Nitartha Digital Library
Tibetan
 
previousཉིན་དགུ་བའི་ཆོས་ཁྲིད། next

ཉིན་དགུ་བའི་ཆོས་ཁྲིད།

ཇི་སྐད་དུ་རྒྱལ་བ་ཀློང་ཆེན་པས། ཁམས་འདུས་མེ་ཏོག་གི་ཕྲེང་ལྡན་ལས། དམ་པས་སྨད་ཅིང་ཆོས་མིན་སྡིག་སྤྱོད་འཕེལ། །གཡོ་སྒྱུ་ཁྲམ་གསུམ་ཕ་རོལ་བསླུ་བའི་གཞི། །འཆི་ཁར་འགྱོད་ཅིང་ཕྱི་མ་ངན་སོང་རྒྱུ། །འཇིག་རྟེན་མཐུན་འཇུག་འདི་ཉིད་མེད་ཀྱང་ལེགས། །ཞེས་གསུངས་པ་ལྟར། འཇིག་རྟེན་མཐུན་འཇུག་གི་མཐོན་པོའི་ངོ་མི་ལོན་དམའ་མོའི་མགོ་མི་ཁེབས་མཉམ་པའི་ངོ་ཡ་ཨེ་ཡོང་ལྟ་བ་ལ་སོགས་པ་ཆགས་སྡང་གི་བྱ་བཞག་འདི་ལ་དམ་པའི་སྐྱེས་བུ་ཐམས་ཅད་ཀྱིས་སྨད་ཅིང་བཙོག་ལྟ་མཛད་ཡུལ་ཞིག་ཡིན་ཏེ། རྗེ་བཙུན་མི་ལ་རས་པས། ཉེ་དུའི་གདུང་སེམས་བདུད་ཀྱི་མཁར། །བརྩིགས་ན་མེ་འོབས་ནང་དུ་ཚུད། །ཟས་ནོར་གྱི་གསོག་འཇོག་མི་ཡི་ནོར། །བསོགས་ཚད་དགྲ་བོའི་རྒྱགས་ཕྱེ་ཡིན། །ཞེས་གསུངས་པ་དང་འདྲ་བར་ཆོས་བརྒྱད་ཆགས་སྡང་རྨོངས་གསུམ་དང་འབྲེལ་བའི་འཇིག་རྟེན་གྱི་བྱ་བ་འདི་ལ་འབགས་ན་སྡིག་པའི་སྤྱོད་པ་རང་ཤུགས་ཀྱིས་འཕེལ་བ་ཡིན་ཏེ། དགྲ་ལ་གནོད་བསྐྱལ་བ་དང་གཉེན་ལ་ཕན་འདོགས་པ། རང་ཉིད་ཀྱི་ཁེ་དང་སྙན་གྲགས་ཟས་ནོར་ལོངས་སྤྱོད་སྒྲུབ་པའི་དོན་དུ་གཅིག་ཡོད་ན་དེས་མི་ཆོག་པར་གཉིས་དགོས་པ་དང་། གཉིས་ཡོད་པས་མི་ཆོག་པར་དེ་བས་བཟང་ཞིག་བསམ་ནས། ཡར་ལ་འདྲ་ཤག་ཤག་གི་རྫུན་བཤད། མར་ལ་བདེན་མདོག་མདོག་གི་ཁྲམ་གཏམ། འུ་ཚོས་སྒྲུང་བཤད་དུས། གློ་བ་གཏུབ་པའི་ཐུག་སྡོར་དེ། །ཁ་ན་ཡོད་དེ་མཐིལ་ན་མེད། །ངོས་གཏམ་ལྷ་བཟོའི་རི་མོ་དེ། །སྔུན་ན་ཡོད་དེ་རྒྱབ་ན་མེད། །ཅེས་པ་ལྟར་གཡོ་སྒྱུ་ཁྲམ་གསུམ་རྫུན་གྱི་འཁོར་ལོ་ཤ་སྟག་བསྐོར་ནས་འཇིག་རྟེན་ཚེ་འདིའི་བྱ་གཞག་གི་དོན་དུ་ཚེ་ཕྱི་མ་རླུང་ལ་བསྐུར་ནས་ཉིན་གྱི་སྣེ་ལ་ཉིན་མཐུད། ཟླ་བའི་སྣེ་ལ་ཟླ་བ་དང་། ལོའི་སྣེ་ལ་ལོ་མཐུད་དེ་མགོའི་སྐྲ་ཕྱེད་ཀྱི་མདོག་ག་འགྱུར་བ་ལ་ཐུག་ཀྱང་ཕྱི་མའི་བྲོ་ཆས་ཀྱི་གྲ་སྒྲིག་གི་ཕྱོགས་ཙམ་ལ་ཡང་འདང་མ་ཕོག་པར་གློ་བུར་དུ་འཆི་ནད་མགོ་ཐོག་ཏུ་ཐོན་དུས་འགྱོད་པས་མི་ཚད་ཕྱི་མ་ངན་སོང་གི་རྒྱུ་འབའ་ཞིག་བསྒྲུབས་ཚར་བ་འདི་སྐྲག་དངངས་ཅན་གྱི་གཞི་རྩ་ཞིག་རེད་ཡོད་པས། འཇིག་རྟེན་མཐུན་འཇུག་གི་བྱ་གཞག་གཉེན་ལ་ཆགས། དགྲ་ལ་སྡང་། ཐུན་མོང་དུ་གཏི་མུག་པ་ཡིན་པས། ལས་ལས་བཅས་བཅས་སྡིག་སྡུག་གི་གཞི་མར་གྱུར་པ་འདི་ལ་འདང་ཞིག་ཡང་རྒྱག་བྱས་ན་བྱ་བ་ཆེན་པོ་འཕྱུག་པའི་ལམ་དེ་ལ་ཡང་ཡང་དུ་འཇུག་མི་རིགས་པ་ནི་ད་ནི་རྨུས་པ་མ་གཏོགས་མྱོང་བ་མེད་པའི་ས་ཚོད་ལ་སླེབས་ཡོད་པས། ཚེ་རབས་གཏན་དུ་བདེ་བའི་ཐར་ལམ་ཞིག་བཙལ་རྒྱུ་ནི་སེམས་བསམ་བློའི་འདང་རྒྱག་ཡོད་པ་ཞིག་ཡིན་ཚེ་དེའི་ཕྱོགས་སུ་བསམ་བློ་ཞིག་མི་གཏང་ཀ་མེད་ཡིན། རང་རེ་ནི་ཐུབ་པའི་བསྟན་ཞབས་སུ་སྐྱེས། དེའི་བསྟན་རྗེས་ལ་ཞུགས། ཁྱད་པར་དུ་འུ་ཚོ་བོད་ཁ་བ་ཅན་གྱི་ལུགས་སྲོལ་ཆུང་བྱིས་པ་ལོ་བརྒྱད་ཀྱི་དུས་སུ་ཡང་། སྐྲ་སོར་གསུམ་བཅད་ན་བླ་ལུ་ལ་དབང་བ་དང་། སྐེད་འཁོར་གསུམ་བཏགས་ན་དཔོན་ལུ་དབང་བའི་དཔེ་ལྟར། གཙུག་སྐྲ་སོར་གསུམ་མཁན་སློབ་ལ་ཕུལ་ནས་རབ་ཏུ་བྱུང་བས་མི་ཚད། སོ་བྱང་སྔགས་གསུམ་གྱི་སྡོམ་པ་བླངས་ནས་མདོ་སྔགས་ཟུང་དུ་འབྲེལ་བའི་ལམ་འདི་ལ་ཞུགས་པ་ཡིན་ཞིང་། དེ་ཡང་། སྲིད་གསུམ་བདག་པོར་སྔར་ཡང་ལན་བརྒྱར་སྐྱེས། །ངུར་སྨྲིག་རྒྱལ་མཚན་འཛིན་པ་ད་རེས་ཙམ། །གསུངས་པས་འདི་སྔར་བསགས་བསོད་ནམས་བྱེ་བའི་རྒྱུས་བསྐྲུན་པ་ཞིག་ཡིན་པ་ནི་ཐེ་ཚོམ་མི་དགོས་པ་ཞིག་ཡིན་ལ། འདི་ལྟ་བུའི་རྟེན་བཟང་ལྷ་དང་བཅས་པས་མཆོད་འོས། རྒྱལ་བ་ཤཱཀྱ་སེངྒེའི་སྲས་སུ་གྱུར་པས་མ་རུངས་སྡིག་ཅན་ཀླ་ཀློ་ཞིག་མིན་པར་སྐྱེ་བོ་དཔྱོད་ལྡན་ཞིག་ཡིན་ན་གུས་བཀུར་ཞུ་ས། ཚེ་འདི་ཕྱི་གཉིས་ཀྱི་བློ་གཏད་བཅོལ་ཡུལ། རྒྱལ་པོ་ཡན་གྱི་བླ་མཆོད། རི་རབ་ཡན་གྱི་ཉི་ཟླ། ཞེས་པ་ལྟ་བུའི་དགེ་འདུན་པའི་བཞུགས་གྲལ་དཀོན་མཆོག་གསུམ་གྱི་གདུང་འཛིན་པའི་ཆོས་ཀྱི་རྒྱལ་མཚན་གྱི་བླ་རྟགས་བསྒྲེངས་ཏེ་ངུར་སྨྲིག་གི་རྟགས་བཅངས་ནས་འགྲོ་བཞིན་ཡོད་ན། དེ་འདྲ་བ་ལ་ཆོས་སེམས་ཙམ་ཞིག་ཡོད་མེད་དང་། དགེ་ངོ་སྡིག་ངོ་ཤེས་མི་ཤེས་ཀྱི་ཕྱོགས་ནས་བཤད་དར་ཐབས་དང་ལོ་ཐབས། བཤད་པའི་སྲོལ་ཞིག་ག་ལ་ཡོད། དེའི་ཕྱོགས་ལ་བསམ་བློ་གཏོང་ཅི་དགོས་བསམ་པ་ཞིག་ཡིན་ཡང་། ད་ལྟ་ནི་དུས་སྙིགས་མ་ཡིན་ཞིང་དེ་དང་མཐུན་པར་ཚེ་དང་ཉོན་མོངས་ཀྱང་སྙིགས་ཤིང་། སྒོས་སུ་ལྟ་བའི་སྙིགས་མ་ལ་ཁེལ་ནས། མར་འགྲིབ་བསྟན་པ་ཉམས་པའི་རྟགས་དེ་ཡང་ཆོས་འཆད་པ་པོ་རང་ཉིད་ཀྱི་ནང་ནས་འབྱུང་བའི་ཚུལ་ནི། ང་མིན་ང་འདྲ་ཞིག་གིས་བསྟན་པ་བཤིག་པའི་ལུང་བསྟན་དང་ཉེ་བའི་རྟགས་མཚན་མངོན་སྲིད་པ་ཡིན་ཏེ། དེ་རིང་ཁ་རྩང་ཡང་སྒོས་རང་གཟུགས་ཀྱི་གྲིབ་མ་ཡིན་ཡང་ཡིད་མི་ཆེས་པའི་དུས་ཚོད་ཡིན་པ་རེད། དེས་ན་ཆོས་སེམས་ཡོད་ནས་ཆོས་སྒོ་ལ་ཞུགས། འཇིག་རྟེན་སྤངས་ནས་རབ་ཏུ་བྱུང་། ཁྱིམ་ལ་མི་དགའ་བར་བསམས་ནས་དགོན་དུ་བསྡད། དེས་མི་ཚད་པར་ཆོས་འཆད་ཉན་གྱི་གྲལ་དུ་ཞུགས་པ་འདི་ལྟ་བུ་ཡིན་ཡང་། ཆོས་ཐོས་པ་ཆུད་ཟོས་སུ་མ་སོང་བར་ཐོས་དོན་ཡིད་ལ་བཞག་ནས་བསམ་པས་ཞུན་མཐར་བཅད། བསམ་དོན་སྒོམ་པས་རང་རྒྱུད་ལ་སྦྱར་ནས་ཉམས་སུ་ལེན་པའི་བྱ་བ་མགོ་མཐའ་བར་གསུམ་ཐམས་ཅད་ཆ་མཚུངས་ཤིག་ཡོང་བ་ནི་དཀའ་མོ་ཞིག་ཡིན་ལ། དེའི་རྩ་བ་རྒྱུ་མཚན་དེད་ནས་སོང་ན། ཁ་སང་ད་ཞག་རང་རེས་བཤད་པའི་དང་པོ་བློ་ཆོས་སུ་འགྲོ་བ་གནད་ཆེ་ཞིང་། བར་དུ་ཆོས་ལམ་དུ་འགྲོ་དགོས་པ་དང་། ཐ་མར་ལམ་གྱི་འཁྲུལ་བ་སེལ་དགོས་ཤིང་། ཡང་མཐར་འཁྲུལ་བ་ཡེ་ཤེས་སུ་འཆར་དགོས་པ་སྟེ། དེ་བཞི་བོ་འགྲུབ་དུས་ཆོས་འགྲུབ་ཟེར་བ་ཡིན་པས་ཆོས་བཞི་བོ་འདི་ལ་བློ་སྦྱོང་དང་། ཆོས་བཞི་བོ་འདི་ལ་ཉམས་ལེན་ཞིག་བྱས། ཆོས་བཞི་བོ་འདིས་རང་རྒྱུད་ཞུ་དག་བྱེད་པའི་ཚད་ཤིང་ཞིག་འཕངས་ན། ཆོས་འགྲུབ་ཀྱིན་ཡོད་མེད་ཧ་གོ་བྱེད། རང་ཉིད་ཆོས་པ་ཡིན་དང་ཆོས་བརྫུ་མཁན་ཞིག་རེད་ཀྱིན་ཡོད་མེད་ལྟ་བྱེད་ཀྱི་མེ་ལོང་དང་འདྲ་བ་དང་། རང་རྒྱུད་བྱི་དོར་བྱེད་སྤྱད་ཀྱི་བྱེད་ཐབས་མཆོག་ཏུ་གྱུར་པ་ཞིག་ཡིན་པས་འདི་བཞི་བོའི་ཕྱོགས་ནས་ཐུགས་གསོས་ཞུས་པ་ཡིན། དང་པོ་བློ་གཏད་ས་མ་ནོར་བར་ནང་བ་སངས་རྒྱས་པའི་ཆོས་སྒོ་ལ་ཞུགས། དེ་ནས་ལམ་མ་ནོར་བར་ཐེག་ཆེན་མདོ་སྔགས་ཀྱི་ཆོས་ལམ་ལ་ཞུགས། དེའི་ནང་ནས་ཀྱང་ཁྱད་པར་དུ་གྱུར་པའི་གསང་སྔགས་ཀྱི་ཉེ་ལམ་འཇུག་སྒོ་སྨིན་བྱེད་ཀྱི་དབང་ནས་བཟུང་སྟེ། གྲོལ་བྱེད་ཁྲིད་ཀྱི་རིམ་པ་ཉམས་ལེན་མཐར་ཆགས་སུ་བྱེད་པའི་ལམ་སྲོལ་འདི་ལྟ་བུ་ལ་ཞུགས་པ་ཡིན་པས། ད་གང་ནས་ནོར་འགྲོ་བསམ་པ་ལྟ་བུ་ཞིག་ཡིན་ན་ཡང་། ཡང་གཅིག་བྱས་ན་གནད་ཀྱི་ཟབ་ས་གདིང་གི་ཆེ་ས་ལ་ཐུག་ཅིང་ཐུག་ལ་གཟབ་དགོས་ས་མང་སྟེ། གོལ་ས་ནོར་ས་ཤོར་ས་ཡི་འཕྲང་ལམ་མང་པོ་ལ་ཐུག་རྒྱུ་ཡོད་པ་ཡིན་། དེ་མེད་ན་སྒོམ་ཆེན་ལ་ལ་ཅིའི་ཕྱིར་སྨྱོ་རུ་འགྲོ། དེ་མེད་ན་དང་པོར་རི་ཁྲོད་དུ་འགྲིམས་འགྲིམས་ནས་ཐ་མར་མི་ནག་སྡིག་ལས་དང་འབག་མཁན་ཅིའི་ཕྱིར་རེད་འགྲོ། དེ་མེད་ན་ཉན་ཐོས་ཀྱིས་རང་དོན་ཞི་བདེ་གཉེར་ནས་འགོག་པའི་སྙོམས་འཇུག་ལ་གནས་དགོས་དོན་ཡང་མེད་པའི་ཕྱིར་དང་། ལྷ་བསྒོམས། སྔགས་བཟླས། བཟླས་པའི་གྲངས་ཚད་ཀྱང་འཁྱོལ་ཡང་རྫོགས་རིམ་གྱིས་མ་འདང་ནས་འདྲེ་ངན་རྒྱལ་འགོང་སྟོབས་ཅན་དུ་སྐྱེས་པས་སྐྱེ་འགྲོའི་སྲོག་དང་བླ་ཚེ་བརྐུས་ནས་མཐའ་མར་མནར་མེད་ཀྱི་དམྱལ་བ་ནས་ཡར་ཐར་མེད་པ་དེ་ཚོ་ཐམས་ཅད་ཀྱིས་ལམ་གྱི་འཁྲུལ་བ་མ་སེལ་བ་དང་། འཁྲུལ་བ་ཡེ་ཤེས་སུ་མ་གྱུར་བའི་དབང་གིས་དེ་ལྟར་གྱུར་སོང་བ་ཡིན། འཁྲུལ་བ་ཡེ་ཤེས་སུ་དག་དགོས་ན་འཁྲུལ་བ་སེམས་ཡིན་པས་སེམས་དག་ན་སངས་རྒྱས་སུ་འགྱུར་ཏེ། སྤྱིར་སངས་རྒྱས་དང་སེམས་ཅན་ལག་པའི་ལྟོ་རྒྱབ་བཞིན་དུ། འཁྲུལ་མ་འཁྲུལ་གཉིས་ཀ་སེམས་དང་ཡེ་ཤེས་ཀྱི་ཁྱད་པར་སོང་བ་ཙམ་ཡིན། འཁྲུལ་བ་ཡེ་ཤེས་སུ་འཆར་བ་འདི་ལ་གནས་སྐབས་དང་མཐར་ཐུག་གི་ལམ་དཀའ་སླ་ཐག་ཉེ་རིང་མང་པོ་ཞིག་བརྒྱུད་དགོས་པས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཐེག་པའི་རྣམ་གྲངས་ཀྱང་མང་པོར་གསུངས་ཡོད། དེ་ཡང་གདུལ་བྱ་ལ་བསྟུན་ནས་སྟོན་པས་ལམ་དེ་ལྟ་བུ་མང་པོ་ཞིག་མ་བསྟན་ཐབས་མེད་པ་བྱུང་བ་ཡིན་ཏེ། འཁྲུལ་བ་ནི་མ་རིག་པའི་དབང་ལས་བྱུང་བ་ཡིན་ཞིང་། སྲིད་རྩ་བདག་འཛིན་གྱི་དབང་གིས་ལས་ཉོན་བྱུང་བ་དང་། ལས་དེ་ཡང་ཉོན་མོངས་ཀྱིས་བསྐྱེད་ཡོང་བ་ཡིན་པས། ཉོན་མོངས་དེ་དང་གཡུལ་སྤྲད་ནས་སུ་ཁེ་སུ་ཕམ་གྱི་གཉེན་པོ་བསྟེན་ནས་འདུལ་རྒྱུ་ཞིག་དང་། ལམ་གྱིས་སྦྱང་རྒྱུ། ཐབས་ཀྱིས་བསྒྱུར་རྒྱུ། མ་སྤངས་དབྱིངས་སུ་དག་རྒྱུ་ལ་སོགས་པ་མདོར་ན་གང་ལ་གང་གིས་འདུལ་བ་དང་། གང་ལ་གང་འདོད། གང་གིས་གང་འདུལ་གྱི་ལམ་ལ་བརྟེན་ནས་དུག་ལྔའི་འཁྲུལ་བ་དག་ཐབས་བྱེད་དགོས་པའོ། །ལམ་མྱུར་མོ་དང་དལ་མོ་གང་ལ་བརྟེན་ཡང་མཐར་ཐུག་གི་འབྲས་བུ་ནི་དག་པ་གཉིས་ལྡན་སྐུ་གསུམ་ཆོས་སྐུ་ལ་རོ་གཅིག་པའི་དབྱིངས་ཀྱི་སྐུ་སྟེ་སྐུ་གསུམ་ཡེ་ཤེས་ལྔ་ཡི་བདག་ཉིད་ངོ་བོ་ཉིད་སྐུའམ་ཡེ་ཤེས་ཆོས་སྐུ་རྟག་ཆད་འདུས་མ་བྱས་ཤིང་འཕོ་འགྱུར་མེད་པ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་དེ་ཉིད་ཡིན་ལ། དེ་ལས་ཡེ་ཤེས་དང་འཕྲིན་ལས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་སྐུ་དང་སྤྲུལ་སྐུའི་རོལ་བས་ས་གནས་ཀྱི་སེམས་དཔའ་དང་འགྲོ་བ་གཞན་གྱི་སྣང་ངོར་གང་ལ་གང་འདུལ་དུ་སྣང་ནས། སྲིད་པ་ཇི་སྲིད་དུ་འགྲོ་དོན་འཕྲིན་ལས་རྒྱུན་མི་ཆད་པ་ནི་ཡིད་བཞིན་ནོར་བུ་དང་དཔག་བསམ་གྱི་ལྗོན་ཤིང་བཞིན་དུ་འགྲོ་བའི་རེ་བ་སྐོང་པ་སྟེ། འཁྲུལ་བ་ཡེ་ཤེས་སུ་དག་པའི་བྱ་བ་ཡོངས་སུ་གྲུབ་ཅེས་པ་ནི་དེའི་དུས་སོ། །དེ་ལྟ་བུའི་ལམ་དེ་ཉིད་མཐར་ཕྱིན་པར་བྱ་བ་ནི་ཆོས་ཞུས་པའི་དམིགས་འབེན་ཡིན་པས། རྩ་བ་གང་ནས་བཤད་ཀྱང་འཁྲུལ་བ་ཡེ་ཤེས་སུ་དག་ཅེས་པའམ་འཁོར་བ་མྱང་འདས་སུ་བསྒྱུར་བ་དེ་ཡིན། དེས་ན་རྣམ་ཤེས་ཡེ་ཤེས་སུ་དག འཁྲུལ་སྣང་དག་སྣང་དུ་ཤར་ཏེ་རང་རྒྱུད་ལ་འགྱུར་བ་ཆེན་པོ་ཞིག་ཐེབས་དགོས་པ་ཡིན་པས། དམིགས་བཅས་བསོད་ནམས་ཀྱི་ཚོགས་དང་དམིགས་མེད་ཡེ་ཤེས་ཀྱི་ཚོགས་གཉིས་ཀ་བསགས་པའི་སྒོ་ནས་བསྒྱུར་དགོས་པ་ནི། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས། བདག་ཉིད་དང་ནི་འཇིག་རྟེན་འདིས། བླ་མེད་བྱང་ཆུབ་ཐོབ་འདོད་ན། །དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང་། །ཕྱོགས་མཐས་གཏུགས་པའི་སྙིང་རྗེ་དང་། །གཉིས་ལ་མི་བརྟེན་ཡེ་ཤེས་ལགས། །གསུངས་པ་ལྟར། སྙིང་རྗེ་ལ་བློ་སྦྱོང་བ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་། སྤྲོས་བྲལ་རྣམ་པར་མི་རྟོག་པའི་ངང་དུ་མཉམ་པར་འཇོག་པ་དོན་དམ་བྱང་ཆུབ་ཀྱི་སེམས་ཏེ། དེ་གཉིས་ལ་མ་བརྟེན་པའི་ཐབས་གཞན་མེད་དོ། །དེས་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་དང་མ་ལྡན་ན་མྱ་ངན་ལས་འདས་པའི་སར་ཐོན་ཐབས་མེད་པས་མ་ཚད། ཐེག་པ་ཆེན་པོའི་ལམ་ཙམ་ཞིག་ལ་ཆུད་ཡོད་མེད་ཀྱི་རྩ་བ་ཡང་སེམས་བསྐྱེད་ལ་ཐུག་ཡོད་པ་དེ་ལྟ་བུ་ཡིན། དེ་ཡང་བྱམས་དང་སྙིང་རྗེ་ལ་རག་ལས་པས། གཞན་དོན་གྱི་རྩ་བ་བྱམས་སྙིང་རྗེ་ལ་ཐུག་པ་ཡིན་ཕྱིར་མཐར་ཐུག་གི་སངས་རྒྱས་ཀྱི་འཕྲིན་ལས་ཀྱང་། དམིགས་པ་མེད་པའི་སྙིང་རྗེས་གཞན་དོན་མཛད་པ་ལས་གཞན་དུ་སངས་རྒྱས་ཀྱི་ཕྲིན་ལས་ཞེས་པའང་མེད་དོ། །ལས་དང་པོ་པ་ཞིག་གིས་ཐོག་མ་ཉིད་ནས་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་ཞིག་བསག་དགོས་བསམ་ཡང་དོན་དམ་བྱང་ཆུབ་ཀྱི་སེམས་ཇི་བཞིན་པ་ཞིག་རྒྱུད་ལ་སྐྱེར་མི་བཏུབ། སོ་སོ་སྐྱེ་བོའི་རྒྱུད་ལ་སྐྱེ་ངེས་པ་ཅན་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཡིན་པས། ཚིག་བརྒྱ་བཤད་ཀྱི་སྙིང་པོ་མདོར་ན་དང་པོ་བློ་ཆོས་སུ་འགྲོ་ཐབས་དང་། དེ་ནས་ཆོས་ལམ་དུ་འགྲོ་ཐབས་དང་། དེ་རྗེས་ལམ་འཁྲུལ་བ་སེལ་ཐབས་དང་། མཐར་འཁྲུལ་བ་ཡེ་ཤེས་སུ་འཆར་ཐབས་ཏེ། དེ་ཐམས་ཅད་ཀྱི་རྩ་བ་གང་ལ་ཐུག་ན་དང་པོ་བྱམས་དང་སྙིང་རྗེའི་བློ་དང་མ་བྲལ་བའི་སྒོ་ནས་ཀུན་རྫོབ་སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། འཇུག་པའི་བསླབ་བྱ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད། དེ་ནས་རྫོགས་ཆེན་ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་གྱི་ཉམས་ལེན་ལ་རྡོ་རུས་གཏུག་ནས་ཉིན་མཚན་ཁ་སྦྱོར་བྱས་ན་ཡུན་རིང་མི་འགོར་བར་ལོ་དང་ཟླ་བས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མཉམ་དུ་རྫོགས་ནས་འདི་དང་ཕྱི་མ་གང་རུང་ལ་དོན་གཉིས་འགྲུབ་པའི་རྒྱལ་སྲིད་འཛིན་ཐུབ་པ་ཡིན། དེ་ལྟ་བུའི་བརྩོན་པའི་སྙིང་སྟོབས་ཀྱི་སྒོ་ནས་མཐའ་ཡས་མ་རྒན་གྱི་འགྲོ་ཚོགས་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་སྒྲོལ་བའི་ཐུགས་འདུན་དང་བཅས་ཏེ། གང་ཞིག་གསན་པར་བྱ་བའི་ཆོས་ཀྱི་རིམ་པ་ནི་གསང་བ་བླ་ན་མེད་པ་འོད་གསལ་རྡོ་རྗེ་སྙིང་པོའི་གནས་གསུམ་གསལ་བར་བྱེད་པ་ཚིག་དོན་རིན་པོ་ཆེའི་མཛོད་འདི་ཉིད་འཆད་པ་ལ། གཞི་དང་འཁྲུལ་ཚུལ་ཁྱབ་ཚུལ་དང༌། །གནས་དང་ལམ་དང་སྒོ་དང་ཡུལ། །ཉམས་ལེན་ཚད་དང་བར་མ་དོ། །གྲོལ་ས་ཉིད་དང་བཅུ་གཅིག་གོ །ཞེས་གསུངས་པའི་རྡོ་རྗེའི་གནས་བཅུ་གཅིག་གིས་ཆིངས་སུ་བཅིངས་ནས་བཤད་པའི་སྐབས་ནས། གནས་དྲུག་པ་ཡན་ཆོད་ཆ་ཚང་བཤད་གྲུབ་པ་སྟེ། དེ་ཡང་རྒྱལ་བའི་བཀའ་དྲི་མ་མེད་པ་རྡོ་རྗེ་འཆང་གི་དགོངས་པ་གསང་ཆེན་སྙིང་པོའི་རྒྱུད་ཆེན་རྣམས་ཀྱི་ལུང་ཚད་མ་དང་། མཁས་པས་ཉམས་སུ་བླངས་ཤིང་གྲོལ་བའི་དཔང་པོ་ཡོད་པའི་རྒྱལ་བ་ཀློང་ཆེན་པའི་རང་བྱུང་དགོངས་པའི་གསང་མཛོད་ནས་ཀློང་རྡོལ་བའི་མན་ངག་ཚད་མ་དང་། དེ་གཉིས་ཀ་དང་རྗེས་སུ་མཐུན་པའི་དཔྱད་གསུམ་དག་པའི་རིགས་པ་ཚད་མ་སྟེ། དེ་ཡང་ཆོས་ཉིད་ཀྱི་རིགས་པས་གཏན་ལ་ཕབ་པའི་བཤད་པ་སོང་ནས་དེ་རིང་གནས་བདུན་པ་ཡུལ་བཤད་པའི་སྐབས་ནས། ཡུལ་གྱི་གནད་སྤྱིར་བསྟན་པ་དང་། སྒྲོན་མའི་གནད་བྱེ་བྲག་ཏུ་བཤད་པ་དང་། དབྱིངས་རིག་གི་གནད་གཏན་ལ་འབེབས་པ་སྟེ། རྩ་བའི་ས་བཅད་ཆེན་པོ་གསུམ་གྱིས་འཆད་པ་ལས་དང་པོ་ཡུལ་གྱི་གནད་སྤྱིར་བསྟན་པ་སོང་ནས།

