Nitartha Digital Library
Tibetan
 
previousཉིན་བཅུ་བའི་ཆོས་ཁྲིད། no next

ཉིན་བཅུ་བའི་ཆོས་ཁྲིད།

དེ་ཡང་ཇི་སྐད་དུ་སྐྱེས་རབས་ལས། གང་ཞིག་ཐོས་པས་ཡིད་ནི་དད་གྱུར་ནས། །ལེགས་པར་དགའ་ལ་བསྟན་པ་ཉིད་དུ་འགྱུར། །ཤེས་རབ་སྐྱེ་ཞིང་གཏི་མུག་མེད་པར་འགྱུར། །རང་གི་ཤས་ཀྱང་དེ་ནི་ཉོ་བར་རིགས། །ཞེས་གསུངས་པ་ལྟར། དམ་པའི་ཆོས་གང་ཞིག་ཐོས་ནས་དེའི་དོན་ཤེས་པས། དེ་ལ་ཡིད་དགའ་ཞིང་འདུན་ནས་དད་པར་གྱུར་བའི་མི་དེ་ལ་སྔར་མེད་ཤེས་རབ་ཀྱི་མིག་གསར་བ་ཞིག་འཁྲུངས་ནས་བླུན་ཞིང་གཏི་མུག་པའི་མུན་པ་དེ་འཇོམས་པར་བྱེད་པ་དེ་ལྟ་བུའི་ནོར་མཆོག་ཏུ་གྱུར་པ་དེ་ཐོབ་པའི་ཆེད་དུ་རང་གི་ཤ་ལིང་མ་ཞིག་བཅད་ནས་དེའི་རིན་དུ་སྦྱིན་དགོས་ཀྱང་སྦྱིན་རིགས་ཞེས་པའོ། །སྔོན་འཕགས་པ་རྟག་ཏུ་ངུས་བྱང་ཆུབ་སེམས་དཔའ་ཆོས་འཕགས་བསྟེན་དུས་རང་ཉིད་ཀྱི་ལུས་བཙོངས་ནས་ཁྲག་དང་རྐང་མར་ཡང་ཆོས་ཕྱིར་དུ་བཏང་བ་དང་། སྔོན་སློབ་པ་ལམ་གྱི་གནས་སྐབས་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཚིགས་སུ་བཅད་པ་ཚིག་བཞི་རེའི་དོན་དུ་སྐུ་ལུས་མེ་དོང་གི་ནང་དུ་མཆོངས་པ་དང་སྐུ་ལུས་གདན་དུ་ཕུལ་ནས་མར་མེ་སྟོང་སྦར་བ་ལ་སོགས་པ་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་ཆེན་པོའི་གོ་འཕང་སྒྲུབ་པའི་ཆེད་དུ་ཡིན་ཞིང་། ཐར་བའི་མཆོག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་དགོས་ན་དམ་པའི་ཆོས་ཚུལ་བཞིན་བསྒྲུབ་དགོས་། དེ་ཡང་ཐོས་བསམ་སྒོམ་པའི་ཤེས་རབ་ཀྱི་མིག་སྒྲུབ་པ་ལ་བརྟེན་ཡོད་པ་ནི་ཐོག་མར་ཤེས་དགོས་པས་མ་ཚད་དེའི་གནད་ཤེས་པ་ནི་དུས་ནམ་དུ་ཡང་འབྲལ་མི་རུང་བའི་ཚུལ་ཡང་། སྐྱེས་རབས་ལས། ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །རྐུན་པོ་ལ་སོགས་མི་འཁྱེར་ནོར་གྱི་མཆོག །ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན། །ཐབས་ཚུལ་མན་ངག་སྟོན་པའི་གྲོགས་ཀྱི་མཆོག །ཅེས་གསུངས་པ་ཡིན་པས། ཐོས་པ་ནི་མ་རིག་པའི་མུན་པ་སེལ་བྱེད་ཀྱི་སྒྲོན་མེ་ཡིན་ཏེ། དེ་ཡང་ཐོས་པ་མེད་པའི་ས་ཆ་དཔེར་ན་ཡི་གེ་ཙམ་ཡང་མི་ཤེས་ཤིང་། ལེགས་ཉེས་བླང་དོར་གྱི་བསླབ་བྱ་དང་། ལས་འབྲས་ཀྱི་རྣམ་གཞག་ཤེས་པའི་དགེ་སེམས་སྐྱེར་མེད་པ་རྣམས་ནི་དམ་པའི་ཆོས་ལྟ་ཅི་འཇིག་རྟེན་པའི་འཚོ་ཐབས་ཡང་དག་པ་ཞིག་ཀྱང་མི་ཤེས་པའི་ཀླ་ཀློ། དཔེར་ན་དུད་འགྲོ་ཁྱུ་ཞིག་གནས་པ་ལྟ་བུ་ལས་གཞན་མེད་པས། ནམ་ཞིག་མི་ཁྱུ་ལས་བུད་དེ་དུད་འགྲོའི་བྱ་བ་ཡང་སྒྲུབ་ངེས་པ་ཡིན་ཏེ། ཐོས་པ་མེད་ན་ཡང་དག་པའི་ལམ་མ་ཤེས་པར་འཁོར་བའི་གནས་སུ་འཁྱམས་ཤིང་ངན་སོང་གི་སྡུག་བསྔལ་མྱོང་བ་སྨོས་ཅི་དགོས། འཇིག་རྟེན་ཚེ་འདིའི་དབུལ་ཕྱུག མཐོ་དམན། དྲག་ཞན། བཟང་ངན་སོགས་མདོར་ན་ཆོས་བརྒྱད་ཀྱི་དོན་དུ་གཉེར་བྱ་འགྲུབ་མི་འགྲུབ་ཀྱི་ཁྱད་པར་ནི། སྒྲུབ་ཐབས་ཤེས་མ་ཤེས་ཀྱིས་ལན་པ་ཡིན་པས། རྨོངས་པའི་སེམས་ཅན་གྱི་ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་པ་ལ་ལས་གཡོ་སྒྱུ་དང་ངན་སེམས། མགོ་གཡོག་དང་རྐུ་རྫུན་ཞིག་གི་སྒོ་ནས་ཨེ་འགྲུབ་བྱེད་ཀྱང། དེ་ནི་བསམ་བཞིན་ཆེད་དུ་མི་འགྲུབ་པར་བྱས་པ་དང་འདྲ་བ་ནི་དཔེར་ན་ཇ་ཁོལ་དུ་རེ་ནས་མེ་ལ་ཆུ་བླུགས་པ་དང་འདྲ་བས། ཚེ་འདིའི་བདེ་སྐྱིད་ཡོད་མེད་དེ་སྔར་བསགས་ཀྱི་བསོད་ནམས་ཡོད་མེད་ལ་རག་ལས་པ་ཡིན་པས། བདེ་བ་དང་སྐྱིད་པ་ཐམས་ཅད་བསོད་ནམས་བསགས་པའི་རྒྱུ་ལས་བྱུང་བ་ཡིན་པ་དང་། མི་བདེ་བ་དང་སྡུག་བསྔལ་བ་ཐམས་ཅད་བསོད་ནམས་མ་ཡིན་པ་ལས་བྱུང་བ་ནི་ལས་རྒྱུ་འབྲས་ཁས་ལེན་མཁན་ཐམས་ཅད་ཀྱིས་ཤེས་སོ། །ཡང་འགའ་རེས་ལས་ཀྱིས་བསྐོས་པ་ལྡོག་ཐབས་མེད་ཅེས་ཟེར་ཡང་། དེ་ལྡོག་མེད་མིན་པར་བདག་སྨྲ་ཏེ་ཚེ་རབས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་བཤགས་ནས། དཀར་པོ་དགེ་བའི་ལས་ཚུལ་བཞིན་དུ་སྒྲུབ་ཤེས་ན་ལེགས་པའི་ཕྱོགས་སུ་བསྒྱུར་དུ་རུང་བ་ཡིན་པས། སྔོན་ལས་ཐོད་པའི་རི་མོ་བསྒྱུར་ནས་ཡང་འབྲི་བྱེད་ཆོག་གོ །དེ་ཡང་ཐོས་པ་ཡོད་མེད་ལ་རག་ལས་ཤིང་། ཐོས་པ་ཞེས་པ་ནི་བྱ་བ་དེའི་བྱེད་ཐབས་དང་སྒྲུབ་ཐབས་ཤེས་པ་དེ་ཡིན་ལ། དེ་ལྟ་བུའི་འཇིག་རྟེན་གྱི་རྒུད་པ་དང་མི་བདེ་བ་ཐམས་ཅད་ཀྱི་འབྱུང་ཁུངས་ནི་མ་རིག་པའམ་རྨོངས་པའི་གཞན་དབང་དུ་གྱུར་པ་ཡིན་པས། ཐོས་པ་མེད་ན་མུན་པའི་ནང་ནས་ལོང་བསྙབས་བྱེད་པ་ལྟ་བུ་ཡིན་པ་དེས་ན། ནམ་ལངས་ནས་ཉི་མ་ཤར་བས་མུན་པའི་ཚོགས་འཇོམས་པ་དང་འདྲ་བར་ཐོས་པ་ནི་མ་རིག་མུན་སེལ་གྱི་སྒྲོན་མེ་ཡིན་པར་གསུངས་སོ། །དེ་འདྲའི་ཐོས་པའི་ཡོན་ཏན་དེ་རང་ལ་ཡོད་ན་དེ་ནི་འཇིག་རྟེན་གྱི་རྒྱུ་ནོར་ཡོད་ཚད་ལས་ཀྱང་རྩ་ཆེ་བ་ཡིན་ཏེ། འཇིག་རྟེན་གྱི་རྒྱུ་ནོར་ཡོད་ཀྱང་ཤེས་རབ་དང་ཐོས་པ་མེད་ན་སྡུག་གི་ཁུར་བོའི་སྣོན་མ་ཡིན་པ་དང་། འཇིག་རྟེན་གྱི་རྒྱུ་ནོར་བསྒྲུབ་དགོས་ཀྱང་ཐོས་པའམ་ཤེས་རབ་ཡོད་ན་དེའི་སྒྲུབ་ཐབས་ཤེས་པས་ལས་སླ་བ་ཡིན་ཞིང་། དེ་ལྟ་བུའི་ཐོས་པའི་ཡོན་ཏན་དེ་རང་རྒྱུད་ལ་ཡོད་ན་རྐུན་མས་དེ་རྐུ་ཐབས་མེད་ཅིང་ཇག་པས་དེ་འཕྲོག་ཐབས་ཀྱང་མེད་ལ། ཁྱོད་ལ་ཡོན་ཏན་ཡོད་པས་དེ་ལས་ཁྲལ་ལེན་དགོས་ཞེས་འཕྲོག་ཏུའང་མེད་ཅིང་། ནོར་གྱི་ནང་ནས་ཟད་དུ་མེད་པའི་ནོར་ཡིན་པར་མ་ཟད། ཡོན་ཏན་གཅིག་གི་རྨང་གཞི་ཡོད་ན་ཡོན་ཏན་གཞན་ཡང་འབྱོར་སླ་བར་མ་ཟད་བརྩོན་འགྲུས་ཅན་གྱི་ཡོན་ཏན་དེ་གོང་ནས་གོང་དུ་འཕེལ་མགྱོགས་པ་ཡིན་ལ། དེ་ནི་བོར་རྒྱུ་དང་འཐོར་རྒྱུ་ཡང་མེད་པས་ན། རྐུན་པོ་ལ་སོགས་མི་འཁྱེར་ནོར་གྱི་མཆོག ཅེས་གསུངས་པའོ། །ཚེ་འདི་ཕྱིའི་མི་བདེ་བ་ཐམས་ཅད་ཉོན་མོངས་ཀྱི་ཁོངས་ནས་བྱུང་ཞིང་། ཉོན་མོངས་ཀྱིས་ལས་བསགས། ལས་ཀྱིས་འཁོར་བར་འཁྱམས་ནས་སྡུག་བསྔལ་པ་ཡིན་པས། ཉོན་མོངས་པའི་དགྲ་བོ་འཇོམས་བྱེད་ནི་ཐོས་པ་ཡིན་ཏེ། དང་པོར་དམ་པའི་ཆོས་ཐོས། བར་དུ་ཐོས་དོན་བསམ། ཐ་མར་བསམ་དོན་བསྒོམས་ནས་ཡང་ཐར་སྡུག་བསྔལ་དང་བྲལ་བའི་ཐར་བའི་བདེ་འབྲས་ཐོབ་པའོ། །གཞན་ཡང་ཞེ་སྡང་གི་དགྲ་བོ་དེ་བཟོད་པའི་ལག་ཆས་འདུལ་ཤེས་ན། དགྲ་ཐུལ་བའི་མཐར་ཐུག་དགྲ་མེད་པར་བྱེད་པ་ནི་དགྲ་འདུལ་གྱི་ཐབས་མཆོག་ཡིན་པས། དེའི་དུས་སུ་ཕར་དགྲ་ཞིག་མེད་པར་བྱས་པས་མི་ཚད་ཚུར་གྲོགས་ཤིག་ཀྱང་ཁུགས་པ་ཡིན་པས་། ཉོན་མོངས་གཡུལ་ངོར་དགྲ་འཇོམས་མཚོན་ཆ་ཡིན། །ཞེས་གསུངས་སོ། །ཐབས་ཚུལ་མན་ངག་སྟོན་པའི་གྲོགས་ཀྱི་མཆོག །ཅེས་གསུངས་པ་ལྟར་བྱ་བ་གང་ཞིག་སྒྲུབ་མི་ཤེས་པར་མགོ་འཁོར་ནས་བསྡད་ཡོད་ཚེ་དེའི་སྒྲུབ་པའི་ཐབས་དེ་གང་ཟག་གི་ངག་ལས་སམ་དམ་པའི་གསུང་རབ་ལས་གོ་མྱོང་ཐོས་གསུམ་ཞིག་ཡོང་སྟེ་དེའི་ཐོག་ནས་མན་ངག་དང་ཐབས་ཚུལ་དེ་ཤེས་ནས་བྱ་བ་དེ་སྒྲུབ་པར་ཚེགས་མེད་པར་སོང་བ་ཡིན། གྲོགས་བཟང་པོ་ངོ་མ་ཞིག་མིན་ཚེ་ལེགས་ཉེས་ཀྱི་ཐབས་ཚུལ་ཤེས་པའང་མིན་ལ། ཤེས་ཀྱང་སློབ་པའང་མིན་པས། བློ་ཤེས་ཆེན་ལ་མ་འདྲི་བསམ་བཟང་ལ་དྲིས་ཞེས་པ་ལྟ་བུ་ཡིན། དེས་ན་གྲོགས་ཀྱི་མཆོག་ཏུ་གྱུར་པ་ཡང་ཐོས་པ་ཡིན་པས་ཐོས་པ་བཙལ་ནས་དམ་པའི་གསུང་རབ་མཁས་པའི་བསྟན་བཅོས་གོང་མའི་རྣམ་ཐར་ལ་ལྟོས་དང་། དེ་ནི་ཞེ་སུན་འགྲོ་བ་དང་རྨུས་འགྲོ་བ་འགྲོགས་ཡུན་རིང་བས་མཐོང་ན་མི་འདོད་པ་དེ་ལྟ་བུ་ཡོད་པ་མིན་པར། བལྟས་ཤིང་བལྟས་ལ་བལྟ་བསམ་པ་ཡིན་པ་དང་། འདྲིས་ཤིང་འདྲིས་ལ་འགྲོགས་བསམ་པ་ཡིན་ཏེ། མི་འདྲིས་བཤེས་འགྲོགས་བཟང་གྲོགས་པོ་ཕྱི་ཐག་རིང་པོ་ཨ་གསར་མེད་པ་ཞིག་དང་འདྲ་བར་འགྲོགས་ན་འགྲོགས་བདེ་བ་ཡུན་དུ་འགྲོགས་བསམ་པ་དང་མཚུངས་སོ། །དེས་ན་ཚེ་འདི་ཕྱི། ཆོས་འཇིག་རྟེན་གྱི་ལེགས་ཆ་བཟང་ཆ་ཐམས་ཅད་ཐོས་པ་ལས་བྱུང་བ་ཡིན་པས། ཐོས་པ་འཚོལ་རྒྱུ་ནི་མ་ཤེས་པ་རྣམས་ཀྱིས་ཤེས་རྒྱུ་གལ་ཆེ་བ་དང་། ཤེས་པ་རྣམས་ཀྱིས་མི་བརྗེད་པ་གལ་ཆེན་ཡིན་པས་ཆེད་དུ་གསལ་འདེབས་བྱས་པ་ཡིན། ཐོས་པ་བཙལ་ས་དེ་ཡང་མཁས་པའི་ཡོན་ཏན་ཡོད་པ་ཞིག་ལས་ལེན་དགོས་ཏེ་དེ་ལས་ལེན་དུ་ཡོད་པའི་ཕྱིར། མེད་ན་ཅི་ཞིག་ལེན་ཡོང་སྟེ། ནོར་བུ་མེད་པའི་རྒྱ་མཚོ་ཞིག་ཏུ་གཟིངས་བཅས་ནས་ཅི་ཙམ་སོང་ཡང་ལག་སྟོང་དུ་ཕྱིར་ཡོང་བ་ལས་ལོན་རྒྱུ་མེད་པ་བཞིན་ནོ། །ཡོན་ཏན་ཀུན་ལྡན་ཞེས་པ་ནི་དཀའ་མོ་དཀོན་པོ་ཡིན་ཡང་ཅི་ཙམ་སྡུག་ཀྱང་རང་བས་ལྷག་ཅིག་ལ་བརྟེན་དགོས། ཡོན་ཏན་སྣ་རེ་ལྡན་ཡང་དེའི་ཡོན་ཏན་སྣ་གཅིག་པོ་དེ་རང་གིས་ཤེས་པར་བྱས་ཏེ་རེ་རེ་བཞིན་བསགས་ན་ཆུ་ཐིགས་ཡིན་ཡང་ནམ་ཞིག་རྒྱ་མཚོ་རུ་འགྱུར་ངེས། དེས་ན། ལེགས་བཤད་བྱིས་པའི་ངག་ནས་ཀྱང་། །མཁས་པ་རྣམས་ཀྱིས་ཡོངས་སུ་ལེན། །དྲི་ཞིམ་བྱུང་ན་རི་དྭགས་ཀྱི། །ལྟེ་བ་ལས་ཀྱང་གླ་རྩི་ལེན། །ཞེས་གསུངས་པ་ལྟར་རོ། །འོན་ཀྱང་གསང་སྔགས་ཀྱི་དབང་ཆོས་དང་། མན་ངག་གི་གདམས་ཁྲིད་གླ་རྩི་ལེན་པ་ལྟར་ལེན་དུ་མེད་དེ། དེ་ནི་དག་སྣང་གི་ལམ་ཡིན་པས་ཞེ་སྙིང་གི་དད་པ་དང་མོས་པ་ཡོད་ཅིང་བློ་སྙིང་བྲང་གསུམ་གཏད་ས་གཅིག་ལ་གཏད་ནས། འདི་ཕྱིའི་རེ་ལྟོས་བཅོལ་ཡོད་པའི་རྩ་བའི་བླ་མ་དྲན་པས་གཅིག་ཆོག་གཙུག་གི་ནོར་བུ་འགྲོ་དུས་ཕྲག་པའི་གཡས། འདུག་དུས་སྤྱི་བོའི་གཙུག ཉལ་དུས་སྙིང་གི་དཀྱིལ་དུ་བསྒོམ་དགོས་པ་ཅན་དེའི་མདུན་ནས་མ་གཏོགས་དགོངས་རྒྱུད་ཀྱི་བྱིན་རླབས་འཕོ་ཐུབ་པ་མིན་ནོ། །འཕོ་རྒྱུའི་བྱིན་རླབས་བླ་མ་ལ་ཡོད་ཀྱང་འདྲེན་བྱེད་ཀྱི་མོས་གུས་སློབ་མ་རང་ཉིད་ལ་མེད་དུས་ཉི་མ་ལ་ཚ་དྲོད་ཡོད་ཀྱང་མེ་ཤེལ་ཉི་མའི་འཕོ་རྒྱུན་དུ་མ་བརྒྱུད་ན་རྩ་སྐམ་པོར་མེ་འབར་མི་ནུས་པ་བཞིན་དུ། སངས་རྒྱས་ཐམས་ཅད་ལ་ཐུགས་རྗེ་མེད་པ་ཞིག་གང་ན་ཡོད། དེས་སེམས་ཅན་ལ་མི་གཟིགས་པ་ཞིག་གང་ན་སྲིད། འོན་ཀྱང་སངས་རྒྱས་ཀྱི་མཛད་པ་སེམས་ཅན་གྱི་དོན་དུ་དུས་ཀུན་ཏུ་གཟིགས་ཡོད་ཀྱང་། འོ་སྐོལ་སེམས་ཅན་གྱིས་མ་བསྒོམ་ན་སངས་རྒྱས་ལ་ཡང་ཐབས་མེད་པ་ཡིན་། དེས་ན་འུ་ཚོ་རང་གར་འདི་ལྟར་ལུས་པ་ནི་སངས་རྒྱས་ཀྱིས་མ་བཏུལ་བར་ལུས་པ་མིན་པར་རང་ཉིད་ལ་དད་པ་མེད་པའི་སྟོབས་ཀྱིས་མ་འཇོན་པ་ཡིན། དེས་ན་མདོ་དོན་ཚིག་གི་རྩ་བ་ཚུར་བསྡུས་ན་ཚེ་འདི་ཕྱི་གཉིས་ཀ་ལ་སྡུག་བསྔལ་མི་རིག་པའི་ཐབས་ཀྱི་ཆོས་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཅན་ཞིག་གི་དོན་དུ་རྒྱུ་འགྲོ་ཟས་འགྲོས་ཚེགས་དཀའ་ལས་རྒྱག་རྒྱུ་དང་ཚེ་འདི་ཚོ་བློས་གཏོང་ཐུབ་པར་མ་ཟད་རང་གི་ལུས་ཐོག་ནས་ཤ་དྲོན་མོ་ཞིག་གཅོད་དགོས་ཀྱང་སྦྱིན་འོས་པ་ཡིན་པས་མ་ཚད་དེ་རི་བ་ཡིན་ལ། ད་རེས་ནི་ཤ་གཅོད་མ་དགོས། ཁྲག་དྲོན་མོ་ཕུད་མ་དགོས། ཟླ་ལམ་གཅིག་ཙམ་ཡང་འགྲོ་མ་དགོས་པར་གདམས་ཟབ་ཁྱད་པར་ཅན་བརྒྱུད་པའི་ཁུངས་ཡོད་པ་ཞིག་ཐོབ་དུས་དེ་མ་ཞུས་ཤིང་དེའི་དོན་ལ་མ་བསམས་དུས་གཞན་དོན་བྱེད་པའི་སེམས་མ་དགོས་རང་དོན་སྒྲུབ་པའི་བློ་ཙམ་ཡང་མེད་པས། སྤྱིར་ཐོས་པ་བསྟེན་མྱོང་བའི་སྔར་འདྲིས་ཀྱི་བག་ཆགས་ཤིག་མེད་ཚེ་ཐོས་པ་ལམ་ཁའི་རྡོ་བཞིན་དུ་བོར་རྒྱུའི་སྤྱོད་ངན་དེ་ཡང་འབྱུང་སླ་བ་ཡིན་ནོ། །དང་པོ་ལམ་སྟོན་གྱི་བླ་མ་དེ་འདི་ཕྱིའི་བློ་གཏད་འཕེར་བ། དེ་ཡང་མིང་ཙམ་ཞིག་ཉན་ནས་གཅིག་ལོས་ཡིན་བསམ་པ་དང་གཞན་གྱི་རྗེས་སུ་རྒྱུགས་པ་ཡང་མིན་པར། བླ་མ་དེ་ལ་མི་ཐ་མལ་བ་མིན་པའི་ཁྱད་ཆོས་ཅི་ཡོད་འདུག བརྒྱུད་པའི་ཁུངས་གང་དུ་ཐུག་འདུག ཆུང་ནས་ཆོས་ལམ་དུ་ཇི་ལྟར་ཞུགས་འདུག ཐོས་པ་སློབ་གཉེར་གང་མཛད་དང་ཡོངས་འཛིན་དམ་པ་སུ་བསྟེན་འདུག དང་པོ་བླ་མ་རང་གིས་ཉམས་ལེན་ཇི་ལྟར་མཛད་འདུག དེ་ནས་སློབ་མ་བསྐྱངས་ནས་གང་དང་གང་ལམ་ལ་བཀོད་ཡོད་འདུག ཐུགས་རྒྱུད་བྱམས་དང་སྙིང་རྗེས་གང་ཡོད་མེད་དེ་དག་ཐམས་ཅད་ལ་བརྟག་དཔྱད་བྱེད་དགོས་ཏེ། མི་ཚེ་གང་གི་འགྲོགས་ཡ་འདྲིས་རོགས་མ་དགོས། ཉིན་གཅིག་གི་བ་ཁ་ཐབ་རོགས་ཀྱང་དེས་དགའ་དང་འདིས་དགའ་འདུག་སྙམ་ནས་བསམ་བློ་བཏང་བ་ཡིན་ན། ཚེ་གཅིག་གཏན་གྱི་འདུན་མ་སྐྱེ་བ་ཚེ་རབས་མང་པོའི་ཇུས་ཡག་ཉེས་ཀྱི་ལམ་འཁྲིད་ལ་བརྟག་དཔྱད་བཏང་ལོས་དགོས། དང་པོ་ཐེ་ཚོམ་བྱེད་པ་དེ་ཐེ་ཚོམ་མ་རེད་གདམས་ཁ་རེད། བསྟེན་ཚར་ནས་རྩ་བའི་བླ་མ་རུ་བཀུར་ཚར་རྗེས་ཐེ་ཚོམ་བྱེད་རྒྱུ་མེད་དེ། དེ་ནི་ལོག་ལྟའི་སྣ་འདྲེན་གྱི་ཐེ་ཚོམ་ཡིན་པའི་ཕྱིར། བླ་མ་སློབ་མའི་མཚན་ཉིད་དེ་གཞུང་ནས་བཤད་དང་འཆད་བཞིན་པ་ཡིན་ན་དེ་ལྟར་དུ་དཔྱད་པ་སྔོན་དུ་བཏང་ནས། མདོར་ན་ཆོས་ཐོས་པ་ཤེས་རབ་གསུམ་གྱི་སྔོན་མ་ཐོས་པའི་ཤེས་རབ་ཀྱི་མཁར་བརྩིགས་ནས་རྨང་གཞི་འདིང་བ་གལ་ཆེའོ། །དེས་ན་བརྩོན་འགྲུས་ཀྱི་དགྲ་བོ་གང་ཡིན་ན་ལེ་ལོ་ངན་ཞེན་དང་། དད་པའི་དགྲ་བོ་ནི་ཐེ་ཚོམ་ལོག་ལྟ་ཡིན་པས་དེ་གཉིས་ཀ་སྤངས་ནས། ནམ་མཁའི་མཐའ་དང་མཉམ་པའི་ཕ་མར་གྱུར་པའི་སེམས་ཅན་ཐམས་ཅད་མཐོ་སྲིད་རྩེའི་ལྷ་གནས་མན་ཆད་དང་དམའ་མནར་མེད་ཀྱི་དམྱལ་ཁམས་ཡན་ཆོད་ཁམས་གསུམ་རིགས་དྲུག་ལམ་རྒྱུད་ལྔ་ལ་འཁོར་བ་འདི་ཐམས་ཅད་སྡུག་བསྔལ་རྣམ་པ་གསུམ་གྱིས་འདི་ལྟར་མནར་བ་ལ་བསམ་བློ་བཏང་ནས་སྙིང་རྗེ་བསྐྱེད། འདི་ཐམས་ཅད་ལམ་ལོག་ལམ་གོལ་དུ་ཐོག་མ་མེད་པའི་དུས་ནས་འཁྱམས་པ་དང་། ཕྱིས་ཀྱང་འཁྲུལ་བའི་ཐ་མ་བལྟར་མི་མངོན་པར་འཁྱམས་པས་མཐའ་མེད་ཀྱི་འཁོར་བ་ཞེས་པ་ཡིན་ལ། ད་རེས་གནད་འདི་དག་གི་གསང་རིག་པས་རང་གཞན་གཉིས་ཀྱི་དོན་ཆེན་འདི་ལ་ལེ་ལོ་ཕྱི་བཤོལ་མེད་པར། ཚེ་ཉི་མའི་དུས་ཡུན་ཞེས་པ་རིང་པོ་ཞིག་མེད་ཀྱང་། ཅུང་ཟད་ཀྱི་ཁོམ་ལོང་ཡོད་དེ་དབང་པོ་མ་རྒུད་གཟུགས་གཞི་མ་ཉམས་པར་ཆོས་བསྒྲུབས་ན་སྒྲུབ་ནུས་ཡོད་དུས་སུ་བསྒྲུབ་དགོས་པ་ལས། རྒས་ཤིང་འཁོགས་ནས་ལུས་ཀྱི་སྟོབས་ཉམས། མིག་གི་དབང་པོ་ཉམས་པས་ཐག་རིང་དང་ཆུང་བའི་གཟུགས་མི་མཐོང༌། རྣ་བའི་དབང་པོ་ཉམས་པས་སྒྲ་ཇི་བཞིན་པ་མི་ཐོས། ལྕེའི་དབང་པོ་ཉམས་པས་སྨྲ་ངག་གི་སྡེབ་མི་ཐོན། ཡིད་ཀྱི་དབང་པོ་ཉམས་པས་དྲན་པ་རྨོངས་ཤིང་བརྗེད་ངས་དང་བྱིང་འཐིབས་ཆེ་བའི་སྐབས་སུ་ཆོས་སྒྲུབ་འདོད་ཀྱང་ནུས་པ་མེད་པ་ཡིན། ཆོས་ནི་སྐྱིད་ན་གོང་གནོན་བྱེད། སྡུག་ན་སྐྱོ་གྲོགས་དང་སེམས་གསོ་བྱེད། མ་ཤེས་ན་དྲི་ས། མ་རིག་ན་བལྟ་ས་ཡིན་པས་ད་རེས་སྟོང་ལོག་མི་རེད་པ་ཞིག་བྱེད་དགོས་བསམ་པའི་ཆོད་སེམས་དེ་ཉིན་རེའི་ཐུན་རེ་བཞིན་ཐོས་བསམ་གྱི་མགོ་མཇུག་བར་གསུམ་དུ་ཡོད་དགོས་པ་ལས། དོན་གཉེར་མེད་པའི་ཁྲལ་རྒྱུག་མ་མི་བྱེད་པར། ཆོས་ཞུ་བའི་ཀུན་སློང་དང་ཀུན་སྤྱོད་རྣམ་པར་དག་པས། གང་གསན་པར་བྱ་བའི་ཆོས་ཀྱི་རིམ་པ་གསང་བ་བླ་ན་མེད་པ་འོད་གསལ་རྡོ་རྗེ་སྙིང་པོའི་གནས་གསུམ་གསལ་བར་བྱེད་པ་ཚིག་དོན་རིན་པོ་ཆེའི་མཛོད་འདི་ཉིད་འཆད་པར་བྱེད་པ་ལས་གནས་བདུན་པ་ཉམས་ལེན་གྱི་ཚད་བསྟན་པ་ལས།

