁག་མེད་དོ་ཞེས་པའོ། །ཆོས་ཀྱི་གྲགས་པས་རྣམ་ངེས་སུ། །ལོག་པའི་ལམ་ལ་མཐའ་མེད་ཕྱིར། །དེ་དག་འདིར་ནི་སྤྲོ་བྱ་མིན། །ཞེས་བཤད་པ་བཞིན་ནོ།།

ག སེམས་དང་ཡེ་ཤེས་ཀྱི་ཁྱད་པར་ཤེས་པར་གདམས་ཚུལ།

གསུམ་པ་ཤེས་པར་གདམས་ཚུལ་ནི། དེ་བས་སྐྱེས་བུ་བློ་གྲོས་ཅན་དག་གིས་སེམས་དང་ཡེ་ཤེས་ཀྱི་ཁྱད་པར་ཤེས་པར་བྱ་སྟེ། མུ་ཏིག་ཕྲེང་བ་ལས། སེམས་ནི་འདུས་ཚོགས་འབྱུང་བའི་ཕྱིར། །དྲི་མ་ཉིད་དང་ཡང་སྤགས་པ། །ཀུན་གཞི་སྡུད་པའི་སེམས་ལ་སོགས། །དྲི་མའི་གྲངས་སུ་གྱུར་པས་ན། །སེམས་དང་ཡེ་ཤེས་དབྱེ་བ་ནི། །མཁས་པ་རྣམས་ཀྱིས་ཤེས་པར་བྱ། །ཞེས་སོ།།

ང སེམས་དང་ཡེ་ཤེས་གཉིས་ཀྱི་ངོ་བོ།

བཞི་བ་སེམས་དང་ཡེ་ཤེས་དེ་གཉིས་ཀྱི་ངོ་བོ་ལ་གཉིས་ལས། སེམས་ཀྱི་ངོ་བོ་འཁྲུལ་བའི་སྣང་བར་འཇོག་པ་ཁམས་གསུམ་པའི་རྣམ་པ་ཅན་ཏེ། ཐལ་འགྱུར་ལས། སེམས་ཞེས་བྱ་བ་འཁྲུལ་རྟོག་ལ། །ཞེས་སོ། །སེམས་འཁྲུལ་རྟོག་ནི་བག་ཆགས་ཀྱི་གཞན་བྱུང་ཡུལ་གྱི་རྗེས་སུ་བྱེད་པ་ཞིག་ཡིན་པས། གཟུགས་སུ་འཛིན། ཚོར་བར་མྱོང་། འདུ་ཤེས་ཀྱི་རྣམ་པ་ལ་སྤྱོད། འདུ་བྱེད་ཟག་བཅས་ཀྱི་སེམས་རྒྱུན་ཆགས། རྣམ་ཤེས་ཀྱི་ཡུལ་དུ་བཟུང་བས། རྟོག་དཔྱོད་དང་བཅས་པའི་འཁོར་བའི་རང་བཞིན་ཅན་ཞིག་གོ །ཡེ་ཤེས་ཀྱི་ངོ་བོ་རྣམ་པར་མི་རྟོག་པ་ནི། དེ་ཉིད་ལས། ཡེ་ཤེས་རྟོག་པ་མ་ཡིན་ཏེ། །ཞེས་སོ། །རང་བྱུང་གི་ཡེ་ཤེས་ནི། སོ་སོར་རང་རིག་པའི་སྟོང་ཉིད་ཤེས་བྱའི་གཤིས་སུ་མ་ཤོར་བའི་སྤྲོས་བྲལ། གནས་བྱ་གནས་བྱེད་ལ་མ་ལྟོས་པའི་ཞི་གནས། ཡུལ་རྣམ་ཤེས་ཀྱང་མི་དཔྱོད་པའི་ལྷག་མཐོང་། ཀུན་གཞི་དང་མ་འདྲེས་པའི་ཐོག་མ་ནས་གྲོལ་བ། རྣམ་རྟོག་དང་མ་འདྲེས་པའི་གློ་བུར་དང་མི་ལྡན་པའི་ངོ་བོ་ཉིད་མེད་པའི་གནས་ལུགས་དེ་སྒྲ་དང་བརྗོད་པའི་ཡུལ་ལས་འདས་པའོ།།

