Nitartha Digital Library
Tibetan
 
previousཨ༽ ཉིན་གཉིས་པའི་ཆོས་ཁྲིད།next

ཨ༽ ཉིན་གཉིས་པའི་ཆོས་ཁྲིད།

མཚམས་སྦྱོར་ཞལ་གདམས།

ཇི་སྐད་དུ་མཁས་གྲུབ་ཀརྨ་ཆགས་མེད་ཀྱིས། ཀྱེ་མ་ད་རེས་མི་ལུས་ཐོབ་པ་འདི། །ཚེ་སྔོན་གང་ནས་འོང་ཡང་མི་ཤེས་ལ། །ད་རེས་འདུག་ལོང་ཅི་ཙམ་ཡོད་མི་ཤེས། །ཕྱི་མ་གར་འགྲོའི་གཏད་སོ་མེད་བཞིན་དུ། །འཆི་བ་མི་དྲན་དགྲ་འདུལ་གཉེན་སྐྱོང་དང་། །ཟས་ནོར་བསགས་འདོད་ཁོ་ནའི་དོན་གྱི་ཕྱིར། །མི་དགེ་མི་རུང་མཚམས་མེད་སྣ་ཚོགས་བྱེད། །ཅེས་གསུངས། །དེ་ཡང་ཀྱེ་མ་ཞེས་གསུངས་པའི་མྱ་ངན་སྨྲེ་སྔགས་ཀྱི་ཚིག་གིས་འགོ་བཟུང་སྟེ། ད་རེས་མི་ལུས་ཞིག་ཐོབ་པ་འདི་ཞེས་གསུངས་པས་ད་རེས་ཞེས་པ་ནམ་ཡིན་ལ་མི་ཐོབ་རྒྱུའི་བརྒྱ་ལམ་ནང་ནས་རེ་འགའ། ཐོབ་དཀའ་བའི་ཚད་ལ་བཞག་རྒྱུའི་དཀའ་བའི་ནང་གི་དཀོན་པོ་ཡིན་པར་བསྟན་པ་རེད། ཚེ་སྔོན་གང་ནས་འོངས་ཀྱང་མི་ཤེས་ལ། །ཞེས་གསུངས་ན། སྐྱེ་བ་སྔོན་མ་ལ་གནས་རིས་ཅི་ལྟ་བུ་ཞིག་ནས་ལས་ཅི་བསགས་ནས་འདིར་བར་དོའི་རྣམ་ཤེས་འཁྱམས་པོ་ཞིག་ཤ་ཁྲག་གི་གཟེབ་ལ་ཚུད་ནས་ཡོད་རྒྱུ་འདི། དུས་འདས་པའི་ཕྱོགས་ལ་བསམ་བློ་བཏང་ན། གང་ནས་ཡོང་ནི་ཡིན་མ་ཤེས་ཀྱང་རྗེས་སུ་དཔག་པས་བརྟགས་ཤིང་དཔྱད་པ་ཞིག་བྱས་ན། འདི་གནོད་སེམས་གདུག་རྩུབ་ཆེ་བ། ངན་པ་ལོག་པའི་ལས་ཞིག་ལ་སྡུག་རུས་ཆེ་ལུགས་ལ་བལྟས་ན། དམྱལ་བའི་ནང་ནས་ཡོང་བ་ཨེ་ཡིན་བསམ་རྒྱུ་ཞིག་དང་། འདོད་ཞེན་དང་སེར་སྣ་ཆེ་ལུགས། ཡོད་ཀྱང་མེད་སྣང་ཤར། རེ་བས་ཡོང་བ་བཀག་ལུགས་ལ་བལྟས་ན། ཡི་དྭགས་ཤིག་གི་སྐྱེ་བ་དང་འདྲ་བ། ཡང་ལེགས་ཉེས་བླང་དོར་གྱི་གནད་མི་ཤེས། ཚེ་ཕྱི་མ་མ་དགོས་ཚེ་སྨད་ཀྱི་འདང་རྒྱག་དང་ཡུན་རིང་གཏན་གྱི་བདེ་བ་ཚེ་ཕྱི་མར་ཕན་པའི་ཆོས་ཕྱོགས་ལ་བསམ་བློ་གཏོང་མི་ཤེས་ལུགས་ལ་བལྟས་ན་དུད་འགྲོ་དང་འདྲ་བ་ཞིག ཕྲག་དོག་དང་གདུག་རྩུབ་ཆེ་ལུགས། རང་མིན་པ་ཐམས་ཅད་ཡག་པོ་མ་རེད་ན་དགའ་རྒྱུ་འདི་ཚོ་ཡིས་ལྷ་མ་ཡིན་དང་འདྲ་བ། ཡང་མཚམས་རེ་སྐྱིད་དུས་དགའ་དུས་ཞིག་ལ། ངང་རྒྱུད་ཚོ་རིང་པོ་ཡོད་པ་ལྷ་ཞིག་ལ་ཅུང་ཟད་འདྲ་བ་ཨེ་ཡིན་ན་བསམ་རྒྱུ་དང་། དམ་པའི་ཆོས་དང་འཕྲད། ཆོས་སྒྲ་རྣ་བས་གོ་རྒྱུ་འདི་ཚོ་ལ་བསམ་ན། སྐྱེ་བ་སྔོན་མ་མི་ལུས་ཆོས་ལྡན་རེ་ཐོབ་མྱོང་ནས་དེའི་སྐབས་སུ་བསོད་ནམས་གང་ལ་གང་འཚམ་རེ་བསགས་མྱོང་བ་ཨེ་ཡིན་ན་བསམ་རྒྱུ་ལྟ་བུ་དང་། ཁྱད་པར་དུ་གསང་སྔགས་རྡོ་རྗེའི་ཐེག་པ་ལ་ཞུགས། སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཀྱི་ཁྲིད་ཐོབ། ཡང་དགོས་སུ་བསྟན་པ་ཉམ་དམའ་ཞིང་ཉག་ཕྲ་བའི་སྐབས་ལ་ལུང་རྟོགས་ཀྱི་བསྟན་པ་འཛིན་རྒྱུའི་སྐལ་བ་དང་ལྡན་རྒྱུ་འདི་ཚོ་ལ་བལྟས་ན། སྔོན་ཆོས་ལྡན་གྱི་མི་ལུས་རེ་ལེན་མྱོང་བ་མ་ཟད་སྨོན་ལམ་རྣམ་དག་རེ་ཐེབས་པ་ཨེ་ཡིན་བསམ་རྒྱུ་དེ་ལྟར་ཡིན། མདོར་ན་ཚེ་སྔོན་མ་གང་ནས་འདིར་འོང་རང་གིས་ཀྱང་ཤེས་པ་མ་རེད། འདི་ན་འཁྱམས་པོ་ཁ་ཤས་ཉི་མ་ཁ་ཤས་ལ་མཉམ་དུ་འཛོམས་པ། དཔེར་ན་ཁྱིམ་གཟའ་ཚང་གྲྭ་རོགས་གྲོགས་མཆེད་ཟེར་བ་ཐམས་ཅད་ཚོང་འདུས་ཀྱི་མགྲོན་པོ་ལྟ་བུ། ད་རེས་འདུག་ལོང་ཅི་ཙམ་ཡོད་མི་ཤེས། །ཞེས་གསུངས་ཏེ། དུས་ད་ལྟ་བའི་དབང་དུ་བྱས་ན་མི་ཚེ་འདིའི་རིང་ཐུང་གི་ཚོད་ཅི་ཙམ་ཞིག་ཡིན་མི་ཤེས་པར་རྒས་ནས་རྒུར་བས། མིག་གིས་རི་འགུལ་ཡང་མི་མཐོང་། རྣ་བས་དུང་བུས་ཀྱང་མི་གོ་བ་ལྟ་བུའི་གཅོལ་ནས་ལྕི་བར་གྱུར་ཏེ། ཨ་ཀྱེ་ཧུད་ད་ནི་འདུག་ཚོད་མི་འདུག རྒས་པའི་སྡུག་བསྔལ་འདི་ལས་ཤི་བ་དགའ་སྙམ་པར་མ་གྱུར་གྱི་བར་ལ་མི་ཤི་བར་སྡོད་པའམ། ཡང་ན་དགའ་ལོང་སྐྱིད་ལོང་གཉིས་ཀ་མེད་པར། མགོའི་སྐྲ་ལོ་ནག་ཤིགས་སེ། ཁ་དུང་སོ་སུམ་ཅུ་འགྲིག་འགྲིག་ཁར། གསོན་ད་ངོགས་ལ་སེམས་འཕྲེང་བཞིན་འཆི་བ་ཡིན། གང་ཡིན་རང་གིས་ཀྱང་ཤེས་པ་མ་རེད། དེ་མ་ཤེས་པའི་རྐྱེན་གྱིས་ཡུན་རིང་ལ་སྡོད་རྒྱུ་ཡོད་པའི་སྟོང་བསམ་གྱིས། རང་མགོ་རང་གིས་གཡོགས་ཏེ། འ་རེ་འུ་རེའི་ནང་ནས་མི་ཚེ་རྫོགས་ནས། ཤི་བའི་ཕྱོགས་ལ་འདང་མ་བརྒྱབ་པར། ཉི་མ་ཆ་རེས་དུས་ཚོད་འགྲོ་བཅུག་གི་ཡོད་པ་རེད། འོན་ཀྱང་འཆི་བ་ནམ་ཡོང་ཆ་མེད་རེད། འཆི་བདག་གི་བསུ་མ་ངམ་ནག་དེ་མི་ཤེས་ཁུལ་བྱས་པས་མེད་འགྲོ་བ་ཞིག་ཡིན་པ་མ་རེད། དེ་ནས་ཕྱི་མ་གར་འགྲོའི་གཏད་སོ་མེད་བཞིན་དུ། །ཞེས་གསུངས་ཏེ། དུས་མ་འོངས་པ་ལ་བསམ་བློ་བཏང་ན་གར་འགྲོ་དང་འདིར་འགྲོའི་གཏད་སོ་ཞིག་ཅི་ཡོད་དེ། ལས་ཀྱི་རླུང་ནི་ཆུ་བོའི་གཞུང་དང་འདྲ། །ལས་རླུང་ཆུ་ཀླུང་འཕྲལ་དུ་ག་ལ་བཟློག །ཅེས་གསུངས་པ་ཡིན་པས། ཆུ་སྣ་ཐུར་ལ་གཏད་ནས་རྒྱུགས་རྒྱུ་དེ། ས་བདེ་གཟར་དང་ལུང་པའི་དོགས་གཟར་གྱི་རྗེས་སུ་འབྲང་ནས་འགྲོ་བ་མ་གཏོགས། ཆུ་སྣ་གྱེན་ལ་རྒྱུག་དགོས་འདུག་བསམ་པའི་སེམས་ཞིག་ཡོད་རུང་རྒྱུག་པའི་ནུས་པ་མེད་པ་དེ་དང་འདྲ་བར་ལས་ཀྱི་རླུང་གིས་དེད་ནས་འགྲོ་སར་ཐུག་དུས་དམྱལ་བའི་མུན་ནག་གི་ནང་ལ་མི་འགྲོའི་རང་དབང་མེད་པས། ལས་ཀྱི་རླུང་དམར་དྲག་པོས་ནི་རྒྱབ་ནས་དེད། གཤིན་རྗེའི་སྐྱེས་བུ་འཇིགས་རུང་གིས་སྔུན་ནས་བསུས་ཏེ་འགྲོ་དུས། རང་དབང་གི་གཏད་སོ་ཞིག་གང་ན་ཡོད་དེ་ཡོད་པ་མ་རེད། ཡང་འཆི་བ་མི་དྲན་དགྲ་འདུལ་གཉེན་སྐྱོང་དང་། །ཞེས་གསུངས་ཏེ། ཤི་ནས་དབང་མེད་དུ་འགྲོ་བའི་འཆི་བ་དྲན་མི་ཤེས་པ་དང་ཤི་དུས་ཕན་ཐོག་ཅན་གྱི་འགྲོ་ཆས་འདུག་བཀོད་བྱེད་མི་ཤེས་པར་འགའ་རེ་དགྲ་རུ་བཟུང་། དེ་ལ་སེམས་ནག་བྱས་ནས་དགྲ་འདུལ་ཐབས་ལ་བསམ་བློ་གཏོང་ཁུལ་བྱེད། འགའ་རེ་གཉེན་གྲོགས་སུ་བཟུང་། དེ་ལེགས་ན་དགའ། ཉེས་ན་སྡུག་པས་གཉེན་སྐྱོང་ཁུལ་བྱས་པ་སོགས་དེ་ལྟར་བྱེད་པ་དང་། མི་དགེ་མི་རུང་མཚམས་མེད་སྣ་ཚོགས་བྱེད། །ཅེས་གསུངས་ཏེ། མི་དགེ་བའི་ལས་སྣ་ཚོགས་མི་རུང་རྒྱུའི་བསམ་སྤྱོད་སྣ་ཚོགས་འདྲ་དང་མི་འདྲ། ཐ་ན་མཚམས་མེད་ཀྱི་ལས་ཡན་ཆད་བྱས་ནས། བ་གླང་ས་ཕྱགས་རང་གི་སྐེ་མདོ་ལྟར། མཐར་བབ་ས་ལྷུང་ས་རང་གི་སྟེང་དུ་མྱོང་བ་མ་གཏོགས་མེད་པ་འདི་ལྟ་བུའི་འཁྲུལ་སྣང་འཁོར་བའི་བྱ་བཞག་ཟིན་མེད་ཆུ་ཡི་གཉེར་མ་ལྟ་བུས་བསླུས་ནས་འདི་ལྟར་དཔེར་ན་སྨྱོན་པ་ཡང་མཚམས་རེར་སེམས་ཐོག་ལ་བསླེབས་པ་ལྟར། དམ་པའི་ཆོས་རེ་གོ་བས་རྐྱེན་བྱས་ནས་བླ་མ་དཀོན་མཆོག་གི་ཐུགས་རྗེ་བྱིན་རླབས་ཀྱི་དྲོད་ཐིག་ཅུང་ཟད་ཅིག་སེམས་ལ་ཕོག སྔོན་བསགས་བསོད་ནམས་ཀྱི་ཆ་ཕྲན་བུ་ཞིག་ཡོད་པའི་རྐྱེན་གྱིས། ད་རེས་འཁྲུལ་སྣང་འཁོར་བའི་སྡུག་བསྔལ་འདི་ལྟར་མྱོང་བཞིན་པ་ཅུང་ཟད་གོ་བས་རང་དབང་གིས་འདིའི་ནང་ནས་ཐར་བའི་གྲོས་ཞིག་ལ་བློ་ཁ་ཕྱོགས་རྒྱུ་འདི། མེད་པའི་ནང་ནས་བསོད་ནམས། ཅི་འདྲ་འདྲའི་སྐལ་བ་བཟང་པོའོ་ཞེས་བསམ་ཆོག་པ་ཡིན། དེ་ལྟར་དྲན་ཤེས་ནས་ལམ་སྣེ་ཞིག་ཨེ་ཟིན་བལྟ་དགོས་མ་གཏོགས། ཡང་སྨྱོན་པ་འཁྲུལ་བའི་རང་ལམ་ལ་ཤོར་རྩིས་རེད། དེ་ལྟར་ཡིན་དུས་ད་རེས་ཐར་བའི་ལམ་སྣེ་ཞིག་ཟིན་ལ་ཁད་པ་འདི་བོར་ཤོར་མི་ཉན། །ཡང་ཆགས་མེད་ཚང་གིས་འདི་ལྟར། གངས་ཅན་བོད་དུ་སྐྱེས་པའི་བྱིན་རླབས་ཀྱིས། །ཡི་གེ་དྲུག་པ་ཁ་ཏོན་བྱེད་ན་ཡང་། །དབང་མེད་ལུང་མེད་བསྒོམ་བྱའི་དམིགས་པ་མེད། །སྔགས་སྒྲ་འབྲུ་མེད་རྟ་ཡི་ཡིག་དྲུག་འདྲ། །དེ་དག་འཇིག་རྟེན་སྐྱེ་བོ་ཕལ་བ་སྟེ། །ལམ་མ་རྙེད་དང་ལམ་མ་ཞུགས་པ་ཟེར། །ཞེས་གསུངས་ཏེ། གངས་ཅན་བོད་ཀྱི་ས་ཆ་འདི་ཡུལ་གཞན་དང་འདྲ་བར་ཚེ་འདིར་སྣང་ཚེ་འདིའི་སོ་ཚིས་ལ་ལོག་པའི་བློ་རིག་བཀྲ་བ་དེ་ལྟ་བུ་མིན་པས་རྫས་འཕྲུལ་བཟོ་རིག་ལ་མཁས་པ་ས་ཕྱོགས་གཞན་པའི་མི་ལྟ་བུ་མིན་ཡང་། ནམ་ཞིག་གཏན་གྱི་བདེ་བ་འཚོལ་བྱེད་ཀྱི་ཆོས་དར་སའི་ཆོས་ས་ཆོས་ཡུལ་ཡིན་པ་རེད། རང་ཉིད་དེ་ལྟར་ཆོས་ས་ཆོས་ཡུལ་དུ་སྐྱེ་བའི་བྱིན་རླབས་ཀྱིས་ཆུང་ཨ་མའི་པང་ནས་སྐྱེ་བའི་དུས་ནས། མ་ཎི་ཡི་གེ་དྲུག་མ་བསླབ་མི་དགོས་པར་ཤེས་ན་ཡང་། བྱིན་རླབས་ངོ་མ་ཐོབ་རྒྱུ་ལ་དབང་ལུང་མན་ངག་ལ་སོགས་པ་ཐོབ་དགོས་པ་ཡིན་དུས། དབང་མ་ཐོབ་ལུང་མ་ཞུས། བསྒོམ་རྒྱུ་དམིགས་རྒྱུ་གཉིས་ཀ་མེད་པའི་དུད་འགྲོ་རྟ་གླང་དང་འདྲ་བ་དེ་འཇིག་རྟེན་གྱི་སྐྱེ་བོ་ཕལ་པ་ཚོ་ཡིན་པས་དེའི་མིང་ལ་ལམ་མ་རྙེད་པ་དང་ལམ་ལ་མ་ཞུགས་པ་ཅན་རེད་ཅེས་གསུངས་པ་རེད། དེ་ལྟར་ཡིན་དུས་རང་གིས་ཆོས་པ་ཡིན་བསམ། ཁ་དཀར་ནས་མགོ་མ་དཀར་གྱི་བར་ལ་ཆོས་རེ་བསྒྲུབ་པ་ཡིན་ཞེས་བསམ་ཡང་། དོན་ཀྱི་སྟེང་ནས་ཆོས་ངོ་མའི་ཕྱོགས་ལ་མ་གཅར་བར་ལམ་རྙེད་པ་དང་ལམ་སྣེ་མ་ཟིན་པའི་གྲལ་མ་གཏོགས་སླེབས་མེད། ཡར་ཐར་པའི་ཕྱོགས་སུ་མ་ཐོན་དུས། མར་འཁོར་བའི་ཕྱོགས་དང་ངན་སོང་ཞིག་མ་གཏོགས་འགྲོ་ས་མེད་པའི་ཕྱོགས་མངོན་པ་ཡིན། བསོད་ནམས་ཆ་མཐུན་གྱི་དགེ་བ་རེ་བསགས་ཀྱང་འཁོར་བ་ལས་ཐར་བྱེད་དུ་འགྱུར་མི་ཐུབ་པ་དེས་ན་ཆགས་མེད་ཚང་གིས་ཡང་འདི་ལྟར་གསུངས་ཏེ། དཀོན་མཆོག་གསུམ་ལ་སྙིང་ནས་བློ་གཏད་དང་། །སེམས་བསྐྱེད་བརྟན་པོ་མཛོད་ཅིག་བརྩོན་འགྲུས་པ། །ཞེས་གསུངས་པས་ཐར་པ་འདོད་པའི་གང་ཟག་གིས་སྐྱབས་གནས་དམ་པ་དཀོན་མཆོག་གསུམ་ལ་སྙིང་ཐག་པ་ནས་གློ་སྙིང་བྲང་གསུམ་གཏད་པའི་དད་མོས་ཡོད་པའི་ཐོག་ནས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་བློ་བརྟན་པོ་དང་ཐོག་མཐའ་བར་གསུམ་དུ་འབྲལ་མི་རུང་བ་དེ་མ་འཆུག་པར་བརྩོན་འགྲུས་དང་འབད་པ་གྱིས་ཞེས་གསུངས་པ་རེད། སྐྱབས་འགྲོའི་གཞི་བཟུང་བའི་སེམས་བསྐྱེད་དེ་ཐེག་ཆེན་མདོ་སྔགས་གཉིས་ཀྱི་གཞུང་ཤིང་ཡིན་པ་ང་ཚོས་ཆོས་འཆད་ཉན་བྱེད་པའི་སྐབས་ལ་ཐོག་མར་མེད་དུ་མི་རུང་བ་གང་ཡིན་ན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་རེད། འོ་ན་སེམས་ཇི་ལྟར་བསྐྱེད་ཅེ་ན། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་ཐམས་ཅད་དང་བྲལ་བའི་གཏན་བདེ་རྫོགས་པའི་བྱང་ཆུབ་ལ་འགོད་དགོས། འདི་རྣམས་ཀྱིས་རང་རེའི་ཕ་མ་བྱས་པའི་གྲངས་ཀ་བགྲང་དགོས་ན་བགྲང་མི་ནུས་པས་ལན་གྲངས་མང་པོའི་ཕ་མ་ཤ་སྟག་རེད། འདི་རྣམས་ཀྱང་རང་ཉིད་དང་འདྲ་བར་སྡུག་བསྔལ་དང་བྲལ་འདོད། བདེ་བ་དང་འཕྲད་འདོད་ཡོད་པ་ཡིན་ཡང་རྨོངས་པ་མ་རིག་པའི་གཞན་དབང་དུ་སོང་ནས། ཁམས་གསུམ་འཁོར་བའི་སྡུག་བསྔལ་བར་མེད་དུ་མྱོང་བཞིན་པ་འདི་རྣམས་སྙིང་རེ་རྗེ། འདི་རྣམས་སྡུག་བསྔལ་དང་བྲལ། བདེ་བ་དང་ལྡན་པ་ཞིག་བྱེད་ཐུབ་ན། བདག་གཅིག་པོ་ཅི་ལྟར་གྱུར་ཀྱང་གྱུར། ཡིན་ན་ཡང་འདི་ཐམས་ཅད་སྡུག་བསྔལ་གྱི་མཚོ་ལས་བསྒྲལ་དགོས་ན་རང་ཉིད་ལ་དེ་བསྒྲལ་བའི་སྟོབས་དང་ནུས་པ་ཞིག་ཡོད་དགོས་ལ། དེ་རང་ལ་མེད་དུས་གཞན་ལ་བརྟེན་ཏེ་ཐབས་གཞན་ཞིག་བཙལ་དགོས། དེ་ཡང་སྟོབས་དང་ནུས་པ་ཡོད་པ་དེ་སུ་ཡིན་ན་དཀོན་མཆོག་གསུམ་ཡིན་ལ། དེ་ལས་ཀྱང་རྩ་བ་སངས་རྒྱས་ལ་ཐུག་ཅིང་ད་སྔོན་སངས་རྒྱས་སྤྲུལ་པའི་སྐུ་གདུལ་བྱ་སེམས་ཅན་འདུལ་ཕྱིར་ཅི་ཙམ་མང་པོ་བྱོན་པ་ཡིན་ན། ངས་སངས་རྒྱས་དེ་དག་གི་ཐུགས་བསྐྱེད་གཅིག་ཏུ་བསྡོམ་པ་ལྟ་བུའི་སེམས་ཤིག་མ་བསྐྱེད་ན་འགྲིག་གི་མེད་པས། ད་སྔོན་སངས་རྒྱས་ཐམས་ཅད་ཀྱིས་འདུལ་མ་ཐུབ་པའི་སེམས་ཅན་རྣམས་བསྒྲལ་དགོས། དེ་སྒྲོལ་བར་བྱེད་པ་ལ་ད་སྔའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་བསྐྱེད་ཕྱོགས་གཅིག་ཏུ་བསྡོམ་པ་ལྟ་བུའི་སེམས་ཤིག་བསྐྱེད་དགོས་ལ། སངས་རྒྱས་དེ་ཐམས་ཅད་ཀྱི་མཛད་པ་འཕྲིན་ལས་ལྟ་བུ་ཞིག་བསྐྱང་དགོས། དེ་རྣམས་ཀྱིས་ལམ་ལ་བསླབ་པའི་གནས་སྐབས་ན་ཆོས་ཕྱིར་དཀའ་སྤྱད་ཅི་ལྟར་མཛད་པ་ངས་ཀྱང་དེ་ལྟར་དང་དེ་ལས་ཀྱང་ལྷག་པའི་ཆོས་ཕྱིར་དཀའ་སྤྱད་བྱེད་དགོས་བསམ་ནས། ཆོས་ཞུ་བའི་སྐབས་སུ་ཡང་བདག་ཉིད་ལ་ནད་པ། ཆོས་ལ་སྨན། དགེ་བའི་བཤེས་གཉེན་ལ་སྨན་པ། ཆོས་ཉམས་སུ་ལེན་པ་ལ་ནད་ཉེ་བར་འཚོ་བའི་འདུ་ཤེས་དང་བཅས་པ་བསྐྱེད་ནས་ཆོས་ཞུ་བའི་ཀུན་སྤྱོད་དམ་སྤྱོད་ལམ་བསྡམ་པ་དང་བཅས་པས་ཆོས་ཉན་དགོས་པ་རེད།