༼ཁ༽ ཇི་ལྟར་སྨིན་པ་དབང་གི་རིམ་པ།

༼ཀ དབང་བསྐུར་བའི་ཕན་ཡོན་བསྟན་པ།

སྤྱི་དོན་གཉིས་པ་སྨིན་པ་དབང་གི་རིམ་པ་ལ་བཞི་སྟེ། དབང་བསྐུར་བའི་ཕན་ཡོན། མ་བསྐུར་བའི་ཉེས་དམིགས། ཇི་ལྟར་བསྐུར་བའི་དབང༌། གྲོགས་དམ་ཚིག་གི་རིམ་པའོ། །དང་པོ་ནི། རང་ཤར་ལས། ཡོན་ཏན་བྱེ་བྲག་འདི་ལྟ་སྟེ། །ཡེ་ཤེས་སྣང་བ་ཆེན་པོ་ལ། །ཐོགས་རྡུགས་མེད་པར་འགྱུར་བ་དང༌། །རང་སྣང་གྲོགས་སུ་བསྟེན་པ་དང༌། །བྱ་བ་ཐམས་ཅད་བྱེད་པར་འགྱུར། །ཞེས་པ་དང༌། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། དབང་རྫོགས་སྐུ་གསུམ་ལྷུན་གྱིས་གྲུབ། །ཅེས་པ་དང༌། དབང་མཆོག་ཐོབ་ན་གསང་སྔགས་མ་བསྒྲུབས་འགྲུབ། །ཅེས་པ་དང༌། དབང་ཐོབ་པའི་ཐུན་མོང་གི་ཡོན་ཏན། བསོད་ནམས་རྒྱ་ཆེན་པོ་ཐོབ་པ་དང་། བགེགས་དང་ལོག་འདྲེན་གྱིས་མི་ཚུགས་པ་དང་། གང་དང་གང་གི་དབང་ཐོབ་པ་དེ་དང་དེའི་ཉམས་ལེན་སྒོམ་སྒྲུབ་བྱེད་དུ་རུང་བའི་དབང་ཐོབ་པ་དང་། ཐུན་མིན་གྱི་ཡོན་ཏན། གང་སྒྲུབ་ན་དེ་དང་དེའི་ལྷའི་དངོས་གྲུབ་ཐོབ་པ་དང་། བྱིན་རླབས་འཇུག་ཅིང་དམ་པའི་རྒྱལ་ས་ཟིན། རིགས་ཀྱི་ཆེ་བ་ཐོབ། མ་ཚད་དབང་སྐུར་བའི་སྐབས་ཀྱི་གསང་མཚན་དེའི་ཐོག་ནས་མ་འོངས་པར་སངས་རྒྱས། གནས་སྐབས་སུ་ཡང་ཚེ་རིང་འབྱོར་བ་རྒྱས། བར་དོའི་རང་སྣང་ངོ་ཤེས་ཤིང་བརྟན་པ་ཐོབ་ནས་བསམ་གཏན་གྱི་ཞག་ཉེར་གཅིག་ལ་སྤྲུལ་བ་འགྱེད་ཐུབ་པ་ལ་སོགས་པ་དང་། དབང་ཐོབ་པའི་དབང་དོན་གྱི་ཡེ་ཤེས་རྒྱུད་ལ་སྐྱེས་ནས་དབང་རྣོན་ཡིན་ན་རྟོགས་གྲོལ་དུས་མཉམ་དུ་འབྱུང་བ་ལ་སོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཡོད་དོ།།

༼ཁ མ་བསྐུར་བའི་ཉེས་དམིགས་བསྟན་པ།

གཉིས་པ་ནི། རང་ཤར་ལས། དབང་མ་ཐོབ་པའི་སྐྱོན་ནི་འདི་ལྟ་བུ། །བར་མ་དོ་ལ་བྲེད་པ་དང༌། དངངས་པ་དང༌། རྡུགས་པ་དང༌། ཐོག་པ་དང༌། འདུ་ཤེས་ཤོར་བ་ཡང་འབྱུང་ངོ༌། །བག་ཆགས་ཀྱི་ལུས་མ་བོར་བར་དུ་ཡང་འགྲོ་བ་རྣམས་ཀྱིས་བཀུར་བའི་འོས་སུ་མི་མཐོང་བ་དང༌། བསོད་ནམས་ཆུང་བ་དང༌། ཚེ་ཐུང་བ་དང་འཚོ་བའི་ལོངས་སྤྱོད་ཉུང་བ་དང༌། ཁ་ཉེན་པ་དང༌། བར་ཆོད་མང་པོ་འབྱུང་ངོ༌། །བྱ་བ་ཐམས་ཅད་མི་འགྲུབ་པོ། །དེ་ནི་གསང་སྔགས་སྤྱོད་པའི་དབང་མ་ཐོབ་པའི་སྐྱོན་ནོ་ཞེས་པ་དང༌། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། དབང་མཆོག་མ་ཐོབ་རྣལ་འབྱོར་ནི། །མཉེན་པ་ལག་སྐྱ་མེད་པ་བཞིན། །ཕ་རོལ་སྒྲོལ་བར་ག་ལ་འགྱུར། །ཞེས་སོ། །སྒྱུ་འཕྲུལ་གསང་སྙིང་ལས་ཀྱང་། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པ་མ་བྱས་ན། །ཉན་པ་ལ་སོགས་བརྩམས་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །གསུངས་ཤིང་། དབང་མ་ཐོབ་ན་གསང་སྔགས་ཀྱི་ཆོས་ཉན་འཆད་སྒོམ་སྒྲུབ་ཀྱི་སྣོད་དུ་མི་རུང་ཞིང་། དབང་མ་ཐོབ་བཞིན་དུ་གསང་སྔགས་ཀྱི་ཆོས་སྒོར་ཞུགས་ཀྱང་བྱིན་རླབས་མི་འབྱུང་བའི་ཁར་བཀའ་ཆད་འབྱུང་བ་དང་། ཆོས་ལ་དབང་ཟ་བའི་ཉེས་པ་འབྱུང་བའོ། །ཚེ་འདིར་མི་འདོད་སྣ་དགུ་འབྱུང་བས་མ་ཚད་ཕྱི་མ་རྡོ་རྗེའི་དམྱལ་བར་སྐྱེ། དབང་མ་ཐོབ་པའི་ཆོས་གཞན་ཅི་བསྒྲུབས་ཀྱང་མཐར་ཐུག་དེ་བཞིན་གཤེགས་པའི་སར་མི་ཕྱིན་པ་དང་། སངས་རྒྱས་ཀྱང་ཆོས་ཀྱི་འཁོར་ལོ་བསྐོར་མི་ནུས་པ་དང་། ཐུགས་རྗེའི་སྤྲུལ་བ་འགྱེད་མི་ཐུབ་པ་སོགས་གསུངས་སོ།།