༼ཁ༽ སྒྲོན་མའི་གནད་བྱེ་བྲག་ཏུ་བཤད་པ།

༼ཀ སྔོན་འགྲོ་བཤད་པ།

དེ་རིང་དོན་གཉིས་པ་སྒྲོན་མའི་གནད་ལ་གསུམ་སྟེ། སྔོན་འགྲོ། །དངོས་གཞི། རྗེས་སོ། །དང་པོ་ནི། སྤྱིར་འཁོར་བའི་བྱ་བ་སྤངས་ལ་དབེན་པར་གནས་པ། བྱེ་བྲག་ཏུ་ཞག་ཉི་ཤུ་རྩ་གཅིག་གི་བར་ལ་ཕྱིའི་བྱ་བ་ཐམས་ཅད་སྤང་ནས་མཚམས་དམ་པར་བཅད་དེ་བླ་མ་དང་མཁའ་འགྲོ་མཆོད་ནས་རྒྱ་མཚོ་ཨར་གཏད་ཀྱི་མུན་ཁྲིད་ལ་འཇུག་པས། སྒོམ་ཁང་མུན་པས་བརྒྱན་པར་གཅིག་པུར་མི་གཡོ་བ་གསུམ་གྱིས་གནས་པ་སྟེ། འདི་ནི་མུན་པའི་རྣལ་འབྱོར་དང་སྦྲགས་ནས་གསུངས་ལ། ཞག་ཉེར་གཅིག་གསུངས་པ་ནི་བདུན་ཚན་གསུམ་གྱི་རིང་ལ་སྒོ་གསུམ་གྱི་བྱ་བ་དགུ་ཕྲུགས་སུ་བཏང་ན་རྒྱུད་རྣལ་དུ་ཕེབས་པ་ཡིན་པས་སོ། །ཐལ་འགྱུར་ལས། སྒྲོན་མ་ལྟེམས་པ་འདི་ལྟ་སྟེ། །དད་ལྡན་འཁོར་བའི་ཡིད་བྲལ་བས། །བླ་མ་མཆོད་དང་གཏོར་མ་བྱ། །འཁོར་བའི་འབྲེལ་བ་ཀུན་སྤངས་ལ། །དབེན་པའི་ཕྱོགས་སམ་དུར་ཁྲོད་དུ། །གྲོགས་སྤངས་གཅིག་པུར་གནས་པར་བྱ། །ཞེས་སོ། །རྒྱ་མཚོ་ཨར་གཏད་ཀྱི་མུན་ཁྲིད་འདི་མིག་ལ་ཟུག་པའི་འོད་རྩ་རྒྱང་ཞགས་ཆུའི་སྒྲོན་མ་ལ་རྒྱ་མཚོ་ཞེས་པའི་སྒྲས་བསྙད་པས། མི་གཡོ་དྭངས་པ་རྒྱ་མཚོ་ལྟ་བུ་དང་རྒྱ་མཚོ་ཅོག་བཞག་ཅེས་གསུངས་པའི་གནད་དང་འདྲ་ལ། རྒྱ་མཚོ་དྭངས་པ་ལ་གཟའ་སྐར་གྱི་གཟུགས་བརྙན་གསལ་བ་ལྟ་བུའི་རྒྱང་ཞགས་ཀྱི་གནད་དང་བསྟུན་ནས་ཐོད་རྒལ་གྱི་འཆར་སྣང་མངོན་དུ་བྱེད་པའི་ཐབས་ཁྱད་པར་བ་ཞིག་ཡིན་ལ། འདིའི་སྔོན་འགྲོ་ལ་སྤྱིར་དབེན་པར་གནས་པ་དགོས་པ་དང་། བྱེ་བྲག་ཏུ་ཞག་ཉེར་གཅིག་གི་བར་དུ་ཐོད་རྒལ་སྤྱི་དང་འདྲ་བར་སྒོ་གསུམ་གྱི་བྱ་བ་དགུ་ཕྲུགས་སུ་བཏང་ནས་ལུས་སེམས་ལྷོད་ལ་ཕབ་དགོས་སོ།།

༼ཁ དངོས་གཞི་བཤད་པ།

ཀ༽ རྩོལ་མེད་ཀྱི་རྣལ་འབྱོར།

ཀ རང་གདངས་ནམ་མཁའི་རྣལ་འབྱོར།

དངོས་གཞི་ལ་རྩོལ་མེད་དང༌། རྩོལ་བཅས་གཉིས་རྩོལ་མེད་ལའང་རང་གདངས་ནམ་མཁའ་ལམ་དུ་བྱེད་པའི་རྣལ་འབྱོར་དང༌། རང་གནད་རྒྱ་མཚོའི་རྣལ་འབྱོར་གཉིས་ལས། དང་པོ་ནི་ལྟ་སྟངས་དང་གཟིགས་སྟངས་གསུམ་བསྟུན་ཏེ་སྨིན་མཚམས་ནས་སོར་བཅུ་གཉིས་ཀྱི་ཚད་ཀྱི་ནམ་མཁའ་ལ་མིག་མི་འགུལ་སེམས་མ་ཡེངས་རླུང་རབ་ཏུ་དལ་བ་གསུམ་གནད་དུ་བསྣུན་པ་སྟེ། སྒྲོན་མ་སྣང་བྱེད་ལས། མཚན་དུས་རང་གི་གནས་ཁང་དུ། །ཉིན་མོ་བཞིན་དུ་རྟག་ཏུ་བལྟ། ཞེས་སོ། །དེ་ལ་དང་པོ་དུ་བ་ལྟ་བུ་དང༌། སྤྲིན་དཀར་པོ་ལང་ལོང་ལྟ་བུ་དང༌། སྨིག་རྒྱུ་ལྟ་བུ་དང༌། སྐར་མ་ལྟ་བུ་དང༌། མེ་སྟག་ལྟ་བུ་དང༌། མར་མེ་ལྟ་བུ་དང༌། མཐིང་ག་ཁྱབ་པ་ཆེན་པོའི་འོད་རེ་ཁཱ་ནག་པོའི་རྣམ་པ་ན་རོ་ལྟ་བུ་མཐོང་སྟེ། འོད་ཟེར་དང་ཐིག་ལེ་དང་དབྱིངས་རིག་གི་སྟོང་གཟུགས་ཚད་མེད་པ་འཆར་རོ། །ཆོས་ལོངས་སྤྲུལ་སྐུའི་བཞུགས་སྟངས་གསུམ་དང་། དེའི་གཟིགས་སྟངས་རྣམ་གསུམ་གནད་དུ་བསྣུན་པས། སྒྲོན་མ་རང་ལ་ཡོད་པའི་གནད་ཀྱིས་སྟོང་གཟུགས་ཀྱི་འཆར་སྣང་གསལ་ཞིང་། རང་ལུགས་ཀློང་ཆེན་སྙིང་ཐིག་པས་དབུགས་སྣ་ནས་མི་བཏང་བར་ཁ་ནས་དྲངས་པ་དང་། རིག་པ་གཡོ་མེད་ཀྱི་ཧུར་ཕྱུངས་ན་རིག་གདངས་ཀྱི་འཕེལ་ཆ་ཚད་དུ་ཕྱིན་པ་དང་། རིག་གདངས་གསལ་བའི་འོད་གསལ་གྱི་ཆ་ལས་སྐུ་ཐིག་གི་སྣང་བ་འཆར་བ་ལས་རླུང་གདངས་འཕེལ་འགྲིབ་ཅན་གྱི་ཉམས་མི་འོང་བས་གེགས་མེད་པར་མཆོག་ཏུ་བསྔགས་པ་ཡིན་ནོ། །སྟོང་གཟུགས་རྟགས་བཅུ་ཞེས་པ་རྒྱུད་གཞན་ལས་གསུངས་པ་དང་མིང་འདྲ་ཡང་རླུང་གདངས་དང་རིག་གདངས་ཀྱི་ཁྱད་པར་ལས་འཆར་ལུགས་མི་འདྲའོ།།

