Nitartha Digital Library
Tibetan
 
previousཔ༽ ཉིན་བཞི་པའི་ཆོས་ཁྲིད།next

པ༽ ཉིན་བཞི་པའི་ཆོས་ཁྲིད།

མཚམས་སྦྱོར་ཞལ་གདམས།

ནམ་མཁའི་མཐའ་དང་མཉམ་པའི་རིགས་དྲུག་གི་འགྲོ་བ་ཕ་མར་མ་གྱུར་པ་གཅིག་ཀྱང་མེད་པའི། སྐྱབས་མེད་མགོན་བྲལ། བཤེས་མེད་ཐང་དཀྱིལ་དུ་ལུས་པ་ལྟ་བུ་འདི་རྣམས་སྙིང་རེ་རྗེ། འདི་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་ཞིག་ལ་འགོད་དགོས། དེ་ཡང་ངན་སོང་དང་ངན་འགྲོའི་གནས་ཤིག་ལ་བལྟས་ན་མཐོ་རིས་ལྷ་དང་མིའི་གོ་འཕང་ལ་བཀོད་ན། སྡུག་བསྔལ་རགས་པའི་ཚོར་བ་གནས་སྐབས་ཙམ་རེར་མྱོང་དགོས་མི་ཐུག་པས་འཁོར་བའི་སེམས་ཅན་བདེ་བ་ཐོབ་མ་མྱོང་མཁན་ཞིག་གིས་དེ་བདེ་བ་ཡིན་སྣང་ཤར་ཡང་། ཞིབ་ཏུ་བསམ་ན་མཐོ་རིས་ལྷ་མིའི་བདེ་འབྲས་ལ་སྙིང་པོ་མེད་པས། དེ་བདེ་བ་མ་རེད་སྡུག་བསྔལ་ཞིག་རེད། ང་རང་ཚོས་མྱོང་བཞིན་ཡོད་པ་འདི་ཚོ་ཡིན་པས། ཞིབ་ཏུ་བསམ་བློ་ཞིག་ཐོངས་དང་ང་ཚོས་མྱོང་རྒྱུ་བོ་དེ་དེ་ལྟར་ཡིན་ལ་མྱོང་རྒྱུ་སྡུག་བསྔལ་ཡིན་པའི་རྒྱུ་མཚན་གྱིས་བཤད་རྒྱུ་བོ་ཡང་སྡུག་བསྔལ་ཁོ་ན་ཡིན་ཏེ། དེ་ཡང་། མི་ཐོན། མི་རེད། མི་ལོ། ན་རབས། ཚ་རབས། ཤི་རབས། ཆད་རབས་སོགས་ངོ་མས་བཤད་ན་བཤད་ཚད་བོ་སྡུག་གི་འོ་དོད་འབོད་པ་ཤ་སྟག་ཡིན། དཔེར་ན་དམྱལ་བའི་ནང་གི་ཨ་ཚ་ཨ་ན་དང་ཕྱོགས་འགོ་འདྲ་ནི་རེད། མཚམས་མཚམས་སུ་ཨ་ར་ཨ་ན་ཡང་ཟེར་དགོས་ཐུག་གི་ཡོད། དེ་མ་ཟད་འཁོར་བ་ལས་གཏན་དུ་ཐར་བའི་ཉན་རང་གི་ཕྱོགས་ཤིག་ཐོབ་ཀྱང་མྱང་འདས་མཐར་ཐུག་མིན་པ་དེས་ན། མ་རྒན་སེམས་ཅན་ཐམས་ཅད་དུས་ཚེ་རབས་གཏན་དུ་སྡུག་བསྔལ་མཐའ་དག་དང་བྲལ། བདེ་བ་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་དགོས་སྙམ་པའི་བསམ་པ་སྔོན་ལ་འགྲོ་བའི་སྒོ་ནས་ཆོས་ཉན་དགོས་ནི་རེད། དེ་ལྟ་བུའི་སེམས་བཟང་བསམ་པ་རྣམ་དག་འཆང་བ་དེ་ཡང་རྣམ་པ་ལམ་བྱེད་དང་སྨོན་པ་ལམ་བྱེད་རྐྱང་པས་དོན་ངོ་མའི་ཐོག་ནས་ཅིག་ཡོང་གི་མེད་དེ། སེམས་ཅན་སངས་རྒྱས་ཀྱི་ས་ལ་འགོད་པ་དེ། འགོད་པའི་བློ་སྟོབས་ཡོད་ཀྱང་འགོད་པའི་ནུས་པ་མེད་ན་ཅི་ལྟར་འགོད་དེ། ཁ་དཔེར། ལྟ་བསམ་རུང་ཨོ་ཡོའི་མིག་མ་ཕྱེས། །འགྲོ་བསམ་རུང་ཨོ་ཡོའི་བང་མ་ཁྱོག །ཅེས་པ་ལྟར། འཐབ་བསམ་ཡང་དཔའ་བོ་ལག་རྡུམ་ཞིག་ཡིན། ད་ལྟའི་སྐབས་ན་རང་ཡང་སེམས་ཅན་ཞིག་ཡིན་ལ་གཞན་ཕ་རོལ་པོ་ཐམས་ཅད་ཀྱང་སེམས་ཅན་ཡིན་པས་ནུས་པ་མེད་པ་ཤ་སྟག་གིས་གཅིག་གིས་གཅིག་སྐྱོབ་བསམ་རུང་སྐྱབས་མི་ནུས་ཏེ་དཔེ་ཆུས་ཁྱེར་བའི་མི་གཉིས་ཀྱིས་གཅིག་གིས་གཅིག་བསྐྱབས་མ་ཐུབ་པ་ལྟ་བུ་ཡིན་པ་དེའི་ཕྱིར། བདག་གིས་ད་རེས་སངས་རྒྱས་ཀྱི་བསྟན་པ་དང་མཇལ། བསྟན་ཞབས་དམ་ཆོས་དར་བའི་དུས་ཚོད་ཀྱི་རྗེས་སླེབས། ལམ་སྟོན་དགེ་བའི་བཤེས་གཉེན་རེ་དང་འཕྲད་ནས་ཐར་ལམ་ཞིག་འཚོལ་རྒྱུའི་མཐུན་རྐྱེན་རང་ངོ་གཞན་ངོ་གཉིས་ཀ་ནས་རྫོགས་ཡོད་ན། འདི་ལྟ་བུའི་སྤྲིན་བར་ཉི་མའི་གསལ་མཐོང་འདི་མ་ཤོར་སྟེང་། སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་གྱི་རྫོགས་པའི་བྱང་ཆུབ་བསྒྲུབ་དགོས་སྙམ་པའི་ཆོད་སེམས་བརྟན་པོ་ཞིག་ཡིན་གཅིག་མིན་གཅིག་ཡོད་དགོས། དེ་མེད་ན་ཆོས་ཐེག་ཆེན་མདོ་སྔགས་ཀྱི་ཆོས་ཞུ་བཞིན་ཡོད་ཀྱང་ཞུ་མཁན་གྱི་གང་ཟག་ཁོ་རང་ཐེག་ཆེན་མ་དགོས་ཐེག་དམན་གྱི་ཆ་རྐྱེན་ཙམ་ཡང་མ་འདང་མཁན་ཞིག་ཡིན་པས། ཆོས་ཆེན་པོ་ཞུས་པ་དེ་ཉམས་ལ་མ་ཕན་པ་ཡིན་ལ་བེད་མ་ཡོད་པ་ཡིན། དེང་སང་འཛམ་གླིང་གི་ཡུལ་གྲུ་མང་པོར་བལྟས་ན། མགོ་སེར་ནག་གཉིས་ཀའི་ནང་ན་ཆོས་ཕྱག་ཆེན་རྫོགས་ཆེན་གཉིས་ཀ་ཞུས་ནས་མི་ཚེའི་ཕྱེད་ཀ་འདའ་བ་མང་པོ་ཡོད་མོད། དེ་ཚོའི་ནང་ནས་མང་ཤོས་ཀྱི་རྒྱུད་སོར་གང་ཡང་ན་མ་འཕར་བར་བྱམས་སྙིང་རྗེའི་དྲི་ཙམ་ཡང་མི་བྲོ་བས་ཇེ་དགའ་རེད་མེད་པ་དེ་འདྲ་ཡང་མི་ཉུང་བ་ཞིག་མཐོང་རྒྱུ་ཡོད། དེ་ཚོ་ཅི་ཡིན་ཞེ་ན། རྐྱེན་དེ་འདྲ་ལ་བརྟེན་ནས་བྱུང་བ་ཡིན་པས། ཆོས་ཀྱིས་གོ་མ་ཆོད་པ་མིན་ཡང་མི་ཡིས་མ་འགྲིག་པ་ཡིན་ཏེ། རིན་ཆེན་གསེར་སྣོད་མིན་ན་སྣོད་ཆག་བཅུད་འབོ་གསུངས་པ་ལྟ་བུ་ཡིན་པར་ར་འཕྲོད་པ་ཡིན། དེས་ན་རང་གཞན་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་ཐོབ་པར་བྱེད་པ་ལ་བྱམས་སྙིང་རྗེའི་བློ་སྦྱོང་བ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་དང་། སྤྲོས་བྲལ་རྣམ་པར་མི་རྟོག་པའི་ངང་དུ་བློ་འཇོག་པ་དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པ་གཉིས་ལ་མི་བརྟེན་པའི་ཐབས་གཞན་པ་ཞིག་མེད་དེ། འཕགས་པ་ཀླུ་སྒྲུབ་ཀྱིས། བདག་ཉིད་དང་ནི་འཇིག་རྟེན་འདིས། །བླ་མེད་བྱང་ཆུབ་ཐོབ་འདོད་ན། །དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང་། །ཕྱོགས་མཐས་གཏུག་པའི་སྙིང་རྗེ་དང་། །གཉིས་ལ་མི་བརྟེན་ཡེ་ཤེས་ལགས། །ཞེས་གསུངས་པས། བསོད་ནམས་དང་ཡེ་ཤེས་ཀྱི་རླབས་ཆེན་གྱི་ཚོགས་གཉིས་རྫོགས་དང་མི་རྫོགས། བྱ་བ་གང་བསྒྲུབ་ཀྱང་དེ་གཉིས་ཀྱི་གྲལ་དུ་ཐེ་དང་མི་ཐེ། དེའི་ནང་དུ་འགྲོའམ་མི་འགྲོ། རྩ་བ་སེམས་བསྐྱེད་ལ་སོགས་པའི་དམ་པ་གསུམ་པོ་དང་འབྲེལ་མ་འབྲེལ་ལ་ཐུག་ཡོད་པའམ། དེ་ལ་རག་ལས་ཡོད། དེ་ཡང་། ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་མ་ཎི་རྡོག་གཅིག་བཏོན་ཡང་། དེ་སེམས་བསྐྱེད་ཀྱིས་ཟིན་ན་ཐེག་ཆེན་གྱི་ཆོས་ཡིན་ལ་རྫོགས་པའི་སངས་རྒྱས་ཐོབ་བྱེད་ཀྱི་རྒྱུ་རུ་འགྱུར་བ་ཡིན། སེམས་བསྐྱེད་ཀྱིས་མ་ཟིན་ན། འདོན་བཟླས་པ་དུང་ཕྱུར་མང་པོ་ཁ་ལོང་བ་དང་། རྒྱུ་འབྱོར་བས་ཇི་ལྟར་བསོད་ནམས་ཆེན་པོ་ལྟར་སྣང་བ་ཞིག་བསགས་བསྡད་པ་མ་ཟད། མི་ཚེ་རི་ལ་བསྐྱལ་ནས་ཅིག་སྒོམ་ཁུལ་བྱས་ཀྱང་སངས་རྒྱས་ཐོབ་པའི་དངོས་རྒྱུ་དང་ཐེག་པ་ཆེན་པོའི་ཆོས་གྲལ་དུ་ཐེ་དཀའ་ནི་རེད། འོ་ན་དེ་ལྟ་བུའི་སེམས་བསྐྱེད་དེ་རྒྱུད་ལ་ཇི་ལྟར་སྐྱེ་དགོས་ཞེ་ན། བྱམས་དང་སྙིང་རྗེ་གཉིས་ལ་བརྟེན་ནས་སྐྱེ་དགོས། དེ་ཡང་རྩ་བ་གཅིག་ཏུ་བསྡུས་ན་སྙིང་རྗེའི་ཁོངས་སུ་འདུས་ཡོད། རྫོགས་པའི་བྱང་ཆུབ་བསྒྲུབ་པ་ལ་ཐོག་མཐའ་བར་གསུམ་དུ་སྙིང་རྗེ་གལ་ཆེ་བ་ཡིན། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་རུང་དམིགས་མེད་སྙིང་རྗེས་གཞན་དོན་མཛད་རྒྱུ་ལས་ལྷག་པའི་མཛད་པ་གཞན་ཅི་ཡང་མེད་པ་དེ་ལྟར་ན། ང་ཚོས་ཐེག་པ་ཆེན་པོའི་ཆོས་བསྒྲུབ་ནས་མ་སེམས་ཅན་གྱི་དོན་དུ་རང་ཐར་བའི་སྐམ་སར་མ་སླེབས་པར་གཞན་འཁོར་བའི་མཚོ་ལས་ཇི་ལྟར་བསྒྲལ། དེ་བས་རང་གིས་ཐར་ལམ་ཞིག་ཟིན་དགོས་ན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་མ་སྐྱེས་ཐབས་མེད་པས། ཡོད་ན་སངས་རྒྱས་བསྒྲུབ་ལ་དེས་ཆོག མེད་ན་སངས་རྒྱས་བསྒྲུབ་ལ་ཐབས་ཆག་གི་དོན་ཆེན་གཅིག་པུ་དེ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་རྒྱུ་བོ་དེ་ཡིན། དེ་ཡིན་ན་ང་ཚོ་ལས་དང་པོ་པའི་སེམས་ཅན་གསར་དུ་ཐར་བའི་ལམ་སྣེ་ཞིག་ཨེ་རྙེད་ལྟ་བའི་གང་ཟག་གིས་ཅི་ལྟར་དགོས་ཞེ་ན། དང་པོ་ནས་དོན་དམ་བྱང་ཆུབ་ཀྱི་སེམས་ཇི་བཞིན་པ་སྐྱེ་ནི་མ་རེད། དེའི་ཕྱིར་དང་པོ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལ་སྦྱང་དགོས་པ་ཡིན། དེ་སྦྱང་ན་སྐྱེ་བས་དེ་སྐྱེས་ནས་དེ་ལ་གོམས་ན་སྐབས་ཤིག་དོན་དམ་བྱང་ཆུབ་ཀྱི་སེམས་ཀྱང་རང་ཤུགས་ཀྱིས་སྐྱེ་ཡོང་བ་ཡིན་པས། དང་པོ་ཀུན་རྫོབས་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་ཐབས་ལ་སྦྱང་ནས་དེ་ལ་ནན་ཏན་གྱིས་གོམ་དགོས། དེ་ཡང་བསམ་པ་རྒྱ་ཆེ་བ་བྱང་ཆུབ་ཀྱི་སེམས་ཀྱི་ཀུན་སློང་དེ་སྙིང་རྗེས་སེམས་ཅན་ལ་དམིགས་པ་དང་ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པའི་ཟུར་གཉིས་སམ་དོན་གཉིས་ལ་དམིགས་པ་ཞིག་ཡིན། དེ་ལས་སྙིང་རྗེས་སེམས་ཅན་ལ་དམིགས་པ་དེ་ཅི་ལྟ་བུ་ཡིན་ཞེ་ན། འཁོར་བའི་ནང་ན་སྡུག་བསྔལ་མྱོང་བཞིན་པའི་སེམས་ཅན་འདི་ཐམས་ཅད་ཀྱིས་འདོད་རྒྱུ་བསམ་རྒྱུ་བདེ་བ་ཡིན་པས་འདོད་པ་བདེ་བ་འདོད་པ་ཤ་སྟག་ཡིན་མོད། འོན་ཀྱང་བདེ་བའི་རྒྱུ་དགེ་བ་བསྒྲུབ་མི་ཤེས། སྡུག་བསྔལ་མི་འདོད་མོད། འོན་ཀྱང་སྡུག་བསྔལ་མྱོང་བྱེད་ཀྱི་རྒྱུ་མི་དགེ་བ་ཁོ་ན་བྱེད་པར་གོམས་ནས། བཟང་གོམས་མེ་ལྕེ་གྱེན་ལ་འབར་བ་ལྟ་བུའི་ཕྱོགས་སུ་མི་འགྲོ་བར། ངན་གོམས་ཆུ་སྣ་ཐུར་དུ་རྒྱུག་པ་ལྟ་བུའི་ཕྱོགས་ལ་ལས་དང་བག་ཆགས་ཀྱིས་ཁྲིད་འགྲོ་བཞིན་ཡོད། དེ་ཐམས་ཅད་པོ་རང་རེའི་ཕ་མ་མ་བྱས་པ་གཅིག་ཀྱང་མེད་ལ། ཕ་མ་བྱས་པ་དེ་ཡང་ལན་རེ་ལན་གཉིས་ཙམ་གྱིས་མི་ཚད་པར། སེམས་ཅན་རེ་རེས་སེམས་ཅན་གཅིག་གི་ཕ་མ་བྱས་པའི་གྲངས་ཚད་ཀྱང་ས་ཆེན་པོའི་རྡུལ་ཕྲན་གྱིས་འགྲན་དུ་མེད་པ་དེ་ལྟར་མང་བ་རྒྱལ་བ་བདེན་པར་སྨྲ་བའི་བཀའ་ཚད་མ་ཡིན་ལ། རྗེས་འཇུག་དམ་པའི་སྐྱེས་བུ་དུ་མའི་ལུང་ཚད་མ་ཡང་ཡོད་པ་མ་ཟད། རྒྱུ་འབྲས་བསླུ་བ་མེད་པའི་མངོན་གྱུར་མཐོང་ཆོས་ཀྱི་མངོན་སུམ་ཚད་མ་སྟེ། ཚད་མ་གསུམ་གྱི་བདེན་རྟགས་ཀྱིས་གྲུབ་པའི་རྒྱུ་འབྲས་བདེན་པ་ལྟར་བཞག་ན། ལོང་བ་ཐང་དཀྱིལ་དུ་ལུས་པ་ལྟ་བུའི་ཕ་མར་མ་གྱུར་བའི་སེམས་ཅན་གཅིག་ཀྱང་མེད་པ་ལ་སྙིང་རྗེ་སྐྱེ་རྒྱུ་དེ། རྒྱུ་འབྲས་ཡིད་ཆེས་གཏིང་ནས་ཡོད་པའི་མི་ཞིག་ཡིན་དུས། སྙིང་མི་རྗེ་བ་ལ་རྗེ་ཁུལ་བྱས་པ་དང་ཁ་བཤད་ཀྱི་སྐད་ཆ་གཞན་གྱི་རྗེས་སུ་ཟློས་པ་ལྟ་བུ་མ་ཡིན་ཏེ། རང་གི་སྔོན་དུ་ཚེ་འདིའི་ཨ་མ་རྒན་མོའམ་ཡང་ན་ཚེ་འདིའི་མིང་སྲིང་མཛའ་གྲོགས་ཤིག