གཉིས་པ་རྙེད་དཀའ་ཐུན་མིན་བྱེ་བྲག་ཏུ་བསམ་པ།

༡༽ འཕྲལ་བྱུང་རྐྱེན་གྱི་མི་ཁོམ་པ་བརྒྱད།

དེ་ལ་གང་ཞིག་གསན་པར་བྱ་བའི་སྐབས་བབས་ཀྱི་ཆོས་ཀྱི་རིམ་པ་ནི། རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ངག་འདོན་ཁྲིགས་སུ་བསྡེབ་པ་རྣམ་མཁྱེན་ལམ་བཟང་ཞེས་བྱ་བ་འདི་ཉིད་འཆད་ཁྲིད་བྱེད་བཞིན་པའི་སྐབས་ལ་ཁར་སང་ཉིན་དང་པོར། ཐོག་མར་དགེ་བ་མཚན་སྨོས་པ་དང་མཆོད་པར་བརྗོད་པ་ལ་སོགས་པ་ནས་བར་དུ་དགེ་བ་གཞུང་དོན་ལ་ས་བཅད་ཆེན་པོ་གཉིས་ཏེ། ཐུན་མོང་ཕྱིའི་སྔོན་འགྲོ་དང་ཐུན་མིན་ནང་གི་སྔོན་འགྲོ་གཉིས་ཀྱི་རིམ་པ་ཡོད་པ་དེ་ལས་ཀྱང་ཐུན་མོང་ཕྱིའི་སྔོན་འགྲོ་ལ། དལ་འབྱོར་རྙེད་དཀའ་དང་ཚེ་མི་རྟག་སོགས་ཀྱི་ཁྲིད་རྐང་དྲུག་ཡོད་པའི་ནང་ནས། ཁྲིད་རྐང་དང་པོ་དལ་འབྱོར་རྙེད་དཀའ་བཤད་པའི་སྐབས་ནས་དལ་འབྱོར་རྙེད་པར་དཀའ་ལུགས་ཐུན་མོང་སྤྱིར་བསམ་པ་སོང་སྟེ། དེ་རིང་ཐུན་མིན་བྱེ་བྲག་ཏུ་བསམ་པའི་སྐབས་ཡིན། དེ་ལ་ཡང་ནང་གསེས་ཀྱི་དབྱེ་བ་གཉིས་ཏེ། འཕྲལ་བྱུང་རྐྱེན་གྱི་མི་ཁོམ་བརྒྱད་དང་། རིས་ཆད་བློ་ཡི་མི་ཁོམ་པ་བརྒྱད་ལས། དང་པོ་འཕྲལ་བྱུང་རྐྱེན་གྱི་མི་ཁོམ་པ་བརྒྱད་ནི། གལ་ཏེ་མི་ལུས་རིན་ཆེན་གླིང་ཕྱིན་ཡང་། །ལུས་རྟེན་བཟང་ལ་བྱུར་པོ་ཆེ་ཡི་སེམས། །ཐར་པ་བསྒྲུབ་པའི་རྟེན་དུ་མི་རུང་ཞིང་། །ཁྱད་པར་བདུད་ཀྱིས་ཟིན་དང་དུག་ལྔ་འཁྲུག །ལས་ངན་ཐོག་ཏུ་བབ་དང་ལེ་ལོས་གཡེངས། །གཞན་ཁོལ་བྲན་གཡོག་འཇིགས་སྐྱོབ་ཆོས་ལྟར་བཅོས། །རྨོངས་སོགས་འཕྲལ་བྱུང་རྐྱེན་གྱིས་མི་ཁོམ་བརྒྱད། །བདག་ལ་ཆོས་ཀྱི་འགལ་ཟླར་ལྷགས་པའི་ཚེ། །ཞེས་ཤོ་ལོ་ཀ་གཉིས་ཀྱིས་བསྟན་ཏེ། དང་པོ་གལ་ཏེ་མི་ལུས་རིན་ཆེན་གླིང་ཕྱིན་ཡང་། །ཞེས་གསུངས་ཏེ། དལ་འབྱོར་ཚང་བའི་ལུས་རྟེན་དེ་རྙེད་པར་དཀའ་ལུགས་ཐུན་མོང་སྤྱི་ལ་བསམ་བློ་བཏང་ན། དེ་རྙེད་རྒྱུ་སྲིད་མཐའ་མ་བཀག་པ་སྟེ། རྙེད་མི་སྲིད་པ་མིན་ཙམ་ཞིག་ཡིན་ན། སྔར་བསགས་བསོད་ནམས་ཀྱི་དབང་ལས། གལ་ཏེ་དལ་བ་བརྒྱད་དང་འབྱོར་བ་བཅུའི་དལ་འབྱོར་བཅོ་བརྒྱད་ཚང་བའི་མི་ལུས་ཤིག་ཐོབ་པས་བསམ་དོན་འགྲུབ་པའི་ནོར་བུ་རིན་པོ་ཆེ་ལོན་དུ་ཡོད་པའི་རིན་ཆེན་གྱི་གླིང་ལ་ཕྱིན་ནས་སླེབས་ཡོད་པ་ཡིན་ཡང་། ལུས་རྟེན་བཟང་ལ་བྱུར་པོ་ཆེ་ཡི་སེམས། །ཞེས་གསུངས་པས་ལུས་རྟེན་བཟང་པོ་དལ་འབྱོར་བཅོ་བརྒྱད་ཚང་བ་ཚངས་དང་དབང་པོ་བརྒྱ་བྱིན་གྱི་ལུས་རྟེན་ལས་ཀྱང་བཟང་བ་ཡིན་མོད་ལུས་རྟེན་བཟང་པོ་ཡིན་པ་ལ་ནང་གི་སེམས་བྱུར་པོ་ཆེ་ཞེས་བློ་ཉེས་ཁུར་འགྲོ་བ་འདིས་བརྫད་པ་ཡིན་གསུངས། འོ་ན་ལུས་རྟེན་བཟང་པོ་དལ་འབྱོར་བཅོ་བརྒྱད་ལྡན་པ་ཡིན་ན་བསྟན་ལ་དད་པ་རང་འབྱོར་ལྔའི་ནང་ནས་གཅིག་ཡིན་པས་བྱུར་པོ་ཆེའི་སེམས་ཅི་ལྟར་ཡིན་སྙམ་ན། སྤྱི་ཙམ་དུ་བསྟན་ལ་དད་པ་ཙམ་ཡོད་ཀྱང་། བློ་ལས་སུ་མ་རུང་བས་ངན་གོམས་ཤུགས་དྲག་པས། སྐབས་རེ་ལེགས་ཀྱང་སྐབས་རེ་ཉེས་ནས། ལེགས་པའི་སྟེང་དུ་མི་སྡོད་པར་མི་སྲུན་ངན་པའི་བྱ་སྤྱོད་སྤྲེའུ་ལྟ་བུ་ཞིག་ཡིན་དུས། འདིས་སྡིག་སྡུག་གཏམ་ངན་གནོད་པ་ཐམས་ཅད་ཀྱི་འབྱུང་བའི་སྣ་འདྲེན་བྱེད་ཀྱིན་ཡོད་དོ། །ཐར་པ་བསྒྲུབ་པའི་རྟེན་དུ་མི་རུང་ཞིང་། །ཞེས་གསུངས་པས། དེ་ལྟ་བུའི་རྒྱུད་ལས་སུ་མ་རུང་པར་གྱུར་པ་དེ་ནི། ཐར་པའི་ལམ་ལ་ཞུགས་པའི་དམ་པའི་ཆོས་བསྒྲུབ་པའི་རྟེན་དུ་མི་རུང་ཞིང་། ཁྱད་པར་བདུད་ཀྱིས་ཟིན་དང་དུག་ལྔ་འཁྲུག །ཅེས་གསུངས་པས་འཕྲལ་བྱུང་རྐྱེན་གྱིས་མི་ཁོམ་པ་ད་ལྟ་མེད་ཀྱང་ད་ཡོད་པ་ཐར་ལམ་ལ་བར་ཆད་བྱེད་པ་བརྒྱད་པོ་དེ་འདི་ནས་མར་བགྲང་བ་ཡིན་པས། སྤྱིར་བདུད་ཀྱི་ལས་སུ་གྱུར་པ་སྤྱི་དང་། ཁྱད་པར་དུ་འདི་ནས་གསུངས་པའི་བདུད་ཀྱིས་ཟིན་པ་ནི་ལྟ་སྤྱོད་ཕྱིན་ཅི་ལོག་ཏུ་སྟོན་པའི་བདུད་ཀྱི་བཤེས་གཉེན་གྱིས་ཟིན་སོང་ན། དང་པོ་རང་བློ་ཆོས་དང་མཐུན་པའི་ཡང་དག་པ་ཞིག་ཡིན་ན་ཡང་། རིམ་གྱིས་དེ་དང་འགྲོགས་པས་དེའི་སྡིག་པའི་སྟོབས་ཀྱིས་ཟིན་ནས་བློ་ལོག་ལམ་ལ་སོང་། དམ་པའི་ཆོས་དང་ཉིན་རེ་བཞིན་དུ་རྒྱབ་ཇེ་འགལ་དང་ཐག་ཇེ་རིང་དུ་སོང་བའོ། །དེ་ཡང་བདུད་ཅེས་པ་ལ་སྤྱིའི་བདུད་དང་བྱེ་བྲག་གི་བདུད་གཉིས་ཡོད། སྤྱིའི་བདུད་ནི་བདུད་བཞི་སྟེ་ཉོན་མོངས་པའི་བདུད། ཕུང་པོའི་བདུད། འཆི་བདག་གི་བདུད། ལྷའི་བུའི་བདུད་རྣམས་ཡིན། དང་པོ་བདག་འཛིན་གྱིས་བསྐྱེད་པའི་ཉོན་མོངས་ཕྲ་རགས་མང་པོས་ལོག་པའི་ལམ་དུ་ཁྲིད་ནས་ཐར་བའི་ལམ་ལ་བར་ཆད་བྱེད་པ་དེ་ལ་ཉོན་མོངས་པའི་བདུད་ཅེས་ཟེར་བ་ཡིན། ཟག་བཅས་ཀྱི་ཕུང་པོ་ལྔ་པོ་ལ་བདག་འཛིན་དམ་ཆེ་བ་འཁོར་བའི་སྡུག་བསྔལ་ལ་སྤྱོད་ནས་ཟག་མེད་ལམ་གྱི་གེགས་བྱེད་པ་ལ་ཕུང་པོའི་བདུད་ཟེར། ལམ་བསྒྲུབ་པ་མཐའ་རུ་མ་ཕྱིན་པར་ཚེ་སྲོག་གི་བར་ཆད་བྱེད་པ་ལ་འཆི་བདག་གི་བདུད་ཟེར། བདུད་དགའ་རབ་དབང་ཕྱུག་འཁོར་དང་བཅས་པས་མེ་ཏོག་གི་མདའ་ལྔ་འཕངས་པས། དེ་སུ་ལ་ཕོག་པ་དེས་ཉོན་མོངས་གང་ཆེ་བ་དེ་འཕེལ་བར་བྱེད་པ་ལ་ལྷའི་བུའི་བདུད་ཟེར་བས་དེ་དག་བདུད་བཞི་ཡིན། བདུད་བཞི་པོ་དེའི་ཁོངས་སུ་མ་འདུས་པའི་བདུད་ཅིག་མེད་མོད། བྱེ་བྲག་གིས་ཕྱེ་ན། དགྲ་གཉེན་ཆགས་སྡང་གི་བདུད། འབྱུང་པོ་ལོག་འདྲེན་གྱི་བདུད། བསོད་ནམས་འདུ་འཛིའི་བདུད། ཟས་ནོར་འཛིན་ཆགས་ཀྱི་བདུད་ལ་སོགས་པ་བྱེ་བྲག་ནང་གསེས་མང་དུ་ཡོད། དེའི་ནང་ནས་འདི་ནས་གསུངས་པའི་བདུད་ཀྱིས་ཟིན་པ་ནི། སྤུན་གྲོགས་བདུད་ཁྱེར་གྱི་བདུད་ལ་གསུངས། དེ་ཡང་ཕར་བལྟས་ན་བླ་མ་ལོས་ཡིན་བསམ་རྒྱུའི་ལྟར་སྣང་གི་ཚུལ་ཀུན་སྤྱོད་ཐམས་ཅད་མི་སེམས་བསླུ་ཐབས་ལ་མཁས་པ། ཁྱད་པར་དེང་སང་གི་དུས་སུ་བླ་མས་ཆོས་གསུངས་པ་ལས་རྒྱུ་གནང་བ་ལ་དགའ་དད་ཆེ་བ་དེ་འདྲའི་གོ་སྐབས་དང་བསྟུན་ཏེ་རྒྱུ་ཟས་ནོར་གྱིས་བྲིད་ཀྱང་ཉམས་རྩར་གཅར་ན། སྐྱོན་གྱི་གོང་བུ། མཚངས་ཀྱི་རིལ་བུ་ཞིག་ཡིན་པ་དེ་ཚོ་ལས་བསླབ་རྒྱུ་འགོས་རྒྱུ་སྐྱོན་མ་གཏོགས་མེད། དེ་ལ་བདུད་ཀྱིས་བྱིན་གྱིས་བརླབས་པའི་རྟགས་ཅི་ཡོད་ཅེ་ན། རང་རྒྱུད་ཀྱི་ཉོན་མོངས་དུག་ལྔ་ཇེ་ཆེ་རུ་འབར། ལོག་པའི་ལམ་ལ་ཁ་ཕྱོགས། སྙིང་རྗེ་བྱང་སེམས་དང་བྲལ་བ་དེ་ཚོ་བདུད་ཀྱི་ལས་ཡིན། བདུད་ཡིན་པའི་རྟགས་རེད། དེའི་སྟེང་ན་ཚ་སྡུག་བསྔལ་ལ་སོགས་པ་གློ་བུར་གྱི་རྐྱེན་ངན་མང་པོ་མ་བསམ་ས་མི་འབབ་ས་ནས་འོང་རྒྱུ་དང་དྲན་པ་ཉམས་ནས་གཏི་མུག་འཐིབ་རྒྱུ། དོན་མེད་དུ་སེམས་མི་བདེ་རྒྱུ། ཆོས་ལ་ཡིད་མི་ཆེས་པར་གློ་བུར་དུ་ཐེ་ཚོམ་ཟ་བ། འཇིག་རྟེན་གྱི་ཕུན་ཚོགས་ལ་ཡིད་སྨོན་སྐྱེ་ནས་ཆགས་ཞེན་སྔར་བས་ཆེ་བ། ཁྲེལ་དང་ངོ་ཚ་མེད་པར་གྱུར་པ་ལ་སོགས་པ་བདུད་ཀྱིས་བྱིན་གྱིས་བརླབས་པའི་རྟགས་དེ་ཚོ་རང་གི་རྒྱུད་ལ་འབྱུང་བ་ཡིན་པས་དེ་ལྟར་བདུད་ཀྱིས་ཟིན་པ་དང་གཅིག །ཡང་དུག་ལྔ་འཁྲུག་དང་ཞེས་པ། འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་སྟེ་ཉོན་མོངས་དུག་ལྔ་འཁྲུག་པའམ་ཉོན་མོངས་པའི་སྟོབས་ཆེ་རུ་ཕྱིན་པ། སྤྱིར་སོ་སྐྱེས་ཡིན་ན་ཉོན་མོངས་པའི་གཞན་དབང་ཅན་ལོས་ཡིན་མོད། དེའི་ནང་ནས་ཀྱང་གཞན་དང་མ་འདྲ་བར་ཉོན་མོངས་རགས་པ་མངོན་གྱུར་ཅན་དུ་གྱུར་ནས། ཉོན་མོངས་པ་དེའི་དབང་དུ་སོང་བས་ཁ་ལོ་བསྒྱུར་བ་མ་གཏོགས་རང་དབང་ཅུང་ཟད་ཀྱང་མེད་པ་ལ་གསུངས། ཉོན་མོངས་འདི་དག་གི་དབང་དུ་སོང་ན་ཁོང་དུ་དུག་སོང་བ་དང་འདྲ་བར་ཐར་བའི་སྲོག་གཅོད་པའི་རྒྱུ་མཚན་གྱིས་དུག་གསུམ་དང་དུག་ལྔ་ཞེས་གསོད་ཅིང་འཇོམས་པར་བྱེད་པ་ཞིག་ཡིན་པས་དུག་གི་མིང་དེ་དག་ལ་བཏགས་པ་རེད། དེ་ལྟ་བུའི་དུག་ལྔ་རགས་ཤིང་འཁྲུག་པ་ཅན་དང་གཉིས། ཡང་ལས་ངན་ཐོག་ཏུ་བབས་དང་ལེ་ལོས་གཡེང་། །ཞེས་གསུངས་པ་ཆོས་བསྒྲུབ་རན་པའམ་བསྒྲུབ་བཞིན་པའི་སྐབས་ལ་སྔོན་བསགས་ལས་ངན་གྱི་རྣམ་སྨིན་ཐོག་ཏུ་བབས་ནས་སྡུག་བསྔལ་གྱི་མཚོ་རང་ཐོག་ཏུ་རྡོལ་བས་ལས་ངན་རང་གིས་བསགས་པ་རང་ཐོག་ཏུ་བབས་པ་ལ་སྔོན་ལས་ཀྱི་རྣམ་སྨིན་ཡིན་པ་མ་ཤེས་པར་ཆོས་ལ་ཡི་ཆད་བྱེད་པ་དང་གསུམ། ལེ་ལོས་གཡེང་། ཞེས་པ་ཆོས་བསྒྲུབ་འདོད་དང་ཆོས་ལ་བརྩོན་པ་སྐྱེད་འདོད་ཅུང་ཟད་ཡོད་ཀྱང་བརྩོན་འགྲུས་ཞན་པས་དེ་རིང་མིན་པར་སང་ཉིན་ཡིན། ད་རེས་མ་རེད་དང་རྗེས་མར་ཡིན་ཁོ་ན་བསམ་ཞིང་ཕྱི་བཤོལ་དང་ལེ་ལོའི་དབང་དུ་སོང་ནས་རྣམ་གཡེང་གིས་དུས་ཚོད་ཟད་པས་ཆོས་བསྒྲུབ་པའི་དུས་ཚོད་མེད་པར་འགའ་རེ་རྣམ་གཡེང་གིས་འདི་ལ་ཡེངས་སོང་བསམ་པ་མེད་ཀྱང་། མི་རྒྱུ་མ་རིང་པོ་བཟུར་རྒྱུ་བཟློག་རྒྱུ་མེད་པ། བྱ་བ་ངན་ཞེན་གྱི་ལེ་ལོའི་དབང་དུ་འགྲོ་བ་དེ་ལྟར་ལེ་ལོས་གཡེང་བ་ཅན་དང་བཞི། གཞན་ཁོལ་བྲན་གཡོག་འཇིགས་སྐྱོབ་ཆོས་ལྟར་བཅོས། །ཞེས་གསུངས་ཏེ། གཞན་གྱི་ཁོལ་པོ་ཞེས་བྲན་གཡོག་ལ་ཟེར། དེ་ཡང་ཞོ་དྲུག་ཟོས་པའི་གླ་བ་དེ། །ལས་རྒྱུ་མེད་ཀྱང་རྒུ་རུ་རུ། །ཞེས་པ་ལྟར་དཔེར་ན་ལས་ཁུང་གི་གླ་ཕོག་ཟ་བ་ཚང་མ་ཡང་དེ་ལྟར་ཡིན་པ་ལྟར་མདོར་ན་ལུས་པོ་མི་ལ་བཙོང་བའི་མིའི་རིགས་ལ་ཟེར་བས་གཞན་ཁོལ་བྲན་གཡོག་དང་། འཇིགས་སྐྱོབ་ཅེས་པ་རྒྱལ་པོའི་ཆད་པ་ལ་སོགས་པ་ལས་བཟུར་བའི་ཆེད་དུ་དཔེར་ན། མི་ནག་ཉེས་ཆེན་པོ་འགས་རྟགས་བརྗེས་ནས་སྐྲ་རྫུན་གོས་རྫུན་བྱེད་པ་ལྟར། དེ་ལྟ་བུ་ལ་ཞེ་གཏིང་ནས་ཆོས་ཀྱི་སྣང་བ་ཡོད་དོན་མེད་པས་དེ་དང་དྲུག ཆོས་ལྟར་བཅོས་ཞེས་པ། ཆོས་པ་མིན་ཡང་ཆོས་པ་ཡིན་མདོག་གིས་འགའ་རེས། རྒྱབ་ཆོག་རེ་དང་དཀོར་རེ་རྙེད་པའི་དོན་ལ་གྲྭ་ཆས་ཙམ་གྱོན་པ་སྟེ། སྐྱ་རྒྱུད་ལྟོག་ན་གྲྭ་བ་བྱེད་བསམ་པ་དང་གྲྭ་བ་བརྒྱག་ན་སྐྱ་རྒྱུད་བྱེད་བསམ་པ་ལྟ་བུ། དེ་མིན་ཡང་རྙེད་བཀུར་སྙན་གྲགས་བསྒྲུབ་པའི་དོན་ལ་རྐུ་བྱེད་རྒྱུ། ཚོང་རྒྱག་རྒྱུ། རྒྱན་འཇོག་རྒྱུ་སོགས་བྱ་བ་སྣ་ཚོགས་བྱས་ནས་དེ་དག་ཚར་རྗེས་གྲྭ་བ་བླ་མ་ཞིག་བྱས་ན་ཚེ་ཕྱི་མ་མི་ཤེས་མ་གཏོགས་ཚེ་འདི་ལ་དེའི་ཅུང་དགའ་ཆེ་བསམ་ནས་དེ་ལྟར་བྱེད་པའི་ཤེས་བཞིན་དུག་འཐུང་དཀོར་ནག་བྱུང་རྒྱལ་ལ་སྤྱོད་མཁན་ཅན་དེ་དང་བདུན། རྨོངས་སོགས་འཕྲལ་བྱུང་རྐྱེན་གྱིས་མི་ཁོམས་བརྒྱད། །ཅེས་གསུངས་ཏེ། ཤིན་ཏུ་བླུན་ཞིང་རྨོངས་པའི་རིགས་ཅན། ཤེས་རབ་ཀྱི་སྣང་བ་ཅུང་ཟད་ཙམ་ཡང་མེད་པ་ཆོས་སྒོར་ཞུགས་ཁུལ་བྱས་ཀྱང་ཐོས་བསམ་སྒོམ་གསུམ་བྱེད་རྒྱུའི་སྐལ་བ་ཕྲ་བའོ། །རྨོངས་སོགས་ཞེས་སོགས་ཁོང་དུ། སྡིག་གྲོགས་དང་ཆོས་མིན་ལོག་པའི་ལམ་ལ་སོགས་པ་བསྟན་པས། དེ་ལྟ་བུའི་གློ་བུར་འཕྲལ་དང་འཕྲལ་དུ་ད་མེད་ཀྱང་ད་སླེབ་རྒྱུའི་འབྱུང་ཉེ་བའི་འཕྲལ་བྱུང་རྐྱེན་ངན་དང་བསྡོང་ནས་ཐར་ལམ་རྣམ་དག་བསྒྲུབ་མི་བཅུག་པའི་མི་ཁོམ་པ་རྣམ་པ་བརྒྱད་པོ། བདག་ལ་ཆོས་ཀྱི་འགལ་ཟླར་ལྷགས་པའི་ཚེ། །ཞེས་གསུངས་ཏེ། བདག་རང་ཉིད་ལ་ཆོས་ཀྱི་མི་མཐུན་ཕྱོགས་འགལ་བ་ཅན་གྱི་ཟླ་བོ་རུ་རྐྱེན་ངན་རང་ཁོང་ནས་བྱུང་བ། ལྷགས་ཞེས་པ་བྱུང་བའམ་ལྷགས་པ། དེ་ལྟ་བུ་གསར་དུ་བྱུང་བའི་ཚེ། དེའི་སྐབས་ལ་བདུད་ཀྱི་བཤེས་གཉེན་དང་འཕྲད་འདུག་བསམ་ན། ལྟ་སྤྱོད་རྣམ་པར་དག་པའི་བཤེས་གཉེན་ཟུར་ནས་བཙལ་ཏེ། དང་པོ་བརྟག བར་དུ་བསྟེན། ཐ་མ་དགོངས་སྤྱོད་བསླབ་པར་བྱ་བ་དང་། དུག་ལྔ་འཁྲུག་པ་ཡིན་ན། རབ་ཡིན་ན་རྟོག་ཚོགས་ཆོས་ཉིད་ཀྱི་ཀློང་དུ་བསྲེས་ནས་ཤར་གྲོལ་གྱི་ལམ་སྦྱང་བ་དང་། ཐ་ན་ཡང་འདོད་ཆགས་ཀྱི་གཉེན་པོ་མི་སྡུག་པ་བསྒོམ་རྒྱུ་དང་། ཞེ་སྡང་གི་གཉེན་པོ་བྱམས་པ་བསྒོམ་རྒྱུ་ཡན་ཆད་ཀྱིས་གཉེན་པོ་བརྟེན་དགོས། ལས་ངན་ཐོག་ཏུ་བབ་ན་སྡིག་སྒྲིབ་དག་བྱེད་དུ་བཤགས་སྡོམ་བྱེད་དགོས། ལེ་ལོས་གཡེང་བས་ཁྱེར་འདུག་བསམ་ན་བརྩོན་འགྲུས་རྩོམ། གཞན་ཁོལ་ལ་སོགས་པ་རང་དབང་བྲལ་བ་རེད་ཡོད་ན་བློ་ཐག་རང་གིས་བཅད། སྣ་ཐག་མགོ་ལ་མདུད་དགོས། འཇིགས་སྐྱོབ་ཀྱི་ཆོས་རེད་བསམ་ན་ངེས་འབྱུང་བཅོས་མིན་རྒྱུད་ལ་ཨེ་སྐྱེས་བལྟ་རྒྱུ་དང་། རང་ཉིད་ཆོས་ལྟར་བཅོས་པའི་ཚུལ་འཆོས་ཅན་རེད་འདུག་སྙམ་ན། ཚེ་འདིའི་ཞེན་པ་ཐོང་ཐབས་བྱེད། རྨོངས་པའི་གཞན་དབང་དུ་གྱུར་བའི་བླུན་པོ་རེད་འདུག་བསམ་ན་ཤེས་རབ་ཀྱི་ལྷ་ལ་གསོལ་བ་འདེབས་རྒྱུ་ལ་སོགས་པ་མདོར་ན་མཐུན་རྐྱེན་ཚང་བར་བྱ་དགོས་པ་རེད། དེ་ལྟ་བུའི་རྐྱེན་ངན་རང་ཐོག་ཏུ་བབ་ན། བློ་སྣ་ཆོས་ལ་སྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་སུ་མེད་དོ་དྲིན་ཆེན་བླ་མ་མཁྱེན། །ཞེས་གསུངས་ཏེ། བློ་སྣ་ལོག་ལམ་ནས་བཟློག་སྟེ་འདི་ཕྱི་རང་གཞན་གཉིས་ཕན་གྱི་དམ་པའི་ཆོས་བསྒྲུབ་རྒྱུའི་ཕྱོགས་ལ་སྒྱུར་བར་མཛོད་ཅིག་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་ཨོ་རྒྱན་གུ་རུ་རིན་པོ་ཆེ། ལམ་བྱང་ཆུབ་བསྒྲུབ་པའི་གནས་སྐབས་སུ་འདྲ་ཉེས་ནོར་དོག་གི་བཞི་མདོར་སླེབ་དུས། ཀུན་བྱེད་རྒྱལ་པོའི་རྒྱུད་ལས། བགྲོད་དུ་མེད་ལ་བགྲོད་པའི་གོལ་ས་བྱུང་། །དམིགས་མེད་བལྟས་པས་མ་མཐོང་སྒྲིབ་པ་བྱུང་། །ཞེས་གསུངས་པ་ལྟར་ལམ་གོལ་ནས་དམན་པའི་གནས་སུ་ལྷུང་དུ་མ་འཇུག་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཞེས་དང་། གཉིས་སུ་མེད་དོ་དྲིན་ཆེན་རྩ་བའི་བླ་མས་རང་རྒྱུད་ཆོས་དང་འདྲེས། དགོངས་པའི་ཞེ་ཕུགས་ཟིན་པར་བྱིན་གྱིས་རློབས་ཞེས་གསུངས་སོ། །དེ་ཡན་ཆད་ཀྱིས་འཕྲལ་བྱུང་རྐྱེན་གྱིས་མི་ཁོམ་པ་བརྒྱད་ལས་བཟློག་པའི་ཐབས་གསོལ་འདེབས་སྨོན་ལམ་ཐུགས་རྒྱུད་བསྐུལ་བ་དང་བཅས་པ་བསྟན་ཟིན་ཏོ།།

