Nitartha Digital Library
Tibetan
 
previousཉིན་བདུན་པའི་ཆོས་ཁྲིད། next

ཉིན་བདུན་པའི་ཆོས་ཁྲིད།

གང་ཞིག་འཆད་ཉན་བྱ་བའི་དམ་པའི་ཆོས་ཞེས་པ། ཉོན་མོངས་པའི་གདུང་བ་སེལ་བར་བྱེད་ཅིང་། ཞི་བ། བསིལ་བ། ནང་གི་བདུད་རྩི་དམ་པ་འདི་ཉིད་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་ཐུགས་རྒྱུད་ན་བཞུགས་པའི་ཐུགས་འགོག་པ་དམ་པའི་བདག་ཉིད་ཡིན་ལ། ཡེ་ནས་ལྷུན་གྲུབ་ཏུ་ཡོད་པའི་གཞི་འབྲས་དབྱེར་མེད་ཀྱི་རྟོགས་པ། མཐར་ཕྱིན་གྱི་ཡེ་ཤེས་ལ་ཡོན་ཏན་གྱི་ཆ་ནས་ཆོས་ཞེས་བཏགས་པ་ཞིག་ཡིན། མ་རྟོགས་འཁྲུལ་བའི་སེམས་ཅན་གྱི་ཀུན་གཞིའི་ཁམས་སུ་བག་ཉལ་གྱི་ཚུལ་དུ་ཡོད་པའི་ལས་ཉོན་བག་ཆགས་ཀྱི་འཁྲུལ་བ་རྒྱུན་འབྱམས་སུ་གྱུར་ནས་སྡུག་བསྔལ་མྱོང་བ་འདི་ལ། རྒྱལ་བ་ཐམས་ཅད་ཀྱི་ཐུགས་མཁྱེན་པའི་ཡེ་ཤེས་དང་། བརྩེ་བའི་ཐུགས་རྗེ་ཟུང་དུ་འབྲེལ་བའི་ལམ་བདེན་འདུས་མ་བྱས་པའི་ཆོས་དེ། གདུལ་བྱའི་བློ་རིམ་དང་འཚམས་པར་སྣང་བར་མཛད་དེ་བསྟན་པ་ཞིག་ཡིན་པས། བྱིས་པ་སོ་སོ་སྐྱེ་བོའི་བློ་ཆུང་ཆུང་དང་མ་བྲལ་ཞིང་། ཁྱད་པར་དུ་ཐོས་པས་བློ་མིག་སྦྱངས་མ་མྱོང་བས་ཡང་དག་པའི་དོན་མ་རྟོགས་པར། རིག་གནས་ཕྲན་ཚེགས་ཉི་ཚེ་བ་རེ་ལྟ་བྱེད་ཀྱི་མིག་གུ་དོག་གིས་བལྟས་ནས། ཤེས་བྱ་ཕྱོགས་རེ་བ་ཅུང་ཟད་ལས་མ་མཐོང་ཚེ། གནའ་ཞིག་ཁྲོན་པའི་སྦལ་བས་རྒྱ་མཚོ་ཆེན་པོ་ཁོ་རང་གི་ཁྲོན་པ་བས་ཆུང་ཞིག་ཡིན་སྣང་ཤར་བའི་དཔེ་ལྟར། ལོག་པའི་རྣམ་རིག་དང་ལྟ་སྤྱོད་ཕྱིན་ཅི་ལོག་ཏུ་འཆར་བའི་ཉེན་ཁ་ཡོད་དོ། །དེ་ཅིའི་ཕྱིར་བཤད་ཅེ་ན། ཁ་ཅིག་ན་རེ་ས་འདི་ཆགས་ནས་ལོ་དུང་ཕྱུར་མང་པོ་ཡིན་ལ། དེ་ཡང་ཕྱི་སྣོད་ཀྱི་འཇིག་རྟེན་དང་པོ་ཆགས་ཤིང་། ནང་བཅུད་ཀྱི་སེམས་ཅན་རྗེས་སུ་ཆགས། མི་རྣམས་དང་པོའི་དུས་སུ་སྤྲ་སྤྲེལ་འདྲ་བ་ཞིག་ཡིན་ལ་དེ་ནས་འཚོ་བའི་བརྒྱུད་རིམ་གྱི་ཁྲོད་ནས་འཕེལ་རྒྱས་དང་འགྱུར་བ་མང་པོ་ཞིག་སོང་བ་ཡིན་པ་ནི་བརྟགས་པས་ཤེས་པ་དང་། འཇིག་རྟེན་གྱི་ཁམས་སུ་ཆོས་ལུགས་ཀྱི་རིགས་ཀྱང་འདྲ་མིན་ཡོད་པ་འདི་དག་ཀྱང་རྗེས་སུ་རིམ་གྱིས་དར་བ་ཡིན། དང་པོ་མི་ཆགས་དེ་ནས་ཆོས་དར་བ་ཡིན་འདུག ཆོས་ལུགས་འདྲ་མིན་ཡོད་པ་འདི་དག་ལ་སྔོན་རྗེས་ཀྱི་དབྱེ་བ་མང་པོ་ཡོད་ཅིང་། ནང་པའི་ཆོས་འདི་ཡང་རྒྱ་གར་དུ་སྟོན་པ་སངས་རྒྱས་བྱོན་ནས་དར་ཞིང་། དེའི་སྔོན་དུ་མེད་ལ་དེ་ནས་བརྩིས་ན་ལོ་སུམ་སྟོང་ཟིན་མེད་པ་ཞིག་ཡིན། འདི་ཡང་དེ་དུས་ཀྱི་སྤྱི་ཚོགས་ཀྱི་དགོས་མཁོ་དང་མིའི་རིགས་འཕེལ་རིམ་གྱི་བྱེད་ཐབས་གཞན་ཞིག་ཡིན་ལ། ཆོས་ལུགས་གཞན་དག་ལ་ཡང་ཁུངས་རེ་དང་། རྒྱུ་མཚན་རེ་དང་། སྟོན་པ་རེ་དང་། བསྟན་པ་རེ་ཡོད་པ་ཡིན་ནོ། །ཞེས་པ་ལ་དང་པོ་ཉིད་ནས་དེ་ནི་ལོག་ལྟ་ཅན་བསྟན་པ་འདི་ལས་ཕྱི་རོལ་དུ་གྱུར་པ་ཡིན་ཟེར་ནས་རྡུལ་སྙིགས་ཀྱི་ཁྲོད་དུ་གཡུགས་པ་ནི་རིགས་པ་མ་ཡིན་ཏེ། སྟོན་པ་བཅོམ་ལྡན་འདས་ཉིད་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས་པས་དང་པོ་མ་ཤེས་པའི་དུས་སུ་དྲི་བ་བྱེད་པ་ནི་རིགས་པ་ཡིན་ལ། དྲི་བ་དེ་ལ་ལན་ཞིག་ཡོང་ལ། ལན་དེ་ལས་ཡང་དག་པའི་དྲིས་ལན་ཞིག་ཐོབ་དུས། དེ་ལ་རང་ཉིད་ཀྱི་རྣམ་དཔྱོད་ཀྱིས་བརྟགས་ཤིང་དཔྱད་པ་བཏང་ནས་ངེས་ཤེས་སྙིང་ཁོང་ནས་འཁྲུངས་པ་ནི། མདོ་ཕྱོགས་ནས་བཤད་ན་སློབ་དཔོན་དཔའ་བོ་དང་། སྔགས་ཕྱོགས་ནས་བཤད་ན་འཇམ་དཔལ་བཤེས་གཉེན་གྱིས་དགའ་རབ་རྡོ་རྗེ་ལ་བརྩད་པ་ལྟ་བུ་ཡིན་ནོ། །འོན་ཀྱང་དེ་ལྟ་བུར་དཔྱོད་པའི་རྣམ་དཔྱོད་ཀྱང་མེད་པ། གནས་ལུགས་རིག་པ་དོན་དམ་རྟོགས་པའི་ཤེས་རབ་མེད་པ་ལྟ་ཅི། གནས་ལྔ་རིག་པ་ཀུན་རྫོབ་རྟོགས་པའི་ཤེས་རབ་ཙམ་ཡང་མེད་ཚེ། །དེ་ལས་གཞན་ཞིག་ཡོད་པ་ནི། ལོག་པའི་ཤེས་རབ་དང་། འཆལ་བའི་ཤེས་རབ་ལས་མེད་པས། དེ་ལྟ་བུའི་ལོག་པའི་བློ་རིག་གིས་ཆུང་ས་ནས་སྔོན་གྱི་མེད་པར་སྨྲ་བའི་མུ་སྟེགས་པས་ཟེར་བ་ཡང་བདེན་ནམ། ད་ལྟའི་དུས་ཀྱི་ཆད་ལྟ་བའི་རྩོམ་ཡིག་ལ་ཡང་རྒྱུ་མཚན་ཞིག་ཡོད་དམ་སྙམ་ནས། བསམ་བློ་ཕྱིན་ཅི་ལོག་ཏུ་སོང་ཚེ་སྟོན་པ་སངས་རྒྱས་མན་ཆད་ལ་མི་ཕལ་བ་ཞིག་གི་ཆ་ཚད་བཟུང་བ་དང་། བསྟན་པ་དམ་པའི་ཆོས་ལ་ཕྱིས་སུ་དར་བའི་གསར་དར་གོང་ནས་བཤད་པ་ལྟར་དུས་རབས་ལ་སོགས་པས་བརྩིས་ཚེ་ཐེ་ཚོམ་ཁོ་ལག་རྒྱས་ནས་ལོག་ལྟ་རུ་འགྱུར་བ་དང་། རང་ཉིད་ཀྱི་སྐྱབས་སྡོམ་ཞུས་པ་ཡང་གལ་ཆུང་གཙིགས་ཆུང་དུ་འགྲོ་བའི་བདུད་འཇུག་པའི་ཉེན་ཁ་ལ་ཡང་གཟབ་དགོས་སོ། །དེས་ན་ད་ལྟའི་འཇིག་རྟེན་གྱི་ཁམས་སུ་དར་བའི་ཆོས་ལུགས་གཞན་དག་མང་ཆེ་བ་གོང་དུ་བཤད་པར་ལྟར། མིའི་རིགས་ཀྱི་འཚོ་བའི་འཕེལ་རིམ་བརྒྱུད་ནས་རང་ཉིད་ལས་ནུས་པ་ཆེ་བ་ཞིག་ལ་སྐྱབས་འཚོལ་རྒྱུའི་འདུན་པ་ཡོད་པ་དང་། རྟོག་བཟོའི་ལྷ་འདྲེ་མང་པོ་ཞིག་གི་གཟུགས་བརྙན་བློས་བཀོད་དེ་ལྷ་བཟོ་ཞིག་གིས་རང་གིས་བྱས་པའི་སྲིན་པོའི་གཟུགས་བརྙན་འཇིགས་སུ་རུང་བ་ཞིག་ལ་དངངས་པ་དང་མཚུངས་པ་ཡང་མང་བ་དང་། ཡང་སེམས་ཁམས་ཀྱི་ནུས་པས་བདེ་བ་གསར་བ་ཞིག་བཙལ་བའི་ཆེད་དུ། སེམས་གནས་དང་ཞི་རགས་ཀྱི་ཏིང་འཛིན་གྱིས་རྒྱུད་འགྱུར་བའི་རྣམ་པ་ཙམ་ཐོན་པ་དང་། བསམ་གཟུགས་ཀྱི་ཏིང་འཛིན་རེ་དངོས་སུ་གྲུབ་པ་དང་། ཐུན་མོང་གི་གྲུབ་པ་ཙམ་ཐོབ་པ་དག་ནི་འཇིག་རྟེན་པའི་ལམ་ལ་ཡོད་པ་ནི་ཐུབ་པ་ཉིད་ཀྱིས་གསུངས་ཡོད་པ་ནི་བཀའ་བསྟན་རྣམས་ཀྱི་ནང་དུ་དེ་དག་གི་འདོད་པ་བཀོད་ནས་ཡོད་པས་གསལ་ལོ། །དེའི་གྲུབ་མཐའ་རྟག་ཆད་དུ་སྨྲ་བ་དེ་དག་སྔར་གྱི་ལོ་རྒྱུས་གནའ་དཔེའི་བཤད་སྲོལ་ཙམ་མིན་པར་ད་དུང་ཡང་ཡོད་ལ། འོན་ཀྱང་རང་རེ་ཞུགས་སའི་ཆོས་ལུགས་འདི་ལྟ་སྒོམ་སྤྱོད་གསུམ། གཞི་ལམ་འབྲས་བུའི་རྣམ་གཞག་གང་གི་ཆ་ནས་ཡིན་ཡང་རིགས་པས་དཔྱད་བཟོད་པ་གསེར་རབ་མཆོག་ལ་བསྲེགས་བཅད་བརྡར་གསུམ་བྱས་པ་ལྟར་ཇེ་གསལ་ཇེ་ལེགས་སུ་འགྲོ་བ་ཞིག་ཡིན་པས་གཞན་དང་གནམ་ས་ལྟ་བུར་སྡུར་ཐབས་མེད་པའི་ཁྱད་པར་མཆོག་གི་ལམ། མཐའ་ཡས་པའི་སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་བའི་ཐབས་ཁྱད་པར་ཅན་ཡིན་པ་ནི། རྒྱལ་བས་གསུངས་པའི་བཀའ་དང་རྗེས་འཇུག་མཁས་པའི་བསྟན་བཅོས་ལས་རྟོགས་ཐུབ་པ་ཡིན། དེ་དག་ལ་ཐོས་བསམ་གྱི་སྐལ་བ་དང་རྣམ་པར་དཔྱོད་པའི་ནུས་པ་མེད་པ་ཞིག་ཡིན་ཡང་། དམ་པའི་ཆོས་འདི་སྔར་མེད་པ་ཞིག་སྟོན་པ་སངས་རྒྱས་བྱོན་ནས་གསར་དུ་རྩོམ་ཡོང་བ་ཞིག་མིན་པ་ནི་ཤེས་པར་བྱ་དགོས་ཏེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ། ཟབ་ཞི་སྤྲོས་པ་དང་བྲལ་བའི་ཡེ་ཤེས་དེ་ཡེ་ནས་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ་ཡིན་ལ། འོན་ཀྱང་མ་རྟོགས་འཁྲུལ་བའི་སེམས་ཅན་ལ་གློ་བུར་མ་རིག་པའི་སྤྲིན་གྱིས་བསྒྲིབས་པ་དེ་བསལ་བའི་ཆེད་དུ་སྟོན་པ་བདེ་བར་གཤེགས་པ་ཉིད་ཆོས་ཀྱི་དབྱིངས་ཆོས་སྐུའི་ངང་ལས་མ་གཡོས་བཞིན་དུ་གཟུགས་སྐུ་གཉིས་ཀྱི་བཀོད་པ་མཛད་ནས་གདུལ་བྱའི་བློ་དང་འཚམས་པའི་ཆོས་ཀྱི་ཆར་ཕབ་པར་མཛད་དེ། གདུལ་བྱའི་ཞིང་དང་འདུལ་བྱེད་ཀྱི་སྟོན་པ་ནི་མཐའ་ཡས་མུ་མེད་པ་ཞིག་ཡིན་ལ། ལོ་ཉིས་སྟོང་སུམ་སྟོང་གི་ཚད་གཞལ་བ་ནི་ཐུན་མོང་བའི་ངོ་ཁ་ལ་བཤད་པའི་ཕྱོགས་རེ་བ་ཤིན་ཏུ་ཕྲ་བའི་ཆ་ཤས་ཤིག་གི་གནས་ཚུལ་ཙམ་ཡིན། དཔེར་ན་རང་ཅག་གི་འཚོ་ཆས་ནང་དུ་སྤྱོད་བཞིན་པའི་གློག་གི་ནུས་པ་འདི། སྔར་འབྱུང་བཞིའི་རྡུལ་ཕྲན་ཚོགས་པའི་སྣོད་ཀྱི་འཇིག་རྟེན་འདི་ཆགས་པ་ནས་བཟུང་གློག་ཅེས་པ་དེ་ཡང་གྲུབ་ནས་ཡོད་པའི་དངོས་པོ་ཞིག་ཡིན་ལ། འོན་ཀྱང་འདི་བཀོལ་སྤྱོད་བྱེད་ཚུལ་མ་ཤེས་པར་མི་ལོ་ཁྲི་ཕྲག་མང་པོ་འདས་ཤིང་། དུས་རབས་ཤིག་ལ་མི་བློ་རིག་བཟང་བ་ཞིག་གིས་རང་བྱུང་གི་ཁམས་ནས་ཚུར་སྔོག་འདོན་བྱས་ཏེ་མི་ལ་ཕན་གནོད་གཉིས་ཀ་ཡོད་པའི་གློག་འདི་བྱུང་ཞིང་། དེ་དང་མཚུངས་པར་དགེ་བ་བཅུ་བསྒྲུབས་ན་ཕན་ཡོན་ཡོད་པ་དང་། མི་དགེ་བཅུ་བྱས་ན་སྡིག་པ་འབྱུང་བ་ནི་སྔར་ནས་རྒྱུ་འབྲས་བསླུ་མེད་དུ་ཡོད་ལ། ཉིས་བརྒྱ་ལྔ་བཅུ་རྩ་གསུམ་གྱི་འདུལ་ཁྲིམས་སོགས་སྟོན་པས་བཅས་པ་ལས་རང་བཞིན་གྱི་སྡིག་ལྟུང་མི་བསད་ན་སྡིག་ལྟུང་འབྱུང་བ་ལ་སོགས་པ་སྟོན་པས་གསར་དུ་སྡིག་པ་ཡོད་པར་མཛད་པ་ག་ལ་ཡིན། དེ་ལྟ་བུའི་སྤང་བླང་འདོར་ལེན་གྱི་གནད་མ་ཤེས་པར་དམུས་ལོང་མུན་པར་འཁྱམས་པ་ཐམས་ཅད་ལ་བླང་དོར་གྱི་གནད་རིག་པའི་མིག་གསར་བ་ཞིག་ཕྱེས་པ་ཡིན་ནོ། །དེས་ན། ངས་ནི་ཁྱོད་ལ་ཐར་བའི་ཐབས་བསྟན་གྱིས། །ཐར་བ་རང་ལ་རག་ལས་བརྩོན་པར་གྱིས། །ཞེས་པ་ལྟར་ཐར་བའི་ལམ་སྟོན་པ་པོ་ལ་སྟོན་པ་ཟེར་བ་ཡིན་པས། དམ་པའི་ཆོས་ནི། ཞི་བ། བསིལ་བ། འདུས་མ་བྱས་པ། འགོག་ལམ་གྱིས་བསྡུས་པ་ཞིག་ཡིན་པས། འགོག་པ་དམ་པ་དེ་ཉིད་མངོན་དུ་མ་གྱུར་བའི་གང་ཟག་ལ། གདུལ་བྱའི་བློ་རིམ་དང་འཚམས་པར་རིམ་གྱིས་འདྲེན་པ་དང་། ཅིག་ཆར་དུ་འདྲེན་པའི་ཆོས་ཀྱི་རྣམ་གྲངས། དཔེར་ན་སྨན་པས་ནད་ལ་དཔག་པའི་སྨན། ནད་ཀྱི་ཁྱད་པར་སྣ་ཚོགས་དང་། ནད་པ་བྱིས་པ་དང་། དར་མ་དང་། རྒན་པོའི་གཟུགས་གཞི་རྣམས་མི་འདྲ་བའི་ཁྱད་པར་དང་བསྟུན་ནས་སྦྱིན་པ་དང་འདྲ་བར་ཤེས་པར་བྱས་ནས། ནད་པས་སྨན་འཐུངས་རྗེས་ད་གཟོད་ནད་དྲག་ཏུ་ཡོད་པ་ནི་རང་ཅག་རྣམས་ཀྱི་རྒྱུན་ཤེས་ཡིན་ལ། དེ་བཞིན་དུ་ཆོས་ཀྱི་སྨན་དེས་རང་རྒྱུད་ཀྱི་ཉོན་མོངས་ཀྱི་ནད་བཅོས་དགོས་ཚེ། རང་རྒྱུད་ལ་འདྲེས་ནས་ཡོད་པའི་ཉོན་མོངས་པའི་གཉེན་པོར་ཆོས་ཀྱང་རང་རྒྱུད་ལ་འདྲེས་པའི་ཐབས་བྱེད་དགོས། སྔོན་ཉོན་མོངས་ཀྱིས་བཟུང་ཡོད་པའི་ས་དེ། དམ་པའི་ཆོས་ཀྱིས་ཕྲོགས་ནས་དབང་བསྒྱུར་བྱེད་དུ་འཇུག་དགོས་པས་དང་པོ་བློ་ཆོས་སུ་འགྲོ་ཚུལ། ཆོས་ཀྱི་སྒོར་རང་ཉིད་ཕར་འཇུག་ཐབས་བྱེད་པའམ་ཡང་ན་རང་རྒྱུད་ཀྱི་སྒོར་ཆོས་ཚུར་འདྲེས་ཐབས་བྱེད་དགོས་མ་གཏོགས། ཆོས་ཕར་ཆད་རང་ཚུར་ཆད་པ་དང་། ཡང་ན་ཆོས་པོ་ཏི་དོ་བོ་བཞིན་བརྩིགས་ཏེ། ནོར་གྱི་འདུ་ཤེས་བཞག་པ་དང་། དེའི་ནང་དོན་གོ་མི་དགོས་པའི་བྱིན་རླབས་ཤིག་ལོགས་ནས་ཡོང་བ་ཙམ་ལ་རེ་ནས་བསྡད་ཚེ་ཆོས་དང་རང་རྒྱུད་ཡ་བྲལ་ནས་ཆོས་ཀྱིས་ཕན་མི་ཐོགས་པས། དང་པོ་བློ་ཆོས་སུ་འགྲོ་བ་དང་། དེ་ནས་ཆོས་ལམ་དུ་འགྲོ་བའི་ཐབས་སེམས་རྐྱེན་ཁར་མི་འཆོར་བར་བྱ་དགོས། ཁྱད་པར་དུ་ཉེ་འབྲེལ་གཉེན་ཚན་གྱི་བདུད་དང། ཆོས་བརྒྱད་ཆགས་སྡང་གི་བདུད་དང་། རྣམ་གཡེང་ལེ་ལོའི་བདུད་དང་། ཐེ་ཚོམ་ལོག་ལྟའི་བདུད་རྣམས་རང་རྒྱུད་ལ་མི་འཇུག་པར་བྱས་ནས་ཆོས་ལམ་དུ་འགྲོ་བར་བྱ་དགོས་ཏེ། ཇི་སྐད་དུ། ཡུལ་གྱི་རྐྱེན་ནི་དུག་ལས་མཐུ་ཆེ་ཞིང་། །བཤེས་དང་སྡིག་པའི་གྲོགས་ཀྱིས་མཐའ་བསྐོར་བས། །དེ་རིང་སྐྱེས་པའི་ངེས་འབྱུང་སང་ཉིན་ཡིབ། །འདི་ལ་རིམས་ནད་བཞིན་དུ་འཇིགས་པར་མཛོད། །ཅེས་གསུངས་པས། དེ་ལྟ་བུའི་བདུད་རིགས་ཀྱི་གནོད་པ་དེ་དག་ནད་ངན་ལྟར་འཛེམས་ནས་ཆོས་ལམ་དུ་འགྲོ་བར་བྱེད་པ་ནི་གལ་ཆེའི་ནང་གི་དོན་ཆེན་ཡིན་ནོ། །དེའི་སྟེང་དུ་ལམ་གྱི་འཁྲུལ་བ་སེལ་ཐབས། འདི་ལྟར་སྣང་བའི་སྣང་སྲིད་སྣོད་བཅུད་ཀྱི་ཆོས་ཐམས་ཅད་གཟུང་བའི་ཡུལ་མེད་པ་སྤྲུལ་བ་དང་མིག་ཡོར་ལྟ་བུ་དང་། འཛིན་པའི་སེམས་མེད་པ་བར་སྣང་དག་པ་སྤྲིན་གྱིས་མ་གོས་པ་ལྟ་བུ་ཡིན་པས། གཟུང་འཛིན་གཉིས་ཀ་མེད་པའི་ཕ་རོལ་ན་འཁོར་བ་ཞེས་པ་ཞིག་ཟུར་ནས་ཡོད་མ་མྱོང་བས་མེད་སྣང་འཁྲུལ་བའི་རང་བཞིན་དེ་ཤེས་ན་ཁམས་གསུམ་འཁོར་བ་ལས་གྲོལ་ཏེ། ཐབས་ཁྱད་པར་ཅན་གྱིས་ཟིན་ནས་སྤང་བླང་རྒྱུ་འབྲས་ཅི་སྣང་ཐམས་ཅད་རང་དག་ཏུ་སོང་བས། གནས་ལུགས་གཤིས་ཀྱི་དོན་དེར་རྒྱུ་འབྲས་ལས་འདས་པ་ངོ་མཚར་བའི་ཚིག་ཆེན་བརྒྱད་ཀྱི་དོན་ཇི་བཞིན་པར་ཤེས་པར་བྱའོ། །དེ་ཡང་དེའི་རྟེན་གཞི་རིག་པ་བྱང་ཆུབ་ཀྱི་སེམས་དོན་དམ་སྨྲ་བསམ་བརྗོད་མེད། ཆོས་དབྱིངས་ལྷུན་གྲུབ་ཆེན་པོའི་བདག་ཉིད་ནི། ཟབ་ཞི་སྤྲོས་པ་དང་བྲལ་བ་ཡེ་ནས་འོད་གསལ་བའི་རང་བཞིན། ཆོས་སྐུ་དྲི་མེད་དུས་གསུམ་འཕོ་འགྱུར་མེད་པའི་ངོ་བོར་རྟོགས་པ་དེ་གནས་ལུགས་རང་བཞིན་མཐོང་བའི་ལྟ་བ་ཡིན་ལ། དེ་ལྟ་བུའི་ལྟ་བ་ངོ་ཤེས་པའི་ངང་དེར་བྱིང་རྒོད་སྤྲོས་པ་དང་བྲལ་བའི་སྒོ་ནས་ཡེངས་མེད་བློ་བྲལ་ཆེན་པོ་ཡངས་ཤིང་རྒྱ་ཆེན་མཁའ་ལྟར་རྣམ་དག་རྒྱ་ཆད་ཕྱོགས་ལྷུང་དམིགས་བསམ་བརྗོད་པ་དང་བྲལ་བའི་ངང་སྐྱོང་བ་ནི་སྒོམ་པའོ། །དེ་ལྟ་བུའི་ལྟ་སྒོམ་དང་ལྡན་པས་ནང་འཛིན་པ་གང་ཤར་རང་གྲོལ་དང་། ཕྱི་གཟུང་བ་རྨི་ལམ་དང་སྒྱུ་མའི་ཚུལ་དེ་ཉིད། དོན་ལ་གཉིས་མེད་སྤང་བླང་མེད་པར་སྤྱད་པས་ན་སྤྱོད་པ་དང་། །དེ་ལྟ་བུའི་ལྟ་སྒོམ་སྤྱོད་གསུམ་འབྲེལ་བའི་ཐོག་ནས། གཟུང་འཛིན་དང་། ཉོན་མོངས་དང་། དགག་སྒྲུབ་ཀྱི་ཆོས་ཐམས་ཅད་ཀྱི་རང་བཞིན་ཤེས་པས་རང་གྲོལ་ཏེ་སྐྱེས་པ་དང་གྲོལ་བ་དུས་མཉམ་པ། གྲོལ་བས་ཡེ་རྫོགས་ཆོས་ཉིད་མཉམ་པའི་ངང་ཆེན་པོར་དེར། འཁོར་བ་སྤངས་ནས་མྱ་ངན་ལས་འདས་པ་འཚོལ་མི་དགོས་པར་གང་སྣང་དོན་གྱི་གསལ་འདེབས། གང་ཤར་ཆོས་སྐུའི་རང་རྩལ་འཁྲུལ་དང་མ་འཁྲུལ་གཉིས་ཀ་ཆུ་དང་རླབས་བཞིན་ཆོས་སྐུ་གཅིག་གི་ཡོ་ལང་དུ་ཕྱམ་གཅིག་པ་ནི། མཐར་ཐུག་དོན་གྱི་ཡང་རྩེ་རྫོགས་པ་ཆེན་པོའི་གནད་ཀྱི་འགག་དོན་དངོས་སོ། །མདོར་ན་དམ་པའི་ཆོས་གང་ཞིག་ཐབས་ཇི་ལྟ་བུས་ཉམས་སུ་ལེན་ཡང་། ཐོག་མེད་ནས་ད་ལྟའི་བར་འཁྲུལ་བའི་བདག་འཛིན་གྱི་འཆིང་བ་རང་སར་གྲོལ་ཏེ། ཉོན་མོངས་པ་སྤྲིན་བཞིན་དུ་དབྱིངས་སུ་དག་པའི་ལམ་གྱི་འཁྲུལ་བ་སེལ་ཐབས་ཀྱི་སྤྱོད་པ་ལ་མཁས་པར་བྱ་བ་ནི་ཆོས་སྒྲུབ་པའི་ཆོས་པ་རྣམ་དག་ཅིག་གི་གནད་ཀྱི་གདམས་པ་ལ་གཟུང་དགོས་པ་ནི། ཉམས་ལེན་ཆོས་བཞིའི་ནང་གི་མེད་དུ་མི་རུང་བའི་ཆོས་གསུམ་པའོ། །དེ་ལྟ་བུའི་ལམ་གནད་ངེས་པར་བྱས་ནས་སྐབས་འདིར་བསྟན། སྲིད་པ་འདི་ན་ཡིད་བཞིན་ནོར་གཅིག་པུ། །ཀུན་མཁྱེན་བླ་མའི་གཞུང་ལུགས་རིན་པོ་ཆེ། །འདི་ལས་གཞན་ལ་སངས་རྒྱས་ཡོད་མིན་ན། །འདི་ལ་རབ་དགའ་མི་སྐྱེ་སུ་ཞིག་ཡོད། །ཅེས་གསུངས་པ་ལྟ་བུའི་རྒྱལ་གསུང་གསང་བའི་མཛོད་ལ་མངའ་བརྙེས་པ། འཕགས་པའི་ཡུལ་ན་དགའ་རབ་དགྱེས་པ་རྡོ་རྗེ་དང་། གངས་ཅན་ཡུལ་འདིའི་རྒྱལ་དབང་ཀློང་ཆེན་པ་གཉིས་ཀ་ནམ་མཁའི་ཉི་ཟླ་ཟུང་གཅིག་དང་འདྲ་བ་དེའི་གསུང་གི་གསང་བ་ཟབ་མོ་མཛོད་ཆེན་རིན་པོ་ཆེ་རྣམ་པ་བདུན་འཆད་ཉན་གྱི་སྐབས་ནས། ཐེག་རྩེའི་དགོངས་དོན་ཚིག་དོན་བཅུ་གཅིག་དེ། །ལེགས་བསྡུས་ཁ་ཚང་དོན་དྲིལ་མན་ངག་གི །ཉམས་ལེན་གནད་ཀྱི་མཛོད་གཅིག་སྲིད་པ་ན། །སྲིད་པའི་རྩ་བ་གཅོད་ལ་གཅིག་ཏུ་དཔའ། །ཞེས་གསུངས་པ་ལྟ་བུའི་གཞི་དངོས་པོའི་གཤིས་ཀྱི་གནས་ལུགས་བསྟན་པ་ནས་མཐར་ཐུག་འབྲས་བུའི་གྲོལ་ས་ཆེན་པོའི་བར་རྡོ་རྗེའི་གནས་བཅུ་གཅིག་གིས་བསྟན་པ་ཚིག་དོན་རིན་པོ་ཆེའི་མཛོད་དམ་འོད་གསལ་རིན་པོ་ཆེའི་མཛོད་འདི་ཉིད། རྒྱུད་ལྟར་འཆད་པ། ལུང་ལྟར་འཆད་པ། མན་ངག་ལྟར་འཆད་པའི་འཆད་ཚུལ་རྣམས་ལས་མན་ངག་ཉམས་ཁྲིད་ཀྱི་འཆད་ཚུལ་ལ་རྒྱུད་ལུང་གཉིས་ཀྱིས་ཟུར་བརྒྱན་ནས་འཆད་པ་ལས།