ཉམ་ཆེ་ཆུང་གི་དབང་གིས་གཞན་གྱིས་གསོན་པོར་པགས་པ་བཤུ་འགྲོ་བཞིན་ཡོད་ན་དེ་ལ་ཤ་ཚ་སྙིང་རྗེ་ཞིག་མེད་ཐབས་མེད། ད་ལྟ་དམྱལ་བའི་གནས་སུ་བཙོ་བསྲེག་གི་སྡུག་བསྔལ་མྱོང་ནས་ངུ་འབོད་བྱེད་བཞིན་ཡོད་ཚད་ཐམས་ཅད་ང་ཚོའི་ཕ་མ་བྱེད་མ་མྱོང་བའི་སེམས་ཅན་གཅིག་ཀྱང་མེད་ལ། དེ་ཐམས་ཅད་ཀྱིས་ཕ་མ་བྱེད་པའི་སྐབས་སུ་བུ་རྒྱུད་རྣམས་ལ་དྲིན་གྱིས་བསྐྱང་བ་ནི་ད་ལྟའི་ཕ་མ་དང་དབྱེ་བ་སྤུ་ཙམ་མེད། དེ་བཞིན་ད་ལྟའི་ལུས་འདིའི་ཕ་མ་དང་དེ་མིན་ཚེ་སྟོད་ཀྱི་གཉེན་ཉེ་རིང་གྲོགས་དགའ་མཛའ་རྣམས་ཀྱིས། དམྱལ་བ་མིན་ཡང་ཡི་དྭགས་ཀྱི་སྡུག་བསྔལ་མྱོང་ནས་སྐེས་མགོ་མི་ཐེག རྐང་ལག་གིས་ལུས་པོ་མི་ཐེག ཟས་ཟ་མ་དང་བཏུང་བ་སྐོམ་རྩི་ཞིག་གི་མིང་ཙམ་ཡང་མ་གོ་ནས་མི་ལོ་མང་པོ་ཡིན་ཅིང་། མི་གཙང་བའི་རྫས་དང་གསུར་དྲི་ཙམ་ལ་རེ་ནས་འགྲོ་བཞིན་པ་ཡིན་ན་སྙིང་རྗེའམ་སྙིང་རྗེ་ངེས་སོ། །དེ་མིན་ཡང་དུད་འགྲོའི་ལུས་བླངས་ནས་ང་རང་ཚོའི་སྒོ་ཟོག་ཏུ་སྐྱེས་ནས་ཡོད་ཀྱང་དེ་མ་ཤེས་ནས་བཤས་ལ་ཕབ་བཞག་ན་རྗེས་ནས་ཤེས་དུས་འགྱོད་པ་ཅི་ཙམ་ཞིག་མི་ཆེ་སྟེ། དེ་ལྟར་ཐམས་ཅད་ཕ་མ་ཡིན་པས་ཕ་མ་ཡིན་པར་ཤེས་ནས་སྙིང་རྗེ་སྐྱེ་བ་དེ་སྙིང་རྗེས་སེམས་ཅན་ལ་དམིགས་པའི་ཟུར་ཡིན། དེ་ལྟར་སྙིང་རྗེ་བ་གཅིག་པུས་ཕན་ཐོགས་མེད་པར། རྒན་མོ་བསམ་བཟང་གི་བསམ་པ་བཟང་པོ་ལྟར། བསམ་པ་བཟང་པོ་ཙམ་ཞིག་གིས་སྟོབས་ནུས་པ་ཁ་ཡོད་ལག་ཡོད་ཀྱིས་མི་ལ་ཕན་མ་ཐོགས་ན་སྨོན་པ་ཙམ་དང་རྣམ་པ་ལམ་བྱེད་ཙམ་ཡིན་པ་དེས་ན། ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པ་ཞེས་གསུངས་པ། ངས་སེམས་ཅན་འདི་ཐམས་ཅད་སྡུག་བསྔལ་གཏན་ནས་མེད་པའི་གཏན་བདེ་རྫོགས་པའི་བྱང་ཆུབ་ལ་བཀོད་དགོས་སྙམ་པ་ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པ་ཡིན། དེ་ལྟ་བུའི་དོན་གཉིས་སམ་ཟུར་གཉིས་དང་ལྡན་པའི་སྒོ་ནས་སྨོན་འཇུག་གི་སྡོམ་པ་བླངས། ཕྱིན་དྲུག་གི་སྤྱོད་པ་ལ་བསམ་སྦྱོར་གཉིས་ཀས་འཇུག་པ་ཡིན་ན་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྐྱོན་མེད་ཀྱི་རིགས་རྒྱུད་དེ་ལ་སྙོག་ཐུབ་སོང་བ་ཡིན། དེ་ལྟར་བསམ་བློ་གཏོང་དུས་མི་ཞིག་ཡིན་སེམས་ཤིག་ཡོད་དུས་ཕུགས་འདུན་ཞིག་ཡོད་དགོས་པས། ཡང་མིན་ན་ཆོས་ཤིག་འགྲུབ་དགོས། ཡང་མིན་ན་འཇིག་རྟེན་ཞིག་འགྲུབ་དགོས། དེ་ཡང་འཇིག་རྟེན་གྱི་ཕྱོགས་ནས་བསམ་བློ་ཞིག་བཏང་ན། མི་ཐོག་སྔོན་མ་རྣམས་ཀྱིས་ཁ་དཀར་ནས་མགོ་མ་དཀར་བར་བསྒྲུབ་པ་ཡིན་ལ་རང་གིས་ཡང་དེ་ལྟར་དུ་ཕ་ཤུལ་བུ་ཡིས་མ་ཟིན་ན། ཕ་མཚེར་དུ་བ་ག་ལ་ཞིག་ཅེས་བསམ་སྟེ་མི་ཐོག་སྔོན་མའི་རྗེས་སུ་འབྲང་ནས་ཚེ་ཉི་མ་ནམ་ཟླ་ཕལ་ཆེར་སོང་ཚར། ང་ཚོ་ས་ཆ་ཁུག་ཀྱོག་གི་མི་མ་དགོས་འཛམ་གླིང་གི་ཡུལ་གྲུ་ཆེན་པོའི་མི་དེ་ཚོས་ཡང་འཇིག་རྟེན་ཟེར་བ་འདི་འགྲུབ་རྒྱུ་ཚར་རྒྱུ་མེད་པར་མ་འགྲུབ་ནས་ཤི་ཁའི་ཉིན་མོ་འགྱོད་པ་སྐྱེ་བཞིན་མིག་མཆི་མས་གང་། བྲང་སེན་རྗེས་ཀྱིས་གང་ནས་ཤི་བ་མང་ཆེ་བ་ཡིན། འཇིག་རྟེན་བསྒྲུབས་ཏེ་ཞེ་འཚེངས་ཤིང་འགྲུབ་ཚར་སོང་བའི་མི་ཞིག་ཡོད་མ་དར། དར་མ་མྱོང་ངོ་། །འོ་ན་དམ་ཆོས་བསྒྲུབ་ན་ཅི་ལྟ་བུ་ཡིན་ཞེ་ན། ཆོས་བསྒྲུབ་སྟངས་ཤེས་ན་འགྲུབ་པའི་དཔེ་ཡོད་དེ། དམ་པ་གོང་མ་མཁས་བཙུན་གྲུབ་པའི་དབང་ཕྱུག་སེང་དཀར་མོ་ལ་གཡུ་རལ་རྒྱས་པ་ལྟ་བུ་ཇི་ལྟར་མང་པོ་ཡོད་མྱོང་། དེའི་ནང་ནས་འགའ་རེ་དགུང་ལོ་གཞོན་སྐབས་ང་ཚོ་སྐྱེ་བོ་ཐ་མལ་པ་ལྟར་འཇིག་རྟེན་གྱི་བྱ་བ་བསྒྲུབ་པའི་མི་གང་མཚམས་ཤིག་ལ་ངེས་འབྱུང་སྐྱེས་ནས་ཆོས་ལམ་ལ་ཞུགས་ཏེ་སྐུ་ཚེ་དེའི་སྟེང་ནས་གྲུབ་པའི་རྒྱལ་ས་ཐོབ་པ་ཅི་འདྲའི་མང་པོ་ཡོད། དེའི་ཕྱིར་ཆོས་ཨེ་འགྲུབ་མ་རེད་ཨེ་སྒྲུབ་རེད། བསྒྲུབ་ན་སུ་ཡིན་ཡང་འགྲུབ་འོང་། ཉི་མ་རེ་རེར་ཡང་ཡར་སྐྱེད་འོང་རྒྱུ་ཡོད་ལ། མ་བསྒྲུབ་པར་བསྡད་ན་རྡོ་གོར་མོ་ལ་ནེམ་ཞིག་ཕོག་དོན་མེད་དོ། །ད་རེས་ལྷག་པར་དུ་ས་ཆོས་ཡོད་ལ་སྐྱེས། ཆོས་དང་བླ་མ་གཉིས་ཀྱིས་མ་ཕོང་། དམ་པའི་ཆོས་ཀྱི་སྒོ་འགྲིམ་ནས་ཡོད་སྐབས་ཤིག་ཡིན་ན། ཆོས་ཞུ་རྒྱུའི་ཆ་རྐྱེན་གྱིས་ལག་མི་ཐོགས་པས་ཤི་དུས་མི་འགྱོད་པ་ཞིག་ད་ལྟ་ནས་མ་ཐོན་ན་ཕོ་ཐ་མའི་ནང་ནས་ཀྱང་ཐ་མ་ཆོས་བྱ་བ་མ་ཐོན་པའི་གྲལ་ཡིན། ཆོས་འཇིག་རྟེན་གཉིས་ཀྱི་སྐབས་ལ་སྒེར་གྱི་སྐལ་བ་ཆད་འདུག་དགོས་པ་ཅི་ཡོད་དེ། ཕོ་གོ་བ་ཅན་གྱིས་འདང་རེ་ཕོག་རན་དུས་དང་། བྱ་རིག་པ་ཅན་གྱིས་ནམ་ཚོད་རེ་ཟིན་དགོས་པའམ་ཟིན་རན་པའི་དུས་ཚོད་ལ་སླེབས་ཡོད། རྐྱེན་གློ་བུར་བ་ཞིག་དང་འཕྲད་དུས་གཞི་ནས་སྐྲག་སྔངས་སྡར་གསུམ་བྱས་པས་གར་ཡང་མི་སླེབ། དེ་ཡང་སྐྱེས་ཕོ་རབ་ཅིག་ཡིན་ན་སྐྱེས་པའི་ཉིན་ནས་གོམས་བསྡད་ཡོད་དེ་ཚེ་འདི་ཕྱི་གཉིས་ཀྱི་ལམ་མི་ནོར་བར་ཤེས་རྒྱ་དང་མཁྱེན་རྒྱ་ལྷན་སྐྱེས་ཀྱིས་ཡོད་པ་དང་རང་གི་རྣམ་དཔྱོད་ཀྱིས་ལེགས་ཉེས་ཀྱི་རྒྱང་མིག་མཐོང་བ་ཡིན། དེ་ཉིད་ཀྱིས་བྱ་བ་མི་འཆུག ཕོ་འབྲིང་ཞིག་ཡིན་ན། ཚེ་ཕྱེད་ཀྱི་ལ་མོ་བརྒྱབ་དུས་གོམས་རྒྱུ་དམུས་རྒྱུ་གཉིས་ཀ་ཡོད་པས། ཡ་རབས་བཟང་པོའི་ཁ་ཏ་ལ་ཉན་ཤེས། བཅོས་རྒྱུ་མགར་རྒྱུ་གཉིས་ཀ་ཡོད་ནི་རེད། ཕོ་ཐ་མའི་གྲངས་དེ་ཡིན་ན་ལོ་བརྒྱད་ཅུ་ལོན་རུང་བསམ་མེད་ཡིན། ཁ་ལོ་ནམ་ཟླ་སྟོང་ཟད་ཡིན་པ་དང་གོམས་ནི་ཤི་ནི་གཉིས་ཀ་དུས་གཅིག་རེད། དེ་དུས་བྲང་ལ་འཐམ་ནས་སེན་བྲད་བྱེད་དུས་ཕྱིས་ཚར་བ་ཡིན། སྐྱེས་ཕོ་མོ་སུ་ཡིན་རུང་མི་ཞིག་ཡིན་དུས་ཆག་ཞིག་འཇོག་དགོས་ལ་ཆག་ཞིག་བཞག་ནས་ཞོག་དགོས་མ་གཏོགས་མི་ཚེ་ཞིག་གི་སྟོད་སྨད་ལ། སྤྲང་པོས་ཉལ་བསམ་གྱིས་རྒྱ་ར་རྟ་ཡིས་བཀང་ཡང་འགྲུབ་རྒྱུ་གཅིག་ཀྱང་མེད་པས་ཡིད་ཀྱི་རྒྱལ་སྲིད་བསྐྱང་ཚད་ཚང་མ་དོན་མེད་ཚེ་ཕྱི་མའི་ཁུར་པོ་ལྕི་བྱེད་ཙམ་ཡིན། བསམ་བསམ་ཚང་མ་བསམ་ཚར་བ་ཡིན། བསམ་རྒྱུ་ཚང་མས་ཅི་ཡང་མ་ལོ་བ་དང་། བསམ་རྒྱུ་ཟད་ནས་ཆོས་ལ་བསམ་པ་ཡིན། ལས་རྒྱུ་ཚང་མ་ལས་ཚར་ཏེ་འགྲུབ་རྒྱུ་མེད་པར་ཐང་ཆད་པ་ལ་ཐུག་ནི་རེད། དེ་བས་ལུས་ངག་གི་སྒྲིབ་སྦྱང་རེ་བྱས་ན་འགྲུབ་ངེས་པ་དེ་ཡིན། མང་པོར་བཤད་ནས་གཉིད་ཐུན་གཅིག་མ་གཏོགས་བཤད་པ་ཡིན། བཤད་པས་བཤད་གོ་མ་ཆོད་པར་ཁ་ལྕེ་ལྡོབ་ལ་ལྷུང་པར་ཐུག་པ་ཡིན་ན་ད་དུང་བེད་མེད་བཤད་ནས་ཅི་བྱེད། ངག་གི་བཟླས་བརྗོད་བསྙེན་པ་རེ་ལ་འབད་ན་དེ་ཡིན། ཡང་མ་སོང་མ་བརྒྱུག་ས་གཅིག་ཀྱང་མེད་དེ། གར་ཉན་ས་ཡི་དགའ་མེད་ཀྱང་། གར་སོང་ས་ཡི་སྡུག་མེད་པས་ཅི་སོང་དོན་མེད་ས་མཐའ་རེད་ནས་ད་ནི་འགྲོ་ཟེར་ན་སེམས་རྩ་ཆུ་ལས་འཁྱག ཡང་མ་འགྲོག་བསམ་པ་ཅི་ཡོད་མི་སུ་དང་གཤིབ་ཀྱང་། སྐྱོན་གྱི་གོང་བུ། མཚངས་ཀྱི་རིལ་རིལ་ཤ་སྟག་རེད། ཕར་བལྟས་ན་མིའི་མཚངས་མཐོང་མོད། ཚུར་བལྟས་ན་རང་གི་མཚངས་དེ་ལྟར་མིན་པར་འགྲོ་ས་གང་ན་ཡོད། དེ་ལྟར་མཚངས་ཅན་སྐྱོན་ཅན་ཤ་སྟག་གིས་ཚང་ཞིག་བཅས་ནས་བསྡད་ན་སྦྲུལ་ཚང་ཞིག་འདྲ་ཞིག་ལོས་ཡིན་ཏེ་ཡིན་པར་གསུངས་ཀྱང་ཡོད། རྒྱུ་མཚན་དེ་འདྲ་ལ་བསམ་བློ་བཏང་ན་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་དེའི་རྗེས་སུ་ཞུགས་ནས། དགེ་སྒྲུབ་སྡིག་སྤང་བྱེད་པ་མ་ཟད་རང་མགོ་ཐོན་ཏེ་ཐར་བའི་ལམ་སྣེ་ཞིག་རང་གིས་ཟིན་པའི་ཐབས་ལ་འབད་པ་བྱེད་དགོས། འཁོར་བའི་གནས་ན་བདེ་བ་མེད་པ་ཤེས་མོད། རང་བཞིན་གྱིས་སྙོམ་ལས་བྱས་ནས་མི་ཚེ་ནམ་ཟླ་ཅི་འགྲོ་བྱས་པས་ཐར་བའི་མཆོག་སངས་རྒྱས་ཀྱི་གོ་འཕང་མི་འགྲུབ་པར། ཡང་ཨ་འཁོར་ཡང་འཁོར་ད་སྔོན་བཞིན་དུ་འཁོར་བ་ལས་འོང་རྒྱུ་མེད། དེ་བས་ན་མཐའ་ཡས་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་ལས་སྒྲོལ་བའི་ཆེད་དུ་སངས་རྒྱས་རང་ཉིད་ཀྱིས་ལམ་ཅི་ལྟར་བསྒྲུབ་པ་དེ་ལྟར་དུ་རྒྱལ་བ་སྲས་བཅས་ཀྱི་རྗེས་སུ་ཞུགས་ནས་བསྒྲུབ་དགོས་ཏེ། རྒྱལ་སྲས་ཞི་བ་ལྷས། བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན། །སངས་རྒྱས་ཉིད་ནི་མི་འགྲུབ་ཅིང་། །འཁོར་བ་ན་ཡང་བདེ་བ་མེད། །ཅེས་གསུངས་པ་ཡིན། དེས་ན་རང་གཞན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་བསྒྲུབ་དགོས་བསམ་པའི་བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་དང་ལྡན་པའི་སྒོ་ནས། གསང་སྔགས་ཀྱི་ཆོས་ཞུ་བའི་སྐབས་འདིར་ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་ཞེས་པ། དག་པ་ཡེ་ཤེས་ཀྱི་ངོ་ཁ་ལ་སྣོད་བཅུད་དག་པ་རབ་འབྱམས་ཡིན་ཏེ། གཤིས་དོན་དམ་ཆོས་ཉིད་ཀྱི་ངོ་ལ་མ་དག་པ་ཞིག་མ་གྲུབ་པ་ལ་དེ་བཞིན་དུ་རྗེས་སུ་བལྟ་བའི་འདུན་པ་དང་ཁྱད་པར་དུ་ཆོས་བཤད་པའི་བླ་མ་དེ་སངས་རྒྱས་དང་བྱང་སེམས་ཀྱི་རྣམ་པ་ཡིན་པ་དང་། ཆོས་ཞུ་བའི་མཆེད་གྲོགས་ཐམས་ཅད་སྐལ་ལྡན་རྡོ་རྗེའི་མཆེད་ལྕམ་དཔའ་བོ་མཁའ་འགྲོའི་འདུ་བ་ཡིན་པའི་བློ་བཞག་དགོས་པ་དང་། དེའི་སྟེང་དུ་ཆོས་ཞུ་བའི་ཀུན་སྤྱོད་མདོ་རྒྱུད་བསྟན་བཅོས་ལས་ཇི་ལྟར་འབྱུང་བ་བཞིན་ཚུལ་དང་ལྡན་པའི་སྒོ་ནས་ཆོས་ཉན་དགོས་ནི་རེད།