ཅ སེམས་དང་ཡེ་ཤེས་སོ་སོའི་གནས།

ལྔ་པ་གནས་ལ་གཉིས་ལས། སེམས་ཀྱི་གནས་ཀུན་གཞི། ཡེ་ཤེས་ཀྱི་གནས་ཆོས་སྐུ་སྟེ། ཀློང་དྲུག་པ་ལས། ཀྱེ་སེམས་དཔའ་ཆེན་པོ། སེམས་ཀྱི་གནས་ནི་ཀུན་གཞི་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་གཞི་ནི་བསམ་པའི་ཡུལ་ཐམས་ཅད་སྡུད་ཅིང་སེམས་སུ་ཤེས་པའི་ཕྱིར་རོ། །ཡེ་ཤེས་ཀྱི་གནས་ནི་ཆོས་ཀྱི་སྐུ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་སྐུ་ནི་དྲན་རྟོག་ཐམས་ཅད་མི་མངའ་ཞིང་ཡུལ་ཅན་ཐ་དད་དུ་འཛིན་པའི་ཤེས་པ་མེད་པའི་ཕྱིར་རོ་ཞེས་སོ། །རྟེན་དང་བརྟེན་པའི་ཐོག་ནས་དབྱེ་བ་བྱས་ན། ཀུན་གཞི་རྟེན། སེམས་བརྟེན་པ། ཆོས་སྐུ་རྟེན། ཡེ་ཤེས་བརྟེན་པ་ཡིན་ནོ། །དེ་ལྟར་ན་སེམས་སྤྲིན་དང་འདྲ་བ་ཡེ་ཤེས་ལ་སྒྲིབ་པ་དང༌། ཡེ་ཤེས་ཉི་མ་དང་འདྲ་བ་གཉིས་གཅིག་པའི་ས་མེད་དེ། བསྒྲིབ་བྱ་དང་སྒྲིབ་བྱེད་ཐ་དད་དུ་གནས་པ་ལས་སེམས་དང་སེམས་ལ་སྣང་བ་འཁྲུལ་བར་ཤེས་དུས་ཕྱི་སྣང་བའི་ཡུལ་དང་དེ་འཛིན་པའི་སེམས་གློ་བུར་བ་གཞི་མེད་དུ་རྟོགས་ཤིང་ཡེ་ཤེས་དང་ཡེ་ཤེས་ཀྱི་སྣང་བ་མ་འཁྲུལ་བར་ཤེས་དུས་རིག་པ་ཆོས་སྐུའི་དཀྱིལ་འཁོར་ལ་དབང་བསྒྱུར་བའི་ཕྱིར་ན་སེམས་དང་ཡེ་ཤེས་ཕྱེད་པར་བྱ་སྟེ། མ་ཕྱེད་ན་ཡེ་ཤེས་སེམས་ཀྱིས་བསྒྲིབས་ནས་སྦྱོར་བའི་རང་ངོ་ལ་སྣང་མི་ནུས་པའི་སྐྱོན་ཡོད་དེ། སྒྲ་ཐལ་འགྱུར་དེ་ཉིད་ལས། ཀྱེ་སེམས་དཔའ་ཆེན་པོ། སེམས་དང་ཡེ་ཤེས་རང་གི་ངོ་བོ་མ་ཕྱེད་ན་ཉི་མ་སྤྲིན་ཕུང་གིས་བསྒྲིབས་པ་དང་འདྲ་སྟེ་ཕྱིར་སྣང་བའི་དོན་བྱེད་མི་ནུས་སོ། །དེའི་ཕྱིར་ན་སེམས་ལ་མཁས་པའི་རྣལ་འབྱོར་པ་རྣམས་ཀྱིས་ཕྱི་རོལ་གྱི་ཡུལ་བདག་མེད་དུ་རྟོགས་སོ། །ཡེ་ཤེས་ལ་མཁས་པའི་རྣལ་འབྱོར་པ་རྣམས་ཀྱིས་རིག་པ་ཉིད་ཀྱི་ཡེ་ཤེས་ལ་དབང་བསྒྱུར་བའོ་ཞེས་སོ། །སེམས་དང་རིག་པའི་ཐོག་ནས་བཤད་ཡོང་དུས་སེམས་ཀྱི་དབང་དུ་རིག་པ་མ་གྱུར་བ་དང་རིག་པའི་དབང་དུ་སེམས་གྱུར་པ་ཡིན་པ་དེའི་ཕྱིར་ན་སེམས་གཞི་མེད་རྩ་བྲལ་དུ་རྟོགས་པའི་རྣལ་འབྱོར་བ་ཕྱིའི་ཡུལ་སྣང་ལ་འཛིན་ཞེན་གྱི་བདག་འཛིན་རང་སར་གྲོལ་ཏེ། རིག་པ་སྒྲིབ་བྱེད་དང་བྲལ་བ་འོད་གསལ་བའི་ཡེ་ཤེས་དངོས་འཛིན་པ་འཁྲུལ་བའི་དྲི་མ་ཐམས་ཅད་དང་བྲལ་བ་གདོད་ནས་ཡེ་སངས་མཐའ་བྲལ་བློ་ལས་འདས་པ་ཡིན་པས། དེའི་དོན་ལ་མཁས་པའི་རྣལ་འབྱོར་བས་རྟག་ཏུ་རིག་པའི་ཡེ་ཤེས་ལ་དབང་སྒྱུར་བ་ཡིན་ནོ།།