༢༽ རིས་ཆད་བློ་ཡི་མི་ཁོམ་རྣམ་པ་བརྒྱད།

རིས་ཆད་བློ་ཡི་མི་ཁོམ་རྣམ་པ་བརྒྱད་ནི། སྐྱོ་ཤས་ཆུང་ཞིང་དད་པའི་ནོར་དང་བྲལ། །འདོད་སྲེད་ཞགས་པས་བཅིང་དང་ཀུན་སྤྱོད་རྩུབ། །མི་དགེ་སྡིག་ལ་མི་འཛེམ་ལས་མཐའ་ལོག །སྡོམ་པ་ཉམས་ཤིང་དམ་ཚིག་རལ་བ་སྟེ། །རིས་ཆད་བློ་ཡི་མི་ཁོམ་རྣམ་པ་བརྒྱད། །བདག་ལ་ཆོས་ཀྱི་འགལ་ཟླར་ལྷགས་པའི་ཚེ། །ཞེས་ཤོ་ལོ་ཀ་ཕྱེད་དང་གཉིས་ཀྱིས་བསྟན། །དང་པོ་སྐྱོ་ཤས་ཆུང་ཞིང་དད་པའི་ནོར་དང་བྲལ། །ཞེས་གསུངས་ཏེ། ཇི་སྐད་དུ། འཁོར་བའི་སྐྱོན་རྣམས་མཐོང་ཡང་སྐྱོ་བ་ཅུང་ཟད་མེད། །དམ་པའི་ཡོན་ཏན་མཐོང་ཡང་དད་པ་ཅུང་ཟད་མེད། །ཅེས་པ་ལྟར་ངན་སོང་དང་འཁོར་བའི་ཉེས་དམིགས་གོ་ན་ཡང་སྐྲག་མི་ཤེས། ཚེ་འདིའི་སྡུག་བསྔལ་དང་ངན་སོང་གི་སྡུག་བསྔལ་དེ་ཚོ་ལ་འཇིགས་མི་ཤེས་ཤིང་སྡུག་བསྔལ་ལ་སྡུག་བསྔལ་ཡིན་པ་མ་གོ་བར་སྡུག་བསྔལ་ལ་བདེ་བར་འཛིན་པས་འདུ་ཤེས་འཁྲུལ་ནས། འཁོར་བ་ལས་ངེས་པར་འབྱུང་བའི་སེམས་པས་སྐྱོ་ཤས་ཆུང་ཞེས་གསུངས་པས་འཁོར་བར་ཞེན་ལོག་གི་ངེས་འབྱུང་མེད་པས་ཆོས་ལ་འཇུག་པའི་རྒྱུ་མེད་པ་དེ་དང་གཅིག དད་པའི་ནོར་དང་བྲལ་བ་ཞེས་པ་ཡང་དག་པའི་ཆོས་དང་བླ་མ་ལ་དད་པ་མེད་ན་དམ་པའི་ཆོས་ཀྱི་འཇུག་སྒོ་འགག་པ་ཡིན་ཏེ་སྒོ་མེད་ན་ནང་ལ་འཛུལ་ཐབས་མི་ལྡན་པ་སྒོ་མེད་ན་སྒོ་འགག་ནས་ཐར་བའི་ལམ་ལ་མི་ཚུད་པ་དང་། གཞན་ཡང་དད་པ་ནི་འཕགས་ནོར་བདུན་ལས་དང་པོ་ཡིན་པ་དེ་ལྟ་བུའི་དད་པའི་ནོར་དང་བྲལ་བའི་ལག་སྟོང་མ་དང་གཉིས། འདོད་སྲེད་ཞགས་པས་བཅིང་དང་ཞེས་པས། སྤྱིར་ན་འདོད་པའི་ཡུལ་ལྔ་དང་དེ་ལས་ཀྱང་ཁྱད་པར་དུ་ནོར་ལོངས་སྤྱོད་གཉེན་གྲོགས་སོགས་ལ་ཆགས་ཤིང་སྲེད་པ་བྱེད་པ། འདོད་སྲེད་ཀྱི་ཞགས་པ་དེ་འཆིང་བྱེད་ཀྱི་ཞགས་པ་དམ་པོ་ཞིག་ཡིན་ན། དེས་བཅིངས་པ་འདོད་པའི་ཡོན་ཏན་དེ་དག་ལ་ཞེན་ཅིང་ཆགས་ནས་དེ་ཁོ་ནས་མ་འགྲིག་པར་བསྡད་པས་ཆོས་བྱེད་ལོང་མེད་པ་དང་གསུམ། ཀུན་སྤྱོད་རྩུབ་ཅེས་པ་མི་གཞི་ངན་པའི་ཀུན་སྤྱོད་དེ་གཞན་ཕན་སྙིང་རྗེའི་དྲི་ཙམ་ཡང་མ་བྲོ་བས་རྩུབ་མོ་ཚེར་མ་ལྟ་བུ་ཞིག་ཡིན། དེ་འདྲ་དེ་དགེ་བའི་བཤེས་གཉེན་དང་འཕྲད་ཀྱང་བཅོས་དཀའ་སྟེ། ཡོན་ཏན་གསར་དུ་བསླབ་དུ་ཡོད་མོད་གཤིས་ངན་གྱི་གཤིས་བཅོས་དཀའ་ཞེས་གསུངས་པས་དེ་དང་བཞི། མི་དགེ་སྡིག་ལ་མི་འཛེམ་ཅེས་པ། སྒོ་གསུམ་གྱིས་མི་དགེ་སྡིག་པའི་ལས་བསགས་རྒྱུ་ལ་ཅི་མི་སྙམ་པས། སྡིག་པ་བསགས་པ་ལ་ཅི་ཡང་མི་འཛེམ་པའམ་འཛེམ་བག་མི་བྱེད་པ། སྒོ་གསུམ་ཉེ་བར་མ་ཞི་བའི་ལས་ངན། ལས་ནའང་། བཤད་ནའང་། བསམ་ནའང་། མི་དགེ་སྡིག་པའི་ལས་ཞིག་མ་གཏོགས་མེད་པའི་མི་ནག་ཕྱོགས་པ་དེ་ལྟ་བུ་ལ་ཡོན་ཏན་གྱི་ཆུ་མི་ཆགས་པས་ཆོས་ལས་ཕྱིར་ཕྱོགས་འགྲོ་བ་དེ་དང་ལྔ། ལས་མཐའ་ལོག་ཅེས་པ། དང་པོ་ཆོས་ལམ་དུ་ཞུགས་ཁུལ་བྱས་ཀྱང་རིམ་གྱིས་ཇེ་ངན་དང་ཇེ་ངན་ལས་མཐའ་ཐུར་ལ་ལོག་པས། ཆོས་ལ་སེམས་པའི་ཀ་ཆེན་དྲན་ཤེས་བཞིན་དང་བྲལ་ནས། མི་དགེ་སྡིག་སྤྱོད་ཀྱིས་ཐེབས་པས་ཕལ་བ་ལས་ཀྱང་ཐུ་བའི་སྤྱོད་ངན་ཅན་ལ་འབྱུང་བ་དང་དྲུག སྡོམ་པ་ཉམས་ཤིང་དམ་ཚིག་རལ་བ་སྟེ། །ཞེས་པ་ཕྱི་སོ་ཐར་གྱི་ལམ་ལ་ཞུགས་ནས་སོ་ཐར་རིགས་བདུན་གྱི་སྡོམ་པ་དགེ་བསྙེན་ཕ་མ་གཉིས་དགེ་ཚུལ་ཕ་མ་གཉིས་ལ་སོགས་པ་དག་གི་སྡོམ་པ་ཞུས་ནས་དེ་དག་གི་བསླབ་བྱ་དང་འགལ་བ། ནང་བྱང་སེམས་སྲོལ་གཉིས་ཀྱི་ཆོ་ག་ཟབ་མོ་ལྟ་ལུགས། རྒྱ་ཆེན་སྤྱོད་སྲོལ་གཉིས་ཀ་གང་གི་སྒོ་ནས་བླངས་ཡོད་ཀྱང་དེའི་བསླབ་པ་མདོར་བསྡུ་ན་སྡོམ་སྡུད་དོན་བྱེད་ཀྱི་ཚུལ་ཁྲིམས་ཀྱི་རྣམ་བཞག་དང་ཕྱིན་ཅི་ལོག་ཏུ་གྱུར་ནས་ཚུལ་ཁྲིམས་ཉམས་པ་དང་བདུན། གསང་སྔགས་ཀྱི་ཆོས་སྒོར་ཞུགས་ནས། རྒྱུད་སྨིན་པར་བྱེད་པ་དབང་གི་ཆུ་བོ། གྲོལ་བར་བྱེད་པ་གདམས་ངག་གི་རིམ་པ་མང་པོ་ཐོབ་ན་ཡང་དེའི་བསྲུང་བྱ་དམ་ཚིག་མ་བསྲུང་བར་བླ་མ་དང་མཆེད་གྲོགས་ལ་འགལ་བ་ལ་སོགས་པ། ཕྱི་ནང་གསང་བའི་དམ་ཚིག་ཉམས་པ་སྟེ། དམ་ཚིག་ལ་ཡང་འགལ་ཉམས་འདས་རལ་བཞིའི་དབྱེ་བ་ཡོད་པ་ལས། རལ་བ་ནི་ཐམས་ཅད་ལས་ཐ་ཆད་པ་སྟེ། རལ་ན་རང་གི་སྲོག་གིས་གསོ་བར་བཤད། །ཅེས་གསོ་དཀའ་བའི་ཚད་ལ་བཞག་པ་དང་བརྒྱད་པོ་དེ་ལ། རིས་ཆད་བློ་ཡི་མི་ཁོམ་རྣམ་པ་བརྒྱད། །ཅེས་གསུངས་ཏེ། དམ་པའི་ཆོས་ལ་གནས་ནས་ཕན་བདེའི་སྒོ་འཕར་ལ་ཚུད་པའི་སྡེ་རིས་ལས་རིས་སུ་ཆད་པའམ་དེ་ལས་རྒྱང་རིང་དུ་སོང་བ། དེའི་ཕྱོགས་ལ་མེད་པ་ཐར་བའི་གསལ་སྒྲོན་རང་རྒྱུད་ནས་ནུབ་སོང་བའི་ལམ་གོ་ཆོད་བྱེད་ཀྱི་སྣང་བ་མེད་པ་བློའི་འཇུག་པ་ལས་སུ་མི་རུང་བའི་མི་ཁོམ་པ་རྣམ་པ་བརྒྱད་པོ་དེ། བདག་ལ་ཆོས་ཀྱི་འགལ་ཟླར་ལྷགས་པའི་ཚེ། །ཞེས་བདག་གིས་ཆོས་བསྒྲུབ་པའི་འགལ་རྐྱེན་ལ་དེ་ལྟ་བུ་གློ་བུར་དུ་བྱུང་ནས་ལྷགས་པའི་ཚེ་སྟེ་དེ་དང་འཕྲད་བཞིན་འདུག་བསམ་ན་རང་གི་རྒྱུད་ལ་བརྟགས་དཔྱད་བཏང་སྟེ་ནང་རེ་བཞིན་དུ་དམ་བཅའ་རེ་བྱས་ཏེ་དེ་ལྟར་མི་ཁོམ་པ་བྱུང་བ་ལ་གཟབ། ཐུན་རེ་བཞིན་དུ་བརྟགས་དཔྱད་བྱས་ན་མ་བསམ་ས་ནས་དེ་ལྟ་བུ་བྱུང་ཡོད་མེད་རང་གི་རྒྱུད་ལ་རང་གིས་རྟོག་ཞིབ་བྱེད་དགོས་པ་རེད། གལ་ཏེ་སྐྱོ་ཤས་ཆུང་འདུག་བསམ་ན་འཁོར་བའི་སྡུག་བསྔལ་རང་ཐོག་ཏུ་བླངས་ཏེ་སྐྱོ་བ་བསྐྱེད་དགོས། དད་པ་མེད་པ་དང་དད་པ་ཞན་འགྲོ་འདུག་བསམ་ན། ཡུལ་གོང་མའི་ཡོན་ཏན་ལ་བསམ་ནས་དད་པའི་བློ་བསྐྱེད་དགོས། འདོད་སྲེད་ཆགས་ཞེན་སོགས་དོས་དྲག་ཆེ་བ་དེའི་དབང་དུ་ཤོར་བས་དེ་ལས་སྡུག་མི་འདུག་བསམ་ན། འདོད་ཡོན་སྒྱུ་མ་རྨི་ལམ་ལ་བལྟས་ནས་ཆགས་ཞེན་གྱི་འཁྲི་བ་བཅད། རང་ཉིད་ཀྱི་ཀུན་སྤྱོད་དེ་གཤིས་ངན་གདུག་པ་ཅན་གཟེ་མ་ར་འགོ་འདྲ་ཞིག་རེད་འགྲོ་འདུག་བསམ་པའི་སྣང་བ་ཤར་ན། རང་ཐད་ལ་བཞག་ནས་རང་སྐྱོན་ཤེས་པར་བྱེད་དགོས། ཞི་དུལ་བག་ཡོད་ལྡན་པས་རང་སེམས་རང་གིས་བཏུལ་ནས། རང་གིས་རང་ལམ་ལ་བཞག མི་དགེ་སྡིག་ལས་ལ་འཛེམ་བག་མེད་པའི་གཉེན་པོར་ དགེ་ལ་སྤྲོ་བའི་སེམས་ཤུགས་དམ་པ་གོང་མའི་རྣམ་ཐར་བཞིན་དུ་བྱས་ནས་རང་གིས་རང་ཉིད་བག་ཡོད་བྱེད་པའི་ཐབས་ལ་འབད་དགོས། ལས་མཐའ་ལོག་ཉེན་ཆེ་བས་འདི་ལྟར་བྱས་ཚེ་སྐྱེ་བོ་ཕལ་བ་ཞིག་ལས་ཀྱང་ཐབས་སྡུག་པའི་ཉེན་ཁ་ཡོད་བསམ་ན། དམ་པའི་ཆོས་ཕྱོགས་ལ་འདུན་པ་བསྐྱེད་ནས་ཡོན་ཏན་སྣ་རེ་ཡིན་ཡང་ཡར་ལྡན་གྱིས་རྒྱུད་ལ་བསྟེན་དགོས། སྡོམ་དམ་ཚིག་དང་འགལ་འདུག་བསམ་ན། དེའི་ཉེས་དམིགས་རྣམས་དྲན་པར་བྱས་ནས། དག་སྣང་ཆོས་དང་བླ་མ་ལ་སྦྱང་། རང་གི་ཉེས་སྐྱོན་གྱི་མཚང་གཏིང་ནས་བཏོན་ཏེ། བཤགས་སྡོམ་གྱི་སྟེང་ནས་གནང་བཀག་གི་གནས་ཐམས་ཅད་ལ་ཚུལ་བཞིན་དུ་ལག་ལེན་ལ་ཐེབས་པ་ཞིག་ཨེ་འོང་མི་འོང་དང་ཆེ་འོང་ཆུང་འོང་གིས་ཉིན་རེ་བཞིན་དུ་འོང་ཐབས་ལ་རང་ཉིད་ཀྱིས་འབད་པ་དང་། དེ་བཞིན་དུ་བླ་མ་དཀོན་མཆོག་ལ་གསོལ་བ་འདེབས་པ་ནི། བློ་སྣ་ཆོས་ལ་སྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་སུ་མེད་དོ་དྲིན་ཆེན་བླ་མ་མཁྱེན། །ཞེས་གསུངས་ཏེ། དེ་ལྟར་རིས་ཆད་བློ་ཡི་མི་ཁོམ་པ་འབྱུང་བ་དང་བྱུང་ན་དེ་ལས་ལྡོག་པ་ཞིག་གུ་རུ་པདྨ་འབྱུང་གནས་ཁྱེད་མཁྱེན། བློ་སྣ་ཆོས་ཀྱི་ཕྱོགས་ལ་བར་ཆད་མེད་པར་སྒྱུར་བར་མཛོད་ཅིག ཡང་དེ་ལྟ་བུའི་དབང་དུ་ཤོར་ནས་ལམ་ལོག་པ། ལམ་གོལ་བ། ལམ་དམན་པའི་ཕྱོགས་ལ་མ་གཏོང་རོགས་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཁྱེད་མཁྱེན། ཐུགས་མཁྱེན་བརྩེའི་བདག་ཉིད་གུ་རུ་དང་ཀློང་ཆེན་པ་གཉིས་སུ་མེད་པའམ་རྒྱལ་བ་ཀུན་དང་གཉིས་སུ་མེད་པའི་དྲིན་ཆེན་རྩ་བའི་བླ་མ་ཁྱེད་མཁྱེན་ཞེས་གསུངས། དེའང་ངག་འདོན་འདིའི་ཞལ་སྐོང་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་མཛད་པ་ཡིན་པས་གཉིས་སུ་མེད་དོ་དྲིན་ཆེན་བླ་མ་མཁྱེན་གསུངས་པ་དེ། ཀུན་མཁྱེན་འཇིགས་མེད་གླིང་པ་ལ་གཙོ་བོ་གསུངས་པ་རེད། འོན་ཀྱང་ང་ཚོས་བརྒྱུད་གསུམ་བླ་མའི་ཞལ་སྐྱིན་བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མ་ལ་མོས་པ་གཏད་ན་དགོངས་ཀློང་རོ་གཅིག་པ་ཡིན་པས་བླ་མ་ལ་གསོལ་བ་བཏབ་པས། སྐྱབས་གསུམ་རྩ་གསུམ་ཀུན་འདུས་ཀྱི་ངོ་བོ་དཀོན་མཆོག་གསུམ་ཀུན་འདུས་རྩ་བ་གསུམ་ཀུན་འདུས་ཀྱི་ངོ་བོ་བླ་མ་ཡིན་པས། དེ་ལ་གསོལ་བ་བཏབ་ན་ཆོག་པ་ཡིན་ནོ། །དེ་ཡན་ཆད་ཀྱིས་ཐུན་མོང་ཕྱིའི་སྔོན་འགྲོའི་ཁྲིད་རྐང་དྲུག་གི་དང་པོ་དལ་འབྱོར་རྙེད་དཀའི་ཁྲིད་སོང་ལ། ཁྲིད་རྐང་འདི་ཐུན་དུ་བཅད་ནས་སྒོམ་པའི་དུས་སུ། དང་པོ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་མགོ་བཟུང་ནས་དངོས་གཞི་དལ་འབྱོར་རྙེད་དཀའ་སྒོམ་དུས་བསམ་བློ་ནང་ལ་བཀུག་ནས། ངས་ད་རེས་དལ་འབྱོར་བཅོ་བརྒྱད་ཚང་བའི་ལུས་རྟེན་ཞིག་རྙེད་ཡོད་པ་འདི། དབུལ་པོ་རྒྱུ་མེད་ཞིག་གིས་ཡིད་བཞིན་གྱི་ནོར་བུ་ཅི་བསམ་འགྲུབ་པ་ཞིག་རྙེད་པ་ལས་ལྷག་པའི་དགའ་བ་ཞིག་ཡིན་ཏེ། ཡིད་བཞིན་གྱི་ནོར་བུས་ཅི་བསམ་འགྲུབ་ཟེར་བ་དེ་ཚེ་འདིའི་འདོད་དོན་ཙམ་ཞིག་རེད། དལ་འབྱོར་གྱི་ལུས་རྟེན་འདིའི་སྟེང་ནས་འཁོར་བ་ཐོག་མེད་ཀྱི་དུས་ནས་ད་ལྟའི་བར་ལ་འགྲུབ་མ་མྱོང་བའི་ཚེ་གཅིག་གཏན་གྱི་བདེ་བ་བསྒྲུབ་ཆོག་པས། འདི་འཕྲོ་བརླག་ཏུ་མི་གཏོང་བར་དལ་འབྱོར་བཅོ་བརྒྱད་པོ་ཚང་བ་མ་ཟད། འཕྲལ་བྱུང་རྐྱེན་གྱིས་མི་ཁོམ་པ་བརྒྱད་དང་རིས་ཆད་བློ་ཡི་མི་ཁོམ་པ་བརྒྱད་དེ་བརྒྱད་གཉིས་བཅུ་དྲུག་པོའི་རྐྱེན་གྱིས་བརྫུ་མི་བཅུག་པར། དལ་འབྱོར་གྱི་ཆོས་སོ་བཞི་པོ་ཚང་བ་ཞིག་བྱས་ཏེ། རང་གཞན་གྱི་དོན་ལ་ཐར་ལམ་བྱང་ཆུབ་བསྒྲུབ་དགོས་བསམ་པའི་འདུན་པ་སྤྲོ་སེམས་དང་བཅས་པ་བསྐྱེད་དགོས་པ་རེད། འདི་ལྟ་བུའི་རྙེད་པར་དཀའ་བའི་དལ་འབྱོར་གྱི་རྟེན་བཟང་འདི་ཆུད་ཟ་རུ་མི་བཅུག་པར། རྣམ་གཡེང་ལེ་ལོའི་རྐུན་པོ་དང་ལག་ཅིག་རྩོད་ནས་ཆོས་བསྒྲུབ་པའི་གྲུབ་འབྲས་ལག་ཏུ་ལོན་པ་ཞིག མགྱོགས་མྱུར་དུ་བྱེད་དགོས་བསམ་པའི་དམ་བཅའ་དང་བཅས་ཏེ། དལ་འབྱོར་གྱི་ཆོས་ལ་བསམས་ཏེ་དཔྱད་སྒོམ་དང་། དེ་ནས་དཔྱད་ཅིང་དཔྱད། བརྟགས་ཤིང་བརྟག་ན་སེམས་ཐང་ཆད་ནས་རྟོག་པ་ཡུལ་ལ་མ་འཕྲོ་ན། སྐབས་དེར་འདས་པའི་རྗེས་མི་གཅོད། མ་འོངས་པའི་སྔོན་མི་བསུ། ད་ལྟའི་འཕྲོ་མི་མཐུད་པར་བཅས་བཅོས་མི་བྱེད་པའི་ཐོག་དེར་བཞག་ནས་འཇོག་སྒོམ་བྱེད་དགོས། ཡང་རྣམ་རྟོག་འཕྲོ་མཐུད་བྱུང་ན་དངོས་གཞིའི་སྒོམ་དོན་ལ་དཔྱད་སྒོམ་བྱས་ཏེ། དཔྱད་འཇོག་སྤེལ་མ་བྱེད་རྒྱུ་ནི་འདི་མན་ཆད་ཀྱི་ཐུན་ཚང་མ་ལ་འདྲ་འདྲ་སྟེ་གཅིག་མཚུངས་ཡིན་པ་རེད། དེ་ནས་ཐུན་གྱི་མཇུག་ཏུ་དགེ་བ་སེམས་ཅན་གྱི་དོན་ལ་བསྔོ་དགོས་སོ།།

ཁ ཚེ་མི་རྟག་པའི་ཁྲིད།

དང་པོ་མི་རྟག་ཚུལ་སྤྱིར་བསྟན་པ།

ད་ནི་ས་བཅད་གཉིས་པ་ཚེ་མི་རྟག་པའི་ཁྲིད་བཤད་པ་ལ། འདི་ལ་སྔོན་འགྲོའི་ཁྲིད་རྒྱས་པ་ལས། ཕྱི་སྣོད་ཀྱི་འཇིག་རྟེན་ལ་བསམས་ཏེ་མི་རྟག་པ་བསྒོམ་པ། ནང་བཅུད་ཀྱི་སྐྱེ་འགྲོ་ལ་བསམས་ཏེ་མི་རྟག་པ་བསྒོམ་པ། དམ་པའི་སྐྱེས་བུ་ལ་བསམས་ཏེ་མི་རྟག་པ་བསྒོམ་པ། སྐྱེ་དགུའི་བདག་པོ་ལ་བསམས་ཏེ་མི་རྟག་པ་བསྒོམ་པ། ནམ་འཆི་ཆ་མེད་ལ་བསམ་པ། དཔེ་དོན་སྣ་ཚོགས་ལ་བསམ་པ་སྟེ་ས་བཅད་དྲུག་གིས་བསྟན་མོད་འདིར་ངག་འདོན་གྱི་ཚིག་ལ། ད་ལྟ་ནད་དང་སྡུག་བསྔལ་གྱིས་མ་གཟིར། །བྲན་ཁོལ་ལ་སོགས་གཞན་དབང་མ་གྱུར་པའི། །རང་དབང་ཐོབ་པའི་རྟེན་འབྲེལ་འགྲིག་དུས་འདིར། །སྙོམ་ལས་ངང་དུ་དལ་འབྱོར་ཆུད་གསོན་ན། །འཁོར་དང་ལོངས་སྤྱོད་ཉེ་དུ་འབྲེལ་བ་ལྟ། །ལྟ་ཅི་གཅེས་པར་བཟུང་བའི་ལུས་འདི་ཡང་། །མལ་གྱི་ནང་ནས་ས་ཕྱོགས་སྟོང་པར་བསྐྱལ། །ཝ་དང་བྱ་རྒོད་ཁྱི་ཡིས་འདྲད་པའི་དུས། །བར་དོའི་ཡུལ་ན་འཇིགས་པ་ཤིན་ཏུ་ཆེ། །ཞེས་ཤོ་ལོ་ཀ་གཉིས་དང་རྐང་པ་གཅིག་གིས་ཚེ་མི་རྟག་པའི་ཁྲིད་བསྟན་པ་ཡིན་ན། འདིའི་དོན་གྱི་ཐད་ནས་ཞིབ་ཕྲ་བྱས་ཏེ་བསམ་བློ་ཞིག་བཏང་ན། དང་པོ་ཕྱི་སྣོད་ཀྱི་འཇིག་རྟེན་ལ་བསམ་བློ་བཏང་ན། གླིང་བཞི་རི་རབ་ལྷ་གནས་དང་བཅས་པ་སྲ་ཞིང་འཐས་པ་བསྐལ་པའི་བར་དུ་གནས་པ་འདི་ཡང་མི་རྟག་ནས་མཐར་མེ་བདུན་ཆུ་གཅིག་གིས་འཇིག་ནས་ཐལ་བ་ཙམ་ཡང་མི་ལུས་པ་ཞིག་ཡིན། དེས་ན་ང་ཚོའི་ལུས་ཉམ་ཆུང་ནམ་ཟླ་སྟོན་མཇུག་གི་སྦྲང་མ་ལྟ་བུ་འདི་ལ་རྩ་བ་ཅི་ཡོད་བསམ་ནས་སེམས་ལ་སྐྱོ་བ་བསྐྱེད་དགོས་པ་རེད། ཡང་ནང་བཅུད་ཀྱི་སེམས་ཅན་ལ་བསམ་བློ་བཏང་ན། དེ་ལྟར་དུ་མཐོ་སྲིད་པའི་རྩེ་མོ་ནས་དམའ་དམྱལ་བ་མནར་མེད་ཀྱི་སེམས་ཅན་ཡན་ཆད། སྐྱེས་ནས་འཆི་བ་ལས་ཐར་སོང་བ་གཅིག་ཀྱང་ད་སྔོན་ཡོད་མ་མྱོང་། ད་ལྟ་ཡོད་མི་སྲིད། ཁྱད་པར་དུ་རང་ཅག་འཛམ་བུ་གླིང་པའི་མིའི་ཚེ་ལ་ངེས་པ་མེད། དེའི་ནང་ནས་དུས་ཀྱི་དབང་གིས་ཚེ་སྙིགས་མའི་སྐབས་ལ་ཁེལ་ན། ཤི་བསམ་ཡིད་ལ་མེད་པ་ནས་འཆི་བ་མང་བ་དེས་ན། ལེ་ལོ་དང་ཕྱི་བཤོལ་གྱི་དབང་དུ་མི་གཏོང་བར་འཆི་ཁར་ཕན་ངེས་ཤི་ཡང་མི་འགྱོད་པའི་དམ་པའི་ཆོས་ཤིག་བསྒྲུབ་ནས་འགྲུབ་དགོས་བསམ། དམ་པའི་སྐྱེས་བུ་ལ་བསམས་ཏེ་མི་རྟག་པ་བསྒོམ་པའི་ཐད་ནས་བསམ་བློ་བཏང་ན། སྔར་གྱི་དུས་སུ་བྱོན་པའི་སངས་རྒྱས་རབས་བདུན། བསྐལ་བ་འདི་ལ་མཚོན་ན་རྣམ་འདྲེན་རྣམ་པ་བཞི་འཁོར་དགྲ་བཅོམ་ཉན་ཐོས་ཀྱི་ཚོགས་དང་བཅས་པ་བསམ་གྱིས་མི་ཁྱབ་པ་ཞིག་བྱོན་ནས་གདུལ་བྱ་དཔག་ཏུ་མེད་པའི་དོན་མཛད་པ་ཡིན་ན། རྡོ་རྗེའི་སྐུ་བརྙེས་པ་དེ་ཚོ་ཡིན་ཡང་སེམས་ཅན་རྟག་འཛིན་ཅན་རྣམས་ཀྱི་ངོ་ལ་སྐུ་མྱ་ངན་ལས་འདའ་བའི་ཚུལ་བསྟན། དེ་དང་འདྲ་བར་དེའི་རྗེས་སུ་བྱོན་པའི་འཕགས་ཡུལ་གྱི་རྒྱན་དྲུག་མཆོག་གཉིས། གྲུབ་ཆེན་བརྒྱད་ཅུ། བོད་གངས་ཅན་གྱི་ཡུལ་ནས་ཡིན་ན། མཁན་སློབ་ཆོས་གསུམ། རྗེ་འབངས་ཉེར་ལྔ། ས་སྐྱའི་གོང་མ་རྣམ་ལྔ། རྙིང་མའི་རོང་ཀློང་རྣམ་གཉིས། བཀའ་བརྒྱུད་པའི་ཕྱོགས་ནས་མར་མི་དྭགས་གསུམ། བཀའ་གདམས་གསར་རྙིང་གི་ཐད་ནས་ཇོ་བོ་ཡབ་སྲས་དང་རྗེ་ཡབ་སྲས་ལ་སོགས་པ་མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་བུ་ཅི་ལྟར་མང་པོ་བྱོན་ནས། མཆོག་དང་ཐུན་མོང་གི་དངོས་གྲུབ་བརྙེས། འབྱུང་བ་བཞི་ལ་རང་དབང་ཐོབ། མངོན་ཤེས་དང་རྫུ་འཕྲུལ་ཐོགས་པ་མེད་པ་དེ་ཚོ་ཡང་མཐར་མི་རྟག་པའི་ངང་ཚུལ་ལས་མ་འདས་པའི་ཚུལ་བསྟན་ནས་ད་ལྟའི་སྐབས་སུ་ལོ་རྒྱུས་རྣམ་ཐར་མཇལ་བ་ཙམ་མ་གཏོགས་མེད་པ་འདི་ལྟར་ཡིན་ན། ང་རང་ཚོའི་ལུས་ལས་ངན་གྱི་རྒྱུ་བྱས་རྐྱེན་ངན་གྱི་རླུང་གིས་དེད། བག་ཆགས་ངན་པས་མཚམས་སྦྱར་བའི་གདོས་བཅས་མི་གཙང་བའི་ཕུང་པོ་ཞིག་ལ་རྣམ་ཤེས་ཀྱི་རྒྱུན་བརྟེན་པ་ཙམ་ལ་བརྟན་པ་ཞིག་ཅི་ལ་ཡོད་དེ། བེམ་ཤེས་གཉིས་པོ་ཉི་མ་ཁ་ཤས་ལ་འབྲེལ་བའི་ལུས་འདི་ལ་ནམ་འཇིག་གི་ངེས་པ་དང་། བེམ་ཤེས་གཉིས་པོ་ཐོ་སྟེང་དུ་བྱ་བབས་པ་ལྟ་བུ་འདི་ལ་ནམ་འབྲལ་གྱི་ངེས་པ་ཡོད་པ་མ་རེད། སྐྱེ་དགུའི་བདག་པོ་ལ་བསམ་སྟེ་མི་རྟག་པ་བསྒོམ་ཚུལ་གྱི་ཐད་ལ་ཡང་། སྐྱེ་དགུའི་བདག་པོ་ཟེར་བ་ལྷ་ཆེན་ཚངས་པ་ལ་སོགས་པ་ཚེ་རིང་པོ་བསྐལ་བའི་བར་ཐུབ་པ། སྟོབས་འབྱོར་བ་གཟི་བརྗིད་མངའ་ཐང་ཕུན་སུམ་ཚོགས་པའི་ལྷ་དང་དྲང་སྲོང་རྣམས་ཀྱང་མཐར་འཆི་བའི་གནས་ལས་ཐར་བ་མེད་དེ། ཡོན་ཏན་མཛོད་ལས། ཚངས་དབང་བདེ་འབྱུང་འཁོར་ལོས་སྒྱུར་རྣམས་ཀྱང་། །འཆི་བདག་སྡེ་ལས་བཟུར་བའི་ཐབས་མི་བསམ། །ཞེས་གསུངས་པས། དེ་དག་ལ་བལྟས་ན་ང་ཚོའི་ལུས་ལོངས་སྤྱོད་འདི་ཚོ་སྦྲང་མའི་སྦྲང་ཚང་ལྟ་བུ་ཡིན་པས་དེ་བས་ཀྱང་རྟག་བརྟན་ཡོད་པ་མ་ཡིན་ནོ། །ཡང་ནམ་འཆི་ཆ་མེད་ཀྱི་ཚུལ་ལ་བསམ་བློ་བཏང་ན། རང་ཅག་འཛམ་གླིང་གི་མི་ལ་ཚེ་ཚད་འདི་རེད་ཅེས་གཏན་ཁེལ་བ་ཞིག་མེད། ནམ་འཆི་དང་གར་འཆི། འདི་ནས་འདི་ལྟར་འཆི། འཆི་རྐྱེན་འདི་ཡིན་ཟེར་བ་ཞིག་སུས་ཀྱང་ཤེས་པ་མ་རེད། གཞན་ཡང་འཚོ་རྐྱེན་ནི་ཉུང་ཞིང་འཆི་རྐྱེན་ནི་མང་བས། འཚོ་རྐྱེན་ཡིན་བསམ་པ་རྣམས་འཆི་རྐྱེན་རེད་འགྲོ་བ་གང་མང་མང་ཡིན་ཏེ། འཆི་བའི་རྐྱེན་ནི་ཤིན་ཏུ་མང་། །འཚོ་བའི་རྐྱེན་ནི་ཤིན་ཏུ་ཉུང་། །དེ་ཡང་འཆི་བའི་རྐྱེན་དུ་འགྱུར། །ཞེས་ཨཪྱཱ་དེ་བས་གསུངས་པ་ལྟར་འཆི་རྐྱེན་དེ་ལྟ་བུ་མང་། འཆི་བ་གློ་བུར་བ་ནམ་ཐོན་མི་ཤེས་ལུགས་ལ་བསམ་བློ་བཏང་ན། དེ་རིང་གློ་བུར་ཤི་ནས་སང་ཉིན་ད་ཚོད་ཙམ་ན་འབུ་སྲིན་ཉམས་ཐག་གི་ལུས་བླངས་ནས་བསྡད་མེད་སུས་ཟེར་ཚོད་ཐིག དེ་ཚོ་ལ་བསམ་བློ་བཏང་ནས་ནམ་འཆི་ཆ་མེད། གར་སྐྱེ་ངེས་མེད་ལ་ཡིད་ཆེས་བྱས་ནས་སྙིང་པོའི་ལྷ་ཆོས་ལ་འབད་དགོས་པ་རེད། ཡང་དཔེ་དོན་སྣ་ཚོགས་ཀྱི་སྒོ་ནས་མི་རྟག་པ་སྒོམ་ལུགས་ཀྱི་དབང་དུ་བྱས་ན་ཡང་། མདོ་རྒྱ་ཆེར་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཁའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །སྐྱེས་བུའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །ཞེས་གསུངས་པ་ལྟར། ས་འོག་ས་སྟེང་ས་བླའི་འགྲོ་བ་ཁམས་གསུམ་སྲིད་པ་གསུམ་པོ་འདི་མི་རྟག་པའི་ཚུལ་ལ་བསམ་ན། ནམ་ཟླ་སྟོན་ཁའི་དུས་ཀྱི་ནམ་མཁའི་སྤྲིན་དཀར་གྱི་ཕུང་པོ་ལྟ་བུ། ད་ལྟ་མཛེས་ཀྱང་ད་ལྟ་རླུང་གིས་གཏོར་ནས་མེད་འགྲོ་བ་བཞིན་དུ་ཕྱིའི་རྟེན་གཞི་རི་རབ་ཁང་ཁྱིམ་མི་རྟག སྤྱིར་བསྐལ་བའི་འཕེལ་འགྲིབ། བྱེ་བྲག་ནམ་ཟླ་དུས་བཞིའི་འགྱུར་བ་མི་རྟག ནང་དེ་ལ་བརྟེན་པའི་ཡུལ་གྲོང་དགོན་སྡེ། མི་རྣམས་ཀྱི་ནང་ནས། མཐོན་པོའི་ཐོབ་མི་རྟག ཕྱུག་པོའི་རྒྱུ་མི་རྟག མཛེས་པའི་ལང་ཚོ་མི་རྟག་སྟོབས་དང་འབྱོར་བ་ཅི་ཡང་མི་རྟག་པ་མཐོང་ཆོས་མངོན་སུམ་ལ་མཐོང་རྒྱུ་ཡོད་པ་འདི་ཡིན། ལུས་ཆུ་ཡི་ཆུ་བུར་དང་འདྲ་སྟེ་ད་ཡོད་ཀྱང་ད་མེད། ངག་བྲག་ཆའི་སྒྲ་དང་མཚུངས་ཏེ་ཕྱི་ནང་བར་གསུམ་གང་དུ་བཙ་ཀྱང་མི་རྙེད། སེམས་རྣམ་རྟོག་རླུང་གི་འཁོར་ལོ་དང་འདྲ་སྟེ་སྐད་ཅིག་སྐད་ཅིག་གིས་འགྱུར་འགྲོ། མདོར་ན་སྐྱེ་བ་ཐམས་ཅད་འཆི་བའི་རང་བཞིན། བསགས་པ་ཐམས་ཅད་ཟད་པའི་རྒྱུ་རྐྱེན། འདུས་པ་ཐམས་ཅད་འབྲལ་བའི་ཆོས་ཉིད་ཡིན་ལ། ཚེ་ཕར་ཟད་པ་དེ་ནམ་མཁའི་གློག་འདྲ་སྟེ་མྱུར་ཞིང་འགྲོ་མགྱོགས་པ་ཞིག་ཡིན། འཆི་བ་ཚུར་ལ་ཉེ་བ་དེ་རི་གཟར་མོའི་རྦབ་རྡོ་ཐུར་དུ་འདྲིལ་བ་ལྟར་སྐད་ཅིག་ཙམ་ལ་ཡང་མི་འདུག་པར་ཐག་ཇེ་ཉེ་རུ་གཅར། གློ་བུར་མ་བསམ་ས་ནས་འཆི་བདག་ལ་གདོང་ཐུག་བརྒྱབ་དུས། གཅེར་བུ་གོས་མེད་ལག་སྟོང་ནོར་མེད་དུ། གཉེན་གྲོགས་ནོར་རྫས། གནས་ཁང་གནས་མལ་ཐམས་ཅད་སྐྱུར་མི་བྲ་བཞིན་དུ་འབྲལ། མར་གྱི་དཀྱིལ་ནས་སྤུ་བཏོན་པ་དང་ལུག་ཁྱུའི་ནང་ནས་བཤས་ལུག་བཟུང་བ་ལྟར་ཁེར་བུ་སྐྱབས་མེད་མགོན་མེད་དུ་འགྲོ་དགོས་རྒྱུ་ལ་འདང་ཞིག་བརྒྱབ་ན། གཉིད་བསྡད་ཡོད་ན་ཚ་སད་བྱེད་དགོས་པ་ཞིག་དང་། བསྡད་ཡོད་ན་ལང་དགོས་པ་ཞིག ལམ་ལ་འགྲོ་བཞིན་པའི་ཚེ་འགྲོ་འཕྲོ་བཞག་ནས་བལྟས་སྡོད་དགོས་པ་ཞིག བྱ་བ་ལས་བཞིན་ཡོད་ན་ལས་འཕྲོ་བཞག་ནས་དོན་ཆེན་གཅིག་པོ་འཆི་བའི་ཕྱོགས་ལ་བློ་མ་འཁོར་ན་གླེན་པའི་ནང་ནས་གླེན་པ་དམུ་གབ་ཆེན་པོ་ཞིག་གིས་བཏུམས་ནས་བསྡད་ཡོད་པ་ཤེས་ནས་རྨོངས་གཉིད་ལས་སད་དགོས།