རྡོ་རྗེའི་གནས་ལྔ་བ་ཡེ་ཤེས་ཀྱི་ལམ་བསྟན་པའི་རིམ་པ་རྒྱ་ཆེར་བཤད་པ།

༼ཀ༽ མདོར་བསྟན་པ།

རྡོ་རྗེའི་གནས་ལྔ་བ། དེ་ནས་ཡེ་ཤེས་གང་ལས་འཆར་བའི་ལམ་བསྟན་པ་ལ་གཉིས་ལས། དང་པོ་མདོར་བསྟན་པ་ནི། ཐལ་འགྱུར་ལས། རིག་པའི་ཡེ་ཤེས་ལམ་ཉིད་ནི། །རང་གི་རྩ་ཡི་འཁོར་ལོ་ལ། །སྐུ་གསུམ་རང་རྫོགས་གནས་པ་སྟེ། །རོ་མ་རྐྱང་མ་ཀུན་འདར་མ། །རྩ་གསུམ་དག་གིས་ལུས་བཟུང་སྟེ། །དབུས་མས་འཁོར་ལོ་བཞི་རྟེན་བྱེད། །འདི་དག་གཡས་གཡོན་དབུས་གནས་པས། །ཀུན་རྫོབ་དོན་དམ་དབྱེ་བ་ཡིས། །ལུས་དང་ཡན་ལག་བསྐྱེད་པ་དང༌། །སྒྲོན་མ་ཉིད་ཀྱང་སྨིན་པར་བྱེད། །ཅེས་སོ། །རིག་པའི་ཡེ་ཤེས་ཀྱི་ལམ་ནི། རང་ལུས་རྩ་ཡི་འཁོར་ལོ་སྐུ་གསུམ་རང་རྫོགས་ཀྱི་གནས་དེ་ཡིན་ལ། དེ་ལ་ཡང་རྩ་འཁོར་ལོ་བཞི་དང་གཙོ་མོ་གསུམ་དབུས་ལ་གནས་ནས་འཁོར་ལོ་བཞིའི་རྟེན་བྱེད་པ་དང་། རོ་རྐྱང་གཉིས་ཀྱིས་ཀུན་རྫོབ་དང་དོན་དམ་གྱི་དབྱེ་བས་ལུས་དང་ཡན་ལག་སྐྱེད་པ་དང་། སྒྲོན་མ་སྨིན་པར་བྱེད་པའི་ལས་བྱེད། ཁྱད་པར་དུ་རོ་མས་བདེ་བ་སྐྱེད་ཅིང་དྭངས་མ་སྡུད་པ་དང་། རྐྱང་མས་རླུང་གི་འཕེན་སྡུད་དང་ཐིག་ལེ་དགུག་འདྲེན་བྱེད་པའོ། །དང་པོ་ལུས་བསྐྱེད་པའི་གནས་སྐབས་ལ་བསམ་བློ་བཏང་ན་རོ་མས་ལུས་བསྐྱེད། རྐྱང་མས་ངག་བསྐྱེད། ཀུན་འདར་མས་ཡིད་བསྐྱེད་ནས་སྒོ་གསུམ་གྱི་སྨིན་སོ་དེ་ལྟར་སྨིན་པའོ། །རྒྱས་པར་འོག་ནས་འབྱུང་ངོ་།།