ཁ༽ སེམས་དང་ཡེ་ཤེས་སོ་སོའི་རང་བཞིན་བྱེ་བྲག་ཏུ་བཤད་པ།

ཀ སེམས་ཀྱི་གནས་རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པ།

༼༡༽ ཐུན་མོང་གི་རབ་ཏུ་དབྱེ་བ།

དོན་གཉིས་པ་སོ་སོའི་རང་བཞིན་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། སེམས་ཀྱི་གནས་རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པ་དང༌། ཡེ་ཤེས་ཀྱི་གནས་རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་ཐུན་མོང་གི་རབ་ཏུ་དབྱེ་བ་དང༌། ཁྱད་པར་གྱི་གནས་ངེས་པ་གཉིས་ལས། དང་པོ་ལ། ངོ་བོ། ངེས་ཚིག དབྱེ་བ་གསུམ་ལས། སེམས་ཀྱི་ངོ་བོ་ནི་འགྲོ་དྲུག་ཐ་དད་པའི་ཤེས་པ་རང་ག་མ་གཟུང་འཛིན་ཀུན་ཏུ་རྟོག་པས་སྣང་བ་ལ་བདག་ཏུ་འཛིན་པ་དང་བཅས་པ་སྟེ། དྲན་བསམ་རང་རྒྱུད་དུ་འཆར་བ་ནི། ཐལ་འགྱུར་ལས། སེམས་ཞེས་བྱ་བ་འཁྲུལ་རྟོག་ལ། །ངོ་བོ་འཇུག་ཅིང་ཁྱབ་པ་ལ། །དྲན་བསམ་རྣམས་ཀྱི་གཞི་མའོ། །ཞེས་པ་དང༌། སེང་གེ་རྩལ་རྫོགས་ལས། སེམས་ཀྱིས་སྣ་ཚོགས་བག་ཆགས་སྡུད་པར་བྱེད། །ཅེས་པ་དང༌། ཀློང་དྲུག་པ་ལས། མདོར་ན་འཁོར་བའི་ཆོས་ཐམས་ཅད་ནི་རང་གི་མཚན་ཉིད་འཛིན་པའི་སེམས་ཏེ་འགྲོ་བ་རིགས་དྲུག་གི་རང་ག་མའི་སྣང་བ་ཐམས་ཅད་དོ་ཞེས་སོ། །དེའང་སྣང་མི་སྣང་དུ་སེམས་འཛིན་པས་སྣང་བ་ལ་སེམས་སུ་མིང་བཏགས་སོ། །སྣང་བ་སེམས་སུ་མི་འདོད་པ་སྔར་བཤད་ཟིན་ཏོ། །མདོར་བསྡུས་ན་སེམས་ཀྱི་ངོ་བོ་ནི་འཁོར་བའི་རང་བཞིན་གྱི་གཟུང་འཛིན་ཅན་ཞིག་གོ །ངེས་ཚིག་ནི་ཡུལ་ལ་སེམས་པས་ན་སེམས་ཏེ། རྟོག་བཅས་རགས་པའི་ཡུལ་ལ་སེམས་པ་དང༌། རྟོག་མེད་ཕྲ་བའི་ཡུལ་ཅི་ཡང་མི་འཛིན་པ་ཙམ་གྱི་ངང་ཡུལ་དེར་སེམས་སེ་འཇོག་པས་སེམས་ཞེས་བྱ་སྟེ། ཐལ་འགྱུར་ལས། ངེས་ཚིག་བསམ་པས་དྲན་ཡུལ་བསྐྱེད། །གང་ལ་སེམས་དང་གང་གིས་སེམས། །གང་སེམས་པ་དང་གང་ཕྱིར་སེམས། །ཞེས་སོ། །དབྱེ་བ་ལ་གཉིས་ཏེ། རང་ངོ་གཉིས་སུ་དབྱེ་བ་དང༌། རྣམ་ཤེས་ཀྱི་ཚོགས་པར་དབྱེ་བའོ། །དང་པོ་ལ་དག་པ་དང༌། མ་དག་པའི་སེམས་གཉིས་ལས། དག་པ་ནི་འཁྲུལ་རྟོག་རགས་པས་མ་བསྐྱེད་པའི་ཡེ་ཤེས་རྟོག་མེད་རང་ས་ན་གནས་པ་སྟེ། བསམ་གཏན་བཞི་དང༌། གཟུགས་མེད་བཞི་དང༌། འདོད་པའི་ཞི་གནས་རྩེ་གཅིག་པའི་སེམས་ཀྱི་སྣང་བ་དང་དགུའོ། །ལམ་མ་ཞུགས་པའི་རྒྱུད་ཀྱི་ཏིང་འཛིན་ནི། །བསམ་གཏན་གཟུགས་མེད་བྱིས་པ་ཉེར་སྤྱོད་ཡིན། །ཞེས་པ་ལྟར་རོ། །མ་དག་པ་ནི་ཀུན་ཏུ་རྟོག་པ་སྣ་ཚོགས་པ་དང༌། རོ་མྱོང་མཚུངས་ལྡན་གྱི་སེམས་བསམ་གཏན་གཟུགས་མེད་ཀྱི་རྣལ་འབྱོར་རྗེས་ཀྱི་ཡུལ་ཅན་ཐམས་ཅད་དོ། །ཐལ་འགྱུར་ལས། དབྱེ་བ་དག་དང་མ་དག་པའོ། །ཞེས་སོ། །སེམས་ཀྱི་རང་ངོའི་དབྱེ་བའི་ཐོག་ནས་དག་མ་དག་གཉིས་ཀྱི་རྣམ་དབྱེ་བསྟན་པའོ། །གཉིས་པ་རྣམ་ཤེས་ཀྱི་ཚོགས་པར་དབྱེ་བ་ལ་བརྒྱད་དེ། ཀུན་གཞིའི་རྣམ་པར་ཤེས་པའི་སེམས་གསལ་ལ་རྟོག་མེད་ལུང་མ་བསྟན་མེ་ལོང་གི་ངོས་ལྟ་བུ་དང༌། མིག་གི་རྣམ་ཤེས་གཟུགས་སྣང་ལ་མི་རྟོག་པ་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་ཀྱི་རྣམ་ཤེས་རང་རང་གི་ཡུལ་སྣང་ལ་མི་རྟོག་པ་མེ་ལོང་དུ་གཟུགས་བརྙན་ཤར་ཟིན་པ་ལྟ་བུ་དང༌། ཡིད་རང་ཡུལ་ཆོས་དུ་མ་ལ་རྟོག་པའི་ཆ་ལས་མངོན་གྱུར་དབང་པོའི་ཡུལ་ལ་དབང་ཤེས་དང་འཛིན་སྟངས་སུ་འཇུག་གམ་དོན་སྤྱི་རྟོག་པའི་ཡུལ་མེད་པ་གསལ་སྣང་རྡོ་རྗེ་གདན་ལྟ་བུར་རྟོག་དུས་ན་དང་པོར་རྟོག་པའི་ཤེས་པ་གཟུང་བར་སྐྱེས་པ་དེ་ཡིད་ཤེས། དེའི་རྗེས་ལ་ཆགས་སྡང་བར་མ་གང་རུང་དུ་སྤྱོད་པར་སྐྱེས་པ་དེ་འཛིན་པའི་ཤེས་པ་སྟེ་ཉོན་ཡིད་ཅེས་བྱའོ། །འདི་དག་གི་ཆ་ཤས་དབྱེ་བ་དང་ལུང་རྣམས་ཤིན་ཏུ་མང་བས་ཡི་གེས་འཇིགས་ནས་མ་སྤྲོས་སོ། །ཀུན་གཞིའི་རྣམ་ཤེས་ཡུལ་དུ་མི་རྟོག་པ། རྣམ་པ་འཆར་བའི་རྒྱུ་ཡིན་པ། རྣམ་ཤེས་རྟོག་མེད་དྭངས་པ་ཞིག་ཡིན་ལ། དེ་ལས་མཆེད་པའི་སྒོ་ལྔའི་ཤེས་པ་ནི། མིག་ཤེས་ནི་གཟུགས་འཛིན་རྟོག་མེད། རྣ་ཤེས་ནི་སྒྲ་འཛིན་རྟོག་མེད། སྣ་ཤེས་ནི་དྲི་འཛིན་རྟོག་མེད། ལྕེ་ཤེས་ནི་རོ་འཛིན་རྟོག་མེད། ལུས་ཤེས་ནི་རེག་འཛིན་རྟོག་མེད། རང་རང་གི་ཡུལ་ལ་མི་རྟོག་པ་ནི་དཔེ་མེ་ལོང་དུ་གཟུགས་བརྙན་ཤར་ཟིན་པ་བཞིན་ལ། ཡིད་ཀྱི་གཟུང་འཛིན་གྱི་ཡིད་ཤེས་དེ་ལ་རྣམ་པ་གཉིས་སུ་ཕྱེས་ནས་དང་པོ་དེ་ལ་ཡུལ་གྱི་སྤྱི་འཛིན་པ་ཡིད་ཤེས་དང་། རྗེས་ལ་བྱེ་བྲག་འཛིན་པ་ལ་ཉོན་ཡིད་དུ་སྐབས་འདིར་བཞེད། གཟུང་བ་དང་འཛིན་པ་གཉིས་ཀྱང་དེ་གཉིས་སོ། །ཀུན་མཁྱེན་འཇིགས་གླིང་གིས། མེད་བཞིན་སྣང་ལ་དེར་འཛིན་འཁྲུལ་བའི་སེམས། །ཐག་ཕྲ་མཐོང་ཚེ་སྦྲུལ་དུ་འཛིན་བྱེད་ཀྱི། །ཤེས་པ་དང་པོ་གཟུང་བའི་ཆོས་ཡིན་ལ། །རྗེས་ལ་རྟོག་དཔྱོད་ཞུགས་པ་འཛིན་པའོ། །ཞེས་གསུངས་པ་ལྟར་རོ། །ཡིད་ཤེས་འདི་གཉིས་ལ་དགེ་མི་དགེ་ལུང་མ་བསྟན་ཡོད་པ་དང་། རྟོག་བཅས་རྟོག་མེད་ཅི་རིགས་པར་ཡོད་པ་སྟེ། སྒོ་ལྔ་དང་ཀུན་གཞིའི་རྣམ་ཤེས་རྟོག་མེད། མདོར་ན་ཁམས་གསུམ་པའི་སེམས་སེམས་བྱུང་ཐམས་ཅད་མ་རིག་པའི་རང་བཞིན་ཅན་གྱི་སྤང་བྱའོ།།