གཉིས་པ་གཞུང་དོན་བྱེ་བྲག་ཏུ་བཤད་པ།

དེ་ལྟ་བུའི་མི་རྟག་པའི་ཚུལ་སྣ་ཚོགས་ལ་བསམ་ན། ད་ལྟ་ནད་དང་སྡུག་བསྔལ་གྱིས་མ་གཟིར། །ཞེས་གསུངས་པ། ཚེ་འདི་མི་རྟག་ནམ་མཁའི་འཇའ་ཚོན་རེད། ལུས་འདི་མི་རྟག་བར་སྣང་གི་གློག་ལྟ་བུ་ཞིག་ཡིན་ན་ཡང་། ད་ལྟའི་སྐབས་འདིར་རླུང་མཁྲིས་བད་ཀན་ལ་སོགས་པའི་འདུ་བའི་ནད་དང་། འགོས་ནས་གཅིག་གིས་གཅིག་ལ་མཆེད་པའི་འགོས་པའི་ནད་རིགས་ལ་སོགས་པ་ཚེ་སྲོག་གི་རྒྱུན་ཐག་གཅོད་བྱེད་ཀྱི་སྟྭ་རེ་ལྟ་བུའི་གནོད་པ་མེད་པས་དེ་ཚོས་མ་གཙེས་པ་དང་ནི། བཀྲེས་སྐོམ་ཚ་གྲང་ལ་སོགས་པའི་སྡུག་བསྔལ་དྲག་པོའི་ཚོར་བས་ཀྱང་མ་གཟིར་བ། བྲན་ཁོལ་ལ་སོགས་གཞན་དབང་མ་གྱུར་པའི། །ཞེས་གསུངས་པ། གཞན་གྱིས་བསླུ་ཐབས་ངན་པས་དབང་མེད་དུ་ཁྲིད་སོང་བ་ལ་སོགས་པ་གཞན་དབང་ཉིད་དུ་མ་གྱུར་པས་ན། རང་དབང་ཐོབ་པའི་རྟེན་འབྲེལ་འགྲིགས་དུས་འདིར། །ཞེས་གསུངས་པས་རང་ཉིད་ཀྱི་ལུས་སེམས་གཉིས་པོ་ལ་རང་དབང་རང་ལ་ཡོད། རང་གི་ཅི་བྱེད་ཀྱི་དབང་ཆ། དབང་མི་ལག ཅོ་ཏོ་ཤིང་ལག་རེད་མ་ཤོར་བར་རང་དབང་ཐོབ་ཅིང་། རང་ལ་ཆོས་བསྒྲུབ་འདོད་ཀྱི་སེམས་ཡོད། ཆོས་ཞུ་སའི་བླ་མ་ཡོད། ཆོས་གསུང་པའི་སྐབས་དང་ཁེལ་བའི་རྟེན་འབྲེལ་སུམ་འཚོགས་ལེགས་འགྲིག་གི་དུས་འདིར། འཆི་དུས་འགྱོད་པ་མེད་ངེས་པའི་ཆོས་ཤིག་བྱེད་དགོས། དེ་དགོས་ན་ཆོས་བསྒྲུབ་རྒྱུ་དེ་སེམས་ལ་རག་ལས་པས་སེམས་ལ་ཐུག་ཡོད། སེམས་དལ་འབྱོར་ཚང་བའི་ལུས་རྟེན་ལ་རག་ལས། ཁ་ཕར་བསྐོར་ཏེ་བཤད་ན། ཆོས་བསྒྲུབ་རྒྱུ་དེ་སྒོ་གསུམ་ལ་རག་ལས་པ་དང་སྒོ་གསུམ་གྱི་གཙོ་བོ་སེམས་ལ་རག་ལས་པས་ན། ད་རེས་སྒོ་གསུམ་དགེ་བའི་ལས་ལམ་ལ་གཅིག་འཇོག་དགོས་པ་དེ་ཡང་འཇོག་ཐུབ་པ། ཕྱི་ཡུལ་གྱི་མཐུན་རྐྱེན་ནང་རང་གི་ལུས་སེམས་གང་ཐད་ཆོས་བསྒྲུབ་རྒྱུའི་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་ཡོད་པའི་སྐབས་བཟང་པོ་ཞིག་ལ་ཁེལ་ཡོད་ན་ཡང་། སྙོམ་ལས་ངང་དུ་དལ་འབྱོར་ཆུད་གསོན་ན། །ཞེས་པས། དེ་ལྟར་འཛོམ་དཀའ་བའི་མཐུན་རྐྱེན་ཞིག་ཚོགས་ཡོད་པ་དེ་གནད་ཆེན་དོན་ཆེན་ལ་བརྩི་མི་ཤེས་པར། སྙོམ་ལས་ཀྱི་ལེ་ལོས་དོན་ཆེན་བསྐྱུར་ནས་དོན་ཆུང་ལ་བསྙེགས་པ། དོན་ཆེན་གཏན་གྱི་བདེ་བ་བསྒྲུབ་རྒྱུ་བོ་བསྐྱུར་ནས་དོན་ཆུང་ཚེ་འདིའི་བདེ་སྐྱིད་སྙན་གསུམ་ལ་དོན་གཉེར་བྱས་ནས། ཆོས་སང་བྱ་གནང་བྱས་བསྒྲུབ་རྒྱུ་མ་རག་པར་སྙོམ་ལས་ཀྱི་ངང་དུ་མི་ཚེ་སྟོང་ཟད་ལ་སོང་ནས། དལ་འབྱོར་གྱི་མི་ལུས་རྙེད་དཀའ། རྙེད་ན་དོན་ཆེན་ཡིན་པ་དེ་ཆུད་གཟོན་བྱས་ནས་འཕྲོ་བརླག་ཏུ་བཏང་ན་འཆི་བདག་གི་བསུ་མ་འགྲམ་དུ་སླེབ་དུས། འཁོར་དང་ལོངས་སྤྱོད་ཉེ་དུ་འབྲེལ་བ་ལྟ། །ཞེས་རེ་ལྟོས་ཅན་གྱི་འཁོར་དང་ཡང་འཁོར། འབད་པས་བསགས་པའི་ལོངས་སྤྱོད་ནོར་རྫས། ཤིན་ཏུ་བརྩེ་ཞིང་འབྲལ་མི་ཕོད་པའི་གཉེན་དང་ཉེ་དུ་ལ་སོགས་པ། འབྲེལ་བ་ཅན་གྱི་སྙིང་ཉེ་བའི་མི་ཐམས་ཅད་མི་འབྲལ་ཞིང་དེ་དག་གི་ངོ་ལ་བལྟ་བར་འདོད་པས་སྐད་ཅིག་ཀྱང་འབྲལ་བར་མི་འདོད་ཅིང་། ལྟ་ཅི་གཅེས་པར་བཟུང་བའི་ལུས་འདི་ཡང་། །ཞེས་པས་དུས་གཏན་དུ་འབྲལ་མེད་དུ་འགྲོགས་ཐུབ་པ་ལྟ་ཅི། གྲོགས་བློས་ཐུབ་སྙིང་བརྩེ་བའི་མི་ཐམས་ཅད་པོས་རྗེས་མི་འདེད། མཉམ་འགྲོ་བྱེད་ཐབས་མེད་པ་མ་ཟད། གཅེས་པར་བཟུང་ནས་ངའི་ལུས་ཞེས་བདག་ཏུ་འཛིན་ཁུལ་བྱས་ནས། ཟས་ཞིམ་དགུ་ཟ། གོས་མཛེས་དགུ་གོན། རྒྱན་མཛེས་དགུ་བཏགས་ས་འདི་ཡང་དུས་ཡུན་རིང་པོ་མི་འགོར་བར་འཆི་བདག་གི་ཞགས་པ་སྐེ་ལ་བསྐོན་སྐབས། མཐོན་པོ་གནམ་ལྟ་བུ། བཙན་པོ་ཐོག་གི་ཁ་ཡ། ཕྱུག་པོ་ཀླུའི་ངོ་ཡ། མཛེས་མོ་ལྷ་ཡི་འགྲན་ཡ། འཕྱོར་པོ་འཇའ་ལྟ་བུ་ཞིག་ཡིན་རུང་། ཐབས་དང་བློ་བཀོད་པས་བཟློག་ཐབས་ཅི་ཡང་མེད་པར། དབུགས་ཕྱི་ནང་གི་རྒྱུ་བ་བྲེལ་ཞིང་བརྩེགས་པའི་དུས་སུ། གསོན་ཚེ་འདིའི་བཀྲག་མདངས་གཟི་བྱིན་དེ་ཉམས་ནས། ཤི་མིག་གསོན་ལ་ལྟ་བའི་ངོ་མདངས་སྐྱ་ཤ་རེ་སོང་ནས། ཡན་ལག་གཡོབ། འདུ་ཤེས་འཁྲུལ་ཏེ། དབུགས་ཕར་འཕང་ཚུར་ལ་མ་འོང་དུས། རོ་ཞེས་ཐམས་ཅད་ཀྱིས་བཙོག་ལྟ་ཞིང་སྐྲག་སྣང་ཤར་ས། གྲིབ་འཁྱག་ཡེ་རེ་བ་དེ་དེ་དུས་རེད་སོང་བ་རེད། མལ་གྱི་ནང་ནས་ས་ཕྱོགས་སྟོང་པར་བསྐྱལ། །ཞེས་པས། དུས་དེར་ས་ཆ་སོ་སོའི་ཡུལ་ལུགས་ལྟར་རོ་དེ་མེད་པ་གཙང་དག་བྱེད་པའི་ཆེད་དུ། གསོན་པོའི་མལ་ས་དྲོན་པོའི་ནང་ནས་གོས་མེད་གཅེར་བུར་ཕྱུངས་ཏེ། གྲོགས་མེད་གཅིག་པུར་ས་ཕྱོགས་སྟོང་པ་དུར་ཁྲོད་ལ་སོགས་པར་བསྐྱལ་བ་དང་། ཡང་། ཝ་དང་བྱ་རྒོད་ཁྱི་ཡིས་འདྲད་པའི་དུས། །ཞེས་གསུངས་ཏེ། རོ་དེ་ཉིད་ཝ་དང་བྱ་རྒོད་ཁྱི་དང་གཅན་གཟན་གྱི་ཁ་ཟས་སུ་གྱུར་ནས། དེ་དག་གིས་འདྲད་ཅིང་དེ་དག་གི་ཁ་ཟས་སུ་འགྱུར་བ་ཡིན། དེའི་དུས་སུ་གསོན་པོའི་རྣམ་འགྱུར་ཇི་ལྟར་མཛེས་ཀྱང་ཕན་ཐོགས་མེད་དེ་མགོའི་སྐྲ་ལོ་ཡག་རུང་ཤི་སྐྲ་རུ་གྱུར་ཚར་བས། བརྒྱ་ཞབས་སྟོང་སྟན་དུ་རླུང་གིས་ཁྱེར་འགྲོ་བ་དང་། མིག་ཁྲ་ཆུང་མཛེས་ཀྱང་བྱ་རྒོད་ཀྱིས་བྲུ་བ་དང་། སོ་དུང་སོ་སུམ་ཅུ་ཁ་ཁ་རུ་འཐོར། མགོའི་ཀླད་པ་ས་ལ་འཐོར། སྙིང་དྲན་པར་ཕོ་རོག་གི་ར་མཆུ་གཏད་ནས། ཁྱི་དང་གཅན་གཟན་གྱི་ཁ་ཟས་བྱས་ཏེ་མི་གཙང་བའི་འདམ་རྫབ་ཏུ་གྱུར་པ་མ་ཟད་མཐར་ཡེ་མེད་དུ་གྱུར་འགྲོ། ཡང་འགའ་རེ་དེ་ལྟར་དུར་ཁྲོད་དུ་མ་གཏོར་བར། སྦས་རྒྱུ་བསྲེག་རྒྱུ་བྱས་ཀྱང་རྡུལ་ཕྲན་དུ་གྱུར་ནས་འབྱུང་བཞིའི་ཀློང་དུ་ཐིམ་སྟེ། མདོར་ན་ཕུང་པོ་དེ་ཉིད་འབྱུང་བཞིའི་ཀློང་དུ་ཐིམ་འགྲོ། དེའི་དུས་སུ་སེམས་རྣམ་ཤེས་ཀྱི་མགྲོན་པོ་དེ་ཉིད། བར་དོའི་ཡུལ་ན་འཇིགས་པ་ཤིན་ཏུ་ཆེ། །ཞེས་གསུངས་པས། མིང་བཞི་འདུས་པའི་ཕུང་པོ་ལ་དབང་པོ་ཀུན་ཚང་གི་ལུས་ཤིག་ཡོད་པའི་སྣང་བས། མ་ཡི་མངལ་དང་རྣམ་གྲོལ་གྱི་ས་མ་གཏོགས་གང་ལ་ཡང་ཐོགས་མེད་ཀྱིས་སྐྱབས་ས་རྟེན་ས་མེད་པར་བྱ་སྒྲོ་རླུང་གིས་བསྐྱོད་པ་ལྟར་བསྐྱོད་ནས་བར་དོའི་ཡུལ་ན་འཇིགས་པ་ཤིན་ཏུ་ཆེན་པོ་ཅི་ཞིག་ཡོད་ཅེ་ན། འཇིགས་པའི་སྒྲ་བཞི་ཡོད་དེ། ས་ཆུ་མེ་རླུང་གི་འཇིགས་པའི་སྒྲ་བཞི་ཡིན། དེ་ཡང་ས་ཡི་རླུང་གིས་རི་ཆེན་པོ་གཡོ་བའི་སྒྲ་དང་། ཆུའི་རླུང་གིས་རྒྱ་མཚོ་ཆེན་པོ་འཕྱུར་ཡོང་བའི་སྒྲ་གྲགས་པ་དང་། མེའི་རླུང་གིས་ནགས་ཚལ་ཆེན་པོ་འབར་འོང་བའི་སྒྲ་གྲགས། རླུང་གི་རླུང་གིས་དུས་ཀྱི་འཐོར་རླུང་དྲག་པོ་བྱུང་བའི་སྒྲ་ལྟ་བུ་གྲགས་པ་དང་། དེའི་སྟེང་དུ་ད་དུང་ཡ་ང་བའི་གཡང་ས་གསུམ་སྟེ། དུག་གསུམ་ལས་སྐྱེས་པའི་གཅོང་རོང་གསུམ་ཟེར་བ། གཡང་ས་གཟར་མོ་དང་གཅིག གྲོག་རོང་ཉམ་ང་བ་དང་གཉིས། དུག་མཚོ་གཏིང་ཟབ་དང་གསུམ་པོ་དེ་ཚོ་སྐྱ་ཆད་དེ་བ། དམར་ཟིང་ངེ་བ། ནག་ངམ་མེ་བར་འཆར་ཞིང་། ད་དུང་གཅན་གཟན་གདུག་པའི་ངར་སྐད་དང་། ཁ་ཆར་རླུང་དང་མུན་པའི་སྣང་བ་ལ་སོགས་པ་བར་དོའི་ཡུལ་ན་འཇིགས་པ་ཤིན་ཏུ་ཆེ་བ་བཤད་ཚོད་མེད་པ་ལྟ་བུ་ཡིན། དེ་ཡང་ང་ཚོས་སྔོན་ལ་ཉི་ཟླ་འོད་ཟེར་གྱི་ནུ་བོས་བར་དོ་འགྲིམ་པའི་ལོ་རྒྱུས་བཤད་པ་ཡིན་མོད། དེ་རིང་ཡང་དེ་གཅིག་བཤད་ན། དེ་ཡང་ཀར་གླིང་ཞི་ཁྲོའི་བླ་རྒྱུད་ཀྱི་ནང་དུ་ཡོད་པའི་གཙོ་བོ་གཏེར་སྟོན་གུ་རུ་ཉི་ཟླ་འོད་ཟེར་ཞུ་བ་ཞིག་ཡོད་པ་ཁོང་དགོན་པའི་ནང་དུ་མཚམས་ལ་བཞུགས་ནས་བསྡད་ཡོད། མཚམས་ལ་བཞུགས་སྐབས་ལོ་ཞིག་ལ་ས་ཆ་དེའི་གྲོང་པ་ཡུལ་སྡེའི་ནང་དུ་ནད་ཡམ་ངན་པ་ཞིག་མཆེད་ནས་མི་མང་པོ་ཞིག་ཤི་སོང་བ་རེད། མི་མང་པོ་ཤི་བ་དེའི་མཉམ་དུ་གུ་རུ་ཉི་ཟླ་འོད་ཟེར་ཁོང་རང་གི་ཕ་གཅིག་མ་གཅིག་གི་སྤུན་ཟླ་ཆུང་བ། ནུ་བོ་རྡོ་རྗེ་རྒྱལ་མཚན་ཟེར་བ་ཞིག་ཡོད་པ་དེ་ཡང་ཤི་སོང་། རྡོ་རྗེ་རྒྱལ་མཚན་ཟེར་བ་དེ་ལོ་དེར་ལོ་སུམ་ཅུ་སོ་གཉིས་ཡིན། ཁོ་དང་མཉམ་དུ་བུ་མོ་ཆུང་ཆུང་ཞིག་ཀྱང་ནད་ཡམ་དེས་ཐེབ་ནས་ཤི་སོང་། ཤི་ནས་ཟླ་བ་གསུམ་ཙམ་ཞིག་གི་མཚམས་སུ་གུ་རུ་ཉི་ཟླ་འོད་ཟེར་ཁོང་གཅིག་པུར་མཚམས་ལ་བཞུགས་པའི་དགོང་མོ་ཞིག་ལ། ནུ་བོ་དེ་ཧ་ཅང་དྲན་པའི་སྐྱོ་ཤས་ཆེན་པོ་འཁྲུངས་ནས་བར་དོའི་སྲིད་པའི་སེམས་ཅན་མཐོང་བའི་ཐུགས་དགོངས་གཏད་དེ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ། བར་དོའི་སེམས་ཅན་གྱི་གྲལ་དུ་བྱོན་སོང་། དེ་ལྟར་བྱོན་སྐབས་བར་དོའི་སེམས་ཅན་གྲངས་མེད་པ་ཞིག་གི་སྣང་བ་ཤར་ཏེ་གཟིགས་པའི་སྐབས་ཞིག་ལ། ཁོང་རང་གི་མ་ཡུམ་དེ་སྔར་ལས་གཞོན་པ་ལྟར་གྱུར་ནས་ས་གར་འོང་དང་འདིར་འོང་མེད་པར་སླེབས་ནས་ཁོང་ལ། རྡོ་རྗེ་རྒྱལ་མཚན་དེང་སང་ཉམ་ཐག་ཡི་མུག་གི་གནས་སུ་ལྷུང་ནས་ཡོད། ཨ་མ་ང་ཁོ་ལ་གཅིག་བལྟ་རུ་ཕྱིན་པ་ཡིན། ཁོ་རང་ལ་བར་ཆད་མེད་པའི་བསྲུང་བ་བྱས་ཡོད། ཁོས་ཉམས་ཐག་པའི་སྐད་ཆ་མང་པོ་བཤད་ཀྱང་། ཨ་མ་ངས་བསླབ་བྱ་དང་སེམས་གསོ་བྱས་ཡོད། ཕན་རེ་ཐོགས་ཡོད་ས་ཡོད། ཡིན་ན་ཡང་སྙིང་རྗེ་རྡོ་རྗེ་རྒྱལ་མཚན་གྱིས་ད་དུང་མི་ལུས་ཞིག་ལེན་རྒྱུ་ལ་བསམ་པ་འཁོར་ནས་གནས་ཁང་བཟང་པོ་ཞིག་ཨེ་རྙེད་བལྟ་བཞིན་ཡོད་ཀྱང་གནས་ཁང་བཟང་པོ་ཞིག་རྙེད་གི་ཡོད་པ་མ་རེད། གནས་ངན་པ་ལ་ངས་མ་མངགས་པ་ཡིན། ཁྱད་པར་དུ་སྡིག་ཅན་གྱི་ཁྱིམ་ལྟ་བུ་ལ་མ་བཏང་བ་ཡིན། ད་ཁྱོད་འདི་ནས་ཕར་སོང་དང་ཁོ་ལ་ཐུག་ཡོང་། ཞེས་ཨ་མས་དེ་ལྟར་གསུངས་ནས་ཆུ་ཆེན་པོ་ཞིག་གི་རབ་ཁ་ནས་ཟམ་པ་ཞིག་གི་སྟེང་ནས་ཕར་ཕེབས་སོང་། དེར་ཁོང་གིས་ཕྱིར་ལྟ་ཞིག་བྱས་པས་གར་སོང་ཆ་མེད་དུ་གྱུར། དེ་སུ་ཡིན་ཞེ་ན། ནུ་བོ་རྡོ་རྗེ་རྒྱལ་མཚན་གྱིས་ཚེ་གཅིག་ལ་བསྒྲུབ་རྒྱུའི་ཡི་དམ་ཁྲོས་མ་ནག་མོ་དེ་བྱམས་བརྩེ་ཅན་གྱི་ཨ་མའི་གཟུགས་སུ་བརྫུས་ནས་བར་དོའི་ཡུལ་དུ་རྡོ་རྗེ་རྒྱལ་མཚན་ལ་མགོན་སྐྱབས་བྱེད་པར་ཕེབས་འོང་བ་རེད་འདུག དེ་ནས་ཉི་ཟླ་འོད་ཟེར་ཐུགས་དགའ་སྐྱོ་འདྲེས་མའི་ངང་ནས་ཕར་བྱོན་སྐབས། རྩིབས་ལམ་ཞིག་གི་ནང་ནས་ཚུར་ལ་ནུ་བོ་རྡོ་རྗེ་རྒྱལ་མཚན་གྱིས་ངོ་ཤེས་བཞིན། ཤིང་ཁྲ་མ་ཁུར་པོ་ཞིག་ཁུར་ནས་སྡུག་གླུ་ངག་རྟ་རིང་པོ་ཅན། སུས་གོ་ཡང་ཡིད་སྐྱོ་བ་ཞིག་ལེན་ཞོར་ཤུ་ཤར་རེ་འདེབས་བཞིན་ཐོན་ཡོང་གིན་ཡོད་ཀྱང་། དེར་ཇི་ལྟར་བྱས་ཀྱང་བར་དོའི་སེམས་ཅན་ལ་ལུས་མེད་པས་རྟེན་མེད་གནས་མེད་དུ་ཁོ་ཤོག་སྐམ་པོ་རླུང་གིས་ཁྱེར་བ་བཞིན་ཡིན་པས། ཁོ་རང་གི་སེམས་ཀྱི་འཁྲི་རྟེན་ལྟ་བུའི་ལུས་རྟེན་གནོན་བྱེད་ལྟ་བུ་ཞིག་ལ་ཁྲ་མ་སྐམ་པོ་ཁུར་བ་རེད་འདུག དེར་ཁོང་གཉིས་ཐུག་པ་དང་། ཁོང་གི་ཐུགས་དགོངས་ལ་འདི་གསོན་པོ་ཡིན་སྣང་ཤར་ཡང་ཤི་ནས་ཟླ་བ་ཁ་ཤས་ཡིན་པས་གསོན་པོ་མིན་ལ་འོན་ཀྱང་ད་རུང་འདི་ལྟར་གནས་མེད་རྟེན་མེད་དུ་འཁྱམས་བཞིན་འདུག་དགོངས་ནས་ཐུགས་ཤིན་ཏུ་སྐྱོ་སྟེ། གནས་སྐབས་ཤིག་ལ་གསུང་ངག་ཕྱེ་མ་ཐུབ་པར་ལུས་སོང་། ཁོ་ཡང་ཕུ་བོ་དང་ཐུག་ནས་དགའ་ལ་སྔ་མ་ལྟར་མ་ཡིན་པར་བར་དོའི་ཡིད་ལུས་ཡིན་བསམ་པས་ཡང་སྐྱོ་བ་སྐྱེས། དེར་ཉི་ཟླ་འོད་ཟེར་གྱིས། ཁྱོད་ད་བར་དུ་གང་ལ་སོང་། དེ་རིང་གང་ནས་ཐོན་འོང་བ་ཡིན། ཁྱོད་རང་བཞིན་གྱི་ཤི་བོ་ཆོས་མེད་ཞིག་དང་མི་འདྲ་བས། ཡང་མིན་ན་དག་པའི་ཞིང་ཁམས་ཤིག་ཏུ་རིག་པ་མི་གཏད། དེ་མིན་ན་ལྷ་མིའི་ལུས་རྟེན་ཆོས་ལྡན་ཞིག་ཏུ་སྐྱེ་བ་མི་ལེན་པར། འདི་ལྟར་འཁྱམས་བསྡད་ནས་ཅི་བྱེད་ཅེས་གསུངས་པར། ནུ་བོས། བར་དོའི་རྣམ་ཤེས་དེ་གང་དུ་བསམ་ཡང་དེ་རུ་ཐོན་འགྲོ་བས། ང་མ་སོང་ས་དང་མ་འཁྱམས་ས་ཞིག་མེད། ང་ལ་རོགས་པ་ངོ་ཤེས་མི་ཤེས་གཉིས་ཀ་འབུམ་ཚོ་མང་པོ་ཡོད། སྐོར་ཞིག་ལ་རོགས་འབུམ་ཚོ་བཅུ་བདུན་ངའི་མཉམ་དུ་འགྲོ་བཞིན་པའི་སྐབས་གློ་བུར་དུ་དོང་ཆེན་པོའི་ནང་དུ་ཆ་གསུམ་ལ་བགོས་པའི་ཆ་གཉིས་གྲངས་ཤིག་འཐེན་སོང་། ཆ་གཅིག་ཤུལ་དུ་ལུས་པ་དེ་ཚོ་ཡང་དྲག་ཆར་དང་རླུང་འཚུབ་ཀྱིས་དེད་རྒྱུ་ལ་སྐྲག་ནས། འགའ་རེ་ནགས་གསེབ་ཏུ་བྲོས། འགའ་རེ་ས་ཁུང་དང་གད་ཕུག་ཏུ་བྲོས་ཏེ་གབ་ས་དང་གཞའ་ས་ཅི་ལོན་བྱས་ནས་བུད་སོང་། ང་ཨ་མས་གོས་ཀྱིས་བཀབ་ནས་སེར་དྲག་དང་ཆར་རླུང་རླུང་དམར་འཚུབ་པ་དེ་ཚོས་གནོད་མ་ནུས་ལ། དེ་མིན་ད་སྔ་དོང་མོ་ཆེའི་ནང་དུ་ལྷུང་མ་སོང་མོད། ག་གེ་མོ་དང་ཆེ་གེ་མོ་སོགས་ངོ་ཤེས་རྒྱུ་མང་པོ་ཞིག་ནི་དོང་རྒན་མའི་ནང་དུ་དྲངས་སོང་། དེ་ཚོས་ད་སྐབས་སྡུག་བསྔལ་ངན་པ་མྱོང་བཞིན་ཡོད་ངེས་ཡིན། ཞེས་བརྗོད་བཞིན་ཁོ་རང་ཡང་འདར་སིག་དང་སྐྲག་དངངས་ཡ་ང་ཞིང་ཡི་མུག་པའི་ཉམས་བསྟན། ཡང་ཕ་ཡུལ་གཅིག་པའི་མི་འགའ་རེའི་མིང་བཟུང་ནས་དེ་རྣམས་ཀྱིས་བླ་མ་ཉི་ཟླས་སྡིག་ཅན་གྱི་ཁྱིམ་ལ་མ་འགྲོ་ཞེས་གསུངས་པས་ད་བར་ཁྱིམ་གཙང་མར་མི་ལུས་དོན་ལྡན་རེ་ཨེ་ལོན་བལྟས་ནས་འཁྱམས་མོད། བསམ་བཞིན་པ་ཞིག་རྙེད་རྒྱུ་མེད་པ་འདི་ལྟར་རེད་འདུག་པས། ད་ནི་འཁྱམས་ཡུན་རིང་ན་ཉིན་ཞིག་དོང་མོ་ཆེའི་ནང་དུ་འཐེན་ཉེན་ཆེ་བས། ད་སྔོན་ཁྱོད་དང་མཉམ་དུ་སོང་བས་ཕན་པ་ཡིན་རྒྱུ་རེད། ད་ནི་སྡིག་ཅན་གྲིབ་ཅན་ཡིན་ན་ཡིན་རྣམ་ཤེས་འཁྲི་ས་ཞིག་རྙེད་དགོས་འདུག་ཅེས་བུད་སོང་། དེ་ཚོ་ངན་སོང་གསུམ་ལ་སོང་ཡོད་ས་མེད་མོད་སྐྱེ་བ་ལེན་ས་ལེགས་པོ་ཞིག་རྙེད་ཡོད་ས་མེད། ཅེས་ནུ་བོ་རྡོ་རྗེ་རྒྱལ་མཚན་གྱིས་དེ་ལྟར་ཟེར་ཞོར་ལས་ཀྱི་རླུང་གིས་དེད་ནས་སྐྱོ་གླུ་ཞིག་འཐེན་བཞིན་ཕྱིན་སོང་། ཁོའི་གླུ་ཚིག་ལ། སྐྱིད་སྐྱིད་མི་ཡུལ་མཐིལ་དུ་སྐྱིད། །སྡུག་སྡུག་བར་དོའི་འཕྲང་རེ་སྡུག །ཐུང་ཐུང་མི་ཚེ་འདི་འདྲ་ཐུང་། །སྐྱོ་སྐྱོ་འདུག་དབང་མེད་པ་སྐྱོ། །ཆུང་ཆུང་རང་དབང་འདི་ལྟར་ཆུང་། །ཟེར་ཞོར་མུན་པ་ཚབ་ཚུབ་སྐྱ་རབ་རིབ་ཅིག་གི་ནང་དུ་བྱ་སྒྲོ་རླུང་གིས་བཀྱག་པ་ལྟར་དུ་བུད་སོང་། དེ་ཡང་བར་དོའི་སེམས་ཅན་ལ་ང་ཚོའི་ཉིན་གྱི་སྣང་བ་འདི་ལྟ་བུ་མེད། ཡང་གུ་རུ་ཉི་ཟླ་འོད་ཟེར་གྱིས་རྗེས་ནས་ཕར་དེད་དེ་མིང་ནས་བོས་ཏེ་ཁྱོད་སྡོད་དང་ད་དུང་བཤད་རྒྱུ་ཞིག་ཡོད། ཅེས་གསུངས་དུས། ཁོས་རྡོ་ཐར་ཐོར་ཞིག་དུ་ཤིང་ཁུར་པོ་དེ་ཐོགས་པ་ལྟ་བུའི་ཤུ་ཤར་ཆེན་པོ་ཞིག་འདེབས་བཞིན་འདུག་ཙམ་བྱས། དེར་ཁོང་འགྲམ་དུ་ཕེབས་ནས། དེ་མིན་ཁྱོད་ཕ་ཡུལ་གཅིག་པ་སུ་ལ་ཐུག་སྐད་ཆ་ཞིབ་ཏུ་ཤོད་དང་ཞེས་གསུངས་དུས། ཁོས། ཐུག་རྒྱུ་མང་པོ་དང་ཐུག་མོད། འགའ་རེ་ལ་ཐུག་ཙམ་ལས་སྐད་ཆ་བཤད་ལོང་མེད་པར་ཁ་བྲལ་སོང་། དབང་མེད་བར་དོའི་སེམས་ཅན་ཟེར་བ་ཡིན་དུས་དེ་ཕྱིན་གར་སོང་ཆ་མེད་དུ་གྱུར་སོང་། འགའ་རེ་ཉིན་རེ་ཙམ་མཉམ་དུ་འཁྱམས་ཤིང་ཁྱེད་ཀྱི་མདུན་ནས་དབང་ཞུ་མྱོང་བའི་མི་བཅུ་གྲངས་དང་ཉིན་བཅུ་གྲངས་ཤིག་ལ་མཉམ་དུ་སོང་། ག་གེ་མོ་ནི་རི་འགོ་ཞིག་ལ་ཡར་འགོས་ནས་སོང་སྐྱིད་སྡུག་ཅི་རེད་ཡོད་ཤེས་མ་སོང་། གཞན་ཐམས་ཅད་པོ་གར་སོང་ཆ་མེད་དུ་གཅིག་ལྷུང་གཉིས་ལྷུང་གིས་ལྷུང་སོང་། བར་དོ་ཐོས་གྲོལ་གྱི་ཆོས་འདིའི་དགའ་ཞིག་མི་འདུག འདི་གསོན་པོའི་དུས་སུ་རྣ་ལ་འཇག་ཡིད་ལ་སྦྱངས་དགོས་འདུག བར་དོའི་ཐོས་གྲོལ་ཉམས་ལེན་བྱེད་པ་སྨོས་ཅི་དགོས། ཐོས་མྱོང་བ་རྣམས་ཀྱིས་ཀྱང་གནས་བཟང་ངན་བདམ་ཤེས་པས་རང་དབང་ཡོད་ལུགས་མི་འདྲ། ང་ཚོ་མང་པོ་ཞིག་གིས་བར་དོའི་སྨོན་ལམ་མགུར་དུ་བྱས་ནས་མཉམ་དུ་འཐེན་ནས་སོང་བས། མི་འབུམ་ཚོ་མང་པོ་ངུ་ཞིང་ཁྱེད་ཚོའི་སྐྱིད་པ་ལ། དེ་འདྲའི་སྨོན་ལམ་རྩ་ཆེན་ཡག་པོ་འདོན་ཤེས་འདུག་པ་མ་ཟད་མཉམ་དུ་འགྲོ་ཆོག་འདུག་ཅེས་ཡིད་སྨོན་བྱས་སོང་། ངས་བར་དོའི་ཐོས་གྲོལ་མགོ་རྔ་ཆ་ཚང་ཞིག་མི་དེ་ཚོ་ལ་བཤད་རྒྱུ་རྙེད་སོང་། དེ་ཚོས་ང་ལ་ཁྱོད་ཀྱིས་ཆོས་ཉིད་བར་དོའི་གནས་སྐབས་སུ་དེ་ལྟ་བུའི་འོད་ལམ་ཡག་པོ་དེ་ཚོར་མི་འགྲོ་བར་ད་དུང་འདིར་ཅི་ལ་བསྡད་པ་ཡིན་ཟེར། ངས་ང་ཆོས་ཉིད་བར་དོའི་སྒྲ་འོད་ཟེར་གསུམ་ལ་སྐྲག་ནས་བརྒྱལ་སོང་འདུག་ཅེས་བཤད། སྒྲ་འོད་དེ་ཚོ་ངོས་ཟིན་ལ་ཁད་ལ་ཡང་མི་ཟིན་ཁི། ང་ལ་བར་དོའི་ངོ་སྤྲོད་ཐེངས་གཉིས་ཐོབ་མྱོང་། གལ་ཏེ་གསུམ་ཐོབ་ན་སྒྲ་འོད་ཟེར་གསུམ་དེ་ཚོ་རང་ངོ་ཤེས་ནས་གྲོལ་འགྲོ་ས་ཡོད་ངེས། ད་བར་དུ་ཆོས་ལྡན་གྱི་སྐྱེ་གནས་ཤིག་བཙལ་བ་ཡིན་ཟེར་ནས་གླུ་ཞིག་བླངས། དཀོན་དཀོན་ཆོས་ལྡན་གྱི་ཁྱིམ་རེ་དཀོན། །བཙོག་བཙོག་སྡིག་ཅན་གྱི་ཁྱིམ་རེ་བཙོག །མང་མང་ངན་སོང་གི་མངལ་སྒོ་མང་། །སྐྱོ་སྐྱོ་བར་དོའི་འཕྲང་ལ་སྐྱོ། །ཞེས་སྡུག་གླུ་སེམས་སྐྱོ་བྱེད་ཅིག་ལེན་ཞོར་ཤིང་ཁུར་དེ་ཡང་ཁུར་ཞིག་བྱས་ནས་འཕྲང་ཕྲ་མོ་ཞིག་བརྒྱུད་དེ་ཡར་ཡར་བུད་སོང་། ཡང་ཁོང་གིས་རྗེས་བཅད་ནས། ཁྱོད་དེ་ལྟར་སེམས་མ་སྐྱོ་དང་ངས་ཁྱོད་ལ་སྡུག་བསྔལ་མི་རེད་པ་ཞིག་བྱེད་འོང་། ཁྱོད་ཀྱིས་བར་དོའི་མི་ཐམས་ཅད་ལ་འདི་ལྟར་ཤོད། ང་ཉི་ཟླ་འོད་ཟེར་གྱིས་ཉིན་རེ་བཞིན་བར་དོའི་ཐོས་གྲོལ་དང་བཏགས་གྲོལ་འདོན་བཞིན་ཡོད། དེ་ཉན་པར་འགྲོ་ཞེས་ཁྱོད་ཀྱིས་ཁྲིད་ལ་ཤོག ཅེས་གསུངས་པས་རྡོ་རྗེ་རྒྱལ་མཚན་གྱིས། ཁྱོད་ཀྱིས་ནང་རེ་བཞིན་དུ་བར་དོའི་སྨོན་ལམ་དང་བསྔོ་སྨོན་མཛད་པ་དེ། ཐམས་ཅད་ལ་བཀའ་དྲིན་ཆེ་བས་སྨོན་ལམ་དེ་ཚོས་བར་དོའི་སེམས་ཅན་ཉུང་སེ་འགྲོ་བས་མངལ་སྒོ་བཟང་པོ་རེ་རྙེད་ཡོད་ཚོད་རེད། ང་དང་དེ་མིན་བོད་ཀྱི་སྔགས་པ་གསུམ་ཡོད། ངེད་རྣམས་བར་དོའི་སེམས་ཅན་གྱི་ནང་ནས་དབང་ཆ་ཆེ་ཤོས་ཡིན། ཁོང་གསུམ་པོ་ཐོས་གྲོལ་ཉམས་ལེན་བྱེད་མཁན་ཁོ་ན་རེད། ང་ནི་མི་ཡུལ་ནས་སྐྱིད་ལོང་དགའ་ལོང་མ་བྱུང་བས་ད་དུང་མི་ལུས་ཤིག་ལེན་དགོས་བསམ་ནས་བསྒུག་ཡོད། ཨ་མས་གནས་ཚང་གཙང་མ་ཞིག་མ་རྙེད་བར་དོང་མོ་ཆེའི་ནང་དུ་མི་གཏོང་བའི་རོགས་བྱེད་གསུངས། འོན་ཀྱང་གནས་ཚང་གཙང་མ་ཟེར་བ་དེ་བར་དོའི་སྐབས་འདིར་བསམ་བློ་བཏང་ན་མི་ཡུལ་ནས་ཡིད་བཞིན་ནོར་བུ་བཤད་པ་འདྲ་བོ་རེད། ད་ནི་སུན་པ་ཡིན། འཇིགས་འཇིགས་དོང་མོ་ཆེ་རེ་འཇིགས། །སྐྱོ་སྐྱོ་བར་དོའི་འཕྲང་རེ་སྐྱོ། །ལྕི་ལྕི་ཤིང་ཁུར་འདི་རེ་ལྕི། །ཞེས་སྐྱོ་གླུ་ལེན་ཞོར་ཡང་ཕྱིན་སོང་དུས། ཉི་ཟླ་འོད་ཟེར་ཐུགས་སྐྱོ་ནས་མཆི་མ་ཤོར་བཞིན་ལུས་པས་ཁོ་རང་སྐྱོ་གླུ་ལེན་བཞིན་ཐག་རིང་ཞིག་ཏུ་སོང་ཟིན། ཡང་རྗེས་བདས་ནས་སྡོད་དང་བཤད་རྒྱུ་ཡོད་གསུངས་པས་འདུག་ཙམ་བྱས། ཁོང་གིས་ཁྱོད་སྡུག་མི་དགོས། ངས་ཞི་ཁྲོའི་ཕོ་བྲང་ཞིག་བཞེངས་ཡོད་པས་དེའི་དགེ་བ་ཁྱོད་ལ་བསྔོ། དགེ་བའི་བཤེས་གཉེན་དང་དགེ་འདུན་མང་པོ་ལ་མ་ཎི་ཡིག་དྲུག་མང་པོ་གསུང་བཅུག་ཡོད། མ་ཎི་ཡིག་དྲུག་གི་རྒྱུན་ཚོགས་ཆད་མེད་དུ་བཙུག་ཡོད་དེའི་དགེ་བ་ཁྱོད་ལ་བསྔོ། དེས་མ་ཚད་མི་ངས་དགེ་སྦྱོར་བྱས་རང་བྱས་ཚད་ཁྱོད་ལ་བསྔོ། ཤུལ་གྱི་མ་སྨད་ཐམས་ཅད་ཀྱིས་ཁྱོད་ཀྱི་དོན་ལ་མ་ཎི་འདོན་བཞིན་ཡོད་པས་ཁྱོད་ཀྱི་རྗེས་ལ་སྡིག་མེད་ཀྱི་དགེ་བ་ཆེ་འགྲུབ་ཆུང་འགྲུབ་བྱེད་བཞིན་ཡོད་པས་ཁྱོད་ཀྱིས་སེམས་བདེ་མོ་གྱིས། ལྷོད་ལ་ཕོབས། ཁྱོད་ཀྱི་བར་དོའི་ཡིད་ལུས་འདིས་འདུན་པ་གར་བསྒྱུར་ཡིན་པས་ཁྱིམ་གཙང་མ་ཞིག་ལ་མི་ལུས་ཆོས་ལྡན་ཞིག་ལེན་རྒྱུའི་དགའ་འམ་ཟངས་མདོག་དཔལ་རིར་ཨོ་རྒྱན་རིན་པོ་ཆེའི་དྲུང་དུ་འདུན་པ་དྲག་པོ་གཏད་ནས་དེར་སྨོན་ལམ་བཏབ་པ་དགའ། ངས་བསམ་ན་གུ་རུ་རིན་པོ་ཆེའི་དྲུང་དུ་རིག་འཛིན་གྱི་ཚོགས་གྲལ་དུ་སོང་ན་མི་དགའ་འམ་བསམ་ཞེས་གསུངས་དུས་ཁོ་རང་གིས། ང་མི་ཡུལ་དུ་འདུག་ཡུན་ཐུང་བས་ཞེ་ཚིམ་མ་སོང་། ཁྱོད་སྤུན་ཟླ་རྣམས་ཀྱི་དྲིན་ལས་སྡིག་པ་ཆུང་ཡང་དེ་དུས་ཆོས་མ་ཐུབ་པ་དྲན་དུས་འགྱོད་པ་ཆེ། ཕ་མ་སྤུན་མཆེད་ཁྱོད་རྣམས་དང་འགྲོགས་ཡུན་ཐུང་བས་གནོང་འགྱོད་ཆེ། ད་ནི་དེ་ལྟ་བུ་བཙལ་ཡང་རྙེད་རྒྱུ་མི་འདུག