ཅ ཐར་པའི་ཕན་ཡོན་གྱི་ཁྲིད།

དེ་ལྟར་ན་སྐབས་སུ་བབ་པ་གང་གསན་པར་བྱ་བ། རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ངག་འདོན་རྣམ་མཁྱེན་ལམ་བཟང་འདི་ཉིད་འཆད་པའི་སྐབས་ལས། བར་དུ་དགེ་བ་གཞུང་གི་དོན་ལ་ས་བཅད་རྣམ་པ་གཉིས་ཕྱེ་བའི་སྐབས་ལས། ཐུན་མོང་ཕྱིའི་སྔོན་འགྲོའི་སྐབས་ནས། དང་པོ་བློ་ལྡོག་རྣམ་བཞི་བཤད་ཚར་ཏེ། བཅོམ་ལྡན་འདས་ཀྱིས་ཐོག་མར་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྐབས་ལ། དང་པོ་བདེན་བཞིའི་ཆོས་འཁོར་བསྐོར་བ་ཡིན་ལ། དེ་ཡང་བདེན་བཞིའི་ཆོས་འཁོར་སྐོར་སྐབས་དང་པོ་སྡུག་བསྔལ་ཤེས་པར་བྱ་གསུངས་པས། སྡུག་བསྔལ་ཤེས་པར་བྱ་བ་འཁོར་བའི་ཉེས་དམིགས་བསྟན། དེ་ནས་ཀུན་འབྱུང་སྤང་བར་བྱ་གསུངས་པས། ལས་རྒྱུ་འབྲས་ཀྱི་ཁྲིད་འབྱུང་བ་ཡིན། དེ་འཕྲོ་ནས་ལམ་རྒྱུད་ལ་བརྟེན་པར་བྱ་ཞེས་གསུངས་པས། ཐར་བའི་ཕན་ཡོན་དང་བཤེས་གཉེན་བསྟེན་པའི་ཁྲིད་རྐང་གཉིས་ཀྱིས་མཚམས་སྦྱར་ནས། འགོག་པ་མངོན་དུ་བྱ་བ་ལམ་དབང་བླ་མའི་རྣལ་འབྱོར་དང་བཅས་པས་ཟབ་མོའི་དོན་ལ་སྦྱོར་བ་ཡིན་ནོ། །དེ་ལྟ་བུའི་ཐུན་མོང་དང་ཐུན་མིན་གྱི་སྔོན་འགྲོ་གཉིས་ཡོད་པ་ལས། ཐུན་མོང་གི་སྐབས་ཀྱི་ལྔ་པ་ཐར་པའི་ཕན་ཡོན་དང་དྲུག་པ་བཤེས་གཉེན་བསྟེན་པ་བཤད་པའི་སྐབས་ཡིན། འདིའི་གོ་རིམ་ལ་མཚོན་ན། བློ་ལྡོག་རྣམ་བཞིའི་བློ་སྦྱངས་ནས། དལ་འབྱོར་རྙེད་དཀའ་ཚེ་མི་རྟག་གཉིས་ཀྱིས་ཚེ་འདིར་སྣང་གི་ཞེན་པ་ལས་བློ་ལྡོག འཁོར་བའི་ཉེས་དམིགས་དང་ལས་རྒྱུ་འབྲས་གཉིས་ཀྱིས་ཕྱི་མ་ལྷ་མིའི་བདེ་འབྲས་ལས་ཀྱང་བློ་ལྡོག་དུས། འོ་ན་གང་དོན་དུ་གཉེར་བྱའི་ཐར་པ་དེ་ཅི་ལྟར་ཡིན་དེ་ཤེས་དགོས། དེ་ཡང་ཐར་པའི་ཡོན་ཏན་ཤེས་པ་ཙམ་གྱིས་ཀྱང་མི་ཆོག་པར་དེར་སླེབ་དགོས་ན་རྒྱུས་ཅན་ཁྲིད་མཁན་ཞིག་ཡོད་དགོས། ལམ་རང་གིས་རྙེད་ཅིང་གཞན་དེར་ཁྲིད་ཐུབ་མཁན་ཞིག་མེད་ན་ལོང་བས་ལོང་བའི་ལམ་ཁྲིད་ཀྱི་གོ་མི་ཆོད། དེའི་ཕྱིར་ཁྲིད་རྐང་འདི་གཉིས་གོ་རིམ་བཞིན་དུ་འབྱུང་བ་ཡིན། དེ་ལས་དང་པོ་ཐར་བའི་ཕན་ཡོན་གྱི་ཐད་ནས་བཤད་ན། ཐར་བའི་རྒྱུ་ངོ་མ་གང་ཡིན་ཞེ་ན། ལམ་ལ་རག་ལས་པ་དང་། ལམ་བཤད་དུས་ལམ་གྱི་གཞི་དེ་སྡོམ་པ་གསུམ་ཡིན། ལམ་གྱི་ངོ་བོ་དེ་ལྟ་སྒོམ་སྤྱོད་གསུམ་ཡིན། ལམ་གྱི་འབྲས་བུ་དེ་བྱང་ཆུབ་གསུམ་ཀྱི་གོ་འཕང་རེད། དེ་དག་གི་ཐད་ནས་ས་བོན་ཙམ་ཞིག་གླེང་ན། སྤྱིར་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱིས་ཆོས་ཀྱི་སྒོ་མོ་དང་ཐེག་པའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་ཡོད་པ་ཡིན། དེ་དག་ཐམས་ཅད་ཚུར་བསྡུས་ན་ཐེག་པ་ཆེ་ཆུང་གཉིས་སུ་འདུ་ལ། དེ་ལས་ཐེག་ཆེན་ལ་དབྱེ་བ་ཕྱེ་ན་མདོ་སྔགས་གཉིས་སུ་ཕྱེ་བ་ཡང་སྡོམ་པ་གསུམ་གྱི་རྣམ་བཞག་གི་ནང་དུ་འདུ་བ་ཡིན། དེ་གསུམ་གང་ཞེ་ན། སོར་བྱང་སྔགས་ཏེ། སོ་ཐར་དང་བྱང་སེམས་སྔགས་ཀྱི་སྡོམ་པ་ཡིན་ལ། དེ་ལས་སོ་ཐར་གྱི་སྡོམ་པའི་ངོ་བོ་ནི། ངེས་འབྱུང་དང་། བྱང་སེམས་ཀྱི་ངོ་བོ་གཞན་ཕན། གསང་སྔགས་ཀྱི་ངོ་བོ་དག་སྣང་ཡིན་ལ། དེ་གསུམ་ཚུར་བསྡུས་ན་རང་སེམས་འདུལ་བའི་ནང་དུ་འདུས་ནས་ཡོད་པ་ཡིན། དེ་ཡང་སྡོམ་པ་གསུམ་དེ་བསྡམ་བྱ་དང་སྡོམ་བྱེད་གཉིས་ཀྱི་དབྱེ་བ་གཉིས་རེའི་སྟེང་ནས་བཤད་ན། སོ་ཐར་གྱི་སྡོམ་པའི་བསྡམ་བྱ་དེ་ཚེ་འདིའི་བདེ་སྐྱིད་སྙན་གསུམ་མམ་ལྟོ་གོས་གཏམ་གསུམ་དོན་དུ་གཉེར་བའི་ཆོས་བརྒྱད་ཀྱི་བློ་དེ་ཡིན་ལ། སྡོམ་བྱེད་གང་ཡིན་ན་ངེས་པར་འབྱུང་བའི་བསམ་པས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་འདིའི་ནང་ནས་ཐར་ཐབས་ཤིག་བྱེད་དགོས་སྙམ་པའི་བློ་ཞིག་བཅོས་མིན་ཞེ་གཏིང་ནས་སྐྱེ་ནས་དེ་ལྟར་དུ་དམ་བཅའ་རྒྱུ་དེ་སོ་ཐར་གྱི་སྡོམ་པ་ཞེས་ཟེར། འདུལ་བ་ལུང་སྡེ་བཞི། འདུལ་ཁྲིམས་ཉིས་བརྒྱ་དང་ལྔ་བཅུ། ཉན་ཐོས་རང་རྒྱལ་གྱི་སྡེ་སྣོད་ཐམས་ཅད་འདིའི་ནང་དུ་འདུ་བ་ཡིན། དེ་ཕྱི་སོ་ཐར་གྱི་སྡོམ་པ་ཡིན། ནང་བྱང་སེམས་ཀྱི་སྡོམ་པའམ་དེའི་བསླབ་པ་ལ་བསམ་བློ་བཏང་ན། དེའི་བསྡམ་བྱ་གང་ཡིན་ཞེ་ན། རང་དོན་ཡིད་བྱེད་ཀྱི་བློ་དེ་ཡིན་ཏེ། ངེས་ལེགས་ཐར་བའི་བྱང་ཆུབ་དོན་དུ་གཉེར་བ་དེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མ་བསམ་ན་ཐེག་དམན་ལ་གོལ་སོང་བ་ཡིན་པས་དེ་རང་དོན་ཡིད་བྱེད་ཀྱི་བློ་ཞིག་ཡིན། སྡོམ་བྱེད་དེ་གང་ཡིན་ཞེ་ན། སྡོམ་སྡུད་དོན་བྱེད་ཀྱི་ཚུལ་ཁྲིམས་རྣམ་པ་གསུམ་གྱི་སྒོ་ནས་མཐའ་ཡས་པའི་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་བསྒྲུབས་ནས་བྱ་དཀའ་བའི་ལས་རྒྱལ་སྲས་ཀྱི་སྤྱོད་པ་རྒྱ་མཚོ་ལྟ་བུ་ལ་སློབ་རྒྱུ་དེ་རེད། དེ་ཡང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཐམས་ཅད་ཀྱི་དགོངས་དོན་བསྡུས་ན་དེ་ཡིན་ནི་རེད། དེ་ནས་གསང་སྔགས་ཀྱི་སྡོམ་པའི་སྲོག་དེ་གང་གིས་འཛིན་ན་དམ་ཚིག་གིས་འཛིན་པ་དང་། བསྡམ་བྱ་གཟུང་འཛིན་གྱི་འཁྲུལ་སྣང་དེ། སྡོམ་བྱེད་བསྐྱེད་རྫོགས་ཀྱི་རིམ་པ་སྨིན་བྱེད་དབང་དང་གྲོལ་བྱེད་ཁྲིད་ཀྱི་རིམ་པས་འཁོར་འདས་དབྱེར་མེད་དུ་རྟོགས་པའི་དག་མཉམ་ཆེན་པོའི་ལྟ་བ། གཞི་དམ་ཚིག་གིས་བཟུང་ནས་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱེད་པ་ནི་གསང་སྔགས་སྤྱི་ཁོག་གི་དགོངས་དོན་དེ་ལྟར་ཡིན། དེ་ལྟ་བུའི་སྡོམ་པ་གསུམ་སོ་སོའི་ངོ་བོ་དང་འབྲེལ་བའི་ལྟ་སྒོམ་སྤྱོད་གསུམ་ལ་བརྟེན་ནས་ལམ་གྱི་འབྲས་བུ་བྱང་ཆུབ་གསུམ་སྟེ། ཉན་ཐོས་དགྲ་བཅོམ། རང་རྒྱལ་དགྲ་བཅོམ། རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་དེ་དག་ཐོབ་པ་ཡིན། དེ་ཡང་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས། གཞུང་སྡེ་སྣོད་ཐམས་ཅད་གང་ཟག་གཅིག་འཚང་རྒྱ་བའི་གདམས་ངག་ཏུ་ཤར་དགོས་པ་ཡིན་དུས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་གཉིས་ཀྱི་ནང་ནས་འཇིག་རྟེན་པའི་ལམ་མངོན་མཐོ་ལྷ་མིའི་གོ་འཕང་སྒྲུབ་བྱེད་ཀྱི་གསུང་རབ་ལ་བརྟེན་ནས་ཐར་པ་བྱང་ཆུབ་གསུམ་གྱི་ལམ་བསྒྲུབ་པའི་ལུས་རྟེན་ཁྱད་འཕགས། དལ་འབྱོར་གྱི་ཆོས་སོ་བཞི་ཚང་བའི་ཐབས་ལ་འབད་དགོས་པ་ཡིན། དེ་སྐས་ཐེམ་དང་པོ་རེད། ཡང་དགེ་རྩ་བསོད་ནམས་ཆ་མཐུན་དང་འཇིག་རྟེན་ཡང་དག་གི་ལྟ་བ་དེ་རྐྱང་པས་ཕན་ཐོགས་མེད་དེ། འཁོར་བ་གར་སྐྱེས་ཐམས་ཅད་སྡུག་བསྔལ་ལས་མ་འདས་པ་ཞིག་རེད་བསམ་རྒྱུའི་ངེས་འབྱུང་དང་ལྡན་པའི་སྟེང་ནས། ལུང་གི་ཆོས་སྡེ་སྣོད་གསུམ། རྟོགས་པའི་ཆོས་བསླབ་པ་གསུམ་ལ་ཉམས་ལེན་བྱས་ནས། གང་ཟག་གི་བདག་མེད་རྟོགས། ཆོས་བདག་རགས་པ་མེད་པར་རྟོགས་པའི་ཉན་རང་དགྲ་བཅོམ་གྱི་ལམ་སྐས་ཐེམ་གཉིས་པ་དེ་ཡང་བརྒྱུད་ནས། ཀུན་སློང་རང་དོན་ཡིད་བྱེད་དང་དགེ་རྩ་ཐེག་དམན་གྱི་ཐར་པ་ཆ་མཐུན་ངེས་འབྱུང་གི་བསམ་པས་ཟིན། སྟོང་ཉིད་ཉི་ཚེ་བ་ཞིག་རྟོགས་ཡོད་ཀྱང་བྱང་ཆུབ་ཀྱི་སེམས་ཀྱིས་མ་ཟིན་དུས། མཐའ་ཡས་པའི་འགྲོ་བ་ཡོངས་རྫོགས་ཀྱི་འདོད་པ་དེ་སྐོང་མི་ཐུབ་བསམ་ནས། སྐྱེས་བུ་ཆེན་པོའི་ལམ་སྐས་ཐེམ་གསུམ་པ་དེ་ལ་ཞུགས་དགོས་པ་ཡིན། དེ་ཐམས་ཅད་ཀྱང་རྩ་བ་སེམས་བསྐྱེད་ཀྱི་བསམ་པས་ཟིན་ན་ལྕགས་ལ་གསེར་འགྱུར་གྱི་རྩི་ཡིས་ཐེབ་པ་ལྟར་དུ་ཐམས་ཅད་བྱང་ཆུབ་བསྒྲུབ་པའི་དངོས་རྒྱུར་གྱུར་ནས། ཐེག་ཆེན་ཐར་པ་ཆ་མཐུན་གྱི་དགེ་རྩར་འགྱུར་རྒྱུ་མ་ཟད་ཐེག་ཆེན་གསང་སྔགས་ཀྱི་ལམ་སྐས་ཐེམ་གོང་མ་ལ་ཞུགས་ཏེ། ཐབས་མང་དཀའ་བ་མེད་པའི་བདེ་མྱུར་གྱི་ལམ་ལ་ཞུགས་དགོས། དེ་ཡང་ཐེག་ཆེན་གྱི་ལམ་ལ་ནང་གསེས་དབྱེ་ན། རིང་ལམ་ཉེ་ལམ་མྱུར་ལམ་རྣམས་ཡོད་པ་ལས། རིང་ལམ་མཚན་ཉིད་ཐེག་པས་བསྐལ་པ་གྲངས་མེད་གསུམ་ལ་སོགས་པར་རྫོགས་སྨིན་སྦྱང་བ་དང་བྱ་དཀའ་བའི་སྤྱོད་པ་ལ་སྤྱད་དགོས། ཉེ་ལམ་རྡོ་རྗེ་ཐེག་པའི་སྨིན་གྲོལ་གྱི་ལམ་ལ་ཞུགས་ཏེ་མཚན་བཅས་མཚན་མེད་ཀྱི་རྫོགས་རིམ་བསྒོམ་ན་མི་ཚེ་བདུན་ནམ་ལྔ་དང་གསུམ་ལ་སོགས་པས་ཟུང་འཇུག་གི་གོ་འཕང་བསྒྲུབ་ཐུབ་པར་གསུངས། མྱུར་ལམ་རྫོགས་པ་ཆེན་པོ་ལ་ཞུགས་ན་སྤྲོས་བཅས། སྤྲོས་མེད། ཤིན་ཏུ་སྤྲོས་མེད། རབ་ཏུ་སྤྲོས་མེད་དང་ཁྱད་པར་དུ་རིག་པ་རྩལ་གྱི་དབང་ཆེན་ཐོབ་ནས། མེད་པ། ཕྱལ་བ། ལྷུན་གྲུབ། གཅིག་པུའི་དམ་ཚིག་གི་རྒྱུད་བསྡམས་ཏེ། ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་གྱི་ལམ་ཉམས་སུ་བླངས་ནས་སྣང་བཞིའི་བགྲོད་པ་མཐའ་རུ་ཕྱིན། ལོ་དང་ཟླ་བས་འཕོ་བ་ཆེན་པོའི་སྐུ་བསྒྲུབ་པ་དེ་ལྟ་བུ་ཡིན། དེ་ལྟ་བུའི་ཐུན་མོང་མ་ཡིན་པའི་ལམ་རྙེད་པ་ལ་ཞུགས་ཏེ་ཚེ་ལུས་འདིའི་ཐོག་ནས་ཐར་པ་དམ་པ་བྱང་ཆུབ་ཀྱི་གོ་འཕང་ཐོབ་པ་ཞིག་བྱེད་དགོས། འདི་ལྟ་བུའི་ཆོས་སྒོ་བཟང་པོ་དང་འཕྲད་པ་དེ་སྐལ་བ་རེ་བཟང་། དེ་ཡང་སྔར་བསགས་བསོད་ནམས་ཀྱི་མཐུ་ཡིན་བསམ་ནས། དགེ་བ་བཅུ། ཕར་ཕྱིན་དྲུག བསམ་གཏན་བཞི། གཟུགས་མེད་བཞི། བསྐྱེད་རིམ་དང་རྫོགས་རིམ། ཞི་ལྷག་ཟུང་དུ་འབྲེལ་བའི་ལམ་གོང་འོག་ཐམས་ཅད་པོ་རྫོགས་པའི་སངས་རྒྱས་ཐོབ་པའི་བསམ་པ་དེས་བསྒྲུབ་དགོས་བསམ་པ་དེ་སྦྱོར་དངོས་རྗེས་གསུམ་མཚན་ཉིད་ཚང་བས་ཉམས་སུ་ལེན་རྒྱུ་དེ་ཐར་བའི་ཕན་ཡོན་གྱི་ཁྲིད་རྐང་ཉམས་སུ་ལེན་ལུགས་དེ་ལྟར་ཡིན་གསུངས། །