༼ག ཇི་ལྟར་བསྐུར་བའི་དབང༌དངོས་བསྟན་པ།

གསུམ་པ་དབང་དངོས་ལ་བཞི་སྟེ། ཐལ་འགྱུར་ལས། དབང་བསྐུར་བ་ཡི་ཆོ་ག་བཤད། །ཕྱི་དང་ནང་དང་གསང་བ་དང༌། །ཡང་གསང་ཡོངས་སུ་རྫོགས་པ་ཡི། །སྡེབས་ནི་རྣམ་པ་བཞི་དག་གིས། །འགྲོ་བའི་ལུས་ངག་ཡིད་སེམས་བཞི། །རྣམ་པར་དག་པར་བྱ་བའི་ཕྱིར། །དབང་ནི་རྣམ་པ་བཞི་ཡིས་ཀྱང༌། །སྐལ་བ་ལྡན་པ་སྨིན་པར་བྱ། །སྤྲོས་བཅས་ཉིད་དང་སྤྲོས་མེད་དང༌། །ཤིན་ཏུ་སྤྲོས་པ་མེད་པ་དང༌། །དེ་བཞིན་རབ་ཏུ་སྤྲོས་པ་མེད། །དབྱེ་བ་བཞི་ཡི་ཚུལ་གྱིས་ནི། །དད་ལྡན་རང་རྒྱུད་སྨིན་པར་བྱེད། །ཅེས་པས། མདོར་བསྟན་དབང་གི་རྣམ་གཞག་དེ་འབྲེལ་བཀོད་པས་བསྟན་ནས་རྒྱས་པར་བཤད་པ་ནི། དེ་ལས་དང་པོར་སྤྲོས་བཅས་ཀྱི་དབང་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་བསྐུར་བའི་རིམ་པ་ཡང༌། སྤྱིར་དབང་བསྐུར་བ་འདི་ལ། དབང་བསྐུར་བའི་ཕན་ཡོན་དང་། མ་བསྐུར་བའི་ཉེས་དམིགས་ཤེས་པ་ལས་གཞན། གོང་དུ་དབང་བསྐུར་བའི་གནས་ཀྱི་ཁྱད་པར་དང་། ནམ་གྱི་ཚེ་བསྐུར་བའི་དུས་ཚོད་དང་། དབང་ཐོབ་པའི་རྗེས་ཀྱི་དགའ་སྟོན་དང་། དབང་བཞིའི་དུས་དང་མཚན་མ་ལ་སོགས་པ་ཤེས་པར་བྱ་བ་མང་ཡང་འོག་ནས་སྐབས་སུ་བཤད་པར་འགྱུར་ལ། འདིར་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་དབང་བསྐུར་བའི་རིམ་པ་གསུངས་པའི་དཀྱིལ་འཁོར་གྱི་དོན་ཅུང་ཟད་བཤད་པ་ལ། དཀྱིལ་འཁོར་ལ་དབྱེ་ན། གཞི་ལྷུན་གྲུབ་རྩ་བའི་དཀྱིལ་འཁོར། ལམ་གཟུགས་བརྙན་ཐབས་ཀྱི་དཀྱིལ་འཁོར། འབྲས་བུ་རྣམ་དག་རང་བཞིན་གྱི་དཀྱིལ་འཁོར་དང་གསུམ་དུ་འདུས་པ་ལས་དང་པོ་གཞི་ལྷུན་གྲུབ་རྩ་བའི་དཀྱིལ་འཁོར་ནི། རང་བྱུང་གི་ཡེ་ཤེས་འོད་གསལ་སྐུ་གསུང་ཐུགས་གསུམ་གྱི་དཀྱིལ་འཁོར་རྣམ་པ་གསུམ་དུ་གནས་པའོ། །གཉིས་པ་ལམ་གཟུགས་བརྙན་ཐབས་ཀྱི་དཀྱིལ་འཁོར་ནི། དབང་བསྐུར་བའི་བརྡ་མཚོན་བྱེད་དུ་བྲིས་པ་རྡུལ་ཚོན་གྱི་དཀྱིལ་འཁོར་དང་། ཐིག་དང་ཚོམ་བུའི་དཀྱིལ་འཁོར་རྣམས་ནི་བརྡ་ཡི་དཀྱིལ་འཁོར་ལ་བརྟེན་ནས་བསྐྱེད་རྫོགས་སྒོམ་པ་ན་དམིགས་པའི་ཡུལ་དུ་གྱུར་བ་སྒོམ་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཏེ། དེ་གཉིས་ལ་བརྟེན་ནས་ལམ་གྱི་ཡོན་ཏན་སྐྱེ་བའི་གཞིར་གྱུར་པ་དེ་དོན་གྱི་དཀྱིལ་འཁོར་རོ། །གསུམ་པ་འབྲས་བུ་རྣམ་དག་རང་བཞིན་གྱི་དཀྱིལ་འཁོར་ནི། བརྡ་རྡུལ་ཚོན་ལ་སོགས་པའི་དཀྱིལ་འཁོར་ལ་ཞུགས་ནས། དོན་ཏིང་འཛིན་གྱི་དཀྱིལ་འཁོར་སྤྲོས་བཅས་ལྷ་བསྒོམས་ཤིང་སྔགས་བཟླས་པ་དང་། སྤྲོས་མེད་དེའི་རྫོགས་རིམ་ཆོས་ཉིད་མངོན་སུམ་དོན་འོད་ཐིག་གི་དཀྱིལ་འཁོར་ལ་བལྟས་པས། སྣང་བཞི་མཐར་ཕྱིན་ཏེ། གཞོན་ནུ་བུམ་སྐུའི་དཀྱིལ་འཁོར་མངོན་དུ་གྱུར་པ་ན། སྐུ་གསུམ་ལྷུན་རྫོགས་ཀྱི་དཀྱིལ་འཁོར་ཆེན་པོར་ལྷུན་གྱིས་གྲུབ་པའོ། །སྐབས་འདིའི། སྤྲོས་པ་དང་བཅས་པ་དང་། སྤྲོས་པ་མེད་པ་དང་། ཤིན་ཏུ་སྤྲོས་པ་མེད་པ་དང་། རབ་ཏུ་སྤྲོས་པ་མེད་པ་དང་བཞི་རུ་གྲངས་ངེས་པ་ནི། དེ་ཡང་ཕྱི་རུ་དཔྱིད་དང་། དབྱར་དང་། སྟོན་དང་། དགུན་ཏེ་དུས་བཞི། ནང་དུ་ལུས་དང་། ངག་དང་། ཡིད་དང་། སེམས་ཏེ་ཚོགས་པ་བཞི་དང་། གསང་བར་གཏི་མུག་དང་། ཞེ་སྡང་དང་། འདོད་ཆགས་དང་། ཆ་མཉམ་པ་བཞིའི་གནས་དག་བྱེད་དུ། བུམ་པ་དང་། གསང་བ་དང་། ཤེས་རབ་ཡེ་ཤེས་དང་། ཚིག་དབང་རིན་པོ་ཆེ་ཡོངས་སུ་རྫོགས་པ་བཞིས་དག་པར་སྦྱོང་ཞིང་། ཚོགས་དང་། སྦྱོར་བ་དང་། མཐོང་བ་དང་། བསྒོམ་པའི་ལམ་བཞི་བགྲོད་ནས། སྤྲུལ་སྐུ་དང་། ལོངས་སྐུ་དང་། ཆོས་སྐུ་དང་། ངོ་བོ་ཉིད་སྐུ་བཞི་ཐོབ་པ་བྱེད་པའི་ཕྱིར། སྤྲོས་བཅས་དང་། སྤྲོས་མེད་དང་། ཤིན་ཏུ་སྤྲོས་མེད་དང་། རབ་ཏུ་སྤྲོས་མེད་བཞིར་བཞག་ཅིང་གྲངས་ངེས་པ་ཡིན་ནོ། །གཞན་ཡང་། གང་ཟག་སྐལ་བ་དང་ལྡན་པ་ཞིག་རྫོགས་པ་ཆེན་པོའི་ལམ་དུ་འཇུག་པ་ལ། ཐོག་མ་ཕྱིའི་སྤྲོས་པ་མ་བཅད་ན་ནང་སྣང་ཤེས་ཚོགས་པའི་སྤྲོས་པ་མི་ཆོད། དེ་ཆོད་པ་ལ་སྤྲོས་བཅས་ཀྱི་དབང་དང་། ནང་སྤྲོས་པ་མེད་པར་མ་བསྡུས་ན་སེམས་ལམ་དུ་མི་ཆུད། དེ་ཆུད་པ་ལ་སྤྲོས་མེད་ཀྱི་དབང་དང་། གསང་བ་ཤིན་ཏུ་སྤྲོས་པ་མེད་པས་མ་བཅད་ན་སྒྲོན་མས་ལམ་དུ་མི་ལང་། དེ་ལང་པ་ལ་ཤིན་ཏུ་སྤྲོས་མེད་ཀྱི་དབང་དང་། བླ་ན་མེད་པ་རབ་ཏུ་སྤྲོས་མེད་ཀྱིས་ངོ་མ་སྤྲད་ན་མཐོང་བྱེད་ཀྱི་ལམ་མི་གསལ་བས། དེ་གསལ་བ་ལ་རབ་ཏུ་སྤྲོས་མེད་ཀྱི་དབང་དང་བཞི་རུ་ངེས་སོ། །ཡང་ཕྱིར་རླུང་སེམས་གཉིས་དང་ཕ་མའི་རྒྱུ་རྐྱེན་གཉིས་ཏེ་བཞི་དག་པས་དང། ནང་ལུས་ཀྱི་འཁོར་ལོ་བཞིའི་རྩའི་ཁྱད་པར་བཞི་ལ་འཇུག་པས་དང་། གསང་བ་སྒྲོན་མ་བཞིའི་སྣང་བ་བཞི་སྟོན་པས་དང་། བླ་མེད་ཀྱི་རྟགས་བཞི་ངེས་པ་ལས། ཚད་བཞི་ངེས་པའི་འབྲས་བུ་སྐུ་བཞིར་འབྱུང་བས་ཀྱང་དབང་བཞིར་ངེས་པ་ཡིན་ནོ། །དེ་ལས་དང་པོ་སྤྲོས་བཅས་ཀྱི་དབང་བསྐུར་བའི་རིམ་པ་རྒྱུད་ལུང་གིས་གསལ་བོར་ཕྱེས་ཏེ་བསྟན་པ་ནི། དེ་ཉིད་ལས། སྤྲོས་པ་ཅན་གྱི་དོན་དུ་ཡང༌། །བསྙེན་པ་སྒྲུབ་པ་ཉེ་བར་བསྙེན། །མཚན་ཉིད་ཚང་བའི་བླ་མས་བྱ། །གཞན་ཡང་ས་ཡི་ཆོ་ག་དང༌། །སྟ་གོན་ཐིག་དང་ཚོན་བཀྱེ་བ། །རྒྱུད་ལ་འབྱོངས་བས་དཀྱིལ་འཁོར་བཞིན། །དེ་ནས་དབང་བསྐུར་ཆོ་ག་ཡང༌། །ཉན་ཐོས་ཐེག་པ་ནས་བརྩམས་ཏེ། །རིམ་པ་བརྒྱད་པོ་རྫོགས་བྱས་ནས། །རྫོགས་ཆེན་རིག་པའི་རྩལ་དབང་བསྐུར། །དེ་དག་སོ་སོའི་དགོས་པ་དང༌། །འཇུག་ཅིང་ནུས་པའི་ཁྱད་པར་བཤད། །ཅེས་སོ། །བླ་མེད་ཀྱི་རྒྱུད་ལས་རང་དང་། གཞན་དང་། གཉིས་ཀའི་དོན་སྒྲུབ་པ་ལ་ལྟོས་ནས་སྤྲོས་བཅས་ཕྱི་ཡི་དབང་གི་རྣམ་གཞག་དབྱེ་བ་དང་བཅས་པ་མང་དུ་གསུངས་པ་ལས་གནས་ལུགས་རང་ལ་ཡོད་པ་ལ་གཞི་བྱས་ཏེ་སྨིན་བྱེད་དབང་གི་ངེས་པ་བསྐུར་བ་ནི། དཀྱིལ་འཁོར་སྤྲོས་བཅས་ཆེན་པོ་དང་། འབྲིང་དང་། བསྡུས་པ་དང་གསུམ་ལས། དཀྱིལ་འཁོར་སྤྲོས་བཅས་ཆེན་པོ་ནི། སྔོན་དུ་བསྙེན་པ་དང་། སྒྲུབ་པ་དང་། ཉེར་བསྙེན་རྣམས་སྔོན་དུ་འགྲོ་བས། ས་གསར་བ་ཡིན་ན་ས་ཆོག་བྱེད་པ་དང་། ལྷ་དང་། བུམ་པ་དང་། སློབ་མ་སྟ་གོན་ལ་གནས་པ་སྟེ་ནུབ་དང་པོའི་བྱ་བའི་ཆོ་ག་རྫོགས་ནས། ཕྱི་ཉིན་ཐིག ཚོན། དཀྱིལ་འཁོར་བསྒྲུབས་པ། བདག་དང་སློབ་མ་འཇུག་པ་ལ་སོགས་པ་བྱས་ནས། དངོས་གཞི་དབང་བསྐུར་བའི་རིམ་པ་ལ་ཕྱི་དང་། ནང་དང་། གསང་བ་དང་། ཡོངས་སུ་རྫོགས་པ་དང་བཞིའི་རིམ་པས། ཉན་ཐོས་ནས་རྫོགས་པ་ཆེན་པོའི་བར་གྱི་ཐེག་རིམ་དགུ་བོ་ལ་རེ་རེ་བཞིན་སུམ་ཅུ་རྩ་དྲུག་ཏུ་འགྱུར་བའི་དབང་ཡོད་ཀྱང་། འདིར་རིགས་བསྡུས་ན་གོང་དུ་སྨྲོས་མ་ཐག་པའི་ཕྱི་ནང་གསང་བ་ཡོངས་རྫོགས་བཞིའི་ནང་དུ་འདུས་པའོ། །ཉན་ཐོས་ཀྱི་དབང་ལྟ་བུ་ལ་མཚོན་ན། སྐྲ་བཞར་བ་དང་། དགེ་ཚུལ་སློང་གི་སྡོམ་པ་སྦྱིན་པ་དང་། ཆོས་གོས་རྣམ་གསུམ་སྦྱིན་པ་དང་། སློང་བཟེད་ལ་སོགས་པ་སྦྱིན་པ་ནི་ཕྱིའོ། །དེ་བཞིན་དུ་ནང་རང་རྒྱལ་དང་། གསང་བ་བྱང་སེམས་ཏེ། དེ་རེ་རེ་ལའང་ཕྱི་ནང་གསང་བ་ཡོངས་རྫོགས་དང་བཞི་བཞི་སྟེ་བཅུ་གཉིས་བསྐུར་བ་དང་། དེ་ནས་ནང་གསང་སྔགས་ཀྱི་ཐེག་པ་ལ། ཆུ་དང་། ཅོད་པན་ལ་སོགས་པའི་དབང་མ་ཧཱ་ཡོ་གའི་སྐབས་སུ་ཕན་ནུས་ཀྱི་དབང་དང་བུམ་པ་གཙོ་བོར་བྱས་ནས་བསྐུར་བ་དང་། ཨ་ནུའི་སྐབས་སུ་གསང་དབང་ཤེས་རབ་མ་ལ་བརྟེན་ནས་བསྐུར་བ་དང་། རྫོགས་པ་ཆེན་པོའི་སྤྲོས་བཅས་ཀྱི་དབང་གི་དུས་སུ་ནི། ཕྱི་བུམ་པ་ལ་བརྟེན་པ་ལ། མེ་ལོང་དང་། མདའ་དང་། རལ་གྲི་ལ་སོགས་པ་དང་། ནང་བཀྲ་ཤིས་རྫས་བརྒྱད་ཀྱིས་བསྐུར་བ་རྒྱལ་ཐབས་སྤྱི་བླུགས་དང་ཡེ་ཤེས་སྤྱི་བླུགས་ལ་བརྟེན་ནས་སེམས་དང་ཡེ་ཤེས་ཀྱི་དབང་ཐོབ་པ་བྱ་བ་དང་། སྤྲོས་མེད་གསང་དབང་གི་དུས་སུ། བདུད་རྩི་ལྔ་དང་། བྷན་དྷ་སོགས་ལ་བརྟེན་ནས་བསྐུར་བ་དང་། སྤྲོས་བཅས་ཀྱི་ཤིན་ཏུ་སྤྲོས་མེད་ཤེར་དབང་གི་དུས་སུ། སིནྡྷུར་དང་། མེ་ལོང་ཡུ་བ་ཅན་སོགས་ལ་བརྟེན་ནས་བསྐུར་བ་དང་། སྤྲོས་བཅས་ཀྱི་ཡོངས་སུ་རྫོགས་པའི་སྐབས་སུ། སྤངས་རྟོགས་དད་བརྩོན་ལ་སོགས་པ་དམིགས་པ་དག་པའི་རྫས་བདུན་ལ་བརྟེན་ནས་བསྐུར་བ་ལ་སོགས་སྤྲོས་བཅས་ཆེན་པོའི་དབང་ནི་ཤིན་ཏུ་རྒྱས་པར་གསུངས་སོ། །སྤྲོས་བཅས་འབྲིང་པོ་ནི། དེ་དག་ལས་ཉུང་དུ་བསྡུས་པ་སྟེ། འདི་ལ་རྣམ་པ་གཉིས་ཡིན་ཏེ། མཚན་བཅས་རྒྱུ་མཚོན་གྱི་དབང་དང་། མཚན་མེད་ཡེ་ཤེས་ཀྱི་དབང་ངོ། །དང་པོ་ནི། དོན་གྱི་ཡེ་ཤེས་མཚོན་བྱེད་ཀྱི་ཐབས་སུ་གྱུར་པ་སྟེ། འདི་ནི་མཚན་མ་རྫས་ལ་བརྟེན་པ་དང་། བྲིས་པ་རྡུལ་ཚོན་ལ་བརྟེན་པ་དང་། ཡུམ་གྱི་མཁའ་ལ་བརྟེན་པ་དང་གསུམ་གྱིས་བསྐུར་བའོ། གཉིས་པ་ནི། ཕྱི་སྣང་བ་སེམས་ཀྱི་རོལ་བར་བསྐུར་བ། ནང་སྒོམ་པ་སེམས་ཀྱི་བཞག་ཐབས་སུ་བསྐུར་བ། གསང་བ་རིག་པ་ཡེ་ཤེས་ཀྱི་རང་ངོར་བསྐུར་བའོ། །རིག་པ་ལའང་ཡེ་ཤེས་ཀྱི་རིག་པའི་ངོ་སྤྲོད་ཉེར་གཅིག་གིས་སློབ་མའི་ཁམས་དང་དབང་པོ་ལ་སྦྱར་ཏེ་དཔེ་དོན་རྟགས་གསུམ་གྱིས་བསྐུར་བ་དང་། རིག་པ་རྐྱང་འདེད་ཀྱི་འོད་ལྔ་རང་གསལ་དུ་བསྐུར་བ་དང་། ཤར་གྲོལ་རིས་མེད་རྫོགས་པ་ཆེན་པོ་སྤང་བླང་བྱ་རྩོལ་ལས་འདས་པར་བསྐུར་བ་སྟེ་གསུམ་མོ། །མདོར་ན་དབང་བཞིའི་ངེས་པས་བསྐུར་བ་སྤྲོས་བཅས་འབྲིང་པོ་ནི་དེ་ལྟར་གསུངས་སོ། །སྤྲོས་བཅས་བསྡུས་པ་ནི། ད་ལྟའི་དུས་སུ་ཕྱག་ལེན་ལ་བཏབ་ནས་བསྐུར་བ་འདི་ཡིན། འདི་ལ་དོན་སྤྲོས་གསུངས་པའང་ཡོད། ཕྱག་ལེན་གྱི་སྤྲོས་པ་བསྐྱུངས་པས་ན་བསྡུས་པ་དང་། དོན་གྱི་ཆ་ཡོངས་རྫོགས་ཚད་མཐུན་དུ་ཚང་ཡོད་པས་ན་དོན་སྤྲོས་ཏེ། གང་ལྟར་རིག་པའི་ཡེ་ཤེས་རྣམ་ལྔ་མཚོན་བྱེད་ཀྱི་རྡུལ་ཚོན་དང་རས་བྲིས་ཀྱི་དཀྱིལ་འཁོར་ལ་བདག་དང་སློབ་མ་ཞུགས་ནས། བུམ་གསང་ཤེར་དབང་གསུམ་དང་ཚིག་དབང་རྫོགས་པ་ཆེན་པོའི་བརྡ་བཞི་ཡིས་བསྐུར་ནས་དགའ་སྟོན་གྱི་བར་དུ་བྱེད་པའོ། །གོང་གི་ཕྱག་ལེན་རྒྱས་འབྲིང་གཉིས་ཀ་གུ་རུ་ཇོ་འབེར་ནས་ཆད་པ་ཡིན་གསུངས་པ་དང་། དེའི་སྔོན་དུའང་བརྡ་ཙམ་རེ་ལས་མཛད་སྲོལ་མེད་ཀྱང་གསུངས། །གང་ལྟར་རུང་དོན་སྤྲོས་དེང་སང་གི་ཕྱག་ལེན་ལྟར་བྱེད་པ་ནི་དེང་སང་གི་ཕྱག་ལེན་ནོ། །དཀྱིལ་འཁོར་གྱི་རིམ་པ་དེ་ལྟ་བུ་ལས། དེ་ནས་མཎྜལ་དང་བུམ་པ་ལ་བརྟེན་ནས་སྤྲོས་མེད་ཀྱི་གསང་དབང་བསྐུར་ཏེ། ཐལ་འགྱུར་ལས། སྤྲོས་མེད་དད་ལྡན་འཇུག་སྨིན་ཕྱིར། །སྤྲོས་པ་མེད་པའི་དབང་མཆོག་ནི། །མཎྜལ་བུམ་པ་ལ་བརྟེན་ནས། །ཚིགས་སུ་བཅད་པས་དབང་སྦྱིན་བྱ། །ཞེས་སོ། །འདི་ལ་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་ལས། སྤྲོས་མེད་ཀྱི་ཕྱི་ནི། སྐུ་གསུང་ཐུགས་ཀྱི་ཡི་གེས་དག་པར་བྱེད་པ་དང་། ནང་ནི། སྐྱེ་མེད་ཀྱི་དོན་བུམ་པའི་དབང་གི་གནས་ངེས་པ་བྱ་བ་དང་། གསང་བ་ནི། ཤར་གྲོལ་རིས་མེད་ཀྱི་དོན་མཚོན་པ་དང་། ཡོངས་སུ་རྫོགས་པ་ནི། ཆོས་རྣམས་སྟོང་ཞིང་བདག་མེད་ལ་ཞེས་པ་ལ་སོགས་པ་ལ་ཟླ་བའི་ཚིག་གིས་དབང་བསྐུར་བའོ། །དེ་ནས་ཤིན་ཏུ་སྤྲོས་པ་མེད་པའི་དབང་བརྡ་དང་རྟེན་འབྲེལ་ལ་བརྟེན་ནས་བསྐུར་བ་ཡང༌། དེ་ཉིད་ལས། ཤིན་ཏུ་སྤྲོས་པ་མེད་པ་ལ། །འཁོར་འདས་རུ་ཤན་གོང་བཞིན་དབྱེ། །དེ་ཚེ་ནམ་མཁའི་མཚན་ཉིད་ལས། །ལུས་ངག་ཡིད་ཀྱི་སྒྲིབ་པ་ཡང༌། །མཚན་ཉིད་ཀྱིས་ནི་ངེས་པར་བརྟག །གལ་ཏེ་སྤྱོད་པ་མ་དག་ན། །རང་རང་མཐུན་པའི་དགེ་བས་སྤྱང༌། །དབང་ནི་བརྡ་ལ་བརྟེན་པ་ཡི། །རང་རིག་གསལ་བའི་རང་ངོ་སྤྲད། །བརྡ་གྲོལ་མན་ངག་མཁས་པས་སྦྱར། །ཞེས་སོ། །འདི་ལའང་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་ལས་། ཕྱི་ནི། འཁོར་འདས་རུ་ཤན་འབྱེད་པའོ། །ནང་ནི། ཡེ་ཤེས་ཉི་ཤུ་རྩ་ལྔ་ལ་སྤྱོད་པའི་ཆེད་དུ་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་རྣམས་སོ། །གསང་བ་ནི། ནམ་མཁའི་ཕྱོགས་བཞིའི་སྒོ་བཞི་ནས་སེམས་ཉིད་ཀྱི་སྒོ་ལ་འཇུག་པའོ། །ཡོངས་སུ་རྫོགས་པའི་སྐབས་སུ་ནམ་མཁའ་འདི་ནི་རྒྱ་ཆེའོ་ཞེས་པ་ལ་སོགས་པའི་ཚིག་གིས་རིག་པ་ཀ་དག་བསམ་ངོ་ལས་འདས་པ་མཚོན་པའོ། །དེ་ནས་རབ་ཏུ་སྤྲོས་པ་མེད་པའི་དབང་ལྟ་སྟངས་དང་གཟིགས་སྟངས་ལ་བརྟེན་ནས་རིག་པ་མངོན་སུམ་གྱི་དབང་བསྐུར་བ་སྟེ། དེ་ཉིད་ལས། རབ་ཏུ་སྤྲོས་པ་མེད་པ་ལ། །སེམས་ཀྱི་དཀྱིལ་འཁོར་སྒོ་ཕྱེ་ལ། །ལུས་ཀྱི་འདུག་སྟངས་ངེས་པར་བརྩམ། །དེ་ལ་གོམས་ཏེ་གཟིགས་སྟངས་སྦྱར། །མངོན་གསུམ་རིག་པ་ལུང་གི་བརྡའོ། །ཞེས་སོ། །འདི་ལའང་ཕྱི་ནི་འདུག་སྟངས་སྟོན་པའོ། །ནང་ནི་ལྟ་སྟངས་སྟོན་པའོ། །གསང་བ་ནི་ཕྱོགས་བཞི་རུ་འདུག་སྟངས་དང་། གཟིགས་སྟངས་བསྟན་པས་སངས་རྒྱས་ཀྱི་ཞིང་ལ་སྤྱོད་པའོ། །ཡོངས་རྫོགས་ནི་སོང་ཞིག་ལ་སོགས་པའི་ཚིག་གིས་བརྡ་སྤྲོད་པ་རྣམས་སོ། །དབང་འདི་དག་ལོས་བར་དུ་བཅད་ན་ཤིན་ཏུ་ལེགས་ལ། ཟླ་བ་དང་ཞག་གིས་བར་དུ་བཅད་ནས་བསྐུར་ཀྱང་འགལ་བ་ནི་མེད་དེ། དང་པོའི་སྒོ་ཡིན་པའི་ཕྱིར་རོ། །དེ་ཡང་སྐལ་ལྡན་ཡིན་ངེས་ལ་ཞག་གཅིག་གམ་བཞི་ལ་རྫོགས་པར་བསྐུར་ཡང་འགལ་བ་མེད་ལ་ཕལ་པ་ལ་ཟླ་བ་ལ་སོགས་པས་བར་དུ་བཅད་དགོས་ཏེ་རྫོགས་པ་ཆེན་པོ་འདིའི་ལུགས་ཀྱིས་མན་ངག་དུམ་བུའི་ལུགས་ཞེས་བྱ་བ་ཡིན་པས་སྣོད་དྲོད་ཚད་རྟགས་རྣམས་ལ་རྟོག་ཅིང་རིམ་པས་དབང་ཁྲིད་མན་ངག་དང་བཅས་པ་ཐེབས་པར་འདེབས་དགོས་པ་དང་བཀའ་སྲུངས་ཀྱང་ཤིན་ཏུ་གཉན་ཆེས་པས་བཀའ་ཆད་འབྱུང་བའི་ཕྱིར་རོ། །དབང་བཞི་བོ་འདི་བསྐུར་ནས་རྒྱུད་སྨིན་པའི་དཔེ་ནི། དཔེར་ན་ས་ཞིང་བཟང་པོ་ཞིག་ལ་ས་བོན་སྐྱོན་མེད་བཏབ་ནས་འབྲས་བུ་སྨིན་པ་ལྟར། རིག་པའི་ཞིང་ལ་དང་པོ་སྤྲོས་བཅས་བསྐུར་བས་ས་བོན་བཏབ། དེ་ནས་སྤྲོས་མེད་བསྐུར་བས་མྱུ་གུ་སྐྱེས་ནས་ལོ་འདབ་རྒྱས། དེ་ནས་ཤིན་ཏུ་སྤྲོས་མེད་ཀྱིས་མེ་ཏོག་བཞད། རབ་ཏུ་སྤྲོས་མེད་ཀྱིས་སྐུ་བཞི་ངེས་པའི་འབྲས་བུར་སྨིན་པའོ། །དབང་རྣམས་ཀྱི་རྗེས་ལ་དགའ་སྟོན་ཡོན་དང་བཅས་པས་བླ་མ་དང་རྣལ་འབྱོར་གྱི་དབང་ཕྱུག་རྣམས་མཉེས་པར་བྱ་དགོས་ཏེ། ཕྲ་ཊཱིཀ་ལས། སྟོན་མོ་མེད་ན་དོན་མི་འགྲུབ། །དགའ་སྟོན་ཆེན་པོའི་མཆོད་པ་ཡིས། །བླ་མ་དང་ནི་བླ་མའི་འཁོར། །དེ་བཞིན་རང་གི་རྡོ་རྗེའི་སྤུན། །གཅིག་དང་གཉིས་དང་གསུམ་དག་གམ། །ཡང་ན་བརྒྱ་སྟོང་གྲངས་མེད་ལ། །ཚོགས་ནི་དགའ་སྟོན་སུས་བྱས་པ། །སྟོན་མོ་ཡོན་དང་བཅས་པ་ཡིས། །རྣལ་འབྱོར་པ་རྣམས་མགུ་བྱས་ན། །ལེགས་པ་ཐམས་ཅད་འགྲུབ་པ་དང༌། །ཉེས་པ་ཀུན་ལས་གྲོལ་བར་འགྱུར། །ཞེས་སོ། །འཇམ་དཔལ་སྒྱུ་འཕྲུལ་གྱི་ནང་དུ་ཡང་། སྙིང་རྗེ་ཆེན་པོ་དགའ་སྟོན་ཆེ། །ཞེས་གསུངས་སོ། །དེ་ཡང་དབང་བསྐུར་བའི་རྗེས་སུ་ཡོན་དང་དགའ་སྟོན་བྱས་པས། འདིར་ཡང་བསོད་ནམས་ཆེན་པོ་ཐོབ་ནས་འདོད་དོན་འགྲུབ་པ་དང་། མ་འོངས་པའི་དུས་ན་དབང་ཕྱུག་ཕུན་སུམ་ཚོགས་པ་དང་། དཔལ་དང་ལེགས་པའི་ཡོན་ཏན་ཐོབ་ནས་དེའི་འོག་ཏུ་རྒྱན་རྣམ་པར་བཀོད་པའི་ཞིང་ཁམས་སུ་མངོན་པར་རྫོགས་པར་འཚང་རྒྱའོ། །དེའང་དུས་གཞན་དུ་ཚོགས་དཔག་ཏུ་མེད་པ་བསགས་པ་བས། དབང་བསྐུར་བའི་སྐབས་སུ་འབུམ་ཕྲག་ལ་སོགས་པའི་འགྱུར་ཆེན་དུ་འཕེལ་ཆེའོ། །དེའི་མཐུས་བསོད་ནམས་ཆེན་པོ་ཐོབ་པ་རྡོ་རྗེ་འཆང་གིས་གསུངས་པས། ཚེ་འདི་ཉིད་ལ་བསམ་པ་ཐམས་ཅད་འགྲུབ་པ་དང་། ཟས་ནོར་འདུ་བ་ལ་སོགས་པའི་འདུ་བ་ཁྱད་པར་ཅན་མང་པོ་འབྱུང་བ་ཡང་རྒྱུ་མཚན་དེ་དག་གིས་སོ། །ཚོགས་གཉིས་རྫོགས་ཚེ་སྐུ་གཉིས་འགྲུབ་ལ། དབང་བསྐུར་སྐབས་སུ་ཚོགས་ཀྱི་དགའ་སྟོན་དང་བླ་མ་མཆོད་ན་ཕན་ཡོན་ཆེ་བ་ཅིའི་ཕྱིར་ཞེ་ན། དེའི་སྐབས་སུ་བླ་མ་ལ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་གཅིག་ཏུ་འདུས་ཏེ་དབང་བསྐུར་བའི་བྱ་བ་མཛད་པ་དང་། བླ་མེད་ཀྱི་ཆོས་འཁོར་སྐོར་བ་དང་། བདག་ཉིད་ཐར་བ་ཆེན་པོའི་གྲོང་དུ་འཇུག་པས་ཆེད་དུ་བཀའ་དྲིན་གསོ་བ་ཡིན་པས་ལྷག་པར་བསོད་ནམས་ཆེ་བ་དང་། འདུ་བ་ཁྱད་པར་ཅན་གསུམ་གྱི་དུས་ཡིན་པས་ཚེ་འདིར་མཐོང་ཆོས་མངོན་གྱུར་གྱི་དངོས་གྲུབ་སྣ་རེ་ཅིས་ཀྱང་ཐོབ་པ་ཡིན་གསུངས་སོ། །འདི་དང་འབྲེལ་བ་སྔོན་བྱུང་གི་གཏམ་རྒྱུད་ངེས་པ་ཡང་། སྟོན་པས་རབ་ཏུ་སྤྲོས་པ་མེད་པའི་དབང་བསྐུར་མཛད་པའི་དུས་སུ། ཚོགས་བདག་ནག་པོའི་ཞབས་ཞེས་པ་དེས་འབྲས་ཁལ་བརྒྱ་ཕྲག་དྲུག་གིས་བཟའ་བཅའ་བཏུང་དང་མྱང་བའི་ཡོ་བྱད་བསྒྲུབས་ནས། རྣལ་འབྱོར་ཕོ་མོ་ལྔ་བརྒྱ་ལ་ཚོགས་ཀྱི་དགའ་སྟོན་ཆེན་པོ་བྱས་པས། དེའི་སྐབས་སུ་རྣལ་འབྱོར་མ་གཅིག་གིས། ཨེ་མ་བུ་གཅིག་སྐལ་ལྡན་པ། །ཚོགས་ཀྱི་སྟོན་མོས་མགུ་བ་འདིས། །ཁྱོད་ལ་དངོས་གྲུབ་འགྲུབ་པར་ངེས། །བདག་ཀྱང་ཚོགས་ཀྱི་དངོས་གྲུབ་བརྙེས། །ཞེས་དངོས་གྲུབ་ཐོབ་པའི་ལུང་བསྟན་གནང་བ་ལྟར་ཞག་གསུམ་གྱི་མཚམས་ནས། ཚོགས་ཀྱི་བདག་པོ་དེ་ཉིད་ཀྱི་འཁོར་དང་། བ་ལང་ཁྱི་ལ་སོགས་པ་རྐང་པ་ས་ལ་གྲུ་གང་གིས་མ་རེག་པར་འགྲོ་བ་དང་། ལོངས་སྤྱོད་ཕུན་སུམ་ཚོགས་པ་ལ་དབང་བ་ཞིག་ཏུ་གྱུར། ཡང་དེ་བཞིན་དུ་དབང་ཞུས་ནས། ཚོགས་ཀྱི་སྟོན་མོ་དེ་བས་ཀྱང་རྒྱ་ཆེ་བར་བྱས་པས་དེ་མ་ཐག་ཏུ་འཁོར་དང་བཅས་པ་ནམ་མཁའ་ལ་སྒྲ་དང་བཅས་ཏེ་སོང་ནས། ད་ལྟར་འཛམ་གླིང་ཤར་གྱི་ཕྱོགས་ཀྱི་དྷ་རྟུལ་ཞེས་པའི་ཡུལ་གྱི་ནམ་མཁའ་ལ། མཁའ་འགྲོ་མ་འབུམ་ཕྲག་བདུན་དང་བཅས་པས་ཚོགས་ལ་ལོངས་སྤྱོད་རྫོགས་པའི་རྣལ་འབྱོར་གྱི་ལས་སྒྲུབ་པ་སྟེ། ཡ་མཚན་ཅན་གྱི་དངོས་གྲུབ་སྟོན་མོ་ལས་གྲུབ་པའི་ངོ་མཚར་ཅན་གྱི་ལོ་རྒྱུས་ཡོད་དོ།།

༼ང གྲོགས་དམ་ཚིག་གི་རིམ་པ་བསྟན་པ།

ཀ༽ དམ་ཚིག་གི་ངོ་བོ་བསྟན་པ།

བཞི་བ་གྲོགས་དམ་ཚིག་གི་རིམ་པ་བསྟན་པ་ལ་དྲུག་སྟེ། དམ་ཚིག་གི་ངོ་བོ། །ངེས་ཚིག ཕན་ཡོན། ཉེས་དམིགས། དབྱེ་བ། བསྲུང་ཐབས་སོ། །དང་པོ་ནི། དབང་ལས་བྱུང་བའི་སྐབས་ཀྱི་སྤང་བླང་རྣམས། དམིགས་ངེས་པས་སྤང་བྱ་སྤོང་ཞིང་བསྒྲུབ་བྱ་སྒྲུབ་པར་དམ་འཆའ་བའི་སྡོམ་པས་རྒྱུད་སྡོམ་པ་སྟེ། རྩལ་རྫོགས་ལས། ངོ་བོ་སྲུང་བར་བྱེད་པ་ཡིན། །ཞེས་སོ། །དམ་ཚིག་གི་ངོ་བོ་ནི། སྔགས་ཀྱི་སྡོམ་པས་རྒྱུད་བསྡམས་པའི་གཉེན་པོའི་དཔུང་དམ་བཅས་པ་ལས་མི་འདའ་བར་བྱེད་པ་ཞིག་གོ།

ཁ༽ ངེས་ཚིག་བསྟན་པ།

ངེས་ཚིག་ནི། དམ་པ་གཉེན་པོ་དེས་རྒྱུད་སྡོམ་པ་ཡིན་ལ། ཚིག་པ་སྡོམ་པ་དེས་ཉེས་ལྟུང་སྲེག་པར་བྱེད་པ་སྟེ། དམ་ཚིག་མཆོག་གི་རྒྱུད་ལས། དམ་པ་བཅིངས་པར་གྱུར་པ་སྟེ། །ཉོན་མོངས་སྲེག་པས་ཚིག་ཅེས་བརྗོད། །ཅེས་སོ། །འདའ་དཀའ་སྔགས་ཀྱི་ཁས་ལེན་ཉམས་མི་རུང་བར་དམ་ཞིང་ལྷོད་པར་མ་གྱུར་བ་དེ་ཉིད་ཚིག་གིས་བརྗོད་པའམ་དེ་ལས་འདས་ན་རྒྱུད་ཚིག་པར་བྱེད་པས་ན་ཡང་དམ་ཚིག་གོ།

ག༽ ཕན་ཡོན་བསྟན་པ།

དམ་ཚིག་ལེགས་པར་བསྲུངས་པའི་ཕན་ཡོན་ནི། གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་འགྲུབ་པ་སྟེ། རང་ཤར་ལས། དམ་ཚིག་ལ་ནི་གང་གནས་པ། །བསམ་པ་ཐམས་ཅད་མཐར་ཕྱིན་འགྱུར། །ཞེས་སོ། །དམ་ཚིག་ལ་གནས་པའི་གང་ཟག་དེ་གང་སྒྲུབ་པའི་དཀྱིལ་འཁོར་གྱི་ལྷ་དམ་པ་མཆོག་གིས་སྤུན་དང་སྲས་སུ་དགོངས་ནས་དངོས་གྲུབ་དམ་པའི་མཆོག་གནང་བའོ།།

ང༽ ཉམས་པའི་ཉེས་དམིགས་བསྟན་པ།

ཉམས་པའི་ཉེས་པ་ནི། ཚད་མེད་དེ་རེ་ཞིག་བསྡུ་ན་གཉིས་ལས། ཐུན་མོང་དུ་སྤྱིར་བསྟན་པ་ནི། རང་ཤར་ལས། ཉམས་ན་དམྱལ་བར་ངེས་པར་འགྲོ། །ཞེས་པ་དང༌། དམ་ཚིག་ཉམས་པའི་སྔ་ལྟས་སུ། །མི་བདེ་རྣམ་པ་སྣ་ཚོགས་འབྱུང༌། །ཡམས་དང་འཚེ་བའི་ནད་རྣམས་དང༌། །རིམས་ནད་སྣ་ཚོགས་འབྱུང་བར་འགྱུར། །གདོན་དང་ལོག་འདྲེན་རྣམས་ཀྱིས་ཀྱང༌། །བསད་ནས་སེམས་ཅན་དམྱལ་བར་འགྲོ། །མིག་གིས་གཟུགས་མི་མཐོང་བར་འགྱུར། །རྣ་བ་འོན་ཞིང་ལས་མི་འགྲུབ། །མཛེ་དང་ཤུ་བའི་ནད་རྣམས་འབྱུང༌། །ཆོམ་རྐུན་རྒྱལ་པོའི་ཆད་པ་འབྱུང༌། །གཞན་ལ་མེད་པའི་རིམས་ནད་འབྱུང༌། །བུ་དང་ཆུང་མ་འཆི་བར་སྟོན། ཡུལ་རྣམས་ཐམས་ཅད་དགྲར་ལྡང་ཞིང༌། །བྱས་པ་དོན་མེད་ཆེན་པོར་འགྱུར། །ཞེས་སོ། །གོང་གི་རང་ཤར་གྱི་ལུང་དོན་ལྟར་དམ་ཚིག་ཉམས་ན་ཚེ་འདིར་མི་འདོད་སྣ་དགུ་འབྱུང་བས་མི་ཚད་ཕྱི་མ་རྡོ་རྗེའི་དམྱལ་བར་བསྐལ་ཆེན་གྲངས་མེད་དུ་སྡུག་བསྔལ་མྱོང་ངོ། །ཁྱད་པར་དམིགས་སུ་བཀར་བ་ལ་གསུམ་སྟེ། བླ་མ་སྨད་པ། སྤུན་སྲིང་སྨད་པ། གསང་སྒོ་འཆོལ་བའོ། །དང་པོ་ནི་བླ་མ་ལ་དམ་ཉམས་ན་ཉེས་པ་ཚད་མེད་དེ། རྩལ་རྫོགས་ལས། སློབ་དཔོན་དག་ལ་སྨོད་པ་ནི། །དཔེར་ན་མུན་ཁུང་སྒྲོན་བསད་ན། །མཐོང་བའི་གོ་སྐབས་མེད་པ་བཞིན། །མནར་མེད་ཤིན་ཏུ་མི་བཟད་དུ། །སྡུག་བསྔལ་ཉམ་ཐག་ཡུན་རིང་གནས། །བསྐལ་བ་མང་པོར་མྱོང་བར་འགྱུར། །ཞེས་སོ། །དེ་ཡང་ཡུལ་མཆོག་ཏུ་གཉན་པའི་ཕྱིར་ཡེ་མ་ཉམས་པ་དགོས་ཏེ། ལན་ཅིག་དམ་དེ་ཉམས་ན་བསྐང་དང་འགྱོད་ཚངས་ཅི་བྱས་ཀྱང་སྒྲིབ་པ་སྲབ་ཏུ་འགྲོ་བ་ཙམ་ལས་དམ་ཚིག་སོར་མི་ཆུད་པས་འོ་བརྒྱལ་ཡང་དམྱལ་བར་ལན་ཅིག་འགྲོ་དགོས་ཏེ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། ཉམས་ན་མེ་བཞིན་ཐམས་ཅད་ཚིག་པར་བྱེད། །གསང་སྔགས་དོན་སྟོན་རྡོ་རྗེ་སློབ་དཔོན་ལ། །རིན་ཆེན་གསེར་ནི་རང་ལུས་ཙམ་ཕུལ་ཡང༌། །དམ་ཚིག་ཉམས་གྱུར་མི་སྐོང་ཚིག་པར་འགྱུར། །ཞེས་སོ། །སྤྱིར་དམ་ཚིག་དང་སྡོམ་པའི་ཁྱད་པར་ནི། དམ་ཚིག་ནི་འདའ་བར་བྱ་བ་མ་ཡིན་པ་དང་། སྡོམ་པ་ནི་བྱ་བ་དང་མི་བྱ་བའི་ངེས་པ་སྟེ། དེ་ཡང་སྨོན་འཇུག་གཏོང་བ་ལ་སོགས་པ་འདའ་བར་མི་རུང་བའི་ཆ་ཐམས་ཅད་དམ་ཚིག་དང་། གནང་བཀག་ལ་དཔྱད་ནས་འཇུག་ལྡོག་གཉིས་བྱེད་དགོས་པའི་ཆ་ཐམས་ཅད་སྡོམ་པའོ། མདོར་ན་སྡོམ་དམ་ཚིག་གཉིས་ཀ་ངོ་བོ་ཐ་དད་མ་ཡིན་པར་ལྡོག་པས་ཕྱེས་པ་ཙམ་མོ། །འདི་ནས་དམ་ཚིག་གི་རྣམ་གྲངས་ཁྱད་པར་དུ་དམིགས་སུ་བཀར་ནས་བླ་མ་སྨད་པ་སོགས་གསུངས་ན། བླ་མ་སྨད་པ་དེ་འདྲའི་ཉེས་པ་ཆེ་བ་དང། བླ་མ་དེ་འདྲའི་ཡུལ་གཉན་པ་ཅིའི་ཕྱིར་སྙམ་ན། སྤྱིར་བླ་མ་ལ། སྤྱི་དང་འདྲེན་དང་དམ་ཚིག་དབང༌། །ཉམས་ཆག་བསྐང་དང་ཤེས་རྒྱུད་འགྲོལ། །མན་ངག་ལུང་གི་སློབ་དཔོན་ནོ། །ཞེས་དྲུག་ཏུ་གསུངས་ཀྱང་དེ་དག་བསྡུ་ན་གསུམ་དུ་འདུ་བ་ལ་བཀའ་དྲིན་སུམ་ལྡན་གྱི་བདག་ཉིད་ཅེས་བྱ། རྩ་བའི་བླ་མས་དབང་བསྐུར་རྒྱུད་བཤད་མན་ངག་སྟོན་པས་བཀའ་དྲིན་སུམ་ལྡན་ནོ། །འཇིག་རྟེན་གྱི་ཟས་ནོར་ཙམ་དང་འཇིགས་པ་ཕྲན་ཚེགས་ལས་སྐྱོབ་པ་ལ་ཡང་དྲིན་ཆེན་དུ་བརྩི་ན་བླ་མས་ནི་ཚེ་རབས་གཏན་གྱི་འཇིགས་པ་དང་སྡུག་བསྔལ་སེལ་བའི་ཐབས་དང་གདམས་པ་བསྟན་པས། རང་ཉིད་ལ་དགོས་པའི་གདམས་པ་ལོན་རྗེས་ཇི་མི་སྙམ་པའི་སེམས་སྐྱེས་ནས་བསྟི་སྟངས་དང་ཕུ་དུད་མི་བྱེད་པ་ནི་བླ་མར་འཛིན་པའི་ཁུར་བོར་ནས་བརྙས་པ་ཡིན་པས། དེའི་སྐུ་གསུང་ཐུགས་དང་འགལ་བའི་ཉེས་པ་བསམ་གྱིས་མི་ཁྱབ་པ་འབྱུང་བའོ། །འདི་ཉེས་དམིགས་ཤིན་ཏུ་ཆེ་བས་གསང་སྔགས་ཀྱི་རྩ་ལྟུང་བཅུ་བཞིའི་དང་པོར་བཞག་པའོ། །རྩ་ལྟུང་ཞེས་པ་ནི་ལྗོན་ཤིང་ལ་སོགས་པའི་རྩ་བ་བཏོན་ན་སྡོང་པོ་ཡལ་ག་ལ་སོགས་པ་ནས་འབྲས་བུའི་བར་ཐམས་ཅད་མེད་པར་བྱེད་པ་བཞིན་དུ་ཡོན་ཏན་ཐམས་ཅད་སྐྱེད་པའི་རྩ་བ་བཏོན་ན་གོང་མའི་ཡོན་ཏན་སྐྱེ་བ་ལ་སྒྲིབ་ཅིང་འོག་ནས་འོག་ཏུ་དམྱལ་བ་ལ་སོགས་པ་ལྟུང་བའམ་ལྷུང་བར་འགྱུར་བ་ཡིན་པས་ན་རྩ་ལྟུང་ངོ། །སྙིང་ནས་སློབ་དཔོན་སྨད་ནས་བཤགས་སྡོམ་གྱི་དུས་ཐོག་ལ་སོར་ཆུད་པ་ཞིག་མ་བྱས་ན་དེའི་གང་ཟག་དེ་རྡོ་རྗེའི་དམྱལ་བར་འགྲོ་ངེས་པ་ཡིན། བླ་མ་དང་འགལ་ཉམས་སོང་ནས་བཟུང་སྟེ་གསང་སྔགས་གང་སྒྲུབ་ཀྱང་དངོས་གྲུབ་མི་འབྱུང་སྟེ། ཀོ་ས་ལའི་རྒྱན་ལས། སྙིང་ནས་སློབ་དཔོན་སྨོད་པ་དག །བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་རོ། །ཞེས་གསུངས་པའི་ཕྱིར། རྡོ་རྗེའི་སློབ་དཔོན་དང་འགལ་བའི་རྩ་ལྟུང་གི་ཚད་ལ་སླེབས་ན་མཚམས་མེད་པས་ཀྱང་ཉེས་པ་ཆེ་སྟེ། ཆོས་སྤངས་དང་མཚམས་མེད་པ་བསགས་པས་ཀྱང་རྡོ་རྗེ་ཐེག་པའི་སྒོར་ཞུགས་ནས་བླ་མའི་བཀའ་བཞིན་ཉེས་ལྟུང་གིས་མ་གོས་པར་བསྒྲུབས་ན་དངོས་གྲུབ་ཐོབ་པའི་ཚུལ་གསུངས་པའི་ཕྱིར། གལ་ཏེ་དུས་ཐོག་ནས་སླར་གསོ་ཐབས་ལ་འབད་ནས་རྣམ་སྨིན་གྱི་ཆ་སྦྱོང་ནུས་ཀྱང་དངོས་གྲུབ་ཐོབ་པ་ལ་འགོར་འགྱངས་འགྲོ་ངེས་ཡིན་པས་ཐོག་མ་ཉིད་ནས་བླ་མའི་སྐུ་གསུང་ཐུགས་དང་འགལ་བ་མི་ཤོར་བར་བཀའ་བཞིན་དུ་སྒྲུབ་པ་གལ་ཆེའོ། །མཚན་ཉིད་དང་ལྡན་པའི་བླ་མས་ཡུལ་དུས་གནས་སྐབས་ལ་དགོངས་ནས་གསུངས་པའི་དོན་ལྡན་གྱི་བཀའ་མ་བསྒྲུབས་ན་བདེ་གཤེགས་བཀའ་འདས་ཀྱི་རྩ་ལྟུང་གཉིས་པ་དེ་ཡང་འབྱུང་ངོ་། །མཆེད་ལ་བཞི་སྟེ། སྤྱིའི་མཆེད་ཆོས་སྒོར་ཞུགས་སོ་ཅོག་གི་འགྲོ་བ་ཐམས་ཅད་དོ། །ཉེ་བའི་མཆེད་སྔགས་ལ་ཞུགས་པ་དང་དེའི་ནང་ནས་ཆོས་རྒྱུད་གཅིག་པ་རྣམས་སོ། །འདྲེས་པའི་མཆེད་བླ་མ་གཅིག་པའི་སློབ་མ་རྣམས་སོ། །ཤིན་ཏུ་འདྲེས་པའི་མཆེད་དཀྱིལ་འཁོར་གཅིག་དང་མར་མེ་གཅིག་ལ་བལྟ་ཞིང་བུམ་པ་གཅིག་ལ་དབང་གྲལ་གཅིག་ཏུ་དབང་དང་གདམས་པ་དུས་གཅིག་ཏུ་ཞུས་པའི་སྤུན་སྲིང་རྣམས་ཏེ། རང་ཤར་ལས། རྡོ་རྗེའི་སྤུན་ལ་དོན་བཞིས་བསྟན། །སྤྱི་དང་ཁྱད་པར་འདྲེས་པ་དང༌། །དཀྱིལ་འཁོར་བུམ་པ་འདྲེས་པའོ། །ཞེས་སོ། །ཡང་ན་མཐའ་ཡས་པའི་སེམས་ཅན་ཐམས་ཅད་དེ་བདེ་གཤེགས་སྙིང་པོའི་རིགས་གཅིག་གིས་བསྡུས་པས་སྤྱིའི་མཆེད་དང་། སྐྱབས་མཆོག་གསུམ་ལ་བཟུང་བའི་ཆོས་སྒོར་ཞུགས་པ་ཐམས་ཅད་ནི་རིང་བའི་མཆེད་དང་། སྤྱིར་གསང་སྔགས་རྡོ་རྗེ་ཐེག་པའི་སྡོམ་པ་ལ་གནས་ཚད་དང་ཁྱད་པར་དུ་ཆོས་བརྒྱུད་གཅིག་གིས་སྦྲེལ་བ་ཉེ་བའི་མཆེད་དང་། བླ་མ་གཅིག་ལ་བརྟེན་པའི་སློབ་མ་དེ་འདྲེས་པའི་མཆེད་དང་། བླ་མ་གཅིག་ལ་བརྟེན་དཀྱིལ་འཁོར་གཅིག་གིས་བསྡུས་ན་རིགས་གཅིག་པའི་སྤུན་ཤིན་ཏུ་འདྲེས་པའི་མཆེད་ལྕམ་མོ། །དེ་ལྟ་བུའི་མཆེད་ལ་དམ་ཚིག་ཉམས་ན་ཉེས་པ་ཚད་མེད་དེ། རྩལ་རྫོགས་ལས། རྡོ་རྗེའི་མཆེད་དང་ལྕམ་དྲལ་ནི། །བླ་མེད་བྱང་ཆུབ་འགྲོགས་པའི་སྤུན། །ཆོས་ཉིད་བྱང་ཆུབ་སྨོན་ལམ་མཐུས། རྡོ་རྗེའི་དམ་ཚིག་ལུ་གུ་རྒྱུད། །རྟག་ཏུ་དེ་དང་མི་འབྲལ་བས། །དེ་ལ་བཟློག་ཅིང་འཁུ་བ་ནི། །རང་ལ་རང་གིས་མཚོན་བཏབ་ན། །རང་སྲོག་ཚེ་རབས་ལྔ་བརྒྱའི་བར། །རང་གིས་གཅོད་ཅིང་ཕུང་བར་འགྱུར། །ཚེ་འདིར་མི་བདེ་སྣ་ཚོགས་པ། །མི་འདོད་བཞིན་དུ་འབྱུང་བར་འགྱུར། །འཇིག་རྟེན་ཕ་རོལ་དག་ཏུ་ཡང༌། །ངན་སོང་གསུམ་དང་མི་ཁོམ་པའི། །སྡུག་བསྔལ་རྒྱུད་ལ་མྱོང་བར་འགྱུར། །ཡུན་རིང་དག་ཏུ་མི་ཐར་ཞིང༌། །ཤིན་ཏུ་ཉམ་ཐག་མྱོང་བར་འགྱུར། །ཞེས་སོ། །དེ་ལྟ་བུའི་སྐལ་ལྡན་རྡོ་རྗེའི་མཆེད་ལྕམ་ལས་དང་སྨོན་ལམ་གཅིག་གིས་མཉམ་དུ་ཚོགས་པས་དཀྱིལ་འཁོར་གཅིག་ལ་བརྟེན། མར་མེ་གཅིག་ལ་བལྟས། བུམ་པ་གཅིག་གི་བདུད་རྩིའི་དངོས་གྲུབ་མཉམ་དུ་ཞུས་པའི་ཆོས་གྲྭ་གཅིག་གི་ནང་ནས་དབང་གདམས་པ་མང་པོ་མཉམ་དུ་ཞུས་པར་བྱས་ཚེ་སྤྱིའི་མཆེད་ཡིན་པས་མ་ཚད། རིང་བའི་མཆེད། ཉེ་བའི་མཆེད། འདྲེས་པའི་མཆེད། ཤིན་ཏུ་འདྲེས་པའི་མཆེད་དང་བཅས་པར་གྱུར་པ་ཡིན་པས། ཕྲག་དོག་ལ་སོགས་པས་ཀུན་ནས་བསླངས་ཏེ་གཅིག་གིས་གཅིག་ལ་སྐྱོན་བརྗོད་པ་དང་། ཁྲོ་ཞིང་བརྡེགས་པ་ལ་སོགས་པ་དང་། ལྐོག་ནས་ངན་སྨོད་སོགས་བྱས་ན་བླ་མ་ཙམ་ཞིག་ཡུལ་མ་གཉན་རུང་རྩ་ལྟུང་གསུམ་པའི་ནང་དུ་འགྲོ་ངེས་ཅན་ཡིན་པས་མི་ཤེས་པའི་དབང་གིས་རྩ་ལྟུང་གསུམ་པ་རིན་གྱིས་ཉོ་མི་རུང་ངོ་། །གསང་སྒོ་འཆོལ་བའི་ཉེས་པ་ནི། ཡང་དེ་ཉིད་ལས། རྫོགས་ཆེན་ཨ་ཏིའི་གསང་ཆེན་འདི། །བློ་དམན་རྣམས་ལ་བསྒྲགས་གྱུར་ན། །དཔེར་ན་གཙུབ་ཤིང་མེ་གཙུབས་ན། །གཙུབ་ཤིང་ཉིད་ཀྱང་འཚིག་བར་འགྱུར། །གཞན་ཡང་མཚན་མར་གྱུར་པ་སྲེག །གསང་སྔགས་ངེས་དོན་མེ་དང་འདྲ། །སྐལ་བ་ཆུང་ཤིང་ཤེས་རབ་དམན། །བློ་ངན་རྒྱུ་འབྲས་རྨོངས་པ་རྣམས། །རྫོགས་ཆེན་དོན་ལ་སྐུར་འདེབས་ན། །ངན་སོང་གསུམ་དུ་འཕང་བར་འགྱུར། །ངེས་དོན་མ་རྟོགས་སྡུག་བསྔལ་མྱོང༌། །གསང་བ་འཕེལ་བར་བྱེད་པ་ཡང༌། །སྨྲ་བྱེད་ལྕེ་ལ་ཞིང་རྨོ་ཞིང༌། །སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར། །དེ་ཕྱིར་ངེས་པའི་དོན་འདི་གསང༌། །རླུང་ཕྱོགས་ཙམ་དུའང་བསྒྲག་མི་བྱ། །ཡུན་རིང་དག་ཏུ་མི་ཐར་བའི། །སྡུག་བསྔལ་ཤིང་ཏུ་ཉམ་ཐག་མྱོང༌། །ཞེས་སོ། །འདི་སྒྱུ་འཕྲུལ་རྩ་བའི་དམ་ཚིག་ལྔ་བ་དང་རྩ་ལྟུང་གི་བདུན་པ་ཡིན། སྒྱུ་འཕྲུལ་རྩ་བའི་དམ་ཚིག་ལྟར་ན་གསང་བའི་དངོས་པོ་བཅུ་སྟེ། སྤྱིར་གསང་བཞི། བར་གསང་བཞི། གསང་བར་འོས་པ་དང་། གསང་བ་གཉེར་གཏད་པ་དང་བཅུའོ། །རྩ་ལྟུང་བདུན་པ་ལྟ་བ་ཟབ་མོ་བློ་དམན་དང་ཐེ་ཚོམ་ཅན་ལ་གསང་དགོས་པ་དང་། སྤྱོད་པ་བརླང་པོ་གསར་དུ་ཞུགས་པ་རྣམས་དང་ལོག་ལྟ་ཅན་ལ་གསང་དགོས་པ་དང་། ཡི་དམ་ལྷ་ཡི་མཚན་སྔགས་དང་དེ་གྲུབ་པའི་རྟགས་མཚན་གཞན་ལ་གསང་དགོས་པའོ། །ཁྱད་པར་དུ་རྫོགས་ཆེན་ཨ་ཏིའི་གསང་བ་གཞན་སྣོད་མིན་ལ་བསྒྲགས་ན་གསང་སྒྲོག་གི་ཉེས་པ་ཆེན་པོ་འབྱུང་ངོ་།།