༼ཁ༽ རྒྱས་པར་བཤད་པ།

༼ཀ ཡེ་ཤེས་ཀྱི་ལམ་ངོས་བཟུང༌བ།

གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། ཡེ་ཤེས་ཀྱི་ལམ་ངོས་བཟུང༌། རྩའི་རང་བཞིན་རྒྱས་པར་བཤད། ཐིག་ལེའི་བཀོད་ཚུལ་བྱེ་བྲག་ཏུ་བསྟན་པའོ། །དང་པོ་ནི། ཡེ་ཤེས་དངོས་སྙིང་ག་ན་ཉི་མའི་དཀྱིལ་འཁོར་བུམ་ནང་གི་མར་མེ་བཞིན་དུ་གནས་པའི་ཟེར་འཕྲོ་བ་ལ་ལུས་ནང་གི་རྩ་ཆེན་བཞི་ནས་རྩ་བྲན་གྱི་ནང་དུ་འོད་གསལ་གྱི་ཐིག་ལེ་སྣང་བ་རྣམས་ནི་ཡེ་ཤེས་ལྔ་རང་ངོའི་རྟེན་དུ་གནས་ཏེ། རྩ་ཆེན་བཞི་ནས་འོད་གསལ་གྱི་གདངས་དེ་ཇི་ལྟར་འཆར་བ་ལུང་དང་འབྲེལ་ནས་བསྟན་པ། ཐལ་འགྱུར་ལས། རོ་མ་རྐྱང་མ་ཀུན་འདར་མ། །ཀ་ཏི་ཤེལ་གྱི་སྦུ་གུ་ཅན། །མེ་ལོང་མཉམ་ཉིད་སོ་སོར་རྟོག །བྱ་གྲུབ་ཆོས་དབྱིངས་ཡེ་ཤེས་ནི། །ཐིག་ལེ་རྒྱུ་དང་མི་རྒྱུ་བ། །རང་རྩལ་རྫོགས་པའི་རྟེན་གནས་སོ། །ཞེས་སོ། །ལུང་གིས་གསལ་བ་དེ་ལྟར་ནང་གདངས་རྩ་ནང་ནས་ཡེ་ཤེས་ཀྱི་འོད་ཟེར་འཕྲོ་བ་ལྟར་དེ་ལས་ཕྱིར་སྣང་སྒྲོན་མའི་རང་གདངས་འཆར་ཏེ། སྤྱིར་སྒྲོན་མ་ལ། གནས་ལུགས་གཞི་ཡི་དབང་དུ་བྱས་ནས་སྒྲོན་མ་དྲུག་ཏུ་བཤད་པ་དང་། རྣལ་འབྱོར་ལམ་གྱི་དབང་དུ་བྱས་ནས་སྒྲོན་མ་བཞི་ཡི་རྣམ་གཞག་བཤད་པ་དང་གཉིས་ལས། སྒྲོན་མ་བཞིའི་རྣམ་གཞག་འོག་ནས་རྒྱས་པར་འབྱུང་ལ། དང་པོ་སྒྲོན་དྲུག་གི་རྣམ་གཞག་ནི། གནས་པ་གཞི་ཡི་སྒྲོན་མ་དང་། ཙིཏྟ་ཤ་ཡི་སྒྲོན་མ་དང་། དཀར་འཇམ་རྩ་ཡི་སྒྲོན་མ་དང་། རྒྱང་ཞགས་ཆུ་ཡི་སྒྲོན་མ་དང་། བར་དོ་དུས་ཀྱི་སྒྲོན་མ་དང་། མཐར་ཐུག་འབྲས་བུའི་སྒྲོན་མ་དང་དྲུག་གོ །གནས་པ་གཞི་ཡི་སྒྲོན་མ་ནི་སེམས་ཉིད་འོད་གསལ་བའོ། །ཙིཏྟ་ཤ་ཡི་སྒྲོན་མ་ནི་སྙིང་རིན་པོ་ཆེ་མཆོང་གུར་ཕུབ་པ་ལྟ་བུའི་ནང་དུ་འོད་གསལ་བུམ་ནང་གི་མར་མེ་ལྟར་ཡོད་པའོ། །དཀར་འཇམ་རྩ་ཡི་སྒྲོན་མ་ནི་སྙིང་ནས་མིག་ཏུ་འབྲེལ་བའི་རྩ། འོད་གསལ་གྱི་ལམ་རྒྱ་སྐར་གྱི་ཉི་ཞུར་ལྟ་བུའོ། །རྒྱང་ཞགས་ཆུ་ཡི་སྒྲོན་མ་ནི་མིག་གི་ཨ་འབྲས་གཉིས་ལ་འོད་གསལ་འཆར་བའི་སྒོ་ཟུག་པ་དེའོ། །བར་དོ་དུས་ཀྱི་སྒྲོན་མ་ནི་རང་སྣང་འོད་གསལ་གྱི་དཀྱིལ་འཁོར་ཤར་ཚེ་ངོ་ཤེས་པ་དང་གདོད་མའི་གྲོལ་ས་རུ་གྲོལ་བའོ། །མཐར་ཐུག་འབྲས་བུའི་སྒྲོན་མ་ནི་ཡེ་ཤེས་དབྱིངས་སུ་འཁྱིལ་ནས་གཞོན་ནུ་བུམ་སྐུའི་སྦུབས་སུ་བཙན་ས་ཟིན་ཏེ་འབྲས་བུ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་སུ་གྲོལ་བའོ། །འོད་གསལ་གྱི་ཡེ་ཤེས་དེ་ཉིད་མི་གསལ་བ་གསལ་བར་བྱེད་པ་སྒྲོན་མས་མུན་པ་སེལ་བའི་མཚུངས་ཆོས་དང་སྦྱར་ནས་འདྲ་བ་རྒྱུ་མཚན་དུ་བྱས་ཏེ་སྒྲོན་མ་ཞེས་གསུངས་སོ། །སྙིང་གའི་འོད་གསལ་ལས་འོད་རྩའི་སྒོ་བཞི་ཡོད་དེ། རྣམ་པར་འཆར་བར་བྱེད་པ་ཀ་ཏི་གསེར་གྱི་རྩ་ཆེན། རྣམ་པར་ནུབ་པར་བྱེད་པ་ཤེལ་བུག་ཅན། སྐད་ཅིག་གིས་འཆར་བར་བྱེད་པ་དར་དཀར་སྣལ་མ། སྐད་ཅིག་གིས་ནུབ་པར་བྱེད་པ་སྟོང་པ་རང་གྲོལ་ལོ། །དེ་ཡང་གསེར་གྱི་རྩ་ཆེན་ནས་འོད་གསལ་འཆར་བར་བྱེད་པ་དང༌། ཤེལ་གྱི་སྦུག་མར་ནང་དུ་ནུབ་པར་བྱེད་པ་དང༌། དར་དཀར་སྣལ་མ་ཕྲ་ལ་འཁྲིལ་འདི་རྩ་གཉིས་ལ་མིང་གཅིག་ལྟ་བུ་ཡོད་ཀྱང་རྩ་རྩ་བ་གཅིག་ལ་རྩེ་མོ་གཉིས་ཀྱི་མིང་གཅིག་ཏུ་བཟུང་ན་ཡང་ཆོག་གོ །ནས་ཕྱིར་ཡུལ་འཆར་བ་དང༌། སྟོང་པ་རང་གྲོལ་ནས་དབྱིངས་སུ་ནུབ་པར་བྱེད་པའོ། །དེ་ཡང་ཀ་ཏི་གསེར་གྱི་རྩ་ཆེན་ནི་སྙིང་ག་ནས་རང་བྱུང་ངོ་བོ་རྩའི་འོད་གདངས་མཚོན་ལ། ཤེལ་སྦུག་ཅན་ནི་སྲོག་རྩར་ཡེ་ཤེས་ཀྱི་གདངས་གསལ་ཞིང༌། དར་དཀར་སྣལ་མ་ཕྲ་ལ་འཁྲིལ་བ་ནི་ཆུན་གཅིག་ཏུ་བཤད་པ་ཕྱིར་སྣང་བའི་བྱེད་པ་གཅིག་པས་གཅིག་ཏུ་བཤད་ཀྱང་དར་དཀར་སྣལ་མ་དང་ཕྲ་ལ་འཁྲིལ་ཞེས་མིང་གཉིས་སུ་བགྲངས་སོ། །མིག་གཡས་སུ་འོད་རྩ་ཟུག་པ་དེ་དར་དཀར་སྣལ་མ། གཡོན་དུ་ཟུག་པ་དེ་ཕྲ་ལ་འཁྲིལ་ལོ། །དེར་མ་ཟད་ཕྲ་ལ་འཁྲིལ་གྱི་ནང་རྩ་འགྲེང་བུ་གཅིག་ལ་བཞིར་གྱེས་པས་འཁོར་ལོ་བཞིའི་དབུས་སུ་འོད་རྩའི་གདངས་སོ་སོར་ཁྱབ་པས་རྒྱུད་ལ་ལར་སྟོང་པ་རང་གྲོལ་མེད་པས་འདི་བཤད་དོ། །སྟོང་པ་རང་གྲོལ་ནི་དབུ་མའི་ནང་ནས་ཚངས་བུག་ལ་ཟུག་པས་རིག་པ་རྟོག་མེད་ཀྱི་སྐུ་དབྱིངས་སུ་ཐིམ་རུང་དུ་འཆར་བའི་ལམ་བྱེད་པའོ། །དེ་ལྟར་ན་འོད་རྩ་ལྔ་ནི་ཡེ་ཤེས་ལྔ་དང་སྦྱར་བ་ཡིན་ལ་སྟོང་བ་རང་གྲོལ་མ་བཤད་པའི་ལུགས་ལྟར་བཞིར་བྱས་དུས་སྒྲོན་མ་བཞི་དང་སྦྱོར་ཏེ། སྙིང་ནས་ཨ་ཝ་དྷཱུ་ཏིར་བརྒྱུད་དེ་སྒལ་ཚིགས་ནས་རྩེ་ཆུང་གཡས་དང་དུང་ཁང་ནས་རྒྱང་ཞགས་སུ་བརྒྱུད་པར་འོད་རྩ་དྭངས་པ་ལས་སྒྲོན་མ་བཞི་ཆར་རང་གདངས་ནམ་མཁའ་ལ་འཆར་བ་ནི། རང་ཤར་ལས། ཡང་དག་སངས་རྒྱས་དགོངས་པ་ནི། །སེམས་ཅན་ཀུན་གྱི་རང་རྒྱུད་ལ། །སྐུ་དང་ཡེ་ཤེས་ཚུལ་དུ་གནས། །དེ་ཡང་ཙིཏྟའི་དཀྱིལ་དུ་གནས། །ཡུངས་འབྲུའམ་ནི་ཏིལ་འབྲུ་ཙམ། །མ་བསྐྱེད་རྫོགས་པའི་ཚུལ་དུ་གནས། །ཙིཏྟ་སྒོ་བཞི་མ་འགགས་གསལ། །རྣམ་པར་འཆར་བར་བྱེད་པ་དང༌། །རྣམ་པར་ནུབ་པར་བྱེད་པ་དང༌། །སྐད་ཅིག་འཆར་བར་བྱེད་པ་དང༌། །སྐད་ཅིག་ནུབ་པར་བྱེད་པའོ། །དེ་ཡང་མཚན་བརྗོད་འདི་ལྟ་སྟེ། །ཀ་ཏི་གསེར་གྱི་རྩ་ཆེན་ཏེ། །ཤེལ་གྱི་སྦུ་གུ་ཁོག་པ་སྟོང༌། །དར་དཀར་སྣལ་མ་ཕྲ་ལ་འཁྲིལ། །སྟོང་པ་རང་གྲོལ་རྩ་ཆེན་པོ། །དེ་ཡང་སྒོ་བཞི་རང་སྣང་རྩ། །དེ་ནས་ལམ་བྱུང་དྷཱུ་ཏིར་ཐིམ། །དྷཱུ་ཏིའི་ནང་ནས་འོད་འཕྲོས་ཏེ། །སྒལ་ཚིགས་གཡས་ནས་ལམ་བྱུང་ནས། །རྩེ་ཆུང་གཡས་ནས་དུང་ཁང་ཐིམ། །དེ་ནས་འོད་འཕྲོས་སྒྲོན་མ་བཞི། །མ་འགགས་ནམ་མཁའ་སྟོང་པ་ལ། །སང་ངེ་སལ་ལེ་འོད་ཀྱི་སྐུ། །ལུ་གུ་རྒྱུད་ཀྱི་ཚུལ་དུ་གནས། །སྒྲོན་མ་རྣམ་བཞི་འདི་ལྟ་སྟེ། །ཐིག་ལེ་སྟོང་པའི་སྒྲོན་མ་དང༌། །རིག་པ་དབྱིངས་ཀྱི་སྒྲོན་མ་དང༌། །ཤེས་རབ་རང་བྱུང་སྒྲོན་མ་དང༌། །རྒྱང་ཞགས་ཆུ་ཡི་སྒྲོན་མ་རྣམས། །སེམས་ཅན་ཀུན་ལ་གནས་པའོ། །ཞེས་སོ། །སྒྲོན་མ་བཞི་རུ་ངེས་པ་ནི། རྣལ་འབྱོར་ལམ་གྱི་དབང་དུ་བྱས་པ་སྟེ། དེ་ཡང་ཕྱིའི་དབང་བཞིར་ངེས་པ་དང་། ནང་འཁོར་ལོ་བཞིའི་རྩ་ཁམས་དང་། གསང་བ་ཡེ་ཤེས་བཞི་དངོས་སུ་གསལ་བ་དང་། ཁྱད་པར་སྒྲོན་མ་བཞིའི་འཕེལ་བསྟན་པ་ཡིན་པས་ན་སྒྲོན་མ་བཞིའོ། །ཐིག་ལེ་སྟོང་པའི་སྒྲོན་མ་ནི་རྨ་བྱའི་མདོངས་ལྟ་བུ་དང་། རིག་པ་དབྱིངས་ཀྱི་སྒྲོན་མ་ནི་དེ་དབྱིངས་ལ་ཤར་ཚེ་ཡི་གེ་ན་རོ་ལྟ་བུ་དང་། ཤེས་རབ་རང་བྱུང་གི་སྒྲོན་མ་ལ་ངོ་བོ་དང་། གདངས་དང་། རྩལ་གྱི་དབྱེ་བ་ཡོད་པ་དང་། རྒྱང་ཞགས་ཆུའི་སྒྲོན་མ་ནི་འཆར་བྱེད་ཀྱི་སྒོ་ཡིན་པས་རིག་པའི་གདངས་ཕྱི་རོལ་ཡུལ་དུ་སྣང་ཞིང་མཐོང་བས་རྒྱང་དང་། དེ་ཡང་རང་ཡོད་མེད་ཀྱི་རྗེས་སུ་འཆིང་གྲོལ་བྱེད་པས་ཞགས་པའི་སྒྲ་ཞུགས་པའོ།།

༼ཁ རྩའི་རང་བཞིན་རྒྱས་པར་བཤད་པ།

ཀ༽ རོ་མ་བཤད་པ།

དོན་གཉིས་པ་རྩའི་རང་བཞིན་རྒྱས་པར་བཤད་པ་ལ། རོ་མ། རྐྱང་མ། ཀུན་འདར་མ། འོད་རྩ་ཡེ་ཤེས་ཀྱི་རྟེན་དང་བཞི་ལས། རོ་མ་ཞེས་པ་ཀུན་གྱི་རོ་ལེན་པར་བྱེད་པས་ལན་ཚྭ་དང་འདྲ་སྟེ་ཐིག་ལེའི་བདེ་བ་ལ་བརྟེན་ནས་ཉམས་སུ་མྱོང་བ་ཐུན་མོང་མ་ཡིན་པ་སྐྱེ་བར་བྱེད་པས་རོ་ཞེས་བྱ་ལ། དེ་ཡང་འདོད་ཆགས་ལས་བྱུང་བས་མ་ཞེས་བྱ་སྟེ། དེ་ཡང་འདོད་ཆགས་ཅན་འདོད་ཆགས་ལ་བརྟེན་ནས་འཚང་རྒྱ་བར་བྱེད་པའོ། །ཡང་ན་རོ་ཞེས་བྱ་བ་བྱ་བྱེད་ཉུང་བ་སྟེ་ཐིག་ལེའི་འཕྲུལ་ལ་བརྟེན་ནས་ཉམས་སུ་མྱོང་བ་སྟེ་བརྗོད་པར་དཀའ་བས་མ་ཞེས་བྱའོ། །དེ་ནས་ཀུན་རྫོབ་ཀྱི་ཐིག་ལེ་རྒྱུ་བས་ན་ཐིག་ལེའི་རོ་མཆོག་ཏུ་བདེ་བས་གང་བའོ། །དེ་ཡང་རོ་མའི་འདབ་མར་རོ་རྣམས་འདུས་སར་རླུང་གིས་བསྐུལ་བས་ཟས་ཀྱི་དངོས་གྲུབ་འབྱུང་བར་བྱེད་ལ། རྩའི་རོ་དྭངས་མའི་བདེ་བས་ལུས་སེམས་རྒྱས་ཤིང་མ་དེས་ཁྱབ་པར་བྱེད། གནས་པར་བྱེད། རྟེན་པར་བྱེད་དོ་ཞེས་པ་ནི། ཐལ་འགྱུར་ལས། རོ་མས་རོ་རྣམས་འཁོར་ལོ་ལ། །རླུང་གིས་བསྐུལ་ཞིང་ཐིག་ལེས་འཕེན། །རོ་ནི་རྩ་ལ་བརྟེན་པ་ཡི། །བདེ་བས་ལུས་སེམས་རྒྱས་པར་བྱེད། །མས་ནི་དྭངས་མ་སྡུད་པ་དང༌། །གོང་འོག་གནད་ཀྱི་གཞི་མ་བྱེད། །འདི་ལ་བསྐྱིལ་ཞིང་བརྟེན་པ་གནད། །འདི་ཡི་ཡན་ལག་དྲུག་པོ་ལ། །གཏར་ཞིང་བསྲེགས་ན་ཡེ་ཤེས་འགག དྲོད་འཐོབ་འདོད་ན་མཉེ་བ་གནད། །རླུང་དང་ཐིག་ལེ་དགུག་པར་བྱ། །ཞེས་སོ། །དེ་ཡང་རོ་མ་ལས་ཀུན་རྫོབ་ཀྱི་ཐིག་ལེ་རྒྱུ་བས་ཐབས་ཀྱི་རང་བཞིན། སྐྱེས་པའི་གཡས་དང་བུད་མེད་ཀྱི་གཡོན་དུ་ཡོད་དོ།།

ཁ༽ རྐྱང་མ་བཤད་པ།

རྐྱང་མ་ནི། རྐྱང་ཞེས་བྱ་བ་འདི་ལ་འཁྱོག་པ་དང་ཡལ་ག་མེད་པ་སྟེ་རང་བཞིན་དུ་དོན་དམ་པའི་ཐིག་ལེ་དང་ཀུན་རྫོབ་ཀྱི་ཐིག་ལེ་གཉིས་ཀའི་རྒྱུ་ལས་དོན་དམ་པའི་འབྱུང་བ་དང་ཀུན་རྫོབ་ཀྱི་འབྱུང་བ་སྨིན་པ་དང་འབྱེད་པར་བྱེད་པའོ། །དེ་རྐྱང་བ་ཡིན་པས་རང་བཞིན་ཙམ་དུ་གནས་པ་ལས་འགྱུར་བ་ཡིན་ནོ། །ཀུན་གྱི་གཞི་ཡིན་པས་མ་ཞེས་བྱའོ། །འདི་ལ་བརྟེན་པས་འབད་མེད་དུ་འཚང་རྒྱ་བ་སྟེ། ཉག་གཅིག་དོན་དམ་པའི་ཡེ་ཤེས་ཀྱི་ངོ་བོའི་ཆ་རྐྱེན་ནོ། །འདི་ལ་ཐིག་ལེ་གདབ་པ་དང༌། གསེང་ཞིང་མཉེ་བ་གནད་དུ་དབྱུང་བའོ། །དེའང་དེ་ཉིད་ལས། རྐྱང་མས་སྐྱེད་བྱེད་འཁོར་ལོ་ལ། །རླུང་གིས་འཕེན་སྡུད་ཐིག་ལེ་སྡུད། །རྐྱང་ཞེས་བྱ་བ་ཟླ་མེད་པས། །ཉག་གཅིག་དགོངས་པ་སྟོན་པར་བྱེད། །མས་ནི་སྙིགས་མ་སེལ་བར་བྱེད། །ངོ་བོའི་གཟི་མདངས་སྐྱེད་བྱེད་པའོ། །འདི་ལ་གསེང་ཞིང་མཉེ་བ་གནད། །འདི་ལ་ཡལ་ག་མི་སྣང་བས། །སྨིན་སོ་བཞི་ལ་ཐིག་ལེ་གདབ། །ཟས་ལ་དབང་ཐོབ་འདོད་པས་ནི། །རླུང་ནི་བསྟིམ་ཞིང་ཆུ་མི་འདོར། །དམ་ཚིག་གིས་ནི་རབ་བརྟག་གོ །ཞེས་སོ། །རྐྱང་མ་ནས་དོན་དམ་པའི་ཡེ་ཤེས་ཀྱི་ངོ་བོའི་ཆ། རྐྱེན་ཤེས་རབ་ཀྱི་རང་བཞིན་ལ་བཞག་པའི་སྐབས་ཀྱང་ཡོད་ལ། སྐྱེས་པའི་གཡོན་དང་བུད་མེད་ཀྱི་གཡས་ན་ཡོད་ཅིང་འདི་གཅུད་དུས་ཆོས་ཉིད་རྟོག་བྲལ་གྱི་ཉམས་སྐྱེ་བས་རྐྱང་མ་ཞེས་བྱ། རང་བཞིན་དུ་བཞག་ན་གཞན་དང་མི་འདྲ་བ་རིང་བུར་གནས་པས་ཀྱང་རྐྱང་མ་གསུངས་པའང་ཡོད་དོ།།