ཁ རང་གནད་རྒྱ་མཚོའི་རྣལ་འབྱོར།

གཉིས་པ་རྒྱ་མཚོའི་རྣལ་འབྱོར་ནི་འདི་རྩོལ་བཅས་དང་འདྲ་བ་ལྟར་སྣང་ཡང་རྩོལ་བཅས་དངོས་འོག་ནས་འབྱུང་ཞིང་ལྟ་སྟངས་དང་གཟིགས་སྟངས་རླུང་གནད་གསུམ་བསྟུན་ལ་མཐེབ་མཛུབ་གསུམ་གྱིས་མི་བྱ་བར་གཉིས་ཀྱིས་ཙཀྵུའི་འབྲས་བུ་ལྟེམས་པས་དང་པོ་དམར་ངམ་པ་དང་ལྗང་སེར་དང་མཐིང་གའི་སྣང་བ་ལ་འོད་ཙེར་ཙེར་ཡོད་པ་སྙམ་བྱེད་པ་དང༌། ཐིག་ལེ་སྟོང་པའི་སྒྲོན་མ་དངོས་དམར་སེར་དུ་འཆར་དུས་དར་ཅིག་བལྟེམས་ལ་ཤེས་པ་སྣང་བ་དེར་བལྟ་བ་མ་ཡེངས་པས་མཐེབ་མཛུབ་བཏང་ནས་རྒྱ་མཚོ་དྭངས་སུ་བཅུག་ལ་བལྟའོ། །ཡང་སྣང་བ་དེ་ཀུན་མི་གསལ་བར་སངས་དུས་ལྟེམ་ཞིང་ཡང་དྭངས་སུ་བཅུག་པས་ཞག་གསུམ་བཞི་ན་མ་བལྟེམས་ཀྱང་སྣང་ནས་དེ་ཉིད་ལ་དྭངས་བཅུག་ནས་བསྒོམས་པ་གཅིག་པུས་ཆོག་གོ །འདིའི་མུན་ཁྲིད་འདི་མཚན་མོ་སྒོམ་ཆོག་པས་མི་ཚད་ཉིན་མོ་ཡང་སྒོམ་ཆོག་ཏེ། འདི་ནས་ཞག་གི་བཅད་མཚམས་གསུངས་པས་ཉིན་མཚན་གཉིས་ཀར་སྒོམ་པའི་ཕྱོགས་གསུངས་པ་དང་། །འདིའི་སྒོམ་ཁང་ལ་ཉིས་རིམ་དང་སུམ་རིམ་དགོས་ཚུལ་རྒྱུད་ལས་གསུངས་ཡོད་ལ། གཙོ་ཆེར་ཕྱིའི་སྒྲ་ཆེན་པོ་མི་གོ་བ་དང་སྣང་བའི་འོད་འགོག་ཐུབ་ན་ཆོག་ཅིང་། འོད་སྣང་འཆར་སའི་གས་ཀ་ཙམ་ཡང་ཡོད་མི་རུང་བར་གསུངས་པ་དང་། སོར་གསུམ་ཙམ་གྱི་བར་གསེང་གི་འོད་མདའ་ཡོད་དགོས་པ་གསུངས་པའང་ཡོད་ལ་མདོར་ན་མཐོང་སྣང་དང་འཆར་སྣང་འདྲ་མིན་ཡོང་ཞིང་། འདིའི་སྐབས་སུ་དབུགས་ཐུབ་ཐུང་གིས་བཟུང་བ་ནི་ཞལ་ཤེས་ཀྱི་གདམས་པའོ། །མདོར་ན་རྩོལ་བ་དང་བཅས་པས་མ་བལྟེམས་ཀྱང་འཆར་བའི་བར་སྒོམ་དགོས། མཐེབ་མཛུབ་ཀྱི་རྩོལ་བ་བཞག་ཀྱང་འཆར་བ་ནི་འབྱོངས་པའི་ཚད་ཡིན་ལ་དྭངས་སུ་བཅུག་པ་འདི་ལ་རྩོལ་བ་བཞག་ནས་དྭངས་སུ་བཅུག་པ་དང་གཟིགས་སྟངས་དམིགས་བསལ་བ་གཞན་གྱིས་དྭངས་སུ་འཇུག་པའི་ཁྱད་པར་ཡང་ཡོད་དོ། །སྣང་བ་ནི་རྩ་བཟང་བ་རྣམས་ལ་འོད་དང༌། ཐིག་ལེ་དང༌། ལུ་གུ་རྒྱུད་དང༌། དབྱིངས་སྣང་དཔག་ཏུ་མེད་པ་འཆར་ལ། ངན་པ་རྣམས་ལ་འཕེལ་སྣང་ཅུང་ཟད་ཉུང་སྟེ། དོན་ལ་ཤེས་པ་སྟོང་གསལ་གྱི་ངང་ལ་བསྒོམས་པས་འཆར་སྣང་མང་ཉུང་འདྲའོ། །ནང་རིག་པ་ཀ་དག་སྟོང་གསལ་གྱི་ངང་དུ་གནས་དུས་ཕྱིའི་འཆར་སྣང་མང་རུང་ཉུང་རུང་འདྲ་བས་དེ་ལ་ལྷག་ཏུ་རྩོལ་རྟོག་མི་དགོས་སོ། །དེ་དག་ནི་ངེས་པའི་དབྱིངས་རིག་གི་སྣང་བ་ཞེས་བྱའོ། །མ་ངེས་པའི་སྟོང་གཟུགས་ལ་ཚད་མེད་དོ། །རྣལ་འབྱོར་བའི་ཉམས་ལ་ཅི་ཡང་འབྱུང་བ་དང་། དབྱར་ཁའི་སྤང་ལ་ཅི་ཡང་སྐྱེ་བའི་དཔེ་བཞིན་ནོ། །ལྷའི་སྐུ་སྣ་ཚོགས་དང༌། འགྲོ་བ་དྲུག་གི་སྣང་བ་དང༌། ཡུལ་ཐག་རིང་པོའི་ལྗོངས་དང༌། རྒྱ་མཚོའི་གླིང་དང༌། ལྷ་ལ་སོགས་པའི་ཡུལ་དང༌། རི་མོ་དང༌། མཆོད་རྟེན་དང༌། པདྨ་དང༌། འདྲེ་དང༌། རོ་དང༌། རི་བོ་བརྩེགས་པ་ལ་སོགས་པ་བརྗོད་ཀྱིས་མི་ལང་པ་འཆར་བ་ནི་རྩ་འདབ་མ་དག་པ་རྣམས་སུ་ནང་གི་རླུང་འདུས་པའི་སྣང་བ་ཡིན་ཏེ་ལྟ་སྟངས་བསྒྱུར་བས་རང་ལོག་ལ་འགྲོ་བ་ཡིན་ནོ། །གཞན་ཡང་འོད་རྩ་དྭངས་པས་ཕྱི་རོལ་རྒྱང་རིང་པོ་དང་ལུས་ཀྱི་ནང་ཟང་ཐལ་དུ་མཐོང་བ་དང༌། སྒོམ་ཁང་ལ་ཟང་ཐལ་དུ་ཕྱིར་འཐོན་པ་འབྱུང་སྟེ། དབུ་མའི་འོད་རྩར་རླུང་ཟིན་པའི་གནད་ལས་འབྱུང་བ་ཙམ་ལས་བཟང་ངན་འདྲ་སྟེ་རློམ་སེམས་དང་འཛིན་པ་མེད་པར་བྱའོ། །རྣལ་འབྱོར་བའི་ཉམས་ཀྱི་སྣང་བ་ལ་ཅི་ཡང་འཆར་བ་ཡིན་ཡང་རླུང་གདངས་འདི་དག་ལ་ངེས་པ་དང་། བློ་གཏད་དུ་མེད་དོ། །ཤེས་ཉམས་དང་། མཐར་འགྱུར་གྱི་ཉམས་རྣམས་ནི་ཁྱད་པར་དུ་བསླུ་བའི་ཆོས་ཅན་ནོ། །གནད་དེ་དག་ནི་ཐལ་འགྱུར་ལས། གསུམ་པོས་ལྟེམས་པ་མ་ཡིན་པར། །རང་གི་མཐེབ་དང་མཛུབ་མོ་ཡིས། །ཐིག་ལེ་སྟོང་བའི་སྒྲོན་མ་བལྟེམ། །བལྟེམས་པ་དེ་ལས་གང་བྱུང་བ། །ཆོས་ཉིད་མངོན་སུམ་སྣང་བའོ། །ཞེས་པ་དང༌། སྒྲོན་མ་འབར་བ་ལས། རང་གི་མཐེབ་དང་མཛུབ་མོ་ཡིས། །ཙཀྵུའི་ཕུག་དང་འགྲམ་བཙིར་ན། །མངོན་དུ་སྣང་དེ་ཡིད་ཆེས་ཀྱིས། །དེ་ནི་རྩོལ་མེད་རང་གྲོལ་ལོ། །ཞེས་སོ།།

ཁ༽ རྩོལ་བཅས་ཀྱི་རྣལ་འབྱོར།

གཉིས་པ་རྩོལ་བཅས་ཀྱི་གནད་ནི། རྒྱང་ཞགས་བལྟེམས་པ་དང་འོད་རྩ་ཆུང་དུ་ལྟེམས་པ་གཉིས་འཇུག་པ་གཅིག་དུས་གཅིག་ལ་བྱས་པས་སྣང་བ་འོད་གསལ་དུ་མཆེད་པ་དང༌། ཤེས་པ་བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་ཕེབས་པ་དུས་མཉམ་དུ་འབྱུང་སྟེ། དེ་ལས། རྩོལ་བ་ཅན་དེ་ཡང་འདི་ལྟར། །རང་གི་མཇིང་པའི་ཕྱི་རོལ་རྩ། །འཕྲིག་ཅིང་འཕར་བ་དྲག་པ་ལ། །སོར་དང་མཛུབ་ཀྱིས་ཡང་བཙིར་ནས། །མིག་གི་འདུག་སྟངས་མཁས་པས་བཅའ། །འོད་ནི་མདའ་གང་ཚུན་ཆད་གསལ། །དེ་ལ་མཆེད་པའི་དུས་རྣམས་བཟུང༌། །འདི་ཡི་ཐབས་ཀྱི་མན་ངག་ཏུ། །འདི་ཀུན་དེ་ཡི་དེར་འགྱུར་རོ། །ཞེས་སོ། །ཕྱིའི་སྣང་བ་འོད་གསལ་དུ་མཆེད་པ་དང་། ནང་གི་ཤེས་པ་བདེ་གསལ་མི་རྟོག་པའི་ཏིང་འཛིན་ལ་ཕེབས་པ་དུས་མཉམ་པ་ཡིན་ཞིང་། དེ་གཉིས་དུས་མཉམ་ཡིན་པའི་རྒྱུ་མཚན་ནི། ཕྱི་ནང་འཇུག་པ་གཅིག་པའི་གནད་ཀྱིས་ནང་རིག་པའི་འོད་གདངས་ཕྱི་ལ་འཆར་བས་སོ།།

༼ག རྗེས་སྣང་བའི་འཆར་ཚུལ་བཤད་པ།

ཀ༽ སྣང་བ་དང་པོར་མཐོང་བའི་ཉམས།

དེའི་སྣང་བ་མཆེད་པའི་སྣང་ཉམས་དེ་ཇི་ལྟར་འབྱུང་བ་ཡིན་ན་གསུམ་པ་རྗེས་སྣང་བའི་འཆར་ཚུལ་ལ་སྣང་བ་དང་པོར་མཐོང་བའི་ཉམས་དང༌། གོང་དུ་མཆེད་པ་རྫོགས་པའི་ཉམས་གཉིས་ལས། དང་པོ་ནི་ཐལ་འགྱུར་ལས། དེ་ལྟར་བལྟེམས་པའི་སྣང་བ་ནི། །དང་པོ་དམར་པོ་དག་པ་ཡིས། །དབང་རྫོགས་ཟླུམ་པོ་རང་གསལ་རྫོགས། །མཛུབ་གཉིས་དག་ལས་གསུམ་དུ་འགྱུར། །དེ་ནས་ཡང་ཡང་བལྟེམས་པ་ཡིས། །ཡེ་ཤེས་ལྔ་ཡི་ཁ་དོག་ནི། །དཀར་དམར་ལྗང་གུ་མཐིང་སེར་གྱི། །ཡུལ་ལ་སྣང་སྟེ་རྩོལ་བའོ། །ཞེས་སོ། །ཞེས་འོད་དང་པོ་འཆར་ཚུལ་ལོ།།

ཁ༽ གོང་དུ་མཆེད་པ་རྫོགས་པའི་ཉམས།

གཉིས་པ་ལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི་ཐལ་འགྱུར་ལས། དེ་ལ་ཡེ་ཤེས་འཕེལ་བའི་ཉམས། །ཁ་དོག་དང་ནི་དབྱིབས་ཀྱི་ཡང༌། །ཕྱི་དང་ནང་ཀུན་གསལ་བར་ཁྱབ། །གོང་ནས་གོང་དུ་ངེས་པར་འཕེལ། །འདི་དུས་ལུས་ངག་བདེ་བའི་རྟགས། །སྣང་བའི་ཚད་དང་རིམ་པས་སྦྱར། །ཡེ་ཤེས་རྫོགས་པའི་སྣང་བ་དང༌། །ཆོས་ཉིད་དག་པའི་སྣང་བ་ལས། །སྣང་གསུམ་རྫོགས་ནས་ཟད་པར་འགྱུར། །དེ་ལ་འབྲས་བུ་ཞེས་བྱའོ། །ཞེས་སོ། །གཉིས་པ་ནི། སྒྲོན་མ་འབར་བ་ལས། གོམས་པ་ཡི་ནི་གནད་ཀྱིས་ནི། །དམར་པོའི་ཤས་མེད་ལྔ་ལྡན་པར། །གྱུར་ཏེ་ནམ་མཁར་སྣང་བའི་མི། །འདིས་ནི་རིག་པའི་རང་དབང་ཐོབ། །ཅེས་པ་དང༌། ཐལ་འགྱུར་ལས། དེ་ནས་རྩོལ་བྲལ་ཕྱིར་སྣང་སྟེ། །རླུང་གི་ཆ་ཡི་འགྲོ་འོང་དང༌། །མེ་ལོང་དག་གི་དབྱིབས་ཙམ་ཡང༌། །གཉིས་དང་གསུམ་གྱི་ཆར་སྣང་ངོ༌། །དེ་ཉིད་རྟག་ཏུ་གོམས་པ་ལས། །ཁ་དོག་ལྔ་ཡི་འོད་ཀྱི་ཡང༌། །རེ་ལྡེ་ཙམ་ལས་གྲུ་ཆད་སྣང༌། །ཡུལ་གྲུ་ཙམ་ལས་མཐོང་ཚད་དོ། །དེ་ལ་གོམས་པའི་ཚད་རྙེད་ནས། །ཐིག་ལེའི་ནང་དུ་སྐུ་དང་བཅས། །ཕྱེད་སྐུ་དག་ཏུ་ཡུན་འགའ་གནས། །དེ་ལས་ལྔ་ལྔ་ཟུང་དུ་བཅས། །རབ་ཏུ་གསལ་བའི་ཐིག་ལེས་འབྲེལ། །ཡབ་ཡུམ་སྐུ་ཡི་སྣང་བ་ཅན། །འཁྲུལ་སྣང་ཟད་ནས་ཞིང་ཁམས་སོ། །འདི་དུས་ལུས་ངག་ཡིད་ཀྱི་ཚད། །སོ་སོའི་སྣང་བ་མཐོང་དུས་ཀྱི། །རང་ལ་སྨིན་པས་རྟགས་རྫོགས་ཏེ། །ཟད་པའི་ཚད་རྣམས་མངོན་པར་སྣང༌། །འདི་ལ་བརྩོན་འགྲུས་ཆེ་ཆུང་གིས། །ཞག་དང་ཟླ་བ་ལོ་རྣམས་ཀྱིས། །སོ་སོའི་དུས་ལ་ངེས་པར་འགྲུབ། །འགྱུར་བ་མེད་པའི་དུས་དག་ལ། །སོ་སོའི་ཚད་ལ་ཕེབས་པའོ། །ཞེས་སོ། །དེ་ཡང་བརྩོན་འགྲུས་རབ་རྣམས་ཉམས་སུ་ལེན་པ་དངོས་གཞི་ལ་ཞུགས་ནས་ལེ་ལོ་མེད་པར་ཉིན་མཚན་དུ་བསྒོམས་ན་རབ་ལོ་གསུམ་དང་ཟླ་བ་གཅིག འབྲིང་རྣམས་ལོ་བཞི་དང་ཟླ་བ་ལྔ་ཞག་དྲུག ཐ་མ་རྣམས་ལོ་བདུན་དང་ཟླ་བ་བཅུ་བཞི་ཆོས་ཉིད་ཀ་དག་གི་ས་ལ་དེ་བཞིན་གཤེགས་པར་རྒྱུད་ཀྱི་རྟགས་ཚད་ཀྱི་ཡི་གེ་ལས་གསུངས་སོ།།