༼༢༽ ཁྱད་པར་གྱི་གནས་ངེས་པ།

གཉིས་པ་ཁྱད་པར་གྱི་གནས་ངེས་པ་ལ་ལྔ་སྟེ། ངོ་བོ། གནས། ལམ། བྱེད་ལས། འབྲས་བུའོ། །སེམས་ཀྱི་ངོ་བོ་ནི་གཟུང་འཛིན་གྱི་ཤེས་པ་ཁམས་གསུམ་པའི་ཀུན་ཏུ་རྟོག་པ་སྟེ། སེམས་ཀུན་གཞིའི་རྣམ་ཤེས་ཡིད་ཀུན་ཏུ་འགྲོ་བ་ཡུལ་ལ་སྤྱོད་པ་རྣམ་པར་ཤེས་པ་སྒོ་ལྔའི་རྣམ་ཤེས་ཏེ། དེ་གསུམ་ངོ་བོ་གཅིག་པའི་ཤེས་པ་རང་མ་རིག་པ་དུག་ལྔའི་རྩ་བ་ཅན་ནོ། །གནས་ནི་གློ་བ་ནས་སྙིང་དུ་འབྲེལ་བའི་རྩ་སོག་མའི་སྦུ་གུ་ཙམ་ན་གནས་ཏེ། གློ་བ་ནས་སྙིང་གི་འགྱུ་ཆ་ལྟ་བུ་ལ་སྙིང་ག་ནས་རིག་པའི་ཆའི་རང་གདངས་མིག་ལྟ་བུ་བར་དེར་འདྲེས་པས་མི་བཀྲ་དགུ་བཀྲའི་སེམས་ཞེས་གློ་བུར་དུ་རྐྱེན་གྱི་ཆ་ལས་བྱུང་བའོ། །དཔེ་གཞན། རླུང་གི་རྟ་ལ་རིག་པའི་གདངས་བྱོན་ནས་གནས་ཏེ། རྟ་ལོང་བ་རྐང་ཅན་དང་འདྲ་བའི་རླུང་དང་། རིག་གདངས་མི་འཕྱེ་བོ་མིག་ཅན་དང་འདྲ་བ་གཉིས་འཕྲད་ཚེ། རྣམ་རྟོག་མི་འཆར་དགུ་འཆར་འདི་འཆར་བ་ཡིན། དེ་འཆར་ཚེ་འགྱུ་ཆ་རླུང་དང་རིག་ཆ་རིག་གདངས་ཡིན་ནོ། །མདོར་ན་གནས་ནི་གློ་བ་ནས་སྙིང་ལ་འབྲེལ་བའི་རྩ་གྲོ་སོག་གི་སྦུ་གུ་ལྟ་བུ་དེ་ཡིན། ལམ་ནི་དེ་ནས་སྒལ་ཚིགས་འདབ་ན་ཡར་རྩ་གཅིག་རྩེ་ཆུང་ནས་ཁ་སྣར་འབྲེལ་བས་ན་ཡར་རྒྱུ་བའོ། །སེམས་ཀྱི་རྟ་སྲོག་གི་རླུང་འགྱུ་བ་ལ་སྲོག་རྩ་ནས་འགྱུ་དགོས་པས་ལམ་ནི་སྲོག་རྩ་ཡིན་ནོ། །བྱེད་ལས་ལས་ཐ་དད་པས་སོག་པར་བྱེད་དོ། །ལས་འདྲ་མིན་སྣ་ཚོགས་བསགས་ནས་བྱེད་ལས་འཁོར་བའི་བདེ་སྡུག་སྣ་ཚོགས་བྱེད་དོ། །འབྲས་བུ་འཁོར་བའི་འཁྲུལ་སྣང་དུ་སྨིན་ནས་འཁོར་བ་ངན་སོང་གི་སྡུག་བསྔལ་མུ་མཐའ་མེད་པ་མྱོང་བའོ། །དེའང་མ་དག་སུམ་བརྩེགས་ཞེས་བྱ་སྟེ། སྙིང་དང་གློ་བའི་བར་གྱི་རྩ་འདབ་དབུགས་ཀྱི་རྟ་ལ་རིག་པའི་གདངས་ཏེ། ངོ་བོ་རིག་པ་ལ་ལྟོས་པའི་མ་རིག་པ་འཁོར་བར་ལྟུང་བྱེད་ཀྱི་གཞི་ཡིན་པ་དེ་ཉིད་དོ། །རྣམ་པ་བག་ཆགས་སྣ་ཚོགས་སྡུད་བྱེད་ཀྱི་སེམས་དེ་ཉིད་དོ། །ཡུལ་སྣང་འཛིན་པའི་རྟོག་པ་ཡིད་ཅེས་བྱ་བ། དེ་ལྟ་བུའི་སུམ་ལྡན་གྱི་ཚོགས་པ་སྟེ། རང་ཤར་ལས། མ་དག་པ་ཡི་གནས་ལུགས་ནི། །སེམས་ཅན་ཀུན་གྱི་རང་རྒྱུད་ལ། །མ་དག་གསུམ་བརྩེགས་གནས་པའོ། །དེ་ཡང་གནས་ལུགས་འདི་ལྟ་སྟེ། །སྙིང་དང་གློ་བའི་བར་དུ་ཡང༌། །བརྩེགས་མ་གསུམ་དུ་གནས་པའོ། །དེ་ནས་རྩ་ནས་འགྱུ་བའོ། །སྲོག་པ་རྩ་ནས་ལམ་འབྱུང་ངོ༌། །སྒོ་ནི་ཁ་དང་སྣ་ནས་འབྱུང༌། །དེ་ལ་སྟོང་ཕྲག་བརྒྱད་ཅུའོ། །དེ་ལ་སོགས་པའི་ཉོན་མོངས་རྣམས། །སྣ་ཚོགས་དུ་མར་འབྱུང་བའོ། །ཞེས་པ་དང༌། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། སྐྱེ་འགྲོ་སྲོག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་ལ་ཉོན་མོངས་པ་མ་རིག་པ་ཞེས་བྱ་བ་ཤས་ཆེར་གནས་སོ། །དེ་ཡང་རྟེན་གཟུགས་ཀྱི་ཕུང་པོ་ལ་བརྟེན་ནས་སྙིང་དང་གློ་བའི་བར་ན་གནས་སོ། །དེ་ཡང་མ་རིག་པ་རྐྱང་པར་མེད་དེ་སེམས་ཞེས་བྱ་བ་བག་ཆགས་ཐམས་ཅད་སྡུད་པས་བརྒྱན་ནས་གནས་སོ། །དེ་ལ་ཡིད་ཅེས་བྱ་བ་རྟོག་པ་དང་ལྷན་ཅིག་གནས་སོ། །དེ་གསུམ་གཅིག་ཏུ་འདུས་པ་ལས་མ་རིག་པ་ཞེས་བྱ་སྟེ་འཁོར་བ་ཁོ་ནའོ། །དེ་ལས་དུག་ལྔ་ཁོང་ཁྲོ་དང་དྲུག་བྱུང་ངོ༌། །དེ་ལས་ཉོན་མོངས་པ་སྟོང་ཕྲག་དྲུག་ཅུ་བྱུང་ངོ༌། །དེ་རྣམས་ལམ་གང་ནས་འབྱུང་ཞེ་ན། གློ་བ་དང་སྙིང་དུ་འབྲེལ་བའི་བར་ན་སྲོག་རྩ་དམར་པོ་ཞེས་བྱ་བ་སོག་སྦུབས་ཙམ་གྱི་ནང་དུ་ཡར་རྒྱུ་སྟེ་དེ་ཡང་སྒལ་ཚིགས་ཀྱི་འདབ་ན་ཡར་རྒྱུའོ། །དེ་ཡང་རྩེ་ཆུང་གཡོན་པ་དང་འབྲེལ་ལོ། །དེ་ནས་དབུགས་ཀྱི་རྟ་ལ་ཞོན་ནས་རྒྱུའོ། །དེ་ཡང་ཁ་དང་སྣ་ནས་རྒྱུའོ། །དེ་ལས་ལས་དང་ཉོན་མོངས་པ་སྣ་ཚོགས་འབྱུང་ངོ་ཞེས་སོ། །དེ་ཡང་སྙིང་དང་གློ་བའི་བར་ན་རྩ་སོག་མའི་སྦུབས་ཙམ་ཞིག་ནས་རླུང་གི་རྟ་རྩ་དེར་རྒྱུ་བ་དང་། སྙིང་ནས་རིག་གདངས་རྩ་དེར་འཇུག་པ་གཉིས་ཀ་འཛོམས་ནས་དེ་གཉིས་འདྲེས་པ་ལས། བག་ཆགས་ཀྱི་སྡུད་བྱེད་སེམས་ཡིན་པ་དང་། ཡུལ་ལ་རྟོག་པའི་ཡིད་ཡིན་པ་དང་། རིག་པ་ལ་ལྟོས་པའི་མ་རིག་པ་ཡིན་པ་སྟེ། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་སུམ་བརྩེགས་རླུང་གི་རྟ་ཅན་དེས། གཟུང་འཛིན་ཉོན་མོངས་ཀྱི་ལས་བསགས་ནས་འཁོར་བ་འདི་གྲུབ་པའོ། །འདི་རྟོགས་ན་གློ་བུར་བ་ཡིན་པས་གཞོམ་སླ་བས་གྲོལ་སླ་ལ། མ་རྟོགས་ན་ཐོག་མེད་ནས་གོམས་ཚན་ཆེ་བས་འབྲལ་དཀའ་བ་ཡིན་ནོ།།