ཆ བཤེས་གཉེན་བསྟེན་ཚུལ་གྱི་ཁྲིད།

དང་པོ་བླ་མ་བརྟག་པ།

དྲུག་པ་བཤེས་གཉེན་བསྟེན་པའི་ཁྲིད་བཤད་པ་ནི། སྤྱིར་བླ་མ་མ་བསྟེན་པར་སངས་རྒྱས་འགྲུབ་པའི་ལོ་རྒྱུས་ཤིག་བཀའ་མདོ་རྒྱུད་ལུང་མན་ངག་གཅིག་གི་ནང་ནས་ཀྱང་གསུངས་པ་མེད་ལ། མཐོང་ཆོས་མངོན་གྱུར་མིག་གིས་མཐོང་བ། རྣ་བས་ཐོས་པ་ལ་ཡང་བླ་མ་མ་བསྟེན་པར་རང་བཟོ་ཕོ་ཚོད་ཀྱིས་ཡོན་ཏན་སྐྱེས་སོང་བ་ཞིག་མཐོང་རྒྱུ་མེད་པ་མ་ཟད་གོ་རྒྱུ་ཡང་མེད། འདི་ལྟར་བལྟས་ཡོང་ན་རང་གཞན་ཚང་མ་ལོག་པའི་ལམ་ཞིག་དང་ཕྱིན་ཅི་ཁ་ཞིག་ལ་བློ་རིག་ཡོད་ཅིང་རང་ཤུགས་ཀྱིས་བསྒྲུབ་ཤེས་པ་དང་། ཡང་དག་ཐར་པའི་ལམ་ལ་ཕྱོགས་པའི་བྱ་བཞག་ཅིག་ལ་དཔེར་ན། ཕྱོགས་གར་འགྲོ་ངོས་མི་ཟིན་པའི་ལོང་བ་ཁྱུ་གཅིག་རྒྱུས་མེད་ཀྱི་དོང་དཀྱིལ་དུ་ལྷུང་བ་དང་འདྲ་བའི་རྒྱུ་མཚན་གྱིས། ཐར་པ་ཡོན་ཏན་ཅན་དུ་ཤེས་པའི་སྟེང་དུ་ཐར་པ་དམ་པའི་གནས་དེ་ལ་ཁྲིད་མཁན་བཤེས་གཉེན་ལམ་རྒྱུས་ཅན་ཞིག་བཙལ་ཏེ། དེ་ལ་བརྟེན་རྒྱུ་བོ་དེ་ལ་བཤེས་གཉེན་བསྟེན་པའི་ཁྲིད་ཅེས་གསུངས། འདིར་ངག་འདོན་གྱི་དངོས་བསྟན་སློབ་མ་རང་ཉིད་ཀྱི་མི་མཐུན་པའི་ཕྱོགས་སྤང་ཚུལ་འདི་ཡིན་ཏེ། ཆོས་ལམ་ཞུགས་ཀྱང་ཉེས་སྤྱོད་མི་སྡོམ་ཞིང་། །ཐེག་ཆེན་སྒོར་ཞུགས་གཞན་ཕན་སེམས་དང་བྲལ། །ཞེས་པ་ལ་སོགས་པའི་སྔ་རོལ་དུ་བཤེས་གཉེན་བསྟེན་པ་དེ་དོན་གྱིས་བསྟན་པས་ཤུགས་ལ་གོ་དགོས། དེ་ཇི་ལྟར་གོ་དགོས་ཞེ་ན། དང་པོ་བླ་མ་བརྟགས་པ། བར་དུ་བླ་མ་བསྟེན་པ། ཐ་མ་དགོངས་སྤྱོད་བསླབ་ལུགས། སློབ་མ་རང་ངོ་ནས་མི་མཐུན་པའི་ཕྱོགས་སྤོང་ལུགས་དངོས་སུ་བསྟན་པ་དང་བཞིའི་སྒོ་ནས་ཤེས་དགོས། དེ་ལས་དང་པོ་བླ་མ་དགེ་བའི་བཤེས་གཉེན་བརྟགས་ཐབས་ཀྱི་ངོས་ནས་བསམ་བློ་བཏང་ན། སྤྱིར་ན་སོ་སོའི་སྐྱེ་བོའི་རང་གཤིས་དེ་བྱིས་པའི་ངང་ཚུལ་ལས་མ་འདས་པ་ཞིག་ཡིན་ལ་འཕགས་པ་དེ་མི་ཆེན་ལྟ་བུ་ཞིག་ཡིན། སོ་སྐྱེས་དེ་བྱིས་པའི་ངང་ཚུལ་ཅན་ཡིན་པས་འཕགས་པ་དང་བསྡུར་ན། མི་ཤེས་བསམ་མེད་ཀྱི་བྱིས་པ་ལྟ་བུ་ཡིན་པས། སོ་སོའི་སྐྱེ་བོ་ལ་བྱིས་པའི་མིང་བཏགས། དེ་ཡང་བྱིས་པ་མགོ་གཡོག་སླ་ལ། རྐྱེན་གྱིས་བསྒྱུར་སླ་བ་རྩྭ་ཀུ་ཤའི་རྩེ་མོ་རླུང་གིས་བསྐྱོད་པ་ལྟ་བུ་ཞིག་ཡིན་གསུངས་ཏེ་དཔེར་ན། རྩྭ་ཀུ་ཤའི་འཇག་མ་དེ་གྱང་སྟེང་དུ་སྐྱེས་ཡོད་ན་རླུང་ཡར་གཡུག་ཚེ་ཡར་དང་། མར་ལ་གཡུག་ཚེ་མར་ཡིན་པས་གར་གཡུག་ས་རུ་ཤ་ར་ར་ཡིན། དེ་དང་འདྲ་བར་བྱིས་པ་སོ་སོའི་སྐྱེ་བོ་རང་གཞན་རྣམས་ཀྱི་སེམས་ཆུང་བ་དང་བསླུ་སླ་བ་བདེན་ཁ་སྙི་ཞིང་རྔ་ལོ་ཡང་བ་ཡིན། དེ་ལྟར་ཡིན་པའི་སྐྱོན་ནི་མི་གཡོ་ཅན་མི་དགེ་བའི་བཤེས་གཉེན་དང་ཐུག་དུས་ལོག་ལམ་ལ་ཁྲིད་འགྲོ། དེ་མིན་ཡང་གཞན་གྱི་གཡོ་སྒྱུས་རང་ཕུང་བྱེད་དུ་འགྱུར་བ་ཡིན་པས་དེ་དཔེར་མཚོན་ན། གནའ་སྔ་མོ་འུག་པའི་རྒྱལ་པོ་འདབ་བཟང་ཞེས་པ་ཞིག་ཡོད། དེ་འུག་པའི་ཚོགས་ཀྱི་རྒྱལ་པོ་ཡིན། བློན་པོ་གསེར་མིག་ཅེས་པ་ཞིག་ཡོད་པ་ཁོའི་བློན་པོ་ཡིན། ཡང་བྱ་རོག་གི་རྒྱལ་པོ་ཡུལ་འཁོར་སྲུང་ཞེས་པ་ཞིག་དང་དེ་ལ་བློན་པོ་སྤྲིན་གྱི་ཤུགས་ཅན་ཞེས་པ་ཞིག་ཡོད། དེ་ཡང་འུག་པ་དང་བྱ་རོག་གཉིས་ཚེ་གང་གི་དགྲ་བོ་ཡིན། དེ་ལྟར་ཡུན་རིང་གི་དགྲ་ཡིན་པས་སྐོར་མང་པོ་འཛིང་ཡང་ཁེ་ཕམ་མ་བྱུང་། དེ་ལྟར་འཐབ་པས་མ་ཐུབ་ནས་ཉིན་ཞིག་བྱ་རོག་གི་བློན་པོ་དེས་བྱ་རོག་ཐམས་ཅད་བསྡུས་ནས་འདི་ལྟར་བཤད། ད་ང་ཚོས་འཐབ་ནས་ཁོ་ཚོ་ད་སྔོན་ཡང་མ་ཐུབ་ད་ཕྱིན་ཡང་ཐུབ་པའི་རེ་བ་མི་འདུག་པས། དེ་རྣམས་བསླུ་ཐབས་ཀྱིས་མགོ་གཡོག་ནས་ཕམ་དུ་འཇུག་དགོས་པས་ཁྱོད་ཚོས་ངའི་སྒྲོ་འདི་ཐམས་ཅད་ཐོགས་ལ་ཁྱེད་ཅག་ས་འདིར་མ་འདུག་པར་སོང་ཞེས་བཤད་པ་ལྟར། སྒྲོ་ཐམས་ཅད་བཏོག་ནས་ཁོ་རང་གི་ཚང་ཡོད་པའི་ཤིང་ནྱ་གྲོ་ཏའི་འགྲམ་དུ་འཕང་སྟེ་ཚང་མ་གཤར་སོང་། ཉིན་ཞིག་བྲག་ཆེན་པོའི་གསེང་ན་ཡོད་པའི་འུག་པ་ཐམས་ཅད་དམག་བསྡུས་ནས་འཚོགས་ཏེ་བྱ་རོག་གི་སྟེང་དུ་དམག་བརྒྱབ། དེར་བྱ་རོག་ཚང་མ་སོང་ཚར་བའི་ཤུལ་དུ་བྱ་རོག་སྒྲོ་མེད་པའི་ཉམ་ཐག་གཅིག་པུ་ཞིག་ལས་མེད་པ་དེ་ཡང་། ཤ་ཉེ་བས་བལྟས་ན་ཡ་ང་། སྡང་དགྲ་བོས་བལྟས་ན་ཡི་མུག་པས་ཉམ་ཐག་པར་བསྡད་ཡོད། དེ་ལ་སྐད་ཆ་ཞིག་དྲིས་དུས། ཁོས། ང་ནི་བྱ་རོག་གི་བློན་པོ་སྤྲིན་གྱི་ཤུགས་ལྡན་ཟེར་བ་དེ་ཡིན། ངས་ནི་ངེད་ཁག་གཉིས་འགྲིག་ན་དགའ་འདུག་བསམ་ནས་སྐད་ཆ་དེ་ལྟར་བཤད་པ་ཡིན་མོད་ཁོ་ཚོས་འགྲིག་ཅེས་པའི་སྐད་ཆར་ཉན་ཙམ་ཡང་མ་བྱས་པར་མ་ཟད། ང་བློན་པོའི་སྐད་ཆ་དེ་བཤད་པར་ཆད་པ་བཅད་ནས་འདི་ལྟར་མ་ཤི་གསོན་དམྱལ་གྱིས་འདི་ལྟར་བྱས་ནས་སོང་། ད་ངས་མགོ་སྤྱི་བཏགས་དེ་འུག་པའི་དམག་ཚོགས་སྤྱི་ལ་བཏགས་པ་ཡིན། སྒོས་བཏགས་དེ་རྒྱལ་པོ་འདབ་བཟང་ཁྱེད་ལ་བཏགས་པ་ཡིན་པས་གསོ་བསད་ཅི་བྱེད་བསམ་རུང་ཁྱེད་ཀྱིས་ཤེས་ཞེས་མགོ་བཏགས་སྐབས། འུག་པའི་རྒྱལ་པོས་བདེན་ངེས་ཅན་ཁོ་རེད་འདུག དགྲ་མཆན་འོག་ཏུ་ཚུད་ན་བུ་ལས་བྱམས་ཟེར་བ་ཡིན་པས། འདི་ངེད་ཚང་ལ་ཕར་ཁྲིད་འགྲོ་དགོས་ཟེར་དུས། འུག་པའི་བློན་པོས་དེ་ཅི་ཨེ་བདེན་མི་ཤེས་ཁོ་བྱ་རོག་ཚང་གི་བློན་པོ་རིག་པ་ཅན་ཡིན་པས་མ་བརྟགས་མ་དཔྱད་པའི་བྱ་བ་བྱེད་དགོས་དོན་མེད། བཟང་བྱེད་བསམ་ན་ཁོ་རང་འདིར་ཞོག་དང་རེད་ཡོང་ཅེས་བཤད་མོད། འུག་པའི་རྒྱལ་པོས་མ་ཉན་པར་ཁྲིད་སོང་བས་འུག་པའི་བློན་པོ་ཡིད་མ་ཆེས་པར་དེའི་ཉིན་ནས་ཁ་ཁར་བུད་སོང་། འུག་པའི་རྒྱལ་པོས་བྱ་རོག་གི་བློན་པོ་ཁོ་རང་གི་ཚང་ནང་དུ་ཁྲིད་སོང་སྟེ། ཁྱོད་ནི་མཁས་པ་བློ་རིག་ཅན་ཡིན་པས་ངའི་ཚང་འདི་འདི་ལས་སྐྱིད་ཐབས་ཤིག་བྱེད་ཐབས་ཨེ་དྲན་ལྟོས་ཞེས་བཤད་པར། བྱ་རོག་གི་བློན་པོས་ཚང་ཡག་པོ་བྱེད་རྒྱུ་ཡོད་པས་ཐབས་ཤེས་ཡོད། དེ་ཡང་ཡག་པ་མ་ཟད་སྐྱིད་པོ་དང་། སྐྱིད་པ་མ་ཟད་བཙན་པོ་བྱེད་ཐབས་ཡོད། དེ་ཡང་ལེགས་ཤོས་བྱེད་ན་དང་པོ་ཤིང་སྐམ་པོ་ཤ་སྟག་གི་ཁྲི་བརྩིག་དེའི་ནང་དུ་སྤྲ་བ་སྐམ་པོ་མང་པོས་བཀང་ན་དྲོ་ཡང་དྲོ་ལ་བདེ་ཡང་བདེ་ཞེས་བཤད་པར། ཚང་མས་དེ་ལེགས་པས་དེ་ལྟར་བྱེད་ཅེས་བློ་མཉམ། བྱ་རོག་གི་བློན་པོ་ཡིད་རྟོན་པའི་ནང་མིར་གྱུར། ཉིན་པར་བྱ་རོག་ཕྱི་ལ་སོང་ནས་ཐམས་ཅད་ཀྱི་ཟས་སྐལ་བཙལ། མཚན་མོ་འུག་པ་རྣམས་ཕྱི་ལ་འགྲོ་སྐབས་བྱ་རོག་གི་བློན་པོས་ཁྱིམ་སྲུང་བྱས་ནས་བསྡད། ཉིན་ཞིག་བྱ་རོག་གི་བློན་པོས་གོ་སྐབས་ཤིག་དང་བསྟུན་ཏེ་བྱ་རོག་མང་པོ་ཡོད་སར་སོང་སྟེ། སང་ཉིན་སྔ་མོ་ནས་ཁྱེད་ཚོས་གྲ་སྒྲིག་ཡག་པོ་གྱིས་ལ་ཉིན་གུང་ཙམ་ཞིག་ཏུ་བྱ་རེ་རེས་མེ་མཆུ་རེ་ཁྱེར་ནས་བྱ་རེས་འུག་པའི་ཚང་རེར་འཕེན་ཐུབ་པ་བྱེད་དགོས་ཞེས་བསླབ་ནས་ཕྱིར་ལོག་ཕྱིར་ཉིན་ཉིན་མོ་འུག་པ་རྣམས་ཀྱིས་མིག་གིས་མི་མཐོང་བས་ཐམས་ཅད་ཚང་ནང་དུ་བསྡད་ཡོད་དུས། བྱ་རོག་རྣམས་ཀྱིས་འུག་པའི་ཚང་རེར་མེ་རེ་འཕང་བས། ཚང་མེས་འབར་ཏེ་འུག་པ་ཐམས་ཅད་ཤུལ་མེད་དུ་གྱུར་སོང་། དེང་སང་ཡོད་པའི་འུག་པ་དེ་ཚོ་བློན་པོ་གསེར་མིག་གི་བརྒྱུད་པ་ཡིན་ཟེར་སྲོལ་ཡོད་པ་ཡིན། དེས་ན་བདེན་ཁ་སྙི། རྔ་ལོ་ཡང་ན་དེ་ལྟར་ཡིན། དེའི་ཕྱིར་ན་ཡང་དག་པའི་ལམ་ཞིག་རྙེད་ནས་ལམ་དེ་མཐར་ཕྱིན་པར་བྱེད་རྒྱུ་ལ་དགེ་བའི་བཤེས་གཉེན་དང་དགེ་བའི་གྲོགས་པོ་བསྟེན་ནས་མི་འབྲལ་རྒྱུ་རྣམ་པ་ཀུན་ཏུ་གལ་ཆེ་བ་ཡིན་ལ། དགེ་བའི་གྲོགས་པོ་དེ་ཡང་བཟང་པོ་ཞིག་དགོས་མ་གཏོགས་རྔ་ལོ་ཡང་ནས་སུ་ཡིན་ཡང་རྗེས་སུ་བརྒྱུག་པས་ཕན་ནི་མ་རེད། ཀུན་མཁྱེན་འཇིགས་གླིང་གིས། བསླབ་པ་ཀུན་གྱི་ཡོན་ཏན་རྫོགས་པའི་ཕྱིར། །སྐྱེས་བུ་དམ་པ་དག་ལ་བརྟེན་པར་བགྱི། །ཇི་ལྟར་མ་ལ་ཡ་ཡི་ནགས་ཀླུང་དུ། །རྣམ་པར་འཁྱམས་པའི་སྡོང་དུམ་ཕལ་བ་ཡང་། །ཡལ་འདབ་བརླན་པའི་ཙན་དན་དྲི་བསུང་ལྟར། གང་ལ་བརྟེན་པ་དེ་ཡི་རྗེས་སུ་འགྲོ། །ཞེས་གསུངས་པས། གང་སྡོམ་པ་གསུམ་གྱི་བསླབ་བྱ་དམ་སྡོམ་གྱི་གནས་ཐམས་ཅད་སྤང་བླང་འདོར་ལེན་ཡང་དག་པའི་ཐོག་ནས་བསླབ་བྱའི་ཡོན་ཏན་ཐམས་ཅད་ཡར་ལྡན་དུ་རྫོགས་པའི་ཕྱིར་དུ། སྐྱེས་བུ་དམ་པ་མཚན་ཉིད་ཀུན་ལྡན་དང་ནི་གྲོགས་བཟང་པོ་ལེགས་པ་སྤེལ་ཉེས་པ་འགོག་ཐབས་ཤེས་པ་ཞིག་ལ་བརྟེན་དགོས། དེ་བསྟེན་ན་དགོས་པ་ཡོད་པའི་དཔེར་མཚོན་ན། རྒྱ་གར་གྱི་རི་མ་ལ་ཡའི་ནགས་ཀླུང་དུ་ཙན་དན་ས་མཆོག་གི་ལྗོན་པས་གང་བའི་ནགས་ཚལ་ཞིག་ཡོད་ནི་རེད། ཙན་དན་གྱི་ནགས་ཀླུང་དེར་ཤིང་ཕལ་བ་ཁོ་རང་ལ་ལྷན་སྐྱེས་ཀྱི་དྲི་ཞིམ་མེད་པ་ཞིག་ཡིན་ཡང་དེར་ཡུན་རིང་ལུས་ན་ཙན་དན་གྱི་སྡོང་པོ་ཆར་གྱིས་བརླན་པའི་རླན་ཐིགས་དེ་ལ་ཕོག་པས་ཙན་དན་གྱི་དྲི་ཞིམ་དེ་ལ་འགོས་པས་སྡོང་དུམ་ཕལ་པ་དེ་ཡང་ཙན་དན་གྱི་དྲི་བསུང་ཅན་དུ་འགྱུར་བ་ཡིན་ཞེས་གསུངས་པ་ཡིན། དེའི་ལྡོག་ཕྱོགས་ནས་དང་པོ་ཡོན་ཏན་ཕྲན་བུ་ཡོད་པ་ཞིག་ཡིན་རུང་ལོག་པའི་བཤེས་གཉེན་དང་གྲོགས་པོ་ངན་པའི་ཁྲོད་དུ་སོང་ན་དེའི་ཤུགས་ལ་ཁྲིད་འགྲོ་བར་གསུངས། ང་ཚོས་རང་ཐོག་ཏུ་བླང་སྟེ་འདང་བརྒྱབ་ན་དགེ་བ་དང་སྡིག་པ་ཟེར་བ་ཞིག་ཡོད་པ་ཤེས་རྒྱུ་དང་དགེ་སྡིག་འདོར་ལེན་གྱི་གནད་ཤེས་ན་སྡུག་བསྔལ་དང་བྲལ་ཐུབ་པ་དང་། ཚེ་རབས་གཏན་གྱི་སྐྱབས་གནས་མཆོག་གྱུར་དཀོན་མཆོག་གསུམ་ཡིན་པས་རྣམ་གྲོལ་གྱི་ལམ་མ་ནོར་བར་ཤེས་རྒྱུ་དེ་དགེ་བའི་བཤེས་གཉེན་ལ་མ་བརྟེན་པར་ཇི་ལྟར་ཤེས། ཕ་མ་བསམ་པ་དཀར་མོད་བཟང་པོའི་ལམ་སྟོན་ཤེས་ནི་མ་རེད། དེ་མ་ཤེས་དུས་ཅུང་ཟད་བསླབ་པ་ཐམས་ཅད་ཕྱིན་ཅིི་ལོག་པའི་ལོག་ལམ་ལ་སྐྱེལ་བྱེད་ཁོ་ན་རེད་འགྲོ་ནི་རེད། ཅི་ལྟ་བུའི་སྐྱེ་བོ་མ་དུལ་བ་རྒྱུད་རྩུབ་མོ་ཞེ་སྡང་ཆེན་པོ་ཅན་བཟོད་པའི་དཀའ་ཐུབ་ལས་ཉམ་སོང་བ་མ་རུང་པ་སུ་འདྲ་ཞིག་ཡིན་ཡང་སྐྱེས་བུ་དམ་པ་ལ་བརྟེན་ན། དེའི་ཡོན་ཏན་གྱིས་ཁོའི་རྒྱུད་ལས་སུ་རུང་བ་ཞིག་བྱས་ནས་ལམ་ལ་འཇུག་ཐུབ་སྟེ་དཔེར་ན། བྲམ་ཟེའི་ཁྱེའུ་མི་གདུང་བ་སོར་ཕྲེང་ཅན་གྱིས་མི་དགུ་བརྒྱ་དགུ་བཅུ་གོ་དགུ་བསད་ནས་སྟོང་གཅིག་གི་སྟོང་ཁ་གང་བའི་ཆེད་དུ་མ་གསོད་རྒྱུ་དང་དེ་བཞིན་གཤེགས་པ་ལ་ཐོ་བརྩམ་ལ་ཉེ་དུས། སྟོན་པའི་དམ་ཆོས་གོ་ནས་དེའི་རྗེས་སུ་ཞུགས་ཏེ་བདེན་པ་མཐོང་སོང་བ་ལྟ་བུ་ཡིན་པས་འདུལ་བ་ལུང་ལས། སཱ་ལུའི་ཤིང་ལ་འཁྲི་ཤིང་བཞིན། །དམ་པ་རྣམས་ལ་བརྟེན་གྱུར་པ། །བཟང་པོའི་དཔལ་གྱིས་ཁྱབ་པར་བྱེད། །ཅེས་གསུངས་པ་དང་། འཇིག་རྟེན་གཏམ་གྱི་ཁ་དཔེར་ཡང་། སྐྱེ་རོགས་ཐང་ཤིང་བཟང་ན་ཡུ་མོ་དགུང་དང་མཉམ། །འདྲིས་རོགས་རྨ་བྱ་བཟང་ན་འཇོལ་མོ་དུག་དང་འདྲིས། །ཞེས་པ་དང་གཅིག་ཡིན། ཡང་ས་སྐྱ་པཎྜི་ཏས། ངན་པ་རྣམས་ལ་བརྟེན་བགྱིས་ན། །ངན་པར་ཕྱིན་རྗེས་རང་ལ་གནོད། །ཡུར་བའི་ཆུ་ལ་བརྟེན་པ་ཡིས། །ཉ་རྣམས་ཞིང་རར་བཀྲམ་ལ་ལྟོས། །ཞེས་པས། ངན་པའི་གྲོགས་དང་འགྲོགས་ན་ཡུར་བའི་ཆུ་ཞིང་ནང་དུ་ཁྲིད་ནས་དེར་ཆུ་འཁྱིལ་ལ་ཡོད་པའི་ཉ་དེ་ཚོ་ལ་འོང་རྒྱུ་ལྟ་བུ་མ་གཏོགས་མེད་ཅེས་གསུངས་པ་ཡིན་ཏེ། ཆུ་ཞིང་ནང་དུ་ཁྲིད་པ་དང་མཉམ་དུ་ཉ་རྣམས་ཀྱང་སོང་བས་སྐམ་ལ་ཐོན་ནས་ཤི་བ་ཡིན་པ་དེ་བཞིན་ངན་པར་བརྟེན་ན་ངན་པའི་ཤན་ཤུགས་ཀྱིས་རང་ལ་གནོད་པ་ཡིན་གསུངས། ཡང་འཇིག་རྟེན་གྱི་དཔེར། ཁ་ཤ་རི་རྒྱལ་གྱི་རྩེ་ནས་ཤོར། ཉ་ཤ་རྒྱ་མཚོའི་འགྲམ་ནས་ཤོར། ཅེས་པས་མཐར་གཉིས་ཀ་མ་ལོན་པའི་དཔེ་ལྟར་དང་། རང་གི་ཚོད་དང་མ་བསྟུན་པའི་བྱ་བ་དང་རེ་བ་ཆེ་ན་ཡང་མི་འདོད་པ་མང་པོ་འོང་རྒྱུ་ཡོད་པ་དཔེར་ན། བྱ་བྱིའུ་ཡི་གཏམ་རྒྱུད་ཅིག་ལ། གནའ་སྔ་མོ་ཞིག་ལ་བྱ་རིགས་བྱ་སྣ་ཡོད་ཚད་འཛོམས་ནས་བྱ་བརྒྱའི་རྒྱལ་པོ་བསྐོ་གྲབས་བྱེད་དུས། སུས་ཉི་མ་སྔོན་ལ་ཤར་བ་མཐོང་ན་དེ་རྒྱལ་པོ་བྱེད་དགོས་ཞེས་པར་ཁ་འཆམ་ནས། བྱ་ཐམས་ཅད་ཀྱིས་ཉི་མ་ཤར་བའི་ཕྱོགས་ལ་བལྟས་ནས་ཡོད་དུས། ཕ་ཝང་ཕྱེ་ལེབ་ཁ་ནུབ་ཏུ་འཁོར་བས་དེ་ལ་བལྟས་ནས་ཕུག་རོན་ཡང་ཁ་ནུབ་ཏུ་འཁོར། དེར་ཕ་ཝང་གིས་ཁོ་སྔོན་ལ་ཤོར་དོགས་ཀྱིས་ཕུག་རོན་མགོ་གཡོག་སྟེ་རྩམ་པ་འགམ་བཅུག་པས་ཕུག་རོན་གྱིས་ཁ་ནང་དུ་ཕྱེ་འགམ་བཞིན་པའི་སྐབས། ནུབ་རིའི་རྩེ་ལ་ཉི་མ་ཤར་བ་ཁོ་གཉིས་ཀས་མཐོང་མོད་ཕུག་རོན་གྱི་ཁ་རྩམ་པས་གང་ནས་འུག་འུག་ཅེས་བརྗོད་འདུག་ཚེ་ལ། ཕ་ཝང་གིས་ཕ་ཀིར་ཉི་མ་ཤར་སོང་ཞེས་སྔོན་ལ་བརྗོད་ཀྱང་ཕ་ཝང་བློ་རྣོ་མོད་མདོག་སྐྱོ་བས་རྒྱལ་པོར་བསྐོ་རོགས་མ་བྱས། དེ་ནས་ཡང་གནམ་འཕང་མཐོན་པོ་སུས་ཆོད་ན་དེ་རྒྱལ་པོར་བསྐོ་ཞེས་བཤད་པས། ཕ་ཝང་རྒོད་ཀྱི་སྤུ་གསེབ་ཏུ་གབ་ནས་བསྡད། བྱ་རྒོད་ནམ་མཁར་འཕུར་ཞིང་གནམ་འཕང་མཐོན་པོ་བཅད་ནས་མཚམས་ཤིག་ལ་ཁོ་བོའི་ཡན་ལ་སུ་གཅིག་ཀྱང་མེད་སྙམ་པས་བྱ་ལམ་གོང་མར་སླེབ་སྐབས། རེག་རེག་མཐོན་པོའི་དགུང་ལ་རེག