ག༽ ཀུན་འདར་མ་བཤད་པ།

ཀུན་འདར་མ་ཞེས་བྱ་བ་ནི་ཀུན་འདུས་པ་སྟེ། འདི་ལ་བརྟེན་ནས་ཐིག་ལེ་དང་རྩའི་བདེ་བ་དང་རླུང་གི་བདེ་བ་ཀུན་སྐྱེ་བས་ན་ཀུན་ཞེས་བྱ་ལ། དེ་སྤྱི་ལ་ཁྱབ་ཆེ་བས་ན་མ་ཞེས་བྱའོ། །དེ་ཡང་རྩ་ཕྲན་གྱི་མདུད་པ་ཕྲ་མོ་ཞིག་གིས་འཁོར་ལོ་བཞི་སྟེ། སྐྱེད་བྱེད། དྲན་པ། རོ་རྣམས། རྩེ་མོ་བཞི་བོ། ལྟེ་བ། སྙིང་ཁ། མགྲིན་པ། སྤྱི་བོ་རྣམས་ལ་སྦྱར་ནས་རྩ་གཙོ་མོ་གསུམ་ཁ་ལ་ཡོད་ཅིང་དེ་ལས་ཀུན་འདར་མས་གཙོ་བོ་དྲན་པ་དང་རྩེ་མོ་རྣམ་བཀོད་ཀྱི་འཁོར་ལོ་གཉིས་སུ་གཙོ་བོར་རླུང་དང་ཐིག་ལེ་འཇུག་ཅིང་སྐུ་གསུམ་གྱི་སྣང་བ་སྟོན་ལ། ཡེ་ཤེས་གྲུབ་པས་གསེང་བ་དང་འདྲིལ་བ་གནད་ཡིན་ཏེ། དེ་ཉིད་ལས། ཀུན་འདར་མས་ནི་དྲན་པ་དང༌། །རྩེ་མོའི་འཁོར་ལོར་སྡུད་པས་སྨིན། །ལས་རླུང་བཟློག་ཅིང་ཡེ་ཤེས་འཛིན། །ཀུན་ནི་སྤྲུལ་སྐུའི་ཡོན་ཏན་སྟེར། །འདར་བས་ལོངས་སྐུའི་ཡོན་ཏན་ནོ། །མས་ནི་ཆོས་སྐུ་དངོས་སུ་སྟོན། །འདི་ཡི་ཡན་ལག་བཅུ་གཉིས་ལ། །གསེང་ཞིང་འདྲིལ་བ་གནད་ཡིན་ནོ། །ཚེ་ཉིད་སྤེལ་ན་བུག་པ་བསྟེན། །ཐིག་ལེ་ལུས་དང་སེམས་ཀྱིས་བྱ། །ཞེས་སོ། །རིག་པ་རྟོག་མེད་ཀྱི་སྐུ་འཆར་ལ་འདི་སྐྱེས་པ་བུད་མེད་གཉིས་ཀའི་ལུས་ཀྱི་དབུས་སུ་གནས། རྩ་དེ་བཙིར་ན་ཡེ་ཤེས་གསལ་བའི་ཉམས་སྐྱེ་ཞིང་། རང་གར་བཞག་ན་ལུས་ངག་ཡིད་གསུམ་སྐྱོང་བའི་ལས་བྱེད་པ་ཡིན་ནོ། །དེ་ཡང་རོ་མ་ནི་རྐྱང་མའི་གཡོན་ནས་འཁྲིལ་ནས་གཡས་སུ་རྒྱུ་ལ། རྐྱང་མ་ནི་སྙིང་གི་རྩེ་མོའི་གཡོན་ནས་འཐོན་ཏེ་མགྲིན་པ་རྩའི་དྲ་བ་ལས་འཐོན་ནས་ཐོད་པའི་ནང་ན་ཚུར་ཞུགས་ཏེ་མིག་གཡོན་པ་ན་སྒོ་དོད་པའོ། །རོ་མ་ནི་མིག་གཡས་པའོ། །ཀུན་འདར་མ་ནི་དབུས་དྲང་པོར་གནས་ཏེ་རྩེ་མོ་གསུམ་དུ་གྱེས་ནས་སྒོ་དབུས་མ་སྤྱི་བོ་ཚངས་པའི་བུ་ག་ལ་སྣང་བར་བྱེད་ལ། དེ་ནས་རིག་པ་རྟོག་པ་མེད་པའི་སྐུ་འཆར་རོ། །མུ་ཏིག་ཕྲེང་བ་ལས། རིག་པ་རྟོག་མེད་ལུ་གུ་རྒྱུད། །བདེ་ཆེན་ཚངས་པའི་སྒོ་ནས་སྣང༌། །ཞེས་སོ། །འཕོ་བའི་སྒོའོ། །རྩེ་མོ་གཡས་པ་རྣ་བ་གཡས་པ་ལ་སྣང་བས་ལས་ཀྱི་རླུང་འགྱུ་སྟེ། འདི་ལ་ཡལ་ག་ཕྲ་མོ་གཉིས་སྣ་བུག་གཉིས་ལ་ཟུག་པས་ལས་རླུང་བྱེད་པ་དང་བཅས་པ་འགྱུ་བའོ། །རྣ་བ་གཡོན་པ་ལ་ཟུག་པ་དེ་ནས་ཡེ་ཤེས་ཀྱི་རླུང་འཆར་བར་བྱེད་པའོ། །ཐལ་འགྱུར་ལས། རྣ་བ་གཡས་པས་ལས་རླུང་སྟོན། །གཡོན་པས་སྒྲ་ཉམས་ཡེ་ཤེས་ཉིད། །ཅེས་སོ། །གཡོན་རྩ་ན་རང་བཞིན་གྱི་ཐིག་ལེ་གཡས་ན་ཀུན་རྫོབ་ཀྱི་ཐིག་ལེའོ། །དེ་ཡང་གཡས་པ་ཀུན་རྫོབ་ཀྱི་ཐིག་ལེ་ལ་བརྟེན་ནས་ལུས་སྨིན་པར་བྱེད་ལ། དེ་ཉིད་ཀྱིས་ལུས་བདེ་བ་དང་སྡུག་བསྔལ་བ་དང་བཏང་སྙོམས་དང་འབྱུང་བ་འཕེལ་བ་དང་ཉམས་པ་ལ་སོགས་པའི་ལས་བྱེད་དོ། །དེ་ཡང་དེ་ཉིད་ལ་མདུད་པ་ཕྲ་མོ་བཞི་ཡོད་དེ་ལྟེ་བ་དང༌། དྲན་པ་དང་རོ་རྣམས་དང་རྩེ་མོ་བཞི་ན་དང་པོ་རྒྱུས་སྐྱེད་བྱེད་ཀྱི་རྩ་བསྐྱེད་པས་རྩའི་ནང་དུ་ཕའི་རྒྱུ་ཐིག་ལེ་དཀར་པོ་ཡུངས་འབྲུ་ལ་བཅུར་བགོས་པའི་ཆ་ཙམ་ཞིག་གནས་སོ། །དེ་ལ་བརྟེན་ནས་ལུས་ཡར་འཕེལ་དུ་བསྐྱེད་པས་རྒྱུ་ཞེས་བྱའོ། །སྙིང་ཁ་དྲན་པ་ན་མའི་རྒྱུ་ཐིག་ལེ་དམར་པོ་ཡུངས་འབྲུའི་བཅུ་ཆ་ཙམ་གནས་པས་དྲན་བསམ་སྣ་ཚོགས་པ་འགྱུ་བའི་རྟེན་དུ་གནས་པས་དྲན་པ་ཞེས་བྱའོ། །དེ་ནས་མགྲིན་པ་རོ་རྣམས་ན་རླུང་གི་ཐིག་ལེ་ཡུངས་འབྲུའི་བཅུ་ཆ་ཙམ་དུ་གནས་ཏེ་དེས་ནི་དྭངས་སྙིགས་འབྱེད་པར་བྱེད་དེ། སྙིགས་མས་དྲི་ཆེན་དང་དྲི་ཆུ་ལ་སོགས་ཕྱིར་འདོར་བར་བྱེད་ལ། དྭངས་མས་ལུས་ཀྱི་བཀྲག་དང་གཟི་མདངས་སྐྱེད་པར་བྱེད་པས་ན་རོ་རྣམས་ཞེས་བྱའོ། །སྤྱི་བོ་རྩེ་མོ་ན་སེམས་ཀྱི་རང་བཞིན་འོད་ཀྱི་ཐིག་ལེ་ཡུངས་འབྲུའི་བཅུ་ཆ་ཙམ་དུ་གནས་པས་ན་རྩེ་མོ་ཞེས་བྱའོ། །དེ་དག་ནི་ཀུན་རྫོབ་ཀྱི་རྟེན་ཞེས་བྱའོ། །དེ་དག་འཕོས་པ་ན་ལུས་སེམས་གཉིས་འབྲལ་བར་འགྱུར་རོ། །དེ་ལ་ཀུན་རྫོབ་ཀྱི་རྒྱུ་དེ་ལས་ཁྲག་ཏུ་སྨིན་ལ། ཁྲག་ལས་ཤ ཤ་ལས་ཆུ་བ། ཆུ་བ་ལས་ཆུ་སེར། ཆུ་སེར་ལས་ཚིལ། ཚིལ་ལས་རྐང༌། རྐང་ལས་རྐང་མར། རྐང་མར་ལས་རྒྱུངས་པ། དེ་ལས་ཀུན་རྫོབ་ཀྱི་ཐིག་ལེར་སྨིན་པའོ། །རྐྱང་མའི་མདུད་པ་བཞི་ནི། ལྟེ་བ་སྐྱེད་བྱེད་ན་རྒྱང་ཞགས་ཆུའི་སྒྲོན་མའི་ས་བོན་ལུས་ཐོག་མ་ཆགས་དུས་མིག་ཆུང་གཉིས་དང་རྩ་རེ་ཐག་བརྒྱངས་པ་ལྟ་བུ་ཞིག་ལྟེ་བ་ནས་ཆགས་པར་གསུངས་པའི་ཐིག་ལེ་རབ་ཏུ་ཆུང་བ་གཉིས་གནས། དྲན་པ་ན་ཤེས་རབ་རང་བྱུང་གི་སྒྲོན་མའི་རྟེན་མེའི་ཐིག་ལེ་རབ་ཏུ་འཕྲོ་བར་གནས་སོ། །རོ་རྣམས་ན་དབྱིངས་རྣམ་པར་དག་པའི་རྟེན་འོད་ལྔའི་ཐིག་ལེ་ཡུངས་འབྲུ་ཙམ་མུ་ཁྱུད་དང་བཅས་པར་གནས་སོ། །རྩེ་མོ་ན་ཐིག་ལེ་སྟོང་པའི་རྟེན་འོད་ཀྱི་ཐིག་ལེ་སོ་སོའི་ཚོན་གང་དུ་གནས་སོ། །དེ་ལ་བརྟེན་ནས་ཟག་པ་མེད་པའི་ཡེ་ཤེས་རིག་པ་རྟོག་མེད་ལུ་གུ་རྒྱུད། །བདེ་ཆེན་ཚངས་པའི་སྒོ་ནས་འཆར། །ཞེས་པ་དེ་མངོན་དུ་འཆར་རོ། །དེ་ཉིད་ལ་བརྟེན་ནས་རང་བཞིན་དུ་འཚང་རྒྱའོ། །དེས་ན་རང་བཞིན་གྱི་ཐིག་ལེ་ཞེས་བྱ་སྟེ་སྒོ་དག་པ་ལས་སྒྲོན་མ་བཞི་དང་མ་དག་པ་ལས་འབྱུང་བ་བཞིར་འགྱུར་ལ། འོད་རྩ་དག་པས་ཡེ་ཤེས་ཀྱི་སྣང་བ་འཛིན། དེའི་རྟེན་གྱིས་འཁྲུལ་སྣང་གི་སྣང་བ་འཛིན་པས། རྟེན་དང་བརྟེན་པའི་ཚུལ་དུ་ཤེས་རབ་ཅན་རྣམས་ཀྱིས་རྟོགས་པར་བྱའོ། །དབུ་མ་ཀུན་འདར་མ་ནི་རྩ་ཐམས་ཅད་ཀྱི་རང་བཞིན་འདུས་པ་སྟེ། དེ་ཡང་རླུང་གི་འཕེན་སྡུད་ཀྱིས་འདར་ཞིང་འཁོར་འདས་ཀྱི་གཞིར་བྱུང་བས་མ་ཞེས་བྱ་ལ། དེ་ནས་དོན་དམ་པར་ཆོས་ཉིད་ཀྱི་ཐིག་ལེ་འགྱུ་སྟེ། འདིའི་མདུད་པ་བཞི་ན་སྐྱེད་བྱེད་ན་སྐུ་ཐམས་ཅད་ཀྱི་རྟེན་ཡུངས་འབྲུ་ཙམ་ལ་འོད་ཀྱི་ཞལ་ཕྱག་ཏུ་གསལ་བར་གནས་སོ། །དྲན་པ་ན་ཡེ་ཤེས་ཀྱི་རྟེན་གཞལ་ཡས་ཁང་སྒོ་བཞི་རྟ་བབས་བཞི་དང་ལྷ་སོ་སོའི་སྐུ་མདོག་དང་ཕྱག་མཚན་དུ་གསལ་བ་ཡུངས་འབྲུ་ཙམ་ལ་རང་གང་ལ་བབས་པའི་ལྷའི་དཀྱིལ་འཁོར་ལ་རྫོགས་པར་གནས་སོ། །འདིའི་གནད་མེ་ཏོག་ཕོག་པའི་དཀྱིལ་འཁོར་གྱིས་མཚོན་པས་རང་གི་རིགས་ངེས་པར་སྒྲུབ་པ་ཡིན་ནོ། །འདིར་རོ་རྣམས་ཀྱི་རྩ་འཁོར་བཤད་མེད་པས་ཆད་པ་ཡིན་ནམ་བརྟག་པའི་གཞིར་སྣང་ངོ། །རྩེ་མོ་ན་འོད་ཐམས་ཅད་ཀྱི་རྟེན་ཁྲོ་བོའི་དཀྱིལ་འཁོར་གནས་སོ། །དེ་ཡང་དབུས་མ་ནས་ཁྲག་དང་ཆུ་སེར་མེད་པར་སྟོང་པ་ཟང་ཐལ་བས་རླུང་གི་ལས། གཡས་ནས་ཆུ་དང་ཁྲག་དང་བྱང་སེམས་རྒྱུ་བས་ཐིག་ལེའི་ལས། གཡོན་ནས་འབྱུང་བའི་དྭངས་མ་དང་ཡེ་ཤེས་རྒྱུ་བས་རྩ་རང་གི་ལས་སོ། །ཀུན་འདར་མ་ནི་རྩ་དབུ་མ་ཡིན་ལ། འདིའི་ངོས་འཛིན་ལ་རྒྱུངས་པའི་ནང་གི་རྩ་ནག་མ་དང་། སྲོག་རྩ་གཉིས་ཀ་གང་རུང་ལ་ངོས་འཛིན་མཁན་ཡོད་ཀྱང་དེ་གཉིས་ཀ་འདིར་མི་འདོད་ཅིང་། འོ་ན་ཇི་ལྟར་ཞེ་ན། དེ་ནི་རྟེན་སྲོག་རྩ་ལ་བརྟེན་པའི་ཡེ་ཤེས་ཀྱི་འོད་རྩ་ཞིག་ལ་ངོས་འཛིན་དགོས། ལམ་སྦྱོང་བའི་སྐབས་སུ་དེའི་ནང་དུ་རླུང་འདུ་ཚེ་འོད་གསལ་འཆར་ཞིང་འཆི་བའི་ཚེ་ན་ཆོས་དབྱིངས་སུ་ཐིམ་པ་ཞིག་གོ།

ང༽ འོད་རྩ་ཡེ་ཤེས་ཀྱི་རྟེན་བཤད་པ།

གསུམ་པ་འོད་རྩ་ཡེ་ཤེས་ཀྱི་རྟེན་ནི་སྙིང་གའི་འོད་གསལ་ལས་སྒོ་བཞིར་གྱེས་པས་རྩ་བཞི་སྟེ། ཀ་ཏི་གསེར་གྱི་རྩ་ཆེན་ནས་འོད་གསལ་གྱི་སྣང་བ་འབྱུང་བའི་རྟེན་བྱེད། འདི་ནི་རང་བྱུང་གསང་བ་ཆེན་པོའི་རྩ་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་ཞེས་པ་དེ་ཡིན། རང་བྱུང་གི་སྒྲས་རྒྱུ་རྐྱེན་གྱིས་མ་བསྐྱེད་པའི་འོད་རྩ་ཞིག་ཡིན་པར་བསྟན། དེ་སྙིང་ནས་མིག་ཏུ་འབྲེལ་ནས་ཐིག་ལེ་སྟོང་སྒྲོན་སོགས་འཆར་རོ། །དར་དཀར་སྣལ་མ་ནས་ཕྱིར་ཡུལ་ལ་འཇུག་པའི་རྟེན་བྱེད། ཕྲ་ལ་འཁྲིལ་ནས་རང་འཆར་བའི་རྟེན་བྱེད། ཤེལ་བུག་ཅན་ནས་རང་སྣང་བའི་རྟེན་བྱེད་དོ། །སོ་སོའི་བྱེད་ལས་བྱེ་བྲག་པ་གསུངས་པའོ། །སྟོང་པ་རང་གྲོལ་ནི་ཚངས་བུག་ལ་ཟུག་པ་སྟེ་ལུ་གུ་རྒྱུད་སྐུའི་རྟེན་བྱེད་པ་དང་བསྡོམས་ན་ནང་རྩ་ལྔ་སྟེ་ཡེ་ཤེས་ལྔའི་འོད་ཡིན་ལ། རང་བཞིན་དུ་བཞིར་བྱེད་པས་དག་པ་དབྱིངས་ཀྱི་སྒྲོན་མ། ཐིག་ལེ་སྟོང་བའི་སྒྲོན་མ། རྒྱང་ཞགས་ཆུའི་སྒྲོན་མ། ཤེས་རབ་རང་བྱུང་གི་སྒྲོན་མ་དང་། སྒྲོན་མ་བཞི་འཕེལ་སྟོན་པ་ནི། སྒྲོན་མ་འབར་བ་ལས། སེམས་ཅན་ཀུན་གྱི་ལུས་ཀྱི་དཀྱིལ། །ཙིཏྟ་རིན་ཆེན་གཞལ་ཡས་ལས། །རྩ་ནི་སྟོང་ཕྲག་གྲངས་མང་ཡང༌། །ཁྱད་པར་ཆེན་པོའི་རྩ་བཞི་ལས། །ཀ་ཏི་གསེར་གྱི་རྩ་ཆེན་དང༌། །དར་དཀར་སྣལ་མ་ལྟ་བུ་དང༌། །ཕྲ་ལ་འཁྲིལ་དང་ཤེལ་བུག་ཅན། །འདི་བཞི་ནང་དུ་ཁྱད་པར་དུ། །གནས་ཤིང་རླུང་གི་རྟ་ལ་ཞོན། །འབྱུང་དང་འཇུག་དང་རང་ཤར་དང༌། །སྣང་བ་ཡི་ནི་བདག་ཉིད་དུ། །ཞེས་སོ། །འོད་རྩ་འདི་དག་ལ་དོན་དམ་པ་ཡེ་ཤེས་ཆེན་པོའི་རྩ་ཞེས་བཤད་དོ། །རྩའི་ཆགས་ཚུལ་འདི་ཐམས་ཅད་རྫོགས་ཆེན་གྱི་རྒྱུད་སྡེ་དག་ནས་བྱུང་བ་སྒྲ་ཇི་བཞིན་གོ་བ་ལེན་པ་ལས་འདི་ལ་གབ་སྦས་ཀྱི་བཤད་པ་དང་དགོངས་པ་རྩལ་འདོན་བྱེད་རྒྱུ་ལྷག་པོར་མེད་དམ་སྙམ།