ཁ ཡེ་ཤེས་ཀྱི་གནས་རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པ།

༼༡༽ ཐུན་མོང་གི་དབྱེ་བ།

དོན་གཉིས་པ་ཡེ་ཤེས་ཀྱི་གནས་རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། ཐུན་མོང་གི་དབྱེ་བ་དང༌། ཁྱད་པར་གྱི་གསང་ཆེན་ངེས་པའོ། །དང་པོ་ལ། ངོ་བོ། ངེས་ཚིག དབྱེ་བ་གསུམ་ལས། ཡེ་ཤེས་ཀྱི་ངོ་བོ་འོད་གསལ་བའི་རིག་པ་བདེ་བར་གཤེགས་པའི་སྙིང་པོ་སྟེ། ཐལ་འགྱུར་ལས། ཡེ་ཤེས་རྟོག་པ་མ་ཡིན་ཏེ། །ངོ་བོ་རང་གསལ་སྙིང་པོའི་དོན། །ཞེས་སོ། །ཡེ་ཤེས་ཀྱི་ངོ་བོ་སོ་སོར་རང་རིག་པ་ཡེ་ནས་མཁྱེན་ཆར་གནས་པ་ཞིག་ཡིན་པ་སྟེ། སོ་སོ་སྐྱེ་བོའི་བློའི་སྤྱོད་ཡུལ་དུ་མ་གྱུར་པས་རྟོགས་པ་མ་ཡིན་ནོ། །ངེས་ཚིག་ནི་ཡེ་ནས་གནས་པའི་ཤེས་པ་དམ་པ་ཡིན་པས་ན་ཡེ་ཤེས་ཏེ། དེ་ཉིད་ལས། ངེས་ཚིག་ཡེ་ནས་གནས་པའི་དོན། །ད་ལྟ་ཤེས་པས་ཡེ་ཤེས་སོ། །ཞེས་སོ། །ཡེ་ནས་གནས་པའི་དོན་རྟོགས་ཤིང་ཤེས་པའོ། །དབྱེ་ན་གཞི་གནས་ཀྱི་ཡེ་ཤེས། མཚན་ཉིད་འཛིན་པའི་ཡེ་ཤེས། ཡུལ་ལ་ཁྱབ་པའི་ཡེ་ཤེས་དང་གསུམ་སྟེ། དེ་ཉིད་ལས། དབྱེ་བ་དག་ནི་གསུམ་དུ་འདོད། །ཅེས་པ་དང༌། མུ་ཏིག་ཕྲེང་བ་ལས། ཡེ་ཤེས་ཉིད་ནི་འདི་ལྟ་སྟེ། །གཞི་གནས་དག་པའི་ཡེ་ཤེས་དང༌། །མཚན་ཉིད་འཛིན་དང་ཡུལ་ཁྱབ་བོ། །ཞེས་སོ། །དེ་ཡང་གཞི་གནས་ཀྱི་ཡེ་ཤེས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ། མཚན་ཉིད་འཛིན་པའི་ཡེ་ཤེས་ཆོས་དབྱིངས། མེ་ལོང༌། མཉམ་ཉིད། སོར་རྟོག བྱ་བ་གྲུབ་པ་དང་ལྔ། ཡུལ་ལ་ཁྱབ་པའི་ཡེ་ཤེས་ཇི་ལྟ་བ་དང་ཇི་སྙེད་མཁྱེན་པ་གཉིས་ཏེ་སྔར་བཤད་པ་དང་ཕྱིས་འོག་ཏུ་རྒྱས་པར་འཆད་དོ།།