ཅེས་གཤོག་བརྒྱང་ཞིག་བྱེད་སྐབས། ཕ་ཝང་ཡར་ཅིག་འཕུར་ནས། དེ་ནི་དེ་བས་དགུང་ལ་རེག ཅེས་བརྗོད་ཅིང་དེ་མ་ཐག་གཤོག་ཆུང་བསྐུམས་ནས་མར་ས་ལ་ཚ་ལྷུང་བྱེད་སྐབས་ཐམས་ཅད་ཀྱི་སྔོན་ལ་ས་ཐོག་ཏུ་སླེབ། དེར་བྱ་ཐམས་ཅད་འདུས་ནས་ཡར་གནམ་འཕང་གཅོད་པའི་སྔོན་མ་དང་མར་ས་ལ་འབབ་པའི་སྔོན་མ་སུ་རེད་ཅེས་རྩད་གཅོད་བྱེད་སྐབས་ཕ་ཝང་ཡིན་པ་ཤེས་རྗེས་སྤུ་མེད་པའི་རྭ་ཅོ་ཅན་མདོག་སྡུག་ལྟས་ངན་འདི་འདྲས་བྱ་བརྒྱའི་རྒྱལ་པོ་ག་ལ་འོས་ཞེས་རྒྱལ་པོར་མ་བསྐོས་པར་མ་ཟད། བྱ་ཕལ་བའི་གྲལ་དུ་ཡང་མ་ཚུད་པའི་དཔེ་དེ་ལྟར་ངན་པ་ལ་བརྟེན་ན་ངན་པའི་ཤན་ཤུགས་ཀྱིས་རང་ལ་གནོད་པ་དཔེར་ན་ཕུག་རོན་བྱ་བརྒྱའི་དཔོན་པོ་ཨེ་རེད་མི་ཤེས་མོད། བློ་རྣོ་བའི་གྲལ་དུ་འགྲོ་མོད། ཕ་ཝང་གི་རྗེས་ལ་བརྒྱུག་པས་རང་རོགས་གཉིས་ཀ་ཅིའི་ས་ལ་ཡང་མ་སླེབས་པ་ལྟ་བུ་ཡིན། དེ་ལྟར་ན་ཐར་ལམ་ཡང་དག་སྟོན་པའི་བླ་མ་ཞིག་རྙེད་རྒྱུ་དེ་སྐྱེ་བ་མང་པོའི་དོན་གཏན་གྱི་འདུན་མ་ལེགས་ཉེས་རང་གཞན་ཐམས་ཅད་ཀྱི་དོན་ཆེན་འགྲུབ་དང་མི་འགྲུབ་ཀྱི་རྩ་བར་ཐུག་པ་དེ་ལྟ་བས་ན་དང་པོ་བླ་མ་བརྟག་མཁས་དགོས། བརྟག་རྒྱུ་དེ་ཡང་རྒྱལ་བའི་བཀའ་ཡི་དཔང་པོ་དེས་གཞི་བཟུང་སྟེ་དཔེར་ན་རྡོ་ཀ་ཤི་ཀ་ལ་བརྟེན་ནས་ནོར་བུ་བརྟགས་པ་ལྟར་བརྟགས་དགོས་མ་གཏོགས། བླ་མ་མ་བརྟགས་དུག་འཐུང་འདྲ། །སློབ་མ་མ་བརྟགས་གཡང་མཆོང་འདྲ། །ཞེས་གསུངས་པས་བརྟག་རྒྱུ་དེ་ཡང་དང་པོ་བརྟགས་དགོས་མ་གཏོགས་བསྟེན་ཚར་ནས་བརྟགས་པ་རེད་མེད། འོ་ན་བསྟེན་བྱའི་བླ་མ་དེ་ལ་མཚན་ཉིད་ཅི་འདྲ་ཞིག་ཚང་དགོས་པ་ཡིན་ཞེ་ན། རྒྱལ་བ་ཀློང་ཆེན་པས། སྡོམ་གསུམ་གནང་བཀག་གཙང་མའི་ས་གཞི་ལ། །ཐོས་དང་སྙིང་རྗེ་ཆེན་པོས་ཐུགས་རྒྱུད་བརླན། །སྡེ་སྣོད་སྔགས་རྒྱུད་རྒྱ་མཚོའི་ཆོ་གར་མཁས། །སྤངས་རྟོགས་ཡེ་ཤེས་དྲི་མེད་འབྲས་བུས་ཕྱུག །བསྡུ་དངོས་བཞི་ཡི་མེ་ཏོག་རྣམ་བཀྲ་བས། །སྐལ་བཟང་སློབ་མའི་བུང་བ་སྡུད་ལ་བསྟེན། །ཅེས་གསུངས་ཏེ། སོར་བྱང་སྔགས་གསུམ་པོའི་སྡོམ་པ་གསུམ་པོའི་རང་རང་གི་གཞུང་ལམ་གྱི་འགལ་སྤོང་མཐུན་སྒྲུབ་བླང་དོར་གྱི་གནས་ཐམས་ཅད་མཁྱེན་པ་མ་ཟད། མ་འཁྲུལ་བར་སྤྱོད་པས་འདུལ་བ་མདོ་སྡེ་མངོན་པ་རིག་པ་འཛིན་པའི་སྡེ་སྣོད་དེ་སྡེ་སྣོད་བཞི་པོའི་ཆོ་ག་ལ་མཁས་ཤིང་ཐུགས་རྒྱུད་གྲོལ་བ། ཁྱད་པར་དུ་ཐབས་སྙིང་རྗེ་ཆེན་པོ་དང་ཤེས་རབ་སྟོང་པ་ཉིད་ཟུང་དུ་འབྲེལ་བའི་ཡོན་ཏན་ཁྱད་པར་ཅན་ཐུགས་རྒྱུད་ལ་མངའ་བ། སྦྱིན་དང་སྙན་སྨྲ་དོན་མཐུན་དོན་སྤྱོད་ཀྱི་བསྡུ་བའི་དངོས་པོ་བཞིས་སེམས་ཅན་གྱི་དོན་མཛད་པས་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་རེད་ཟེར་ཆོག་ལ་ཡིན་ཡང་ཡིན་ཏེ། རྔ་བོ་ཆེའི་མདོ་ལས། མྱ་ངན་མ་བྱེད་ཀུན་དགའ་བོ། །སྨྲེ་ངག་མ་འདོན་ཀུན་དགའ་བོ། །ང་ནི་ཕྱི་མའི་དུས་ཀྱི་ཚེ། །དགེ་བའི་བཤེས་གཉེན་ཉིད་སྤྲུལ་ནས། །ཁྱོད་ལ་སོགས་པའི་དོན་བྱེད་འགྱུར། །ཞེས་གསུངས། སངས་རྒྱས་ཀྱི་མཛད་པ་འཕྲིན་ལས་དེ་བསམ་གྱིས་མི་ཁྱབ་པ་ཡིན་པས་སངས་རྒྱས་སྐུ་དངོས་ཀྱིས་འདུལ་དགོས་པའི་སེམས་ཅན་ལ་དུས་སུ་བབ་ཚེ། དབུ་ལ་གཙུག་དོར་ཞབས་ལ་འཁོར་ལོ་ལ་སོགས་པའི་མཚན་དཔེས་བརྒྱན་པའི་སངས་རྒྱས་སྤྲུལ་པའི་སྐུ་གཟུགས་སྐུ་དངོས་སུ་སྣང་སྟེ་དོན་མཛད། ཡང་ལམ་ཞུགས་འཕགས་པའི་གང་ཟག་ལ་པཎྜི་ཏའི་ཚུལ་བསྟན་དགོས་ཚེ། དེ་ལྟར་དུ་སྣང་ནས་བཀའི་བསྡུ་བ་མཛད་པ་དང་དགོངས་འགྲེལ་གྱི་བསྟན་བཅོས་བརྩམས་ནས་གདུལ་བྱའི་དོན་མཛད་པ་ཡིན་ལ། དེང་སང་སྙིགས་མའི་དུས་སུ་ལམ་སྟོན་དགེ་བའི་བཤེས་གཉེན་དུ་སྤྲུལ་ནས་འགྲོ་དོན་མཛད་བཞིན་ཡོད་པས། ངོ་བོའི་ཆ་ནས་སངས་རྒྱས་དང་མཛད་པ་མཉམ་ལ། རྣམ་པའི་ཆ་ནས་སངས་རྒྱས་དང་པཎྜི་ཏ་རྣམས་གཅིག་ཀྱང་མཇལ་མི་ཐུབ་པའི་གང་ཟག དུས་ཐ་མའི་སེམས་ཅན་ཤིན་ཏུ་ཉོན་མོངས་ཅན་ལ་ཕན་པ་ལྷུར་མཛད་པའི་ཆ་ནས་སྙིགས་མའི་སེམས་ཅན་རང་ཉིད་ལ་བཀའ་དྲིན་ཆེ་བའི་ངོས་ནས་སངས་རྒྱས་ལས་ཀྱང་ལྷག་པ་ཡིན་པས། ཡོན་ཏན་སངས་རྒྱས་ཀུན་དང་མཉམ་ན་ཡང་། །བཀའ་དྲིན་སངས་རྒྱས་སྟོང་ལས་ལྷག་པའི་མགོན། །ཞེས་དེའི་ཕྱིར་གསུངས་ནི་རེད། ཁྱད་པར་དུ་གསང་སྔགས་སྟོན་པའི་བླ་མའི་མཚན་ཉིད་དེ་ཅི་འདྲ་ཞིག་ཚང་དགོས་ཞེ་ན། བཱི་མ་ལའི་དགོངས་པ་ལྟར་དུ་བྱས་ན། དཀྱིལ་འཁོར་ཕྱི་ནང་གི་དབང་ཐོབ་པ། སྡོམ་དམ་ཚིག་རྣམ་པར་དག་པ། རྒྱུད་སྡེ་ཕྱི་ནང་སོ་སོའི་དོན་ལ་མཁས་པ། བསྙེན་སྒྲུབ་ལས་སྦྱོར་དང་བཅས་པའི་དོན་ལ་སྦྱང་བ་ཅན། རྟོགས་པའི་ཐད་ནས་ལྟ་བ་མ་རྨོངས་པ། ཉམས་མྱོང་གི་ཐོག་ནས་སྒོམ་པ་ལ་གོམ་འདྲིས་ཅན། སྤྱོད་པའི་ཐད་ནས་སྣ་ཚོགས་སྤྱོད་པ་གཞན་ཕན་དང་འབྲེལ་བ་སྙིང་རྗེས་གདུལ་བྱ་འདྲེན་པ་སྟེ། དེ་ལྟ་བུའི་ཡོན་ཏན་བརྒྱད་ལྡན་ཞིག་ཡིན་དགོས་པར་གསུངས་པ་དང་། དེའི་སྟེང་དུ་བརྒྱུད་པའི་བྱིན་རླབས་ཆེ་བ་དང་སྐྱོ་ཤས་ཆེ་ཞིང་བྱ་བ་ཉུང་བ་ཀུན་མཁྱེན་ཆེན་པོའི་ཐུན་མིན་གྱི་རང་ལུགས་ཡིན་པས། བརྒྱུད་པ་ལ་སེལ་ཡོད་ན་སྔགས་ཀྱི་དངོས་གྲུབ་དེ་དམ་ཚིག་གཅིག་པུ་ལས་འབྱུང་བ་ཡིན་ཕྱིར་བྱིན་རླབས་འབྱུང་མི་ཐུབ་པ་དང་། བླ་མ་ཁོང་རང་གིས་ནན་ཏན་ཆོས་ལ་མ་བྱས་ན། འདི་ལྟར་དགོས་སྲོལ་ཡོད་ཅེས་པས་ཡང་མི་ཕན། བླ་མ་རང་ཉིད་ཀྱང་ཞལ་ནས་གསུང་པ་ལྟར་གྱི་ཆོས་བཞིན་བྱེད་པ་ཞིག་ཡིན་ན་རྟོགས་པས་བདག་རྒྱུད་གྲོལ་བའི་རྟགས་སུ་བྱ་བ་ཉུང་བ་ཡིན་ཏེ། ཆོས་བརྒྱད་ལ་རྒྱབ་ཀྱིས་ཕྱོགས་པ་ཡིན་དུས་བྱ་བ་མི་ཉུང་བའི་ཐབས་མེད། ཐུགས་རྗེས་གཞན་སྨིན་ཐུབ་པའི་རྟགས་སུ་སྙིང་རྗེ་ཆེན་པོ་ལྡན་པས་གཞན་དོན་ལ་སྐྱོ་ངལ་མེད་པ་དེ་ལྟ་བུ་ཞིག་ལ་དགེ་བའི་བཤེས་གཉེན་ཟེར་བ་ཡིན་པས། དེ་ལས་ལྡོག་པ་ཡིན་ན་བསྟེན་བྱ་མ་ཡིན་པའི་མཚན་ཉིད་ཚང་བ་ཡིན་པས་དེ་ཅི་ལྟ་བུ་ཞེ་ན། ཡང་ཀུན་མཁྱེན་འཇིགས་གླིང་གིས། བྲམ་ཟེ་བཞིན་དུ་ཆོ་རིགས་བསྲུང་བའམ། །བསྟི་གནས་ཉམས་པར་དོགས་པའི་རྫིང་བུ་རུ། །ཐོས་བསམ་འབྲས་བུ་གནས་མིན་ཁྲུས་ལ་ཞུགས། །ཤིང་གི་རང་འཐག་ལྟ་བུའི་ལམ་སྟོན་དང་། །ཞེས་གསུངས་ཏེ། བྲམ་ཟེ་བཞིན་དུ་ཆོ་རིགས་བསྲུང་བ་གསུང་དུས། བྲམ་ཟེ་ནི་ཁོ་རང་གི་རིགས་ཁོ་ན་གཙོ་བོར་བཟུང་ནས་རིགས་ཉམས་མི་བཅུག་པར་རིགས་མི་ཉམས་པའི་བྱ་བ་དེ་ཁོ་རང་གི་ལས་ཀྱི་གཙོ་བོར་འཛིན་མཁན་ཞིག་ཡིན་པ་དེ་བཞིན་དུ་བླ་མ་ཞིག་གི་མིང་དང་བླ་མ་ཞིག་གི་ཚུགས་འཛིན་རྒྱུ་གཙོ་བོ་མ་གཏོགས་སློབ་མའི་རྒྱུད་འདུལ་རྒྱུ་དང་དམ་པའི་ཆོས་འཛིན་རྒྱུ་ལ་བསམ་བློ་མི་གཏོང་བར། བསྟི་གནས་ཉམས་པར་དོགས་པའི་རྫིང་བུ་རུ། །ཐོས་བསམ་འབྲས་བུ་གནས་མིན་ཁྲུས་ལ་ཞུགས། །ཞེས་པས་དགོན་པ་དང་གདན་ས་བླ་བྲང་དང་ནང་ཆེན། དེ་ཚོ་མི་ཉམས་པའི་ཆེད་དུ་ཐོས་བསམ་ཅུང་ཟད་ཅིག་བྱས་པའི་འབྲས་བུ་འཇིག་རྟེན་ཁེངས་དྲེགས་ཀྱི་ཕྱོགས་སུ་ཤོར་ཞིང་། ཁ་ནས་ཟབ་དང་རྒྱ་ཆེའི་ཆོས་བཤད་ཀྱང་དོན་དུ། ཚོང་སོ་ནམ་དགྲ་འདུལ་གཉེན་སྐྱོང་སོགས་སྲིད་པའི་ཕུན་ཚོགས་འབའ་ཞིག་གི་དོན་ལ་ཞུགས་ནས་ཁྱིམ་པ་ཐ་མལ་པ་ཞིག་གི་བྱ་བ་ལྟར་བྱེད་རྒྱུ་དེ་སྒྲ་དང་དོན་འཛོལ་བ་ཤིང་གི་རང་འཐག་ནི་མཆིག་ལ་གོ་སྟེ། ཤིང་གི་མཆིག་གིས་ནས་མ་ཆོད་པ་ལྟར་སློབ་མའི་རྒྱུད་ལ་ཕན་ཐོགས་མེད་པ་ཡིན་པས་དེ་ལྟ་བུ་བསྟེན་མི་ཉན་པར་གསུངས། དེ་ལ་ཡང་ཞིབ་ཏུ་མ་བརྟགས་ན་ནོར་ས་མང་སྟེ། སྔོན་གྱི་སྦྱིན་འབྲས་ཀྱིས། ནོར་ལོངས་སྤྱོད་འཛོམ་པ། འཁོར་སློབ་མ་འདུ་བ། བླུན་པོ་མང་པོས་མ་བརྟགས་གྲགས་པའི་རྗེས་སུ་འབྲང་ནས་བཀྱག་པ། ཟོག་པོས་ཟོག་པོ་བཀྱག་པས་ཆོས་མཐུན་དམ་པའི་ལྷ་གྲལ་མགོ་རྔ་བསྒྱུར་བ་མང་ཡང་། རྒྱུ་མཚན་ཤེས་པ་འགའ་རེས་དེའི་གནས་ལུགས་མཁྱེན་ན་ཡང་སྨྲ་བ་མང་པོ་མ་མཛད་པས་ངན་ལང་གིས་རང་རྒྱུད་མ་རུང་པར་གྱུར་ནས་ང་ནི་དེ་དང་དེ་ལྟ་བུ་ཡིན་བསམ་པས། ང་རྒྱལ་ཇེ་ཆེ་རུ་སོང་བ། མངོན་པའི་ང་རྒྱལ་ཅན་ཁྲོན་པའི་སྦལ་བ་ལྟ་བུ་དང་ཡང་ཐུག་རྒྱུ་ཡོད། ཡང་འགའ་རེ་ཐོས་ཆུང་སྡོམ་དང་དམ་ཚིག་འཆལ་བ། རྒྱུད་ཚོད་དམའ་བས་ནང་རྟོགས་ཀྱི་ཡོན་ཏན་མེད་ཀྱང་ཀུན་སྤྱོད་མཐོན་པོ་སྤངས་རྟོགས་ཀྱི་ཡོན་ཏན་ཡོད་པའི་སྟངས་ཀ་བྱེད་པ་བྱམས་སྙིང་རྗེ་སོགས་གཞན་དོན་བྱེད་སྤྱད་ཀྱི་དཔྱང་ཐག་ཆད་པ་དེ་འདྲའི་སྨྱོན་པའི་ལམ་མཁན་ལ་ཡང་ཐུག་རྒྱུ་ཡོད་པས། དེ་འདྲ་དང་ཐུག་ན་ལམ་མིན་ངན་འགྲོའི་གནས་སུ་ཁྲིད་འགྲོ་བ་དེ་བས་ཇི་ལྟར་སྡུག་ཀྱང་རང་བས་ལྷག་པའི་ཡོན་ཏན་ཅན་ཞིག་མིན་ན་བསྟེན་མི་ཉན་པར་གསུངས། གཞན་གྱི་གྲགས་པའི་རྗེས་སུ་ཞུགས་ཏེ་བླ་མ་བསྟེན་ཉེས་བྱས་ན་དཔེར་ན། ཤིང་གི་གྲིབ་མའི་བསིལ་གྲིབ་ཏུ་འདུག་དགོས་བསམ་ནས་དུག་སྦྲུལ་འཁྱིལ་བའི་ཤིང་དྲུང་དུ་བསྡད་པ་ལྟར་ལེགས་ཉེས་ཆེན་པོ་ཡིན་པར་མཛའ་བཤེས་ཀྱི་ཚོམ་ལས། དམན་པ་བསྟེན་པས་མི་རྣམས་ཉམས་འགྱུར་ཞིང་། །ཐད་ཀར་བབ་པ་བསྟེན་པས་སོ་ན་གནས། །གཙོ་བོ་བསྟེན་པས་དམ་པ་ཐོབ་འགྱུར་བ། །དེ་ཕྱིར་བདག་ལས་གཙོར་གྱུར་བསྟེན་པར་བྱ། །ཞེས་གསུངས་པས། དཔེར་ན་སློབ་མ་ཚོགས་ལམ་པ་ཞིག་ཡིན་ན། བླ་མ་སྦྱོར་ལམ་པ་ཞིག་བསྟེན་པ་དང་། སློབ་མ་སྦྱོར་ལམ་པ་ཞིག་ཡིན་ན་བླ་མ་མཐོང་ལམ་པ་ཞིག་དང་། སློབ་མ་མཐོང་ལམ་དུ་ཁྲིད་པ་ལ་བླ་མ་སྒོམ་ལམ་ལ་གནས་པ་ཞིག་ཡིན་ཅིག་མིན་ཅིག་ཡིན་དགོས། སློབ་མ་སྒོམ་ལམ་པ་ལ་བླ་མ་ཐམས་ཅད་མཁྱེན་པ་ཞིག་ཡིན་དགོས་ཞེས་གསུངས་ཡོད་པས། ང་ཚོ་ལས་དང་པོ་པའི་གང་ཟག་ཞིག་ཡང་དག་པའི་ལམ་ལ་ཁྲིད་པ་ལ་བླ་མ་ས་ཐོབ་ཀྱི་སེམས་དཔའ་མིན་རུང་ཐེག་ཆེན་ཚོགས་ལམ་ལ་ཞུགས་པ་ཞིག་མིན་ན་གོང་གི་ནོར་ས་དེ་དག་ནོར་དོགས་ཆེ་ནི་རེད། དེ་ལྟ་བུའི་ནོར་བ་སྤངས་ཏེ་ཡང་དག་པའི་སྐྱེས་བུ་དུས་སྙིགས་མའི་སྐབས་འདིར་རྙེད་རྒྱུ་དེ་ནི་ཚེ་གཅིག་དུས་གཏན་དུ་འཚེངས་བྱེད་ཀྱི་རྙེད་པ་ཆེན་པོ་ཡིན་ཏེ། མཐའ་དག་ཡོན་ཏན་འབྱོར་བའི་བླ་མ་ནི། །སངས་རྒྱས་ཀུན་གྱི་ཐུགས་རྗེ་ཡེ་ཤེས་ཁམས། །གདུལ་བྱའི་ཡིད་ལ་སྐྱེས་བུའི་གཟུགས་ཀྱིས་བྱོན། །དངོས་གྲུབ་ཀུན་གྱི་རྩ་བ་བླ་ན་མེད། །ཅེས་གསུངས། དེ་ཡང་ལུང་དང་རྟོགས་པའི་ཡོན་ཏན་གྱིས་ཐུགས་རྒྱུད་ཕྱུག་པའི་བླ་མ་དེ་སློབ་མའི་རྒྱུད་གྲོལ་བར་བྱེད་པའི་ཐབས་ལ་མཁས་པ་ཡིན་པས། སངས་རྒྱས་ཐམས་ཅད་འདུས་པའི་སྤྱི་གཟུགས་སྙིགས་མའི་དུས་འདིར་སངས་རྒྱས་མི་གཟུགས་སུ་བྱོན་ནས་མཐུན་པས་མཐུན་པ་འདུལ་བའི་ཆེད་དུ་བྱོན་པར་གོར་མ་ཆག་པས། བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་ཆེན་ལ་ཐུགས་གཞོལ། ཚད་མེད་བཞིས་ཐུགས་རྒྱུད་ཡོངས་སུ་དག་པའི་སྐྱེས་བུ་དེ་འདྲ་ལ་ཕར་གནོད་པ་བྱས་ཀྱང་སེམས་ཅན་གྱི་མཚན་ཉིད་གཟིགས་ནས། ཁྲོ་བ་སྤངས་ཏེ་བྱམས་པའི་རྒྱན་བཞེས་པས་གང་བྱས་ཀྱང་བདེ་བར་འབྲེལ་བ་སྟེ། གང་ལ་གནོད་པ་བྱས་ཀྱང་བདེར་འབྲེལ་བ། །བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི། །ཞེས་རྒྱལ་སྲས་ཞི་བ་ལྷས་བསྔགས་པ་བརྗོད་ནས་གསུངས་པ་ལྟར་ཡིན་པས། སུ་དང་འབྲེལ་ཡང་གནས་སྐབས་དང་མཐར་ཐུག་གི་ཕན་པའི་ཡོན་ཏན་ཆར་བཞིན་དུ་འབེབ་པ་དེ་ལྟ་བུ་ཡིན་པས་དང་པོ་བླ་མ་བརྟགས་ལ་མཁས་པ་དེ་ལྟར་ཡིན་ལ།