ཅ༽ དབྱེ་བ་བསྟན་པ།

ལྔ་པ་དབྱེ་བ་ནི། ས་མ་ཡ་འབུམ་སྡེ་ལྟ་བུ་རྣམ་གྲངས་དཔག་ཏུ་མེད་ཀྱང་སྐབས་འདིར་གསུམ་དུ་དབྱེ་བ་དེ། རྩ་བ། ཡན་ལག གསང་བ་རྒྱལ་པོའི་དམ་ཚིག་གོ །དང་པོ་ནི་ཐལ་འགྱུར་ལས། དབང་རྟེན་པ་ཡི་དམ་ཚིག་ལ། །བྱེ་བྲག་བརྗོད་དུ་མི་ལང་ཡང༌། །མདོར་བསྡུས་སྐུ་དང་གསུང་དང་ཐུགས། །རྣལ་འབྱོར་ལུས་ངག་ཡིད་ལ་སྦྱར། །ཞེས་སོ། །སྐུའི་དམ་ཚིག་ཏུ་ལུས་ཀྱིས་མི་དགེ་བ་རྣམས་བསྲུང་ཞིང་དགེ་བ་ལ་སྦྱོར་བ་དང༌། ལུས་ལྷར་དམིགས་ཤིང་ཁྱད་པར་དུ་ལྟ་སྟངས་གསུམ་ལས་མི་གཡོ་བར་བྱའོ། །གསུང་གི་དམ་ཚིག་ཏུ་ངག་གིས་མི་དགེ་བ་རྣམས་བསྲུང་ཞིང་དགེ་བ་ལ་སྦྱར་ཏེ་སྔགས་བཟླས་པ་དང་ཁྱད་པར་དུ་སྨྲ་བ་གཅད་པར་བྱའོ། །ཐུགས་ཀྱི་དམ་ཚིག་ཏུ་ཡིད་ཀྱིས་མི་དགེ་བ་རྣམས་བསྲུང་ཞིང་དགེ་བ་ལ་སྦྱར་ཏེ་ཏིང་ངེ་འཛིན་བསྐྱེད་རྫོགས་ཀྱི་དོན་སྒོམ་པ་དང་ཁྱད་པར་དུ་ཅི་ལའང་མི་རྟོག་པར་བྱའོ། །ཕན་གདགས་གནོད་པ་སྤང་བའི་གཞི་དེ་ལུས་ཡིན་པ་དང་། དགེ་མི་དགེའི་ཆོས་དང་རྣམ་འགྱུར་ངག་ལ་བརྟེན་པ་དང་། འཁོར་བར་སྐྱེ་བའི་རྒྱུ་གཙོ་བོ་ཡིད་ཡིན་པས། སྒོ་གསུམ་པོ་འདིའི་སྟེང་ནས་རྩ་བའི་དམ་ཚིག་བསྒྲུབ་བྱར་གཟུང་དགོས། ལུས་ཀྱིས་སྤྱིར་མི་དགེ་སྤངས་ནས་དགེ་བ་བསྒྲུབ་རྒྱུ་དང་། ཁྱད་པར་དུ་སྐུའི་དམ་ཚིག་ཏུ་བླ་མ་དང་ལྷ་ལ་གུས་པས་མཆོད་པ་དང་། མཆེད་ལྕམ་ཐམས་ཅད་ཀྱིས་མཚོན་པའི་བླ་མའི་སྐུའི་གདུལ་བྱར་གྱུར་པའི་འགྲོ་བ་ཐམས་ཅད་ལ་གནོད་པ་སྤངས། རྣམ་སྨིན་གྱི་ལུས་ཀྱི་སྣང་ཞེན་ཐམས་ཅད་བསྐྱེད་རིམ་གྱིས་སྦྱངས། ངག་གི་མི་དགེ་བ་ཐམས་ཅད་སྤངས། དེའི་སྟེང་གསུང་གི་དམ་ཚིག་སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད། བླ་མས་ཅི་གསུངས་བསྒྲུབ། མཆེད་གྲོགས་ཀྱི་ངག་མི་གཅག ཡིད་ཀྱི་ཉེས་པ་སྤྱིར་བཏང་བ་སྤངས་པས་མི་ཚད་ཐུགས་ཀྱི་དམ་ཚིག་ས་མ་ཡ་འབུམ་སྡེ་ལ་སོགས་སྨོས་ཅི་དགོས་དང་། གསང་བ་གཞན་ལ་མི་སྤེལ་བྱང་ཆུབ་སེམས་གནས་སྦྱང་། བླ་མ་དང་ཐུགས་ཡིད་གཅིག་ཏུ་བསྲེ། དུས་རྟག་ཏུ་སྒོམ་མེད་བྱ་བྲལ་ལྷུན་རྫོགས་རྫོགས་ཆེན་གྱི་ལྟ་བ་དང་མི་འབྲལ་བའི་ཐོག་ནས་ཏིང་ངེ་འཛིན་གྱི་སྒོ་མང་པོ་ལ་སྤྱོད་པ་རྣམས་སོ། །གཉིས་པ་ཡན་ལག་གི་དམ་ཚིག་ལ་རྣམ་གྲངས་མང་ཡང་འདིར་བརྒྱད་དུ་འདོད་དེ། དཀོན་མཆོག་གསུམ་པོ་ལ་རྟག་ཏུ་མཆོད་ཅིང་བཀུར་སྟི་རྒྱུན་མི་བཅད་པ། རྡོ་རྗེའི་སློབ་དཔོན་མི་སྨད་པ། རྡོ་རྗེའི་མཆེད་ལ་མི་ཁྲོ་བ། སེམས་ཅན་ཐམས་ཅད་ལ་འཚེ་བ་སྤང་ཞིང་བྱམས་པ་བསྒོམ་པ། མི་དགེ་བ་བཅུ་སྤང་བ། དགེ་བ་བཅུ་ལ་སྤྱོད་པ། ཕ་མ་ལ་བཀུར་སྟི། རྗེས་སུ་མ་གནང་བར་གསང་བ་བསྒྲག་པ་ལས་བསྲུང་པའོ། །ཇི་སྐད་དུའང་རྩལ་རྫོགས་ལས། དཀོན་མཆོག་གསུམ་ནི་སྤང་མི་བྱ། །དགེ་སྤྱད་མི་དགེ་སྤྱད་མི་བྱ། །རྡོ་རྗེ་སློབ་དཔོན་སྨད་མི་བྱ། །ཞེས་པ་དང༌། ཐལ་འགྱུར་ལས། དམིགས་པ་བླ་མ་རྡོ་རྗེ་མཆེད། །བསྲུང་བའི་ཡུལ་གྱི་རྣམ་པར་དབྱེ། །ཞེས་པ་དང༌། སྔ་མ་ལས། རང་རིག་བསྐྱེད་པའི་སློབ་དཔོན་ལ། །ཤིན་ཏུ་གཙོ་བོས་བླང་བར་བྱ། །ལུས་སེམས་བསྐྱེད་པའི་ཕ་མ་ལ། །བཀུར་སྟི་རིམ་གྲོ་རྒྱུན་མི་བཅད། །རྡོ་རྗེའི་མཆེད་དང་ལྕམ་དྲལ་ནི། །བླ་མེད་བྱང་ཆུབ་འགྲོགས་པའི་སྤུན། །ཞེས་པ་དང༌། ཁམས་གསུམ་རིགས་དྲུག་སེམས་ཅན་ལ། །སྙིང་རྗེའི་རྒྱུན་ཐག་མི་གཅད་དོ། །ཞེས་པ་དང༌། ཐལ་འགྱུར་ལས། གཞན་ཡང་དམ་ཚིག་སྡོམ་པ་བཤད། །བླ་མ་སངས་རྒྱས་མཆོད་པའི་རྟེན། །ཆོས་དང་དགེ་འདུན་ཡི་དམ་ལྷ། །རྡོ་རྗེ་མཁའ་འགྲོ་མ་རྣམས་ལ། །ཚོགས་དང་མཆོད་པ་རྒྱུན་མི་གཅད། །བླ་མ་མཚན་ཉིད་ལྡན་མཐོང་ན། །བསྟོད་དང་མཆོད་པ་རྫོགས་པར་བྱ། །བུད་མེད་མི་སྨད་ཁྲོ་མི་བྱ། །ཕུང་པོ་མི་སྨད་ཡི་དམ་བསྟེན། །དཀྱིལ་འཁོར་དང་ནི་སྔགས་དང་ལྷ། །ཕྱག་རྒྱ་བསྟེན་པ་ཡང་དག་ཉིད། །དད་ཅན་ཚོགས་གཉིས་མི་བཅག་ལ། །དགེ་ལྡན་སེམས་ནི་མི་དཀྲུག་སྟེ། སྡོམ་ལྡན་དམ་ཚིག་གནས་པར་བྱ། །ཞེས་སོ། །དེ་ཡང་ཆེན་པོ་བརྒྱད། ཕྲ་མོ་བཅོ་ལྔ་དང་ཉི་ཤུ་རྩ་གསུམ་ནི་འདིར་བསྲུང་བྱའི་ཡན་ལག་ཏུ་ངེས་པའོ། །ཕྲ་མོ་བཅོ་ལྔ་ཡང་ཆེན་པོ་བརྒྱད་དུ་འདུས་པའི་ཕྱིར་ངོ་བོ་བརྒྱད་ཁོ་ནའོ། །དེ་ཡང་དཀོན་མཆོག་གསུམ་དང་བླ་མ་དང་མཆེད་རྣམས་ནི་ངོ་བོ་བསྟན་ལ། ལྷ་དང་དཀྱིལ་འཁོར་དང་ཕུང་པོ་དང་མཁའ་འགྲོ་རྣམས་ནི་དཀོན་མཆོག་གསུམ་དུ་འདུས་ཤིང་བུད་མེད་ནི་མཁའ་འགྲོར་འདུས་ལ། ཕྱག་རྒྱ་ཡང་དེར་འདུས་ཤིང་ཚོགས་མི་བཅག་པ་ནི་དགེ་བཅུར་འདུས་ལ། སེམས་མི་དཀྲུག་པ་མི་དགེ་བ་བཅུ་སྤོང་བར་འདུས་པ་ཡིན་ནོ། །སྔགས་སྤྱིའི་ལུགས་ལ་རྩ་བ་དང་། ཡན་ལག་གི་དམ་ཚིག་གཉིས་སུ་ཕྱེས་ནས་བཤད་ལ། དེ་ལས་རྩ་བའི་དམ་ཚིག་གོང་དུ་བཤད་པར་ལྟར་བླ་མེད་ཐམས་ཅད་ལ་རྩ་བ་བླ་མའི་སྐུ་གསུང་ཐུགས་གསུམ་ལ་གསུམ་གསུམ་དུ་ཕྱེས་པའི་ཉི་ཤུ་རྩ་བདུན་ནོ། །ཡན་ལག་གི་དམ་ཚིག་ནི་ཤེས་བྱ་ལྔ་དང་། བླང་བྱ་ལྔ་དང་། མི་སྤང་བ་ལྔ་དང་། སྤྱད་བྱ་ལྔ་དང་། བསྒྲུབ་བྱ་ལྔ་སྟེ་ཉེར་ལྔའི་དབྱེ་བ་དང་། དམིགས་བསལ་རྫོགས་པ་ཆེན་པོའི་སྐབས་འདིར། རྟོགས་བྱེད་ལྟ་བའི་དམ་ཚིག་དང་། སྤྱོད་པ་རྒྱུད་ཀྱི་དམ་ཚིག་དང་། བསྒྲུབ་པ་སྤྱི་ཡི་དམ་ཚིག་དང་། ཐུན་མོང་སྤྱི་ཡི་དམ་ཚིག་དང་། སྐུ་གསུང་ཐུགས་ཀྱི་དམ་ཚིག་དང་། ཡན་ལག་གྲངས་ཀྱི་དམ་ཚིག་དང་། གལ་མདོ་ངེས་པའི་དམ་ཚིག་ལ་སོགས་པའི་དབྱེ་བ་མང་ཡང་གཙོ་ཆེར་ཡན་ལག་གི་ཕྱོགས་ནས་འདིའི་ལུང་གི་དངོས་བསྟན་ངོ་བོ་བརྒྱད་དུ་འདུས་པའོ། །འོན་ཀྱང་སྡོམ་པ་གསུམ་ཀ་གང་ཟག་གཅིག་གི་རྒྱུད་དུ་བསྟེན་ཚུལ་དང་། གནས་འགྱུར་མི་འགྱུར་གྱིས། གང་ཟག་སོ་སོའི་རྒྱུད་ཀྱི་རྟོགས་སྒོམ་དང་། ཤེས་རབ་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པ་ཡིན་པས། དབང་རྣོན་སྔགས་སྡོམ་ནས་ཅིག་ཆར་དུ་འཇུག་པ་དང་། དབང་འབྲིང་བྱང་སྡོམ་ནས་འཇུག་པ་དང་། དབང་རྟུལ་རིམ་འཇུག་གི་ཁྱད་པར་ཡོད་དོ། །དེས་ན་སྣོད་ལྡན་མིན་པའི་སློབ་མའམ་མོས་སྤྱོད་པ་རྣམ་རིག་གཞན་དབང་དུ་གྱུར་པ་ཞིག་གིས་དབང་བསྐུར་ཐོབ་པ་ཙམ་གྱིས་སྡོམ་རྫས་འོག་མ་གཉིས་ཀ་སྔགས་ལ་གནས་མི་འགྱུར་ཡང་། མཐར་གྱིས་སྡོམ་གསུམ་གནས་འགྱུར་ངོ་བོ་གཅིག་ལ་ལྡོག་པ་ཐད་དད་དུ་བཞེད་པའི་ལུགས་ལྟར་གོ་དགོས་སོ། །གསུམ་པ་གསང་བ་རྒྱལ་པོའི་དམ་ཚིག་ནི། འཁྲུལ་སྣང་རྨི་ལམ་དང་འདྲ་བའི་སྣོད་བཅུད་ཕྱི་ནང་གི་ཆོས་ཐམས་ཅད་གཞི་མེད་པར་རྟོགས་པའི་ངང་ལས་མི་འདའ་བ་དང༌། ཚོགས་དྲུག་ཡུལ་དང་དབང་པོས་བསྡུས་པ་ལ་བླང་དོར་དང་འཛིན་ཞེན་མེད་པར་ཆོས་ཉིད་བྱ་བ་དང་བྲལ་བའི་ངང་དུ་ཕྱལ་བར་བཞག་པ་ལས་མི་འདའ་བ་དང༌། རང་བྱུང་གི་ཡེ་ཤེས་འོད་གསལ་གྱི་སྣང་བ་དང་བཅས་པ་ལྷུན་གྱིས་གྲུབ་པར་རྟོགས་པའི་ངང་དང་མི་འབྲལ་བ་དང༌། ཆོས་སོ་ཅོག་རྩ་བ་རིག་པའི་ཡེ་ཤེས་གཅིག་པུའི་ངང་ལས་འབྱུང༌། ངང་ལ་སྣང༌། ངང་དུ་གྲོལ་བ་ལས་གཞན་མེད་པར་ཐག་བཅད་པ་སྟེ་དམ་ཚིག་གི་ཆིངས་ཆེན་པོ་བཞི་ནི་རྫོགས་པ་ཆེན་པོ་འདིའི་ཁྱད་པར་གྱི་ཆོས་སུ་བསྟན་པ་སྟེ། རིན་པོ་ཆེ་སྤུངས་པའི་རྒྱུད་ལས། དེ་ཉིད་བསྟན་པའི་ཡན་ལག་ཏུ། དམ་ཚིག་རྣམ་གཉིས་བསྲུང་བར་བྱ། །འདི་ཀུན་སྔོན་དུ་བྱས་པ་ཡིས། །ཐེག་མཆོག་རྒྱལ་པོའི་ནང་དུ་འཇུག །ཅེས་པ་དང༌། ཁྲེགས་ཆོད་ཀྱི་དམ་ཚིག་ཏུ་མེད་པ་དང་ཕྱལ་བ། ཐོད་རྒལ་གྱི་དམ་ཚིག་ཏུ་ལྷུན་གྲུབ་དང་གཅིག་པུ་སྟེ། སོ་སོར་དབྱེ་བ་ནི། ཡང་དེ་ཉིད་ལས། དེ་དུས་བསྲུང་བའི་མཚམས་འདས་པའི། །མེད་དང་གཅིག་པུ་ཕྱལ་བ་ཡི། །དེ་ཡི་གྲོགས་སུ་དེ་འགྱུར་རོ། །ཞེས་པ་དང༌། རྩལ་རྫོགས་ལས། ཤེས་རབ་ཆེན་པོའི་སྤྱོད་ཡུལ་ནི། །མེད་པ་ཉིད་ལ་མེད་པ་སྤྱོད། །གཅིག་པུ་ཉིད་ལ་གཅིག་པུ་ཉིད། །ཕྱལ་བ་ཉིད་ལ་ཕྱལ་བ་ཡས། །ལྷུན་གྲུབ་ཉིད་ལ་ལྷུན་གྲུབ་སྟེ། །དམ་ཚིག་དམ་ཚིག་ཅེས་བྱ་བ། །གུད་ན་ཡོད་པ་མ་ཡིན་ཏེ། །རང་གི་སྣང་བའི་དོན་རྟོགས་ན། །དམ་ཚིག་རྒྱལ་པོ་ཞེས་བྱའོ། །ཞེས་སོ། །ཡང་གསང་མན་ངག་གི་སྡེ་ལ་ཡེ་ནས་ཉམས་པ་མེད་པར་སྲུང་བ་རྒྱལ་པོའི་ལུགས་ཀྱི་དམ་ཚིག་ནི། ཆོས་ཉིད་རྟོགས་པའི་རྣལ་འབྱོར་བས་སྲུང་མཚམས་བྲལ་བའི་དམ་ཚིག་སྟེ། འདའ་བྱ་འདའ་བྱེད་ཀྱི་དམིགས་པ་མེད་པས་ངོ་བོ་ཉིད་ཀྱི་བཞུགས་ཚུལ་གང་ཡིན་པ་དམ་ཚིག་གི་ཆིངས་ཀྱིས་བཅིངས་པ་ཙམ་མོ། །ཀ་དག་ཁྲེགས་ཆོད་ཀྱི་དམ་ཚིག་ལ། མེད་པ་དང་། ཕྱལ་བ་གཉིས། ལྷུན་གྲུབ་ཐོད་རྒལ་གྱི་དམ་ཚིག་ལ། ལྷུན་གྲུབ་དང་། གཅིག་པུ་གཉིས་སོ། །ངོ་བོ་ཀ་དག་སྤྲོས་བྲལ་རང་བྱུང་ཆེན་པོའི་དམ་ཚིག་ནི། སྲུང་མཚམས་མེད་པའི་ཆོས་ཉིད་ལས་མི་གཡོ་བ་འདའ་ཉམས་ཀྱི་རྣམ་རིག་ཅན་གྱི་སྣང་བརྟག་ཤེས་བྱའི་ཆོས་ལས་འདས་པ་བྱར་མེད་ལྷུན་རྫོགས་ཀྱི་ཡེ་ཤེས་ཆེན་པོའི་ངོ་བོར་གནས་པ་ཡིན་པས་ན་མེད་པ་དང་། དེ་ལྟ་བུའི་ཕྱི་ནང་ཡུལ་མེད་དུ་རྟོགས་པའི་ངང་ནས་སྒོ་ལྔ་རང་ཡན་གྱི་རིག་པ་ལ་སྙམ་བྱེད་ཀྱི་བློའི་ཞེན་པ་མི་འཇུག་པར་ཆོས་ཅན་ཐམས་ཅད་ཆོས་ཉིད་ཡངས་པ་ཆེན་པོར་ལ་བཟླས་པས་ཐག་ཆོད་པ་དེ་ནི་ཕྱལ་བའོ། །དེ་གཉིས་ནི་ཁྲེགས་ཆོད་ཀྱི་དམ་ཚིག་གོ །དེ་ལྟ་བུའི་ཀ་དག་ཁྲེགས་ཆོད་ཀྱིས་གཏན་ལ་ཕབ་པའི་ཆོས་ཉིད་ཀ་དག་གི་གདངས་དེ་ལ་མཁྱེན་ཆ་དང་ཡོན་ཏན་གྱི་ཚོགས་རང་བཞིན་ལྷུན་གྱིས་གྲུབ་པར་གནས་པ་ཆོས་ཅན་སྣང་བ་བཞིའི་ཉམས་ལེན་དང་མི་འབྲལ་བ་ནི་ལྷུན་གྱིས་གྲུབ་པའི་དམ་ཚིག་དང་། དམ་ཚིག་དང་དམ་ཚིག་མ་ཡིན་པ་དང་། སྡོམ་པ་དང་སྡོམ་པ་མ་ཡིན་དང་། དངོས་པོ་དང་དངོས་པོ་མེད་པ་དང་། སྐྱེ་བ་དང་འགག་པ་དང་། ཡོད་པ་དང་མེད་པ་དང་། འཁྲུལ་བ་དང་མ་འཁྲུལ་བ་ལ་སོགས་པ་བློ་དང་སྙམ་བྱེད་ཀྱིས་འཇལ་བའི་ཕོ་ཚོད་ཀྱི་རྟོག་པ་ཐམས་ཅད་བློས་མཚོན་ཐབས་བྲལ་བའི་ཆོས་ཉིད་གཅིག་ཏུ་གནས་གྱུར། བལྟས་པས་མཐོང་དུ་མེད་པས་རང་བཞིན་གཅིག་ཏུ་གནས་གྱུར། ཚིག་གིས་མཚོན་པ་དང་བྲལ་བའི་ཡེ་ཤེས་གཅིག་དུ་གནས་གྱུར་པས་གཡོ་མེད་ཐིག་ལེ་ཉག་གཅིག་ཏུ་བཟླུམས་པ་ནི་གཅིག་པུའོ། །དེ་ནི་ཐོད་རྒལ་གྱི་དམ་ཚིག་ལྷུན་གྲུབ་དང་། གཅིག་པུ་གཉིས་སོ། །དེ་ལྟ་བུའི་རྟོགས་པ་དང་ལྡན་པའི་རྣལ་འབྱོར་བ་དེའི་ཤེས་རྒྱུད་ལ་བསོད་ནམས་མ་ཡིན་པ་འདུ་མི་བྱེད་པའི་ཕྱིར་དང་། འདས་ཉམས་ཀྱི་མཁན་པོ་མེད་པའི་ཕྱིར་ངོ་བོ་ཉིད་ཀྱི་བཞུགས་ཚུལ་གྱི་གདེང་རྙེད་པས་དེ་ལྟ་བུའི་སྲུང་མཚམས་དང་བྲལ་བའི་ཆོས་ཉིད་ལ་དམ་ཚིག་ཅེས་ངོ་བོའི་ཆ་ནས་བཞག་པའོ། །འོན་ཀྱང་དེའི་ཚད་དུ་མ་ཐོན་པས་སྐད་ཆ་མཐོ་སྙེགས་བྱས་ནས་བཤད་ཀྱང་ལྟ་སྤྱོད་ཡ་བྲལ་ན་མི་རུང་ངོ་། །དེས་ན་ཨོ་རྒྱན་ཆེན་པོས། མ་འོངས་པ་ན་ཚིག་གི་གདེང་ནི་ཤེས་ལ་ལྟ་བའི་གདེང་མ་རྙེད་པ་མང་པོ་ངན་སོང་དུ་འགྲོ་ཞེས་གསུངས་པས་ལྟ་སྤྱོད་ཟུང་དུ་འབྲེལ་བ་ནི་ཤིན་ཏུ་གལ་ཆེའོ།།