༼ག ཐིག་ལེའི་བཀོད་ཚུལ་བྱེ་བྲག་ཏུ་བསྟན་པ།

ཀ༽ དབྱིངས་སྤྱིར་བསྟན་པ།

དོན་གསུམ་པ་ཐིག་ལེའི་བཀོད་ཚུལ་བྱེ་བྲག་ཏུ་བསྟན་པ་ལ་གསུམ་སྟེ། དབྱིངས་སྤྱིར་བསྟན། གནས་པ་བྱེ་བྲག་ཏུ་བཤད། འོད་གསལ་དག་པའི་ཐིག་ལེས་མཇུག་བསྡུ་བའོ། །དང་པོ་ནི་སྤྱིར་རྩ་གསུམ་འཁོར་ལོ་བཞིའི་ནང་ཐམས་ཅད་ན་འོད་དང་ཟེར་གྱིས་ཁྱབ་ལ། ཁྱད་པར་དུ་རོ་མ་ན་ཀུན་རྫོབ་རྒྱུའི་ཐིག་ལེ་ཐབས་ཀྱི་རང་བཞིན་ཟག་བཅས་བདེ་བའི་རང་བཞིན་དང༌། རྐྱང་མ་ན་དོན་དམ་ཡེ་ཤེས་ཀྱི་ཐིག་ལེ་ཤེས་རབ་ཟག་པ་མེད་པ་བདེ་བའི་རང་བཞིན་དང༌། ཀུན་འདར་མ་ན་རང་བཞིན་ཆོས་ཉིད་ཀྱི་ཐིག་ལེ་འོད་གསལ་ལྷུན་གྱིས་གྲུབ་པ་དེའི་རང་བཞིན་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་སྟེ། ཐིག་ལེ་རྣམ་པ་ལྔ་རུ་བཤད་པ་ནི། གནས་པ་གཞི་ཡི་ཐིག་ལེ་དང་། ལུས་གནས་རྩ་ཡི་ཐིག་ལེ་དང་། ཀུན་རྫོབ་རྒྱུའི་ཐིག་ལེ་དང་། དོན་དམ་སྤྲོས་མེད་ཀྱི་ཐིག་ལེ་དང་། རང་བྱུང་འབྲས་བུའི་ཐིག་ལེ་དང་ལྔའོ། །རྩ་གསུམ་འཁོར་ལོ་ལྔ་ན་རྒྱུ་བའི་ཐིག་ལེ་དང་བསྟུན་ན་རོ་རྐྱང་གཉིས་ནས་ཀུན་རྫོབ་ཀྱི་ཐིག་ལེ་དང་། དོན་དམ་གྱི་ཐིག་ལེ་གཉིས་རྒྱུ། དེ་ཡང་ལུས་གནས་རྩ་ཡི་ཐིག་ལེའི་ཁོངས་སུ་བསྡུས་ཤིང་། གནས་པ་གཞིའི་ཐིག་ལེ་དང་། རང་བྱུང་འབྲས་བུའི་ཐིག་ལེ་གཉིས་སུ་མེད་པ་དེ། རང་བཞིན་ཆོས་ཉིད་ཀྱི་ཐིག་ལེ། དབུས་ཀུན་འདར་མ་ན་བཞུགས་པའི་དབྱིངས་ཡེ་ཟུང་འཇུག་གི་རང་བཞིན་ནམ་ངོ་བོ་ཅན་དེའོ། །དེ་ཡང་མུ་ཏིག་ཕྲེང་བ་ལས། རྩ་རྣམས་ནང་ན་ཐིག་ལེ་སྟེ། །ཕྲ་དང་འཁྱུག་པའི་བདག་ཉིད་ཅན། །འོད་ཟེར་ཉིད་ཀྱིས་མཛེས་པའོ། །དེ་ཡང་ཆ་ནི་གསུམ་པ་སྟེ། །གཡས་དང་གཡོན་དང་དབུས་མའོ། །གཡས་པ་ཀུན་རྫོབ་ཐིག་ལེ་སྟེ། །བདེ་བ་ཆེན་པོའི་ཡན་ལག་ཅན། །བདེ་བ་འདུས་པའི་འབྱུང་གནས་ནི། །སངས་རྒྱས་ཀུན་གྱི་གསང་ཆེན་ཡིན། །ཐབས་ཀྱིས་མཚོན་པའི་རང་བཞིན་ནོ། །དོན་དམ་ཆོས་སྐུའི་རང་བཞིན་ཅན། །སྟོང་གསལ་ཐིག་ལེ་གཅིག་ཏུ་གནས། །དབུས་ན་གནས་ཤིང་རང་བཞིན་གསལ། །སྤྲོ་བསྡུ་སྨྲ་བསམ་ཡུལ་ལས་འདས། །བག་ཆགས་རྣམ་པར་རྟོག་པ་བྲལ། །ཡོད་མེད་མཐའ་གཉིས་རྣམ་པར་གསལ། །རྟག་ཆད་མུ་ལ་གནས་པ་མེད། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །བརྗོད་པ་མེད་ཅིང་ངང་གིས་སྟོང༌། །དོན་དམ་དངོས་པོའི་ཐིག་ལེའོ། །གཡོན་པ་རང་བཞིན་ཐིག་ལེ་གནས། །བདེ་བ་ཟུང་འཇུག་གཉིས་ཁྱབ་སྟེ། །རབ་ཏུ་གནས་པ་མ་ཡིན་པར། །ཁ་སྦྱོར་ཉིད་ཀྱི་བདེ་བ་ཐོབ། །ཕྱག་རྒྱ་ཆེན་པོ་ཉིད་ཀྱི་རྒྱུ། །བདེ་ཆེན་ཡེ་ཤེས་ཆེན་པོའི་ལམ། །གསང་སྔགས་ཀུན་བདག་དཀྱིལ་འཁོར་ཡིན། །འཁོར་བ་སྐྱོབ་པའི་ཐབས་ཆེན་པོ། །གསང་བའི་ཡེ་གདངས་འབར་བའི་འོད། །དེ་ནི་བདེ་ཆེན་ངོ་བོའོ། །ཞེས་སོ། །གསང་སྔགས་ཀྱི་ཉེ་ལམ་རྩ་ཐིག་རླུང་གསུམ་གནད་དུ་བསྣུན་པ་ཡིན་ཞིང་། འདི་ལ་རྩོལ་བཅས་སྤྲོས་པ་ཅན་གྱི་ལུགས་དང་། སྤྲོས་པ་དང་བྲལ་བའི་ལུགས་གཉིས་ཡོད། རྩོལ་བཅས་སྤྲོས་པ་ཅན་གྱིས་རྩ་རླུང་རགས་པ་འབད་རྩོལ་གྱི་ལམ་དུ་བྱེད་པ་ཐབས་ལམ་པའི་ལུགས་དང་། རྩོལ་མེད་སྤྲོས་པ་དང་བྲལ་བའི་ལུགས་བྱེད་པའི་རྣལ་འབྱོར་བས་འོད་གསལ་གྱི་ཐིག་ལེ་མངོན་སུམ་ལམ་དུ་བྱས་ནས་འོད་གསལ་གྱི་སྣང་བ་ལ་ཉིན་མཚན་འཁོར་ཡུག་ཏུ་འདྲེས་པར་སྤྱོད་པའོ།།

ཁ༽ གནས་བྱེ་བྲག་ཏུ་བཤད་པ།

གཉིས་པ་གནས་བྱེ་བྲག་ཏུ་བཤད་པ་ནི། རང་ཤར་ལས། སེམས་ཅན་ཀུན་གྱི་ཙིཏྟ་ན། །རྣམ་དག་སྐུ་ཡི་ཐིག་ལེ་གནས། །སེམས་ཅན་ཀུན་གྱི་དྷཱུ་ཏི་ན། །སྟོང་ཉིད་རྟགས་ཀྱི་ཐིག་ལེ་གནས། །སེམས་ཅན་ཀུན་གྱི་ཤེལ་དཀར་ན། །སྟོང་གསལ་འབར་བའི་ཐིག་ལེ་གནས། །སེམས་ཅན་ཀུན་གྱི་དར་དཀར་ན། །ལམ་གྱི་ཐིག་ལེ་བཟང་པོ་གནས། །སངས་རྒྱས་ཀུན་གྱི་སྟོང་ལམ་ན། །འོད་གསལ་གཉིས་མེད་ཐིག་ལེ་གནས། །སེམས་ཅན་ཀུན་གྱི་ཡུལ་ཉིད་ན། །སྣ་ཚོགས་འཆར་བའི་ཐིག་ལེ་གནས། །དེ་བཞིན་སེམས་ཅན་ཐམས་ཅད་ལ། །དབྱེར་མེད་ཚུལ་གྱིས་གནས་པ་ཡིན། །འདི་ཐམས་ཅད་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའམ་དབྱིངས་དང་རིག་པ་གཉིས་མེད་ཐིག་ལེའི་ཚུལ་གྱིས་བཞུགས་པའི་ཕྱོགས་ནས་གསུངས་པའོ། །ཞེས་སོ། །དེ་ལྟ་བུའི་རྩ་རླུང་ཐིག་ལེ་རྟེན་བརྟེན་པའི་ཚུལ་གྱིས་གནས་པས། ལུས་ངག་གི་གནད་གཟིར་ཚེ་སེམས་དེའི་ཞར་ལ་གྲོལ་ནས་ཡེ་ཤེས་དངོས་སུ་སྣང་བ་ཡིན་པས་སྐུ་གསུམ་ལམ་དུ་བྱེད་པ་ལ་ཐིག་ལེ་བླ་ན་མེད་པའི་གནད་འདི་ཤིན་ཏུ་ཁྱད་འཕགས་ཡིན་ནོ།།

ག༽ འོད་གསལ་དག་པའི་ཐིག་ལེས་མཇུག་བསྡུ་བ།

གསུམ་པ་འོད་གསལ་དག་པའི་ཐིག་ལེས་མཇུག་བསྡུ་བ་ནི། འོད་རྩ་བཞི་ནས་རྒྱུ་བའི་ཐིག་ལེ་སྟེ་འོད་རྩ་དང་པོ་སྙིང་ཁ་ནས་ཡར་ཡོད་པའི་ཀ་ཏི་གསེར་གྱི་རྩ་ཆེན་ན་གཞིའི་ཐིག་ལེ་བཟང་པོ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བདག་ཉིད་སྙིང་ག་ལ་བརྟེན་ནས་གནས་སོ། །སྒོ་མིག་ལ་ཟུག་པའི་དར་དཀར་སྣལ་མ་ན་ལམ་གྱི་ཐིག་ལེ་བཟང་པོ་སྒྲོན་མ་བཞི་དང་བཅས་པ་ཆུའི་སྒྲོན་མ་སྟེ་གཡས་ནའོ། །སྒོ་རྒྱང་ཞགས་ལ་ཟུག་པའི་ཕྲ་ལ་འཁྲིལ་ན་བཟང་པོའི་རྩེ་མོའི་ཐིག་ལེ་ཉམས་གོང་འཕེལ་གྱི་སྣང་བ་སྣ་ཚོགས་པ་གཡོན་ནའོ། །འོད་རྩ་གསུམ་པ་ཤེལ་བུག་ཅན་ན་ཚད་ཕེབས་ཀྱི་སྣང་བའི་རྟེན་ནང་གསལ་ཡེ་ཤེས་ཀྱི་འཆར་གཞིར་གནས་སོ། །འོད་རྩ་བཞི་བ་ཚངས་བུག་ལ་ཟུག་པའི་སྟོང་པ་རང་གྲོལ་ན་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་གནས་པ་སྟེ། སྒྲོན་མ་འབར་བ་ལས། གཞི་ཡི་ཐིག་ལེ་བཟང་པོ་དང༌། །ལམ་གྱི་ཐིག་ལེ་དེ་བཞིན་བཟང༌། །བཟང་པོ་རྣམས་ཀྱི་རྩེ་མོ་དང༌། །བཟང་པོའི་རྒྱན་དང་ལྡན་པར་ཡང༌། །རྩ་རྣམས་ཀྱི་ནི་ནང་ན་གནས། །ཞེས་སོ། །དེ་ཡང་ཀུན་རྫོབ་རྒྱུའི་ཐིག་ལེ་ལ་བརྟེན་ནས། ཐུན་མོང་གི་དངོས་གྲུབ་ཕྲན་ཚེགས་དང་སེམས་གནས་པའི་ཏིང་ངེ་འཛིན་ལམ་དུ་བྱེད་ལ། དོན་དམ་འོད་གསལ་གྱི་ཐིག་ལེ་ལ་བརྟེན་ནས་མཆོག་གི་དངོས་གྲུབ་ཆོས་སྐུ་དང་ཡེ་ཤེས་རང་བབས་ཀྱི་བསམ་གཏན་མངོན་དུ་བྱེད་པར་བསྟན་ཏེ། དེ་ལ་རྫོགས་པ་ཆེན་པོ་འདིའི་ལུགས་ཀྱི་ཀུན་རྫོབ་ཀྱི་ཐིག་ལེ་ལམ་གྱི་ངོ་བོ་མ་ཡིན་པས་དོན་དམ་གྱི་ཐིག་ལེ་ལ་བརྟེན་ནས་འོད་གསལ་བསྒོམ་པ་ཡིན་ལ། ཁ་ཅིག་འདིར་འཇུག་པའི་སྐལ་པ་ནི་ཡོད། ཀུན་རྫོབ་ཀྱི་ཐིག་ལེ་ལ་ཞེན་ཆེ་བ་དག་འཇུག་པའི་ཆ་ཙམ་དུ་སྐལ་ཆད་རྗེས་སུ་འཛིན་པའི་ཐབས་ཀྱི་བྱེ་བྲག་ཙམ་དུ་ཀུན་རྫོབ་ཀྱི་ཐིག་ལེ་བསྒོམ་པའི་ཐབས་དང་རིག་མ་བསྟེན་པ་ལ་སོགས་པ་གསུངས་ལ། ཕྱིས་དོན་དམ་གྱི་ཐིག་ལེ་ལ་འཇུག་པའི་རིམ་པ་གསུངས་ཏེ། དེའི་རིམ་པ་ནི། ཐལ་འགྱུར་ལས། ཐིག་ལེ་ཆོས་ཉིད་བསྟེན་འདོད་པས། །དོན་དམ་དང་ནི་ཀུན་རྫོབ་ལས། །རེ་ཞིག་ཀུན་རྫོབ་ཐིག་ལེ་ལ། །བརྟེན་ནས་སངས་རྒྱས་འདོད་པ་ཡིས། །རིག་མ་མཚན་ཉིད་རྫོགས་པ་ནི། །ལྷ་དང་ལྷ་མིན་ཚངས་པ་དང༌། །གལ་ཏེ་རིགས་ངན་མུ་སྟེགས་སམ། །མཚན་ཉིད་རྫོགས་པ་དག་མཐོང་ན། །འགུགས་པའི་སྦྱོར་བ་ངེས་བརྩམས་ནས། །བསྟེན་བྱ་ཉིད་དང་རྩ་རྣམས་དང༌། །དམིགས་བྱ་དག་གིས་ལུས་རྫོགས་བྱ། །དེ་ནས་ཀུན་རྫོབ་ཐིག་ལེ་ཉིད། །དབབ་ཅིང་གཟུང་དང་བཟློག་པ་དང༌། །རྩ་ལ་དགྲམ་ཞིང་རླུང་ལ་བསྲེ། །སྟོང་ཉིད་བསྟེན་བྱ་བློ་རྗེས་བཅད། །ལུས་དང་སེམས་གཉིས་གོ་བཟློག་བྱ། །དོན་དམ་ཐིག་ལེ་བརྟེན་པ་ཡིས། །ཆོས་སྐུ་སྟོང་པའི་ཡུལ་རྣམས་རྙེད། །ཐིག་ལེ་སྟོང་པའི་སྒྲོན་མ་ཉིད། །ལྟེམས་ཏེ་རིག་པའི་རྩལ་རྣམས་སྦྱངས། །ཉིན་མཚན་མེད་པར་གོམས་སྤྱོད་ན། །འདི་ཉིད་རྩོལ་བྲལ་མངོན་དུ་སྣང༌། །དེ་ནི་འབྱོངས་པའི་ཚད་ཡིན་ནོ། །ཞེས་སོ། །དེ་ལྟར་ན་ཀུན་རྫོབ་དང་དོན་དམ་པའི་ཐིག་ལེ་གཉིས་ལས། ཀུན་རྫོབ་ནི་ལམ་འདིར་འཇུག་པའི་ཐབས་ཡིད་ཆེས་སུ་འཇུག་པ་ཙམ་ལས་ལམ་དངོས་མ་ཡིན་པས་འདིར་དེ་ཉམས་སུ་ལེན་ལུགས་རྣམས་བཏང་སྙོམས་སུ་གཞག་གོ །དོན་དམ་གྱི་ཐིག་ལེ་འདི་ལམ་དངོས་ཡིན་པས་རྒྱས་པར་སྟོན་ཏེ། ཁྱད་པར་དུ་སྒྲོན་མ་ལྟེམས་པ་ཡུལ་གྱི་སྐབས་སུ་སྟོན་པས་དེར་རྟོགས་པར་བྱའོ། །འདི་ཆིངས་གལ་པོ་ཆེ་ཡིན་ཏེ་དེང་སང་ཁ་ཅིག་ཀུན་རྫོབ་དང་དོན་དམ་གྱི་ཐིག་ལེ་གཉིས་ཀ་འདིའི་ལམ་དུ་འདོད་ལ། ཁྱད་པར་དུ་ཀུན་རྫོབ་ཀྱི་ཁ་ཟིན་བྱེད་པ་ནི་འདིའི་ཕྱོགས་མ་མཐོང་བ་ཡིན་ཏེ། ཀུན་རྫོབ་ལ་སྦྱོང་བྱེད་ལུས་ཀྱི་འཁྲུལ་འཁོར་དམིགས་པའི་ཆིངས་ལ་སོགས་པ་རྩོལ་བཅས་དུ་མ་དང༌། སྦྱངས་འབྲས་རགས་པའི་ལུས་ལ་ཏིང་ངེ་འཛིན་བདེ་སྟོང་དུ་འདོད་ལ། འདིར་གོ་བཟློག་སྟེ་ལུས་ལྟ་སྟངས་ལས་མི་གཡོ་བ་ལ་སོགས་པ་གསུམ་དང་ཞེས་བཞུགས་སྟངས་གསུམ་དང་། གཟིགས་སྟངས་རྣམ་གསུམ་གྱིས་སྣང་བཞི་མཐར་ཕྱིན་པར་བྱེད་པ་དང་། ཀུན་རྫོབ་ལམ་དུ་བྱེད་པའི་འོད་ལུས་འདོད་པ་ཁྱད་པར་ཆེའོ། །གོང་དུ་བཤད་པའི་སྤྲོས་བྲལ་ཆོས་སྐུའི་ཐིག་ལེ་འོད་གསལ་དག་པ་དེ། རང་བྱུང་ཡེ་ཤེས་ཀྱི་སྒྲོན་མ་འབར་བའི་གཞི་རུ་གནས་ཤིང་། སྤྲོས་མེད་ཀྱི་རྣལ་འབྱོར་བས་བཞུགས་སྟངས་དང་གཟིགས་སྟངས་ངེས་པ་ཅན་གྱི་ཐོག་ནས་འོད་གསལ་གྱི་སྒྲོན་མ་ལ་བརྟེན་ནས་བསྒོམས་ཚེ་འོད་གསལ་གྱི་སྣང་བ་ཉིན་མཚན་འདྲེས་པ་ལ་སྤྱོད་པ་ཡིན་པས། ཀུན་རྫོབ་ཀྱི་ཐིག་ལེ་ལ་བརྟེན་པའི་འགྱུར་བཅས་ཀྱི་བདེ་བ་ལམ་དུ་བྱེད་པ་དེ། དོན་དམ་གྱི་ཐིག་ལེ་འཕོ་མེད་འགྱུར་བ་དང་བྲལ་བའི་བདེ་སྟོང་ཡེ་ཤེས་སྐྱེད་པའི་ཐབས་དམ་པ་དང་བསྡུར་ན་བསྡུར་ཐབས་མེད་པར་དོན་དམ་ཡེ་ཤེས་ཀྱི་ཐིག་ལེ་ལམ་དུ་བྱེད་པ་དེ་ཉིད་མཆོག་ཏུ་གྱུར་པ་ཡིན་ནོ། །ཚིག་དོན་རིན་པོ་ཆེའི་མཛོད་ལས་ཡེ་ཤེས་ཀྱི་ལམ་བསྟན་པ་སྟེ་རྡོ་རྗེའི་གནས་ལྔ་པ་རྒྱ་ཆེར་བཤད་པའོ།། །།

རྡོ་རྗེའི་གནས་དྲུག་པ་ཡེ་ཤེས་ཀྱི་སྒོའི་གནད་བསྟན་པའི་རིམ་པ་རྒྱ་ཆེར་བཤད་པ།

༼ཀ༽ ཡེ་ཤེས་སྣང་བ་ཕྱིར་གསལ་དུ་འཆར་བའི་སྒོ་དངོས་ངོས་གཟུང་བ།

དེ་ནས་ཡེ་ཤེས་འཆར་བའི་སྒོ་གཏན་ལ་དབབ་པ་ལ་དོན་གཉིས་ཏེ། སྒོ་དངོས་ངོས་གཟུང་བ་དང༌། དེ་ལས་འཆར་བ་སྒྲོན་མ་བཞིའི་གནས་རྒྱ་ཆེར་བཤད་པའོ། །དང་པོ་ནི། ཡེ་ཤེས་ཀྱི་སྣང་བ་ཕྱིར་གསལ་དུ་འཆར་བའི་སྒོ་དངོས་ནི་མིག་གཉིས་ཏེ། དེ་ཡང་འབྱུང་བ་བཞིའི་དྭངས་མ་ལྟེ་བའི་རྩ་མདུད་དུ་སྤྱན་གཉིས་ཆགས་པ་ལ་རྩ་གསུམ་གྱིས་སྦྲེལ་ཏེ་ལྟེ་བ་ནས་སྙིང་གར་འབྲེལ། དེ་ནས་མགྲིན་པར་འབྲེལ། དེ་ནས་ཀླད་པ་དུང་ཁང་དུ་གཡས་སུ་འཁྱིལ་བའི་རྩ་བཞི་ལས་དབང་པོའི་ཡུལ་འཆར་བར་བྱེད་པའི་རྩ་རྩ་བ་གཅིག་ལ་རྩེ་མོ་ལྔར་གྱེས་ནས་སྒོ་ལྔ་སོ་སོའི་རྟེན་བྱེད་པ་ལས། ཁྱད་པར་གཟུགས་མཐོང་བའི་རྟེན་བྱེད་པའི་རྩ་སྐྱོན་ཡོན་དབང་པོ་དྭངས་བྱེད་ཅེས་བྱ་བ་རྩེ་ཆེ་ལ་རྩ་བ་ཕྲ་བ་བ་མེན་གྱི་རྭ་ལྟ་བུའི་རྩ་གཉིས་མིག་གཉིས་ཀྱི་ཨ་འབྲས་ཀྱི་དྭངས་མ་ལ་ཟུག་པ་ལ་བརྟེན་ནས་གཟུགས་སྣང་མཐོང་བ་ལ་མཐོང་ཆ་གཉིས་ཏེ། མ་དག་པ་འཁོར་བའི་ཆ་འཁྲུལ་སྣང་ས་རྡོ་རི་བྲག་ལ་སོགས་པ་མཐོང་བ་དང༌། དག་པ་མྱ་ངན་ལས་འདས་པའི་ཆ་སྟོང་གཟུགས་འོད་གསལ་གྱི་སྣང་བ་མཐོང་བས་ན། གཉིས་ཀྱི་ཆ་འཛིན་འཁོར་འདས་སྟོན། །ཞེས་བྱའོ། །མཐོང་ཆ་གཉིས་ལའང་ཞིབ་ཏུ་ཕྱེ་ན་འོད་རྩའི་ཆ་དེས་འོད་སྣང་མཐོང་བས་རྒྱང་ཞགས་དག་པ་ཆུའི་སྒྲོན་མ་ཞེས་བྱ་ལ། དབང་པོ་རྟེན་གྱི་ཆ་དེས་འཁྲུལ་སྣང་མཐོང་བས་རྒྱང་ཞགས་མ་དག་པ་ཆུའི་སྒྲོན་མ་ཞེས་བྱ་བར་གནས་སོ། །རང་བཞིན་དུ་དེ་གཉིས་བསྡོམས་པ་ལ་རྒྱང་ཞགས་ཆུའི་སྒྲོན་མ་ཞེས་གཅིག་ཏུ་བཞག་ཀྱང་ཆ་གཉིས་སུ་གནས་ལ། ཤིན་ཏུ་བརྟགས་ན་འོད་རྩ་དྭངས་པའི་སྣ་དེ་ཉིད་རྒྱང་ཞགས་ཆུའི་སྒྲོན་མ་ཡིན་གྱི་འཁྲུལ་སྣང་མཐོང་བ་དེ་མ་ཡིན་ཏེ། ལམ་སྣང་མཐོང་བྱེད་མ་ཡིན་པའི་ཕྱིར་རོ། །འདི་ལ་གནད་ཆེ་བར་ཡོད་པས་རྟོག་དཔྱོད་ཞིབ་ཏུ་ཐོང་མཛོད། སྔ་རབས་པ་དག་མིག་དངོས་ལ་འདོད་ཀྱང་འོད་རྩའི་ཆ་ཟུག་པ་རྒྱང་ཞགས་དངོས་འོད་རྩ་ཡིན་པའི་དབྱེ་བ་དེ་མ་ཕྱེད་པར་སྣང་ངོ༌། །འཁྲུལ་གཞིའམ་བཤད་པའི་ཁུངས་ནི། ངོ་སྤྲོད་སྤྲས་པ་ལས། སྒོ་ནི་རང་གི་མིག་གཉིས་ཡིན། །ཞེས་པ་ལ་བརྟེན་ནས་བཤད་པ་ཡིན་ནམ་སྙམ། འདིའི་གོ་དོན་བཀྲལ་ནས་ཀློང་ཆེན་པའི་རྩལ་འདོན་གྱི་བཞེད་པ་དང་གོང་བསྒྲིགས་ན་ལུང་དེ་ལས་གསུངས་པའི་དོན། གསང་བའི་བདག་པོ་བདེ་བར་གཤེགས་པའི་ཡེ་ཤེས་ཀྱི་ལུས་ཅན་བརྟེན་པ་རང་གི་ལུས་བྱང་ཁོག་གི་སྟོད་དུ་བརྟེན་ནས་ཡོད་དོ། །གནས་སྙིང་ཁ་ན་གནས་པའོ། ལམ་མིག་དང་སྙིང་གཉིས་ཀའི་བར་ན་རྩ་དར་དཀར་གྱི་སྐུད་པ་དང་འདྲ་བ་མཉེན་ལ་འཁྲིལ་བ་ཁྲག་དང་ཆུ་སེར་མེད་པ་ཞིག་གིས་སྦྲེལ་ནས་ཡོད་དོ། །ཞེས་གསུངས་པ་ལྟར་སྙིང་རིན་ཆེན་ཟུར་བརྒྱད་ཀྱི་རྟེན་དེ་ལ་བརྟེན་པ་ཡེ་ཤེས་བཞུགས་པ་ལྟར། འོད་རྩ་དག་པ་རྒྱང་ཞགས་ཆུའི་སྒྲོན་མ་དེ་སྒོ་དབང་པོའི་དྭངས་མ་མིག་གཉིས་ལ་བརྟེན་ནས་ཡོད་པ་འམ་ཟུག་ཡོད་པའི་ཆ་ནས་རྟེན་ལ་བརྟེན་པའི་མིང་གིས་བསྙད་ནས། རྒྱང་ཞགས་ཆུའི་སྒྲོན་མ་མིག་གཉིས་སོ་ཞེས་གསུངས་པ་ཡིན་པ་དང་། །དེ་མིན་མངོན་དུ་གྱུར་པའི་སྒོ་མིག་གཉིས་ལ་ལྐོག་གྱུར་གཉིས་ཀྱི་ཆ་འཛིན་འཁོར་འདས་སྟོན་པའི་སྐྱོན་ཡོན་དབང་པོ་དྭངས་བྱེད་ཀྱི་འོད་རྩ་དག་དང་མ་དག་གི་རྒྱང་ཞགས་ཀྱི་སྒོ་གཉིས་ཡོད་པའི་མངོན་ལྐོག་གི་དབྱེ་བ་ཞིག་ལ་དཔྱད་པ་ཞིབ་མོར་བྱས་ན་འབྱེད་རྒྱུ་ཡོད་པ་རེད། ད་རུང་རྒྱང་ཞགས་གསུམ་གསུང་དུས་ཡོད་ལ་དེའི་ཚེ་དབང་པོ་འདུས་པའི་རྒྱང་ཞགས་ནི་དབང་རྟེན་ཟར་མའི་མེ་ཏོག་ལྟ་བུ་འདི་ལ་གསུངས་པའང་ཡོད། འདི་ནས་རྟོག་དཔྱོད་ཞིབ་ཏུ་ཐོང་གསུངས་པ་ནི། གཉིས་ཀྱི་ཆ་འཛིན་འཁོར་འདས་སྟོན། །ཞེས་པའི་ལུང་ལ་དཔང་པོ་བཅོལ་ཚེ་འཁོར་འདས་ཀྱི་སྣང་ཆ་གཉིས་སྟོན་པ་ནི་འོད་གསལ་གྱི་གདངས་རྩ་ལམ་ནས་རྒྱུ་བའི་འོད་རྩའི་ཆ་དེས་ཐོད་རྒལ་གྱི་འཆར་ཆའི་འོད་སྣང་དང་ཐིག་ལེ་ལ་སོགས་པ་མཐོང་བ་ཡིན་པ་དང་། དབང་པོའི་རྟེན་གྱིས་འཁྲུལ་སྣང་མཐོང་བ་ཡིན། དོན་དངོས་སུ་འོད་རྩ་དྭངས་མའི་ཆ་དེ་ལ་རྒྱང་ཞགས་ཆུ་སྒྲོན་དུ་ངོས་གཟུང་དགོས། འཁྲུལ་སྣང་མཐོང་བྱེད་རྒྱང་ཞགས་ཡིན་ཡང་། མ་དག་པ་མཐོང་བྱེད་ཡིན་པས་འོད་རྩ་དག་པ་ལམ་སྣང་མཐོང་བྱེད་ཀྱི་རྒྱང་ཞགས་ཆུའི་སྒྲོན་མ་མིན་ནོ། །གནའ་རབས་ཀྱི་བླ་མ་རྣམ་པས་གོ་བརྡ་འཕྲོད་ཆེད་དུང་དམར་གྱི་ཚིགས་ལྟེབ་པ་ལྟར་ཕྱི་མ་ནང་གཅིག་རིང་དུས་གཅིག་ཐུང་བ་དེ་འདྲ་བ་ཡིན་གསུངས་པའི་ཞལ་འཕྲོས་ཡོད་ལ། དེ་ཡང་འཁྲུལ་སྣང་མཐོང་ཚེ་ཡེ་ཤེས་ཀྱི་འོད་སྣང་མཐོང་བའི་ནུས་པ་བག་ལ་ཞ་བ་དང་། ཡེ་ཤེས་ཀྱི་འོད་སྣང་མཐོང་ནས་སྐུ་དང་ཐིག་ལེ་ཤར་ཚེ་མ་དག་པའི་འཁྲུལ་བའི་སྣང་ཆ་བག་ལ་ཞ་བ་ཡིན་ནོ། །རྡོ་རྗེའི་ལུས་དང་པོ་ཆགས་ཚེ་འབྱུང་བཞིའི་དྭངས་མ་ལྟེ་བའི་རྩ་འདབ་ཏུ་སྤྱན་གཉིས་ཆགས་ནས་དེ་རྗེས་འོད་གསལ་གྱི་རྩ་ཆགས་ཚུལ་གཞུང་ནས་གསུངས་པ་ལྟར་ཡིན་ལ། འདི་ལྟར་སྤྱན་གཉིས་གསུངས་ཚེ་སྤྱན་གཉིས་ནི་མིག་གཉིས་ཡིན་ལ་མིག་ནི་ཐོད་པའི་གཞིར་ཡོད་པས་ལྟེ་བའི་རྩ་ནང་དུ་ཅིའི་ཕྱིར་ཡོད་སྙམ་ན། འདིའི་སྤྱན་ཞེས་པ་ལྟ་བྱེད་ཀྱི་མིག་ལ་གསུངས་པ་མིན་པར་ལུས་ཐོག་མར་ཆགས་ཚེ་ཆུའི་ཁམས་ལ་བརྟེན་ནས་སྔོན་དུ་ཆགས་པའི་སྐྱེད་བྱེད་ཀྱི་རྩ་ཡི་མདུད་པའི་ནང་དུ་སྒྲོན་མའི་སྤྱན་དང་འབྱུང་བའི་སྤྱན་གཉིས་ཆགས་པ་ལ་གོ་དགོས། འབྱུང་བའི་སྤྱན་ལས་འབྱུང་བཞིའི་ལུས་གྲུབ་ཅིང་སྒྲོན་མའི་སྤྱན་ལས་ཡེ་ཤེས་ཀྱི་སྣང་བ་མཐོང་བྱེད་དམ་དོན་དམ་མྱང་འདས་ཀྱི་གཞི་རུ་རྒྱང་ཞགས་ཆུའི་སྒྲོན་མ་ཆགས། དེ་ལྟ་བུའི་ལམ་དེ་གཉིས་ཀའི་སྒྲུབ་གཞི་འམ་མཐོང་བྱེད་ཡིན་པས་སྤྱན་གཉིས་ཀྱི་ཐ་སྙད་སྦྱར་ནས་གསུངས་པའོ། །འདིའི་སྐབས་ཀྱི་གོ་དོན་དངོས་ནི་རྒྱང་ཞགས་ཆུའི་སྒྲོན་མ་འཆར་བྱེད་ཀྱི་སྒོ་ཡིན་ལ། རིག་ཆའི་གདངས་ཕྱི་རོལ་གྱི་ཡུལ་ལ་སྣང་བས་ན་རྒྱང་། མཐོང་བ་དེ་ཡང་སྐྱེས་བུ་ཡོད་མེད་ལ་བརྟེན་ནས་མཐོང་ཚུལ་འཆར་བས་ན་ཞགས་པའི་སྒྲ་ཞུགས་པའོ། །ཡིན་ན་ཡང་གཞི་སྣང་གི་འཆར་སྒོ་ནང་ལ་ཡོད་པ་ལས་ཕྱི་རུ་ཡོད་ན་གཞན་རྣམས་དང་མཐོང་བ་གཅིག་པ་ཡིན་པས་ཆོས་ཉིད་ཡུལ་གྱི་ནམ་མཁའ་ལ་རིག་པའི་སྣང་བ་སྐུར་ཤར་ཚུལ་སོགས་འོག་ནས་འཆད་འགྱུར་ལྟར་རོ། །དེ་ལྟར་ན་དར་དཀར་དང་ཕྲ་ལ་འཁྲིལ་གྱི་རྩ་སྣ་རྒྱང་ཞགས་ཆུའི་སྒྲོན་མ་ལས་ཐིག་ལེ་སྟོང་པའི་སྒྲོན་མ་ཡི་གེ་ན་རོ་ལྟ་བུ་དང༌། སྤྱི་བོ་ཚངས་པའི་བུ་ག་ན་རྡོ་རྗེ་ལུ་གུ་རྒྱུད་རྟོག་པ་མེད་པའི་སྐུ་དང༌། དེ་དག་གི་རྩལ་ཤེས་རབ་རང་བྱུང་གི་སྒྲོན་མ་ཤེས་རབ་ཀྱི་རང་རྩལ་དུ་མ་དང་འོད་རྩའི་གདངས་ལུ་གུ་རྒྱུད་ཀྱི་སྣང་བ་གསེར་གྱི་སྐུད་པ་ལྟ་བུར་འཆར་རོ། །དེ་སྐད་དུའང་ཐལ་འགྱུར་ལས། ཡེ་ཤེས་འཆར་བའི་སྒོ་ཉིད་ནི། །ལུས་བཅུད་དྭངས་མ་ཀུན་འདུས་པའི། །ཙཀྵུ་ཞེས་པའི་སྒོ་ནས་འཐོན། །གཉིས་ཀྱི་ཆ་འཛིན་སྣང་བ་མཐོང༌། །བསྐྱེད་ཅིང་རྩ་འབྲེལ་འབྱུང་བའོ། །རྩེ་མོ་ལས་ནི་གཅིག་གྱུར་པས། །དབང་པོའི་ཡུལ་ལ་འཆར་བྱེད་པའི། །གཅིག་ལ་ཡལ་ག་ལྔ་ཡོད་པ། །སོ་སོའི་དབང་པོའི་སྒོ་ལ་སྣང༌། །ཁྱད་པར་སྐྱོན་ཡོན་དྭངས་འབྱེད་པ། །བ་མེན་རྭ་འདྲ་འཁྱིལ་བ་ལས། །ཨ་འབྲས་ཞེས་པ་དཀར་ནག་ཕྱེད། །རིག་ཅིང་གཟུགས་རྣམས་འཛིན་པ་དང༌། །ཤེས་པའི་རང་རྩལ་རྫོགས་པར་སྟོན། །འདི་ལས་ཡེ་ཤེས་དངོས་འབྱུང་སྟེ། །མངོན་སུམ་པ་དང་རང་གནད་ཀྱི། །ཆོས་ཉིད་དག་པའི་རང་སྣང་ཡུལ། །རྟོག་བཅས་འགག་པར་གནས་པའོ། །དེ་ཡི་འབྱུང་བྱེད་ཅི་ཞེ་ན། །དོན་དམ་ཆོས་ཉིད་འབྱུང་བ་ལས། །སྒྲོན་མ་རྣམ་པ་བཞི་ཞེས་ཏེ། །སྨིན་ཅིང་འཇུག་ལ་ཁྱབ་སྟོང་བས། །ཆོས་ཉིད་རང་སྣང་སྡུད་པའོ། །ཞེས་པ་དང༌། སྒྲོན་མ་འབར་བ་ལས། ཀླད་པ་དུང་ཁང་དཀར་པོ་ནས། །གཡས་སུ་འཁྱིལ་པ་གསུམ་ཡོད་པའི། །རྩ་ནི་བ་མེན་རྭ་ཡི་དབྱིབས། །དབང་པོའི་དྭངས་མ་ཀུན་འདུས་ནས། །དབང་པོའི་ཡུལ་ལ་འཆར་བྱེད་པའི། །རྩ་ཡི་ནང་ན་འདི་ཉིད་གནས། །ཐོག་མ་རང་གི་ལུས་བསྐྱེད་པའི། །མ་ཡི་མངལ་དུ་ཞུགས་པའི་ཚེ། །ལུས་ཀུན་གྱི་ནི་དྭངས་མ་རུ། །ལྟེ་བའི་རྩ་མདུད་ཆེན་པོ་ལས། །དབུས་ཀྱི་གྲུ་གསུམ་ཉིད་དུ་ཡང༌། །ཕ་མའི་རྒྱུ་རྐྱེན་དྭངས་མ་ལས། །མིག་གི་འབྲས་བུ་ཉིད་དུ་ཆགས། །དེ་ཡང་ཕ་མའི་ཆ་ཉིད་ལས། །དཀར་ནག་འདྲེས་པ་ཉིད་དུའོ། །འཆར་བའི་སྒོ་ནི་མིག་གཉིས་དང༌། །ཞེས་སོ།།