༼ག༽ དབྱིངས་རིག་གི་གནད་གཏན་ལ་དབབ་པ།

༼ཀ དབྱིངས་རིག་གི་རྣམ་པར་གཞག་པ་སྤྱིར་བསྟན་པ།

ཀ༽ ངོ་བོ་སྤྱིར་བསྟན་པ།

དེས་རྒྱ་མཚོ་ཨར་གཏད་མུན་པའི་རྣལ་འབྱོར་སོང་ནས་སྤྱི་དོན་གསུམ་པ་དབྱིངས་རིག་གི་གནད་གཏན་ལ་དབབ་པ་ལ་གསུམ་སྟེ། དབྱིངས་རིག་གི་རྣམ་པར་གཞག་པ་སྤྱིར་བསྟན། ཉམས་སུ་ལེན་ཚུལ་བྱེ་བྲག་ཏུ་བཤད། གནད་གསུམ་ངེས་པས་དོན་བསྡུ་བའོ། །དང་པོ་ལ་གསུམ་སྟེ། ངོ་བོ་སྤྱིར་བསྟན། རྣམ་དབྱེ་བྱེ་བྲག་ཏུ་བཤད། རྟོགས་པར་གདམས་ཚུལ་བསྟན་པའོ། །དང་པོ་ལའང་ངོ་བོ་དངོས་དང༌། ཁྱད་པར་བསྟན་པ་གཉིས། ངོ་བོ་ལ་གཉིས་ལས། དབྱིངས་ཀྱི་ངོ་བོ་མཐིང་ག་ལས་ཁ་དོག་ལྔར་མཆེད་པའི་འོད་གདངས་ཡིན་ལ། རིག་པའི་ངོ་བོ་དངོས་ནང་ན་ཡོད་ཀྱང་གདངས་ཕྱིར་གསལ་བས་རིག་པ་ཞེས་བཏགས་ཏེ་ལུ་གུ་རྒྱུད་དུ་སྣང་བ་ནི། མུ་ཏིག་ཕྲེང་བ་ལས། དཔེར་ན་གསེར་གྱི་ལུ་གུ་རྒྱུད། །བཟོ་བོ་མཁས་པས་བརྒྱུས་པ་ལྟར། །རིག་པ་ཐམས་ཅད་ཤེས་ཤིང་རིག །རྟོག་མེད་འཁོར་བས་གོས་པ་མེད། །ལུ་གུ་རྒྱུད་ནི་འབྲེལ་ཆགས་སོ། །ཞེས་པ་དང༌། སེང་གེ་རྩལ་རྫོགས་ལས། རིག་པའི་ཡེ་ཤེས་སྒྲོན་མ་ནི། །སེམས་ཅན་ཀུན་ལ་རང་ཆས་ཏེ། །རྣམ་པ་གཉིས་ཀྱི་ཚུལ་དུ་འཆར། །ཐིག་ལེ་སྟོང་པའི་སྒྲོན་མ་དང༌། །རིག་པ་དབྱིངས་ཀྱི་སྒྲོན་མའོ། །འདུ་འབྲལ་མེད་པའི་ཚུལ་དུ་འཆར། །ཞེས་སོ། །རིག་པ་ཞེས་པ་ནི། ཤེས་རབ་རང་བྱུང་གི་སྒྲོན་མ་ཡིན་ལ། འདི་ལ་ངོ་བོ་དང་། གདངས་དང་། རྩལ་གསུམ་གྱི་དབྱེ་བ་ཡོད་པས། ངོ་བོ་ནི་ཀ་དག་གི་རིག་པ། གདངས་ནི་ཡེ་ཤེས་ཀྱི་འོད་རྩ་བརྒྱུད་ནས་ཤར་བའི་རྡོ་རྗེ་ལུ་གུ་རྒྱུད། རྩལ་ནི་ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་སྔར་མེད་པའི་ཤེས་རབ་ཀྱི་རྩལ་ཁ་འབར་བའོ། །གཉིས་པ་ཁྱད་པར་བསྟན་པ་ལ། བརྟེན་པ། མཚན་ཉིད། གནས། དུས། རྟོགས་པ་དང་ལྔ་ལས། རྟེན་དངོས་ནི་ཙིཏྟ་ན་གཞི་འཛིན་པའི་རིག་པ་ལ་བརྟེན་པ་ནི་མར་མེའི་འོད་མར་མེ་ལ་བརྟེན་པ་ལྟར་རིག་པ་དངོས་ཀྱི་འོད་ཁྱིམ་དང་གདངས་སུ་གནས་ཏེ། ནོར་བུ་ཕྲ་བཀོད་ལས། རང་གི་ཙིཏྟའི་དཀྱིལ་འཁོར་གྱི། །ཐིག་ལེ་ཉག་གཅིག་རང་རྫོགས་ན། །ཡེ་ནས་གནས་པའི་རྫོགས་ཆེན་དོན། །གསང་དོན་རྫོགས་པ་རིག་པའི་ཀློང༌། །ཐིག་ལེ་སྟོང་པའི་སྒྲོན་མ་དང༌། །རང་བྱུང་དབྱིངས་ཀྱི་སྒྲོན་མ་གཉིས། །སྟོང་དང་མི་སྟོང་མཐའ་ལས་འདས། །རྩོལ་བ་མེད་པར་མངོན་གནས་པའི། །སྣང་བ་རྫོགས་ཕྱིར་རང་གནས་པ། །ཞེས་པ་དང༌། དབྱིངས་དང་རིག་པས་རབ་བརྒྱན་ཏེ། །ལྷུན་རྫོགས་ཐིག་ལེ་ཆེན་པོར་གནས། །ཞེས་སོ། །མཚན་ཉིད་ལ་དབྱིངས་དང་རིག་པའི་མཚན་ཉིད་གཉིས་ལས། དང་པོ་དབྱིངས་ཀྱི་མཚན་ཉིད་ནི། དབྱིངས་དེས་རིག་པའི་རང་ཡུལ་བྱེད་པའི་འོད་གདངས་དོན་དམ་གྱི་འབྱུང་ལྔར་གནས་ཤིང་རིག་པ་དེ་རླུང་གི་འགྲོ་འོང་དུ་ཡོད་པ་དབྱིངས་ཀྱི་ར་བར་གཏོད་པ་པོའི་རང་བཞིན་དབྱིངས་ཀྱི་མཚན་ཉིད་ཏེ། སེང་གེ་རྩལ་རྫོགས་ལས། རིག་པའི་མཚན་ཉིད་འདི་ལྟ་སྟེ། ཕྲ་བ་ཉིད་དང་འཕྲོ་བ་དང༌། །ལུ་གུ་རྒྱུད་དང་འགུལ་བའོ། །དབྱིངས་ཀྱི་མཚན་ཉིད་འདི་ལྟ་སྟེ། །ཡངས་དང་ལྷུན་སྟུག་སྟོང་མཐའ་ཡས། །གསལ་དང་དྲོ་དང་བསིལ་བ་དང༌། །ཡང་ཞིང་གཡོ་བའི་བདག་ཉིད་འཛིན། །ཁྱབ་དང་མུ་ཁྱུད་ར་བའོ། །ཞེས་སོ། །རིག་པ་ཞེས་པའི་སྒྲ་འདི་སྐབས་རེར་ངོ་བོ་ལ་ཞུགས་ཤིང་། སྐབས་རེར་གདངས་ལ་ཞུགས། སྐབས་རེར་རྩལ་ལ་ཞུགས་པའང་ཡོད་པས་སྐབས་ཕྱེད་པར་གཅེས་ལ། འདིའི་སྐབས་ཀྱི་གོ་དོན་ནི། སྙིང་ཁ་ན་འོད་ལྔའི་ཕུང་པོ་ཡོད་པ་ནི་དབྱིངས། ལུ་གུ་རྒྱུད་ཀྱི་གདངས་འོད་རྩ་ན་གནས་པ་ནི་རིག་པ། སྤྱིར་དབྱིངས་རིག་འདི་ལ་གཞི་ལམ་འབྲས་གསུམ་གྱི་བཤད་པ་ཡོད་པས་གཞིའི་སྐབས་ཀྱི་དབྱིངས་རིག་གི་བཤད་པ་ནི་དེ་ལྟ་བུའོ། །དབྱིངས་སྣང་ནི་ཡེ་ཤེས་ལྔའི་རང་གདངས་ཡིན་ལ་དེའི་མཚན་ཉིད་ནི། ཡང་དེ་ལས། ཡེ་ཤེས་མཚན་ཉིད་འདི་ལྟ་སྟེ། །འབྱུང་དང་བྱུང་དང་རང་གསལ་དང༌། །ཡེ་དང་ཤེས་དང་རྟོགས་པའོ། །གསལ་དང་འཚེར་དང་འབྱམས་ཡས་ཉིད། །ཅེས་སོ། །ལུ་གུ་རྒྱུད་ལས་སྐུའི་སྣང་བ་གྲངས་མེད་པ་འཆར་ལ། དེའི་མཚན་ཉིད་ཀྱང་རྩལ་རྫོགས་ལས། །སྐུ་ཡི་མཚན་ཉིད་འདི་ལྟ་སྟེ། །འགྱུར་བ་མེད་དང་གསལ་བ་དང༌། །སྟོང་པ་དང་ནི་རྟོག་བྲལ་ལོ། །ཞེས་སོ། ལམ་གྱི་སྐབས་ཀྱི་དབྱིངས་ནི་འོད་ལྔའི་ར་བ་ཡིན་ལ། རིག་པ་ནི་དེའི་ནང་ན་སྐུའི་སྣང་བ་ཤར་བ་དང་། འབྲས་བུའི་སྐབས་ཀྱི་དབྱིངས་ནི་ཀ་དག་གི་རང་སྣང་ནམ་མཁའ་སྤྲིན་མེད་ལྟ་བུ་ལ། རིག་པ་དེའི་དབྱིངས་སུ་ནང་ཐིམ་འཆར་གཞི་ཙམ་དུ་གནས་པའོ། །སྤྱིར་དབྱིངས་རིག་གི་གནད་ཕྱེད་པ་དང་དེ་ལས་ཀྱང་གཞི་ལམ་འབྲས་བུའི་དབྱིངས་རིག་གི་གནད་ཕྱེད་པ་གལ་ཤིན་ཏུ་ཆེ་ལ་འོག་ནས་ཀྱང་འབྱུང་ངོ་། །གནས་ནི་མིག་གཉིས་ཏེ། མིག་ཟུར་ཉིད་ནས་དབྱིངས་འབྱུང་བས། །གཟིགས་སྟངས་ཀྱི་གནད་བཅུན་ནས་མིག་གིས་སྣ་རྩེར་གཏད་ཅིང་སྨིན་མཚམས་དང་ཟུར་ལ་ཁྲིད་པས་དབྱིངས་སྣང་འཆར་བའོ། །ཞེས་པས་སོ། །དུས་ནི་རྣལ་འབྱོར་པ་རྣམས་ཀྱིས་མན་ངག་ཟབ་མོའི་གནད་ལ་བརྟེན་ནས་བཞུགས་སྟངས་ཀྱི་གནད་བཅུན་ནས་བསྒོམས་པས་དེ་ལ་ཚེ་འདིར་འཆར་ལ། དེ་ལྟ་བུའི་གོམས་པ་མེད་པའི་ཐ་མལ་བའི་སེམས་ཅན་ཀུན་ལ་ཆོས་ཉིད་བར་དོར་འཆར་ཙམ་པ་རེ་ཤར་རོ། རྟོགས་པ་ནི་ཆོས་ཉིད་པ་ཆོས་ཉིད་ལ་རང་བྱན་ཐོབ་པ་རྣམས་ལ་ཆོས་ཉིད་ཀྱི་གསལ་སྣང་དུ་རྟོགས་ལ། སེམས་ཅན་ལ་མཐོང་ཡུལ་ཙམ་དུ་རྟོགས་པའི་མིང་བརྗོད་དེ། སེང་གེ་རྩལ་རྫོགས་ལས། སེམས་ཅན་ཀུན་གྱི་སྣང་བ་བཤད། །སྣང་བ་དེ་ཉིད་འདི་ལྟ་སྟེ། །གནས་དང་དུས་དང་རྟོགས་པའོ། །གནས་ནི་བྲེ་གུ་ཏ་ན་གནས། །དུས་ནི་བར་མ་དོ་ན་འཆར། །ནམ་མཁའ་དབྱིངས་ཀྱི་སྒྲོན་མར་རྟོགས། །དེ་ཡང་མཐོང་བའི་དུས་སུ་བསྟན། །ཞེས་སོ། །རྣལ་འབྱོར་པས་ཆོས་ཉིད་ཀྱི་གནད་ལ་གོམས་པས་ལམ་སྣང་གི་སྣང་བ་ཐམས་ཅད་འཆར་བ་དང་། མཐར་ཐམས་ཅད་ནང་དབྱིངས་སུ་མ་ལ་ཐིམ་ཚེ་དོན་དམ་གྱི་འབྱུང་བ་ཡང་དབྱིངས་སུ་འཁྱིལ་ཏེ། འབྱུང་བ་མ་ལ་ཞ། ཡེ་ཤེས་དབྱིངས་སུ་འཁྱིལ་བའི་དགོངས་པའི་ཚད་དང་དུས་ངེས་པའོ།།

ཁ༽ རྣམ་དབྱེ་བྱེ་བྲག་ཏུ་བཤད་པ།

གཉིས་པ་རྣམ་དབྱེ་བྱེ་བྲག་ཏུ་བཤད་པ་ལ། གཞི། ལམ། འབྲས་བུའི་དབྱིངས་རིག་གསུམ་ལས། གཞིའི་དབྱིངས་རིག་ལའང་བྱ་བ་རྫོགས་པའི་གཞི་རིག་པ་ཀ་དག་གི་སྣང་བ་ཡིན་ལ། རྟོགས་བྱེད་ཐབས་ཀྱི་གཞི་ནི་དེའི་སྣང་བ་ནང་དབྱིངས་ད་ལྟ་སྙིང་ག་ན་འོད་གདངས་སུ་གསལ་བའོ། །ལམ་གྱི་དབྱིངས་རིག་ནི་མངོན་སུམ་ཡུལ་ལ་ཤར་དུས་འོད་ཀྱི་མུ་ཁྱུད་ནི་དབྱིངས་ལ། རྡོ་རྗེ་ལུ་གུ་རྒྱུད་སྐུ་ལྔའི་ཐིག་ལེས་འབྲེལ་བ་རིག་པའོ། །འབྲས་བུ་ལའང་དབྱིངས་འོད་ལྔའི་ཞིང་སྣང་ནམ་མཁའ་ཁྱབ་པར་སྣང་སྟེ། རིག་པ་ཤེས་རབ་ཀྱི་རྟོག་པས་སྐུར་སྨིན་ཏེ་ཞི་ཁྲོའི་ཚོམ་བུ་དང་དཀྱིལ་འཁོར་དུ་གསལ་བ་རྣམས་སོ། །དེ་ལྟར་ན་དབྱིངས་ར་བ་ཡེ་ཤེས་ཁ་དོག་རིག་པ་སྐུ་རྣམས་འདུ་འབྲལ་མེད་པ་ནི་དབྱིངས་རིག་འདུ་འབྲལ་མེད་པའི་ཡེ་ཤེས་ཞེས་བྱའོ། །དེ་ཡང་དབྱིངས་ཀྱི་ཁ་དོག་གི་ཆ་ལ་ཡེ་ཤེས་ཀྱི་སྣང་བ་ཟེར་ཡང་དབྱིངས་ཀྱི་བྱེ་བྲག་ཡིན་ནོ། །སེང་གེ་རྩལ་རྫོགས་ལས། དེ་ཡང་དབྱིངས་དང་རིག་པ་བཤད། །དེ་ཡི་བཤད་ལུགས་འདི་ལྟ་སྟེ། །གཞི་ལ་གནས་པའི་དབྱིངས་རིག་དང༌། །ལམ་ལ་སྣང་བའི་དབྱིངས་རིག་དང༌། །མཐའ་ལ་སྐྱོལ་བའི་དབྱིངས་རིག་གོ །གཞི་ཡི་དབྱིངས་རིག་རྣམ་གཉིས་ནི། །རྟོགས་བྱེད་ཐབས་ཀྱི་གཞི་དང་ནི། །བྱ་བ་རྫོགས་པའི་གཞི་རུ་བཤད། །རྟོགས་བྱེད་ཐབས་ཀྱི་གཞི་ཡི་དུས། །བག་ཆགས་ཕུང་པོ་འདི་ལ་བཤད། །བྱ་བ་རྫོགས་པའི་གཞི་གནས་ནི། །ཆོས་ཉིད་ཀ་དག་སྣང་བར་བཤད། །རྟོགས་བྱེད་ཐབས་ཀྱི་གཞི་བཤད་པ། །དབྱིངས་ནི་དབྱིངས་ཀྱི་སྒྲོན་མ་ལ། །རིག་པ་ལུ་གུ་རྒྱུད་དུ་གསལ། །ལམ་ལ་སྣང་བའི་དབྱིངས་རིག་ནི། །དབྱིངས་ནི་འོད་ཀྱི་མུ་ཁྱུད་ལ། །རིག་པ་སྐུ་ལྔའི་སྣང་བར་བཤད། །མཐའ་ལ་སྐྱོལ་བའི་དབྱིངས་རིག་ནི། །དབྱིངས་ནི་རང་བཞིན་སྣང་བ་ལ། །རིག་པ་སྐུ་དང་ངོ་བོར་བསྟན། །དེ་ཕྱིར་དབྱིངས་དང་རིག་པ་བཤད། །དེ་བཞིན་ཉིད་དུ་རབ་ཏུ་གནས། །དབྱིངས་དང་རིག་པ་ཡེ་ཤེས་གསུམ། །འདུ་འབྲལ་མེད་པའི་ཚུལ་དུ་གནས། །ཞེས་སོ། གཞིའི་དབྱིངས་རིག་དེ་ལ་བྱ་བ་རྫོགས་པའི་གཞི་ཞེས་གཞི་འདི་ལ། གཞི་གནས་རྟོགས་བྱ་དོན་གྱི་གཞི་དང་། ལམ་སྣང་རྟོགས་བྱེད་ཐབས་ཀྱི་གཞི་དང་གཉིས་ཡོད་ཅིང་། རྟོགས་བྱ་དོན་གྱི་གཞི་ཀ་དག་གི་སྣང་བ་དང་། རྟོགས་བྱེད་ཐབས་ཀྱི་གཞི་དེའི་སྣང་བ་དེ་གསར་དུ་ཤར་བ་ཞིག་མིན་པར་སྙིང་ཁའི་འོད་གདངས་གསལ་བ་དང་། ལམ་གྱི་དབྱིངས་རིག་ནི། དབྱིངས་མངོན་སུམ་ཡུལ་དུ་ཤར་བའི་འོད་ཀྱི་མུ་ཁྱུད་དང་། རིག་པ་ལུ་གུ་རྒྱུད་ལ་སྐུ་རུ་ཤར་བའོ། །མཐའ་ལ་འཁྱོལ་བའི་དབྱིངས་རིག་གམ་འབྲས་བུའི་དབྱིངས་རིག་ནི་རིགས་ལྔའི་ཞིང་སྣང་ནམ་མཁར་ཁྱབ་པར་སྣང་བ་དང་། ཀ་དག་གི་རང་སྣང་ནམ་མཁའ་སྤྲིན་མེད་ལྟ་བུའི་དབྱིངས་དེ་དང་། རིག་པ་ཤེས་རབ་ཀྱི་རྟོགས་པ་སྐུ་རུ་སྨིན་པའམ་སྐུ་ཡང་དབྱིངས་སུ་ཐིམ་ནས་ནང་དབྱིངས་སུ་དེའི་འཆར་གཞི་ཙམ་དུ་གནས་པའི་འབྱུང་བ་མ་ལ་ཞ། ཤེས་རབ་མཁའ་ལ་འཁྲིལ་བ་ཡེ་ཤེས་དབྱིངས་སུ་བསྐྱོད་པའི་དགོངས་པའི་ཚད་དང་དུས་ལ་ཐོན་པའོ།།