བར་དུ་བླ་མ་བསྟེན་པ།

བར་དུ་བླ་མ་བསྟེན་ཚུལ་ཅི་ལྟར་དགོས་ཞེ་ན། གོང་ནས་བཤད་པའི་ཡོན་ཏན་ཀུན་ལྡན་གྱི་བླ་མ་དེ་རྙེད་ནས་བསྟེན་པར་བྱེད་པའི་སྐབས། སངས་རྒྱས་ཀུན་འདུས་ཀྱི་འདུ་ཤེས་བསྐྱེད་དེ་སྒོ་གསུམ་གུས་པ་ཆེན་པོས་ཚ་གྲང་བཀྲེས་སྐོམ་ལ་སོགས་པ་དཀའ་བ་ཁྱད་དུ་བསད་ནས། རང་ཉིད་ཀྱི་ལུས་སྲོག་ལ་ཡང་མི་ལྟ་བར་བླ་མའི་བཀའ་བཞིན་དུ་བསྒྲུབ་དགོས་ནི་རེད། བླ་མའི་ཐུགས་ལ་མི་མཉེས་པའི་བྱ་བ་ཅུང་ཟད་ཙམ་ཡང་མི་བསྒྲུབ་པའི་སྟེང་ཡིད་ཆེས་ངེས་ཤེས་ཀྱི་དད་མོས་དྲག་པོས་སྐྱོ་ངལ་མེད་པར་བསྟེན་དགོས་ཏེ། ནད་པས་སྨན་པ་མགྲོན་པོས་སྐྱེལ་མ་དང་། །འཇིགས་པས་ར་མདའ་ཚོང་བས་དེད་དཔོན་དང་། །གྲུ་བས་མཉན་པ་བཞིན་དུ་སྐྱེ་ཤི་དང་། །ཉོན་མོངས་དགྲ་ཡིས་འཇིགས་པས་བསྟེན་པར་བྱ། །ཞེས་གསུངས་ཏེ། དེ་ཡང་ནད་པས་སྨན་པ་བཞིན་དུ་བསྟེན་ལུགས། མདོ་སྡོང་པོ་བཀོད་པ་ལས་གསུངས་ཏེ། རིགས་ཀྱི་བུ་ཁྱོད་ཀྱིས་བདག་ཉིད་ལ་ནད་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཆོས་ལ་སྨན་གྱི་འདུ་ཤེས་བསྐྱེད་པར་བྱའོ། །ནན་ཏན་ཉམས་སུ་ལེན་པ་ལ་ནད་ཉེ་བར་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་སྨན་པ་མཁས་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་གསུངས་པ་དང་དེ་བཞིན་དུ་མགྲོན་པོས་རང་མགོ་ཐོན་ཆེད་སྐྱེལ་མ་བསྟེན་རྒྱུ་དང་། རྒྱ་མཚོའི་ནོར་བུ་ལོན་པའི་ཆེད་དུ་ཚོང་བས་དེད་དཔོན་མཁས་པ་བསྟེན་རྒྱུ་ལྟ་བུ་དང་། ཉོན་མོངས་པའི་དགྲ་བོས་སྐྱེ་ཤིའི་ཕྲང་ལ་གཅུར་ནས་ངན་སོང་གི་སྡུག་བསྔལ་ལས་སྐྱོབ་པའི་ཆེད་དུ་བསམ་ནས་དགེ་བའི་བཤེས་གཉེན་དེ་ལྟར་དུ་བསྟེན་དགོས་པ་ཡིན། བསྟེན་ལུགས་དེ་ཡང་སློབ་མ་ཐ་ཆད་དེ་འདྲས་བླ་སློབ་གཉིས་ཀ་བསླད་པ་དེ་འདྲ་ཡང་ཡོད། ཁྱད་པར་དུ་བླ་མས་སློབ་མ་བརྟགས་པའི་གནས་སྐབས་ན་མི་གཞི་བཟང་པོ་ཡིན་པ་གལ་ཤིན་ཏུ་ཆེ་བར་གསུངས་ཏེ། མི་གཞི་ངན་པའི་ཟོལ་སྦྱོར་ཐ་གུའི་ལྕེས། །བླ་མ་སྤོས་ཀྱི་གླང་པོ་ལྟར་བསྟེན་ནས། །དམ་ཆོས་གླ་རྩིའི་རྙེད་པ་ཐོབ་ནས་སླར། །རྔོན་ལ་ཡང་དག་སྤྲོ་བས་དམ་ཚིག་འཕེན། །ཞེས་པ་དེ་འདྲ་ཡང་ཡོད་པས། གང་ཟག་འགའ་རེ་བློ་སྣ་མང་པོ། དྲན་རྒྱུ་ཆེན་པོ་ཅན་ཡོད་དེ་ཐམས་ཅད་ཐོས་དགོས་སྣང་ཤར་ཡང་ཐོས་པའི་དོན་ལ་ཉམས་ལེན་གཅིག་ཀྱང་མི་བྱེད་པར་ཡིག་སྣ་མང་པོ་བསགས་འདུག་མཁན། ཡང་འགའ་རེ་ཨ་གསར་ཅན་ཆོས་དང་ཆོས་མིན་གྱི་དབྱེ་བ་ངོ་མ་མི་ཤེས་པས་སྐྱོ་སུན་སླ་བ་དེ་ཚོས་ངས་བླ་མ་ཆེ་གེ་མོ་ལྟ་བུ་བསྟེན། སྒྲུབ་པ་འདི་དང་འདི་ལྟར་བྱས་ཀྱང་བྱིན་རླབས་སྣ་གཅིག་ཀྱང་མ་བྱུང་ཞེས་ཆོས་དང་བཅས་པར་ཡི་ཆད་འབྱིན། དེ་ཡང་ཡིད་གཉིས་དང་བཅས་པའི་གདམས་པས་ཕན་མི་ཐོག་ལ་སྔར་ཡོད་ཀྱི་བྱིན་རླབས་ཡང་ཉམས་འགྲོ། སྤྱིར་ན་དད་པས་འཇུག་པ་ཞིག་དང་། འདོད་པས་འཇུག་པ་ཞིག ལུང་མ་བསྟན་པས་འཇུག་པ་དང་བཅས་གསུམ་ཡོད་ལ། དེའི་ནང་ནས་དད་པས་འཇུག་པ་ཞེས་པ་བླ་མ་དང་དམ་པའི་ཆོས་གཉིས་ཀ་རྟེན་དང་བརྟེན་པའི་རང་བཞིན་དུ་ཤེས་ནས་ངེས་འབྱུང་དང་བཅས་པའི་དད་པའི་ཀུན་སློང་གིས་ཐོས་བསམ་སྒོམ་གསུམ་གཤའ་མ་ཞིག་བྱེད་དེ་དེ་ལྟ་བུ་དེས་འཕྲལ་ཕུགས་གཉིས་ཀར་རང་གཞན་གཉིས་ཀ་ལ་ཕན་ཐོགས་པ་ཡིན། འདོད་པས་འཇུག་པ་དེས་ཚེ་འདིའི་བདེ་སྐྱིད་སྙན་གསུམ་གྱི་དོན་ལ་ཆགས་སྡང་ངན་པས་ཀུན་ནས་བསླངས་ཏེ་རེ་ཞིག་ཆོས་དང་བླ་མར་བསྟེན་ཁུལ་བྱས་ཀྱང་། འཁོར་བ་ལས་གྲོལ་བྱེད་ཀྱི་བསམ་སྒོམ་གྱི་ཕྱོགས་ལ་སེམས་མི་འགྲོ་བར་དབང་དང་ལུང་དེ་ཚོ་ཡང་དེ་ལ་བརྟེན་ནས་རྙེད་པ་འཚོལ་བྱེད་བྱས། བླ་མ་མི་བསམ་བླ་མའི་ཡོན་བདག་བསམ། ལས་སྣ་ཕྲིན་ལས་ཞིག་ལ་ལག་ལེན་བྱས་ཀྱང་། གཞན་ཕན་གྱི་བསམ་པ་མེད་པས་ཉོན་མོངས་ཀྱི་ཀུན་སློང་ཅན་ཐོས་བསམ་དུག་ཅན་བྱེད་པ་དེ་འདྲ་ཡང་ཡོད་པར་མ་ཟད། བསྐྱེད་རྫོགས་ལ་དང་བ་དང་དཀོན་མཆོག་ལ་དད་པ་སྙིང་ནས་མི་བྱེད་པར། མཆོད་ཆ་དང་ཡོ་བྱད་འཕྱོར་ཆས་སོགས་རྫིག་རྔམ་བྱེད་པའི་དོན་ཅན་དེ་འདྲ་དེ་རང་གཞན་གཉིས་ཀ་བསླུ་བའི་འདོད་པ་ཅན་ཡིན་ཞེས་གསུངས། ཡང་ལུང་མ་བསྟན་གྱི་འཇུག་པ་ཚོ་གཅིག་ཡོད་པ་ནི། གོང་གི་དེ་གཉིས་ཀ་མ་ཡིན་པའི་བླུན་པོ་གཟུ་ལུམ་ཅན་ལུང་མ་བསྟན་ནི། སྤྲེའུའི་མཉམ་བཞག་དང་ནེ་ཙོའི་རིགས་སྔགས་ལྟ་བུ་དམིགས་ཡུལ་དེ་དང་འདི་ཞེས་ངེས་བཟུང་མེད་པ། མི་རྗེས་ཁྱིས་འདེད་པ་ལྟར་རང་ཀར་ཐམས་ཅད་དང་མཉམ་དུ་བསྡད་པ་གཤིས་ངན་པ་དམ་ཚིག་དང་སྡོམ་པ་ཞེས་པའི་ཉེར་ལེན་ཙམ་ཡང་མེད་པའི་ཁྱི་སྡོམ་བྱེས་ལམ་ལ་འཁྱམས་པ་ལྟ་བུ་ཡིན་ནོ། །དེའི་ཕྱིར་དེ་གསུམ་ལས་དད་པས་འཇུག་པ་བྱས་ནས། དད་པ་དང་ཤེས་རབ། ཐོས་པ་དང་སྙིང་རྗེ་རྣམས་ཡོད་པ་སྡོམ་དང་དམ་ཚིག་ལ་གུས་པ། སྒོ་གསུམ་དུལ་ཞིང་ཁོང་ཡང་གཏོང་ཕོད་ཁྲེལ་ཡོད་དག་སྣང་དང་ལྡན་པས་བླ་མ་བསྟེན་དགོས་པ་ཡིན་ཏེ། མདོ་སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་ཁྱོད་ཀྱིས་དགེ་བའི་བཤེས་གཉེན་ལ་ཁུར་ཐམས་ཅད་ཀྱིས་མི་སྐྱོ་བ་ས་ལྟ་བུ་དང་། གནོད་པ་ཐམས་ཅད་ཀྱིས་མི་ཕྱེད་པ་རྡོ་རྗེ་ལྟ་བུ། བླ་མའི་ཞལ་མི་བཅག་པ་སློབ་མ་ལྟ་བུ། ཅི་གསུང་ཉན་པ་བྲན་གཡོག་ལྟ་བུ། དྲེག་པ་དང་ང་རྒྱལ་མེད་པ་ཁྱུ་མཆོག་ར་ཆད་པ་ལྟ་བུ་ལ་སོགས་པ་དགོས་པར་གསུངས་ཡོད་པས། མཆོད་པ་ཕུལ་ནས་ཚོགས་བསགས་པའི་ཞིང་དམ་པ་ཡོན་གནས་ཀྱི་ནང་ནས་ཕུལ་དང་རབ་ཏུ་གྱུར་པ་བླ་མ་ཡིན། དེ་ཡིན་པ་ཅིའི་ཕྱིར་ཞེ་ན། བླ་མ་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོའམ་དཀོན་མཆོག་བཞི་པ་ཡིན་པར། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་མ་ཡང་ནི་བཞི་པ་ཡིན། །ཞེས་སངས་རྒྱས་མཉམ་སྦྱོར་ལས་གསུངས་ཡང་བླ་མ་དཀྱིལ་འཁོར་ཐམས་ཅད་ཀྱི་ངོ་བོ་ཡིན་ཏེ་གུ་རུ་རིན་པོ་ཆེས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །བླ་མ་དཔལ་ཆེན་ཧེ་རུ་ཀ །ཞེས་གསུངས། དེ་དག་གི་གོ་དོན་ཅི་ལྟར་ཡིན་ཞེ་ན། སངས་རྒྱས་ཀྱི་རང་བཞིན་འགྱུར་བ་མེད་པ་སྟེ་རྣམ་ཀུན་མཆོག་ལྡན་གྱི་ཆོས་སྐུ་ཡིན་པ་དེ་བླ་མ་ལ་མ་བརྟེན་པར་ཐོབ་ཐབས་མེད་པ་དེས་ན། འབྱོར་བ་ཡོད་ན་དཀོན་མཆོག་བཞི་པ་མཆོད། །ཞབས་ཏོག་སྲི་ཞུ་ལུས་ངག་བཀོད་པའི་ལས། །མཐའ་དག་ནམ་ཡང་ཆུད་ཟོས་གྱུར་པ་མེད། །མཉེས་པ་གསུམ་གྱི་ནང་ནས་བསྒྲུབ་པ་མཆོག །ཅེས་པས་ཐོག་མར་ཟང་ཟིང་གིས་མཉེས་པར་བྱེད་དགོས་ཏེ། དེ་བཞིན་གཤེགས་པས་གཅུང་དགའ་བོ་ལ་རྒྱལ་པོ་ཀྲི་ཀྲིའི་བུ་རུ་གྱུར་སྐབས་སངས་རྒྱས་འོད་སྲུང་ལ་བྱུག་པའི་རྫས་ཀྱིས་བསྙེན་བཀུར་བྱས་པས་པགས་པ་གསེར་མདོག་ཏུ་གྱུར་པ་དང་། ཡང་དེའི་སྐུ་གདུང་ལ་གདུགས་འདོགས་སྐབས་གདུགས་འདོགས་པའི་ལས་ཀའི་རྩོལ་བར་ཞུགས་པས་འཁོར་ལོས་སྒྱུར་བའི་རྒྱལ་པོའི་མཚན་རྫོགས་པ་ཡིན་པར་གསུངས་ན། སློབ་མ་ཚོགས་བསགས་ཅན་གྱི་ངོ་ཁ་ལ་དགེ་བའི་བཤེས་གཉེན་གྱི་ཚུལ་དུ་བྱོན་པའི་སངས་རྒྱས་ལ་བསྙེན་བཀུར་བྱས་པའི་བསོད་ནམས་དེས་ཡེ་ཤེས་ཀྱི་ཚོགས་རྫོགས་པའི་རྒྱུ་རུ་འགྱུར་བ་ལས་ཆུད་ཟ་བ་མེད་དོ། །བར་དུ་ལུས་ངག་གི་བྱ་བས་ཞབས་ཏོག་གིས་མཉེས་པ་བསྒྲུབ་དགོས་ཏེ། སྙིང་པོ་མེད་པའི་ལུས་འདིའི་སྟེང་ནས་སྙིང་པོ་ཅན་གྱི་བསོད་ནམས་ལེན་དགོས་ན། བླ་མ་ལ་ལུས་ངག་གི་ཞབས་ཏོག་བསྒྲུབ་དགོས་པ་ཡིན། དེ་ཡང་ཕྱགས་བདར་ཕོ་ཉ་མངགས་གཞུག་ལ་སོགས་པ་བྱེད་དགོས་ཏེ། བླ་མ་སྐྱེལ་བསུ་ལ་སོགས་པས་མཚན་དང་དཔེ་བྱད་ཐོབ་པར་གསུངས། གལ་ཏེ་ལུས་པོས་མ་ནུས་ན་ཡང་ལུས་བླ་མ་ལ་ཕུལ་ཚར་བ་ཡིན་བསམ་སྟེ། བདག་ཉིད་ལ་མི་དབང་བའི་འདུ་ཤེས་ཀྱི་ཐོག་ནས་རིན་གྱིས་བསླུ་བ་དང་། མིན་ཡང་གནང་བ་རེ་ཞུ་དགོས་པ་ཡིན་ཏེ། བླ་མ་ལྔ་བཅུ་པ་ལས། མ་ནུས་པ་ལ་ཚིག་གིས་ཀྱང་། །ཞེས་གསུངས་པས་སོ། །དེ་ལྟ་བུའི་ཞབས་ཏོག་རྣམ་པ་གཉིས་ལ་བརྟེན་ནས་ཐུགས་བཟུང་སྟེ་བླ་མས་གསུང་པའི་ཟབ་དང་རྒྱ་ཆེའི་དོན་ཁོང་དུ་ཆུད་པར་བྱ་དགོས། མཐར་སྒྲུབ་པའི་མཆོད་པ་འབའ་ཞིག་གིས་མཉེས་པར་བྱེད་དགོས་ཏེ། དབེན་པའི་གནས་དམ་པས་བསྔགས་པའི་གདན་ས་བླ་མས་བཀའ་ཁྲོལ་ས་ཞིག་ཏུ་སོང་སྟེ། བླ་མས་གསུང་པའི་མན་ངག་བསྒོམ་སྟེ་བསྒྲུབ་ཚུགས་འཛིན་པ་དེ་མཆོག་ཏུ་གྱུར་པའི་ཞབས་ཏོག་ཡིན། དེ་ཡང་རྟ་གྱི་ལིང་སྒྲོག་གིས་བཅིང་པ་དེ་བཤིག་ན་ཐོགས་མེད་བདེ་བླག་གིས་བགྲོད་ཐུབ་པ་ལྟར། སེམས་ཀྱི་ཅང་ཤེས་ད་སྔོན་རྨོངས་པས་འཆིང་བ་དེ། བླ་མའི་མན་ངག་གིས་བཅིང་བ་བཤིག་སྟེ་རྣམ་གྲོལ་གྱི་སྒོ་བསྟན་ནས་ཕྱེ་བས། ཤེས་རྒྱུད་གྲོལ་ཏེ་ཐོགས་མེད་དུ་འགྲོ་བ་དེ་སྒྲུབ་པའི་མཆོད་པ་ཡིན་ལ། བླ་མའི་གདུང་འཛིན་པའི་མཉེས་པ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་དེ་ཡིན་ནོ།།