༼ཁ༽ དེ་ལས་འཆར་བ་སྒྲོན་མ་བཞིའི་གནས་རྒྱ་ཆེར་བཤད་པ།

༼ཀ འཆར་གཞི་སྒྲོན་མ་བཞི་མིག་གཉིས་ལས་ཇི་ལྟར་འཆར་བའི་འབྲེལ་དགོད་པས་ངོ་བོ་མདོར་བསྟན་པ།

དོན་གཉིས་པ་དེ་ལས་འཆར་བ་སྒྲོན་མ་བཞིའི་གནས་རྒྱ་ཆེར་བཤད་པ་ལ་གཉིས་ཏེ། འཆར་གཞི་སྒྲོན་མ་བཞི་མིག་གཉིས་ལས་ཇི་ལྟར་འཆར་བའི་འབྲེལ་དགོད་པས་ངོ་བོ་མདོར་བསྟན་པ་དང༌། འཆར་བྱེད་སྒྲོན་མ་དངོས་སོ་སོར་བསྟན་པས་རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། མིག་གཡས་ནས་རྒྱང་ཞགས་ཆུའི་སྒྲོན་མ་དང་ཤེས་རབ་རང་བྱུང་གི་སྒྲོན་མ་གཉིས་ཏེ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཐབས་སྣང་བའི་རང་བཞིན་དུ་འཆར་ལ། མིག་གཡོན་ནས་ཐིག་ལེ་སྟོང་པའི་སྒྲོན་མ་དང་དབྱིངས་རྣམ་དག་གི་སྒྲོན་མ་གཉིས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཤེས་རབ་སྟོང་པའི་རང་བཞིན་དུ་འཆར་ཞིང༌། དེའི་དབུས་ཚངས་པའི་བུ་ག་ནས་རིག་པ་རྟོག་མེད་ཀྱི་སྐུ་ལུ་གུ་རྒྱུད་ཐིག་ལེ་བརྩེགས་མར་སྣང་བ་སྟེ། མུ་ཏིག་ཕྲེང་བ་ལས། འགྲོ་བའི་ལམ་ནི་མཐོང་བྱེད་སྒོ། །དེ་ཉིད་གཡས་གཉིས་གཡོན་གཉིས་དབུས། །སྒྲོན་མ་འབར་བའི་ཚུལ་དུ་གནས། །ཐིག་ལེ་སྟོང་པའི་སྒྲོན་མ་དང༌། །དག་པ་དབྱིངས་ཀྱི་སྒྲོན་མ་དང༌། །ཤེས་རབ་རང་བྱུང་ཉིད་དང་ནི། །རྒྱང་ཞགས་ཆུ་ཡི་སྒྲོན་མ་ནི། །མཐོང་བྱེད་ཡུལ་ལ་སྣང་བའོ། །རིག་པ་རྟོག་མེད་ལུ་གུ་རྒྱུད། །བདེ་ཆེན་ཚངས་པའི་སྒོ་ནས་སྣང༌། །ཞེས་པ་དང༌། ཐལ་འགྱུར་ལས། དྭངས་མ་འདུས་པའི་མིག་གཉིས་ནས། །ཐབས་དང་ཤེས་རབ་ཁྱད་པར་ལས། །ཇི་ལྟ་མཁྱེན་པའི་ཐིག་ལེ་དང༌། །དག་པ་དབྱིངས་ཀྱི་སྒྲོན་མར་སྣང༌། །ཇི་སྙེད་པས་ནི་རྒྱང་ཞགས་དང༌། །ཤེས་རབ་སྒྲོན་མར་སྨིན་པ་ཡི། །འགྲོ་བ་རྣམས་ཀྱི་ལས་དང་ཡང༌། །དབང་པོའི་བྱེ་བྲག་ཇི་ལྟ་བར། །དེ་ལ་བསླབ་པས་ཤེས་པར་འགྱུར། །ཞེས་སོ། །གཡས་གཉིས་གཡོན་གཉིས་ཀྱི་དབྱེ་བའི་ཐོག་ནས་གཡས་རྒྱང་ཞགས་ཆུའི་སྒྲོན་མ་དང་ཤེས་རབ་རང་བྱུང་གི་སྒྲོན་མ་གཉིས། གཡོན་ཐིག་ལེ་སྟོང་པའི་སྒྲོན་མ་དང་དབྱིངས་རྣམ་དག་གི་སྒྲོན་མ་གཉིས་ཐབས་ཤེས་ཟུང་དུ་འབྲེལ་བས་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཐབས་སྣང་བའི་འཆར་སྒོ་དང་། ཇི་ལྟ་མཁྱེན་པའི་ཡེ་ཤེས་ཤེས་རབ་སྟོང་བའི་རང་བཞིན་ཟུང་འཇུག་ཡ་མ་བྲལ་བར་སྤྱི་བོ་ཚངས་པའི་སྒོ་ཆེན་ནས་རིག་པ་རྟོག་མེད་ལྷག་མཐོང་ལུ་གུ་རྒྱུད་ཀྱི་ཐིག་ལེ་བརྩེགས་མར་སྣང་བའོ།།

༼ཁ འཆར་བྱེད་སྒྲོན་མ་དངོས་སོ་སོར་བསྟན་པས་རང་བཞིན་རྒྱས་པར་བཤད་པ།

ཀ༽ རྣམ་དབྱེ་སྤྱིར་བསྟན་པ།

གཉིས་པ་ལ་གཉིས་ཏེ། རྣམ་དབྱེ་སྤྱིར་བསྟན་པ་དང༌། རྣམ་གྲངས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི་སྒྲོན་མ་བཞི་སྟེ། རང་ཤར་ལས། སྒྲོན་མ་རྣམ་བཞི་འདི་ལྟ་སྟེ། །ཐིག་ལེ་སྟོང་པའི་སྒྲོན་མ་དང༌། །རིག་པ་དབྱིངས་ཀྱི་སྒྲོན་མ་དང༌། །ཤེས་རབ་རང་བྱུང་སྒྲོན་མ་དང༌། །རྒྱང་ཞགས་ཆུ་ཡི་སྒྲོན་མ་རྣམས། །སེམས་ཅན་ཀུན་ལ་སྣང་བའོ། །ཞེས་པ་དང༌། སྒྲོན་མ་འབར་བ་ལས། འདི་ཀུན་སྒྲོན་མ་རྣམ་བཞི་ཡིས། །སེམས་ཅན་ཀུན་གྱི་སྣང་བ་འཛིན། །རྒྱང་ཞགས་ཆུ་ཡི་སྒྲོན་མ་ཡིས། །གཟུགས་སོགས་ངོ་བོ་ཉིད་ཀྱིས་སྡུད། །ཤེས་རབ་རང་བྱུང་སྒྲོན་མ་ཡིས། །ཐེག་པ་རྣམས་ཀྱི་ཐེ་ཚོམ་གཅོད། །ཐིག་ལེ་སྟོང་པའི་སྒྲོན་མ་ཡིས། །འཁོར་འདས་བསྲེ་བའི་མཚམས་སྦྱོར་བྱེད། །དག་པ་དབྱིངས་ཀྱི་སྒྲོན་མ་ཡིས། །རྣལ་འབྱོར་ཉམས་ཀྱི་ས་བོན་འདེབས། །འདི་ཀུན་ཁྱད་པར་སྣང་བའོ། །ཞེས་སོ། །སེམས་ཅན་ཀུན་གྱི་སྙིང་ནང་ན་ཡེ་ཤེས་རིན་པོ་ཆེ་འཕེལ་འགྲིབ་མེད་པར་བཞུགས་པའི་གནད་ཀྱིས་འགྲོ་བ་ཀུན་ལ་ཐིག་ལེ་སྟོང་པའི་སྒྲོན་མ་དང་། རིག་པ་དབྱིངས་ཀྱི་སྒྲོན་མ་དང་། ཤེས་རབ་རང་བྱུང་གི་སྒྲོན་མ་དང་། རྒྱང་ཞགས་ཆུ་ཡི་སྒྲོན་མ་རྣམས་བཞུགས་པ་ཡིན། དེ་ལས་རྒྱང་ཞགས་ཆུ་ཡི་སྒྲོན་མ་ཡིས་གཟུགས་དང་སོགས་སྒྲས་སྟོན་པའི་དག་པའི་སྣང་བ་སྡུད་པ་དང་། ཤེས་རབ་རང་བྱུང་གི་སྒྲོན་མས་ཐེག་པ་རྣམ་དགུའི་ཐེ་ཚོམ་སོ་སོར་རང་རིག་པའི་ཡེ་ཤེས་ཀྱིས་ཆོས་ཉིད་ཟབ་མོའི་གནས་ལུགས་མངོན་དུ་བྱས་ནས་བཅད་པ་དང་། ཐིག་ལེ་སྟོང་པའི་སྒྲོན་མས་མ་དག་འཁོར་བའི་འཆར་སྒོ་དང་དག་པ་འོད་གསལ་གྱི་འཆར་སྣང་གཉིས་ཀའི་ས་མཚམས་འབྱེད་ཅིང་འབྲེལ་འཐུད་དེ་མ་དག་པ་ནས་དག་པའི་ས་རུ་སྦྱོར་བ་དང་། དག་པ་དབྱིངས་ཀྱི་སྒྲོན་མའི་འཕེལ་རིམ་གྱིས་རྣལ་འབྱོར་ཉམས་ཀྱི་རྟོགས་པ་མཐར་སོན་པའི་གོང་འཕེལ་གྱི་ས་བོན་སྐྲུན་པར་བྱེད་དོ།།