ག༽ རྟོགས་པར་གདམས་ཚུལ་བསྟན་པ།

གསུམ་པ་རྟོགས་པར་གདམས་པ་ལ་གསུམ་སྟེ། མ་རྟོགས་པའི་སྐྱོན་ལ་བསམས་ནས་རྟོགས་དགོས་པར་བསྟན་པ། འདིར་ཆོས་ཐམས་ཅད་བསྟན་པས་རྟོགས་དགོས་པར་བསྟན་པ། ཉམས་སུ་ལེན་དགོས་པས་རྟོགས་པར་བསྟན་པའོ། །དང་པོ་ནི། རིན་ཆེན་སྤུངས་པའི་རྒྱུད་ལས། དབྱིངས་རིག་གཉིས་མེད་མ་ཤེས་པར། །མི་རྟོག་ལྟེངས་པོ་སུས་བསྒོམས་པ། །རི་བོ་རྐེད་པར་གཅོད་དང་འདྲ། །ཞེས་པས་ངལ་བ་དོན་མེད་པར་བསྟན་ཏོ། །དབྱིངས་རིག་གཉིས་མེད་འདི་རྫོགས་ཆེན་བྱ་བྲལ་ལྷུན་གྲུབ་ཏུ་རྟོགས་པའི་ལྟ་བ་ཡིན་ཞིང་། དེ་བརྟན་པོ་ཞིག་མེད་པར་མི་རྟོག་རང་ག་མ་ཞིག་བསྒོམས་ཏེ་དབྱིངས་རིག་ཡ་བྲལ་དུ་སོང་ན་ངལ་བ་དོན་མེད་དུ་འགྱུར་རོ། །ལྟ་བ་དེ་ལ་དབྱེ་ན་གསུམ་ལས། དང་པོ་ཕྱི་ཆོས་ཅན་ལ་བལྟས་པས་ཆོས་ཅན་རང་བཞིན་མེད་པར་མཐོང་ནས་རིག་པ་དེ་ཉིད་ལ་ལས་དང་བག་ཆགས་མེད་པས་ནང་གི་བློ་བདེ་བ་དང་། གཉིས་པ་ནང་ཆོས་ཉིད་ལ་བལྟས་པས་རང་བཞིན་གཉིས་མེད་ཡེ་ཤེས་ཀྱི་མིག་གིས་མཐོང་སྟེ། རང་རིག་ཙམ་ལ་ཡང་འཛིན་སེམས་ཀྱི་རྟོག་པ་མེད་པས་ཆོས་ཟད་ཀྱི་ངང་དུ་བློ་བདེ་བ་དང་། གསུམ་པ་གསང་བ་རིག་པ་ལ་བལྟས་པས་དབྱིངས་རིག་གཉིས་སུ་མེད་པར་མཐོང་སྟེ། ཡིད་དཔྱོད་ཚིག་གིས་སངས་རྒྱས་མི་འཐོབ་པར་ཐག་ཆོད། འཁོར་འདས་ཀ་དག་ཆོས་ཟད་དུ་མཐོང་བས་བློ་བདེ་བའོ། །ལ་ལས་རྫོགས་པ་ཆེན་པོའི་བསྟན་བྱ་གཉུག་མའི་སེམས་ནི་ཡིད་ཕྲ་བ་ཞིག་གོ་ཟེར་རོ། །དེ་དག་ནི་རྣམ་ཤེས་ཚོགས་བརྒྱད་ཀྱི་ཡིད་དང་། ཚོགས་བརྒྱད་ལས་འདས་པའི་ཡེ་ཤེས་ཀྱི་རང་རྩལ་དཔྱོད་བྱེད་ཀྱི་རྣམ་པར་ཤར་བའི་ཤེས་རབ་རང་བྱུང་གཉིས་ཀ་ལ། ཆོས་རྣམ་པར་འབྱེད་པའི་མཚན་ཉིད་འདྲ་བ་ཙམ་ཡོད་པས་མ་ཕྱེད་པར་རྣམ་ཤེས་ལ་ཡེ་ཤེས་སུ་བཟུང་ནས་དེ་ལྟར་སྨྲས་པ་འཁྲུལ་ཚབས་ཆེ་སྟེ། རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་གསུངས་པ་གོ་ལྡོག་པའི་ཕྱིར་རོ། །གཉིས་པ་ནི། རྩལ་རྫོགས་ལས། དབྱིངས་དང་རིག་པའི་དོན་ཉིད་ནི། །ལྟ་སྒོམ་སྤྱོད་པ་ཀུན་གྱི་དངོས། །ཡེ་ཤེས་རང་སྣང་གཟུང་འཛིན་བྲལ། །དབྱིངས་དང་རིག་པ་ཉིད་ཀྱི་དོན། །འདི་ཡི་ངང་དུ་ཐམས་ཅད་འདུས། །ཞེས་སོ། ཐེག་པ་ཐམས་ཅད་ཀྱི་དགོངས་པ་ཚུར་བསྡུས་ན་དབྱིངས་རིག་གཉིས་མེད་དུ་རྟོགས་པའི་ལྟ་བ་འདིར་འདུས་ལ། དཔེར་ན་རི་རྒྱལ་གྱི་རྩེ་ནས་དམའ་བའི་ལུང་རྣམས་དུས་གཅིག་ཏུ་མཐོང་བ་ལྟར་རྫོགས་ཆེན་ཡེ་གྲོལ་ལྷུན་གྲུབ་དབྱིངས་རིག་གཉིས་མེད་ཀྱི་ལྟ་བའི་ངོས་ནས་བལྟས་ཚེ་རིམ་དགུའི་འདོད་པ་ཐམས་ཅད་རྟོགས་ཤིང་། དམའ་བའི་ལུང་གཞུང་ནས་མཐོན་པོའི་རི་རྩེ་མི་མཐོང་བ་ལྟར་ཐེག་པ་གཞན་གྱིས་འདིའི་དགོངས་པ་མི་རྟོགས་སོ། །སྤྱིར་ན་དབྱིངས་དང་རིག་པ་ཞེས་བཤད་པའི་སྐབས་སུ་དབྱིངས་དང་རིག་པ་ཞེས་པའི་ཚིག་གི་ཐ་སྙད་ཀྱིས་དབྱིངས་དགག་ཕྱོགས་དང་རིག་པ་བསྒྲུབ་ཕྱོགས་གསུངས་པའི་ཚུལ་ཡང་ཡོད་དོ། །གསུམ་པ་ནི། རིག་པའི་ངོ་བོ་ཆོས་སྐུ་དྲི་མེད་ཀ་དག་ཡིན་པས་ལྟ་སྒོམ་ཉམས་ལེན་ལས་འདས་པ་ཡིན་ཡང་བྱང་ན་གཡག་ཡོད་དུ་སོང་བས་ཉམས་སུ་མ་བླངས་ན་ཕན་མེད། རྡོས་བཅས་ཀྱི་ལུས་དང་འཁྲུལ་རྟོག་གི་སེམས་དག་ལ་དབྱིངས་རིག་གི་མན་ངག་གནད་དུ་བསྣུན་དགོས་པས་ན་དབྱིངས་རིག་ཤེས་དགོས་ཏེ། རིག་པའི་ངོ་བོ་ཆོས་སྐུ་དྲི་མེད་ཀ་དག་ཡིན་པས་དེ་སྒྲ་ཚིག་རྟོག་དཔྱོད་ཀྱི་ཡུལ་ལས་འདས་པ་ཞིག་ཡིན་ལ། འོན་ཀྱང་དེ་ལྟ་སྒོམ་ཉམས་ལེན་གྱི་ཡུལ་ལས་འདས་པ་ཡིན་ཞེས་རང་གར་བསྐྱུར་དུ་མེད་དེ་བྱང་གཡག་ཡོད་དུ་འགྱུར་བའི་ཕྱིར། དེའི་ཕྱིར་དེ་དོན་སྒོམ་པས་ཉམས་སུ་ལེན་དགོས་པས། དེ་ཡང་རྡོས་བཅས་ཀྱི་ལུས་དང་འཁྲུལ་རྟོག་གི་སེམས་ལ་དབྱིངས་རིག་གི་མན་ངག་གནད་དུ་བསྣུན་ན་དབྱིངས་ཤེས་པར་འགྱུར་རོ། །ཆོས་ཐམས་ཅད་ནི་རྟོག་པའི་ཆོ་འཕྲུལ་ཡིན་ལ། རྟོག་པ་ནི་འོད་གསལ་རིག་པའི་ཆོ་འཕྲུལ་ཡིན་པས། ད་ལྟ་སོ་སོ་སྐྱེ་བོའི་སྐབས་སུ་ཡང་རྣམ་རྟོག་གང་ཤར་གྱི་སྲོག་ཏུ་འོད་གསལ་གྱི་རིག་པ་དེ་ཉིད་རང་ཆས་སུ་བཞུགས་པ་ཡིན་ཡང་། དེ་མ་ཤེས་པ་ཤེས་པར་བྱེད་པ་ལ་བླ་མས་ངོ་སྤྲད་ནས་ལམ་དུ་བྱེད་པ་ནི་རྫོགས་པ་ཆེན་པོའི་ཁྱད་ཆོས་སོ། །དེས་ན་འོད་གསལ་གྱི་རིག་པ་དང་རྣམ་རྟོག་གཉིས་ཀ་མཉམ་པོར་ཡོད་ཅིང་དེ་ཡང་སྐུད་པ་དཀར་ནག་སྒྲིམ་པ་ལྟ་བུ་མིན་པར། རླན་གཤེར་ཅན་གྱི་ཆུ་གྲང་ངར་དང་ཕྲད་ཚེ་འཁྱགས་རོམ་སྲ་མཁྲེགས་ཅན་དུ་སོང་བ་བཞིན་གློ་བུར་གྱི་འཁྲུལ་རྐྱེན་གྱིས་ཀུན་རྟོག་རགས་པ་སྣ་ཚོགས་མཆེད་པ་ཡིན་ཡང་འཁྱགས་རོམ་ཆུའི་ངོ་བོ་ལས་མ་འདས་པ་ལྟར་ཀུན་རྟོག་རགས་པ་འདི་དག་གི་ཤུལ་དུ་འོད་གསལ་གྱི་རིག་པ་འདི་རང་ཆས་སུ་ཡོད་པའོ། །བླ་མས་མན་ངག་གིས་ངོ་སྤྲད་ནས་མངོན་དུ་གྱུར་ཚེ་ཀུན་རྟོག་ཐམས་ཅད་རིག་པ་གཅིག་གི་ཀློང་དུ་གཅིག་ཐིམ་གཉིས་ཐིམ་གྱིས་ཐིམ་ནས་རིག་པའི་ངང་དུ་རྣམ་རྟོག་བག་ལ་ཞ་ནས་སྤྲིན་ནམ་མཁར་ཡལ་བ་ལྟར་རྣམ་རྟོག་གཞི་མེད་དུ་རིག་ཀློང་དུ་ཐིམ་པ་ཡིན་ནོ། །རིག་པ་དང་རྣམ་རྟོག་གཉིས་སྲང་མདའི་མཐོ་དམན་དང་འདྲ་བ་ཡིན་ཞེས་བཤད་ནའང་ཆོག་སྟེ་གཅིག་མངོན་དུ་གྱུར་དུས་གཅིག་བག་ལ་ཞ་བའོ། །རིག་པ་བདེ་བར་གཤེགས་པའི་སྙིང་པོ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་ཆེན་པོ་དང་གཉིས་སུ་མེད་པ་ཡིན་ན། ད་ལྟའི་སྐབས་སུ་སྟོབས་སོགས་ཡོན་ཏན་མེད་པ་ཅིའི་ཕྱིར་ཞེ་ན། སྟོབས་སོགས་ཀྱི་ཡོན་ཏན་ཡེ་ལྡན་ཡིན་པ་ནི། དཔེར་ན་རལ་གྲི་དང་། མེ་ལོང་དང་། ནོར་བུ་ལྟ་བུ་ཡིན་ཏེ། རལ་གྲི་ཚད་ལྡན་ལ་གཅོད་པའི་ཡོན་ཏན་ཡོད་པ་དང་། མེ་ལོང་དྭངས་པ་ལ་གཟུགས་བརྙན་སྣང་བའི་ཡོན་ཏན་ཡོད་པ་དང་། ནོར་བུ་ཡང་དག་ལ་འོད་དང་དགོས་འདོད་སྦྱིན་པའི་ཡོན་ཏན་ཡོད་ཀྱང་། རལ་གྲི་ཤུབས། མེ་ལོང་སྒྲོམ། ནོར་བུ་འདམ་ན་ཡོད་དུས་རང་རང་གི་ཡོན་ཏན་གནས་སྐབས་སུ་མི་འབྱིན་ཡང་དེའི་སྒྲིབ་བྱེད་དང་བྲལ་ཚེ་ཡོན་ཏན་མངོན་པ་བཞིན་ནོ། །ཡོན་ཏན་གསར་དུ་སྐྱེ་བ་མིན་ཡང་གསར་དུ་སྣང་བ་ཡིན་ཞེས་སྤྱིར་ཐུན་མོང་དུ་བཤད་དོ། །དབྱིངས་རིག་དངོས་སུ་ངོ་སྤྲད་པ་ནི་ཡི་གེ་མེད་པ་ལས། ཨེ་མ་དངོས་པོ་མེད་པའི་སྣང་བ་ངོ་མཚར་ཆེ་བ་སྟེ་རགས་པའི་འབྱུང་བ་ལྔས་བསྒྲིབས་པས་ལུས་མེད་པ་ལ་སྣང་བར་མ་ནུས་སོ། །རིག་པ་རང་སྣང་གི་ངོ་བོ་ལྷུན་བརྗིད་དེ་ཕྲ་བའི་ཉོན་མོངས་པས་བསྒྲིབས་པས་རྟག་མ་ཐུབ་པའོ། །ཆོས་ཉིད་ལ་བཀོད་པའི་སྣང་བ་གསལ་དྭངས་ཏེ་སྣ་ཚོགས་དུ་མའི་སྤྱོད་པས་བསྒྲིབས་ནས་མངོན་སུམ་དུ་མེད་དོ། །དེ་ཡང་རིག་པའི་ངོ་བོ་བཟུང་བར་དཀའ་ཡང་ཡེ་ཤེས་ཀྱི་རྩལ་དལ་བས་འགྲུབ། རིག་པའི་དབྱིངས་མི་འགྱུར་བར་གནས་ཀྱང་རིག་པའི་སྟོབས་རྐྱེན་ཟད་པས་འགྲུབ། རིག་པའི་རང་བཞིན་ཀུན་ལ་ཁྱབ་ཀྱང་ཆོས་ཀྱི་སྐུ་གདམས་ངག་ལ་ཐུག་གོ་ཞེས་གསུངས་སོ། །རིག་པའི་ངོ་བོ་དྲི་མེད་ཀ་དག་གི་དགོངས་པ་རང་ཆས་རང་བཀོད་དུ་བཞུགས་པ་ཞིག་ཡིན་ཡང་རྡོས་བཅས་ཀྱི་ལུས་མ་དག་པས་འབྱུང་ལྔ་རགས་པས་ཡེ་ཤེས་བསྒྲིབས། འཁྲུལ་རྟོག་གི་སེམས་མ་དག་པས་ཕྲ་བའི་ཉོན་མོངས་ཀྱིས་དབྱིངས་བསྒྲིབས་ནས་དབྱིངས་རིག་གཉིས་མེད་ཀྱི་དགོངས་པ་མི་རྟོགས་པ་ཡིན་པས། མན་ངག་ལ་གནད་དུ་བསྣུན་ནས་ཉམས་སུ་ལེན་དགོས་པར་གསུངས་པའོ།།

༼ཁ ཉམས་སུ་ལེན་ཚུལ་བྱེ་བྲག་ཏུ་བཤད་པ།

ཀ༽ དབྱིངས་རིག་འབྲེལ་བའི་གནད་སྤྱིར་བསྟན་པ།

གཉིས་པ་ཉམས་སུ་ལེན་ཚུལ་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། དབྱིངས་རིག་འབྲེལ་བའི་གནད་སྤྱིར་བསྟན་པ་དང༌། སོ་སོའི་གནད་བྱེ་བྲག་ཏུ་བཤད་པའོ། དང་པོ་ལ་ཐབས་ཀྱིས་རང་ངོ་སྤྲད་པ། དེའི་ངང་ལ་བསྐྱང་བ། གྲོལ་ཚད་ངེས་པའི་འབྲས་བུ་དང་གསུམ་ལས། དང་པོ་ནི། ཐལ་འགྱུར་ལས། དེ་ལ་སྤྱི་ཡི་མཐོང་བ་ནི། །གོམས་དང་གནད་ཀྱིས་མཐོང་བ་སྟེ། །གོམས་པ་སྔོན་དུ་འགྲོ་བས་ན། །བརྩམས་ཏེ་ལུས་ངག་གནད་གཟིར་བས། །རང་སྣང་དག་པའི་གཟུགས་མཐོང་ནས། །འཁྲུལ་བ་ཐམས་ཅད་ནུབ་པའོ། །ཞེས་སོ། །འདིའི་གནད་མཐོང་བ་ནི། གོམས་ནས་མཐོང་བ་དང་། གནད་དེ་ལ་བརྟེན་ནས་ཤེས་པ་གཉིས་ལ་བརྟེན་དགོས་ཤིང་། དེ་གཉིས་ལ་བརྟེན་ནས་རང་སྣང་དག་པའི་སྣང་བ་མངོན་དུ་གྱུར་པའི་སྐབས་སུ། ནང་གི་དབྱིངས་རིག་མངོན་དུ་གྱུར་ནས་བརྟན་པ་ཐོབ་པ་དང་། ཕྱིའི་འཁྲུལ་བ་ཐམས་ཅད་ནང་དུ་ནུབ་པ་ནི་དབྱིངས་རིག་གནད་གཅིག་པ་ཡིན་པས་མི་ཚད་གཞི་ལམ་འབྲས་བུའི་འབྲེལ་བ་གྲུབ་པའི་གོ་དོན་ཡང་ཤུགས་ལ་རྟོགས་པའོ།།