ཡོད་པ་དེ་ལ་རང་དབང་མ་ཐོབ་ན། ད་མེད་པ་ཞིག་བཙལ་དགོས་ན་དེ་ལས་སྡུག་ཅིག་མེད། ད་དུང་གནས་ཚང་གཙང་མ་ཞིག་ལ་སྨོན་ལམ་བཏབ་ནས་སྒུག་རྒྱུ་ཡིན་ཟེར་ནས་མིག་ནས་མཆི་མ་ཤ་ར་ར་འདོན་བཞིན་སེམས་ཕམ་པའི་ཚུལ་གྱིས་བསྡད་པར། གུ་རུ་ཉི་ཟླ་འོད་ཟེར་གྱིས། ཁྱོད་ཀྱི་བུ་མོ་ཁྲ་ཧུ་རེ་གང་དུ་སོང་གསུངས་པར། ཁོས་ཟླ་བ་སྔོན་མ་ཁྲོམ་ཆེན་པོ་ཞིག་གི་དཀྱིལ་ནས་ཐུག་ཙམ་བྱས་མོད། དེའི་མཚམས་སྐད་ཆ་བཤད་ལོང་མ་བྱུང་བར་གར་སོང་ཆ་མེད་དུ་བུད་སོང་། དེ་ཕྱིན་ཆད་ཐུག་མ་མྱོང་ཟེར་ནས། བུ་མོ་དྲན་དྲག་པས་ཡང་མཆི་མ་བཏོན་ཏེ་སྐྱོ་གླུ་ལེན་བཞིན་ཤིང་ཁུར་དེ་ཁུར་ནས་འཕྲང་དེའི་འཕྲང་རྔ་དེ་ནས་ཐུར་ལ་བུད་སོང་། ཡང་ཁོང་གིས་རྗེས་བདས་ནས་ཁྱོད་སྡོད་དང་ཁྱོད་ཀྱི་ཅུང་ཟད་སྒུག་དང་ད་དུང་འདྲི་རྒྱུ་ཞིག་ཡོད། ཁྱོད་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་སྐུ་མདུན་དུ་མ་སོང་ངམ་ཞེས་གསུངས་དུས། ཁོས། ང་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་མདུན་དུ་མ་སོང་། དོང་མོ་ཆེའི་ནང་དུ་བབ་ནས་སོང་ན་མཇལ་ཚོད་ཡིན་མོད། འགྲོ་མ་ཕོད། དོང་མོ་ཆེའི་ཕྱོགས་ལ་ཉེ་སྐབས་འཇིགས་སྐྲག་བཟོད་བརླག་མེད་པ་ཞིག་རེད། སྙིང་གས་ལ་ཁད་རེད་འགྲོ། ང་ཨ་མས་བསྲུང་བ་མ་གཏོགས་གཞན་བསྲུང་མཁན་མེད་པ་ཚོ་རང་དབང་མེད་པར་འགྲོ་དགོས་ཐུག་སོང་། དེ་ཚོ་སྐྲག་སྣང་གིས་བརྒྱལ་ཞོར་ངོ་གདོང་སེར་སྐམ་སྐམ། མགོ་ཅོ་སྤུ་གྱེན་དུ་གཟེངས། མིག་ནང་ནས་མཆི་མ་འདོན་བཞིན་བུད་སོང་། སྡུག་སྐད་ངུ་འབོད་དང་ཞུ་བ་ཇི་ལྟར་བྱས་ཀྱང་ཕན་ཐོགས་མི་འདུག བཤད་ན་སྙིང་ལ་ཚ་ཤར་རྒྱག་གི ཨ་རོགས་ཐུར་ལ་ཁྲིད་ན་ང་རེ་འཇིགས། ཅེས་ཟེར་བཞིན་བྲོས་ཞོར་དུ། འཇིགས་འཇིགས་དོང་གི་མུན་པ་འཇིགས། །མགྱོགས་མགྱོགས་ལས་རླུང་དམར་པོ་མགྱོགས། །ཚ་ཚ་ལས་ཀྱི་མེ་རེ་ཚ། །འཁྱམས་འཁྱམས་གཅིག་པུར་གྲོགས་མེད་འཁྱམས། །ལུས་ལུས་ཐམས་ཅད་ཤུལ་དུ་ལུས། །ལྕི་ལྕི་ལས་ངན་སྡིག་སྒྲིབ་ལྕི། །ཞེས་ཤིང་ཁུར་དེ་ཡང་སྤྲུག་ཅིག་བྱས་ཏེ་སེམས་ཕམ་པའི་ཚུལ་གྱིས་ཡང་བུད་སོང་། ཡང་རྗེས་བདས་ནས་ཁྱོད་ཀྱིས་དེ་ལྟར་སེམས་སྡུག་མ་བྱེད་དང་ཁྱོད་ཀྱི་གནས་ཡུལ་བཟང་པོ་ཞིག་རྙེད་རྒྱུ་དང་ཚེ་ཕྱི་མ་ཆོས་དང་འཕྲད་རྒྱུ། ངེད་སྤུན་རྣམས་དང་ཁྱོད་སྐྱེ་བ་རྗེས་མར་འཕྲད་པའི་སྨོན་ལམ་རྒྱ་ཆེན་པོ་བཏབ་ཡོད་ལ་ད་དུང་ངེད་རྣམས་ཀྱིས་དེ་ལྟར་སྨོན་ལམ་འདེབས་བཞིན་ཡོད་པས་ཁྱོད་སྡུག་མི་དགོས། ཁྱོད་གཅིག་པུ་མ་ཡིན། ངེད་ཅག་ཚང་མ་ལ་རེས་མོས་ཀྱིས་འདི་ལྟར་ཡོང་དགོས། ཁྱོད་གཅིག་པུས་མ་ཚད་འཆི་བ་ཞེས་པའི་དབང་ཆེན་འདི་སེམས་ཅན་ཀུན་ལ་འོང་བ་ཡིན་པས་ཁྱོད་སེམས་མ་ཕམ་སྙིང་རུས་གྱིས། ཇོ་བོ་ཐུགས་རྗེ་ཆེན་པོ་དང་ཨ་མས་ཁྱོད་ལ་རོགས་བྱེད་བཞིན་པ་ཡིན་པས་ཁྱོད་ཀྱིས་གསོལ་བ་ཐོབ་ཅེས་གསུངས་དུས། ཁོས། རེད། སྤྱིར་བཏང་བར་དོ་སྡུག་པས་སྨྲེ་སྔགས་བཏོན་པ་ཡིན་མ་གཏོགས། ཁྱོད་ཀྱིས་སྐྱེ་བདུན་རིལ་བུ་དང་བཏགས་གྲོལ་བསྒྲགས་ནས་བསྲེག་པ་དེས་ང་ལ་ཕན་ཐོག་ཆེན་པོ་བྱུང་བ་མ་ཟད། བར་དོའི་སེམས་ཅན་མང་པོ་ལ་ཕན་ཐོགས་ཆེ་སོང་། ད་དུང་ངའི་རུས་པ་ལ་སཙྪ་འདེབས་སུ་ཆུག་བཏགས་གྲོལ་དང་སྐྱེ་བདུན་རིལ་བུ་བསྒྲགས་ནས་བསྲེག་ཆུག་དང་ཕན་ཐོགས་ཆེ། ན་རག་བསྐང་བཤགས་འདི་ཚོ་ལས་དགའ་བ་མི་འདུག ཅེས་ཟེར་ཞོར་ཚིག་རྔ་འབུད་ལོང་མ་བྱུང་བར། ཁོ་ཤོག་སྐམ་པོ་རླུང་གིས་དེད་པ་བཞིན་འདུག་དབང་མེད་པར་ཕྱིན་སོང་གསུངས། དེ་ལྟར་གུ་རུ་ཉི་ཟླ་འོད་ཟེར་གྱི་སྐུ་མཆེད་སྔགས་པ་ཆོས་ལྡན་དེ་ཚོ་ལ་བར་དོའི་འཇིགས་སྐྲག་དེ་ལྟར་བྱུང་བ་མ་ཟད། དོང་མོ་ཆེ་དམྱལ་བར་ལྷུང་རྒྱུར་དེ་ལྟར་སྐྲག་དངངས་དགོས་ན། ང་ཚོས་དམྱལ་བ་ལ་འགྲོ་བའི་ཆ་རྐྱེན་ཚང་མ་བསྒྲིག་ནས། འགྲོ་ཆོག་ཆོག་བྱས་ནས་བསྡད་ཡོད། མིག་བཙུམ་ལོང་མ་གཏད་པར་དེའི་སྣང་བ་དེ་ཚོ་ཤར་ལོང་མ་བྱུང་བར་དམྱལ་ཁམས་ལ་སྐྱེ་རྒྱུ་ཡིན་ན་ང་ཚོས་ཅི་བྱེད་དགོས། གལ་ཏེ་རང་མ་སྐྱེ་རུང་དཔེར་ན་རྡོ་རྗེ་རྒྱལ་མཚན་གྱི་བུ་མོ་ཆུང་ཆུང་ལ་མི་མང་པོ་ཞིག་གི་དཀྱིལ་ནས་ཐུག་ཙམ་བྱས་རྗེས་དེ་ཕྱིན་མ་ཐུག་པ་ལྟར། ང་རང་ཚོའི་སྤུན་སྲིང་མོ། མ་ཞང་པོ། ཕ་ཁུ་བོ། སྙིང་དང་འདྲ་བའི་གཅེས་དམར་མ་དེ་ཚོ། དེའི་འཕྲོ་ན་མཐོང་རྒྱུ་མེད་པའི་དོང་ཆེན་ནག་པོའི་ནང་དུ་འཐེན་ནས་དམྱལ་བའི་སྡུག་བསྔལ་འདི་ཚོ་མྱོང་གི་ཡོད་ན་ཅི་དགོས། དེ་ཚོ་མིན་ཡང་ཡིན་ཁུལ་བྱས་པ་མིན། དངོས་གནས་སྡུག་བསྔལ་དེ་ལྟར་མྱོང་བཞིན་ཡོད་པར། ང་ཚོས་རང་གཞན་གཉིས་ལ་བསམ་བློ་གཏོང་མ་ཤེས་ན་དུད་འགྲོ་ལས་ཐབས་སྡུག་ཅིག་ཨེ་ཡོད་མི་ཤེས་མོད། དེ་ལས་ཀྱང་སྡུག་ཨེ་རེད་བསམ་རྒྱུ་ཞིག་ཡིན། དམྱལ་བ་ན་ཡོད་པའི་སེམས་ཅན་དེ་ཚོ་དོན་མེད་ཤ་སྟག་མ་ཡིན་པར་ཕ་མ་བྱས་མ་མྱོང་བ་གཅིག་ཀྱང་མེད་ན་ཁྲིད་འདི་ཚོ་ཞུས་ནས་རྒྱུ་མཚན་དེ་ཚོ་ཤེས་དགོས། ཡང་དེ་རྗེས་ཤིག་ལ་གུ་རུ་ཉི་ཟླ་འོད་ཟེར་ཉམས་དང་རྨི་ལམ་འདྲེས་མ་ཞིག་ལ་བར་དོའི་སེམས་ཅན་མང་པོ་ཞིག་གཟིགས། དུས་རྒྱུན་ཁོང་གིས་གཅོད་ཀྱི་མགྲོན་འགྱེད་དང་གསུར་བསྔོ་གཏོར་མ་བསྔོ་རྒྱུ་དེ་ཚོ་གཙང་སྦྲ་དང་ལྡན་པ་སེར་སྣ་མེད་པ། ཏིང་ངེ་འཛིན་དང་སྔགས་ཁྱད་པར་ཅན་དང་ཁྱད་པར་སྙིང་རྗེའི་སེམས་ཀྱིས་བསྔོ་ན་བར་དོའི་སེམས་ཅན་ལ་ཕན་ཐོགས་ཆེ་ཞེས་ཕན་ཐོགས་ཡོད་པ་གཟིགས་ནས་གསུངས་པ་ཡིན། དེ་ཡང་སྐོར་ཞིག་ལུང་པ་ཞིག་གི་སྟོད་དུ་ཡར་བྱོན་འགྲོ་བའི་སྐབས། ཆུ་ཕར་ཁའི་ནགས་གསེབ་ཅིག་ཏུ་མི་ཞིག་གིས་ཤིང་གསེས་བཞིན་ཡོད་པ་ཐོས་པས་དེར་ཕེབས་སྐབས། ནུ་བོ་རྡོ་རྗེ་རྒྱལ་མཚན་གྱི་ཐོད་པའི་སྟེང་ནས་རྔུལ་ཆུ་ཏིག་བཞིན་ཤིང་ཨ་གར་སྒྲོན་ཤིང་ཞིག་གཤག་ཐུབ་མི་ཐུབ་ཀྱིས་དེར་ཡོད་པས། ཁོང་གིས་ཁྱོད་ཀྱིས་འདིར་ཅི་བྱེད་བཞིན་ཡོད། ཁར་སང་སྔོན་ནས་གནས་ཚང་ཞིག་ཨེ་རྙེད་བལྟས་པ་ད་དུང་མ་རྙེད་དམ་ཞེས་གསུངས་དུས། ངས་གནས་ཁང་ཐག་རིང་ཞིག་ནས་བཙལ་ན་རྙེད་མོད། ཁྱེད་རྣམས་ལ་སེམས་འཕྲེང་ནས་རང་ཡུལ་གྱི་ཕྱོགས་འདིར་ཐག་ཉེ་ས་ཞིག་ཏུ་བསྡད་པ་ཡིན་ཟེར། འོ་ན་ཁྱོད་ཀྱིས་ཤིང་འདི་གཤག་ནས་ཅི་བྱེད་ཅེས་དྲིས་དུས། ང་གང་དུ་སོང་ཡང་ཉི་ཟླ་མེད་པ་འདི་ལྟར་མུན་ནག་ཤ་སྟག་རེད་འདུག་པས། མེ་སྒྲོན་ཞིག་གི་ཆེད་དུ་སྤར་དགོས་བསམ་ནས་འདི་ལ་འཐམ་ཁུལ་བྱས་པ་ཡིན་ཞུས། ཁྱོད་ཀྱིས་དེ་ལྟར་ཡུན་རིང་ཞིག་ཏུ་སྐྱེ་གནས་བཙལ་བས་མ་རྙེད་པས་སུན་མ་སོང་ངམ། བར་དོ་ཐོས་གྲོལ་ལས་སྲིད་པ་བར་དོའི་སྐབས་མངལ་སྒོ་བདམ་ལུགས་མང་པོ་ཅི་འདྲ་འདུག ཁྱོད་ཀྱིས་མ་དག་འཁོར་བའི་མངལ་སྒོ་མི་བདམ་རྒྱུ་དང་དག་པ་མཁའ་སྤྱོད་ཀྱི་ཞིང་ཁམས་སུ་འཕོ་བའི་གདམས་ངག་ཅི་འདྲའི་མང་པོ་ཐོབ་མྱོང་བ་དེ་ཚོ་ཁྱོད་ཀྱི་ཡིད་ལ་ལོས་ཡོད། འཁོར་བའི་མངལ་སྒོ་གང་ཡིན་ཡང་སྡུག་པས་དེ་བས་ཁྱོད་ཀྱིས་དག་པ་མཁའ་སྤྱོད་ཀྱི་ཞིང་དང་བདེ་བ་ཅན་གྱི་ཞིང་ཁམས་ལ་སོགས་པ་སངས་རྒྱས་ཀྱི་ཞིང་ཁམས་ཤིག་ལ་འདུན་པ་ཤུགས་དྲག་གཏོད་དང་སྐྱེ་ཐུབ་ངེས། ཁྱོད་ལ་གདོས་བཅས་ཀྱི་ལུས་ནི་མེད། ཁྱོད་ཀྱི་ལུས་འདི་བག་ཆགས་ཡིད་ཀྱི་ལུས་ཟེར་བ་ཡིན་དུས་ཁ་ལོ་བསྒྱུར་སླ་སྟེ་འདུན་པ་གང་ལ་གཏད་ཀྱང་དེ་རུ་སྐྱེས། ཁྱོད་མ་དགོས་ང་ཉི་ཟླ་འོད་ཟེར་ལ་ཡང་ད་ལྟ་རྨི་ལམ་གྱི་གནས་སྐབས་ལྟ་བུ་ཡིན་པས་རྨི་ལམ་བག་ཆགས་ཀྱི་ལུས་ཟེར་བ་ཡིན་པས་ལུས་བེམ་གོག་དེ་ངས་མལ་སའི་ནང་དུ་བཞག་ཡོད། ཁྱོད་ཀྱི་བར་དོ་སྟོང་པའི་ལུས་དང་ངའི་རྨི་ལམ་ཉིང་འཁྲུལ་གྱི་ལུས་གཉིས་པོ་སྟོང་གཟུགས་ཡིན་ལུགས་གཅིག་མཚུངས་ཡིན་པས་ཁྱོད་ཀྱིས་མི་བདེན་བསམ་ན་ངའི་ལག་འགོ་ནས་བཟུང་རྒྱུ་ཨེ་ཡོད་ལྟོས་དང་ཞེས་གསུངས་པས། ལག་པ་ནས་བཟུང་དུས་རྡོ་རྗེ་རྒྱལ་མཚན་གྱི་ལག་པ་ནས་བཟུང་རྒྱུ་ཡོད་པ་ལྟར་གྱུར། བར་དོའི་སེམས་ཅན་ལ་མངོན་ཤེས་ཕྲ་མོ་ཞིག་ཐད་ཀར་ཡོད་པས་རྡོ་རྗེ་རྒྱལ་མཚན་གྱིས་ང་ལ་མངོན་སྣང་ཡོད་པས་བཟུང་རྒྱུ་ལོས་ཡོད་ཅེས་ཟེར། ཁོང་གི་དགོངས་པར་རྨི་ལམ་ནི་རྨི་ལམ་ཡིན། ཁོ་ནི་ཤི་ཚར་བ་ཡིན་ན། ཤི་གསོན་གཉིས་ཀ་ཐུག་རྒྱུ་ཡོད་པ་མ་ཟད་བཟུང་དུ་ཡོད་པ་འདི་ཨེ་བདེན་སྙམ་ནས་ངོ་གདོང་ལ་ཡང་བལྟ་བྱེད་དུས། ཁོས་ཀྱང་ཚུར་བལྟས་ནས་ཞིབ་བལྟ་བྱས་རྗེས། ད་ངེད་གཉིས་ད་རེས་མ་གཏོགས་ཨེ་ཐུག་མི་ཤེས་པར་ཐུག་རྒྱུའི་ཐ་མ་ཡིན་པས་ཞིབ་ལྟ་བྱེད་དགོས་ཟེར་ནས་རྣམ་པ་གཉིས་ཀས་ཕར་ལྟ་ཚུར་ལྟས་ཡུན་རིང་ལ་བསྡད་གསུངས། དེར་གུ་རུ་ཉི་ཟླ་འོད་ཟེར་གྱི་དགོངས་པར། ཨེ་མ་བདེན་འཛིན་ཨ་འཐས་ཀྱི་ཞེན་པ་ཐོག་མེད་ནས་རྒྱུད་ལ་འབྱར་ན། འདིས་སྣང་བ་ལ་དངོས་ཞེན་གྱི་འཁྲི་བ་ད་དུང་མ་ཆོད་པས་དངོས་ཞེན་འདི་བཤིག་དཀའ་བར་འདུག་དགོངས་ནས་བཞུགས་སྐབས། ཁོས། ངས་སངས་རྒྱས་ཀྱི་ཞིང་དུ་འདུན་པ་གཏད་ཀྱང་འཕོ་སླ་མོ་ཞིག་མ་རེད། ལས་ངན་གྱི་སྒྲིབ་པ་ཡོད་པས་ལོས་ཡིན། ངན་སོང་ལ་ནི་འགྲོ་བསམ་པ་མེད། འགྲོ་དགོས་མི་ཐུག་པ་འདྲ། མི་ཡུལ་དེར་འདུག་ལོང་མ་བྱུང་བས། སངས་རྒྱས་ཀྱི་ཞིང་བས་ཀྱང་མི་ལུས་གཙང་མ་ཞིག་ཐོབ་ན་བསམ་འདུག་ཅེས་ཞུ་དུས། ཁོང་གི་དགོངས་པར་འདི་སངས་རྒྱས་ཀྱི་ཞིང་ཡ་མཚན་དང་བཀོད་པས་ཁྱད་པར་དུ་འཕགས་བདེ་བའི་ཡོན་ཏན་ཚད་མེད་པ་དེ་ལ་མི་དགའ་བར་དུས་བསྐལ་པ་སྙིགས་མའི་ལུས་ངན་ཞིག་ལེན་བསམ་པ་འདི་སྒྲིབ་པ་ཡིན་ཐག་ཆོད་རེད་དགོངས་ནས། འོ་ན་ངས་ཁྱོད་ལ་རོགས་ཤིག་བྱེད། ངེད་གཉིས་གནས་ཁང་གཙང་མ་ཞིག་འཚོལ་དུ་འགྲོ་གསུངས་ནས། ཁོ་ཁྲིད་ཅིང་གཉིས་ཀ་མཉམ་དུ་ཕེབས། དེར་སོང་བས་ལུང་པ་དེའི་མདོར་ཁང་པ་སྟོང་པ་ཐོག་བརྩེགས་གསུམ་ཅན་ཞིག་མཐོང་བས། ཁྱོད་ཀྱིས་གནས་ཁང་རྙེད་མེད་ན་འདི་ཅི་འདྲ་རེད་ཅེས་གསུངས་དུས། ཁོས། འདི་འདྲ་བརྒྱ་བརྒྱ་སྟོང་སྟོང་རེད། འདི་འདྲའི་ནང་དུ་འགྲོ་བསམ་པ་མེད་ཅེས་ཞུས། དེ་ནས་ཡང་ཕར་ཁར་གནས་ཁང་ཡོད་པའི་བརྡ་སྟོན་པ་ཞིག་མི་འདུག་གམ། དེ་ལ་མི་འགྲོ་ཅི་ཡིན་གསུངས་པས། ཁོས། དང་པོ་སྒོ་རྩ་བར་དུ་ཞིག་སོང་མོད། གནས་གཙང་མ་ཡིན་པའི་ཚོད་མི་འདུག་པས་ཚུར་ལོག་པ་ཡིན་ཞུས། ཡང་སོང་སྟེ་དེར་ཁྱིམ་འདི་ཅི་འདྲ་རེད་ཅེས་ཁང་རྒྱབ་ཀྱི་རྩིག་པའི་ངོས་ནས་འགོས་ཏེ་ཁང་སྟེང་དུ་ཕེབས། སྟེང་ནས་རྒྱ་མཐོང་ནང་མར་ལ་སྐས་ཤིག་བཙུགས་ཡོད་པར་ཁོང་སྔོན་མ་བྱས་ཏེ་བབ་ནས། ཁྱོད་ཤོག་དང་ངེད་གཉིས་ཀས་འདིའི་ནང་ཅི་འདྲ་ཞིག་བལྟ་ཞེས་གསུངས་དུས། ཁོ་མར་མ་བབ་པར་སྟེང་ནས་ཡར་ལངས་ཏེ་བསྡད། ཁོང་མར་ཕེབས་པར་བར་ཁང་དུ་མི་སྡོད་མྱོང་མི་འདུག་བསམ་བསམ། ཀ་བ་ཆག་ལ་ཁད་གདུང་མ་གས་ལ་ཁད་མང་པོ་ཡོད། དེར་ཤོད་དུ་ཕེབས་སྐབས་ནང་ཁྲོལ་རྒྱུ་མ་ཁྲག་རུལ་འདམ་རྫབ་ཀྱིས་གང་བ། སྐྱུག་མེར་ལང་པ་ལྟ་བུ་ཞིག་འདུག་པས་ཁོ་སྙིང་རྗེ་འདི་འདྲའི་བཙོག་པ་ཞིག་ཏུ་བཞག་མི་ཉན་ཁང་པ་གཙང་མ་བཟང་པོ་ཞིག་བཙལ་རོགས་བྱེད་དགོས་དགོངས་ནས། སྒོ་ཆུང་ཞིག་ལས་ཕྱིར་ཕེབས་སྐབས་ཁོས་ཁང་སྟེང་ཞིག་ནས། བཙོག་བཙོག་སྡིག་ཅན་གྱི་ཁྱིམ་རེ་བཙོག །དཀོན་དཀོན་གནས་ཁང་བཟང་པོ་དཀོན། །སྐྱོ་སྐྱོ་བར་དོའི་འཕྲང་ལ་སྐྱོ། །ཆུང་ཆུང་རང་དབང་ལས་འདི་ཆུང་། །འགྲོ་འགྲོ་གར་འགྲོ་འདིར་འགྲོ་མེད། །ཅེས་སྐྱོ་གླུ་ལེན་བཞིན་རྩིག་པའི་རྒྱབ་ནས་མར་བབ་སྟེ་འགྲོ་བ་གསན། དེར་ཁོང་མགྱོགས་པོར་ཕེབས་ནས། ཁོ་བཟུང་སྟེ་སྐད་ཆ་དྲི་ཞོར་གནས་ཁང་ཡག་པོ་ཞིག་བཙལ་རོགས་བྱེད་དགོས་དགོངས་ཏེ་སྒོ་དོག་མོ་ཞིག་གི་ནང་ནས་མི་ཐར་འདུག་ཚེ། ཁོ་ཐག་རིང་ཞིག་ཏུ་སླེབ་ནས་གླུ་སྐད་ཐག་ཇེ་རིང་དུ་སོང་། ཁོང་གིས་སྒོ་དེ་ནས་རྡོ་རྗེ་རྒྱལ་མཚན། རྡོ་རྗེ་རྒྱལ་མཚན་ཞེས་ཐེངས་ཆ་རེ་བོས་ཀྱང་གར་སོང་ཆ་མེད་དུ་གྱུར་སོང་བས། ཁོང་ཐུགས་སྐྱོ་བ་ཚད་མེད་སྐྱེས་ཏེ་ནུ་བོ་སྙིང་རྗེ་བ་དེ་ལ་ང་ཐུག་དུས་ཁ་བརྡ་དལ་མོ་ཞིག་ཀྱང་བྱེད་ལོང་མ་བྱུང་བ་སྡིག་ཁྱིམ་དེས་ལན་པ་ཡིན། གོང་ཞིག་ནས་ལག་པ་ནས་བཟུང་སྟེ་མ་མངགས་པར་སྐད་ཆ་བཤད་དགོས་འདུག ད་ནི་གར་སོང་ཆ་མེད་རེད་པས་ཕྱིན་ཆད་ཁོ་དང་ཐུག་རྒྱུ་མ་རེད། ད་ཐུག་ན་སྐད་ཆ་ལོ་རྒྱུས་ཞིབ་ཏུ་དྲིས་ཏེ་ཆོས་བཤད་བྱས་ནས་དག་པ་མཁའ་སྤྱོད་ཀྱི་ཞིང་ཁམས་བདེ་བ་ཅན་གྱི་ཞིང་ལྟ་བུ་ཞིག་ལ་ཁོ་འགྲོ་འཇུག་དགོས། དེ་མིན་ཡང་གནས་ཁང་བཟང་པོ་ཞིག་ཏུ་མ་བསྐྱལ་ན་རེད་མི་འདུག་དགོངས་ཏེ་སྐྱོ་ཤས་ངང་བཞུགས་ཡོད་དུས་གཟིམ་སད་པ་ལྟ་བུའི་རྐྱེན་བྱས་ནས་ཉམས་དེ་ཡལ་སོང་བ་རེད། ནུ་བོ་རྡོ་རྗེ་རྒྱལ་མཚན་ཞེས་པ་གཞན་དང་མི་འདྲ་བར་སྔོན་སྦྱང་གི་གང་ཟག་ཁྱད་པར་ཅན་ཞིག་ཡིན། སྐྱེ་བ་དེའི་རྗེས་ནས་ཐོས་གྲོལ་གྱི་ཆོས་སྐོར་ཉམས་སུ་ལེན་མཁན་ཀྱི་བརྒྱུད་པ་འཛིན་མཁན་ཞིག་ཏུ་གྱུར། དེ་ལྟར་རང་དབང་ཅན་དེ་ཚོ་ལ་ཡང་སྐྱེ་གནས་བཟང་པོ་འཚོལ་རྒྱུར་དེ་འདྲ་དཀའ་ལས་ཤིག་ཡོད་ན་ང་ཚོ་སོ་སྐྱེ་ཐ་མལ་བ་ཞིག་ལ་དབང་མེད་ལས་རླུང་གིས་དེད་པའི་སྡུག་བསྔལ་ཅི་ཙམ་མེད། དེ་ལྟར་ཡིན་པའི་རྒྱུ་མཚན་གྱིས་བར་དོའི་གནས་སྐབས་ཀྱི་སྐྱོ་བའི་ངང་ཚུལ་དེ་ཚོ་མི་གཞན་ལ་མ་གཏོགས་རང་ལ་མི་འོང་བ་ལྟ་བུ་མིན་ལ་དུས་ཡུན་རིང་མ་སོང་བར་གློ་བུར་མྱུར་དུ་མི་འོང་བ་ཞིག་ཀྱང་མིན། དེ་རིང་གི་དོ་དགོང་ཉི་མ་མ་ནུབ་ཚུན་ཆད་ལ་ཡང་དེ་འདྲ་མི་འོང་ཞེས་སུས་ཟེར་ཤེས། དེ་ལྟར་བཤད་ཐག་ཆོད་པའི་དཔའ་གདེངས་སུ་གཅིག་ལ་ཡང་མེད། འགྲོ་འདུག་ཉལ་འཆག་སྤྱོད་ལམ་གང་གི་སྐབས་ཀྱང་འདི་ནི་འཇིག་རྟེན་འདིའི་སྤྱོད་ལམ་གྱི་ཐ་མ་ཡིན་བསམ་ནས་མི་རྟག་པའི་འདུ་ཤེས་བསྐྱེད་དགོས་པས་སེམས་ཀྱིས་དེ་དྲན། ངག་གིས་དེ་བརྗོད། གཞན་ལ་ཡང་མི་རྟག་པའི་དྲན་བསྐུལ་དེ་བྱེད་དགོས། དེ་ཡང་། ཡིད་ལ་བྱེད་པ་ཐམས་ཅད་ཀྱི་མཆོག་མི་རྟག་པ་སྒོམ་པ་ཡིན། རྗེས་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་དེ་གླང་པོ་ཆེའི་རྗེས་ཡིན། ཞེས་གསུངས་པས་ཡིད་ལ་བྱེད་པ་ཐམས་ཅད་ཀྱི་མཆོག་མི་རྟག་པ་བསྒོམ་པ་ལོས་ཡིན་ཏེ། མི་རྟག་པ་བསྒོམ་པ་དང་མ་བྲལ་ན་ལོང་མེད་རྒྱུད་ལ་སྐྱེ། བརྩོན་པའི་ལྕགས་ཀྱིས་བསྐུལ་ནས་ཐར་ལམ་བདེ་བའི་ཞིང་མཆོག་རང་གི་ལག་ན་ཡོད་པ་དང་གཅིག་མཚུངས་ཡིན། རྗེས་ཐམས་ཅད་ཀྱི་ནང་ནས་གླང་པོ་ཆེའི་རྗེས་མཆོག་ཡིན་པའི་རྒྱུ་མཚན་གང་ཡིན་ཞེ་ན། སྲོག་ཆགས་གཅིག་དང་མ་འདྲ་བར་གླང་པོ་ཆེའི་རྗེས་དེ་ནོར་བུ་མིག་གསུམ་གྱི་རི་མོ་དོད་ཡོད་མཁན་ཞིག་ཡིན་ནོ། །དེས་ན་ཤི་བར་དོ་འཇིགས་སྐྲག་ཅན་གྱི་ཡུལ་ལ་སླེབས་དུས་སྐྱབས་རེ་ས་འཇུ་ས་ཚེར་ཕུང་ཉག་གཅིག་པོ་དམ་པའི་ཆོས་ཉག་གཅིག་མ་གཏོགས། ཕ་མ་གཉེན་བཤེས་མཐུན་གྲོགས་ཁྱིམ་མཚེས་ཀྱིས་སྐྱོབ་མི་ཐུབ་ལ། གསེར་དངུལ་དར་ཟབ། དངུལ་ལོ་ཤོག་བུ། རྟ་ཟོག་རྒྱུ་ནོར་གཅིག་གིས་ཀྱང་སྐྱོབ་པ་མ་རེད། སྔར་བསགས་བསོད་ནམས་ཀྱི་སྔར་སྐབས་རེ་གསོན་གྲང་ང་ཁམས་ན་ཡོད་དུས་བསྐྱལ་ཐུབ་ཡོད་ན་དེ་རེད་མེད་ན་དེ་རེད། ཡོད་ངེས་པ་ཅི་ཡོད་ཅེ་ན། སྒོ་གསུམ་གྱིས་བསགས་པའི་སྡིག་པའི་ཕུང་པོ་རི་རབ་ཙམ་ཞིག་གཅིག་མ་ཆད། གཉིས་མ་ལུས་པར་སྐེ་མདོ་ལ་བཅིངས་བཅིངས་ཁར་ཡོད་རྒྱུ་བོ་དེ་དང་འབྲལ་བ་ཡོད་པ་མ་རེད། བསམ་བློ་དེ་ལྟར་བཏང་དུས་རང་དབང་རང་ལག་ན་ཡོད་ཐོག་འདི་ནས་དམ་པའི་ལྷ་ཆོས་རྣམ་དག་ཅིག་མ་འགྲུབ་དུས་དགྲ་འདུལ་གཉེན་སྐྱོང་གིས་ད་རེད་མ་སོང་། དེ་ཐམས་ཅད་པོ་རང་ལ་གནོད་པའི་མཚོན་ཆ་རང་གིས་མགར་བ་ལྟ་བུ་ཁོ་ན་ལས་མ་འདས། སྐྱེས་ཕོ་རབ་ཕོ་འབྲིང་ཕོ་མཐའ་གསུམ། དྲན་སྔ་ཕྱི་མ་གཏོགས་འདྲ་འདྲ་ཡིན་པས་ཕ་ཡུལ་རྒྱབ་ཏུ་བསྐྱུར། མི་ཡུལ་དང་དུ་བླངས། གནས་བྲག་རྩ། གྲོགས་རི་དྭགས་བྱས་ནས། གྱོང་ལྟོ་གོས་གཏམ་གསུམ་ལ་བསྐུར་ཏེ་དམ་པ་གོང་མའི་རྣམ་ཐར་བཞིན་གཏད་ས་བཞི་ཙམ་ཞིག་མ་ཐུབ་རུང་། འདིར་སྣང་འཁོར་བའི་བྱ་བཞག་ལ་སྙིང་པོ་མེད་པ་འདི། མཁྲིས་ནད་ཅན་ལ་སྣུམ་ཟན་བྱིན་པ་ལྟ་བུ། གླེང་འོང་ན་ཞེན་པ་ལོག་པ་ལྟ་བུའི་བསམ་བློ་ནང་དུ་འཁོར་བར་བྱས་ནས། སོང་ན་ལམ་མི་རྟག་གི་བསམ་ནས་གོམ་པ་ཆོས་ཕྱོགས་སུ་སྤོ། བསྡད་ན་གནས་ཡུལ་མི་རྟག་གི་བསམ་ནས་ཞིང་ཁམས་ཡིད་ལ་བྱེད། བཟའ་བཏུང་ལོངས་སྤྱོད་མི་རྟག་གི་བསམ་ནས་ཏིང་ངེ་འཛིན་གྱི་འཚོ་བ་ཉམས་སུ་མྱོང་། ཉལ་ན་གཉིད་མི་རྟག་གི་བསམ་ནས་འཁྲུལ་བ་འོད་གསལ་ལ་སྦྱངས། ཕྱུག་པོའི་ནོར་མི་རྟག་གི་ཕན་ཐོགས་མཁན་དེ་འཕགས་པའི་ནོར་བདུན་རེད། ཆེ་བཙན་དང་སྙན་གྲགས་དེ་ཚོ་མི་རྟག་པས་དུས་རྟག་ཏུ་དམན་ས་བཟུང་དགོས། མི་གྲལ་ནས་བུད། ཁྱི་གྲལ་བསྙེགས། ལྷ་གྲལ་ཐོབ་རྒྱུའི་བུད་བསྙེགས་ཐོབ་གསུམ་དེ་དམ་པ་གོང་མའི་གཤེགས་ཤུལ་ཕ་ནོར་བུ་སྐལ་དུ་བཞག་པའི་གདམས་པ་ཡིན་པས་དེ་ལ་བསྙེགས་དགོས་ཏེ། རྗེ་མི་ལས། ང་འཆི་བས་འཇིགས་ནས་རི་ལ་བྲོས། །ནམ་འཆི་ཆ་མེད་བསྒོམས་བསྒོམས་ནས། །འཆི་མེད་གཉུག་མའི་བཙན་ས་ཟིན། །ད་འཆི་བའི་འཇིགས་པ་བོར་དེ་ཐལ། །ཞེས་གསུངས་པ་ལྟར་འཆི་བྲོད་ཀྱི་གདེངས་ཚད་རྙེད་ན་འཆི་མེད་ཀྱི་བཙན་ས་ཟིན་འགྲོ་བས་དེ་ལྟར་མ་རེད་བར་འཆི་བ་མི་རྟག་པ་བསྒོམ་དགོས་པ་རེད། དེ་ལྟར་སྦྱོར་དངོས་རྗེས་གསུམ་ཚང་བས་ཉམས་སུ་ལེན་དགོས་པ་དེ་ཁྲིད་རྐང་གོང་མ་དང་གཅིག་པ་ཡིན། དེ་ལྟ་བུའི་མི་རྟག་རྒྱུད་ལ་སྐྱེས་ནས། བློ་སྣ་ཆོས་ལ་སྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་སུ་མེད་དོ་དྲིན་ཆེན་བླ་མ་མཁྱེན། །ཞེས་གསུངས་ཏེ། མི་རྟག་རྒྱུད་ལ་སྐྱེས་ནས་བློ་སྣ་ཆོས་ལ་སྒྱུར་ཅིག་གུ་རུ་མཁྱེན། ལམ་གོལ་དམན་པའི་ལམ་འཁྱོག་ཏུ་མི་གཏོང་བར་ཀུན་མཁྱེན་ཆོས་རྗེ་མཁྱེན། གཉིས་སུ་མེད་པའི་དྲིན་ཆེན་བླ་མས་ཐུགས་རྗེས་ཟུངས་ཁྱེད་རྣམ་པ་མཁྱེན་ཞེས་གསུངས་པ་ཡིན་ནོ།།