ཐ་མ་དགོངས་སྤྱོད་བསླབ་ཚུལ།

དེ་ཡན་གྱིས་བླ་མ་བསྟེན་ཚུལ་བཤད་ནས་ཐ་མ་དགོངས་སྤྱོད་བསླབ་ཚུལ་བཤད་པ་ནི། དེ་ཡང་དགོངས་སྤྱོད་ཅི་ལྟར་བསླབ་དགོས་ཞེ་ན། རྫིང་བུ་མཆོག་ལ་བརྟེན་པའི་ངང་པ་དང་། བུང་བས་མེ་ཏོག་བཅུད་ལ་རོ་མྱོང་བཞིན། །རྟག་ཏུ་འགྲོགས་པའི་སྤྱོད་པ་ངོ་མཚར་ཅན། །སྐྱོ་ངལ་མེད་པས་བླ་མའི་ཐུགས་བཟུང་ནས། །དད་པའི་ཉེ་བར་ལེན་པས་ཡོན་ཏན་བླངས། །ཞེས་གསུངས་པ་ལྟར། བླ་མ་དམ་པ་དེའི་ཐུགས་རྒྱུད་ན་བཞུགས་པའི་ཡོན་ཏན་དེ་བུམ་པ་ཚད་ལྡན་གཅིག་གི་ནང་ནས་ཚད་ལྡན་གཞན་གྱི་ནང་དུ་བཅུད་བླུག་ནས་བཤོས་པ་བཞིན་དུ་རང་རྒྱུད་ལ་འདྲེན་པ་ཞིག་བྱེད་དགོས། དེ་ཡང་གནས་ལུགས་བསྒོམ་ནི་ཡིན་ཞེས་ཟབ་མོ་ཞིག་ལོགས་ཤིག་ཏུ་བཙལ་ནས་ཨེ་རྙེད་བལྟས་ཏེ་ཡིག་ཉོབ་འཚོལ་བ་ལས། བླ་མའི་ཐུགས་རྒྱུད་ཀྱི་ཡོན་ཏན་རང་རྒྱུད་ལ་འཕོ་ཐབས་ཀྱི་མོས་གུས་དང་གསོལ་འདེབས་ལ་འབད་དགོས། སློབ་མས་བླ་མ་བསྟེན་པ་དེ་སཙྪ་བསྐོས་ཕོར་ནས་བཏོན་པ་ལྟར། བསྐོས་ཕོར་ནང་ན་རི་མོ་ཅི་ཡོད་དེ་སཙྪའི་ངོ་ལ་དོད་ཡོད་པ་ལྟ་བུའི་བླ་མ་ཨ་ན་མ་ན་འདྲ་ཞིག་མ་རེད་ན་ཡང་། སྣམ་བུ་ཚོས་ནང་དུ་འཕངས་པ་འདྲ་བར་སྔར་གྱི་སྐྱ་ཡུག་དེ་ཚོན་མདོག་འདི་རེད་ཅེས་ཟེར་རྒྱུ་ཡོད་པ་ཞིག་སྟེ་ཇི་ལྟར་སྐྱོ་ཡང་འགྱུར་བ་ཅུང་ཟད་ཅིག་འགྲོ་ཐུབ་དགོས་སོ། །དེས་ན། དང་པོ་བླ་མ་བརྟགས་ལ་མཁས་པ་དང་། །བར་དུ་བླ་མ་བསྟེན་ལ་མཁས་པ་དང་། །ཐ་མར་དགོངས་སྤྱོད་བསླབ་ལ་མཁས་པ་ཡི། །སྐྱེས་བུ་དེ་ནི་ཡང་དག་ལམ་ལ་འགྲོ། །ཞེས་གསུངས་པ་ཡིན། ཁྱད་པར་དུ་སྔགས་ཀྱི་སྐབས་སུ་སྐྱབས་གནས་དཀོན་མཆོག་གསུམ་རྩ་བ་གསུམ་སོགས་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་བླ་མ་ཡིན་ནི་རེད། བླ་མ་དགེ་བའི་བཤེས་གཉེན་ནི་སྙིགས་མའི་དུས་ན་རང་དང་སྐལ་བ་མཉམ་པའི་གང་ཟག་མིའི་སྣང་ཚུལ་དུ་བྱོན་པའི་སངས་རྒྱས་ཡིན་ཏེ། དགོངས་པ་སངས་རྒྱས་སུ་བཞུགས་ཀྱང་། མཛད་སྤྱོད་མི་རང་རྒྱུད་པ་དང་བསྟུན་ནས་ཐབས་མཁས་ཀྱི་སྒོ་ནས་སྙིགས་མའི་གདུལ་བྱ་རང་རེ་འདྲ་བ་ངན་སོང་དང་འཁོར་བའི་སྡུག་བསྔལ་ལས་སྐྱོབས་མཁན་དུ་ཕེབས་པ་ཡིན་པས། དམ་པའི་ཆོས་ཀྱི་སྒོར་བཅུག ཡང་དག་པའི་བློ་མིག་ཕྱེ། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་མ་ནོར་བར་སྟོན་པའི་བཀའ་དྲིན་ཅན། སྟོང་གསུམ་གསེར་ཕྱེས་བཀང་སྟེ་གནང་བ་ལས་གཏན་བདེ་ཐར་བའི་ལམ་བསྟན་པ་འདིའི་བཀའ་དྲིན་ཆེ་བ་ཡིན། དེས་ན་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག དཔལ་ལྡན་བླ་མ་དམ་པ་དེ་ལ་དད་པ་རྣམ་གསུམ་གྱི་སྒོ་ནས་བསྟེན་ཏེ་དགོངས་སྤྱོད་ལོན་པའི་ཐབས་ལ་འབད་དགོས་པ་ཡིན། དེ་ཡིས་དང་པོ་བླ་མ་བརྟགས་ལུགས། བར་དུ་བླ་མ་བསྟེན་ལུགས། ཐ་མ་དགོངས་སྤྱོད་བསླབ་ལུགས་གསུམ་པོ་བསྟན་པ་ཡིན་ནོ།།