ཁ༽ སོ་སོའི་གནད་བྱེ་བྲག་ཏུ་བཤད་པ།

གཉིས་པ་ལ། ལྟ་བའི་ངོ་བོ་ངོས་གཟུང༌། སྒོམ་པའི་ངང་ལ་རང་བབས་སུ་བསྐྱང༌། སྤྱོད་པ་འབྲལ་མེད་དུ་སྤྱད་པ་དང་གསུམ་ལས། ལྟ་བ་ནི་དབྱིངས་སྣང་འོད་དང་རིག་སྣང་ལུ་གུ་རྒྱུད་དེ། དེ་ཉིད་ལས། འོད་དང་ཁ་དོག་དབྱིབས་ཉིད་དང༌། །ཡེ་ཤེས་ལྔ་ཡི་རང་སྣང་སྟོན། །ཞེས་སོ། །ཕྱིའི་ཆོས་ཅན། ནང་ཆོས་ཉིད། གསང་བ་རིག་པ་ལ་བལྟས་པས་དབྱིངས་རིག་གཉིས་མེད་འབྲལ་མི་ཤེས་པའི་གནད་དེ་མཐོང་ནས་དབྱིངས་ཀ་དག་དྲི་མེད། རིག་པ་རང་གསལ་ལྷུན་གྲུབ་ཀྱི་ཚུལ་དུ་མཐོང་བ་ནི་ལྟ་བའོ། །སྒོམ་པ་ནི། ཀློང་དྲུག་པ་ལས། དབྱིངས་གཉིས་སུ་སྣང་བའི་དུས་ན་དབྱིངས་དང་རིག་པ་ཚད་ལ་དབབ་པ་དང༌། སྣང་བ་ཐམས་ཅད་ཅི་ཡང་མ་ཡིན་པར་ཆོས་ཉིད་ཟད་པའི་མཐའ་ལ་མཁས་པར་བྱའོ་ཞེས་པ་དང༌། རང་གསལ་བློ་ལ་གོམས་པ་ཡིས། །ནང་གསལ་འགྱུ་ཡིད་ཕྱིར་མི་འཆོར། །དངོས་པོའི་རྗེས་སུ་སེམས་མི་འབྲང༌། །ཞེས་སོ། །ཕྱིའི་འོད་གསལ་གྱི་མཐོང་སྣང་དང་འབྲེལ་བས་དངོས་པོའི་རྗེས་སུ་སེམས་མི་ཤོར་བར། ནང་རྣམ་རྟོག་འཕྲོ་འདུ་དང་བྲལ་ནས་རིས་མེད་མཉམ་པར་བསྒོམས་པས་དབྱིངས་རིག་ཚད་ལ་ཕེབས་པ་ནས་ཟད་པའི་སར་སྐྱོལ་དགོས་པའོ། །སྤྱོད་པ་ནི། ཐལ་འགྱུར་ལས། སྤྱོད་པའི་སྦྱངས་ས་དབྱིངས་རིག་ལ། །གཟེར་གསུམ་ལྡན་པས་འབྲལ་མེད་པར། །རྟག་ཏུ་འདྲིས་ནས་སྤྱོད་པ་སྟེ། །ཆོས་ཀུན་བྱ་བ་བྲལ་བ་དང༌། །འཁོར་འདས་འབྲེལ་བ་ཆད་པའི་དུས། །རྟོག་བཅས་འཁྲུལ་བ་འགགས་པ་སྟེ། །འཁོར་བའི་གཡང་ས་རྒྱུན་ཆད་པས། །རྣལ་འབྱོར་ཆེན་པོའི་སྤྱོད་པའོ། །ཞེས་སོ། །དབྱིངས་རིག་འདུ་འབྲལ་མེད་པའི་གཟེར་དང་ལྡན་པས་རང་གྲོལ་ཆེན་པོའི་སྤྱོད་པ་རྣལ་འབྱོར་གྱི་ཉམས་དང་བསྟུན་ནས་སྐྱོང་བའོ། །རང་གནད་ནི་དེ་ཉིད་ལས། རིག་པའི་གནད་ནི་དབྱུང་བ་དང༌། །བསྐྱིལ་ཞིང་མཁའ་ལ་གཏོད་པའོ། །དབྱིངས་ཀྱི་གནད་ནི་བསྡུ་བ་དང༌། །དགུག་དང་ཁམས་ཀྱི་དབྱེ་བས་སྦྱར། །ཞེས་སོ། །རིག་པའི་གནད་དང་པོར་གང་ཤར་དུ་སྤྲོ་ཞིང་། བར་དུ་རྟོག་མེད་དུ་བསྐྱིལ་ནས་དབྱིངས་ལ་གཏད། མཐར་དབྱིངས་ཀྱི་གནད་རྣལ་འབྱོར་བའི་ཁམས་དང་བསྟུན་ནས་སྣོད་བཅུད་དབྱིངས་ཀྱི་ངོ་བོར་བསྡུ་བ་དང་དགུག་པའི་རིམ་པས་གནད་དུ་བསྡུ་དགོས་སོ། །གསུམ་པ་གྲོལ་ཚད་ངེས་པའི་འབྲས་བུ་ནི། གནས་སྐབས་སྣང་ལ་འཕེལ་བས་རིག་པ་སྐུར་སྨིན་པ་དང༌། མཐར་ཐུག་ཟད་པ་ལ་སྤྱོད་པས་སྣང་དབྱིངས་ཀ་དག་ལ་རིག་པས་རང་ས་ཟིན་པས་མཐའ་ལ་སྐྱོལ་བ་སྟེ། ཐལ་འགྱུར་ལས། དག་པ་དབྱིངས་ཀྱི་སྒྲོན་མ་ལ། །ཐིག་ལེ་སྐུ་དང་འཁྲུལ་སྣང་དག །རང་བཞིན་ཉིད་དང་ངོ་བོ་ཉིད། །གཉིས་མེད་འདུ་འབྲལ་མེད་པར་སྣང༌། །འདི་དུས་ཟད་པའི་མཚན་ཉིད་ནི། །བྱ་བྲལ་ནམ་མཁའ་ཇི་བཞིན་ནོ། །ཞེས་པ་དང༌། འབྲས་བུ་བརྗོད་པར་མི་ནུས་ཀྱང༌། །ཆོས་རྣམས་ཟད་སར་ཕྱིན་པ་དང༌། །རང་གི་གྲུབ་པའི་མཐའ་ཡང་འཇིག །འདི་དུས་བླ་མའི་མན་ངག་ནུབ། །ལྟ་སྒོམ་སྤྱོད་པའི་མཐའ་སྟོངས་པས། །ཆོས་སུ་སྣང་བ་ཡོད་མ་ཡིན། །སྐུ་དང་ཡེ་ཤེས་རྒྱུན་ཆད་པས། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །མདོར་ན་གང་ཡང་གནས་པ་མེད། །སོང་བ་མེད་པས་འོང་མེད་པའོ། །ཞེས་སོ། །དེ་དུས་སྣང་བའི་སེམས་རྣམ་པར་དག་པས་ཞིང་ཁམས་དག་པ་ཚད་མེད་པར་མཐོང་བ་དང་། སྟོང་བའི་སེམས་རྣམ་པར་དག་པས་ཤེས་རབ་དང་ཏིང་ངེ་འཛིན་གྱི་སྒོ་དཔག་ཏུ་མེད་པ་ལ་དབང་འབྱོར་བ་དང་། དབྱིངས་རིག་གཉིས་མེད་ཀྱི་གནད་མཐོང་བས་ལུས་རྡོས་བཅས་ཀྱི་རྩ་རླུང་རང་དག་ནས་དྲན་པ་དང་དྲན་གཞི་ཝལ་བོ་རྗེས་མེད་དུ་སོང་སྟེ། ཆོས་ཉིད་ཀྱི་ཀློང་དུ་ཆོས་ཅན་ཟད་ནས་ཆོས་ཟད་གདོད་མའི་དབྱིངས། དབྱིངས་རིག་དབྱེར་མེད་པ་ནང་གསལ་ཐིམ་ལ་མ་རྨུགས་པའི་ངང་དུ་འཁྱིལ་ནས་གཞན་དོན་འབད་མེད་དུ་འབྱུང་བའོ། །སྤྱིར་རྩ་རླུང་གི་རྒྱུ་བ་ཡོད་པའི་རིང་ལ་གཞི་སྣང་གི་འཆར་སྣང་ཡོད་ཅིང་། རྩ་རླུང་དག་ཚེ་གཞི་སྣང་རང་ལོག་ཏུ་སོང་ནས་རྒྱུ་བ་དག་ཅིང་། རླུང་སེམས་ཀྱི་རྒྱུ་བ་དག་ཚེ་འཆར་སྣང་གི་འཕེལ་ཟད་པས་ཤེལ་འོད་ནང་དུ་བསྡུས་པ་ལྟར་ལྷུན་གྲུབ་ནང་དབྱིངས་སུ་ཉེ་བའོ། །གཉིས་པ་སོ་སོའི་གནད་ལ་གཉིས་ལས། དང་པོ་དབྱིངས་ཀྱི་གནད་ནི། །སྒྲོན་མ་སྣང་བྱེད་ལས། དབྱིངས་ཀྱི་གནད་ནི་ཙིཏྟ་སྟེ། །ནམ་མཁའི་ཁམས་ནི་སྙིང་ལ་གནས། །དབྱིངས་ཀྱི་ལམ་ནི་རླུང་ཡིན་པས། །ཤེས་པའི་དྭངས་མ་འོད་དུ་གསལ། །དབྱིངས་ཀྱི་སྒོ་ནི་མཛོད་སྤུ་ལས། །མཐིང་ག་ཁྱབ་ཆེན་ཤེས་པའི་གྲོགས། །དབྱིངས་ཀྱི་ཡུལ་ནི་མིག་ཡིན་པས། །མཐོང་བྱེད་ཟུར་ལ་རྒྱུན་དུ་གནས། །དབྱིངས་ཀྱི་ཟད་པ་ནམ་མཁའ་སྟེ། །རིས་མེད་ཡུལ་ལ་ཁྱབ་པར་གདལ། །དབྱིངས་ཀྱི་འབྲས་བུ་ལུས་ཡིན་པས། །མཐོང་བྱེད་འཁྲུལ་སྣང་འདི་གཅོད་དོ། །དབྱིངས་ཀྱི་གོལ་ས་འོད་ཡིན་པས། །གསེར་སྒྲོག་ཐག་སྒྲོག་འཆིང་བར་མཉམ། །དབྱིངས་ཀྱི་སྒྲོག་ནི་འབྱུང་བ་ལྔ། །ཟད་པས་འཁྲུལ་བའི་ཞེན་ཡུལ་འགག །དེ་ཕྱིར་ཡོན་ཏན་ཐམས་ཅད་ནི། །དབྱིངས་དང་རིག་པ་ཕུངས་པས་དཔུངས། །ཞེས་སོ། །འདི་ནི་དབྱིངས་རིག་གནད་གཅིག་པའི་ཤེས་བྱེད་ཡིན་ཞིང་། འདི་ལ་གནས་དང་། ལམ་དང་། སྒོ་དང་། ཡུལ་སོགས་ཡོད་པ་ལས། གཞི་སྙིང་ལ་གནས་པའི་དབྱིངས་ཀྱི་ངོ་བོ་ལས་ཡེ་ཤེས་ཀྱི་རླུང་གིས་ཤེས་པའི་དྭངས་མ་འོད་གསལ་དུ་སྣང་བ་དེ་ལམ་ཡིན། སྒོ་རྒྱང་ཞགས་ཀྱི་སྒྲོན་མ་བརྒྱུད་ནས་མཛོད་སྤུའི་ཐད་ཀྱི་མཐིང་ཁ་ཁྱབ་པ་ཆེན་པོར་སྣང་བས་གྲོགས་བྱས་ཏེ། དབྱིངས་སྣང་ཟད་པས་རྐྱེན་བྲལ་གྱི་ཡུལ་ལ་ཁྱབ་པར་གདལ་བ་ནང་དབྱིངས་ཕྱི་རུ་ཤར་བའི་གནད་དེ་མ་ཤེས་པས། ཕྱིའི་འོད་ལ་ཞེན་ནས་གསེར་སྒྲོག་ཐག་སྒྲོག་གང་གིས་བཅིངས་ཀྱང་འཆིང་བར་འདྲ་བ་ཡིན་པས། དབྱིངས་ཀྱི་གནད་ཀྱང་དབྱིངས་རིག་དབྱེར་མེད་ཕུང་པོ་གཅིག་ཏུ་འདུ་དགོས་པར་གོ་དོན་གྱིས་འབྱེད་ཐུབ་དགོས་སོ། །རིག་པའི་གནས་ནི་དུང་ཡིག་ཅན་ལས། རིག་པའི་གནས་ནི་སྙིང་ཡིན་པས། །ཆོས་ཀྱི་སྐུ་ཡང་སྙིང་གར་གནས། །རིག་པའི་ལམ་ནི་རྩ་ཡིན་པས། །ཐིག་ལེ་ཉག་གཅིག་རྩ་ནས་འགྱུ། །རིག་པའི་སྒོ་ནི་མིག་ཡིན་པས། །ལྟ་བ་ཁྱབ་ཆེན་མིག་ནས་འཆར། །རིག་པའི་ཡུལ་ནི་མཁའ་ཡིན་པས། །གཟུང་དཀའ་ཁྱབ་གདལ་ནམ་མཁར་ཟིན། །རིག་པའི་རྡོས་ནི་འཁོར་བ་སྟེ། །ཉག་གཅིག་ཆ་ཕྲ་ཀུན་ཏུ་ཁྱབ། །རིག་པའི་གྲོགས་ནི་མྱང་འདས་ཏེ། །གནད་གཟིར་རིག་ངོ་སྟོང་གསལ་མཐོང༌། །རིག་པའི་གོལ་ས་སྐུ་གསུམ་སྟེ། །ཞེན་འདོད་མཐར་ནི་ལྷུང་བར་འགྱུར། །རིག་པའི་སྒྲིབ་པ་ལྟ་སྒོམ་སྟེ། བྱས་པ་རྣམས་ནི་འཇིག་པའི་རྒྱུ། །རིག་པའི་འཁྲུལ་ས་འོད་ཡིན་ཏེ། །གཞན་འབྱུང་འཁྲུལ་བའི་རྩ་བ་ཅན། །ཞེས་སོ། །འདི་ཡང་གནས་དང་། ལམ་དང་། སྒོ་དང་། ཡུལ་ལ་སོགས་པའི་རིག་ངོ་མཐོང་བ་དང་། དེའི་གོལ་འཁྲུལ་གྱི་རྩ་བ་བསྟན་པའོ། །ཞིབ་པར་འདི་ནས་གསལ་བ་ནི་དེ་ཡང་སྐུ་གསུམ་ལམ་སྣང་དུ་འཆར་བ་ལ་འབྲས་བུར་ཞེན་ནས་དགའ་བྲོད་དུ་སོང་བས་ལྷུང་བ་ཞིག་ཡིན་ནོ། །རིག་པ་ཀ་དག་ཟང་མ་འདི་རྗེན་པར་ངོས་མ་ཟིན་ན་ལྟ་སྒོམ་ཐམས་ཅད་ཡིད་དཔྱོད་སེམས་ཀྱི་སྒྲིབ་པར་སོང་བས་གཉེན་པོ་དུག་ཏུ་སོང་བ་བཤལ་སྨན་བརྫིངས་པ་ལྟ་བུ་ཞིག་ཡིན་ནོ། །འོད་ལ་ཞེན་པ་ཨ་འཐས་ན་ས་རྡོ་ལ་ཞེན་པ་དང་འདྲ་སྟེ། དང་པོ་ཡང་འོད་ལ་བཟུང་བས་འཁྲུལ་བའི་ཕྱིར་འདི་ཡང་གོལ་ས་གཅིག་ཡིན་ནོ། །གནད་འདི་ཀུན་ཤིན་ཏུ་གལ་ཆེ་བར་ཡོད་པས་རྟོགས་པར་བྱའོ། །གསང་བ་མན་ངག་གི་སྡེའི་ཐོད་རྒལ་གྱི་ལམ་འདི་ལ་སྐུ་གསུམ་ལམ་སྣང་དུ་བྱེད་པའི་ཁྱད་ཆོས་ཁྱད་འཕགས་དང་ལྡན་པ་ཡིན་པས། ཕྱི་འོད་གསལ་ལ་བལྟས་པས་ནང་རྣམ་རྟོག་དང་བྲལ་ཏེ་རིས་མེད་མཉམ་པ་ཆེན་པོར་གྲོལ་བ་དང་། ཀ་དག་གི་རིག་གདངས་དང་ལྷུན་གྲུབ་ཀྱི་འོད་གདངས་གཉིས་ཀ་ཕྱི་ནང་ཟུང་དུ་འབྲེལ་བ་ཡིན་པས་དབྱིངས་རིག་འདུ་འབྲལ་མེད་པའི་དགོངས་པ་རྟོགས་ཤིང་། དེས་ན་རང་སྣང་གི་རྩལ་དེ་སྐུ་གསུམ་རིག་པའི་ངང་དུ་ཐིམ་པའི་སྐབས་སུ་རིག་པ་ཀ་དག་གི་འབྲས་བུ་དེ་རིག་དབྱིངས་རང་རྩལ་སྐུ་གསུམ་དུ་ཤར་བ་ཡིན་ལ། ལམ་སྣང་གི་སྐུ་གསུམ་ལ་འབྲས་བུ་རུ་ཞེན་ན་དགའ་བྲོད་ཀྱིས་བསླུ་བ་དང་། རིག་པ་ཀ་དག་རྗེན་པའི་རང་ངོ་རྗེན་ལ་བུད་མ་ཐུབ་ན་སྨན་དུག་ཏུ་ལོག་པ་བཞིན་ཡིད་དཔྱོད་སེམས་ཀྱི་སྒྲིབ་པར་སོང་བ་དང་། མཐོང་སྣང་གི་འོད་ལ་ཞེན་ན་གཟུང་འཛིན་ཞེན་སྣང་གི་འཕྲོ་མ་ཆོད་པར་གོལ་ཤོར་ནོར་གསུམ་དུ་ཤོར་བ་ཡིན་པས་དེ་ལས་ལྡོག་དགོས་སོ། །དེ་ཤེས་པའི་སྟེང་དུ་གཉིས་བཅས་གཟུང་འཛིན་དང་བྲལ་དུས་རང་རིག་རང་ས་ན་གསལ་ཏེ་རིག་པ་ཟང་ཀ་རྗེན་པར་གནས་པའོ།།

༼ག གནད་གསུམ་ངེས་པས་དོན་བསྡུ་བ།

ཀ༽ གནད་མ་ཤེས་ན་སྐྱོན་ཡོད་པས་ཤེས་པར་གདམས་པ།

གསུམ་པ་གནད་གསུམ་ངེས་པས་དོན་བསྡུ་བ་ལ་གཉིས་ཏེ། གནད་མ་ཤེས་ན་སྐྱོན་ཡོད་པས་ཤེས་པར་གདམས་པ་དང་། གནད་དངོས་སོ། །དང་པོ་ནི་སྒྲོན་མ་སྣང་བྱེད་ལས། ལུས་ཀྱི་གནད་ཉིད་མ་ཤེས་ན། །དཀོར་མཛོད་སྒོ་མོ་དམ་འགྲིགས་ལྟར། །ཕྱི་ནས་ནོར་རྙེད་མ་ཡིན་ནོ། །བསྐྱེད་པ་ཡི་ནི་རིམ་པ་ཡི། །དོན་ཉིད་དང་ནི་ཁྱད་མེད་ལྟར། །དབྱིངས་ཀྱི་གནད་ཉིད་མི་ཤེས་ན། །བྱ་ལམ་ནམ་མཁའི་མཐའ་ཚོལ་འདྲ། །རིག་པའི་གནད་དེ་མ་ཤེས་ན། །ནམ་མཁའ་སྤར་གྱིས་འདེབས་དང་འདྲ། །གནད་གསུམ་མན་ངག་མ་ཤེས་པར། །བསྒོམ་པར་འདོད་པའི་སྒོམ་ཆེན་དེ། །སྤྱད་དབང་མེད་པའི་ནོར་བསྲུང་འདྲ། །དེ་ཕྱིར་གནད་གསུམ་འབྲེལ་བ་གཅེས། །ཞེས་སོ། །ལུས་ཀྱི་གནད་མ་ཤེས་ན་སྒྲོན་མའི་གནད་མི་ཁྲོལ། དབྱིངས་ཀྱི་གནད་མ་ཤེས་ན་སྒོམ་པའི་ཁོག་མི་རིག རིག་པའི་གནད་མ་ཤེས་ན་ཕྱོགས་རེའི་ལྟ་གྲུབ་དང་ཡིད་དཔྱོད་ཙམ་ཞིག་ལས་མ་འཕགས་པས། མཛོད་ཁང་ཡོད་ཀྱང་གནད་ལྡེ་མིག་མེད་པས་སྒོ་མ་བྱེ་བ་ལྟ་བུ་ཡིན་ནོ།།

ཁ༽ གནད་དངོས་བཤད་པ།

གཉིས་པ་ལ་གསུམ་སྟེ། རིག་པའི་ཡེ་ཤེས་ལུས་ལ་གནས་པས་དང་པོ་ལུས་གནད་འདུག་སྟངས་གསུམ་སོགས་ལས་མི་འདའ་བ་གཅེས། ཡུལ་གྱི་གནད་ནམ་མཁའ་ཡིན་པས་མཛོད་སྤུའི་ནམ་མཁའ་ལས་མི་འགྱུར་བར་བལྟ་བ་གཅེས། གཟིགས་སྟངས་གསུམ་ལས་སྐབས་དང་སྦྱར་ནས་གང་གཙོ་བ་བལྟ་དགོས་སོ། །རིག་པའི་གནད་ལུ་གུ་རྒྱུད་དབྱིངས་ཀྱི་ར་བར་བཅུག་ནས་མི་འགུལ་བར་འཇོག་པ་ལ་མིག་མི་འགུལ་ཞིང་རླུང་རབ་ཏུ་དལ་བ་གཅེས་པ་སྟེ། ཡུལ་དང་སྒོ་གཉིས་ཀ་འཛོམས་དུས་རླུང་དལ་བར་ལྟེམས་པས་རིག་པ་བཙོན་དུ་ཟིན་པའི་གནད་ཡོད་དོ། །དེའི་དོན་ལུང་གིས་བཀྲལ་བ་ནི། དུང་ཡིག་ཅན་ལས། རིག་པ་རྟེན་ས་ལུས་ཡིན་ཏེ། །ལུས་ཤིག་མེད་ན་མེད་པ་སྟེ། །ཡོད་ན་ཡེ་ཤེས་ཡོད་པར་ངེས། །དེ་ལྟར་ལུས་ལ་ཡོད་པ་དེ། །ཆོས་ཅན་སྤྱི་ཡི་མཚན་ཉིད་ཀྱིས། །སྤྱི་བོའི་གཙུག་ནས་རྐང་མཐིལ་བར། །བརྟག་དཔྱད་རྣམ་པ་སྣ་ཚོགས་ཀྱིས། །དཔྱད་པས་དེ་ཉིད་རྙེད་པ་མིན། །མོ་དང་པྲ་ལ་སོགས་པ་ཡི། །རྩིས་ནི་རྣམ་པ་སྣ་ཚོགས་ཀྱིས། །བལྟས་ཤིང་དཔྱད་ཀྱང་རྙེད་པ་མིན། །འོ་ན་གཏན་མེད་ཡིན་ཞེ་ན། །གཏན་དུ་མེད་པ་མ་ཡིན་ཏེ། །ལུས་ངག་ལྟེམས་ན་མངོན་དུ་སྣང༌། །དཔེར་ན་ལུས་ལ་ཁྲག་ཁྱབ་སྟེ། །སྐྱེས་བུ་གླེན་པ་འགའ་ཞིག་གིས། །གང་གང་ལུས་ལ་ཁྲག་བཙལ་བས། །གཅིག་ཀྱང་འབྱུང་བ་མ་ཡིན་ནོ། །འོ་ན་ལུས་ལ་ཁྲག་མེད་དམ། །ལུས་ལ་མེད་པ་མ་ཡིན་ཏེ། །ཐམས་ཅད་ཁྱབ་ཅིང་ཁྲག་ལ་བརྟེན། །སྐྱེས་བུ་ཐབས་དང་ལྡན་པ་ཡིས། །རྩ་ལ་གཏར་ན་ཁྲག་འབྱུང་ལྟར། །ལུས་གནད་ཡེ་ཤེས་དེ་བཞིན་ནོ། །ཡུལ་གྱི་གནད་ནི་ནམ་མཁའ་སྟེ། །འདི་ཉིད་མི་ཤེས་ཁ་ཅིག་གིས། །ཉིན་དང་མཚན་མོ་མེད་པ་རུ། །ནམ་མཁའ་ཉིད་ལ་བལྟ་བྱས་ཀྱང༌། །འདི་ཉིད་མཐོང་བ་མ་ཡིན་ནོ། །གཏན་དུ་མེད་པ་མ་ཡིན་ཏེ། །འདི་ཉིད་གོམས་པའི་རྣལ་འབྱོར་པས། །སྐད་ཅིག་ཉིད་ལ་དོན་ཤེས་འགྱུར། །རིག་པའི་གནད་ནི་ཉིན་མཚན་དུ། །རྟག་ཏུ་དེ་ཉིད་ལ་གནས་བྱ། །གཞན་པའི་སེམས་ཀྱིས་སྐད་ཅིག་ཀྱང༌། །ཡེངས་ཤིང་འབྲལ་བར་མི་བྱའོ། །འོ་ན་གནད་གསུམ་ཡེ་ཤེས་དེ། །འདི་ཉིད་མ་གཏོགས་གཞན་རྣམས་ཀྱིས། །མཐོང་བ་དག་ནི་མེད་དམ་ཅི། །གཞན་ལྟ་སྤྱོད་པའི་རྣལ་འབྱོར་པས། །འདི་ཉིད་མ་བསྟན་བར་དུ་ནི། །ཇི་ལྟར་བརྟགས་ཀྱང་མཐོང་བ་མིན། །དམ་པའི་གདམས་ངག་འདི་བསྟན་ན། །བ་རྣམས་ལུས་ལ་འོ་མས་ཁྱབ། །མཁས་པས་ནུ་མ་ནས་འཐེན་ན། །འོ་མ་དག་ནི་འབྱུང་བ་བཞིན། །མངོན་དུ་གསལ་ཏེ་ལུས་གནད་ཀྱིས། །རྟག་ཏུ་གོམས་དང་ཁྱད་མེད་མཐོང༌། །བཤན་པ་སྨད་འཚོང་སྡིག་ཅན་ལ། །འདི་ཉིད་བསྟན་པས་གྲོལ་ཐོབ་འགྱུར། །ཉན་ཐོས་རང་སངས་རྒྱས་རྣམས་དང༌། །བྱང་སེམས་སྒྲིབ་པ་བྲལ་བས་ཀྱང༌། །འདི་ཉིད་གནད་གསུམ་གདེང་མེད་ན། །རྡུལ་ཕྲན་ཙམ་ཡང་མཐོང་མི་འགྱུར། །གཞན་དག་གིས་ནི་སྨོས་ཅི་དགོས། །དེས་ན་གོམས་དང་ཐབས་ཉིད་གཅེས། །ཞེས་སོ། །ཚིག་དོན་རིན་པོ་ཆེའི་མཛོད་ལས་ཡུལ་གྱི་གནད་བསྟན་པ་སྟེ་རྡོ་རྗེའི་གནས་བདུན་པ་རྒྱ་ཆེར་བཤད་པའོ།། །།དེ་ཡན་གྱིས་གཞི་དང་འཁྲུལ་ཚུལ་ཁྱབ་ཚུལ་དང་། །གནས་དང་ལམ་དང་སྒོ་དང་ཡུལ་རྣམས་སོང་ནས། ཉམས་ལེན་ཚད་དང་བར་མ་དོ། །གྲོལ་ས་ཉིད་དང་བཅུ་གཅིག་གོ །ཞེས་པ་ལས་བརྒྱད་པ་ཉམས་ལེན་གྱི་ཚད་བསྟན་པ་ནི།