ག ལས་རྒྱུ་འབྲས་ཀྱི་ཁྲིད།

དང་པོ་ལས་ཀྱི་རྣམ་བཞག་སྤྱིར་བསྟན་པ།

༡༽ སྤང་བྱ་མི་དགེ་བའི་ལས།

༡ ལུས་ཀྱི་ལས་གསུམ།

ད་ནི་ཁྲིད་རྐང་གསུམ་པ་ལས་རྒྱུ་འབྲས་ཀྱི་ཁྲིད་འདི་ལ། སྤང་བྱ་མི་དགེ་བའི་ལས། བསྒྲུབ་བྱ་དགེ་བའི་ལས། ཐམས་ཅད་ལས་ཀྱི་རང་བཞིན་དུ་བསྟན་པ་དང་གསུམ་གྱི་དབྱེ་བ་ཡོད་ལ། འདིར་ངག་འདོན་གྱི་ཚིག་གི་སྟེང་ནས། དགེ་སྡིག་ལས་ཀྱི་རྣམ་སྨིན་ཕྱི་བཞིན་འབྲང་། །ཞེས་ཚིག་རྐང་པ་གཅིག་པོ་འདིས་བསྟན། དེ་ཡང་མཛོད་ལས། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། ཞེས་གསུངས་པས། འཁོར་བ་འདི་ལས་ལས་སྐྱེས་ཤིང་ལས་ཀྱི་འབྲས་བུར་བྱས་པ་ཞིག་ཡིན། དེ་ཇི་ལྟར་ཡིན་ཞེ་ན། མཐོ་རིས་དང་ངན་སོང་གི་གནས་སུ་འགྲོ་བ་ལ་བྱེད་པ་པོ་གཞན་ཞིག་ཟུར་ན་མེད་ལ། སྟབས་ལེགས་སྟེས་དབང་གིས་གར་བབ་གར་ལྷུང་དུ་རང་བཞིན་གྱིས་འགྲོ་བ་ཡང་མིན་པར། ཐམས་ཅད་ལས་ལས་བྱུང་ཞིང་ལས་ཀྱི་འབྲས་བུ་ཆུད་མི་ཟ་བ་ཡིན་པས། དགེ་མི་དགེའི་རྒྱུ་འབྲས་འདི་ལ་དཔྱད་པ་ཞིབ་མོ་ཞིག་བྱས་ཏེ་སྡིག་པ་མི་དགེ་བའི་ཕྱོགས་སྤངས་ཤིང་དཀར་པོ་དགེ་བའི་ལས་ལ་འབད་དགོས་པ་ཡིན།

དེ་ལས་དང་པོ་སྤང་བྱ་མི་དགེ་བ་བཅུ་པོ་ཤེས་པར་བྱ་བ་ལ་ཡང་། ལུས་ཀྱི་ལས་གསུམ་སྟེ། སྲོག་གཅོད། མ་བྱིན་ལེན། ལོག་གཡེམ་དང་གསུམ། དང་པོ་གཞི་མི་དང་དུད་འགྲོ་ལ་སོགས་པ་ཡུལ་གསོད་བྱའི་སེམས་ཅན་མ་ནོར་བར་ཤེས་པ། བསམ་པ་གསོད་སེམས་སྐྱེས་པ། སྦྱོར་བ་གསོད་ཐབས་ལག་ཏུ་བླང་པ། མཐར་ཐུག་སྲོག་གི་དབང་པོ་དེ་རང་མ་ཤི་བའི་སྔོན་ལ་འགག་པ་སྟེ་གཞི་བསམ་སྦྱོར་བ་མཐར་ཐུག་བཞི་པོ་ཚང་དགོས། འདི་ནས་ཁྱིམ་པའི་ཕྱོགས་གཙོ་བོར་བྱས་ནས་བཤད་པ་ཡིན་ལ། རབ་བྱུང་ཡིན་ན་སྲོག་གཅོད་པའི་ཐད་ནས་མི་བསད་ཕམ་བཞིའི་དང་པོ། མ་བྱིན་ལེན་གཉིས་པ། མི་ཚངས་སྤྱོད་ཕམ་བཞིའི་གསུམ་པ། མི་ཆོས་བླ་མའི་རྫུན་བཞི་པར་བརྩི་བས་འདི་བཞི་གང་ཞིག་བྱུང་ན་འཆབ་བཅས་ཡིན་ན་ཕྱིན་ཆད་གསོ་མི་རུང་བ། ཕམ་པར་གྱུར་པའི་གནས་སུ་གཏོང་བས་ན་ཕམ་པ་ཞེས་གསུངས། འདི་ནས་ཁྱིམ་པའི་ཕྱོགས་གཙོ་བོ་བྱས་ནས་བཤད་དུས་ལུས་ཀྱི་མི་དགེ་བ་གཉིས་པ་མ་བྱིན་པར་ལེན་པ་རེད། རྐུ་དང་མ་བྱིན་ལེན་གཉིས་ལ་ཁྱབ་ཆེ་ཆུང་ཁྱད་པར་ཡོད་དེ། ལྐོག་ནས་བླངས་པ་ལ་བརྐུས་ཟེར། མཐུ་དང་གཡོ་རྒྱུས་བླངས་པ་ཡང་མ་བྱིན་པར་བླངས་པ་རེད། དེ་ལྟར་བྱས་ན་ཁྱབ་ཆེ་ཆུང་གི་ཁྱད་པར་ཙམ་ཞིག་ཡིན་ནོ། །གསུམ་པ་ལོག་གཡེམ་ནི། འདི་ལ་གནས་མ་ཡིན་པ། དུས་མ་ཡིན་པ། རིགས་ཀྱིས་བསྲུང་བ། ཆོས་ཀྱིས་བསྲུང་བ་སོགས་ཀྱིས་དབྱེ་བ་དང་གཞན་གྱི་སྡོམ་པ་གཏོང་རྐྱེན་བྱས་ན་ཉེས་པ་ལྷག་པར་ཆེ་བ་ཡིན་ནོ། །

༢ ངག་གི་ལས་བཞི།

ངག་གི་ལས་བཞི་ནི། རྫུན། ཕྲ་མ། ཚིག་རྩུབ། ངག་འཁྱལ་བཞི་ལས། དང་པོ་རྫུན་ཕལ་བ་གཞན་བསླུ་འདོད་ཀྱི་བསམ་པས་བདེན་པ་མ་ཡིན་པར་སྨྲས་པ་དང་གཅིག མི་ཆོས་བླ་མའི་རྫུན། མངོན་ཤེས་མེད་ན་ཡོད་མདོག གྲུབ་པ་མ་ཐོབ་ཀྱང་ཐོབ་མདོག་བྱས་ནས་གཞན་གྱི་མགོ་རྨོངས་ཐབས་ཀྱིས་མགོ་གཡོག་པ་ཡིན། ངག་གི་མི་དགེ་བ་གཉིས་པ་ཕྲ་མ་ལ། མངོན་ཕྲ་དང་ལྐོག་ཕྲ་གཉིས་ཀྱི་དབྱེ་བ་ཡོད་པས་མཐུན་གཉིས་ལྐོག་ནས་འཇམ་པོས་ཕྱེ་ཐབས་ལྐོག་ཕྲ། མངོན་ནས་དབང་གིས་འབྱེད་ཐབས་མངོན་ཕྲའོ། །གསུམ་པ་ཚིག་རྩུབ་ནི་གཞན་གྱི་མཚང་ནས་བརྗོད་པའི་ཚིག་རྩུབ་མོ་འདི་ལ་རིགས་ཀྱི་མཚང་དང་ཡོན་ཏན་ཀྱི་མཚང་ལ་སོགས་པའི་ཁྱད་པར་ཡོད། གཞན་ཡང་ཚིག་སྨྲ་བ་འཇམ་ཡང་དོན་སྙིང་ལ་ཕོག་བྱེད་ཡིན་ཡང་ཚིག་རྩུབ་ཏུ་གཏོགས་སོ། །བཞི་པ་ངག་འཁྱལ་ནི། ཆགས་སྡང་སྐྱེ་བའི་འབྲེལ་མེད་ཀྱི་ངག་བཤད་ཚད་ཐམས་ཅད་ངག་འཁྱལ་ཡིན་ལ། འདི་ཡན་ཆད་ཀྱིས་ལུས་ངག་གི་ལས་བདུན་པོ་བསྟན་ཡོད་ཐོགས་བཅས་ཀྱི་གཟུགས་ཡིན་པས་ཚང་མ་ལ་གཞི་བསམ་སྦྱོར་བ་མཐར་ཐུག་བཞི་པོ་ཚང་དུས་ལས་དེའི་དངོས་གཞི་ཡོངས་སུ་རྫོགས་པ་དེ་ལྟར་ཡིན་ནོ།།