ཆ༽ སྲུང་ཐབས་བསྟན་པ།

ཀ གཏན་ནས་མི་ཉམས་པར་སྲུང་བ་རྡོ་རྗེ་རྒྱལ་པོའི་ལུགས་བཤད་པ།

དྲུག་པ་སྲུང་ཐབས་ལ་གཉིས་ཏེ། གཏན་ནས་མི་ཉམས་པར་སྲུང་བ་རྡོ་རྗེ་རྒྱལ་པོའི་ལུགས་དང༌། ཉམས་ན་ཕྱིར་བཅོས་ཀྱིས་སྲུང་བ་རིན་ཆེན་བུམ་བཟང་གི་ལུགས་སོ། །དང་པོ་ནི་སྐྱེས་བུ་དམ་པ་རྣམས་ཀྱི་ལུགས་ཏེ་ཕན་ཡོན་དང་ཉེས་དམིགས་མཐོང་བ། ངོ་ཚ་དང་ཁྲེལ་ཡོད་ཆེ་ལ། དྲན་པ་དང་ཤེས་བཞིན་དག་པས་སྤང་བླང་ངེས་པའི་མཚམས་ལས་མི་འདའ་བར་རབ་ཏུ་བརྟན་པོས་སྲུང་བ་སྟེ། རང་ཤར་ལས། དམ་ཚིག་ལ་ནི་ཇི་བཞིན་གནས། །བསྐལ་བ་ཞིག་ཀྱང་མི་གཏོང་ན། །དམ་ཚིག་ཆེན་པོའི་སྲུང་ཐབས་སོ། །ཞེས་སོ། །སྐྱེས་བུ་དམ་པ་སྔགས་ལ་ཞུགས་པའི་བརྟུལ་ཞུགས་བཟང་པོ་ཉམས་པ་མེད་པ་དྲན་པ་དང་ཤེས་བཞིན་གྱིས་ཟིན་པའི་གང་ཟག་ཉེས་ལྟུང་ཆ་དང་བཅས་པས་མ་གོས་པ་ཕན་ཡོན་དང་ཉེས་དམིགས་མཐོང་བས་ཉེས་སྐྱོན་གྱིས་གཏན་ནས་མ་གོས་པའོ།།

ཁ ཉམས་ན་ཕྱིར་བཅོས་ཀྱིས་སྲུང་བ་རིན་ཆེན་བུམ་བཟང་གི་ལུགས་བཤད་པ།

གཉིས་པ་ནི། སྐྱེས་བུ་བར་མ་ཁ་ཅིག་གི་ལུགས་ཏེ། ཉམས་པའི་ཉེས་པས་འཇིགས། བསྲུངས་པའི་ཕན་ཡོན་ལ་བྲོད་པའི་ཚུལ་གྱིས་ཕྱིར་བཅོས་པས་སོར་ཆུད་པར་བྱེད་པའོ། །དེའང་ཉན་ཐོས་ཀྱི་སྡོམ་པ་ནི་རྫ་བེའུ་ཆག་པ་ལྟར་གསོར་མི་རུང་བ་དང༌། བྱང་ཆུབ་སེམས་དཔའི་སྡོམ་པ་རྫ་སྣོད་དངོས་ཆག་པ་ལྟར་སྦྱར་དུ་ཡོད་པ་ཙམ་ལས། གསང་སྔགས་ཀྱི་སྡོམ་པ། རིན་པོ་ཆེའི་སྣོད་ཞོམ་པ་བསྲང་དུ་ཡོད་པ་ལྟར་བསྐང་བས་སོས་པ་ནི་ཆེས་འཕགས་པར་བསྟན་པ་ཡིན་ནོ། །དེ་ཡང་སྡོམ་རྒྱུན་གཅིག་པོ་དེ་ལ་བརྩི་བ་ཡིན་གྱི། ཕྱིས་ལེན་དགོས་ན་མ་སོས་པ་ཞེས་བྱ་སྟེ། གཞི་ནས་ལེན་དགོས་པར་བྱུང་བའི་ཕྱིར་རོ། །སྔགས་ནི་གསོ་བ་ཙམ་ལས་གཞི་ནས་བཅོས་དགོས་པ་མ་ཡིན་པས་འབད་ན་ཚེ་གཅིག་གིས་གྲོལ་བའི་གནད་དེ་ཡིན་ཏེ། གཞན་དུ་ན་སྒྲིབ་པ་དེ་གྲོལ་དུ་མི་སྟེར་བའི་ཕྱིར་རོ། །དམ་ཚིག་གི་སྲུང་ཐབས་འདི་ལ། ཚིག་དོན་གྱི་གནས་ཤེས་པ་དང་། དབང་དང་མན་ངག་གི་སྐབས་ཤེས་པ་ལ་སོགས་པ་ཤེས་པ་བཅུ་གསུངས་ཀྱང་གཙོ་བོར་སྐྱོན་ཡོན་གྱི་དབྱེ་མཚམས་ཤེས་ནས་དྲན་པ་དང་ཤེས་བཞིན་དག་པ་ཞིག་གིས་རྒྱུད་སྡོམ་པ་ནི་གནད་ཆེའོ། །སྐྱེས་བུ་རབ་ཀྱིས་དམ་ཚིག་ཉམས་མི་ཤོར་བ་གོང་ནས་གསུངས་པ་ལྟར་ལ། དབང་པོ་འབྲིང་གིས་སོ་སྐྱེ་ཡིན་པའི་དབང་གིས་ཉེས་པ་འབྱུང་སྲིད་པ་ཡིན་ཡང་། འགལ་ཉམས་ཀྱི་ཚེ་ཉམས་པ་ལ་འཇིགས་པ་དང་། བསྲུངས་པའི་ཕན་ཡོན་ལ་སྤྲོ་བས་ཕྱིར་བཅོས་ཀྱིས་སོར་ཆུད་པར་བྱ་དགོས། སོར་ཆུད་པར་བྱ་ཚུལ་ལ་དམ་ཚིག་གི་རྣམ་གཞག་སོ་སོའི་འདའ་ཉམས་ཀྱི་ཁྱད་ཤེས་པར་བྱས་ནས་བཤགས་དགོས། འདི་ལ་ངོ་བོའི་འདའ་ཉམས་དང་དུས་ཀྱི་འདའ་ཉམས་གཉིས་ཡོད་པ་ལས། ངོ་བོའི་འདའ་ཉམས་གཞུང་ནས་ལུང་གིས་གསལ་བ་ལྟར་ལ། དུས་ཀྱི་འདའ་ཉམས་ནི། དམ་ཚིག་ཉམས་པ་གཅིག་ལའང་དུས་ཅི་ཙམ་རིང་བཞིན་ལྕི་རུ་འགྲོ་བ་ཡིན་པས། དེ་ལ་འགལ་ཉམས་འདས་རལ་བཞིར་དབྱེར་ཡོད་ཅིང་། འགལ་བ་ནི་ཉམས་པའི་འགལ་བ་སྟེ། དམ་ཚིག་ཉམས་པའི་ཉེས་པ་ཞག་གིས་བར་མ་ཆོད་པའོ། །ཟླ་བས་བར་མ་ཆོད་པ་ནི་ཉམས་པའོ། །ལོས་བར་མ་ཆོད་པ་འདས་པའོ། །ལོ་གསུམ་འདས་ན་རལ་བ་གསོ་རུ་མི་རུང་བའོ། །འདི་ནས་སོ་བྱང་སྔགས་གསུམ་གྱི་སྡོམ་པའི་ནང་ནས་སྔགས་ནི་གསོ་བ་ཙམ་མ་གཏོགས་གཞི་ནས་བཅོས་མི་དགོས་པའི་གནད་ཀྱིས་ཁྱད་པར་འཕགས་པས་ཚེ་གཅིག་ལ་གྲོལ་བའི་གནད་ཀྱང་དེས་སོ། །སྔགས་ཀྱི་དཀྱིལ་འཁོར་ལ་ཞུགས་པ་ཙམ་གྱིས་སྡོམ་གསུམ་ཆིག་རྫོགས་སུ་འགྱུར་རམ་ཞེ་ན། དབང་དུས་སུ་མཉམ་པ་ཆེན་པོའི་ཤེས་རབ་མཐོང་བའི་རིགས་ཅན་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ལྟ་བུ་ལ་དེ་ལྟར་ཡིན་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྡོམ་པའི་མཚན་ཉིད་ཇི་ལྟ་བ་བཞིན་དབང་གི་སྐབས་སུ་ཐོབ་པ་ཡིན་ནོ། །དེ་ལས་གཞན་དུ་དཀའ་འོ། །དེ་ལ་སྦྱང་བའི་ཐབས་ནི། རང་ཤར་ལས། སློབ་དཔོན་དམ་ཚིག་ལས་ཉམས་ན། །ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་བྱ། །རྡོ་རྗེའི་མཆེད་ལ་དེ་བཞིན་ནོ། །ཞེས་པ་དང༌། དེ་ཡང་སྦྱང་ཐབས་འདི་ལྟ་སྟེ། །མར་མེ་བརྒྱ་རྩའི་ཆོ་ག་དང༌། །སྤོང་སྐོང་བརྒྱ་རྩ་འདོན་པ་དང༌། །བཤགས་པ་རྣམ་པ་སྣ་ཚོགས་བྱ། །ཞེས་པ་དང༌། སློབ་དཔོན་མཉེས་པའི་རྫས་ཀྱིས་མཆོད། །འབྱོར་ཚོགས་ཅི་ཡོད་འཕགས་པ་མཆོད། །ཅེས་སོ། །དེའང་སློབ་མའི་དབང་དུ་བྱས་པ་ཡིན་གྱི། སློབ་དཔོན་གྱིས་ཉམས་ན་བཅོས་ཐབས་མེད་དེ་བཤགས་པའི་རྟེན་དེ་ཉིད་ཉམས་པའི་ཕྱིར་དཔོན་སློབ་གཉིས་ཀ་ལ་གནོད་ལ། སློབ་མས་ཉམས་ན་བཅོས་ཐབས་ཡོད་དེ་སློབ་དཔོན་དེ་ལ་བརྟེན་ནས་བཤགས་སུ་ཡོད་པའི་ཕྱིར་དང༌། སློབ་དཔོན་ལ་མི་གནོད་དེ་རྟེན་གོང་འོག་གི་ཁྱད་ཞུགས་པའི་ཕྱིར་རོ། །དེ་སྐད་དུའང་རང་ཤར་ལས། དཔོན་གྱིས་ཉམས་ན་སྦྱང་ཐབས་མེད། །གཉིས་ཀ་ངུ་འབོད་ཆེན་པོར་སྐྱེ། །སློབ་མས་ཉམས་ན་སྦྱང་ཐབས་ཡོད། །གསུང་རབ་རྒྱ་ཆེན་བཀླག་པ་དང༌། །ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར། །འཁོར་གསུམ་ཡོངས་དག་བྱ་བར་གསུངས། །ཞེས་སོ། །བཤགས་པས་འདག་པར་ཡང་དེ་ཉིད་ལས། དེ་ལྟར་བཤགས་པ་བྱས་གྱུར་ན། །བསམ་པ་ཐམས་ཅད་འགྲུབ་པར་འགྱུར། །འདོད་པ་ཐམས་ཅད་སྐོང་བར་འགྱུར། །བྱ་བ་ཐམས་ཅད་རྫོགས་པར་འགྱུར། །ཞེས་པ་དང༌། སྔར་ལྟས་དེ་ལྟར་བྱུང་བ་དང༌། །གོང་དུ་བསྟན་པའི་བཤགས་པ་བྱ། །བྱས་ན་ཟློག་པའི་དངོས་གྲུབ་འབྱུང༌། །ཞེས་སོ། །དེའང་ཐུན་མོང་བའི་དབང་དུ་བྱས་པ་ཡིན་གྱི། རྡོ་རྗེའི་སློབ་དཔོན་ལ་སློབ་མས་ཉམས་པ་དེ་ནི་བཤགས་པ་ལས་བསྲབས་པ་ཙམ་ལས་གཟུགས་བརྙན་ཅིས་ཀྱང་མྱོང་དགོས་པར་བཤད་དེ། དམ་ཚིག་གསང་བ་མཆོག་གི་རྒྱུད་ལས། རྡོ་རྗེ་སློབ་དཔོན་སྨོད་པའི་མི། །བཤགས་ཀྱང་ལས་ཀྱི་ལྷག་མ་ཡིས། །ངན་སོང་གནས་སུ་འཚེད་པར་འགྱུར། །དེ་བས་འབད་དེ་བསྲུང་བར་བྱ། །ཞེས་སོ། །དེ་ལྟར་ན་སྤྱིར་སྡོམ་ཁྲིམས་ཡོན་ཏན་གྱི་གཞིར་བཤད་པས་མ་ཉམས་ཤིང་གཙང་བ་དགོས་ཏེ། བཤེས་སྤྲིང་ལས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་གཞི་རྟེན་ལགས་པར་ཐུབ་པས་གསུངས། །ཞེས་བཤད་ལ། ཁྱད་པར་དུ་གསང་སྔགས་ཀྱི་ཐེག་པའི་གཞི་དམ་ཚིག་གཙང་མ་ཁོ་ན་ཡིན་པས་རྣམ་དག་སྲུང་བ་འདི་གལ་ཆེ་སྟེ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། རྡོ་རྗེ་ཐེག་པའི་དམ་ཚིག་ནི། །དཔེར་ན་ས་གཞི་ལྟ་བུའོ། །ཐམས་ཅད་འབྱུང་བྱེད་གཞི་མ་མཆོག ཅེས་སོ། །དམ་ཚིག་བསྲུངས་པའི་ཕན་ཡོན་ནི། ཕར་ཕྱིན་ཐེག་པའི་སྐབས་ནས་བསྐལ་བ་གྲངས་མེད་གསུམ་ལ་སོགས་པར་འབད་ནས་ཐོབ་པའི་སངས་རྒྱས་དེ་གསང་སྔགས་ཀྱི་སྐབས་སུ་ཐབས་ཟབ་མོས་ཚེ་གཅིག་ལ་སོགས་པར་དུས་ཐུང་ངུས་འགྲུབ་པར་གསུངས་པ་ཡང་། རྩ་བ་དམ་ཚིག་ལ་རག་ལས་པས་རྟེན་གཞི་དམ་ཚིག་ཉམས་སོང་ན་འབྲས་བུ་དབང་དང་བསྐྱེད་རྫོགས་ལས་བྱུང་བའི་ཡོན་ཏན་ཐམས་ཅད་མི་འཐོབ་པ་ནི། ས་ལ་མ་བརྟེན་ན་ས་བོན་ཡོད་ཀྱང་འབྲས་བུ་མི་འབྱུང་བ་ལྟར་རོ། །དེས་ན་དམ་ཚིག་རྣམ་པར་དག་པར་བསྲུངས་ན། གནས་སྐབས་སུ་བསམ་དོན་འགྲུབ་པ་དང་། ཐུན་མོང་གི་གྲུབ་པ་མཁའ་སྤྱོད། རལ་གྲི། རིལ་བུ་ལ་སོགས་པ་ཐུན་མོང་གི་དངོས་གྲུབ་གྲུབ་པ་བརྒྱད་ཐོབ་པ་དང་། མཐར་ཐུག་རྒྱལ་བ་སྲས་དང་བཅས་པས་དགོངས་ནས་ཐབས་བརྩོན་ཤེས་རབ་དང་ལྡན་ན་ཚེ་འདིར་གྲོལ་བ་ཐོབ་པའོ། །དེ་ལྟར་དབང་དང་དམ་ཚིག་གི་རྣམ་གཞག་འདི་དག་གསང་བ་རྒྱལ་པོའི་རྒྱུད་གང་ལས་ཤེ་ན། རྫོགས་པ་རང་བྱུང་དང༌། སྙིང་གི་མེ་ལོང་དང༌། རྩལ་རྫོགས་དང༌། རང་ཤར་རྣམས་ལས་བསྐྱར་རྒྱུ་དང་བསྲུང་རྒྱུ་ཡོད་པར་གསུངས། ནོར་བུ་ཕྲ་བཀོད་ལས་ཡོད་མེད་ཕྱེད་མར་གསུངས། ཐལ་འགྱུར་དང་མུ་ཏིག་ཕྲེང་བ་དང་རིན་ཆེན་སྤུངས་པ་ལས་མེད་པར་གསུངས་ཟེར་ཡང༌། ཐལ་འགྱུར་ལས། བཞི་ཀ་དག་བསྟན་ཏེ་འོན་ཀྱང་ཤིན་ཏུ་སྤྲོས་པ་མེད་པ་བརྡ་མཚོན་པ་གཙོ་བོར་གསུངས་པ་ཡིན་ནོ།།

༼ག༽ ཡོངས་སུ་གྲོལ་བྱེད་གདམས་པའི་རིམ་པ།

༼ཀ དོན་གྱི་འབྲེལ་དགོད་པ།

སྤྱི་དོན་གསུམ་པ་ཡོངས་སུ་གྲོལ་བྱེད་གདམས་པའི་རིམ་པ་རྒྱ་ཆེར་བཤད་པ་ལ་གསུམ་སྟེ། དོན་གྱི་འབྲེལ་དགོད་པ། ཉམས་སུ་བླང་ཚུལ་ངེས་པ། གདམས་པ་དངོས་གཏན་ལ་དབབ་པའོ། །དང་པོ་ནི། རིག་པ་རང་གྲོལ་ལས། དབང་བསྐུར་དཀྱིལ་འཁོར་རྫོགས་ནས་ནི། །གདམས་ངག་རྒྱས་པར་གདབ་པར་བྱ། །ཞེས་པ་དང༌། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། དེ་ལྟར་དབང་རྣམས་རྫོགས་ནས་ནི། །གོང་དུ་བསྟན་པའི་གདམས་ངག་གདབ། །ཅེས་སོ། །དེ་ཡང་དབང་མ་ཐོབ་པར་གསང་སྔགས་ཀྱི་གདམས་པ་བསྟན་དུ་མི་རུང་སྟེ། སྣོད་མ་ཡིན་པ་ལ་གསང་བ་བསྟན་པའི་ཉེས་པ་འབྱུང་བའི་ཕྱིར་དང༌། གྲོལ་བར་བྱེད་པའི་སྔོན་དུ་སྨིན་དགོས་པ་ལས། མ་སྨིན་པ་དེ་གྲོལ་བར་མི་ནུས་པའི་ཕྱིར་ཏེ། འབྲས་མ་སྨིན་པ་རྩ་འུས་བརྟོལ་ཀྱང་མི་ཕན་གྱི་སྟེང་དུ་སླར་གནོད་པ་བཞིན་ནོ། །སྤྱིར་གསང་སྔགས་གང་ཉམས་སུ་ལེན་ཀྱང་སྔོན་དུ་དབང་འགྲོ་དགོས་ལ། ཁྱད་པར་དུ་རྫོགས་པ་ཆེན་པོ་འདིའི་ལུགས་ལ་དབང་མེད་དུ་མི་རུང་བའི་ཕྱིར་དབང་རྫོགས་པ་འདི་གནད་གལ་པོ་ཆེ་ཡིན་ནོ། །དབང་མ་བསྐུར་བར་འདིའི་གདམས་པ་བཤད་པས་གསང་སྒོ་འཆོལ་ནས་སྔར་ཡང་ཁ་ཅིག་ལ་བཀའ་ཆད་བྱུང་བའི་ལོ་རྒྱུས་དུ་མ་ཡོད་པས་ཕྱི་རབས་སུ་དེ་ལྟར་མི་བྱ་བར་སྔོན་དུ་དབང་བསྐུར་བ་ལ་གཅེས་སྤྲས་སུ་བྱའོ། །དབང་བསྐུར་བའི་ཕན་ཡོན་དང་ཇི་ལྟར་དབང་བསྐུར་བ་རྣམས་གོང་དུ་སོང་བ་ལྟར་རོ།།