རྡོ་རྗེའི་གནས་བརྒྱད་པ་ཇི་ལྟར་ཉམས་སུ་བླང་བའི་རིམ་པ་རྒྱ་ཆེར་བཤད་པ།

༼ཀ༽ གང་གིས་ཉམས་སུ་བླང་བ་གང་ཟག་གི་རིམ་པ།

༼ཀ སྟོན་བྱེད་བླ་མའི་རང་བཞིན།

ཀ༽ ཡང་དག་པའི་བླ་མ་ལ་བརྟེན་པར་གདམས་པ།

དེ་ནས་ཡང་དག་པའི་ཡེ་ཤེས་ཉམས་སུ་བླང་བའི་ཐབས་བསྟན་པ་ལ་གསུམ་སྟེ། གང་གིས་ཉམས་སུ་བླང་བ་གང་ཟག་གི་རིམ་པ། ཇི་ལྟར་སྨིན་པ་དབང་གི་རིམ་པ། ཡོངས་སུ་གྲོལ་བྱེད་གདམས་པའི་རིམ་པའོ། །དང་པོ་ལའང་གསུམ་སྟེ། སྟོན་བྱེད་བླ་མའི་རང་བཞིན། བསྟན་བྱ་སློབ་མའི་རང་བཞིན། ཐུན་མོང་དུ་བསྟན་ཚུལ་ངེས་པའོ། །དང་པོ་ལ་བླང་དོར་གཉིས་ལས། ཡང་དག་པའི་བླ་མ་ལ་བརྟེན་པར་གདམས་པ་ལས་དེའི་མཚན་ཉིད་ངོས་གཟུང་བ་ནི། སྤྱིར་ཐེག་པ་མཐའ་དག་གི་གནས་ལ་མཁས་ཤིང་ཐུགས་རྗེའི་རླབས་ཆེ་བ། གསང་སྔགས་ཀྱི་དོན་ལ་མཁས་ཤིང་དབང་གི་ཆུ་བོ་རྫོགས་པ། དམ་ཚིག་དང་སྡོམ་པ་ལ་གནས་ཤིང་བསྙེན་སྒྲུབ་ཡན་ལག་བཞི་ལ་རྟགས་ཐོན་པ། བྱེ་བྲག་ཏུ་རང་བཞིན་རྫོགས་པ་ཆེན་པོའི་དོན་ལ་དབང་འབྱོར་བས་གཞན་རྗེས་སུ་འཛིན་པ་ལ་དབང་བ་སྟེ། དེ་ཡང་རྟོགས་ཤིང་ལྟ་བ་ལ་མཁས་པས་ཆོས་ཉིད་མངོན་སུམ་གྱི་དྲོད་ཚད་ཐོབ་པ། གོམས་ཤིང་སྒོམ་པ་ལ་མཁས་པས་རྟག་ཏུ་ཆོས་ཉིད་ལས་མི་འདའ་བ། གཉིས་མེད་སྤྱོད་པ་ལ་མཁས་པས་གཟུང་འཛིན་དང་རྣམ་རྟོག་བགས་ཀྱིས་ཆུང་ཞིང་བླང་དོར་མེད་པ། མཐར་ཕྱིན་འབྲས་བུ་ལ་མཁས་པས་གྲོལ་ཚད་གསུམ་གང་རུང་ཡོད་ཅིང་རེ་དོགས་དང་འབད་རྩོལ་ཞིག་པས་ཁོང་ཡངས་ཤིང་བློ་བདེ་བ་སྟེ། ཐལ་འགྱུར་ལས། མཚན་ཉིད་རྫོགས་པའི་བླ་མ་ནི། །ཡོན་ཏན་ཀུན་གྱི་འབྱུང་ཁུངས་བཞིན། །རྫོགས་པའི་བྱང་ཆུབ་གཞི་འཛིན་པའོ། །ཞེས་པ་དང༌། རང་ཤར་ལས། རྡོ་རྗེའི་དོན་ལྡན་སློབ་དཔོན་ནི། །ངང་རྒྱུད་བཟང་ཞིང་སློབ་ལ་མཁས། །དབང་ཐོབ་གསང་སྔགས་དོན་ལ་སྦྱོར། །ཕྱི་ནང་བྱ་བ་ཐམས་ཅད་ཤེས། །ཡི་དམ་ལྷ་དང་འདུ་འབྲལ་མེད། །ཏིང་ངེ་འཛིན་ལས་ཡེང་བ་མེད། །རྫོགས་ཆེན་མན་ངག་དོན་ལྡན་པའི། །གསང་སྔགས་གསང་བའི་རྒྱུད་ལ་མཁས། །ཕྱི་ནང་བྱ་བ་ཐམས་ཅད་བྱེད། །ལྟ་བའི་དོན་ལས་མི་འདའ་ཞིང༌། །ཕྱི་ནང་གསང་བའི་བྱ་བ་བཏང༌། །ཡོན་ཏན་ནོར་བུ་རིན་ཆེན་ལྟར། །ཟད་མེད་གཏེར་ལ་སྤྱོད་པའོ། །ཞེས་པ་དང༌། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། ཡངས་ཤིང་རྒྱུད་དང་གྲུབ་མཐའ་དག་ལ་མཁས། །ངང་རྒྱུད་བཟང་ཞིང་རྟོགས་པའི་ལྟ་བ་མཁས། །གསང་སྔགས་རྒྱལ་པོ་རྡོ་རྗེ་ཨཱ་ལི་ཀཱ། །ཞེས་སོ། དབྱེ་ན་རང་ཤར་ལས། སློབ་དཔོན་ལ་ཡང་དོན་བཞི་སྟེ། །སྤྱི་དང་འདྲེན་དང་དམ་ཚིག་དབང༌། །མན་ངག་ལུང་གི་སློབ་དཔོན་ནོ། །ཞེས་བཞིར་བཤད་ཀྱང་སྐབས་འདིར་གཉིས་སུ་བསྡུ་སྟེ། ཐལ་འགྱུར་ལས། རྩ་བ་ཡན་ལག་བླ་མ་གཉིས། །ཞེས་པ་དང༌། དབང་བསྐུར། རྒྱུད་བཤད་མན་ངག་ཕོག་ན་རྩ་བའི་བླ་མ་ཞེས་བྱ་ལ། དེ་དག་གང་རུང་རེའམ་གཉིས་ལྡན་ལྟ་བུ་ནི་ཡན་ལག་གི་བླ་མ་ཞེས་བྱའོ། །རྩ་བའི་བླ་མ་གཉིས་ཡོད་ནའང་ད་ལྟ་དེའི་མན་ངག་གང་ལ་རང་སྤྱོད་པ་སྟེ་རབ་ཏུ་གཉན་པས་བཞི་ལྡན་ཞེས་བྱ་བ་ཡིན་ནོ། །དེ་ཡན་གྱིས་རྡོ་རྗེའི་གནས་བདུན་གྱིས་ཡང་དག་པའི་ཡེ་ཤེས་ཉམས་སུ་བླང་རྒྱུའི་ཤེས་བྱའི་གནས་ཐམས་ཅད་གཏན་ལ་ཕབ་ནས། ད་ནི་དེ་དག་ལས་བྱུང་བའི་དོན་ཉམས་སུ་ལེན་པའི་ཐབས་བསྟན་པའི་སྐབས་ཡིན་ལ། ཉམས་ལེན་བྱེད་པའི་ཚད་དང་མཐུན་པའི་གང་ཟག་དེས་ཉམས་སུ་ལེན་པ་ལ། སྨིན་པར་བྱེད་པའི་དབང་གི་རིམ་པ་དང་། གྲོལ་བར་བྱེད་པ་གདམས་ངག་གི་རིམ་པ་གཉིས་ཀྱིས་བསྟན་པར་བྱ་བ་ཡིན་ལ། དེ་ཡང་དབང་སྐུར་བ་པོའི་བླ་མ། ཞུ་བ་པོའི་སློབ་མ། ཐུན་མོང་གི་དབང་སྐུར་ཐབས་ཅི་དགོས་པ་རྣམས་བསྟན་པ་ལས། དང་པོ་གསང་སྔགས་དབང་གི་བླ་མ་ནི། ལྟ་སྒོམ་སྤྱོད་གསུམ་གྱི་ཡོན་ཏན་དང་ལྡན་པ་རང་རྒྱུད་གྲོལ་ཞིང་གཞན་རྒྱུད་སྨིན་པར་ནུས་པ་ཞིག་ཡིན་དགོས། ཁྱད་པར་དུ་རྟོགས་པའི་ཡོན་ཏན་དགོས་པ་གནད་ཆེ་བ་ཡིན་པས་གསང་སྔགས་ལ་སྦྱོར་བའི་བླ་མ་དང་། བསམ་གཏན་ལ་སྦྱོར་བའི་བླ་མ་གཉིས་ཀྱི་དབྱེ་བ་ཡོད་པ་ལས་ཁྱད་པར་དུ་བསམ་གཏན་ལ་སྦྱོར་བའི་བླ་མ་གཙིགས་ཆེར་འཛིན་པ་ཞིག་ཡིན། བླ་མའི་ཐུགས་རྒྱུད་ཀྱི་བྱིན་རླབས་སློབ་མ་ལ་འཕོ་དགོས་པ་ཡིན་པས་རྫིང་ན་མེད་པ་ཞིག་ཡུར་བར་ཡོང་རྒྱུ་མེད་པས་སྤྱིའི་བླ་མ། འདྲེན་པའི་བླ་མ། དམ་ཚིག་དབང་གི་བླ་མ། མན་ངག་ལུང་གི་སློབ་དཔོན་དང་བཞི་རུ་གསུངས་ཡོད་ཀྱང་། འདི་ནས་རྩ་བ་ཡན་ལག་གི་བླ་མ་གཉིས་སུ་བསྡུས་ནས་གསུངས་པའོ། །དབང་སྐུར་རྒྱུད་བཤད་མན་ངག་སྟོན་པའི་བླ་མ་དེ་རྩ་བའི་བླ་མ་དང་། དེ་ལས་གང་རུང་གི་བཀའ་དྲིན་ཚང་བ་ཡན་ལག་གི་བླ་མ་ཡིན་པ་དང་། དེ་ལ་ཡང་གཉིས་ལྡན་དང་སུམ་ལྡན་གྱི་བཤད་སྲོལ་ཡོད་དོ། །རྩ་བའི་བླ་མ་ཡིན་པ་གཉིས་ཡོད་ན་ད་ལྟ་སུའི་མན་ངག་ལ་ཉམས་ལེན་བྱེད་བཞིན་པ་དེ་གཙོ་བོར་འཛིན་དགོས་པར་གསུངས་སོ།།

ཁ༽ དོར་བྱའི་བླ་མའི་མཚན་ཉིད་བསྟན་པ།

གཉིས་པ་དོར་བྱའི་བླ་མ་ནི་ཡོན་ཏན་ཕུན་ཚོགས་པ་དེ་དག་དང་མི་ལྡན་ཞིང་སྡོམ་པ་དང་དམ་ཚིག་འཆལ་བ། མི་ཤེས་ལ་ང་རྒྱལ་ཆེ་བ། ཚེ་འདིའི་བྱ་བ་དང་སོ་ཚིགས་སློབ་ཅིང་རང་གི་སར་བཅིངས་ནས་སློབ་མ་བློ་གྲོས་ཀྱི་མིག་ཟུམ་ཐར་བའི་ལམ་སྟོར་བར་བྱེད་པ་སྟེ། རང་ཤར་ལས། མི་ཤེས་ང་རྒྱལ་ཆེན་པོ་དང༌། །བླུན་རྨོངས་ཚིག་ཕྱིར་འབྲེང་བ་དང། །གསང་སྔགས་དོན་ལ་མི་དགོས་དང༌། །གཞན་གྱི་ཞེ་གཅོད་ཁེངས་ཚིག་དང༌། །ལོག་པའི་ལམ་དུ་ཞུགས་པ་དང༌། །དབང་གི་དཀྱིལ་འཁོར་ཞལ་མ་མཐོང༌། །དམ་ཚིག་འཆལ་བར་གྱུར་པ་དང༌། །དྲིས་པ་དག་ལ་ལན་མི་ཐེབས། །ཐོས་ཆུང་ང་རྒྱལ་ཆེ་བ་སྟེ། །སློབ་དཔོན་མ་བརྟགས་སློབ་མའི་བདུད། །གསང་སྔགས་སྟོན་པའི་སློབ་དཔོན་མིན། །རྫོགས་ཆེན་ཨ་ཏི་སྟོན་མི་ནུས། །དེ་དང་འགྲོགས་པར་མི་བྱའོ། །ཞེས་པ་དང༌། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། སློབ་དཔོན་ཚད་མར་མ་གྱུར་སྤྲེའུ་འདྲའི་ལུང༌། །ལོག་པའི་ལམ་ཞུགས་གསང་སྔགས་འཆོལ་བར་སྤྱོད། །དེ་ནི་ལོག་འདྲེན་ཡིན་པས་སྤང་བར་བྱ། །ཞེས་སོ།།

༼ཁ བསྟན་བྱ་སློབ་མའི་རང་བཞིན།

ཀ༽ ཐུན་མོང་གི་སྣོད་སྤྱིར་བསྟན་པ།

གཉིས་པ་སློབ་མའི་མཚན་ཉིད་ལ་གཉིས་ཏེ། ཐུན་མོང་གི་སྣོད་སྤྱིར་བསྟན་པ་དང༌། ཁྱད་པར་གྱི་སྣོད་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་བླང་དོར་གཉིས་ལས། དབང་དང་གདམས་པ་ཐུན་མོང་བའི་གནས་སྟོན་པའི་སྣོད་བཟང་པོ་ནི། རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་གཡེང་བ་མེད། །དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན། །བྲེང་ངེ་དུང་ངེ་བརྩེ་གདུང་ཅན། །ལྷང་ངེ་ལྷན་ནེ་སྒོམ་ལ་སྤྱོད། །སློབ་དཔོན་གསུངས་པ་ཇི་བཞིན་སྤྱོད། །དམ་ཚིག་འཆལ་བར་མི་གཏོང་ཞིང༌། །སྤྱོད་ལམ་གཞན་དང་མཐུན་པར་སྤྱོད། །གུས་པའི་ཚུལ་གྱིས་སེམས་གདུང་ཞིང༌། །ཚིག་གཅིག་བསྟན་པའང་རྗེས་སུ་འཛིན། །རང་གི་དོན་ལ་དེ་བཞིན་སྤྱོད། །གསང་བ་གཉེར་གཏད་ཐུབ་པར་བྱེད། །རྡོ་རྗེའི་དོན་ལས་མི་འདའ་ཞིང༌། །ཐོས་པ་ཆེ་བའི་གང་ཟག་བསྟེན། །རང་གི་དོན་ལས་འདའ་བ་མེད། །དྲེགས་པའི་ཚིག་མེད་འཇམ་པོ་སྨྲ། །ཕ་རོལ་སེམས་དང་མཐུན་པར་འཇུག །སློབ་དཔོན་དང་ནི་དེ་བཞིན་གཤེགས། །ཁྱད་མེད་གཅིག་གི་ཚུལ་དུ་བྱེད། །དེ་ནི་སློབ་མའི་མཚན་ཉིད་དེ། །རྫོགས་པ་ཆེན་པོའི་སྣོད་དུ་གསུངས། །ཞེས་པ་དང༌། ཐལ་འགྱུར་ལས། དད་དང་ཤེས་རབ་ལྡན་པ་དང༌། །མོས་ཤིང་འཁྲུལ་ནོར་མེད་པ་དང༌། །བརྗོད་བྱ་རྣམས་ལ་འཁྲུལ་ནོར་མེད། །དབང་པོ་གསལ་བས་བླ་མ་བསྟེན། །ཞེས་པ་དང༌། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། ང་རྒྱལ་དྲེགས་མེད་ངང་གིས་ཤེས་པ་དལ། །བཀའ་དྲིན་མི་གསོད་གསང་སྔགས་དོན་ལ་སྦྱོར། །ངེས་པར་དད་ལྡན་གཏོང་ཕོད་ཕུན་སུམ་ཚོགས། །རྡོ་རྗེའི་དོན་ལྡན་གསང་སྔགས་སྣོད་དུ་གསུངས། །ཞེས་སོ། །དེ་ལྟ་བུའི་སློབ་མ་མཚན་ཉིད་དང་ལྡན་པས་བླ་མ་དམ་པ་བསྟེན་ནས་ཉམས་ལེན་ལ་འབད་ན་འཁོར་བ་ལས་ཐར་བའི་ཐར་བ་དམ་པ་ཐོབ་ནས་མྱུར་དུ་མྱ་ངན་ལས་འདའ་བར་འགྱུར་རོ། །དོར་བྱའི་སློབ་མ་ནི། རང་ཤར་ལས། བཀུར་སྟི་ཕུ་དུད་མི་བྱེད་ཅིང༌། །གསང་སྔགས་འཆོལ་བར་སྤྱོད་པ་དང༌། །རིགས་རྒྱུད་མེད་ཅིང་ངང་རྒྱུད་མེད། །ཤེས་རབ་ཆུང་བར་གྱུར་པ་དང༌། །བཀའ་དྲིན་ཁྱད་དུ་གསོད་པ་དང༌། །རང་གི་རིགས་རྒྱུད་བརྗོད་པ་དང༌། །ལུས་ལ་རྒྱན་བཟང་འདོགས་པ་དང༌། །དོན་མེད་འཆལ་པར་གྱུར་པ་སྟེ། །སློབ་མ་མ་བརྟག་སློབ་དཔོན་དགྲ། །ཉམས་སུ་མི་ལེན་གང་ཟག་ལ། །རྫོགས་པ་ཆེན་པོའི་དོན་མི་བཤད། །ཅེས་པ་དང༌། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། མི་ཤེས་ང་རྒྱལ་ཆེ་ཞིང་བླུན་རྨོངས་གཅམ་བུ་ཅན། །ང་རྒྱལ་དྲེགས་ཚིག་སྨྲ་ཞིང་མཆེད་ལ་རས་ཆོད་བྱེད། །ངོ་ཚ་མེད་ཅིང་ཁྲེལ་མེད་བག་འཛེམ་མེད། །གསང་སྔགས་སྣོད་མིན་གང་ཟག་སྤང་བར་བྱ། །ཞེས་སོ། །སྣོད་ངན་པས་བཅུད་བཟང་པོ་མི་ཐུབ་པ་སེངྒེའི་འོ་མ་རྫ་སྣོད་དུ་མ་ཚོགས་པ་ལྟར་སློབ་མ་སྣོད་དང་མི་ལྡན་པ་ཞིག་ལ་གསང་སྔགས་ཀྱི་ཆོས་བཤད་ན་ཕན་མ་དགོས་གནོད་བྱེད་དུ་འགྱུར་ཏེ། དེའི་རྒྱུད་ངན་པའི་དབང་གིས་ངན་སོང་དུ་འགྲོ་བའི་རྒྱུ་བྱེད་པས་སོ།།