༼༢༽ ཁྱད་པར་གྱི་གསང་ཆེན་ངེས་པ།

གཉིས་པ་ཁྱད་པར་གྱི་གསང་ཆེན་ངེས་པའི་གནས་ལ་བརྒྱད་དེ། ངོ་བོ། རྟེན། གནས། ཕོ་བྲང༌། ལམ། སྣང་བ། བྱེད་ལས། འབྲས་བུའོ། །དང་པོ་ཡེ་ཤེས་ཀྱི་ངོ་བོ་ནི་སྔར་བཤད་པའི་གཞི་བདེ་བར་གཤེགས་པའི་སྙིང་པོ་དེའོ། །རྟེན་ནི་གཟུགས་ཀྱི་ཕུང་པོའོ། །གནས་ནི་ཙིཏྟ་རིན་པོ་ཆེའོ། །ཕོ་བྲང་ནི་འོད་ལྔ་ཀུན་འདུས་ཀྱི་གཞལ་མེད་ཁང་ངོ༌། །ལམ་ནི་རོ་རྐྱང་ཀུན་འདར་མ་ཤེལ་བུག་ཅན་བཞི་དང་ཁྱད་པར་དུ་ཡུལ་ལ་སྣང་བའི་ལམ་སྙིང་ནས་རྒྱང་ཞགས་སུ་འབྲེལ་བའི་རྩ་དར་དཀར་གྱི་སྣལ་མ་ལྟ་བུའོ། །སྣང་བ་ནི་སྒྲོན་མ་གཉིས་ཏེ། དབྱིངས་རྣམ་དག་གི་སྒྲོན་མའི་ངོ་བོ་ཡི་གེ་ན་རོ་ལྟ་བུ་སྣང་བ་མཐིང་ག་ནས་རྣམ་པར་མཆེད་པས་ནམ་མཁའ་གང་བའོ། །ཐིག་ལེ་སྟོང་པའི་སྒྲོན་མའི་ངོ་བོ་རྨ་བྱའི་མདོངས་ལྟ་བུ་སྣང་བ་རང་གསལ་ཟླུམ་པོ་མུ་ཁྱུད་ལྔའི་ར་བ་དང་བཅས་པའོ། །བྱེད་ལས་ནི་འཁོར་བ་མྱང་འདས་སུ་སྒྲོལ་ཞིང་རིག་པ་སྐུར་སྨིན་པས་ཆོས་ཉིད་གདོད་མའི་ས་ཟིན་པར་བྱེད་པའོ། །འབྲས་བུ་ནི་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པ་མཐར་ཕྱིན་ཏེ་འབྲས་བུ་ཆོས་སྐུ་ཐོབ་པར་བྱེད་པའོ། །དེ་དག་ཀྱང་རྒྱས་པར་ལུང་གིས་གསལ་བ་ནི་རང་ཤར་ལས། ཀྱེ་གྲོགས་པོ་དག་ཉོན་ཅིག ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དཔེས་མཚོན་པར་བྱའོ། །དེའང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དགོངས་པ་ནི་རྟེན་ནི་གཟུགས་ཀྱི་ཕུང་པོ་ལ་བརྟེན་ནོ། །དཔེར་ན་ཁྲ་ཚང་ན་ཉལ་བ་ལྟ་བུའོ། །གནས་ནི་སྙིང་ག་ན་གནས་ཏེ་དཔེར་ན་བུམ་པའི་སྐུ་ལྟ་བུའོ། །ལམ་ནི་རྩ་བཞི་ནས་འབྱུང་སྟེ་དཔེར་ན་མུ་ཏིག་གི་ཕྲེང་བ་བརྒྱུས་པ་ལྟ་བུའོ། །འཁྱིལ་ནི་དུང་ཁང་དཀར་པོའི་ནང་ན་འཁྱིལ་ཏེ་དཔེར་ན་བུམ་ནང་དུ་མར་མེ་བཏང་བ་ལྟ་བུའོ། །སྒོ་ནི་མིག་ནས་འབྱུང་སྟེ་ཐིག་ལེ་སྟོང་པའི་སྒྲོན་མ་ནི་དཔེར་ན་རྨ་བྱའི་མདོངས་ལྟ་བུའོ། །དབྱིངས་རིག་པའི་སྒྲོན་མ་ནི་དཔེར་ན་ཡི་གེ་ན་རོ་ལྟ་བུའོ། །ཡུལ་ནི་ནམ་མཁའ་སྟོང་པའོ། །དུས་ནི་བར་དོའི་སྟོང་པའོ། །དཔེར་ན་མེ་ལོང་གི་དཀྱིལ་འཁོར་ལྟ་བུའོ། །འགྲོ་ས་ནི་རིན་པོ་ཆེའི་ལུས་ཏེ་དཔེར་ན་ཁ་བྲག་གི་ལམ་ལྟ་བུའོ། །གྲོལ་ས་ནི་ཀ་དག་གི་སྣང་བ་སྟེ་དཔེར་ན་བུམ་པའི་སྐུ་ལྟ་བུའོ་ཞེས་པ་དང༌། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ལས། ཨ་ཧོ་ཀློང་ཆེན་པོ་རྣམས་ཉོན་ཅིག འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཏིལ་འབྲུ་ལ་མར་གྱིས་ཁྱབ་པ་བཞིན་དུ་གནས་སོ། །དེ་ཡང་རྟེན་ནི་གཟུགས་ཀྱི་ཕུང་པོ་ལ་བརྟེན་ནོ། །གནས་ནི་སྙིང་གི་དཀྱིལ་ན་ཀུན་ཏུ་བཟང་པོ་གའུ་ཁ་སྦྱོར་གྱི་དགོངས་པ་ཞེས་བྱ་སྟེ་དཔེར་ན་བསེའི་གའུ་ཁ་སྦྱར་བ་བཞིན་དུ་གནས་པའི་ནང་ན་འོད་ཁ་དོག་ལྔའི་དཀྱིལ་ན་ཞི་བའི་སྐུ་ཡུངས་འབྲུ་ཙམ་འོད་ཁྱིམ་གྱི་ཚུལ་དུ་གནས་སོ། །དེ་ནི་རིག་པའི་གནས་སོ། །དཔེར་ན་བུམ་པའི་སྐུ་ལྟ་བུའོ། །དེ་ལས་བྱུང་བའི་ཡེ་ཤེས་ནི་གནས་ཀླད་པ་དུང་ཁང་ན་གནས་སོ། །དེ་ཡང་ཁྲོ་བོའི་སྐུ་ཡུངས་འབྲུ་ཙམ་ལ་སྤྱན་ཕུལ་ཐག་ཙམ་དུ་གནས་སོ། །དེ་ཡང་འོད་ཟེར་གྱི་ཚུལ་དུ་གནས་སོ། །དེ་ལས་བྱུང་བའི་འོད་ནི་མེ་ལོང་གི་དཀྱིལ་ལྟར་གསལ་ལ་དྭངས་པའམ་དཔེར་ན་ཉའི་མིག་བཞིན་དུ་འོད་ཟེར་དུ་གནས་སོ། །དེ་ཡང་རིག་པའི་འབྲེལ་ས་ནི་སྙིང་གི་རྩེ་མོ་ནས་ཡར་རྩ་དར་དཀར་གྱི་སྣལ་མ་ཙམ་སྒལ་ཚིགས་འདབ་ན་ཡར་ཡོད་དེ། དེ་ནས་ལམ་བྱུང་ནས་མགོའི་ནང་དུ་འཇུག་གོ །རྩ་དེ་ཡང་རྩེ་ཆུང་གཡོན་ནས་འཐོན་ནས་ཀླད་པར་འབྲེལ་ལོ། །དེ་ཡང་རྣ་བའི་འདབ་གཡས་གཡོན་ནས་འཐོན་ནས་མིག་དང་འབྲེལ་ལོ། །དེ་ལས་མིག་ནམ་མཁའ་ལ་བཟློག་སྟེ་རྩ་གཅུན་ནས་བལྟས་ན་ཡེ་ཤེས་ཀྱི་འོད་སྣང་གིས་ནམ་མཁའ་གང་བར་འགྱུར་རོ་ཞེས་སོ། །འདིར་འོད་རྩ་བལྟེམས་པས་འོད་སྣང་འཆར་བའི་གནད་ནི་དེ་ཡིན་ཏེ། ལྟ་སྟངས་གཟིགས་སྟངས་ལྡན་པ་ཡིས། །རྩེ་ཆུང་གཡོན་འདབ་འོད་རྩ་བལྟེམས། །སྣང་བས་ནམ་མཁའ་གང་བ་འཆར། །ཡང་ཟབ་གདམས་པའི་ཟབ་རྒྱའོ། །ཞེས་སོ། །དེ་ཡང་སྐུ་ཡུངས་འབྲུ་ཙམ་ལ་སྤྱན་ཕུལ་ཐག་ཙམ་བཤད་པ་འདི་ལ་ཁ་ཅིག་སྐུ་བས་སྤྱན་ཆེ་སྟེ་རྩ་བ་ཕྲ་ཡང་རྩེ་མོ་ཡངས་པར་ཡོད་ཅེས་ཟེར་བ་ནི་བསམ་མནོ་མ་བཏང་བར་ཅི་རུང་རུང་བླ་བརྡོལ་དུ་སྨྲ་བའི་ཚིག་སྟེ། སྐུ་དེ་ཉིད་ལ་སྤྱན་ཡོད་ན་སྐུ་ལས་ཆེ་བ་མི་སྲིད་ཅིང་དེ་ལས་ཕྱིར་འཕྲོས་ཏེ་ཡོད་ན་སྐུ་དང་མི་འབྲེལ་བའམ་སྤྱན་ལུག་པ་ཞིག་ཏུ་འགྱུར་བའི་སྐྱོན་ཡོད་དོ། །དེས་ན་འཚམས་པ་ཞེས་བྱ་བའི་ཡུལ་སྐད་རྙིང་པ་ལ་ཕུལ་ཐག་ཙམ་ཞེས་ཟེར་ཏེ་ཚིག་དེ་ཙམ་ལས་ཡུངས་འབྲུ་ལ་འཚམས་པའི་སྤྱན་དེ་སྐྲ་རྩེ་བས་ཀྱང་ཆུང་དགོས་པས་སོ་སོ་སྐྱེ་བོ་ཆུ་བུར་གྱི་མིག་ཅན་རྣམས་ཀྱིས་བལྟར་མི་རུང་བའོ། །འདི་ལ་མི་ཤེས་པ་དང་འཁྲུལ་བའི་གནད་མེད་ཀྱང་བརྡ་ལ་མ་བྱང་བ་རྣམས་ཚིག་ལ་འཁྲུལ་ནས་ཡི་གེའི་དོན་ཕྱིན་ཅི་ལོག་ཏུ་འཆད་པའི་དོགས་པ་དགག་པའི་ཕྱིར་འདིར་གསལ་པོར་བཤད་པའོ། །དེ་ལྟར་ན་གསང་བ་རྒྱལ་པོའི་གནས་འདི་ནི་རང་བཞིན་རྫོགས་པ་ཆེན་པོ་སྙིང་ཏིག་གི་གནད་གལ་བོ་ཆེ་ཡིན་པས་མ་སྦས་པར་བཤད་དེ་ཕྱི་རབས་ཀྱི་སྐལ་ལྡན་རྣམས་ཀྱི་ཐར་བའི་ལམ་བཟང་སྣང་བར་བྱ་བའི་ཕྱིར་བློ་གྲོས་ཀྱི་མིག་དབྱེ་བར་བྱས་པ་ཡིན་ནོ། །ཁོ་བོ་ཅག་མང་དུ་ཐོས་པ་ཆོས་ཀྱི་མིག་རྙེད་པ་དག་གིས་ཕན་གནས་འདི་ལྟ་བུའི་རྟོགས་དཀའ་བ་ཆོས་འདིས་གདུལ་བྱ་ལས་ཅན་གྱི་སྐྱེ་བོ་དབང་པོ་རྣོན་པོ་ཅན་ཀུན་ལ་སྣང་བར་བྱེད་པས་ན་ཟབ་ཅིང་རྒྱ་ཆེ་བའོ། །ཚིག་དོན་རིན་པོ་ཆེའི་མཛོད་ལས་ཡེ་ཤེས་ཀྱི་གནས་བསྟན་པ་སྟེ་རྡོ་རྗེའི་གནས་བཞི་བ་རྒྱ་ཆེར་བཤད་པའོ།།


previousཉིན་དྲུག་པའི་ཆོས་ཁྲིད། next