༼ཁ ཉམས་སུ་བླང་ཚུལ་ངེས་པ།

གཉིས་པ་ལ་གཉིས་ཏེ། སྤྲང་པོའི་ཚུལ་གྱིས་བསྒྲུབ་པ་དང༌། རི་དྭགས་ཀྱི་ཚུལ་གྱིས་བསྒྲུབ་པའོ། །དང་པོ་ནི་མི་ངོ་མི་ཤེས་པའི་ཡུལ་དུ་ཐ་མལ་བ་ལྟར་བརྫུས་ནས་འཚོ་བ་དང་གོས་སློང་མོ་ལ་བརྟེན་ཏེ་ཅི་ཤེས་ཆ་མེད་པར་བསྒྲུབ་པའོ། །འདིའི་དུས་སུ་རང་གི་ཡོན་ཏན་གཞན་ལ་མི་ངོམ་པ་ནི་ཞེ་འདོད་མེད་པའི་རྟགས་ཡིན་ལ། གཞན་གྱི་ཆོས་དང་བླ་མ་དང་ངོ་མཚར་གྱི་གྲུབ་རྟགས་སོགས་མི་འདྲི་ཞིང་མཐོང་ཡང་ཡིད་མི་སྨོན་པ་ནི་རང་གི་མན་ངག་ལ་ཡིད་ཆེས་པའི་རྟགས་ཡིན་ནོ། །རི་དྭགས་ཀྱི་ཚུལ་གྱིས་བསྒྲུབ་པ་ནི་དུར་ཁྲོད་དམ་རི་ངོགས་སམ་ལུང་སྟོང་དུ་སོང་ནས་བྱ་བ་གསུམ་བཏང་ལ་བསྒྲུབ་པའོ། །དེ་ཡང་ཕྱི་ཡུལ་གྱི་བྱ་བ་བྲེལ་དོ་སྣ་ཚོགས་རྣམས་བཏང་ལ་དལ་བར་བསྡད་པས་རྩ་དལ། རྩ་དལ་བས་རླུང་སེམས་རང་བཞིན་གྱིས་དལ་བས་རྣམ་རྟོག་ངང་གིས་འགག་པའོ། །ངག་གི་བྱ་བ་སྨྲ་བརྗོད་བྲལ་ཏེ་མི་སྨྲ་བར་འདུག་པས་བརྗོད་དུ་མེད་པའི་དོན་རང་བཞིན་གྱིས་རྒྱུད་ལ་སྐྱེ་བའོ། །སེམས་ཀྱི་བྱ་བ་རྣམ་རྟོག་སྣ་ཚོགས་སུ་འཕྲོ་བའི་རྗེས་སུ་སེམས་མི་གཏོང་བར་ངང་གིས་རྟོག་མེད་དུ་གཞག་པའོ། །དེ་སྐད་དུའང་ཐལ་འགྱུར་ལས། དད་ལྡན་འཁོར་བའི་ཡིད་བྲལ་བས། །བླ་མ་མཆོད་དང་གཏོང་བ་བྱ། །འཁོར་བའི་འབྲེལ་བ་ཀུན་སྤངས་ནས། །གྲོགས་སྤངས་གཅིག་པུར་གནས་པར་བྱ། །ཞེས་སོ། །མདོར་བསྡུས་ན་རྫོགས་པ་ཆེན་པོའི་སྣོད་དུ་རུང་བ་དེ་སྔར་དབང་གི་སྐབས་སུ་བཤད་པར་ལྟར་བླ་མར་གུས་ཤིང་གཏོང་ཕོད་ཆེ་བ་དད་དང་ཤེས་རབ་བརྩོན་འགྲུས་ལྡན་པ་ལ་སོགས་པ་ཡོན་ཏན་བརྒྱད་ལྡན་ཞིག་ཡིན་དགོས་པ་དང་། ཁྱད་པར་དུ་བསྟན་པའི་སྲོག་འཛིན་བྱེད་མཁན་དེ་རྟགས་མཚན་མི་འདྲ་བ་ཡོད་པར་གསུངས་པ་དང་དེ་འདྲའི་གང་ཟག་དེས་ཇི་ལྟར་ཉམས་སུ་ལེན་པའི་རིམ་པ་ལ་སྤྲང་པོའི་ཚུལ་གྱིས་སྒྲུབ་པ་དང་། རི་དྭགས་ཀྱི་ཚུལ་དུ་སྒྲུབ་པ་དང་གཉིས་ལས། དང་པོ་ནི། ཕ་ཡུལ་རྒྱབ་ཏུ་བསྐྱུར། མི་ཡུལ་དང་དུ་བླངས། མིང་གི་གྲགས་པ་དང་རིགས་ཀྱི་རྒྱུད་པ་དང་ཡོན་ཏན་ལ་སོགས་པ་ངོ་མི་ཤེས་པར་བྱས་ཏེ། ཐ་མལ་དུ་བརྫུས་ནས། འཚོ་བ་སློང་མོ་ལ་བརྟེན་ཞིང་། ས་ཕུག་རི་ཕུག་ནས་སྒོམ་པ་དེ་ཡིན། དེས་ཞེ་འདོད་མེད་པ་དང་རང་གི་མན་ངག་ལ་ཡིད་ཆེས་པ་མཚོན་པའོ། །རི་དྭགས་ཀྱི་ཚུལ་གྱིས་སྒྲུབ་པ་ནི། རབ་ཏུ་དབེན་པའི་རི་ངོགས་དང་། གངས་ཁྲོད། རྫ་ཁྲོད། གཡའ་སྤང་ལ་སོགས་པ་ནས་བྱ་བ་དགུ་ཕྲུགས་སུ་བཏང་ནས་སྒྲུབ་པར་བྱེད་པའོ། །དེའི་དགོས་པ་ནི་རྩ་དལ་བ་ལ་སོགས་པ་དབེན་པ་བསྟེན་པའི་ཡོན་ཏན་རྐྱང་བ་ཡང་བསམ་གྱིས་མི་ཁྱབ་བོ། །དཔལ་སྤྲུལ་ཚང་གིས། ཐུབ་པས་བསྔགས་པའི་དབེན་པའི་རི་ཁྲོད་དུ། །རྒྱལ་དང་རྒྱལ་སྲས་དྲང་སྲོང་ཆེ་རྣམས་བསྟེན། །ཡོན་ཏན་ཀུན་གྱི་འབྱུང་གནས་རིན་པོ་ཆེ། །གནས་འདི་བསྟེན་ལ་ཐར་ལམ་ཉེ་བ་ཡིན། །ཞེས་གསུངས་པ་ལྟར་རོ།།

༼ག གདམས་པ་དངོས་གཏན་ལ་དབབ་པ།

ཀ༽ དམིགས་པ་ཡུལ་གྱི་བློ་ཅན་གྱིས་ཉམས་སུ་བླང་བའི་རིམ་པ་བསྟན་པ།

ཀ རྣམ་གྲངས་ངེས་པའི་དོན་སྤྱིར་བསྟན་པ།

གསུམ་པ་གདམས་པ་དངོས་གཏན་ལ་དབབ་བ་ལ་དོན་རྣམ་པ་གཉིས་ཏེ། དམིགས་པ་ཡུལ་གྱི་བློ་ཅན་གྱིས་ཉམས་སུ་བླང་བ་དང༌། རིག་བ་རང་སྣང་བའི་བློ་ཅན་གྱིས་ཉམས་སུ་བླང་པའོ། །དང་པོ་ནི། དེའང་རིན་པོ་ཆེ་སྤུངས་པ་ལས། འདི་དག་བློ་རིམ་རྣམ་གཉིས་ཀྱིས། །དོན་གྱི་ངོ་བོ་ཉམས་སུ་བླང༌། །དམིགས་པ་ཡུལ་ཅན་བློ་རྣམས་ལ། །སྒོམ་དང་བསྒོམ་བྱའི་ཆོས་ཀུན་བསྟན། །རིག་པ་རང་སྣང་བློ་ཅན་ལ། །ལྟ་བའི་ཐབས་རྣམས་གཅིག་ཏུ་བསྟན། །ཞེས་སོ། །སྤྱིར་ན་རྫོགས་པ་ཆེན་པོ་བསྟན་པའི་སྣོད་དེ་གང་ཟག་དབང་རྣོན་ཡིན་པས་སྔོན་སྦྱངས་ཀྱི་ལས་འཕྲོ་ཅན་ཤ་སྟག་ཡིན་ཡང་། དེའི་ནང་དུ་དབང་པོ་རྣོ་རྟུལ་གཏན་ནས་མེད་པ་མིན་པས། ཅུང་རྟུལ་པོ་ཅན་ནི་སྣང་བ་ཡུལ་གྱི་བློ་ཅན་ཡིན་ལ་དེ་ལ་ཐོག་མར་ལྟ་བའི་ཐབས་དངོས་ལས་གཞན་པའི་སྒོམ་དང་བསྒོམ་བྱའི་ཆོས་རྣམས་བསྟན་དགོས་སོ། །གཉིས་པ་ལ་གཉིས་ཏེ། རྣམ་གྲངས་ངེས་པའི་དོན་སྤྱིར་བསྟན་པ་དང༌། །རྣམ་དབྱེ་ངེས་པའི་གནས་སོ་སོར་བཤད་པའོ། །དང་པོ་ནི་རིན་པོ་ཆེ་སྤུངས་པའི་རྒྱུད་ལས། དེ་རིམ་བྱེ་བྲག་འདི་ལྟ་བུ། །ཁྲིག་ཆགས་ཉིད་དུ་ཉམས་སུ་བླངས། །བདག་པོ་བཞི་ཡི་ཚུལ་གྱིས་ནི། །དོན་གྱི་ངོ་བོ་བཞི་ཡང་བཟུང༌། །དེ་ཡི་ཡུལ་རིག་རྣམ་བཞི་ཡིས། །འདི་ལྟར་སྣང་བའི་སྐྱེ་རྒྱུན་གཅོད། །གཞག་ཐབས་མན་ངག་རྣམ་བཞི་ཡིས། །རིག་པ་རྟེན་མེད་གནས་སུ་གཞག །དེ་དོན་དགོངས་པ་རྣམ་བཞི་ཡིས། །སྣང་སྲིད་ཆོས་རྣམས་གདར་ཤ་གཅད། །དུས་ཚོད་གང་ཟག་རྣམ་བཞི་ཡིས། །ཆོས་རྣམས་ཀུན་ལ་རང་བྱིན་ལ། །དག་ལུགས་གྲོལ་བའི་གནད་བཞི་ཡིས། །ཉོན་མོངས་རྣམས་ལ་རང་དབང་བསྒྱུར། །དེ་ཡིས་རང་གི་ཚད་འབེབས་པའི། །དཔེ་བཞི་ཡིད་ཆེས་རང་ངོ་བསྟན། འདི་ལ་གོམས་པར་སུས་བྱས་པ། །ཡེ་ཤེས་ཆོས་ཀུན་ཕུགས་སུ་ཟིན། །གསང་ཆེན་ཕྱག་རྒྱ་ཆེན་པོ་ཐོབ། །ཅེས་རྣམ་གྲངས་ཉི་ཤུས་བསྟན་ཏོ།།

ཁ རྣམ་དབྱེ་ངེས་པའི་གནས་སོ་སོར་བཤད་པ།

༼༡༽ སྤྱོད་པ་རྒྱུན་གྱི་རྣལ་འབྱོར་བཤད་པ།

༼༡ སྤྱོད་པའི་ངོ་བོ་སྤྱིར་བསྟན་པ།

གཉིས་པ་ནི། དེ་དག་གི་ངོར་ལྟ་སྒོམ་སྤྱོད་འབྲས་བཞིར་བསྡུས་ནས་ཉམས་སུ་ལེན་པ་སྟེ། ནོར་བུ་ཕྲ་བཀོད་ལས། སྤྱོད་པ་རྒྱུན་གྱི་རྣལ་འབྱོར་དང༌། །སྒོམ་པ་རྒྱུན་གྱི་རྣལ་འབྱོར་དང༌། །ལྟ་བ་རྒྱུན་གྱི་རྣལ་འབྱོར་དང༌། །འབྲས་བུ་རྒྱུན་གྱི་རྣལ་འབྱོར་རོ། །ཞེས་གསུངས་པས། སྤྱོད་པ་རྒྱུན་གྱི་རྣལ་འབྱོར། སྒོམ་པ་རྒྱུན་གྱི་རྣལ་འབྱོར། ལྟ་བ་རྒྱུན་གྱི་རྣལ་འབྱོར། འབྲས་བུ་རྒྱུན་གྱི་རྣལ་འབྱོར་དང་བཞི་ལས། དང་པོ་ལ་གཉིས་ཏེ། སྤྱོད་པའི་ངོ་བོ་སྤྱིར་བསྟན་པ་དང༌། སྐབས་ཀྱི་དོན་ངོས་གཟུང་བའོ། །དང་པོ་ནི། ཉི་ཟླ་ཁ་སྦྱོར་ལས། རྣལ་འབྱོར་དོན་ལ་སུ་སྦྱོར་བ། །སྤྱོད་པ་འདི་རྣམས་གོམས་པར་བྱ། །བུང་བ་ལྟ་བུའི་སྤྱོད་པ་ཡིས། །ཆོས་རྣམས་ཀུན་གྱི་རོ་མྱང་བྱ། །རི་དྭགས་ལྟ་བུའི་སྤྱོད་པ་ཡིས། །འཁྲུལ་བའི་རྐྱེན་གྱུར་ཡུལ་རྣམས་སྤང༌། །ལྐུགས་པ་ལྟ་བུའི་སྤྱོད་པ་ཡིས། །འཁྲུལ་བའི་ངག་རྣམས་རྣམ་པར་སྤང༌། །ཐི་བྱ་ལྟ་བུའི་སྤྱོད་པ་ཡིས། །གསང་བའི་སྔགས་ཀྱི་ཐེ་ཚོམ་གཅད། །སྨྱོན་པ་ལྟ་བུའི་སྤྱོད་པ་ཡིས། །གཅིག་ཏུ་གནས་པའི་ཡུལ་རྣམས་སྤང༌། །སེང་གེ་ལྟ་བུའི་སྤྱོད་པ་ཡིས། །འཇིགས་པའི་སེམས་སྤང་དུར་ཁྲོད་རྒྱུ། །ཁྱི་ཕག་ལྟ་བུའི་སྤྱོད་པ་ཡིས། །གཙང་དང་སྨེ་བའི་གཙང་རྟོག་སྤང༌། །ལྡོམ་བུ་ལྟ་བུའི་སྤྱོད་པ་ཡིས། །དྲན་བསམ་ཐོག་བབས་ཉིད་དུ་གཅད། །བུ་ཆུང་ལྟ་བུའི་སྤྱོད་པ་ཡིས། །འཁྲུལ་བའི་ཞེན་པ་རྒྱུན་རིང་སྤང༌། །རྔ་བོང་ལྟ་བུའི་སྤྱོད་པ་ཡིས། །འཇིག་རྟེན་མཐུན་པའི་ཚིག་གིས་དྲང༌། །གླང་ཆེན་ལྟ་བུའི་སྤྱོད་པ་ཡིས། །འཁོར་བའི་གཡུལ་རྣམས་གཏིང་ནས་བཟློག །རི་དྭགས་ལྟ་བུའི་སྤྱོད་པ་ཡིས། །བུ་དང་དགྲ་ཡི་འདུ་ཤེས་སྤང༌། །རྒྱ་མོ་ལྟ་བུའི་སྤྱོད་པ་ཡིས། །འདོད་པ་ཆོག་ཤེས་དུས་ཚོད་གཅད། །དྲེའུ་མོ་ལྟ་བུའི་སྤྱོད་པ་ཡིས། །འཁོར་བའི་ས་བོན་སྤེལ་མི་བྱ། །བྲམ་ཟེ་ལྟ་བུའི་སྤྱོད་པ་ཡིས། །གཞན་གྱི་ལོངས་སྤྱོད་ཟས་རྣམས་སྤང༌། །དཔའ་བོ་ལྟ་བུའི་སྤྱོད་པ་ཡིས། །འཁོར་འདས་རྣམས་ཀྱི་རུ་ཤན་དབྱེ། །ཆུ་མིག་ལྟ་བུའི་སྤྱོད་པ་ཡིས། །དྲན་བའི་རྟེན་ཉིད་རང་སར་བཞག །ནམ་མཁའ་མདུང་བསྐོར་སྤྱོད་པ་ཡིས། །དངོས་པོ་རྣམས་ལ་ཟང་ཐལ་སྤྱད། །བར་སྣང་རླུང་འདྲའི་སྤྱོད་པ་ཡིས། །གཟུང་དང་འཛིན་པའི་རྟོག་པ་སྤང༌། །བྱ་ཁྱུང་ལྟ་བུའི་སྤྱོད་པ་ཡིས། །གཡང་ས་རྣམས་ནི་རླབས་ཀྱིས་བཅད། །རི་བོ་ལྟ་བུའི་སྤྱོད་པ་ཡིས། །འགྱུར་མེད་རང་དག་སྟེང་དུ་སྤྱད། །ཐེག་ཆེན་ལྟ་བུའི་སྤྱོད་པ་ཡིས། །སྣང་བ་ཕྱིར་མི་ཟློག་པར་སྤྱད། །ཅེས་སོ། །སྤྱིར་སྤྱོད་པ་འདི་ལ་མ་ཆགས་འཛིན་པའི་སྤྱོད་པ་དང་། དགག་སྒྲུབ་མེད་པའི་སྤྱོད་པ། ཆགས་ལ་ཞེན་མེད་ཀྱི་སྤྱོད་པ་དང་གསུམ་གྱིས་བཤད་ན་འདུས་ཤིང་། དེ་ལས་མ་ཆགས་འཛིན་པའི་སྤྱོད་པ་ནི། རྒྱུ་མཚན་ཉིད་ཐེག་པའི་སྤྱོད་པ་སྟེ། ལམ་ཐུན་མོང་ལ་ཞུགས་ནས་སྤྱོད་པ་ཙམ་ལས་མྱུར་དུ་གྲོལ་བའི་སྤྱོད་པ་མ་ཡིན་ནོ། །གཉིས་པ་དགག་སྒྲུབ་མེད་པའི་སྤྱོད་པ་ནི། གསང་སྔགས་སྤྱིའི་སྤྱོད་པ་སྟེ། ཐབས་ཡོད་ཀྱང་རྩོལ་སྒྲུབ་ལ་གནས་པས་མྱུར་དུ་མི་གྲོལ་བའོ། །གསུམ་པ་ཆགས་ལ་ཞེན་མེད་ཀྱི་སྤྱོད་པ་ནི། རྫོགས་ཆེན་ལྷུན་གྲུབ་ཀྱི་སྤྱོད་པ་སྟེ། གཤིས་ལ་བླང་དོར་འཛིན་རྩོལ་མེད་པ་དེ་ཉིད་དང་མཐུན་པར་སྤྱད་པས་ནམ་མཁའ་ལྟ་བུའི་ཕྱོགས་དང་རིས་ལས་འདས་པའི་ཡེ་གྲོལ་ཡེ་སྤྱོད་ཆེན་པོར་གནས་པས་ཆགས་ལ་ཞེན་མེད་ཀྱི་སྤྱོད་པའོ། །དེ་གསུམ་ལས་ཕྱི་མ།