༼ག ཐུན་མོང་དུ་བསྟེན་ཚུལ་ངེས་པ།

གསུམ་པ་བླ་སློབ་ཟུང་གི་ཐུན་མོང་དུ་བསྟེན་ཚུལ་ངེས་པ་ལ་གསུམ་སྟེ། བསྲུང་རྒྱུ་གཅིག་པས་ཕན་ཚུན་བརྩེ་གདུང་ལ་གནས་པ། སྣོད་བརྟགས་ནས་གསང་བའི་དོན་གདམས་པ། བླ་མ་བསྟེན་ཚུལ་ཕན་ཡོན་དང་བཅས་པའོ། །དང་པོ་ལ་བསྲུང་རྒྱུ་གཅིག་པ་དང༌། བརྩེ་གདུང་བསྐྱེད་པ་གཉིས་ལས། དང་པོ་ནི་གསང་སྔགས་ཀྱི་དམ་ཚིག་དཔོན་སློབ་གཉིས་ཀས་བསྲུང་དགོས་པར་གཅིག་པས་ཕན་ཚུན་མ་གུས་པ་དང་རྩོད་པ་ལ་སོགས་པ་སྤང་དགོས་ཏེ། དམ་ཚིག་འདོམས་པའི་སྟོན་པ་སློབ་དཔོན་ཡིན་ལ་སྣོད་སློབ་མ་ཡིན་པའི་ཕྱིར་ཏེ། རང་ཤར་ལས། སློབ་དཔོན་དང་ནི་སློབ་མ་གཉིས། བསྲུང་བའི་རྒྱུ་ཞེས་ཀུན་ཏུ་གྲགས། །བསྲུང་བའི་རྒྱུ་ནི་སློབ་དཔོན་ཏེ། །སྲུང་བར་བྱེད་པ་སློབ་མའོ། །དེ་ལ་སྤྱོད་པ་རྗེས་འཇུག་གོ །ཞེས་སོ། །དེས་ན་གཅིག་ལ་གཅིག་བརྩེ་གདུང་བསྐྱེད་དགོས་ཏེ། དེ་ཉིད་ལས། ཐུགས་རྗེའི་འབྲེལ་ཐག་མ་ཆད་ཅིང༌། །བརྩེ་གདུང་རྒྱུན་ཐག་མ་ཆད་པ། །སློབ་དཔོན་སློབ་མའི་འབྲེལ་བའོ། །ཞེས་སོ། །སློབ་དཔོན་དེས་ཐུགས་རྗེས་གཟིགས་པ་དང་སློབ་མ་དེས་བརྩེ་གདུང་བསྐྱེད་པ་གཉིས་འབྲེལ་བ་ཆེ་ཤོས་ཡིན་པས་དེ་ལྟར་བྱའོ། །བླ་མས་སློབ་མ་ལ་ཐུགས་རྗེས་གཟིགས་ནས་ཕན་པའི་ཆོས་དང་གདམས་ངག་གནང་། སློབ་མས་ཀྱང་བླ་མ་ལ་བརྩེ་གདུང་དང་མོས་གུས་རྒྱུན་ཆད་མེད་པའི་ཐོག་ནས་ཞབས་ཏོག་དང་བསྙེན་བཀུར་བྱེད་དགོས་སོ། །གཉིས་པ་སྣོད་བརྟག་པ་ནི། དེ་ཉིད་ལས། མན་ངག་རྫོགས་པ་ཆེན་པོའི་དོན། །སྣོད་ངན་ཕལ་དུ་བླུགས་མི་བྱ། །དད་དང་ལྡན་པ་འགའ་ཡི་བཅུད། །སྣོད་ངན་དག་ཏུ་བླུགས་གྱུར་ན། བཅུད་མེད་གཉིས་ཀ་ཕུང་བར་བྱེད། །དེ་ཕྱིར་བློ་དམན་རྣམས་ལ་གསང༌། །ཞེས་སོ། །གསུམ་པ་བླ་མ་བསྟེན་ཚུལ་ཕན་ཡོན་དང་བཅས་པ་ལ་བསྟེན་ཚུལ་དང༌། ཕན་ཡོན་གཉིས་ལས། དང་པོ་ནི། ཐལ་འགྱུར་ལས། རྩ་བ་ཡན་ལག་བླ་མ་གཉིས། །སོ་སོའི་མཚན་ཉིད་ཚང་བ་ལ། །རྒྱལ་སྲིད་དང་ནི་རང་གི་ལུས། །འཁོར་དང་ལོངས་སྤྱོད་རྣམས་ཀྱིས་བསྟེན། །ལུས་ངག་སྤྱོད་པ་མཉེས་པ་ཡིས། །བླ་མ་སངས་རྒྱས་མཉམ་སྦྱོར་བསྟེན། །ཞེས་པ་དང༌། རང་ཤར་ལས། དེ་ལྡན་མན་ངག་སློབ་དཔོན་ལ། །རང་ལུས་དང་ནི་རིན་ཆེན་རྫས། །ཤིན་ཏུ་དཀོན་པ་དག་གིས་བསྟེན། །ཞེས་པ་དང༌། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། གསང་སྔགས་རྒྱལ་པོ་རྡོ་རྗེ་ཨཱ་ལི་ཀཱ། །ལུས་ཡོན་ཕུལ་ལ་རབ་ཏུ་བསྟེན་པར་བྱ། །ཞེས་སོ། །སློབ་མས་བླ་མ་ལ་སྔོན་ནས་དབང་དང་གདམས་པ་གང་ཞུ་བསམ་པ་དེ་སྙན་སེང་ཞུ་ཞིང་། བླ་མས་ཀྱང་ལོ་དང་ཟླ་བའི་བར་དུ་སློབ་མ་བརྟག་དགོས་པ་ལས། ཚབ་ཚུབ་ཏུ་ཆོས་གྲལ་དུ་ཞུགས་པ་དང་། བླ་མ་ལ་མ་ཞུས་པར་གདམས་ངག་དབང་ཁྲིད་ཟབ་མོའི་གྲལ་དུ་འདུག་མི་རུང་སྟེ། བླ་མས་གནང་བ་ཐོབ་ནས་ཚུལ་བཞིན་དུ་དབང་ཁྲིད་ཀྱི་གྲལ་དུ་བསྡད་ན་བྱིན་རླབས་འཐོབ་པའི་དགོས་པ་དོན་དང་ལྡན་པའི་ཕྱིར། བླ་མ་ལ་འཐོབ་བྱའི་བྱིན་རླབས་ཡོད་དགོས་པར་མ་ཟད་སློབ་མ་ལའང་དེ་འདྲེན་པའི་མོས་གུས་ཡོད་དགོས་སོ། །དེ་ལྟར་བསྟེན་པའི་ཕན་ཡོན་ནི་ཐལ་འགྱུར་ལས། བསྟེན་པ་དེ་ལས་ཡོན་ཏན་ནི། །དཔག་བསམ་ཤིང་དང་ཡིད་བཞིན་ནོར། །འདོད་འཇོའི་བ་དང་འདྲ་བ་ཡི། ཡོན་ཏན་དཔག་ཏུ་མེད་པ་ཐོབ། །དེ་ལ་དམིགས་ཏེ་བླ་མ་བསྟེན། །འཁོར་བའི་གཡུལ་ལས་བཟློག་ཕྱིར་རོ། །ཞེས་སོ། །དེ་ལྟར་སྔོན་དུ་གསོལ་བ་བཏབ་ནས་དབང་ཆོས་གདམས་ངག་ཚུལ་བཞིན་ཞུས་ན་ཅི་འདོད་པའི་བསམ་པའི་དོན་ཐམས་ཅད་འགྲུབ་པ་ནི་ཡིད་བཞིན་གྱི་ནོར་བུ་དང་དཔག་བསམ་ཤིང་ལྟར་རེ་བ་འགྲུབ་པའོ།།

ཁ༽ ཁྱད་པར་གྱི་སྣོད་བྱེ་བྲག་ཏུ་བཤད་པ།

གཉིས་པ་ཁྱད་པར་གྱི་སྣོད་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། རྫོགས་པ་ཆེན་པོ་བསྟན་པའི་སྣོད་སྤྱིར་བསྟན་པ། གང་གིས་འཛིན་པའི་སྣོད་བྱེ་བྲག་ཏུ་བཤད་པ། བསྟན་པ་འཛིན་པའི་སྣོད་བླ་ན་མེད་པར་བསྔགས་པའོ། །དང་པོ་ནི། ནོར་བུ་ཕྲ་བཀོད་ལས། གསང་བའི་དཀྱིལ་འཁོར་ཆེན་པོ་ནི། །ཀུན་ལ་བསྟན་པར་མི་བྱ་སྟེ། །གསང་བ་ཐུབ་པ་འགའ་ལ་བསྟན། །གསང་སྔགས་གསང་བའི་དམ་པ་ནི། །བསྟན་པའི་རིགས་ནི་འདི་ལྟ་སྟེ། །གསང་བའི་གཉེར་གཏད་ཐུབ་པར་བྱེད། །གསང་བའི་དོན་ལ་འགྲུས་པ་དང༌། །ཤེས་རབ་བློ་རྩལ་ཆེ་བ་དང༌། །དམ་ཚིག་སྡོམ་པ་ལྡན་ལ་བསྟན། །ཞེས་སོ། །སྤྱིར་ན་གསང་སྔགས་བསྟན་ཡུལ་གྱི་སློབ་མ་མཚན་ཉིད་དང་ལྡན་དགོས་ལ། ཁྱད་པར་རྫོགས་པ་ཆེན་པོའི་གསང་བ་ཁྱད་པར་ཅན་གྱི་དབང་གི་དཀྱིལ་འཁོར་ལ་འཇུག་བྱའི་སློབ་མ་དེ་དམ་སྡོམ་དང་ལྡན་པ་ཞིག་ཡིན་དགོས་སོ། །གཉིས་པ་ནི། ཐལ་འགྱུར་ལས། ལྟ་བ་སྒོམ་པ་འཛིན་པ་ནི། །དང་པོ་བར་དང་བརྩོན་འགྲུས་དང༌། །གཏོང་བར་ནུས་ཤིང་བླ་མར་གུས། །བརྟུལ་ཞུགས་ལྡན་ལ་སྡིག་ལ་འཛེམ། །འགྱུར་མེད་རབ་ཏུ་བརྟན་པོས་འཛིན། །ཡང་ན་ངང་རིང་ཤུགས་དལ་བ། །ལྷུག་པ་གླེན་པའི་ལྷོད་ཡོད་པ། །རྟོག་པ་ཆུང་ཞིང་རང་བཞིན་དལ། །ལུས་ངག་བྱ་བ་བྲལ་བ་དང༌། །ཤེས་རབ་ལྡན་པས་འཛིན་པར་འགྱུར། །ཞེས་སོ། །གསུམ་པ་ནི། ནོར་བུ་ཕྲ་བཀོད་ལས། རྒྱལ་རིགས་དང་ནི་བྲམ་ཟེའི་རིགས། །དེ་བཞིན་རྗེའུ་རིགས་ཆེན་པོ་དང༌། །ཁྱད་པར་ཆེན་པོའི་མི་རྣམས་ལ། །གསང་སྔགས་ངེས་དོན་བསྟན་པར་གསུངས། །ཡང་ན་རིས་མེད་ཁ་དོག་བརྟག །ཕོ་མོ་གཉིས་ནི་གང་ཡང་རུང༌། །ཁ་དོག་འདི་དང་ལྡན་པར་ནི། །རྫོགས་པ་ཆེན་པོའི་སྣོད་དུ་གསུངས། །ཡན་ལག་རགས་ཤིང་ཁ་དོག་ནག །སོ་ཉིད་ཐགས་བཟང་དཀར་ལ་འགྲིག །མིག་རྩ་ཡིད་ཙམ་དམར་བ་དང༌། །སྐྲ་ཡི་མཚན་ཉིད་ཆེན་པོ་ཡང༌། །གཡས་སུ་འཁྱིལ་ཞིང་ཁམ་ནག་མདོག །ལུས་ལ་བཀུར་སྟི་ཆུང་བ་དང༌། །ཕྱི་ཡི་སྤྱོད་ལམ་ཐ་མལ་མདོག །ཚིག་རྣམས་ཤུགས་འབྱུང་སྨྲ་བ་དང༌། །ཡང་ན་ཚིག་གི་རྣམ་པ་ཀུན། །གཅིག་གིས་གང་ལྟར་སྨྲས་པར་ལྟར། །སྐྱེས་བུ་དེ་ཡང་དེ་ལྟར་སྨྲ། །རྫོགས་ཆེན་གདམས་ངག་བསྟན་པར་གསུངས། །དེ་རྣམས་གཅིག་ལ་ཚང་གྱུར་ན། །ཤན་པའི་རིགས་སམ་སྨད་འཚོང་རིགས། །ཕྱག་བདར་ཁྲོད་པའི་རིགས་ཀྱང་རུང༌། །རིགས་ངན་གང་དག་སུ་ཡིན་ཀྱང༌། །གསང་བའི་མན་ངག་བཅུད་འདི་གཏད། །རྒྱུ་ཆུང་ཡོ་བྱེད་མེད་པ་ན། །རང་གིས་ཡོ་བྱད་སྦྱར་ནས་ཀྱང༌། །ལྷག་མ་མེད་པར་ཡོངས་སུ་སྦྱིན། །གསང་བའི་བཅུད་གསུམ་མན་ངག་འདི། །རིགས་དང་ཁ་དོག་བརྟག་ཐབས་དང༌། །ང་ནི་མྱང་ངན་འདས་འོག་ཏུ། །གསང་བའི་མན་ངག་ཡང་བཅུད་འདི། །ངེས་པའི་རྒྱལ་པོ་འདི་ལྟར་བསྟན། །དེ་རྣམས་ལྡན་པའི་སྐྱེས་བུ་ལ། །གོང་གི་གདམས་ངག་བསྟན་པར་བྱ། །ཞེས་སོ། །སྤྱིར་ན་སྔགས་ཀྱི་ལམ་ནས་དངོས་གྲུབ་དམ་པ་ཐོབ་པ་ནི། གཙོ་བོར་བླ་མའི་བྱིན་རླབས་ཁོ་ན་ལ་རག་ལས་པ་ཡིན་པས། སློབ་མ་མཚན་ཉིད་དང་ལྡན་པ་ཡིན་དགོས་པས་མི་ཚད། གནད་ཆེ་བ་སློབ་དཔོན་མཚན་ཉིད་དང་ལྡན་དགོས། སློབ་དཔོན་རང་ཉིད་ལ་སྨིན་ཅིང་གྲོལ་བའི་ཡོན་ཏན་མེད་པར་ཁེ་གྲགས་དང་རྙེད་བཀུར་ལ་སོགས་པའི་བསམ་པ་ལོག་པས་སེམས་ཅན་བསླུས་ན་ཉེས་པ་ཚད་མེད་པ་ཡིན། དད་ལྡན་གཅིག་བསླུས་ན་སེམས་ཅན་བརྒྱ་བསད་པ་བས་ཉེས་པ་ཆེ་བར་གསུངས། དེས་ན་རྫས་དང་འབྱོར་བའི་སྟོབས་དང་ཆོ་ག་ཙམ་ཡང་ཡིག་ཐོག་ནས་འདོན་མི་ཤེས་པ་ཞིག་གིས་དབང་བསྐུར་བ་ནི་དཀའ་འོ། །དབང་དོན་གྱི་ངོ་བོ་ཇི་ལྟ་བ་བཞིན་རིག་ཅིང་ཤེས་མ་དགོས། སྔགས་སྡོམ་གྱི་མཚན་ཉིད་དང་བྲལ་ཐོབ་ཇི་ལྟ་བུ་ཡིན་པ་ཙམ་ཡང་མི་ཤེས་པར་མ་ཟད། དེ་ལ་སྤང་བླང་བྱེད་དགོས་སེམས་པའི་བསམ་པ་ཙམ་ཡང་སྐྱེ་མ་མྱོང་བ་ཞིག་གིས་དབང་བསྐུར་མདོག་བྱེད་པ་ནི་དབང་གི་གཟུགས་བརྙན་ལས་ཀྱང་ཡང་བརྙན་ཡིན་ནོ། །དེས་ན་མཚན་ཉིད་དང་ལྡན་པའི་བླ་མ་ཞེས་པ་ནི། བྱིན་རླབས་དང་ལྡན་པ་ཞིག་ཡིན་པས་དེས་སྣོད་དང་ལྡན་པའི་སློབ་མ་སྨིན་པར་བྱེད་པ་དང་། ཁྱད་པར་དུ་ཆོས་བརྒྱུད་འཛིན་པའི་སློབ་མ་དེ་ནི་དབང་དང་། བྱིན་རླབས་དང་། དམ་ཚིག་དང་ལྡན་པ་རང་གཞན་ཀུན་གྱིས་བློ་གཏད་འཕེར་བ་ཞིག་ཡོད་པ་ནི། མ་འོངས་བསྟན་པའི་ཆགས་འཇིག་གི་རྩ་བ་ཡིན་ལ། བྱིན་རླབས་དང་དངོས་གྲུབ་ཀྱི་ཕ་ཕོག་ཐོབ་དང་མི་ཐོབ་ནི་དེའི་ཆ་རྐྱེན་འཛོམས་དང་མི་འཛོམས་ལ་རག་ལས་པའོ། །ཀློང་ཆེན་མཛོད་བདུན་འདི་ནི་མ་ཐོབ་ཐབས་མེད་ཀྱི་ཆོས། སྤྱིར་ན་སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཞིག་གིས་འདི་མ་ཐོབ་པའི་ཐབས་མེད་ཅིང་། ཁྱད་པར་དུ་འདིའི་རྩ་བའི་ཆོས་བརྒྱུད་ཀྱི་ཁྲིད་རྒྱུན་ཡང་འདི་ལྟ་བུ་ཞིག་ལ་ཐུག་ཡོད་པས་འཐོབ་དགོས། ངས་ཀྱང་དེའི་བརྒྱུད་པ་དེ་འཐུད་ས་ལོན་ན་བསམ་ནས་ཁྲིད་ཀྱི་ཚུལ་དུ་བཤད་པ་ཡིན། འོན་ཀྱང་འདི་ཉམས་ལེན་བྱེད་མི་དགོས་ཞེས་པ་མིན་ཡང་། རྒྱ་ཆེ་བ་པཎྜི་ཏའི་བཤད་པ་ཡིན་པས། ལར་རྒྱུད་དོན་གཏིང་ཟབ་ཅིང་དེའི་སྟེང་དུ་འདིའི་བཤད་པ་རྒྱ་ཆེ་བའི་སྟབས་ཀྱིས་སོ་སོ་སྐྱེ་བོའི་བློས་གཏིང་དཔོག་པར་དཀའ་བ་ཡིན། དེས་ན་ཉམས་ལེན་གྱི་ཚེ་ན་ཟབ་པ་ཀུ་སཱ་ལིའི་ལུགས་ཀྱི་མན་ངག་བཅུད་བསྡུས་པའི་ཚིག་ཉུང་དོན་འདུས་བྱས་པ་དེ་ལ་བརྩོན་པ་གལ་ཆེའོ།།


previousཉིན་དགུ་བའི་ཆོས་ཁྲིད། next