༣ ཡིད་ཀྱི་ལས་གསུམ།

གསུམ་པ་ཡིད་ཀྱི་ལས་གསུམ་ནི། བརྣབ་སེམས། གནོད་སེམས། ལོག་ལྟ་གསུམ་ཡིན་པས། དང་པོ། གཞན་གྱི་རྒྱུ་ནོར་སོགས་ལ་ཆགས་ནས་དེ་ངའི་ཡིན་ན་ཅི་མ་རུང་། དེ་ངས་ལོན་ཐབས་བྱེད་དགོས་སྙམ་པ་བརྣབ་སེམས་སོ། །གཉིས་པ། གཞན་ཞིག་ལ་ཞེ་སྡང་དང་ཁོང་ཁྲོའི་སེམས་ཀྱིས་ཀུན་ནས་མནར་སེམས་པ་གནོད་སེམས་སོ། །གསུམ་པ། རྒྱུ་འབྲས་མེད་པར་ལྟ་བ་དང་རྟག་ཆད་དུ་ལྟ་བ་ལོག་ལྟ་སྟེ་ཡིད་ཀྱི་ལས་གསུམ་པོ་འདི་བསྟན་མེད་ཐོགས་བཅས་ཀྱི་གཟུགས་ལ་འདུ་བས་ཡན་ལག་གཞི་བསམ་གཉིས་གཉིས་རྫོགས་པ་ཞིག་ཡིན་ནོ།།

༤ ལས་ཀྱི་རྣམ་དབྱེ་གཞན་ཡང་བཤད་པ།

ཡང་། ཕན་འདོགས་པ་དང་ཡོན་ཏན་ཞིང་། །སྤང་དང་གནོད་པ་བྱས་ཕྱིར་རོ། །ཞེས་གསུངས་པས། དེ་ཚོའི་ནང་ནས་ཉེས་པ་ཆེ་ཤོས་ཕན་འདོགས་པའི་ཞིང་རང་གི་ཚེ་འདིའི་ཕ་མ་གཉིས་བསམ་པས་སྤང་ཞིང་སྦྱོར་བས་བསད་པ་དང་། ཡོན་ཏན་གྱི་ཞིང་དགྲ་བཅོམ་པ་བཀྲོང་བ་དང་དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ། དགེ་འདུན་འཁོར་ལོའི་དབྱེན་བྱས་པ་དེ་ཚོ་ཡིན། དེ་དག་ལ་རྣམ་སྨིན་བར་མཚམས་མེད་པར་ཡུན་རིང་ཞིག་ལ་མྱོང་དགོས་ཤིང་མནར་མེད་ཀྱི་དམྱལ་བར་སྐྱེ་དགོས་པས་མཚམས་མེད་ཀྱི་ལས་ཞེས་བར་མཚམས་མེད་པར་སྡུག་བསྔལ་མྱོང་བས་ན་མཚམས་མེད་ཅེས་གསུངས། ཡང་དེ་དང་ཉེ་བ་ལྔ་ཡོད་དེ། མ་དགྲ་བཅོམ་མ་སུན་བྱས་དང་། བྱང་ཆུབ་སེམས་དཔའ་ངེས་གནས་དང་། །སློབ་པ་གསོད་དང་དགེ་འདུན་གྱི། །འདུ་བའི་སྒོ་ནི་འཕྲོག་པ་རྣམས། །མཚམས་མེད་པ་དང་ཉེ་བ་སྟེ། །ལྔ་པ་མཆོད་རྟེན་འཇིག་པ་ཡིན། །ཞེས་མཛོད་ལས་གསུངས་པ་ལྟར་རོ། །སྡིག་པ་དེ་རྣམས་བྱེད་ལུགས་ཀྱི་ཐད་ནས་ཀྱང་། རང་གིས་བྱས་པའམ་གཞན་ལ་བྱེད་དུ་བཅུག་པ། གཞན་གྱིས་བྱས་པ་ལ་རྗེས་སུ་ཡི་རང་བ། མཐུན་པ་དོན་གཅིག་ལ་ཞུགས་པ་དེ་རྣམས་རྣམ་སྨིན་འདྲ་བ་ཡིན་ཏེ། དམག་ལ་སོགས་པ་དོན་གཅིག་ཕྱིར། །ཐམས་ཅད་བྱེད་པ་པོ་བཞིན་ལྡན། །ཞེས་གསུངས་པས་སོ།།

༥ ལས་དེ་དག་གི་འབྲས་བུ་བཤད་པ།

མི་དགེ་བའི་ལས་དེ་རྣམས་ཀྱི་འབྲས་བུ་ནི་དེ་རེ་རེ་ལ་རྣམ་སྨིན་གྱི་འབྲས་བུ། རྒྱུ་མཐུན་གྱི་འབྲས་བུ། དབང་གི་འབྲས་བུ། སྐྱེས་བུ་བྱེད་པའི་འབྲས་བུ་སྟེ་བཞི་རེ་སྨིན་རྒྱུ་ཡོད། དེ་ལས་རྣམ་སྨིན་གྱི་འབྲས་བུ་ལྟ་བུ་ལ་མི་དགེ་བ་བཅུ་པོ་གང་ཡིན་ཡང་ཀུན་སློང་ཞེ་སྡང་གི་དབང་གིས་བྱས་པ་ཡིན་ན་དམྱལ་བར་སྐྱེས། འདོད་ཆགས་ཀྱི་དབང་གིས་བྱས་ན་ཡི་དྭགས་སུ་སྐྱེས། གཏི་མུག་གི་དབང་གིས་བྱས་ན་དུད་འགྲོར་སྐྱེས་ཏེ། ཆགས་པས་ཡི་དྭགས་འགྲོ་བར་འགྲོ། །ཞེ་སྡང་གིས་ནི་དམྱལ་བར་འཕེན། །རྨོངས་པས་ཕལ་ཆེར་དུད་འགྲོར་འགྲོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ནས་རྒྱུ་མཐུན་གྱི་འབྲས་བུ་ལ། མྱོང་བ་རྒྱུ་མཐུན་དང་། བྱེད་པ་རྒྱུ་མཐུན་རྣམ་པ་གཉིས་ཡོད་ལ། མྱོང་བ་རྒྱུ་མཐུན་ནི། ལས་མྱོང་སྟོབས་ཀྱིས་ཟད་ནས་ངན་སོང་ལས་ཐར་ཏེ། ཐེངས་གཅིག་མི་ལུས་ཞིག་ཐོབ་ཁུལ་བྱས་ཀྱང་སྲོག་གཅོད་ཀྱིས་ཚེ་ཐུང་ཞིང་ནད་མང་། མ་བྱིན་བླངས་པས་ལོངས་སྤྱོད་དབུལ་པོར་འགྱུར་བའམ་ཅུང་ཟད་ཡོད་ཀྱང་དགྲ་དང་རྩོད་པ་ཅན་ལ་འགྱུར་རྒྱུ། ལོག་གཡེམ་གྱིས་ཁྱིམ་ཐབ་མི་མཛེས་པ་དང་དགྲ་ཟླ་ཅན་དུ་འགྱུར་རྒྱུ། རྫུན་གྱིས་རང་ཉིད་ལ་སྐུར་བ་འདེབས་མཁན་མང་ཞིང་གཞན་གྱིས་བསླུ་བ། ཕྲ་མས་འཁོར་མི་མཐུན་པ་དང་བདག་ཉིད་ལ་རྒོལ་བ་ཅན་འབྱུང་རྒྱུ། ཚིག་རྩུབ་ཀྱིས་དུས་རྟག་ཏུ་མི་སྙན་པ་ཐོས་རྒྱུ་དང་རང་གི་ཕར་བཤད་པ་གྱོད་ལ་འགྱུར་རྒྱུ། ངག་འཁྱལ་གྱིས་རང་གི་ཚིག་ལ་གཞན་གྱིས་མི་བརྩི་བ་དང་མི་མང་གི་ནང་ནས་སྤོབས་པ་ཆུང་བ། བརྣབ་སེམས་ཀྱིས་ཡིད་ལ་བསམ་པ་ཐམས་ཅད་མི་འགྲུབ་པ་དང་མི་འདོད་པ་ཐོག་ཏུ་བབས། གནོད་སེམས་ཀྱིས་འཇིགས་སྐྲག་དང་འཚེ་བ་མང་བ། ལོག་ལྟས་ལྟ་བ་ངན་པ་ལ་གནས་རྒྱུ་དང་། གཡོ་རྒྱུས་རང་སེམས་འཁྲུག་རྒྱུ་སོགས་དེ་ལྟ་བུའི་འབྲས་བུ་འབྱུང་ངོ་། །བྱེད་པ་རྒྱུ་མཐུན་གྱི་འབྲས་བུ་ཅི་ལྟ་བུ་ཞེ་ན། བྱེད་པ་རྒྱུ་མཐུན་བྱེད་ལས་མཐུན་པར་སྐྱེ། །ཞེས་གསུངས་པས། སླར་ཡང་སྔོན་གྱི་བྱ་བ་ངན་པ་དེ་དང་རྗེས་སུ་མཐུན་པའི་ལུས་རྟེན་ཐོབ་ནས། སྔར་སྲོག་གཅོད་མཁན་ཞིག་ཡིན་ན། ད་ཡང་སྲོག་གཅོད་ལ་དགའ་བ་ལ་སོགས་པ་སྔ་མའི་ལས་ངན་ལ་རང་གི་ངང་གིས་འཇུག་པ་དེ་ལྟ་བུ་ཡིན་ནོ། །དབང་གི་འབྲས་བུ་ཡིན་ན་བདག་འབྲས་ཡུལ་ལ་སྨིན་པ་ཞེས་པ་དཔེར་ན། སྲོག་གཅོད་ཀྱིས་ས་ཕྱོགས་ཉམས་མི་དགའ་བ་ངམ་གྲོག་དང་གཡང་ས་ཅན་ལ་སོགས་པ་སྲོག་ལ་གནོད་པ་ཡོད་པའི་ས་ཆ་ཐ་ཆད་ལ་སྐྱེ་རྒྱུ། མ་བྱིན་ལེན་གྱིས་ས་བོན་བཏབ་ཀྱང་འབྲས་བུ་མི་ཆགས་པས་མུ་གེ་ཆེ་བའི་ས་ལ་སྐྱེ་རྒྱུ། ལོག་གཡེམ་གྱིས་ཡུལ་ཡིད་དུ་མི་འོང་བའི་ས་ཆ་ལ་སྐྱེ་རྒྱུ། རྫུན་གྱིས་ལོངས་སྤྱོད་ཀྱི་འབྱོར་བ་མི་བརྟན་པར་སྐྲག་པའི་ཡུལ་དུ་སྐྱེ་རྒྱུ། ཕྲ་མས་ཡུལ་ཡིད་དུ་མི་འོང་བར་སྐྱེ། ཚིག་རྩུབ་ཀྱིས་རྡོ་དང་གསེག་མ་ཚེར་མས་གང་བའི་ས་ཕྱོགས་ཡིད་དུ་མི་འོང་བར་སྐྱེས་ནས་ཚེ་གང་ལ་འབུད་ཐབས་མེད་པར་དེར་འདུག་དགོས་པ་དང་། ངག་འཁྱལ་གྱིས་ལས་བྱས་ན་འབྲས་བུ་མི་འབྱུང་། དུས་ཚིགས་ཕྱིན་ཅི་ལོག་སྟེ་དབྱར་དགུན་གོ་ལོག་པ། བརྣབ་སེམས་ཀྱིས་ལོ་ཉེས་ས་ཚིག དུས་ངན་ཀྱི་རྒུད་པ་འབྱུང་རྒྱུ། གནོད་སེམས་ཀྱིས་གནོད་པ་དང་འཚེ་བ་ཅན་གྱི་ཡུལ་ལ་སྐྱེས། ལོག་ལྟས་འབྱོར་བ་ཆུང་བ་དང་སྐྱབས་དང་མགོན་དང་དཔུང་གཉེན་མེད་པའི་ས་ཆ་ལ་སྐྱེ་བ་ལ་སོགས་པ་ཡིན་ནོ། །སྐྱེས་བུ་བྱེད་པའི་འབྲས་བུ་ནི། ལས་ངན་པའི་འབྲས་བུ་ཅི་བྱས་པ་ལ་བཤགས་སྡོམ་ལ་སོགས་པའི་གཉེན་པོས་མ་ཟིན་ན་མུ་མཐའ་མེད་པར་སྡིག་པའི་འབྲས་བུ་འཕེལ་ནས་འབྲས་བུ་མང་དུ་མྱོང་དགོས་པ་ཡིན་ནོ། །དེ་ཡན་ཆད་ཀྱིས་སྤང་བྱ་མི་དགེ་བའི་ལས་རྒྱུ་འབྲས་དང་བཅས་པ་བཤད་ནས།

༢༽ བསྒྲུབ་བྱ་དགེ་བའི་ལས་དང་དེ་འབྲས་བཤད་པ།

གཉིས་པ་བསྒྲུབ་བྱ་དགེ་བའི་ལས་བཅུའི་སྟེང་ནས་བསམ་བློ་བཏང་ན། མི་དགེ་བ་བཅུ་པོ་ལས་ལོག་ཙམ་པ་ཞིག་ལ་དགེ་བ་བཅུ་ཞེས་མི་ཟེར། དེ་ཅིའི་ཕྱིར་ཞེ་ན། དཔེར་ན་སྲོག་མ་བཅད་པ་ཙམ་ཞིག་གིས་སྲོག་གཅོད་སྤོང་བའི་སྡོམ་པས་རྒྱུད་བསྡམ་པ་མེད་པའི་ཕྱིར་ན་སྲོག་མ་བཅད་པ་ཙམ་གྱིས་སྲོག་གཅོད་སྤོང་བའི་དགེ་བ་མཚན་ཉིད་པ་ཞིག་རེད་མི་ཐུབ། དེས་ན་མི་དགེ་བཅུ་པོ་སྤངས་པའི་སེམས་བརྟན་པོ་དེ་དགེ་བ་བཅུ་ཡིན་པ་དང་དེའི་སྟེང་སྲོག་གཅོད་སྤངས་བ་མ་ཟད་གཞན་གྱི་སྲོག་བསྐྱབ། མ་བྱིན་ལེན་སྤོང་བ་མ་ཟད་གཞན་ལ་སྦྱིན་པ་གཏོང་། ལོག་གཡེམ་སྤངས་ནས་ཚུལ་ཁྲིམས་བསྲུང་། རྫུན་སྤངས་ནས་བདེན་པར་སྨྲ། ཕྲ་མ་སྤངས་ནས་འཁོན་པ་ཟླུམ། ཚིག་རྩུབ་སྤངས་ནས་སྙན་པར་སྨྲ། ངག་འཁྱལ་སྤངས་ནས་དོན་དང་ལྡན་པའི་གཏམ་བརྗོད་པ་དང་ཁ་ཏོན་བཟླས་བརྗོད་བྱ། བརྣབ་སེམས་སྤངས་ནས་འདོད་ཆུང་ཆོག་ཤེས་བྱེད། གནོད་སེམས་སྤངས་ནས་བྱམས་སྙིང་རྗེ་བསྒོམ་ཞིང་གཞན་ལ་ཕན་སེམས་བྱེད། ལོག་ལྟ་སྤངས་ནས་ལས་རྒྱུ་འབྲས་དང་དགེ་སྡིག་གི་རྣམ་བཞག་ལ་ཡིད་ཆེས་བྱས་ནས་འཇིག་རྟེན་ཡང་དག་གི་ལྟ་བ་རང་གི་རྒྱུད་ལ་བརྟན་པར་བྱེད་རྒྱུ་དེ་རྣམས་བྱས་ན་དགེ་བཅུ་ཁྱད་པར་བ་ཞེས་པར་འགྱུར་ཐུབ་བོ། །དེ་ལྟར་དགེ་བ་བཅུ་པོ་བསྒྲུབ་ན་ཡང་རྣམ་སྨིན་གྱི་འབྲས་བུ་ཅི་ཡོད་ཅེ་ན། དགེ་བ་བཅུ་ཆུང་ངུས་མི། འབྲིང་གིས་འདོད་ཁམས་ཀྱི་ལྷ། ཆེན་པོས་ཏིང་ངེ་འཛིན་དང་འབྲེལ་ན་ཁམས་གོང་མར་སྐྱེ་བ་དེ་ལྟར་ཡིན། རྒྱུ་མཐུན་གྱི་འབྲས་བུ་ལས་མྱོང་བ་རྒྱུ་མཐུན་ལ། སྲོག་གཅོད་སྤངས་པས་ཚེ་རིང་ནད་ཉུང་། མ་བྱིན་ལེན་པ་སྤངས་པས་ལོངས་སྤྱོད་དང་འབྱོར་བ་རྒྱས་ལ་དགྲ་རྐུན་གྱི་འཚེ་བ་མེད་པ། ལོག་གཡེམ་སྤངས་པས་ཁྱིམ་ཐབས་མཛེས་པ་དང་འཕྲད་རྒྱུ་དང་དགྲ་ཟླ་ཉུང་བ། རྫུན་སྤངས་པས་ཐམས་ཅད་ཀྱིས་བསྟོད་ཅིང་བྱམས་པ། ཕྲ་མ་སྤངས་པས་འཁོར་ཐམས་ཅད་ཀྱིས་གུས་པ་བྱེད་པ། ཚིག་རྩུབ་སྤངས་པས་སྙན་པར་ཐོས། ངག་འཁྱལ་སྤངས་པས་ཚིག་བཙུན་ཞིང་བཤད་པའི་ཚིག་ལ་ཀུན་གྱིས་བརྩི་བ། བརྣབ་སེམས་སྤངས་པས་བསམ་པའི་དོན་ཐམས་ཅད་འགྲུབ་པ། གནོད་སེམས་སྤངས་པས་འཚེ་བ་དང་གནོད་པ་མེད་པ། ལོག་ལྟ་སྤངས་པས་ལྟ་བ་བཟང་པོ་རྒྱུད་ལ་སྐྱེ་བ་སོགས་འབྱུང་བ་ཡིན་ནོ། །དེ་ཡན་གྱིས་ལས་དཀར་ནག་འབྲས་བུ་དང་བཅས་པ་བཤད་ནས།

༣༽ ཐམས་ཅད་ལས་ཀྱི་རང་བཞིན་དུ་བསྟན་པ།

གསུམ་པ་ཐམས་ཅད་ལས་ཀྱི་རང་བཞིན་དུ་བསྟན་པ་ནི། ལུས་ཅན་རྣམས་ཀྱི་བདེ་སྡུག་ནི། །ལས་རྣམས་ཡིན་པར་ཐུབ་པས་གསུངས། །ལས་རྣམས་ཀྱང་ནི་སྣ་ཚོགས་ལ། །དེ་ཡིས་འགྲོ་འདི་སྣ་ཚོགས་སྐྱེས། །སྣ་ཚོགས་རྣམ་པར་འཁྱམས་ཤིང་འཇུག །ལས་ཀྱི་སྤྲུལ་པ་རྒྱ་ཆེའོ། །ཞེས་གསུངས་པས། ལས་ཀྱི་རང་བཞིན་ཅི་ལྟ་བུ་ཡིན་ཞེ་ན། ཁམས་གསུམ་འཁོར་བའི་སེམས་ཅན་ཞིག་ཡོད་ཚད་རྣམས་ཀྱི་བདེ་སྡུག་བཟང་ངན་གང་བྱུང་ཐམས་ཅད་བྱེད་པ་པོ་གཞན་སུ་ཡང་མེད་པར་དགེ་སྡིག་གི་སྟོབས་ཁོ་ནས་བདེ་སྡུག་བྱེད་པ་ཡིན། དགེ་སྡིག་གང་གི་ལས་ལ་ཡང་རུལ་རྒྱུ་བམ་རྒྱུ་འཐོར་རྒྱུ་གཏན་ནས་མེད་དེ། དུས་ཀྱིས་ཉེན་ཏེ་རྒྱལ་པོ་འགྲོ་གྱུར་ན། །ལོངས་སྤྱོད་གཉེན་དང་མཛའ་བཤེས་རྗེས་མི་འབྲང་། །སྐྱེས་བུ་དག་ནི་གང་ནས་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲངས། །ཞེས་གསུངས་པ་དང་མདོ་སྡེ་ལས་བརྒྱ་པ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གསུངས་པས་སྡིག་པ་མི་དགེ་བའི་ལས་དེ་ཕ་མ་མཁན་སློབ་ཀྱི་ཆེད་དུ་ཡང་བྱེད་མི་རུང་སྟེ་རྣམ་པར་སྨིན་པ་སུ་གཅིག་གིས་ཀྱང་ཁྱེར་མི་འགྲོ་བར་རང་ཐོག་ཏུ་སྨིན་འོང་ངེས། ལས་གང་བྱས་དེ་འཕྲལ་དུ་མ་སྨིན་ཡང་ཆུད་ཟོས་ཏིལ་འབྲུ་ཙམ་ཡང་མི་འགྲོ་བའི་དཔེ་ཀུན་མཁྱེན་འཇིགས་གླིང་གིས། ས་བླ་མཐོན་པོར་གཤེགས་པའི་མཁའ་ལྡིང་གི །གྲིབ་མ་རེ་ཞིག་བལྟ་བར་མི་མངོན་ཡང་། །ལུས་ཅན་དག་དང་འདུ་འབྲལ་སྤང་པ་བཞིན། །ཚོགས་ཤིང་དུས་ལ་བབས་ཚེ་ལྷག་པར་མངོན། །ཞེས་གསུངས་པ་བཞིན་ནོ། །ལས་དཀར་ནག་དགེ་སྡིག་གི་དབྱེ་བ་དེ། ལྟར་སྣང་གི་རྣམ་པ་གཙོ་མི་ཆེ་བར་ཡིད་ཀྱི་ཀུན་སློང་གཙོ་ཆེ་བ་ཡིན། ཀུན་སློང་ཆགས་སྡང་གིས་བསྐྱེད་ནས་བསམ་པ་མ་དག་ན། རྣམ་པ་དགེ་བ་ལྟར་དུ་སྣང་ན་ཡང་དོན་ལ་མི་དགེ་བར་འགྱུར་འགྲོ་བས་བསམ་པའི་ཀུན་སློང་གི་སྟེང་ནས་རང་འདོད་ཀྱི་འཁྲི་བ་དང་བྲལ། གཞན་ཕན་གྱི་བློ་ཡོད་པ་ཡིན་ན། རྣམ་པ་མི་དགེ་བ་ལྟར་དུ་སྣང་ཡང་དོན་ལ་དགེ་བར་འགྱུར་འགྲོ་སྟེ། ཡིད་གཙོ་ཡིད་ནི་རབ་ཏུ་མགྱོགས་པ་སྟེ། །ཆོས་རྣམ་ཀུན་གྱི་གནད་ལ་ཡིད་འགྲོའོ། །ཞེས་གསུངས་པ་དང་། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བའོ། །མ་ཆགས་མ་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བའོ། །ཞེས་གསུངས་པས་དགེ་སྡིག་གི་ཁྱད་པར་བསམ་པའི་ཀུན་སློང་གིས་འབྱེད་པ་ཡིན་ལ། ཡང་ལས་དགེ་བ་དང་སྡིག་པ་གང་ཡིན་ཡང་དེ་ལ་རྟག་དང་མངོན་པར་ཞེན་པ། གཉེན་པོ་མེད་པ། ཕན་འདོགས་དང་ཡོན་ཏན་གྱི་ཞིང་གི་ཁྱད་པར་སྟེ་དེ་ལྔ་པོ་ལས་ཆེན་པོ་གསོག་བྱེད་ངོ་མ་ཡིན། དེ་ལ་རྟག་ཅེས་པ་དུས་རྟག་ཏུ་ཞེས་པའི་རྟག་དེ་རེད། དགེ་སྡིག་གང་ཡིན་ཡང་སྦྱོར་བ་ལུས་ངག་གིས་རྟག་ཏུ་ཐེངས་གྲངས་མང་པོ་བྱེད་པ་དང་། མངོན་ཞེན་ཞེས་པ། བསམ་པ་ཉོན་མོངས་པའམ་ཡང་ན་དད་པ་ལ་སོགས་པ་དགེ་སྡིག་གང་ལ་ཡང་མངོན་པར་ཞེན་པ་དྲག་པོས་བྱེད་འདོད་ཀྱིས་བྱེད་པ་དང་གཉིས། གཉེན་པོ་མེད་པ་ནི་ལས་སྡིག་པ་ལྟ་བུ་དེ་ལ་འཇོམ་བྱེད་ཀྱི་གཉེན་པོ་གཏན་ནས་མེད་ན། དཔེར་ན་ནད་འཇོམ་བྱེད་ལ་སྨན་མེད་ན་ནད་ཀྱི་སྟོབས་ཤུགས་འཕར་བ་ལྟར་གཉེན་པོ་མེད་པ་དང་གསུམ། ཞིང་རྣམ་པ་གཉིས་ཡུལ་གཉན་པ་ཡིན་ཏེ། དགེ་སྡིག་གང་བྱས་ཀྱི་ཞིང་གི་ཐད་ནས། སྟོབས་ཆེ་ཆུང་དུ་འགྱུར་བ་ཡིན་པས་ཕན་འདོགས་ཀྱི་ཞིང་ཕ་མ་དང་ཆོས་སྨྲ་བ་ལ་སོགས་པ། ཡོན་ཏན་གྱི་ཞིང་གཙོ་བོ་དཀོན་མཆོག་གི་ཞིང་ས་ལྟ་བུ་ཡིན། དེ་རྣམ་པ་ལྔ་པོ་དང་འབྲེལ་ན་དགེ་སྡིག་གི་ལས་གང་བྱས་ན་ཆེན་པོ་ཡིན་པར་གསུངས་ཏེ། རྟག་དང་མངོན་ཞེན་གཉེན་པོ་མེད། །ཡོན་ཏན་གཙོར་ལྡན་གཞི་ལས་བྱུང་། །ཞེས་པས། དེ་ལྔ་པོས་དགེ་སྡིག་གང་བྱས་ཆེན་པོར་འགྱུར་བ་ཡིན་ལ། རྟག་དང་མངོན་པར་ཞེན་དང་གཉེན་པོ་མེད། །ཡོན་ཏན་གཙོར་ལྡན་གཞི་ལས་བྱུང་བའི་ལས། །དགེ་དང་མི་དགེ་རྣམ་ལྔ་ཆེན་པོ་སྟེ། །དེ་བས་དགེ་བ་སྤྱོད་ལ་བརྩོན་པར་གྱིས། །ཞེས་གསུངས་པས་སོ།།