༼༢ སྐབས་ཀྱི་དོན་ངོས་གཟུང་བ།

གཉིས་པ་ནི། དེ་ལྟར་ཉི་ཤུ་རྩ་གཅིག་ལས་འདི་ཞིབ་ཀྱིས་བརྩིས་ན་ཉེར་གཉིས་ལྟ་བུ་ཡོད་ཀྱང་རི་དྭགས་ལྟ་བུའི་སྤྱོད་པ་གཉིས་གཅིག་ཏུ་བརྩིས་ན་ཉེར་གཅིག་ཡིན། ཡང་སྐབས་རེ་སྤྱོད་པ་གསུམ་དུ་བསྡུ་བ་ཡང་ཡོད་དེ། ལས་དང་པོ་པའི་སྤྱོད་པ་དང་། འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་དང་། བརྟུལ་ཞུགས་ལམ་སློང་གི་སྤྱོད་པ་དང་གསུམ་ལས། ལས་དང་པོ་བའི་སྤྱོད་པ་ནི། ཡི་གེ་འབྲི་མཆོད་སྦྱིན་པ་ལ་སོགས་པ་ཆོས་སྤྱོད་བཅུ་ལ་སློབ་པའི་སྤྱོད་པའོ། །གཉིས་པ་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་ནི། གདམས་ངག་ཟབ་མོ་ཉམས་སུ་ལེན་པར་བྱེད་པ་དང་། དབང་གསུམ་པའི་སྔོན་འགྲོ་སྒོ་གསུམ་གྱི་སྤྱོད་པས་འཁོར་འདས་རུ་ཤན་ཕྱེ་ནས། རིག་པ་རྣལ་འབེབས་ཀྱི་སྤྱོད་པས་སོར་ཆུད་དུ་འཇུག་པའོ། །གསུམ་པ་ནི་འདིར་བཤད་པའི་ཉེར་གཅིག་པོ་ཡིན་ལ་དེ་ལས་ཀྱང་སྐབས་འདིར་བདུན་ལ་བསླབ་པ་ལས། དང་པོ་སྒོ་མོ་ཀུན་ནས་བསྟུན་པ་བུང་བ་ཚང་འཚོལ་བ་ལྟ་བུའི་སྤྱོད་པ་ནི། ཐོས་པས་ཆོས་དང་ཆོས་མ་ཡིན་པ་འབྱེད། བསམ་བས་ཉོན་མོངས་པ་མགོ་གནོན། སྒོམ་པས་རྩ་བ་ནས་ཡུལ་འབྱིན་པ་སྟེ། རྒྱུད་དེ་ཉིད་ལས། ཤེས་རབ་ནི་གསུམ་སྟེ། ཐོས་པའི་ཤེས་རབ་ཀྱིས་ཕྱིའི་སྒྲོ་འདོགས་བཅད་པ་དང༌། བསམ་པའི་ཤེས་རབ་ཀྱིས་ནང་གི་སྒྲོ་འདོགས་བཅད་པ་དང༌། སྒོམ་པའི་ཤེས་རབ་ཀྱིས་གསང་བའི་སྒྲོ་འདོགས་བཅད་པ་དང་ཞེས་སོ། །དེའི་གྲོགས་སུ་ཐེ་ཚོམ་མེད་པ་ཐི་བྱ་ཚང་དུ་འཇུག་པའི་སྔོན་དུ་མིའི་སྒྲོ་འདོགས་བཅད་ནས་འཛལ་འཛོལ་མེད་པར་འོང་བ་ལྟར་སྔོན་ཐོས་པས་སྒྲོ་འདོགས་བཅད་ནས་དེ་ནས་རང་ཉིད་གང་ལ་ཡིད་ཆེས་པ་ལ་ཉམས་ལེན་ཐེ་ཚོམ་མེད་པར་འཇུག་པའོ། །དེའི་གྲོགས་སུ་ཀུན་གྱི་སྤྱོད་ཡུལ་མ་ཡིན་པ་རི་དྭགས་ལྟ་བུའི་སྤྱོད་པ་ནི། རི་དྭགས་རྨས་པ་དེ་རྨ་ཡོད་པའི་གནོང་གིས་མི་ལ་བྲོས་ཏེ་ཅི་ནས་ཀྱང་ལུང་ཕུག་གམ་རི་རྩེ་ལ་འགྲོ་བ་བཞིན་དུ་རྣལ་འབྱོར་བ་དེའང་འཁོར་བ་སྤོང་བའི་གནོང་གིས་མི་ལ་འཇིགས་པར་བྱས་ནས་མི་མི་རྒྱུ་བའི་དུར་ཁྲོད་ལ་སོགས་པར་གནས་པར་བྱའོ། །དེའི་གྲོགས་སུ་ལྐུགས་པ་ལྟ་བུའི་སྤྱོད་པ་ནི། ངག་སྨྲ་བ་བཅད་དེ་སུ་དང་ཡང་སྨྲ་བར་མི་བྱའོ། །དེ་ལྟར་བྱས་པས་དྲན་པ་རེངས་པ་དང༌། སྨྱོན་པ་ལྟ་བུའི་སྤྱོད་པ་ནི། དེའི་ཚེ་འབྲེལ་བ་མེད་པའི་གཏམ་རང་རྡོལ་དུ་འབྱུང་ལ་སྨྱོན་པ་དང་འདྲའོ། །འདིའི་དུས་སུ་གཙང་སྨེ་མེད་པ་ཁྱི་ཕག་ལྟ་བུའི་སྤྱོད་པ་འབྱུང་སྟེ། ཟས་བཟང་ངན་མེད་པར་འབྱོལ་ཉོག་ཏུ་སྤྱོད་པ་འབྱུང་ངོ༌། །དེ་ལྟར་དྲུག་རྫོགས་པ་ལས་ཟིལ་གྱིས་མི་ནོན་པ་སེང་གེ་ལྟ་བུའི་སྤྱོད་པ་འབྱུང་སྟེ། སེང་གེ་གང་ལའང་འཇིགས་པ་དང་བག་ཚ་བ་མེད་པ་དང་འདྲ་བར་རྣལ་འབྱོར་པ་འདི་ཡང་སྣང་བ་ལ་སོགས་པའི་གནོད་པ་དང་བྲལ་ནས་འདི་ཉིད་དུ་དབང་བསྒྱུར་ནུས་པ་དག་འབྱུང་ངོ༌། །དེ་དག་གི་སྤྱོད་པ་ལ་མིང་དུ་བཏགས་ན་སྣང་བ་དབང་བསྒྱུར་གྱི་སྤྱོད་པ་ཞེས་བྱ་སྟེ། གཞན་གྱིས་མ་དད་པ་བསྒྱུར་ནུས་པ་དང༌། བསད་པ་གསོ་ནུས་པ་དང༌། རྫུ་འཕྲུལ་འགྲུབ་ཅིང་ཤེས་པ་ཆོས་ཉིད་དུ་ཤར་བས་སྣང་བའི་དངོས་པོ་ས་ཆུ་མེ་རླུང་གང་ལའང་དབང་བསྒྱུར་ནུས་པ་དག་འབྱུང་ངོ༌། །སྤྱོད་པ་ཉེར་གཅིག་པོའི་ནང་ནས་སྤྱོད་པའི་རྒྱལ་པོ་བདུན་དེ་རྩལ་དུ་བཏོན་པའི་དང་པོ་བུང་བ་ལྟ་བུའི་སྤྱོད་པ་ནི། ཐོས་པའི་ཤེས་རབ་ཀྱིས་ཕྱིའི་སྒྲོ་འདོགས་བཅད། བསམ་པའི་ཤེས་རབ་ཀྱིས་ནང་གི་སྒྲོ་འདོགས་བཅད། སྒོམ་པའི་ཤེས་རབ་ཀྱིས་གསང་བའི་སྒྲོ་འདོགས་བཅད་པ་སྟེ། དང་པོ་ཐོས་པའི་ཤེས་རབ་ཀྱིས་ཆོས་དང་ཆོས་མ་ཡིན་པ་འབྱེད་དགོས། གཉིས་པ་བསམ་པའི་ཤེས་རབ་ཀྱིས་དེའི་དོན་རྟོགས་ནས་ཉོན་མོངས་པའི་མགོ་གནན་དགོས། གསུམ་པ་སྒོམ་པའི་ཤེས་རབ་ཀྱིས་རྟོགས་ཐོག་ཏུ་བཞག་པས་ཉོན་མོངས་པའི་རྩ་བ་དྲུངས་ནས་འབྱིན་པར་བྱེད་དགོས། གཉིས་པ་ཐི་བྱ་ལྟ་བུའི་སྤྱོད་པ་ནི། ཐི་བྱ་ནི་བྱ་ཁ་ལ་ཡུག་ཡིན་ལ་དེ་དང་པོར་ཚང་དུ་འཇུག་པའི་སྔོན་དུ་མིའི་སྒྲོ་འདོགས་བཅད་ཟིན་པས་འཛལ་འཛོལ་མེད་པར་འོང་བ་ལྟར། ཐོས་བསམ་གྱིས་སྒྲོ་འདོགས་དང་པོར་བཅད། བཅད་ཟིན་པའི་མན་ངག་ལ་ལག་ལེན་སྐབས་སུ་ཐེ་ཚོམ་མེད་པར་འཇུག་པའོ། །རི་དྭགས་ལྟ་བུའི་སྤྱོད་པ་ནི། འདི་ཉམས་ལེན་གྱི་གྲོགས་ཡིན་པས་རི་དྭགས་རྨས་མ་རྨའི་གནོང་གིས་གཅིག་པུར་རི་ལ་གནས་པ་ལྟར། རྣལ་འབྱོར་བས་ཉམས་ལེན་དབེན་པའི་གནས་སུ་བྱས་ན་བོགས་འབྱིན་ཐོབ་པ་ཡིན་པས་སོ། །བཞི་བ་སྨྱོན་པ་ལྟ་བུའི་སྤྱོད་པ་ནི། དེའི་དུས་སུ་སྡོམ་ཁྲིམས་དང་འགལ་བའི་སྨྱོ་སྤྱོད་གྱིས་གསུངས་པ་མིན་པར་སྒོ་གསུམ་ཤུགས་འབྱུང་གི་སྤྱོད་པ་གཟའ་གཏད་མེད་པ་སྨྱོན་པ་ལྟ་བུ་ཤུགས་ལ་འབྱུང་ངོ་ཞེས་པའོ། །འདིའི་དུས་སུ་ཁྱི་ཕག་ལྟ་བུའི་སྤྱོད་པ་ཞར་ལ་འབྱུང་བ་སྟེ། དེ་ཡང་ཁྱི་ཕག་འདྲ་འདྲའི་ངོ་ཚ་ཁྲེལ་མེད་གྱིས་གསུངས་པ་མིན་པར་གཙང་སྨེ་གཉིས་འཛིན་གྱི་རྟོག་པ་མེད་པས་ཟས་གོས་གང་ལ་ཡང་འདེམས་ཀ་མེད་པར་ལོངས་སྤྱོད་པའོ། །དེ་ལྟར་དྲུག་པོ་རྫོགས་ཚེ་གང་ལའང་བག་མི་ཚ་བ་སེངྒེ་ལྟ་བུའི་སྤྱོད་པ་འབྱུང་སྟེ། དེའི་དུས་སུ་ཧོབ་ཧམ་པ་ཇེ་ཆེ་དང་རང་འདོད་ཇེ་ཆེ་རུ་སོང་ནས་སངས་རྒྱས་ཤཱཀྱ་ཐུབ་པའི་གྲལ་མགོ་ལ་བཞག་ཀྱང་འདུག་ཕོད་པ་ཞིག་ཏུ་འགྱུར་འགྲོ་བ་རེད་གསུངས་པ་མ་ཡིན་པར་མི་དང་མི་མིན་གྱི་གནོད་པ་གང་ལ་ཡང་བག་མི་ཚ་བའི་གདེང་ཐོབ་ནས་གཞན་སྣང་དབང་དུ་བསྒྱུར་ནུས་པའི་སྣང་བ་དབང་སྒྱུར་གྱི་སྤྱོད་པ་འབྱུང་བའོ། །དེའི་དུས་སུ་བསད་པ་གསོ་ནུས་པ་དང་འབྱུང་བཞི་ལ་དབང་བསྒྱུར་ནུས་པ་ཡིན་ནོ། །འདིའི་མན་ངག་ཏུ་སྣང་བ་ཅེར་གཞག་གི་ཐབས་ནི། ཆོས་ཅན་དུམ་བུ་ལ་བསླབ་པས་གཟུགས་བརྙན་ཡོངས་སུ་དག་སྟེ། གང་སྣང་གི་སྟེང་དུ་ཅེར་གཞག་ཅེར་གྲོལ་དུ་སོང་བ་ལས་འབྱུང་བའོ། །འདིའི་དུས་ན་དགོངས་པ་ནི་སྣང་སྲིད་གཞིར་བཞེངས་ཞེས་བྱ་སྟེ། འཁོར་འདས་ཀྱི་ཆོས་ཐམས་ཅད་བསླབ་པ་མེད་ཀྱང་བློ་ཐོག་ཏུ་ཕུངས་ཀྱིས་ཤར་བའོ། །དེ་ལྟར་བྱུང་བའི་དུས་ན་ཉོན་མོངས་ཡེ་ཤེས་སུ་གནས་འགྱུར་ཏེ། ཤེས་པ་ཉོན་མོངས་སུ་ཤར་བ་དང་ཡེ་ཤེས་སུ་ཤར་བ་ཐ་དད་མེད་པར་ཡེ་ཤེས་གཅིག་ཏུ་གྲོལ་བས་ཉོན་མོངས་པས་མི་གནོད་པ་སྣམ་བུ་ཚོས་བསྒྱུར་བ་ལྟ་བུའོ། །མུ་ཏིག་ཕྲེང་བ་ལས། ཕུང་པོ་ཁམས་དང་སྐྱེ་མཆེད་ནི། །རིགས་དང་རིགས་ཀྱི་བདག་པོར་གྲོལ་ཞེས་སོ། །མན་ངག་སྣང་བ་ཅེར་བཞག་གི་བཞག་ཐབས་དེའི་ཐོག་ནས་སེམས་ཉིད་ཅེར་བཞག་གིས་སྐྱེ་འགག འགྲོ་འོང་། སྣང་བ་ལ་སོགས་པ་ཆོས་ཅན་ཐ་དད་དུམ་བུ་ལ་བསླབས་པས་གང་སྣང་འཛིན་ཞེན་ཐམས་ཅད་གྲོལ་ནས་སྣང་ཡང་བདེན་པས་སྟོང་པ། སྒྱུ་མའི་དཔེ་བརྒྱད་ལྟར་ཡོངས་སུ་དག་ནས། རྡོ་ཚན་གྱི་སྟེང་དུ་ཁ་བ་མ་བསྡད་པ་ལྟར། སྣང་ཐོག་དེ་ཉིད་དུ་རང་ཞིག་ཏུ་འགྲོ་བ་ནི། གང་སྣང་གི་སྟེང་དུ་ཅེར་བཞག་བྱས་ཚེ་གང་ཤར་གྱི་ཐོག་ཏུ་ཅེར་གྲོལ་དུ་སོང་བའོ། འདི་དུས་སུ་དེ་ལས་སྣང་སྲིད་གཞིར་བཞེངས་ཀྱི་དགོངས་པར་ཤར་བ་ནི། སྣང་སེམས་ལ་དབང་ཐོབ་སྟེ་གང་ལ་ཡང་ཐོགས་རྡུགས་མེད་པས་ཡ་ང་བག་ཚ་དང་བྲལ་བའི་སྤྲོས་བྲལ་ཡེ་བཞག་གདེང་ལྡན་གྱི་དགོངས་པ་བརྙེས་པའོ། །དེའི་དུས་ཀྱི་ཕུང་པོ་དང་ཉོན་མོངས་གནས་འགྱུར་གྱི་འབྲས་བུ་ནི། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་རིགས་དང་རིགས་ཀྱི་བདག་པོ་ལ་གྲོལ་བ་དང་། རྐྱེན་རྣམས་ཐམས་ཅད་རྐྱེན་གྱིས་གྲོལ་བས། དམིགས་པའི་ཆོས་ལའང་མི་ལྟོས་པ་དང་། ཡུལ་རྣམས་ཐམས་ཅད་ཡུལ་གྱིས་གྲོལ་བས་གཟུང་འཛིན་འཁྲུལ་བའི་རྟོག་ཚོགས་ཡེ་ཤེས་སུ་དག་ནས་ཡོད་མེད་གྲོལ་འཁྲུལ་གྱི་གྲུབ་པའི་མཐའ་ཐམས་ཅད་ཀྱང་རང་སར་དག་པའོ། །དེའང་སྤྱོད་པ་ལ་བརྟེན་ནས་སྒོམ་དགོས་པ་ལྟ་བུ་མ་ཡིན་ཏེ་འདི་ཉིད་ཀྱིས་གྲོལ་བས་ན་གང་ཟག་གཅིག་གི་ལམ་ཚང་ལ་མ་ནོར་བའི་ཆ་རྐྱེན་དུ་བསྟན་པའོ།།

༢༽སྒོམ་པ་རྒྱུན་གྱི་རྣལ་འབྱོར་བཤད་པ།

༼༡ སྒོམ་པ་ཉིན་མཚན་ཁ་སྦྱོར་བཤད་པ།

གཉིས་པ་སྒོམ་རྒྱུན་དུ་བྱེད་པའི་རྣལ་འབྱོར་ལའང་ལྔ་སྟེ། སྒོམ་པ་ཉིན་མཚན་ཁ་སྦྱོར། དེའི་མན་ངག་ཏུ་རྒྱ་མཚོ་ཅོག་གཞག་གི་ཐབས། དེའི་དུས་སུ་གནད་སྣང་སྲིད་གཞིར་བཞེངས་ཀྱི་དགོངས་པ། དེའི་འབྲས་བུ་ཉོན་མོངས་པ་རྒྱས་གདབ། དེའི་ཚེ་ཆོས་ལ་གནས་པའི་དུས་སུའོ། །དང་པོ་ལ་བཞི་སྟེ། བྱང་ཆུབ་སེམས་དཔའི་བསམ་གཏན། གསང་སྔགས་ཟབ་མོའི་སྒོམ་པ། ལྷ་དང་མིའི་སེམས་འཛིན། བདེ་བར་གཤེགས་པའི་དགོངས་པའོ། །དང་པོ་ནི་ཐལ་འགྱུར་ལས། རང་བཞིན་བབས་ལས་བྱུང་བ་ཡིས། །བསམ་གཏན་དག་ཏུ་བརྗོད་པར་བྱ། །རྩ་དང་རླུང་དང་ཐིག་ལེ་དང༌། །ལུས་གནད་མིག་དང་སྟོང་པ་ནི། །སྒོམ་པ་ཞེས་ནི་འདོད་པ་ཡིན། །ཡི་གེ་འོད་དང་ཁ་དོག་དང༌། །རྣམ་པར་འཕྲུལ་བའི་སྤྲོ་བསྡུ་ནི། །ཏིང་ངེ་འཛིན་ཞེས་བཤད་པ་ལ། །མ་བཅོས་རང་གཞག་གནས་ལུགས་ཏེ། །ཇི་ལྟར་དེ་ལས་འགྱུར་མེད་པ། །སངས་རྒྱས་རྣམས་ཀྱི་དགོངས་པའོ། །ཞེས་པ་དང༌། ཉི་ཟླ་ཁ་སྦྱོར་ལས། སྒོམ་པ་ནི་གསུམ་སྟེ། ལྷ་ལ་སོགས་པའི་སེམས་ཀྱི་སྒོམ་པ་དང༌། ཐེག་པ་ཆེན་པོའི་བསམ་གཏན་དང༌། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཉིད་ཡིན་ནོ་ཞེས་པ་དང༌། རང་ཤར་ལས། ལྷ་དང་མི་ཡི་སེམས་འཛིན་དང༌། །བྱང་ཆུབ་སེམས་དཔའི་བསམ་གཏན་དང༌། །དེ་བཞིན་གཤེགས་པའི་དགོངས་པར་འདོད། །ཅེས་སོ། །དེ་ནི་སྤྱིའི་འབྲེལ་བཀོད་པའོ། །དེ་དག་ལ་སྤྱིའི་དོན་གསུམ་གསུམ་གྱིས་ཉམས་སུ་བླང་སྟེ། ཐལ་འགྱུར་ལས། ཡང་ནི་སྒོམ་པའི་སྲོག་ཤིང་བཤད། །སེམས་ཀྱི་ལུང་གིས་ངེས་སྦྱར་ཏེ། །གཞན་ཡང་སྒོམ་པའི་གནད་རྣམས་ལ། སྔོན་འགྲོ་བ་དང་དངོས་གཞི་དང༌། །རྗེས་འགྲོ་རྣམ་པ་གསུམ་དུ་འདོད། །ལུས་སྦྱང་སེམས་ཉིད་གདུལ་བ་དང༌། །ངག་གི་བྱ་བ་རྫོགས་པ་དང༌། །སེམས་ཉིད་ལམ་དུ་གཞུག་པའོ། །རླུང་ལ་བརྟེན་ཏེ་ལུས་སེམས་དབྲལ། །ཁམས་གསུམ་འབྲོས་ཁུང་གཅད་པའི་ཕྱིར། །ལུས་ངག་ཞེན་པ་གཏིང་ནས་བཟློག །འགྲོ་དྲུག་གཡང་ས་མཉམ་པའི་ཕྱིར། །ལུས་ངག་སེམས་ཀྱི་གནད་རྣམས་གཟིར། །སེམས་ཉིད་ཆོས་དང་བསྲེ་བའི་ཕྱིར། །རླུང་དང་ཤེས་པ་གྱེན་ལ་དྲང༌། །འཁྲུལ་སྣང་ཟད་པར་བྱ་བའི་ཕྱིར། །རྟག་ཏུ་རླུང་ལ་གོམས་པར་བྱ། །ཞེས་སོ།།

༡༽ བྱང་ཆུབ་སེམས་དཔའི་བསམ་གཏན་བཤད་པ།

༡ ངོ་བོ་མདོར་བསྟན་པ།

དེ་ལ་དང་པོ་བྱང་ཆུབ་སེམས་དཔའི་བསམ་གཏན་ལ་གཉིས་ཏེ། ངོ་བོ་མདོར་བསྟན་པ། རྣམ་གྲངས་རྒྱས་པར་བཤད་པའོ། །དང་པོ་ནི་དུང་ཡིག་ཅན་ལས། བྱང་ཆུབ་སེམས་དཔའི་བསམ་གཏན་ནི། །བསམ་པའི་ཞེན་པ་འགོག་པ་སྟེ། །ལུས་ཀྱི་གནད་ནི་སྐྱིལ་ཀྲུང་ལ། །སྒལ་བའི་ཚིགས་ནི་བསྲང་བྱས་ནས། །ལག་པ་མཉམ་པའི་ཕྱག་རྒྱ་བཅའ། །མགྲིན་པ་ཡིད་ཙམ་དགུག་པའོ། །མིག་ནི་སྣ་ཡི་རྩེ་ལ་དབབ། །རིག་པའི་གནད་ནི་མདའ་གང་དུ། །འདི་དག་མིག་གིས་མི་བལྟ་བར། །དབུགས་ནི་ནང་དུ་འཐེམ་པ་ལ། །ཕར་ལ་མཆོག་ཏུ་རིང་བར་བཏང༌། །ཡིད་ཀྱིས་དེ་བཞིན་མཉམ་པར་བཞག །ཅེས་པ་དང༌། རང་ཤར་ལས། བྱང་ཆུབ་སེམས་དཔའི་བསམ་གཏན་ནི། །སེམས་ཀྱིས་འཛིན་པ་མ་ཡིན་ཏེ། །ངང་ངམ་ཤུགས་ཀྱིས་སྐྱེ་བའོ། །གོམས་ནས་ཀློང་དུ་གྱུར་པ་དང༌། །ཟས་ཀྱི་འདུ་ཤེས་སྤོང་བའོ། །ས་ལ་གནས་པ་རྣམས་ཀྱིས་སྤྱོད། །རྣམ་རྟོག་ངང་གིས་མེད་པའོ། །ཞེས་སོ།།

༢ རྣམ་གྲངས་རྒྱས་པར་བཤད་པ།

གཉིས་པ་ལ་གསུམ་སྟེ། རང་བཞིན་ཤུགས་ཀྱི་བསམ་གཏན་ནི་སེམས་རྣམ་ཤེས་བག་ལ་ཡེང་བའི་དུས་ན་ཡོད་དེ། མདའ་སྲོང་གི་མིག་རི་བོང་གི་མིག་ཁྲ་ཚང་ན་ཉལ་བའི་མིག་ལ་རྣམ་ཤེས་ཡེང་དུས་ཡོད་པ་ལྟ་བུའོ། །ས་ལ་གནས་པའི་བསམ་གཏན་ནི་ས་བཅུ་སོ་སོའི་ཏིང་ངེ་འཛིན་ནོ། །དམིགས་པ་རྒྱུན་བརྟེན་གྱི་བསམ་གཏན་ནི་བཅོས་མའི་བསམ་གཏན་ཏེ་བསམ་གཏན་གྱི་ཐུན་བཞི་ལ་བསླབ་པའི་རིམ་པ་ལྟ་བུའོ། །དེ་དག་ཀྱང་ཉི་ཟླ་ཁ་སྦྱོར་ལས། ཐེག་པ་ཆེན་པོའི་བསམ་གཏན་ནི། །རང་བཞིན་ཤུགས་ཀྱི་བསམ་གཏན་གྱིས། །མ་བཅོས་ལུས་ངག་རྣལ་དུ་འབེབས། །དམིགས་པ་རྒྱུན་བསྟེན་བསམ་གཏན་གྱི། །འཕྲལ་བྱུང་ཉོན་མོངས་མགོ་རྣམས་གནོན། །ས་ལ་གནས་པའི་བསམ་གཏན་གྱིས། །རང་རང་རྒྱུད་ཀྱི་འཚོ་སྐྱོང་བྱེད། །ཅེས་སོ། །རང་བཞིན་ཤུགས་ཀྱི་བསམ་གཏན་ནི། ཐ་མལ་རྟོག་མེད་ཀྱི་ངང་དུ་གནས་པ། མདའ་སྲང་གི་མིག་ལ་ཡོད་པ་ལ་སོགས་པ་སེམས་རྣམ་ཤེས་བག་ལ་ཡེངས་ནས་ཧང་བའི་དུས་ཐམས་ཅད་ན་ཡོད་པས་འདི་སྐྱེ་འགྲོ་ཐམས་ཅད་ལ་ཡོད་ཀྱང་རྟོག་མེད་ཙམ་གྱིས་གོ་མི་ཆོད་དོ། །བྱང་ཆུབ་སེམས་དཔའི་བསམ་གཏན་ནི། རང་སའི་དངོས་གཞིའི་ཏིང་ངེ་འཛིན་གྱིས་རང་སའི་བག་ཆགས་སྦྱོང་བ་ཡིན་ནོ། །དམིགས་པ་རྒྱུན་རྟེན་གྱི་བསམ་གཏན་ནི། ཉོན་མོངས་ཕྲ་རགས་ལ་རང་བཞིན་མེད་པ་ལྟ་བའི་གཉེན་པོ་སྒོམ་པ་སྟེ། བསམ་གཏན་གྱི་ཐུན་བཞི་ལ་བསླབས་ནས་ཉོན་མོངས་པ་མགོ་གནོན་པ་ཙམ་མོ། །མདོར་ན་རང་བཞིན་ཤུགས་ཀྱི་བསམ་གཏན་མི་རྟོག་པ་ངང་གིས་བྱུང་བ་དེས་ལུས་ངག་རྣལ་དུ་ཕབ་པར་བྱས་ནས་དམིགས་པ་རྒྱུན་རྟེན་གྱི་བསམ་གཏན་གྱིས་རང་བཞིན་མེད་པར་བལྟས་ནས་བྱང་ཆུབ་སེམས་པའི་བསམ་གཏན་གྱིས་ས་བཅུའི་ཏིང་ངེ་འཛིན་ལ་སྦྱོར་བ་དེ་ལྟ་བུའོ། །སྣང་བ་ཡུལ་གྱི་བློ་ཅན་ནམ་དམིགས་པ་ཡུལ་གྱི་བློ་ཅན་གྱི་གང་ཟག་གི་ཉམས་ལེན་ལ། སྤྱོད་པ་རྒྱུན་གྱི་རྣལ་འབྱོར། སྒོམ་པ་རྒྱུན་གྱི་རྣལ་འབྱོར། ལྟ་བ་རྒྱུན་གྱི་རྣལ་འབྱོར། འབྲས་བུ་རྒྱུན་གྱི་རྣལ་འབྱོར་དང་བཞི་པོ་ལྟ་སྒོམ་སྤྱོད་འབྲས་བཞིའི་ཐོག་ནས་གསུངས་པའི་སྟབས་ཀྱིས་གཉིས་པ་སྒོམ་པ་རྒྱུན་དུ་བྱེད་པའི་སྐབས་དེ་ལས་ཀྱང་བྱང་ཆུབ་སེམས་དཔའི་བསམ་གཏན་བཤད་པའི་སྐབས་ནས་རྣམ་གྲངས་སྤྱིར་བསྟན་པ་སོང་ངོ་།། །།


previousཉིན་བཅུ་བའི་ཆོས་ཁྲིད། no next