ཁ༽ རྣམ་གྲངས་བྱེ་བྲག་ཏུ་བཤད་པ།

ཀ རྒྱང་ཞགས་ཆུ་ཡི་སྒྲོན་མའི་རང་བཞིན་རྒྱས་པར་བཤད་པ།

གཉིས་པ་ལ་བཞི་སྟེ། རྒྱང་ཞགས་ཆུ། ཐིག་ལེ་སྟོང་པ། དབྱིངས་རྣམ་དག ཤེས་རབ་རང་བྱུང་གི་སྒྲོན་མའི་རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ལ་ངོ་བོ། ངེས་ཚིག མཚན་ཉིད། དབྱེ་བ། རྟེན། བཞུགས་ཚུལ། གནས། ཡུལ། དཔེ། གནད་དང་བཅུ་ལས། དང་པོ་ངོ་བོ་ནི། རྒྱང་ཞགས་ཆུའི་སྒྲོན་མའི་ངོ་བོས་སྣང་བ་གཉིས་ཀྱི་ཆ་འཛིན་པས་འཁོར་འདས་མཐུན་པར་ལྟ་བ་སྟེ། སྒྲོན་མ་འབར་བ་ལས། རྒྱང་ཞགས་ཆུ་ཡི་སྒྲོན་མ་ཡིས། །ངོ་བོ་སྣང་བ་གཉིས་ཀ་སྡུད། །མཐོང་བྱེད་འཛིན་ཆ་མ་འགགས་ཕྱིར། །གཉིས་ཀའི་ཆ་འཛིན་ལྟ་བས་ན། །འཁོར་འདས་མཐུན་པའི་ལྟ་བའོ། །ཞེས་སོ། །གཉིས་ཀྱི་ཆ་ཇི་ལྟར་འཛིན་ན་དབང་པོ་རྟེན་གྱི་ཆ་དེས་འཁྲུལ་སྣང་མཐོང་བས་རྒྱང་ཞགས་མ་དག་པ་ཆུའི་སྒྲོན་མ་དང་། བརྟེན་པ་འོད་རྩའི་ཆ་དེས་འོད་གསལ་གྱི་གདངས་ཡེ་ཤེས་ཀྱི་སྣང་ཆ་འཛིན་པས་རྒྱང་ཞགས་དག་པ་ཆུའི་སྒྲོན་མ་འཁོར་འདས་མཐུན་པའི་ལྟ་བའོ། །ངེས་ཚིག་ནི། མུ་ཏིག་ཕྲེང་བ་ལས། རྒྱང་ནི་སྒོ་ལྔའི་རྟ་ཕོ་ལ། །ཡིད་ཀྱི་རྣམ་ཤེས་ཞོན་ནས་རྒྱུ། །ཡུལ་རྣམས་ཀུན་ལ་འཇུག་ཅིང་སྡུད། །ཞགས་པས་བཟུང་བའི་ཡུལ་ཉིད་ནི། །འཛིན་པའི་སེམས་ཀྱིས་རྣམ་པར་བཟུང༌། །ཆུས་ནི་དྭངས་སྙིགས་འབྱེད་པར་བྱེད། །དེ་ཡང་གཉིས་ན་ཆ་མཉམ་སྟེ། །མདོར་ན་དབང་པོའི་དྭངས་མ་ཡིན། །ཞེས་དང༌། སྔ་མ་ལས། ངེས་པའི་ཚིག་ནི་འདི་ལྟ་བུ། །རྒྱང་ནི་རིང་བའི་རྒྱུད་འཛིན་པས། །གཟུགས་སུ་སྣང་བ་འཛིན་པ་དང༌། །ཁ་དོག་ལ་སོགས་སྡུད་པ་དང༌། །རིག་པའི་སྐུ་ཡང་རྒྱང་རིང་ནས། །མཐོང་བྱེད་འཛིན་པར་བྱེད་པ་དང༌། །འཁོར་བ་རྟོགས་པའི་ཆ་ནས་ནི། །རྒྱང་དུ་འཕེན་པས་རྒྱང་ཞེས་བྱ། །དེ་བཞིན་མ་རྟོགས་ཕྱོགས་ནས་ཀྱང༌། །མྱང་འདས་འཕེན་པས་རྒྱང་ཡིན་ནོ། །དེ་བཞིན་འཁོར་བའི་སྣང་ཆ་ནས། །གཟུགས་དང་འདོད་ཡོན་ལྔ་རྣམས་ནི། །འདི་ཡིས་འཆིང་བས་ཞགས་པ་ཡིན། །དབང་པོའི་ཡུལ་ལ་སྣང་བ་ཡིས། །དྲན་བསམ་བདག་ཏུ་འདིས་འཛིན་པས། །ཞགས་པ་ཞེས་ནི་རྒྱང་ནས་འཛིན། །དེ་བཞིན་ནམ་མཁའ་སྤྲིན་བྲལ་ལ། །རིག་པ་བདག་མེད་སྐུར་སྣང་བ། །སྣང་བ་ཡེངས་སུ་མི་འཇུག་པར། །འདི་ཡིས་འཛིན་པས་ཞགས་ཞེས་བྱ། །ཆུ་ནི་སྣང་བ་དེ་དག་ལ། །ཞེན་པ་རང་སར་ལོག་ནས་ནི། །ཀུན་ལ་ཆགས་པའི་སེམས་མེད་པར། །སྣང་བ་རང་སར་བཞག་པས་ནི། །བདག་འཛིན་བྲལ་བས་ཆུ་ཞེས་བྱ། །སྒྲོན་ནི་རང་གི་སྣང་བ་ཀུན། །གོང་ནས་གོང་དུ་འཕེལ་བ་ཡི། །རིག་པའི་ཡེ་ཤེས་གསལ་བས་སྒྲོན། །འབྱུང་བ་རགས་པའི་སྣང་བ་ཀུན། །རང་ཤེས་སྤྱོད་པ་འགག་མེད་ཅིང༌། །དབང་པོའི་རང་སྒོར་གསལ་བས་སྒྲོན། །རིག་པ་ཕྱི་ཡི་དབྱིངས་བཞག་པས། །ནང་དབྱིངས་རང་སར་དག་སྟེ་སྣང༌། །ཉམས་ཀྱི་སྣང་བ་འདིས་བསྐྱེད་པས། །དབྱིངས་རིག་འདྲེས་པས་མ་ཡང་ཡིན། །དབང་པོ་ཀུན་གྱི་དྭངས་མ་ཡི། །འཆར་བྱེད་སྒོ་ནི་མིག་ཡིན་པས། །ཀུན་གྱི་གཞི་འཛིན་མ་ཞེས་བྱ། །ཞེས་སོ། །འདིས་འཁོར་བའི་ཆ་འཛིན་པའི་ཕྱོགས་ནས་ཐག་རིང་རྒྱང་གི་གཟུགས་དེ་ཞགས་པས་འཛིན་པ་ལྟར་ཚུར་སྡུད་པར་བྱེད། དེ་བཞིན་དུ་ཕྱིའི་ཡུལ་རྐྱེན་བྲལ་གྱི་ནམ་མཁའ་ལ། རིག་པ་འོད་སྐུར་སྣང་བ་དེ་དག་པའི་ཆ་འཛིན་གྱི་ཞགས་པས་ཡེངས་སུ་མི་འཇུག་པར་འཛིན་པས་ནའང་རྒྱང་ཞགས་སོ། །དག་པའི་སྣང་བ་རིག་གདངས་འོད་གསལ་ཡེ་ཤེས་ཀྱི་སྒྲོན། འོག་གཞི་འཛིན་པའམ་མཐོང་བྱེད་དམ་སྐྱེད་བྱེད་ཀྱི་གཞི་ལྟ་བུ་ཡིན་པས་མ་ཞེས་ངེས་ཚིག་འགྲེལ་བའོ། །མཚན་ཉིད་ནི། གཟུགས་སྣང་འཛིན་རུང་དུ་སྐྱེས་པ་གང་ཞིག་ཡེ་ཤེས་ཀྱི་སྣང་བ་མཐོང་བས་འཁྲུལ་སྣང་འགགས་བྱེད་དུ་གནས་པ་སྟེ། ཐལ་འགྱུར་ལས། རྒྱང་ཞགས་སྒྲོན་མའི་མཚན་ཉིད་ནི། །ཁྱབ་པས་འཇུག་ལ་འཇུག་པས་ཁྱབ། །འབྱུང་བ་བཞི་དག་བྱེད་པར་གནས། །འཛིན་འཇུག་མཆེད་དང་བྱེད་པའོ། །ཞེས་དང༌། སྒྲོན་མ་འབར་བ་ལས། འདི་ཡི་མཚན་ཉིད་འདི་ལྟ་བུ། །འཆར་བྱེད་འགག་པ་མེད་པ་ཡི། །དབང་པོའི་དྭངས་མ་མིག་གི་སྒོར། །བསྐྱེད་པས་པད་མའི་སྤྱན་དུ་གནས། །རང་གི་མཚན་ཉིད་དབང་པོ་འཛིན། །འབྱུང་བ་ལས་ནི་འཕེན་པ་དང༌། །སྡུད་དང་འཛིན་དང་མཆེད་པར་སྣང༌། །ཡེ་ཤེས་ལས་ནི་ལྟ་བ་དང༌། །གནས་དང་གོང་མ་འཛིན་པའོ། །དབང་པོས་ཡུལ་དང་ཡུལ་ཅན་དང༌། །ཡུལ་མེད་རྣམས་ནི་རང་འཛིན་པའོ། །ཞེས་སོ། །འདིའི་དབྱེ་བའི་ཐོག་ནས་མཚན་ཉིད་བཞག་ན། གཟུགས་སྣང་འཛིན་རུང་དང་བཅས་པ་གང་ཞིག་བཟུང་ཞིང་སྡུད་པར་བྱེད་པ་མ་དག་འཁོར་བའི་ཆ་འཛིན་པའི་རྒྱང་ཞགས་ཀྱི་མཚན་ཉིད། འབྱུང་བཞི་དག་པའི་ཡུལ་མེད་འོད་གསལ་གང་ཞིག་ཡེངས་མེད་རང་གསལ་གྱི་ཉམས་འོག་ཏུ་ཆུབ་པ་དག་པ་མྱང་འདས་ཀྱི་ཆ་འཛིན་པའི་རྒྱང་ཞགས་ཀྱི་མཚན་ཉིད་དོ། །དབྱེ་ན་གསུམ་སྟེ། །འབྱུང་བའི་དྭངས་མ་འདུས་པའི་རྒྱང་ཞགས་དབང་རྟེན་དྭངས་པ་ཟར་མའི་མེ་ཏོག་ལྟ་བུ་དང༌། དབང་པོ་འདུས་པའི་རྒྱང་ཞགས་དབང་པོ་གཟུགས་ཅན་པ་གཟུགས་ལ་འཛིན་ནུས་སུ་སྐྱེས་པ་མིག་གི་དབང་པོ་དང༌། ཡེ་ཤེས་འདུས་པའི་རྒྱང་ཞགས་འོད་རྩ་དྭངས་པའི་རྩ་སྣ་འོད་གསལ་གྱི་སྣང་བ་མཐོང་བྱེད་དུ་གནས་པ་སྟེ། དེ་ཉིད་ལས། དབྱེ་བ་རྣམ་པ་གསུམ་ཡིན་ནོ། །འབྱུང་བའི་དྭངས་མ་རང་འདུས་པའི། །རྒྱང་ཞགས་ཆུ་ཡི་སྒྲོན་མ་དང༌། །ཡེ་ཤེས་འདུས་པའི་རྒྱང་ཞགས་དང༌། །དབང་པོ་འདུས་པའི་རྒྱང་ཞགས་སོ། །ཞེས་སོ། །རྟེན་ནི་རང་གནས་མིག་ལ་བརྟེན་ལ་མཐོང་བྱེད་ཀྱི་ཆ་དེ་སྣང་ཡུལ་དེ་ལ་བརྟེན་པས་དག་མ་དག་གཉིས་ལ་བརྟེན་པ་སྟེ། ཐལ་འགྱུར་ལས། རྒྱང་ཞགས་རྟེན་ནི་སྣང་བ་ལ། །དག་དང་མ་དག་བྱེ་བྲག་གིས། །ལས་དང་ཚོགས་པ་དག་དང་ནི། །སྐུ་དང་ཡེ་ཤེས་ཉིད་ལ་བརྟེན། །ཞེས་སོ། །སྣང་ཡུལ་དག་པ་དང་མ་དག་གི་ཆ་ལས་སྣང་ཆ་གཉིས་འཛིན་པས་སྣང་བྱེད་ཀྱི་ཆ་ནས་ཀྱང་དག་དང་མ་དག་གི་ཁྱད་པར་ཕྱེས་པའོ། །སྒྲོན་མའི་བཞུགས་ཚུལ་ནི་སྣང་བ་འཛིན་བྱེད་དུ་རང་གསལ་འགག་མེད་ཆེན་པོར་བཞུགས་ཏེ། སྒྲོན་མ་འབར་བ་ལས། གནས་དང་གོང་མ་འཛིན་པར་བཞུགས། །ཞེས་སོ། །གནས་ནི་དེ་ཉིད་ལས། འདི་ཡི་གནས་ནི་མིག་ཡིན་ཏེ། །མཐོང་བྱེད་འགག་པ་མེད་པ་ཡིས། །ཡུལ་རྣམས་འཛིན་པར་བྱེད་པ་ཡིན། །ཞེས་སོ། །དེས་གནས་སམ་རྟེན་བཤད་ནས་། ཡུལ་ནི་སྣང་ཡུལ་འཁྲུལ་བ་དེའི་དོན་རང་མཚན་གྱི་ཆ་སྟེ་དྭངས་མ་འདུས་པའི་ཡུལ་ལོ། །དེ་ལ་གཟུགས་ཞེས་མིང་གི་ཆ་དེ་དབང་པོའི་རྒྱང་ཞགས་ཀྱི་ཡུལ་ལོ། །འོད་སྣང་སྟོང་གཟུགས་ནི་ཡེ་ཤེས་ཀྱི་རྒྱང་ཞགས་ཀྱི་ཡུལ་ཏེ། དེ་ཉིད་ལ་བསླབ་པར་བྱ་བ་ནི། ཐལ་འགྱུར་ལས། རྒྱང་ཞགས་ཡུལ་ནི་གཟུགས་ལ་སོགས། །སྡུད་ཅིང་འཛིན་ལ་འཕེན་པར་བྱེད། །གནད་ཀྱིས་བཅིངས་དང་ཞགས་པ་དང༌། །དབང་པོ་སྒྱུར་དང་རྩ་བ་བཅད། །འདྲེན་ཅིང་གཟུགས་ལ་བསླབ་པར་བྱ། །རྒྱང་ནས་ཞགས་པས་འཛིན་ཚུལ་ལ་མ་དག་པའི་གཟུགས་སོགས་སྡུད་ཅིང་འཕེན་པར་བྱེད་པའི་བྱེད་བཅིངས་སྣ་ཚོགས་ཀྱིས་ཐམས་ཅད་དག་པའི་སྟོང་གཟུགས་ཡེ་ཤེས་ཀྱི་འོད་གདངས་ལ་བསྒྱུར་ནས་བསླབ་པའོ་ཞེས་པའི་དོན་ནོ། །ཞེས་སོ། །མཚོན་དཔེ་ནི་ལྕགས་ཀྱུ་ལྟ་བུ་སྟེ། མུ་ཏིག་ཕྲེང་བ་ལས། དཔེར་ན་འཛིན་བྱེད་ལྕགས་ཀྱུ་ལྟར། །ཞེས་པ་དང༌། སྒྲོན་མ་འབར་བ་ལས། དཔེར་ན་འཛིན་བྱེད་ལྕགས་ཀྱུ་ཡིས། །གང་སྣང་སྣ་ནས་འཛིན་པ་བཞིན། །འཁོར་དང་མྱ་ངན་འདས་པ་ཡི། །སྣ་གཉིས་འདི་ཡིས་འཛིན་པར་བྱེད། །ཅེས་སོ། །ཇི་ལྟར་ཉམས་སུ་ལེན་པའི་གནད་ནི། སྤྱིར་སྣང་ཡུལ་གཏད་དུས་རིག་པ་དལ་བ་རླུང་དལ་བ་ཡུལ་མི་རྟོག་པ་གསུམ་ཡིན་ལ། འདིར་མིག་མི་འགུལ་བ་གཙོ་བས་ལྟ་སྟངས་དང་སྦྱར་བ་སྟེ། ཐལ་འགྱུར་ལས། སྒྲོན་མའི་གནད་ནི་ངས་བཤད་ཀྱི། །ལྷ་བུ་སྐལ་ལྡན་ཁྱོད་ཉོན་ཅིག །ཡུལ་དང་རིག་པ་རླུང་དག་གིས། །ཆོས་ཉིད་ལམ་དུ་གཟུང་བའི་ཕྱིར། །ཡེ་ཤེས་རྫོགས་པས་ཆོས་ཉིད་དག །འདི་ཡང་སྒྲོན་མའི་གནད་ཡིན་ནོ། །རྒྱང་ཞགས་འགུལ་བ་མེད་པ་གནད། །འདི་དུས་ལྟ་སྟངས་གསུམ་དང་སྦྱར། །དངོས་གཞིའི་ཁྲིད་ཐོབ་ཟིན་པའི་ཉམས་མྱོང་ཅན་རྣམས་ཀྱིས་གཟིགས་སྟངས་གསུམ་གང་བྱས་ཀྱང་ཧ་ཅང་གཅུན་པ་མ་ཡིན་ཧ་ཅང་ལྷོད་ཆེས་པ་མ་ཡིན་པའི་ངོས་ནས་མིག་མི་འགུལ་བའི་ལྟ་སྟངས་བྱེད་དགོས་ལ། འདིའི་སྐབས་སུ་རླུང་གེགས་བསལ་བའི་ཆེད་དུ་སྐབས་སྐབས་སུ་ཧུར་སྒྲ་དྲག་པོ་དང་བསྟུན་ནས་རླུང་ཕྱིར་འཕེན་པ་ནི་ཞལ་ཤེས་ཀྱི་གནད་དོ། །ཁྲིད་པ་དབྱིངས་ཀྱི་གནད་ཟིན་སོ་ཞེས་པས་ཟུར་དང་སྟེང་འོག་གསུམ་དུ་དབྱིངས་ཕར་ཁྲིད་དུས་དལ་མོའི་སྒོ་ནས་ཁྲིད་པའི་སྐབས་མ་གཏོགས་མིག་མི་འགུལ་བར་བྱ། འདིའི་སྐབས་སུ་མིག་མི་འགུལ་བ་དང་གཅིག ཤེས་པ་དྭངས་སང་ཕྱེད་པ་དང་གཉིས། དྲན་རྟོག་ཐ་མལ་དུ་མ་སོང་བ་གསུམ་པོ་གནད་ཡིན། ད་རུང་འདིའི་སྐབས་ཀྱི་གནད་འགང་ཆེན་ཞིག་ལ་གཏད་པ་རྣམ་པ་གསུམ་གྱི་གོ་དོན་ལེགས་པོ་ཞིག་རྟོགས་ཐུབ་དགོས། དེ་གསུམ་ནི། ཕྱིའི་ཡུལ་ནམ་མཁའ་རྐྱེན་བྲལ་ལ་གཏད་པ། ནང་གི་ཡུལ་རིག་པ་དབྱིངས་སྒྲོན་ལ་གཏད་པ། གསང་བའི་ཡུལ་གཏད་མེད་ཆོས་སྐུ་ལ་གཏད་པ་དེ་གསུམ་པོ་ཚང་དགོས་སོ། །ཕྱིའི་ཡུལ་ནམ་མཁའ་རྐྱེན་བྲལ་ལ་གཏད་ཚེ་དབྱིངས་ཀྱི་དྭངས་ཕྱེད་དགོས། ནང་གི་ཡུལ་རིག་པ་དབྱིངས་སྒྲོན་ལ་གཏད་དུས་གཟུང་བ་རང་སར་འགག་དགོས། གསང་བའི་ཡུལ་གཏད་མེད་ཆོས་སྐུ་ལ་གཏད་དུས་འཛིན་པ་རང་བཞིན་མེད་པར་གྲོལ་དགོས་པའོ། །ཕྱིའི་ཡུལ་ནམ་མཁའ་རྐྱེན་བྲལ་ལ་གཏད་པས་དབྱིངས་ཀྱི་དྭངས་ཕྱེད་པས་མི་ཚད་ཡུལ་དང་ཡུལ་ཅན་གཉིས་ཀ་བསྲེ། ནང་གི་ཡུལ་རིག་པ་དབྱིངས་སྒྲོན་ལ་གཏད་དུས་གཟུང་བ་རང་སར་འགགས་པའི་ཐོག་ལ་ཤེས་པ་དང་ཤེས་བྱ་ནང་དུ་སྡུད་དེ་ཤེས་དང་ཤེས་བྱ་རོ་གཅིག གསང་བའི་ཡུལ་གཏད་མེད་ཆོས་སྐུ་ལ་གཏད་དུས་འཛིན་པ་རང་བཞིན་མེད་པར་གྲོལ་བ་དང་དུ་མ་རོ་གཅིག་བྱེད་པའོ། །འདིའི་གནད་འདི་དག་ཧ་མ་གོ་ཚེ་ཇི་ལྟར་བལྟས། ཇི་ལྟར་བསྒོམས་རུང་ཤེས་པ་ཕྱི་རུ་ལུས། གཟུང་ཡུལ་ཐ་མལ་དུ་སོང་། རིག་པ་ནང་དུ་གྱུར་ཏེ་འཛིན་བྱེད་རང་མཚན་པ་ཞིག་ཏུ་གོལ་ཚེ་གཟུང་འཛིན་ལས་མ་གྲོལ་བའི་སྟོང་གཟུགས་ཅི་ལྟར་ཕྱི་ལ་ཤར་ཡང་གོ་མི་ཆོད་ལ། ཤར་བ་ཕྱི་རུ་ཤར་བ་ཡིན་ཡང་གནས་པ་ནང་དུ་གནས། ནང་གདངས་ཕྱི་རུ་ཤར་བའི་ཚུལ་དུ་རྐྱེན་ལ་ལྟོས་ནས་ཕྱི་རུ་ཡོད་ཡོད་འདྲ་བ་དེ་ལ་དགོངས་ནས་ཕྱི་ཞེས་གསུངས་པ་ཙམ་ལས་དངོས་སུ་ཕྱི་རུ་ཡོད་ན་ཀུན་གྱི་མཐུན་སྣང་དུ་གྲུབ་པ་ཡིན་དགོས་སོ། །མདོར་ན་འདི་དུས་ལྟ་སྟངས་གསུམ་དང་སྦྱར་ནས་གསུངས་པས་གཟིགས་སྟངས་གཅུན་ནས་ལྟེམས་པ་དང་གཅུད་པ་དང་འཁྲིད་པ་རྣམས་ཀྱིས་ཉི་ཟླའི་རྟེན་ལ་བསླབ་པའི་ཚུལ་གཞུང་ནས་འཆད་འགྱུར་ལྟར་རོ། །ཞེས་སོ། །དེང་སང་ཚིག་དང་གྲགས་པའི་རྗེས་འབྲང་གི་སྐྱེ་བོས་ས་སྟེང་གང་བའི་དུས། གསང་བ་ཆེན་པོའི་མན་ངག་གི་གནད་བཤད་པ་བས། ལྷ་མཐོང་འདྲེ་མཐོང་བཤད་ན་མགུ་བསླ་བའི་དུས་ཡིན་པས། འདི་དག་ནི་ཟབ་པའི་གནད་མཐར་ཐུག་པ་གསང་བ་མན་ངག་སྡེའི་ཤིན་ཏུ་ཟབ་པའི་ཆོས་སྐོར་ཀློང་ཆེན་དགོངས་པའི་གསང་མཛོད་ནས་ཕྱུང་བ་ཡིན་ལ། འདིར་བཞུགས་ཚང་མ་དངོས་གཞིའི་ཁྲིད་ཐོབ་མྱོང་བ་དང་སྔོན་འགྲོའི་འབུམ་ལྔ་ཡོད་པ་ཤ་སྟག་མིན་ཡང་ལས་སྨོན་མཐུན་པའི་སྔོན་སྦྱངས་ཅན་ཡིན་པ་ནི། སྤྱིར་ན་རྫོགས་ཆེན་གྱི་ཆོས་ལ་མོས་པའི་གདུལ་བྱ་དེ་དབང་རྣོན་ཡིན་པ་དང་། དེ་ཡང་ཚེ་འདིའི་ཐོས་བསམ་སྦྱངས་པ་སྔོན་སོང་གི་དབང་རྣོན་མིན་པར། ལས་སྐལ་མཆོག་ཏུ་ལྡན་པའི་བསགས་པ་སྔོན་སོང་ཅན་བསྐལ་བ་མང་པོའི་ཚོགས་བསགས་ཅན་ཡིན་ངེས་ཏེ། ཀུན་མཁྱེན་ཆེན་པོས། འུ་བུ་ཅག་དཔོན་སློབ་རྣམས་ཆོས་ཅན་གསུངས་ནས་ཚུལ་གསུམ་བཀོད་ཅིང་། ཚེ་འདི་འམ་འཆི་ཁ་གྲོལ་ངེས་ཡིན་པའི་ཕྱིར་ཞེས་པའི་རྟགས་བཀོད་པ་དེ་རྟགས་ཡང་དག་ཡིན་དགོས་པའི་ཕྱིར། དེས་ན་ཆོས་སྒོ་ཧ་ཅང་དམ་ཆེ་ན་བསྟན་པའི་ཕྲ་ཉག་ལ་རང་རྐང་ཅན་གྱི་རྩ་བའི་ཆོས་བརྒྱུད་འདི་ཚོ་ཆད་པའི་ཉེན་ཁ་ཡོད་པ་སེལ་བའི་ཆེད་དུ། སྔོན་རིག་གནས་གསར་བརྗེ་ལ་སོགས་པའི་སྐབས་སུ་མི་ཚེའི་ཕྱེད་ཞིག་ལ་གནམ་ས་འགྲེ་ལོག་བརྒྱབ་ཀྱང་། ད་རུང་གང་ཟག་དམ་པ་འགའ་རེའི་རྒྱུད་ན་བསྟན་པའི་མེ་རོ་རེ་བཞུགས་པ་དེ་ཡར་གསོས་པ་ལྟ་བུའི་དགོས་དབང་ལ་བསམ་ནས་རྣམ་པ་ལྷན་རྒྱས་ལ་འདི་བཞིན་ཁྲིད་རྒྱུན་འབུལ་བ་ཡིན་པས། དེ་བཞིན་དུ་ཉམས་ལེན་མཛད་རྒྱུ་ནི་གལ་ཆེའོ།།


previousཉིན་བདུན་པའི་ཆོས་ཁྲིད། next