གཉིས་པ་གཞུང་དོན་བྱེ་བྲག་ཏུ་བཤད་པ།

འདི་ནས་ངག་འདོན་གྱི་གཞུང་དུ། དགེ་སྡིག་ལས་ཀྱི་རྣམ་སྨིན་ཕྱི་བཞིན་འབྲང་། །ཞེས་གསུངས་ཏེ། གོང་དུ་བཤད་པའི་ལས་དཀར་ནག་རྒྱུ་འབྲས་ཀྱི་བཤད་པ་འདི་རྣམས་ལ་དུས་རྟག་ཏུ་ངེས་ཤེས་བསྐྱེད་ནས། དཀར་པོ་དགེ་བའི་ལས་ཆུང་ཆུང་ཡིན་ཡང་ཁྱད་དུ་མི་གསོད་པར་དང་དུ་བླངས། ནག་པོ་སྡིག་པའི་ལས་དེ་ཆུང་ཆུང་རེ་ཡང་དེས་ཅི་ཡང་མི་གནོད་བསམ་ནས་བརྙས་ལས་མི་བྱེད་པར་ཆུང་ངུ་ཡིན་ཡང་དུག་བཞིན་དུ་སྤོང་དགོས། ལས་གང་བྱས་གང་བསགས་ཐམས་ཅད་ཀྱི་འབྲས་བུ་དེ་ཕྱི་རོལ་གྱི་ས་ཆུ་མེ་རླུང་སོགས་གང་ལ་ཡང་མི་སྨིན་པར་རང་ཉིད་ཀྱི་ཟིན་པའི་ཕུང་པོ་འབའ་ཞིག་ལ་སྨིན་པ་ཡིན། ལས་གང་བྱས་རང་ཉིད་ཀྱི་ཕྱི་བཞིན་རྗེས་སུ་འབྲང་ནས་བ་གླང་ས་ཕྱགས་རང་གི་སྐེ་མདོ་ཁོ་ན་ཡིན་པས་ན། ལས་ཀྱི་རྣམ་སྨིན་མྱོང་མི་དགོས་མཁན་སུ་གཅིག་ཀྱང་མེད་དེ། དབང་ཡོད་རྒྱུ་ཆེན་གྱིས་གང་བྱས་ཀྱང་ཆོག་པར་རྣམ་སྨིན་མྱོང་མི་དགོས་པ་དང་། ཉམ་ཆུང་རྒྱུ་མེད་ཀྱིས་འབྲས་བུ་ཉམས་སུ་མྱོང་དགོས་པ་དེ་ལྟར་མིན། ད་དུང་དབང་ཡོད་ཐོབ་ཐང་ཅན་དེ་ཚོས་སྡིག་པ་བསགས་སྟོབས་ཆེ་བ་ཡིན་ཏེ། གང་ལ་དབང་ཡོད་དེ་ལ་སྡིག་པ་ཡོད། །ཅེས་གསུངས། དེ་ཡང་སྔོན་ཆོས་རྒྱལ་སྲོང་བཙན་སྒམ་པོས་སྤྲུལ་པའི་མི་ལ་སྤྲུལ་པའི་ཁྲིམས་བཅད་པ་ལྟ་བུ་ཡིན་ན་མ་གཏོགས་ཕན་སེམས་ཀྱི་བསམ་པ་ཙམ་ཡང་མེད་པར་མི་ཡི་དབང་ཆ་བཟུང་དུས་སྡིག་ལས་རྔམ་པོ་ཆེ་བསགས་པ་ཡིན། ཡང་ལས་རྒྱུ་འབྲས་དེ་མི་སྐྱ་ཕོ་མོས་བསྲུང་དགོས་རྒྱུ་དང་བླ་མ་གྲྭ་བས་དེ་ཙམ་མི་དགོས་རྒྱུ། ཁྱད་པར་དུ་བླ་ཆེན་གྱི་མིང་ཡོད་པ་དེ་ཚོས་ཅི་བྱེད་ཀྱང་ཆོག་པས་རྣམ་སྨིན་མྱོང་མི་དགོས་པ་དེ་ལྟ་བུ་ག་ལ་ཡིན། བཅོམ་ལྡན་འདས་དང་སློབ་དཔོན་ཀླུ་སྒྲུབ་ཚོས་ཀྱང་ལས་ཀྱི་ལྷག་མ་དང་དུ་བཞེས་ཚུལ་བསྟན་པ་ཡིན་ན། སྙིགས་མའི་དུས་སུ་ཐབས་སྣ་ཚོགས་ཀྱིས་ཆེན་པོའི་ཁྲི་ལ་འགོ་ས་ལོན་པ་རྣམས་ཀྱིས་ལྷག་པར་མ་འཛེམ་ན་གཙང་བླ་རྟ་ནག་ཅན་གྱི་རྗེས་སུ་བསྙེགས་ངེས་ཅན་ཡིན། འགའ་རེས་ལྟ་བ་མཐོ་མདོག་བཤད་ཁུལ་བྱས་ནས་རྒྱུ་འབྲས་ཁྱད་སོད་བྱེད་པ་རྣམས་ལྷག་པར་སྡིག་པ་ཆེ་སྟེ། བླུན་པོ་མངོན་པའི་ང་རྒྱལ་ཅན་དེ་ཚོས་ཆོས་ཐམས་ཅད་ཀྱི་དགོངས་པ་མི་ལོན་པར། ལས་མེད་ལས་ཀྱི་འབྲས་བུ་མེད། ནམ་མཁའ་སྟོང་པ་ལྟ་བུའི་དེ་བཞིན་ཉིད་ལ་བལྟ་རྒྱུ་ཅི་ཡང་མེད། ཅེས་ཆད་པར་བལྟ་བ་དེ་ཚོ་ཆོས་འདི་པའི་ནང་དུ་མི་ཐེ་བར་འཇིག་རྟེན་རྒྱང་འཕེན་པའི་ལྟ་བ་བདུད་ཀྱིས་བསླུས་པའི་གསང་ཚིག་ཡིན་པས། དེ་དག་གི་སྒྲ་ཙམ་ཡང་ཐོས་པར་མི་བྱ་བ་ཡིན་གསུངས་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས། ཡོད་པ་པ་ནི་བདེ་འགྲོར་འགྲོ། །མེད་པ་པ་ནི་ངན་འགྲོར་འགྲོ། །ཞེས་དང་ད་དུང་། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཞེས་གསུངས་པ་དང་། ཨོ་རྒྱན་རིན་པོ་ཆེས། རྒྱལ་པོ་ཆེན་པོ་ངའི་གསང་སྔགས་འདི་ལྟ་བ་གཙོ་ཆེ། ལྟ་བའི་ཕྱོགས་སུ་སྤྱོད་པ་མ་ཤོར་བ་དགོས། དེ་ཤོར་ན་དགེ་སྟོང་སྡིག་སྟོང་ནག་པོ་ཁ་འབྱམས་ཀྱི་ཕྱོགས་སུ་འགྲོ། ཡང་སྤྱོད་པའི་ཕྱོགས་སུ་ལྟ་བ་མ་ཤོར་བ་དགོས། དེ་ཤོར་ན་དངོས་པོ་དང་མཚན་མས་བཅིང་འགྲོ་བས་གྲོལ་བའི་དུས་མེད་པ་དེ་བས་ན། ལྟ་བ་ནམ་མཁའ་བས་མཐོ་རུང་ལས་རྒྱུ་འབྲས་བག་ཕྱེ་བས་ཀྱང་ཞིབ་དགོས། ཞེས་ཞལ་ཆེམས་བཞག་པ་ཡིན། ཁྱད་པར་དུ་ཚོགས་པ་སྐྱོང་བའི་སློབ་དཔོན་དང་། ལམ་གཞན་ལ་སྟོན་པའི་བླ་མ། སྡེ་སྣོད་འཆད་པའི་མཁན་པོ། མི་མིན་སངས་རྒྱས་བྱང་སེམས་མིའི་གཟུགས་སུ་བྱོན་ནས་སེམས་ཅན་གྱི་དོན་མཛད་པའི་བསམ་བཞིན་སྲིད་པ་བཞེས་པའི་སྤྲུལ་སྐུའི་མཚན་ཡོད་པ་དེ་ཚོས་ལས་རྒྱུ་འབྲས་ཀྱི་ཐད་འདི་ནས་ལྷག་པར་གཟབ་གཟབ་དགོས་མ་གཏོགས། རྒྱུ་འབྲས་མི་ལ་བཤད་པའི་མི་ཡིས་རྒྱུ་འབྲས་རང་གིས་མ་བསྲུང་ན། དེ་ལ་སློབ་པའི་སློབ་མས་ལམ་གང་དེད་ནས་འགྲོ་དགོས། བྱང་ཆུབ་སེམས་དཔས་བསྡུ་དངོས་བཞིའི་འགྲོ་དོན་མཛད་པའི་སྐབས་ན། སྦྱིན་དང་སྙན་སྨྲ་སོགས་བཅོས་མིན་གྱི་ལྷག་བསམ་དག་པའི་ཀུན་སློང་དང་འབྲེལ་བ་སྨོས་ཅི་དགོས་ལ་ད་དུང་དེ་བས་ཀྱང་རང་ཉིད་ཀྱིས། དོན་མཐུན་དོན་སྤྱོད་བྱེད་རྒྱུ་དེ་བས་ཀྱང་གལ་ཆེ་ཞིང་། ལྷག་པར་དུ་དཀོར་འདིའི་ཐད་ནས། རང་རང་སོ་སོས་རང་རྒྱུད་ལ་སྒྲིབ་པས་མི་གོས་པ་རེ་བྱེད་རྒྱུ་གལ་ཆེ། དང་པོ་ཆོས་བརྒྱད་ཀྱི་ཀུན་སློང་གིས་རང་འདོད་ཞེ་ལ་བཅང་ནས་ལོག་འཚོ་ལྔ་ག་ཚང་བ་མ་ཚད་ཕམ་བཞི་དང་ཐག་ཉེ་བའི་ཐོག་ནས་མིའི་ལག་ནས་རྒྱུ་ཞིག་བླངས། བར་དུ་དེ་དག་གི་རྒྱུ་དེ་ཀུན་སློང་རྣམ་དག་གི་ཡར་མཆོད་མར་སྦྱིན་མེད་པའི་སྟེང་དུ། ཆོས་བརྒྱད་སྒྲུབ་བྱེད་དང་གཉེན་འཁོར་སྐྱོང་བྱེད་བྱེད་པ་དང་། ཐ་མ་ཨ་འཁོར་ཡང་འཁོར་གྱི་སྡིག་ལས་མང་པོའི་ས་བོན་ལ་བསྐྲུན་ན། སྡིག་ལས་མང་པོ་འཕེལ་ནས་སྡིག་རྒྱུན་མ་ཆད་པར་རང་གཞན་འབྲེལ་ཚད་པོ་ཁ་ཐུར་དུ་འཁོར་བའི་ལམ་ལ་ཁྲིད་པའི་ཉེན་ཁ་ཡོད་པས་གཟབ་དགོས་པ་ཞིག་ཡིན། ཅི་ཙམ་སྡུག་ཀྱང་ཆུང་ནས་སྐེ་རག་སེར་པོ་བཅིང་མཁན་ཞིག་གིས་རང་དོན་ཙམ་ཞིག་བསྒྲུབ་ཤེས་དགོས་པ་དེས་ན། བདག་ལེགས་སུ་འདོད་པའི་གང་ཟག་ཅིག་ཡིན་དུས་ཁ་བཤད་ལག་ལེན་དང་ལྡན་པ་ལྟ་སྤྱོད་ཟུང་དུ་འབྲེལ་བའི་ཉམས་ལེན་རེ་ཤེས་དགོས། ཅི་ལྟར་ཉམས་རྟོགས་མཐོ་རུང་རྒྱུ་འབྲས་ཕྲ་ཞིབ་ནས་བསྲུང་དགོས་ཏེ། རྒྱལ་བ་རྒོད་ཚང་པ་ཞེས་པ་དེ་ཚོས་ཕྱག་རྒྱ་ཆེན་པོ་སྒོམ་བཞིན་དུ་ཉིན་རེ་མི་བཅུ་རེས་བསྒྲུབ་རྒྱུའི་དགེ་སྦྱོར་མ་ཆག་པའི་བརྩོན་འགྲུས་མཛད་པའི་ལོ་རྒྱུས་ཡོད། སྤྱིར་ན་ལས་དང་ལས་ཀྱི་རྣམ་པར་སྨིན་པ་ཕྲ་ཞིང་ཞིབ་པ་ནས་གསུང་དགོས་ན། ཀུན་མཁྱེན་རྫོགས་པའི་སངས་རྒྱས་མ་གཏོགས་གསུང་མི་ཐུབ་སྟེ། དེ་མཁྱེན་པ་ནི་ཀུན་མཁྱེན་ཏེ། །ཀུན་མཁྱེན་ཡེ་ཤེས་མིན་པས་མིན། །ཞེས་གསུངས་པ་ཡིན། འོན་ཀྱང་བདེ་བར་གཤེགས་པའི་བཀའ་དང་དེའི་དགོངས་འགྲེལ་བསྟན་བཅོས་ཀྱི་རྗེས་སུ་འབྲངས་ནས། ལས་ཀྱི་དབྱེ་བའི་སྟེང་ནས། གཅིག་ཏུ་དཀར་བའི་ལས་བསམ་སྦྱོར་གཉིས་ཀ་དགེ་བ་ཡིན་པ། གཅིག་ཏུ་གནག་པའི་ལས་བསམ་སྦྱོར་གཉིས་ཀ་མི་དགེ་བ་ཡིན་པ། དཀར་ནག་འདྲེས་མའི་ལས་བསམ་པ་དཀར་ཞིང་སྦྱོར་བ་ནག་པ་དེ་ལྟ་བུ་དབྱེ་བ་མཛད་པས་གཅིག་ཏུ་དཀར་བའི་ལས་ཀྱིས་ལྷ་མིའི་བདེ་འབྲས་ཆེན་པོ་བསྐྱེད། གཅིག་ཏུ་ནག་པའི་ལས་ཀྱིས་ངན་སོང་གསུམ་གྱི་སྡུག་བསྔལ་ཆེ་ཤོས་མྱོང་རྒྱུ། དཀར་ནག་འདྲེས་མའི་ལས་དེ་ཡང་བསམ་པ་དག་ནས་རང་དོན་གྱི་འཁྲི་བ་མེད་ན་དགེ་བར་འགྱུར་བ། བྱང་ཆུབ་སེམས་དཔའ་ལ་ལུས་ངག་གི་མི་དགེ་བ་བདུན་གནང་བའི་སྐབས་ཡོད་པ་མཚན་གཞི་སྨོས་ན། དེད་དཔོན་སྙིང་རྗེ་ཆེན་པོས་མི་ནག་མདུང་ཐུང་ཅན་བསད་པ་ལྟ་བུ་དང་། བྲམ་ཟེ་ཁྱེའུ་སྐར་མས་མི་ཚངས་སྤྱོད་པ་ལྟ་བུ་ཡིན་ཡང་། སྦྱོར་བ་དཀར་ཞིང་བསམ་པ་ནག་པས་མ་དཀར་བ། དཔེར་ན་འགའ་རེས་ཆོས་བརྒྱད་དོན་གཉེར་གྱི་ཆེད་ལ་ཆོས་བསྒྲུབ་དང་རྟེན་བཞེངས་བྱེད་པ་ལྟ་བུ་རེད་འགྲོ་བས་བསམ་སྦྱོར་དགེ་སྡིག་འདྲེས་མ་དེ། ཐ་གུ་དཀར་ནག་བསྒྲིམ་པ་དང་འདྲ་བར་དཀར་ཁྲ་ནག་ཁྲ་གང་དུ་འགྱུར་གཙོ་བོ་བསམ་པའི་ཀུན་སློང་ལེགས་ཉེས་ལ་ཐུག་པ་དེ་ལྟར་ཡིན། ཡང་ལས་ཀྱི་རྣམ་སྨིན་བྱེད་པོ་རང་ཉིད་ཀྱི་སྟེང་དུ་སྨིན་ཚུལ་ལ་བསམ་བློ་བཏང་ན་མཐོང་ཆོས་མྱོང་འགྱུར་གྱི་ལས་དང་སྐྱེས་ནས་མྱོང་འགྱུར་གྱི་ལས། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་སོགས་ཡོད། དེ་ཡང་མཐོང་ཆོས་མྱོང་འགྱུར་གྱི་ལས་སྐྱེ་བ་འདིའི་ཐོག་ལ་སྨིན་པ་མཚན་གཞི་དཔེ་སྡིག་པའི་རྣམ་སྨིན་སྨིན་ཚུལ་ནི་སྔོན་ཉི་འོག་གི་རྒྱལ་ཁབ་ས་འོག་ཏུ་གསོན་བཞིན་མནན་པ་ལྟ་བུ། དགེ་བའི་འབྲས་བུ་ལ་རྒྱལ་པོ་གསལ་རྒྱལ་གྱི་བུ་མོ་རྡོ་རྗེ་ལྟ་བུའོ། །སྐྱེས་ནས་མྱོང་འགྱུར་གྱི་ལས་མཚམས་མེད་ཀྱི་ལས་བསགས་པས་ཤི་མ་ཐག་མནར་མེད་དུ་འགྲོ་བ་ལྟ་བུའོ། །ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ནི་དཔེར་ན་མི་རྟ་བསད་པ་ལྟ་བུ་དེ་ལྟར་ཡིན་ནོ། །ཡང་ལས་ཞེས་པ་སྤྱིར་གོང་བཤད་ལྟར་སྤྱིར་ན་མི་བམ་མི་རུལ། ཆུད་མི་ཟ་བ་ཞིག་ཡིན། འོན་ཀྱང་རྟག་པ་ཞིག་མིན་ཏེ། དང་པོ་དགེ་སྡིག་བསགས་པའི་གནས་སྐབས་ལ་འདུ་བྱས་འོང་བ་ཞིག་དང་། ཐ་མ་ཟད་པའི་གནས་སྐབས་ལ་ཡང་འབྲས་བུ་མྱོང་སྟོབས་ཀྱིས་ཟད་པ་མ་ཚད་སྡིག་པའི་ལས་ལ་མཚོན་ན་བཤགས་པས་ཇེ་སྲབ་དང་གཞི་མེད་དུ་འགྲོ་རྒྱུ་ཡོད་དེ། གཉེན་པོ་སྟོབས་བཞི་ཚང་བའི་སྒོ་ནས་བཤགས་པ་བྱས་ན་སྡིག་པ་ཇེ་སྲབ་ཏུ་འགྲོ་བ་དང་། བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་ན་ཉི་མས་མུན་པ་བསལ་བ་ལྟར་སྡིག་པ་རང་དག་ཏུ་འགྲོའོ། །དགེ་བ་ཡང་དེ་བཞིན་དུ་ཆུད་ཟ་ནས་ཟད་པ་ཡོད་དེ། དགེ་རྩ་ཟད་པའི་རྒྱུ་བཞི་དང་འཕྲད་ན་དགེ་རྩ་ཟད་འགྲོ་བ་ཡིན་ལ། དགེ་རྩ་ཟད་པའི་རྒྱུ་བཞི་ནི། དགེ་བ་བྱས་པ་ལ་འགྱོད་པ་སྐྱེས་པ། གཞན་ལ་ངོམ་པ། མ་བསྔོས་པ། ལོག་པར་བསྔོས་པ་དེ་རྣམས་ཡིན། ལས་དགེ་བ་ལ་མཚོན་ན། དེ་ལ་སྲིད་པ་བསྒྲུབ་པའི་ལས་ཤིག་དང་། ཞི་བར་གཞོལ་བའི་ལས་གཉིས་ཡོད་པས་དགེ་བའི་རིགས་ཡོད་ཚད་འདྲ་བོ་མིན། དེ་གཉིས་གང་གི་གྲལ་དུ་འགྲོ་མིན་རང་ཉིད་ཀྱི་ཀུན་སློང་ལ་རག་ལས་ཏེ། ཀུན་སློང་མངོན་མཐོ་ལྷ་མིའི་གོ་འཕང་དོན་གཉེར་གྱི་བསམ་པས་དགེ་བ་བཅུ་དང་བསམ་གཟུགས་བརྒྱད་སོགས་ཏིང་ངེ་འཛིན་བསྒོམ་ན་མཐོ་རིས་ཀྱི་སྲིད་པ་བསྒྲུབ་པའི་ལས་ཡིན། དེས་གནས་སྐབས་ངན་སོང་ལ་མི་སྐྱེ་བར་བྱེད་མོད། མཐར་ཐུག་འཁོར་བ་ལས་ཐར་མེད། བསམ་པའི་ཀུན་སློང་ལ་ང་རང་ཉིད་འགྲོ་བ་རིགས་དྲུག་ལས་ཐར་ནས། ཐར་བའི་གོ་འཕང་དུས་གཏན་དུ་སྡུག་བསྔལ་གྱི་ནང་དུ་མི་ལྷུང་བ་ཞིག་བྱེད་དགོས་བསམ་ནས་དགེ་བཅུ་ལ་སོགས་པ་བསྒྲུབས་ན་ཞི་བར་གཞོལ་བའི་ལས་ཡིན། འོན་ཀྱང་ཤེས་རབ་ཀྱིས་ཟིན་རུང་ཐབས་་ཀྱིས་མ་ཟིན་པས་འབྲིང་ཉན་ཐོས་ཀྱི་གོ་འཕང་ཞིག་ཐོབ་རྒྱུ་ལས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་བྱེད་རེད་མེད། དེ་མེད་ན་རང་དོན་མ་གཏོགས་གཞན་དོན་མི་འགྲུབ། གཞན་དོན་རྫོགས་པའི་བྱང་ཆུབ་ལ་དམིགས་ནས་སྐྱེས་བུ་ཆེན་པོའི་ལམ་ལ་ཞུགས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་འབྲས་བུ་དོན་དུ་གཉེར་ཏེ་དགེ་བཅུ་བསྒྲུབ་ན་སྐྱེས་བུ་ཆེན་པོའི་ཞི་བར་གཞོལ་བའི་ལས་ཡིན། དེ་ལྟ་བུ་ལ་ཐོག་མར་སྦྱོར་བ་སེམས་བསྐྱེད། བར་དུ་དངོས་གཞི་དམིགས་མེད། རྗེས་བསྔོ་བ་དམ་པ་སྟེ། དམ་པ་གསུམ་གྱིས་རྩིས་ཟིན་དགོས་པས་དེ་ལྟ་བུའི་དམ་པ་གསུམ་དང་མ་བྲལ་བས་ཉམས་སུ་ལེན་དགོས་པ་ཡིན་ནོ། །དེ་ལྟ་བུའི་ལས་འབྲས་ཀྱི་རྣམ་བཞག་བཤད་པ་ཐམས་ཅད་མདོར་བསྡུས་ན་རྟེན་འབྲེལ་ཡིན་ཞེས་ཟེར་དགོས་ཏེ། རྒྱུ་དགེ་སྡིག་ལ་བརྟེན་ནས་འབྲས་བུ་བདེ་སྡུག་འབྱུང་བས་གཅིག་ལ་བརྟེན་ནས་གཅིག་འབྱུང་བས་རྟེན་འབྲེལ་ཞེས་གསུངས་པ་རྒྱུ་མཚན་དེའི་ཕྱིར། མགོན་པོ་ཀླུ་སྒྲུབ་ཀྱིས། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པས་རྒྱུ་ས་བོན་ཕར་ཞིང་གི་ནང་དུ་འདེབས་རྒྱུ་མ་ཡོད་ན་འབྲས་བུ་སྟོན་གྱི་ལོ་ཏོག་བདག་པོའི་ལག་ཏུ་ཚུར་འོང་རྒྱུ་མེད། རྒྱུ་ཉོན་མོངས་དུག་ལྔ་མེད་ན་དེའི་འབྲས་བུ་སྡུག་བསྔལ་སྣ་ཚོགས་འོང་དོན་མེད་པས་རྒྱུ་འབྲས་གཅིག་ལ་གཅིག་བརྟེན་གྱིས་བྱུང་བ་ཡིན། རྒྱུ་དགེ་བཅུ་བསྒྲུབ་པས་འབྲས་བུ་ལྷ་མིའི་གོ་འཕང་ཐོབ་པ་ཡང་རྒྱུ་འབྲས་གཅིག་ལ་གཅིག་བརྟེན་གྱིས་འབྱུང་བས་རྟེན་འབྲེལ་ཞེས་གསུངས། དེ་ལྟར་རྒྱུ་བྱང་ཆུབ་གསུམ་གྱི་ལམ་ལ་བརྟེན་ཏེ་འབྲས་བུ་བྱང་ཆུབ་གསུམ་གྱི་གོ་འཕང་རྟེན་འབྲེལ་གྱི་དབང་གིས་བྱུང་བ་ཡིན་ལ། དེ་ཐམས་ཅད་བདེན་པར་གྲུབ་པ། ངོ་བོས་གྲུབ་པ་རང་གི་མཚན་ཉིད་ཀྱིས་གྲུབ་པ་སོགས་འགྱུར་རྒྱུ་དང་བསྒྱུར་རྒྱུ་བཤིག་རྒྱུ་གཏན་ནས་མེད་པར་སྡོད་པ་ཞིག་ཡིན་ན་བདེན་གྲུབ་ལ་རྟེན་འབྲེལ་གྱི་བྱ་བྱེད་མི་རུང་ཡང་། བདེན་པར་མ་གྲུབ་པར་རྟེན་འབྲེལ་གྱི་ཆོས་ཐམས་ཅད་སྟོང་ཉིད་ཡིན་པས། མགོན་པོ་ཀླུ་སྒྲུབ་ཀྱིས་གོང་གི་མཇུག་ཏུ། དེ་ཕྱིར་སྟོང་ཉིད་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པ་ཡིན། དེ་ཡང་དཔེར་ན་རྒྱུ་ནས་ཀྱི་ས་བོན་དེ་འགྱུར་རྒྱུ་དང་བཤིག་རྒྱུ་མེད་པའི་བདེན་གྲུབ་སྲ་བ་རྟག་བརྟན་ཅན་ཞིག་ཡིན་ན། འབྲས་བུ་སྟོན་གྱི་ལོ་ཏོག་བསྐྱེད་པའི་བྱ་བ་བྱེད་མི་རུང་སྟེ་ཁོ་མི་འགྱུར་བར་ཁོ་རང་ལྟར་སྡོད་དགོས་པ་ཡིན་དགོས་ཀྱང་། དེ་མིན་པར་རྟེན་འབྲེལ་གྱི་དབང་དུ་སོང་སྟེ་ཞིག་ནས་འབྲས་བུ་བསྐྱེད་པ་ཞིག་ཡིན་པས་ན། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བ་ཡིན། །ཞེས་གསུངས། དེ་བཞིན་ལོག་ལྟ་དང་ཞེ་སྡང་ལ་སོགས་པ་ཡང་སྣང་ལ་རང་བཞིན་མེད་པ་དོན་དམ་དཔྱོད་པའི་ངོ་ན་མི་དགེ་བའི་ལས་དེ་ཚོ་ཡང་ངོ་བོ་ཉིད་ཀྱིས་སྐྱེས་པའི་བདེན་པ་ཚུགས་ཐུབ་ཅིག་མིན་པའི་གནད་ཀྱིས་སྟོང་ཉིད་དུ་གཏན་ལ་འབེབས་ཐུབ་པ་ཡིན། སྟོང་ཉིད་ཅི་ཡང་མ་ཡིན་པའི་རྩལ་ལས་རྟེན་འབྱུང་འགག་པ་མེད་པའི་རང་བཞིན་དུ་ཤར་སོང་དུས། སྟོང་པ་ཉིད་ལས་སོ་ཞེས་པ་གཏན་ལ་འབེབས་ཐུབ་པ་ཡིན། དེ་ལྟ་ཡིན་པའི་རྒྱུ་མཚན་གྱིས། སྟོང་རྟེན་འབྱུང་གཉིས་པོ། མེ་དང་ཚ་བ། ཆུ་དང་རླན་གཤེར་སོ་སོར་འབྱེད་དུ་མེད་པ་བཞིན་སྟོང་རྟེན་འབྱུང་དབྱེ་བསལ་མེད་པ་སྣང་སྟོང་ཟུང་དུ་འཇུག་པའི་བདག་ཉིད། སྣང་བས་མེད་མཐའ་སེལ། སྟོང་པས་ཡོད་མཐའ་སེལ་བས་རྟག་ཆད་གཉིས་འཛིན་གྱི་མཐའ་རུ་མ་ལྷུང་བའི་སྟོང་ཉིད་བཞི་སྦྱོར་དེ་དེ་ལྟར་གཏན་ལ་འབེབས་དགོས། འོ་ན་ལས་བསགས་མཁན་དེ་སུ་རེད་ཅེ་ན། རྣམ་རྟོག་འཁྲུལ་བའི་དབང་གིས་ལས་བསགས་ཀྱི། རྣམ་པར་མི་རྟོག་པས་ལས་མི་བསགས་ཏེ། ཀུན་རྫོབ་ཉོན་མོངས་ལས་ལས་བྱུང་། །ལས་ནི་སེམས་ལས་བྱུང་བ་ཡིན། །སེམས་ནི་བག་ཆགས་རྣམ་ཀྱིས་བསགས། །བག་ཆགས་བྲལ་ན་བདེ་བ་སྟེ། །བདེ་བའི་སེམས་ནི་ཞི་བ་ཉིད། །ཅེས་གསུངས། མདོར་ན་སྲིད་དང་ཞི་བར་འདུ་བྱེད་པའི་བདེན་པ་བཞི་པོ་འདི་རྟེན་འབྲེལ་ཡིན་ལ་རྟེན་འབྲེལ་གང་ལས་བྱུང་ན་དོན་དམ་བདེན་པ་ལས་བྱུང་། ཅི་ལྟར་བྱུང་ན་ཆོས་ཉིད་ངོ་བོ་ཀ་དག་གི་བདེན་པ་དེ་ལས་ཀུན་རྫོབ་རྒྱུ་འབྲས་བསླུ་མེད་ཀྱི་ཆོས་ཐམས་ཅད་ནམ་མཁའ་ལས་སྤྲིན་བཞིན་དུ། བསྐྱེད་བྱ་དང་སྐྱེད་བྱེད་ལ་མ་ལྟོས་པར་མེད་ན་མི་འབྱུང་བའི་རྒྱུ་འབྲས་བདེན་གཉིས་དབྱེར་མེད་དུ་ཤེས་ན་ཤེས་རབ་ཀྱི་ལྟ་བ་དག་པ་ཞེས་པ་ཡིན། ཡང་ཐབས་ཀྱི་སྤྱོད་པ་དག་པས། རྒྱུ་འབྲས་སྤང་བླང་ཞིབ་ཏུ་བྱས་ནས་གཞི་བདེན་གཉིས་ཟུང་འཇུག་གི་སྟེང་དུ་ལམ་ཚོགས་གཉིས་ཟུང་འཇུག་ལ་བརྟེན་ནས་འབྲས་བུ་སྐུ་གཉིས་ཟུང་འཇུག་གི་གོ་འཕང་མངོན་དུ་བྱེད་དགོས། དེ་ལྟར་ཡིན་དུས་ལས་དང་པོ་བས། སྟོང་རྟེན་འབྱུང་ཟུང་འཇུག་བདེན་གཉིས་དབྱེར་མེད་ཀྱི་གོ་བའི་སྟེང་ནས། ཇི་སྲིད་གཉིས་འཛིན་འཁྲུལ་སྣང་གི་བདེན་ཞེན་འདི་མ་ཞིག་པའི་བར་ལ་དགེ་སྡིག་བླང་དོར་ལ་དྲན་ཤེས་བཞིན་བག་ཡོད་གསུམ་དང་མི་འབྲལ་བར་བླང་དོར་གྱི་གནས་མི་བརྗེད་པའི་དྲན་པ་སྒོ་སྲུང་ལྟ་བུ་དེ་དང་། སྒོ་གསུམ་གྱི་བསམ་སྤྱོད་ལ་བརྟག་དཔྱད་བྱེད་པའི་ཤེས་བཞིན་སོ་བ་ལྟ་བུ་དང་ནི། བླང་དོར་གྱི་གནས་རེ་རེ་བཞིན་ལ་གཟབ་རྒྱུ་མི་བརྗེད་པའི་བག་ཡོད་བག་མ་གསར་བ་ཁྱིམ་སར་ལ་གསར་དུ་སླེབ་པ་ལྟ་བུ་སྟེ་རྫི་བོ་དེ་གསུམ་གྱིས་རང་ཉིད་ཀྱི་སྒོ་གསུམ་དང་། ཁྱད་པར་དུ་སེམས་ལ་བརྟགས་ཤིང་དཔྱད་ནས་དགེ་སེམས་ཇེ་མང་སྡིག་སེམས་ཇེ་ཉུང་དང་ལུང་མ་བསྟན་ཡང་དགེ་ཕྱོགས་སུ་བསྒྱུར་བ་གནད་ཆེ་སྟེ། རྒྱུ་འབྲས་ཡིད་ཆེས་ཀྱི་ལྟ་བ་འདི་མེད་ན། ནང་པ་སངས་རྒྱས་པའི་མཆོད་ཡུལ་མ་དགོས། སྦྱིན་བདག་སློབ་མ་ཞིག་གི་གྲལ་དུ་ཡང་མི་སླེབ་ལ། འཇིག་རྟེན་ཡང་དག་གི་ལྟ་བ་འདི་ཡོད་ན། དཀར་པོའི་ཆོས་ཐམས་ཅད་དེ་ལ་རང་བཞིན་ཤུགས་ཀྱིས་འདུ་བ་ཡིན་པས་ཆོས་བསྒྲུབ་པའི་སྔོན་ལ་རྒྱུ་འབྲས་ཀྱི་སྐོར་ལ་ཡིད་ཆེས་ངེས་ཤེས་འདྲོང་པ་ཞིག་བྱེད་རྒྱུ་དེ་གལ་ཆེ་བ་ཡིན་པས། དགེ་སྡིག་ལས་ཀྱི་རྣམ་སྨིན་ཕྱི་བཞིན་འབྲང་། །ཞེས་པའི་ཚིག་རྐང་གཅིག་པོ་འདིས་ལས་རྒྱུ་འབྲས་ཀྱི་ཁྲིད་རྐང་ཆ་ཚང་བསྟན་པ་ཡིན། དེ་རིང་གི་ཆོས་ཁྲིད་ཀྱི་མཚམས་འདི་ནས་འཇོག་ཅེས་གསུངས་ཤིང་བསྔོ་སྨོན་དང་བཅས་ཆོས་ཁྲིད་གྲོལ་ལོ།།


previousཨ༽ ཉིན་གཉིས་པའི་ཆོས་ཁྲིད།next