སློབ་མ་རང་ངོས་ནས་མི་མཐུན་པ་སྤོང་ཚུལ།

དེ་ནས་བཞི་པ་སློབ་མ་རང་ངོས་ནས་མི་མཐུན་པ་སྤོང་ཚུལ་དེ་བཤད་ན། རྩ་བར། ཆོས་ལམ་ཞུགས་ཀྱང་ཉེས་སྤྱོད་མི་སྡོམ་ཞིང་། །ཐེག་ཆེན་སྒོར་ཞུགས་གཞན་ཕན་སེམས་དང་བྲལ། །དབང་བཞི་ཐོབ་ཀྱང་བསྐྱེད་རྫོགས་མི་སྒོམ་པའི། །ལམ་གོལ་འདི་ལས་བླ་མས་བསྒྲལ་དུ་གསོལ། །ཞེས་པ་ལ་སོགས་པའི་གཞུང་གིས་དངོས་སུ་བསྟན་ཏེ། དེ་ཡང་ཆོས་ལམ་ཞུགས་ཀྱང་ཉེས་སྤྱོད་མི་སྡོམ་ཞིང་། །ཞེས་པས་སོ་ཐར་གྱི་སྡོམ་པ་འཆལ་བ་བསྟན་པ་ཡིན་ཏེ། དམ་ཆོས་འདུལ་བའི་ལམ་དུ་ཞུགས་ནས་སོ་ཐར་གྱི་སྡོམ་པ་བླངས་ཀྱང་། ཉེས་སྤྱོད་མི་སྡོམ་ཞེས་པས་འཁོར་བར་ཞེན་ལོག་གི་ངེས་འབྱུང་བཅོས་མིན་ཞིག་མེད་པའི་རྐྱེན་གྱིས། སྡོམ་པའི་མི་མཐུན་ཕྱོགས་ཉེས་པར་སྤྱོད་པ་ཕམ་ལྟུང་ལ་སོགས་པས་རྒྱུད་མ་རུང་བར་བྱས་པ་ལ་གཉེན་པོ་མི་སླེབ་པར་རང་རྒྱུད་མ་བསྡམ་པས་སྡོམ་པ་འཆལ་བ་དང་། ཐེག་ཆེན་སྒོར་ཞུགས་གཞན་ཕན་སེམས་དང་བྲལ། །ཞེས་པས་བྱང་སེམས་ཀྱི་བསླབ་བྱ་ཉམས་པ་བསྟན་ཏེ། དེ་ཡང་ཐེག་པ་ཆེན་པོའི་ལམ་གྱི་སྒོར་ཞུགས་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཀྱང་། ཚད་མེད་རྣམ་བཞིས་བློ་མ་སྦྱང་ཞིང་ཁྱད་པར་དུ་འགྲོ་ཀུན་ཕ་མར་ཤེས་པའི་སྙིང་རྗེ་ཞན་སོང་བའི་སྟབས་ཀྱིས། གཞན་ཕན་དོན་གཉེར་གྱི་བྱང་ཆུབ་སེམས་དང་བྲལ་བ་དེའི་སྟེང་དུ། དབང་བཞི་ཐོབ་ཀྱང་བསྐྱེད་རྫོགས་མི་སྒོམ་པའི། །ཞེས་པས། གསང་སྔགས་ཀྱི་སྡོམ་དམ་ཚིག་ལ་མི་གནས་པ་བསྟན་པ་ཡིན་ཏེ། གསང་སྔགས་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་གཉན་པོ་ལ་ཞུགས་ནས་སྨིན་པར་བྱེད་པའི་བུམ་གསང་ཤེར་དང་ཚིག་གི་དབང་སྟེ་དབང་བཞི་ཐོབ་ཀྱང་། གྲོལ་བྱེད་རིམ་གཉིས་ཀྱི་རྣལ་འབྱོར་ཐབས་བསྐྱེད་པའི་རིམ་པ་སྣང་སྲིད་རྣམ་དག་དག་སྣང་གི་རིམ་པ་དང་ནི། ཤེས་རབ་རྫོགས་པའི་རིམ་པ་སྤྲོས་བྲལ་རྣམ་པར་མི་རྟོག་པའི་དབྱིངས་དང་ཡེ་ཤེས་གཉིས་མེད་ཀྱི་རིམ་པ་མ་བསྒོམ་པས། སྐྱོན་ནི་ལོག་རྟོག་རང་རྒྱུད་ལ་ལྡན་པའི་ལམ་གོལ་འདི་ལས་བླ་མས་བསྒྲལ་དུ་གསོལ། །ཞེས་པས། ལམ་དམ་པ་བཟང་པོ་ལས་ཞུད་ནས་ངན་པ་དམན་པའི་ནང་དུ་ལྷུང་སྟེ། ལམ་གོལ་བའམ་ལམ་ཕྱིན་ཅི་ལོག་ཏུ་གྱུར་པ་འདི་ལྟ་བུའི་མི་མཐུན་ཕྱོགས་ཉེན་ཁ་ཅན་གྱི་གཡང་ས་འདི་ལས་བླ་མ་དམ་པའི་ཐུགས་རྗེས་མྱུར་དུ་བསྒྲལ་ནས་ཐར་བར་མཛད་དེ་ལམ་མཆོག་ལ་འགོད་པར་མཛད་དུ་གསོལ། ཞེས་གདུང་བས་འབོད་པའི་གསོལ་བ་འདེབས་པ་ཡིན་ནོ། །ཡང་ལྟ་བ་མ་རྟོགས་ཐོ་ཅོའི་སྤྱོད་པ་ཅན། །སྒོམ་པ་ཡེངས་ཀྱང་གོ་ཡུལ་འུད་གོག་འཐག །སྤྱོད་པ་ནོར་ཡང་རང་སྐྱོན་མི་སེམས་པའི། །ཆོས་དྲེད་འདི་ལས་བླ་མས་བསྒྲལ་དུ་གསོལ། །ཞེས་གསུངས་ཏེ། དེ་ཡང་ལྟ་བ་མ་རྟོགས་ཐོ་ཅོའི་སྤྱོད་པ་ཅན། །ཞེས་པ་ཆོས་ཐམས་ཅད་ཀྱི་གནས་ལུགས་དེ། འོད་གསལ་འདུས་མ་བྱས་པ་ཡེ་ཇི་བཞིན་པའི་ལྟ་བ་དོན་དམ་སྤྲོས་བྲལ་མཁའ་ལྟར་དག་ཅིང་། རྒྱ་ཆད་ཕྱོགས་ལྷུང་བསལ་བཞག་མེད་པ་ཡིན་པ་ལ་དེའི་དོན་དེ་མ་རྟོགས་པར། བློས་བྱས་སེམས་ཀྱི་འདུ་འཕྲོ་རྟོག་པས་བཏགས་པའི་སྟོང་ཉིད་དེ་ཕྱོགས་མཐར་ལྷུང་བའི་སྟོང་ཉིད་ཉི་ཚེ་བ་ཞིག་ལ་མཆོག་ཏུ་བཟུང་སྟེ་ཐམས་ཅད་མཉམ་ཉིད་ཡིན་ཞེས་པའི་ཚིག་གིས་འུད་སྒྲོག་སྟེ། ཐོ་ཅོའི་སྤྱོད་པ་ཞེས་པ་བག་མེད་ཀྱི་སྤྱོད་པ་སྨྱོན་པའི་ཟློས་གར་ལྟ་བུ་སྤྱོད་པ་རྩིང་པོ་ཅན་ཞེས་ཚིག་རྐང་དང་པོ་འདི་ལྟ་བ་མ་རྟོགས་པ་དང་། འོག་མ་གཉིས་ཀྱིས་སྒོམ་པ་ཡེངས། སྤྱོད་པ་ནོར་བ་བསྟན་པ་ཡིན་ཏེ། སྒོམ་པ་ཡེངས་ཀྱང་གོ་ཡུལ་འུད་གོག་འཐག །ཅེས་པས། ལྟ་བས་ཇི་ལྟར་ཐག་བཅད་པའི་སྒོམ་པ་འོད་གསལ་འགྲོ་འོང་དང་བྲལ་བའི་ཆོས་ཉིད་ཀྱི་འཁོར་ལོ་ལས་གཞན་དུ་ཡེངས་བ་མེད་པའི་ཆོས་ཉིད་ཀྱི་དྲན་པའི་སོ་མཁར་མི་ཚུགས་པར། རྣམ་རྟོག་ཐ་མལ་བའི་འཁྲུལ་བར་ཡེངས་ཀྱང་། སྤྱི་འབྱམས་དང་གཤིས་ཤོར་གྱི་གོ་ཡུལ་ཚིག་སྐམ་ཞིག་ལ་གདེངས་འཆའ་བ་དེ་ལ་བརྟེན་ནས། ཡེངས་དང་མ་ཡེངས་ཁྱད་མེད་ཅེས་པའི་ཚིག་སྐམ་དོན་གྱི་ནུས་པ་མེད་པར་མཐོ་གཏམ་བཤད་པས་གོ་མི་ཆོད་པའི་འུད་གོག་སྟེ། འུད་གོག་ཅེས་པ་སྟོང་འུར་རྒོག་ཐོག་ཅེས་པར་གོ་སྟེ་དོན་བྱེད་མི་ནུས་པའི་ཚིག་སྐམ་སྟོང་པ་ཞིག་ལ་གསུངས། དེ་ལྟ་བུའི་གོ་ཡུལ་འུད་གོག་གིས་ཉམ་མྱོང་དང་བྱིན་རླབས་ཀྱི་བཅུད་ཕྱེ་མར་འཐག་སྟེ་མེད་པར་བྱེད་པ། གླང་ཆེན་སྨྱོན་པས་ལམ་དྲང་མོ་མི་ལེན་པ་ལྟ་བུ། སྤྱོད་པ་ནོར་ཀྱང་རང་སྐྱོན་མི་སེམས་པའི། །ཞེས་པས། སྤྱིར་སྤྱོད་པ་ལ་བུང་བ་ཚང་འཚོལ་གྱི་སྤྱོད་པ། མ་ཆགས་ཞེན་མེད་ཀྱི་སྤྱོད་པ་ལ་སོགས་པ་སྤྱོད་པ་ཉེར་གཅིག་གམ་ཁྱད་པར་འཕགས་པའི་སྤྱོད་པ་བདུན་ལ་སོགས་པ་གསུངས་པ་དེ་ལྟ་བུ་མ་ཡིན་པར་སྤྱོད་པ་ནོར་བ་སྟེ་ནོར་བ་རང་མཚངས་ཅན་གྱི་སྤྱོད་པ། ཆགས་སྲེད་སྡིག་སྤྱོད་ལ་སོགས་པ་ཐ་མལ་མ་རུང་བའི་གནས་ལ་ཞུགས་ཀྱང་རང་རྒྱུད་ཀྱི་སྐྱོན་ལ་བཤགས་སྡོམ་མི་བྱེད་པར་སྐྱོན་ལ་ཡོན་ཏན་སྟེ་ཉེས་སྤྱོད་དུ་མི་སེམས་པའི་ཉིན་དཀར་མོའི་འུག་རྒན་གྱི་མིག་དང་འདྲ་བ་ཅན། དེ་ཡང་གྱོང་པོ་སྣུམ་གྱིས་ཐུལ་ཡང་མར་ལྐོག་སྣུམ་གྱིས་མི་ཐུལ། སྡིག་ཅན་ཆོས་ཀྱིས་ཐུལ་ཡང་ཆོས་དྲེད་ཆོས་ཀྱིས་མི་ཐུལ་བ་ཅན་གྱི། ཆོས་དྲེད་འདི་ལས་བླ་མས་བསྒྲལ་དུ་གསོལ། །ཞེས་པས་ཆོས་ཐོས་པ་དེ་ཆོས་བཞིན་དུ་མ་གོ་བར་སླར་ཆོས་ཀྱིས་ངན་སོང་དུ་འགྲོ་བའི་རྒྱུ་བྱེད་པ་ཅན་པོ་ཆོས་ལ་དྲེད་ནས་ཆོས་ཀྱིས་མི་ཐུལ་ཚད་ལ་ལྷུང་བ། སྐྱོན་མཚངས་ཆེན་པོ་ཅན་འདི་དག་ལས་བླ་མ་དམ་པའི་ཐུགས་རྗེས་བསྒྲལ་ཏེ་ཡང་དག་པའི་ལྟ་སྒོམ་སྤྱོད་གསུམ་རྣམ་པར་དག་པའི་ལམ་སྲོལ་ལ་ཁྲིད་པར་མཛད་དུ་གསོལ་ཞེས་གསོལ་བ་འདེབས་པ་ཡིན་ནོ། །ཡང་། ནང་པར་འཆི་ཡང་གནས་གོས་ནོར་ལ་སྲེད། །ན་ཚོད་ཡོལ་ཡང་ངེས་འབྱུང་སྐྱོ་ཤས་བྲལ། །ཐོས་པ་ཆུང་ཡང་ཡོན་ཏན་ཅན་དུ་རློམ། །མ་རིག་འདི་ལས་བླ་མས་བསྒྲལ་དུ་གསོལ། །ཞེས་གསུངས་ཏེ། འདིས་ཚིག་རྐང་དང་པོས་ཚུལ་ཁྲིམས་ཀྱི་བསླབ་པ། གཉིས་པས་ཏིང་ངེ་འཛིན་གྱི་བསླབ་པ། གསུམ་པས་ཤེས་རབ་ཀྱི་བསླབ་པ་དང་འགལ་བའི་ཉེས་སྐྱོན་བསྟན་ནས་བསླབ་གསུམ་གྱི་མི་མཐུན་ཕྱོགས་ལས་ལྡོག་པར་བླ་མ་ལ་གསོལ་བ་འདེབས་པ་ཡིན། དེ་ཡང་། ནང་པར་འཆི་ཡང་གནས་གོས་ནོར་ལ་སྲེད། །ཅེས་པས་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་མ་ཆགས་སྤོང་སེམས་དང་བྲལ་ནས། སང་ཉིན་ནང་པར་ནས་འཆི་བར་ཤེས་ན་ཡང་གནས་དང་ས་ཕྱོགས་གོས་དང་མལ་ཆས། གསེར་དངུལ་རྟ་ཟོག་ཀ་ཆ་ལོངས་སྤྱོད་ལ་སོགས་པའི་ནོར་རྫས་ལོངས་སྤྱོད་སོགས་ལ་ཞེ་ཆགས། ཞེ་སེམས་འཕྲེང་བ་ཡི་དྭགས་ལྟ་བུ་དང་། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་ཡེངས་པ་མེད་པའི་བསམ་གཏན་དང་བྲལ་ནས་རྣམ་གཡེང་ཁོ་ནས་གཞོན་ནུའི་ལང་ཚོ་ཡལ། ཚེ་ཕྱེད་མགོ་ལ་རྫོགས་ཏེ། ན་ཚོད་ཡོལ་ནས་རྒས་པར་ཐུག །དཔེ་ཉིན་གཅིག་ལ་ཆ་བཞག་ན་ཡང་དགོང་ཕྱི་དྲོའི་གྲིབ་ཆེན་འཁོར་ས་ལ་ཐུག་ཀྱང་། ད་དུང་ཕྱིན་ཆད་འཁོར་བར་མི་འཁྱམ་རྒྱུའི་བསམ་པ་དང་འཁོར་བར་ཞེན་ལོག་གི་ངེས་འབྱུང་དང་སྡུག་བསྔལ་སྐྱོན་དུ་མཐོང་བའི་སྐྱོ་ཤས་དང་བྲལ་ནས། འདིར་སྣང་ཚེ་འདིའི་བྱ་བ་ཞིག་ལ་ད་དུང་ཞིབ་ཏུ་འཐམ་པ་ས་འོག་གི་བྱི་བ་ལྟ་བུ་དང་། ཐོས་པ་ཆུང་ཡང་ཡོན་ཏན་ཅན་ཏུ་རློམ། །ཞེས་པ་འདི་ལྷག་པ་ཤེས་རབ་ཀྱི་བསླབ་པ་ཆོས་རབ་རྣམ་པར་འབྱེད་པའི་རྣམ་དཔྱོད་ཀྱི་ཤེས་རབ་དང་རྣམ་པར་བྲལ་བས་དམ་ཆོས་ཚུལ་བཞིན་དུ་ཐོས་པའི་ཐོས་ཆ་ཆུང་ཞིང་། ཐོས་པའི་ཡོན་ཏན་མེད་ཀྱང་རང་རྒྱུད་རང་གིས་མི་ཤེས་པར་ཡོན་ཏན་ཅན་ཞིག་དང་ང་ནི་དེ་ལྟ་བུ་ཞིག་ཡིན་བསམ་པའི་མངོན་པའི་ང་རྒྱལ་གྱིས་རྒྱུད་སྦོས་ནས་རྒྱུད་ཁེངས་པའི་རློམ་པ་ཅན་གྱི་གང་ཟག་ཁྲོན་པའི་ནང་གི་སྦལ་བ་ལྟ་བུ་ཡིན་པ་དེས་ན། མ་རིག་འདི་ལས་བླ་མས་བསྒྲལ་དུ་གསོལ། །ཞེས་ཅི་ལྟར་བྱས་ཀྱང་ངན་པ་ཡ་སར་སླེབ་ན་སྡུག་པས་མི་ངན་ལ་ཡོན་ཏན་ཡོད་ཀྱང་ང་རྒྱལ་ཆེ་སྟེ། ཞི་བ་ལྷས། མ་རབས་རྣམས་ནི་མཐོ་ཐོབ་ཅིང་། །ང་རྒྱལ་དག་ཀྱང་བཅོམ་པར་ཤོག །ཅེས་གསུངས་པ་ང་ཚོས་འདོན་བཞིན་པ་ལྟ་བུ་ཡིན་པས་ཐོས་པ་ཆུང་བ་སོགས་དེ་དག་ཐམས་ཅད་ཀྱི་རྒྱུ་གང་ལས་བྱུང་ན། རྒྱུ་མ་རིག་རྨོངས་པའི་གཞན་དབང་དུ་གྱུར་སོང་བའམ་དེ་ལས་བྱུང་བ་ཡིན་པས། དེ་ལྟ་བུའི་དམུས་ལོང་མུན་པར་འཁྱམ་པ་ལྟ་བུའི་གནས་ལས་ཕ་གཅིག་བླ་མ་དམ་པས་བསྒྲལ་ཏེ། ཚུལ་ཁྲིམས་ཀྱི་རྐང་པ། ཏིང་ངེ་འཛིན་གྱི་ལུས། ཤེས་རབ་ཀྱི་མིག་རྣམས་སྩལ་ཏུ་གསོལ་ཞེས་གསོལ་བ་འདེབས་པ་ཡིན་ནོ། །ཡང་རྐྱེན་ཁར་འཆོར་ཡང་འདུ་འཛིའི་གནས་སྐོར་སེམས། །དབེན་པ་བསྟེན་ཀྱང་རང་རྒྱུད་ཤིང་ལྟར་རེངས། །དུལ་བར་སྨྲ་ཡང་ཆགས་སྡང་མ་ཞིག་པའི། །ཆོས་བརྒྱད་འདི་ལས་བླ་མས་བསྒྲལ་དུ་གསོལ། །ཞེས་གསུངས་པ་ཡང་རིམ་པ་བཞིན་དུ་བསླབ་གསུམ་གྱི་མི་མཐུན་ཕྱོགས་ཚིག་རྐང་རེ་རེས་བསྟན་ནས་དེ་ལས་བཟློག་པར་གསོལ་བ་འདེབས་པ་ཞིག་ཡིན། དེ་ཡང་རྐྱེན་ཁར་འཆོར་ཡང་འདུ་འཛིའི་གནས་སྐོར་སེམས། །ཞེས་པས་ཚུལ་ཁྲིམས་ཀྱི་བསླབ་པའི་མི་མཐུན་ཕྱོགས་སྣང་བ་བྲིད་མཁས། རིག་པ་ཅོལ་ཆུང་། རྣམ་རྟོག་བསླུ་རྐྱེན་ཞེས་གསུངས་པ་ལྟར། རང་བློ་ཡུལ་གྱི་རྐྱེན་ཁར་ཤོར་ནས་རྐྱེན་ཆག་སྒོ་ཞིག་གིས་དེད་བཞིན་པ་མ་ཚོར་ནས། དེའི་ཕྱོགས་སུ་ཤོར་ན་ཡང་། ཡར་གྱི་ཚོགས་གྲལ་མི་འགྲིམ་མར་གྱི་ཚོང་ཁྲོམ་དང་གྲོང་ཡུལ་འགྲིམ་ནས་གྲོགས་ངན་པ་ལོག་པར་སྤྱོད་པའི་རིགས་དང་། འདོད་ཡོན་སྒྱུ་མའི་ནོར་རྫས་ཀྱི་ཕྱོགས་ལ་ཤོར་ནས། འདུ་འཛི་ཟེར་བ་དེའི་ངེས་ཚིག་འགྲེལ་ན། མང་པོ་མཉམ་དུ་འདུ་ཞིང་དེ་དག་ལ་སེམས་ཀྱིས་ཞེན་ཅིང་ཕྲེང་བས་འདྲིས་ནས་འཛིང་བར་བྱེད་པས་འཛི་ཞེས་དེ་ལྟར་འགྲེལ་གྱིན་ཡོད་པ་ལྟར། རྣམ་ཤེས་ཡུལ་གྱི་གཞན་དབང་དུ་སོང་སྟེ་བདེ་སྡུག་རོ་སྙོམ་དང་བདེན་མེད་སྒྱུ་མའི་ངང་ཚུལ་ཡིན་པ་མ་ཤེས་པར་བདེན་ཞེན་ཨ་འཐས་ཀྱིས་ཞེན་ཅིང་ཆགས་ནས་རྒྱལ་ཁམས་མང་པོར་གནས་སྐོར་ལ་སོང་སྟེ་དེ་ནས་ཡོང་བའམ་ཡང་ན་འདུ་འཛི་དང་འབྲེལ་བའི་རྟེན་གསུམ་མཇལ་ཕྱག་གི་གནས་སྐོར་བྱེད་རྒྱུ་དང་། དབེན་པ་བརྟེན་ཀྱང་རང་རྒྱུད་ཤིང་ལྟར་རེངས། །ཞེས་པས་སེམས་ཀྱི་བསླབ་པའི་མི་མཐུན་ཕྱོགས་བསྟན་པ་ཡིན་ཏེ། ལུས་དབེན་པ་མི་མེད་ཀྱི་གནས་སུ་བསྡད་ནས་ཡུན་རིང་བསྒོམ་ཁུལ་བྱས་ཀྱང་ནང་དང་གསང་བའི་དབེན་པ་བསྟེན་མ་ཐུབ་པས། སེམས་བདག་འཛིན་ལས་དབེན་པའི་དོན་མ་རིག་པར་རང་རྒྱུད་སྔར་ལྟར་དུ་ཉོན་མོངས་པའི་དབང་དུ་ཤོར་ནས། ལས་སུ་རུང་བ་མ་ཡིན་པ་ཤིང་སྐམ་གྱི་ཡལ་ག་ལྟར་རེངས་ཤིང་སྒོག་སོང་བའི་གཤང་མོ། ངལ་བ་དོན་མེད་ཀྱི་ཁེ་གྲགས་བསྒྲུབ་པ་ལྟ་བུའོ། །ཡང་དུལ་བར་སྨྲ་ཡང་ཆགས་སྡང་མ་ཞིག་པའི། །ཞེས་ཤེས་རབ་ཀྱི་བསླབ་པའི་མི་མཐུན་ཕྱོགས་བསྟན་ཏེ། ཕྱིའི་ཀུན་སྤྱོད་འཇམ་པོའི་ཚུལ་འཆོས་ཀྱིས་མི་སེམས་བསླུས་ཏེ། རྣམ་པ་གཞན་གྱིས་མཐོང་སར་དུལ་བ་ལྟར་དུ་བྱས་ནས་གཞན་རྒྱུད་ཕར་ལ་འདུལ་བའི་དམ་པའི་ཆོས་ཀྱང་སྨྲ་བར་བྱེད་ན་ཡང་། དོན་གྱི་སྟེང་ནས་རང་རྒྱུད་ཀྱི་ཆགས་སྡང་གྲ་མ་ཉམ་གྲུ་མ་ཞིག་པར་ཡོད་པ་གཡོན་ཅན་བྱི་ལའི་བརྟུལ་ཞུགས་ལྟ་བུ། ཆོས་བརྒྱད་འདི་ལས་བླ་མས་བསྒྲལ་དུ་གསོལ། །ཞེས་པས་འཇིག་རྟེན་གྱི་ཆོས་བརྒྱད་གང་ཞེ་ན། རྙེད་པ་བདེ་བ་གྲགས་པ་བསྟོད་པ་བཞི་པོ་བྱུང་ན་དགའ་ཞིང་དེ་ལ་ཆགས་ནས་དེ་དོན་དུ་གཉེར་བ་དང་། དེའི་ལྡོག་ཕྱོགས་ཀྱི་མ་རྙེད་པ་སྡུག་བསྔལ་མི་སྙན་པ་སྨད་པ་བཞི་པོ་བྱུང་ན་མི་དགའ་ཞིང་དེ་ལ་སྡང་བའི་འཇིག་རྟེན་ཕལ་པའི་གང་ཟག་གིས་དོན་གཉེར་བྱེད་རྒྱུ་དམ་པའི་ཆོས་ལམ་ལས་ལོག་སོང་བའི་ཆོས་བརྒྱད་པོ་འདི་ལས་བླ་མ་དམ་པས་བསྒྲལ་ནས། འདི་རྣམས་ལས་གྲོལ་བར་མཛད་དེ་སྐྱིད་སྡུག་རོ་སྙོམ་དང་ཐམས་ཅད་མི་དགའ་བ་མེད་པའི་བཏང་སྙོམ་ཆེན་པོ་རྒྱུད་ལ་བསྐྱེད་པར་མཛད་དུ་གསོལ་ཞེས་གསོལ་བ་འདེབས་པ་ཡིན་ནོ། །དེ་ནས་ཐམས་ཅད་ཀྱི་མཇུག་ཏུ་གསོལ་བ་འདེབས་པའི་དོན་བསྡུ་བ་ནི། གཉིད་འཐུག་འདི་ལས་མྱུར་དུ་སད་དུ་གསོལ། །ཁྲི་མུན་འདི་ལས་མྱུར་དུ་དབྱུང་དུ་གསོལ། །ཞེས་གསུངས་ཏེ། དེ་ཡང་དཔེ་དཔེ་ཅན་གྱི་ཆོས་མཚུངས་རྣམ་པ་གཉིས་གཉིས་ཀྱི་སྒོ་ནས་འཁོར་བ་ལས་ཐར་བའི་སྐམ་སར་དྲང་དུ་གསོལ་ཞེས་གསོལ་འདེབས་ཀྱི་དོན་བསྡུ་བ་ཡིན་ཏེ། གཉིད་འཐུག་འདི་ལས་མྱུར་དུ་སད་དུ་གསོལ། །ཞེས་པས་མདོར་ན་གཟུང་འཛིན་གྱི་སྟན་བཏིང་། མ་རིག་པའི་མལ་བཅས། སྐྱེ་ཤི་ལ་སྔས་གཏད། བདེ་སྡུག་གི་གོས་གྱོན་ཏེ་བདག་ཏུ་འཛིན་པའི་གཉིད་འཐུག་སད་དཀའ་བ་ཞིག་གིས་ནོན་ནས་བག་ཆགས་སྣ་ཚོགས་ཀྱི་རྨི་ལམ་རྨིས་པའི་གཉིད་མོ་ཆེ། ཐོག་མེད་འཁོར་བར་འཁོར་ཚུན་ཆོད་ནས་གཉིད་དུ་ཡུར་བ་ད་དུང་ཡང་སད་དུས་དང་དངས་དུས་མེད་པ་འདི་ལས་མྱུར་དུ་སད་པར་བྱ་བའི་ཐབས་ཤིག་བླ་མ་དཀོན་མཆོག་གིས་བསྟན་ཏུ་གསོལ་ཞེས་གསུངས། ཁྲི་མུན་འདི་ལས་མྱུར་དུ་དབྱུང་དུ་གསོལ། །ཞེས་པས་རྒྱུ་མ་རིག་པ་ལས་བྱུང་བའི་ཁམས་གསུམ་འཁོར་བའི་བཙོན་ཁང་རྒྱལ་པོའི་ཁྲི་མུན་ལྟ་བུ་འདིའི་ནང་ལ། ཉོན་མོངས་དུག་ལྔ་དུག་གསུམ་ལ་རང་མཚན་དུ་བཟུང་ནས་ལས་ཀྱི་ལྕགས་སྒྲོག་གིས་བསྡམས། སྡུག་བསྔལ་གྱི་ལྕག་གིས་བྲབ་པས་སྡུག་བསྔལ་སྣ་ཚོགས་པའི་ཁྲིམས་གཅོད་ཡ་ང་བ་འདི་མ་མྱོང་བསམ་པ་མེད་པ་འདི་འདྲའི་མང་པོ་ཞིག་གི་ཐོག་མཐའ་དང་། ཐར་དུས་མེད་པའི་མུན་ཁང་ལྟ་བུ་འདི་ལས་མྱུར་དུ་བྱུང་ཞིང་ཐར་ནས་སྒོར་ཐོན་ཏེ། མྱུར་དུ་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་པར་མཛད་དུ་གསོལ། དེ་ལྟར་ཐུགས་རྗེ་སྐྱབས་ཀྱི་གཟིགས་པས་མི་འདོར་རྒྱུར་དཔལ་མགོན་བླ་མ་དམ་པ་ཁྱེད་མཁྱེན་ནོ་ཞེས་གསུངས་པའི་འབོད་པ་དྲག་པོས་ཐུགས་རྗེ་བསླངས་པ་དེ་ཡན་ཆད་ཀྱིས་བཤེས་གཉེན་བསྟེན་པའི་ཁྲིད་དེ་སོང་བ་ཡིན་པས། དེས་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོ་འདི་ལ་ཐོག་མཐའ་བར་དུ་དགེ་བའི་ཆིངས་གསུམ་གྱིས་བཅིངས་ནས་བཤད་པ་ལས། བར་བ་གཞུང་དོན་ལ་ས་བཅད་ཆེན་པོ་གཉིས། ཐུན་མོང་ཕྱིའི་སྔོན་འགྲོ་དང་ཐུན་མིན་ནང་གི་སྔོན་འགྲོ་གཉིས་ལས། དང་པོ་ཐུན་མོང་ཕྱིའི་སྔོན་འགྲོའི་ཁྲིད་རྐང་དྲུག་པོ་དེ་འཆད་ཉན་ཡོངས་རྫོགས་ཐེངས་གཅིག་གྲུབ་སོང་བ་ཡིན། སང་ཉིན་ནས་ཐུན་མིན་ནང་གི་སྔོན་འགྲོ་དཀོན་མཆོག་གསུམ་སོགས་སྐྱབས་འགྲོ་ནས་བཤད་དགོས། དེ་རིང་གི་ཆོས་ཁྲིད་ལ་ཐར་བའི་ཕན་ཡོན་དང་བཤེས་གཉེན་བསྟེན་པ་གཉིས་བཤད་པ་ཡིན་ལ་དེ་ལ་བསམ་བློ་ཡང་གཏོང་བྱས་ཏེ་རྗེས་དྲན་སྐྱོར་སྦྱོང་ཞིག་བྱས་ན། དེ་ཡང་སྔོན་ལ་བཤད་པའི་དལ་འབྱོར་རྙེད་དཀའ་ལ་སོགས་པའི་བློ་ལྡོག་རྣམ་པ་བཞི་པོ་དེས་ཁམས་གསུམ་འཁོར་བ་མཐོ་རིས་ངན་སོང་ཐམས་ཅད་ལ་ཞེན་པ་ལོག་སྟེ་འཁོར་བ་མཐའ་དག་ལས་བློ་ལོག་པ་ཡིན་ན། དེ་མི་ཉན་དེ་ལ་མ་འགྲོ་ཟེར་ན་འདི་དགོས་འདིར་སོང་ཞེས་པའི་ལམ་ཞིག་སྟོན་བབ་པའམ་འོས་པ་ཡིན། དེ་ལྟར་ཡིན་ན་ཁམས་གསུམ་འཁོར་བ་ལ་མི་དགའ་བའི་རྒྱུ་མཚན་སྡུག་བསྔལ་ཡོད་པས་ཡིན་ཏེ་འཁོར་བ་གང་དུ་སྐྱེས་ཀྱང་སྡུག་བསྔལ་མེད་པ་ཞིག་མེད་ལ། ཁྱད་པར་དུ་འགྲོ་བ་རིགས་དྲུག་ལ་ཨ་འཁོར་ཡང་འཁོར་བྱས་ཏེ་འཁོར་འདུག་པ་འདི་ལ་སྡུག་གི་མུན་ནག་ལ་ཟད་རྒྱུ་མེད་པ་ཞིག་དང་། སྐྱིད་ཀྱི་ཉི་མ་སེར་པོ་ཤར་རྒྱུ་མེད་པ་ཞིག་ཡིན་པས་དེ་ལ་བློ་ལྡོག་པ་ཡིན། དེའི་ཕྱིར་དེ་མིན་པའི་འགྲོ་ས་ཞིག་བཙལ་ན་སྡུག་བསྔལ་གཏན་ནས་མེད་པའམ་སྡུག་བསྔལ་ལས་ཐར་སོང་བ་ཞིག་ལ་འགྲོ་ས་ལོན་དགོས་དུས། དེ་གང་ཡིན་བལྟས་འོང་ཚེ་བྱང་ཆུབ་གསུམ་གྱི་གོ་འཕང་དེ་ཡིན། དེས་ན་བྱང་ཆུབ་གསུམ་གྱི་གོ་འཕང་ལ་སླེབ་ན་སྡུག་བསྔལ་ཅི་ལྟར་མེད་པ་དང་མེད་ལུགས་ཅི་འདྲ་རེད། དེ་གསུམ་ལ་བཟང་ངན་དང་སྐྱིད་མི་སྐྱིད་རང་གཞན་ལ་ཕན་ཐོགས་ཡོད་མེད་ཀྱི་སྐོར་སོགས་ཅི་འདྲ་ཡིན་ཞེ་ན། དེ་འགྲོ་སའི་ལམ་ཡིན་པས་མ་ཤེས་ཐབས་མེད་ཡིན་ལ། དེ་ལྟར་ཐོབ་དགོས་རྒྱུའི་འབྲས་བུ་གསུམ་པོ་དེ་ཅུང་ཟད་ཤེས་དགོས། དེ་དཔེར་ན་གཉིད་མ་བདེ་བའི་རྨི་ལམ་འཁྲུག་པའི་གཉིད་མོ་ཆེ་ལྟ་བུ་འདི་ལས་སད་ཐབས་ཤིག་དང་། རྒྱལ་པོ་ངན་པའི་བཙོན་ཁང་ནང་དུ་ཚུད་སོང་བའི་ཁྲི་མུན་འདི་ལས་ཐར་ཐབས་ཤིག་བྱེད་དགོས་ན། ཐར་སོང་བའི་ས་ན་བདེ་བ་ཅི་ཡོད་ཅེས། དེའི་བདེ་བ་ཡོད་པ་ཤེས་རྒྱུ་དེ་ལ་ཐར་བའི་ཕན་ཡོན་ཞེས་ས་བཅད་དེ་ལྟར་དུ་བཞག་པའི་ཐར་པ་དང་པོ་ཉན་ཐོས་དགྲ་བཅོམ་དང་གཉིས་པ་རང་རྒྱལ་དགྲ་བཅོམ་སྟེ། དེ་གཉིས་པོའི་མིང་ལ་ཐེག་དམན་དགྲ་བཅོམ་ཞེས་གསུངས། དེ་ཡང་ཐེག་པ་དམན་པའི་རྒྱུ་མཚན་ཅི་ཞེ་ན། རང་དོན་ཡིད་བྱེད་ཀྱི་བསམ་པ་མ་དོར། མ་སེམས་ཅན་ཐམས་ཅད་ཀྱི་སྐྱིད་སྡུག་མ་དྲན། སེམས་ཅན་ཐམས་ཅད་ལ་སྐྱིད་སྡུག་མ་གཤིབ་པར། རང་དོན་ཞི་བདེ་དོན་དུ་གཉེར་ནས་ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་དང་ལམ་བསླབ་པ་གསུམ་གྱི་ཉམས་ལེན་བྱས་ནས་བསམ་གཟུགས་ཀྱི་ཏིང་ངེ་འཛིན་དང་འགོག་པའི་སྙོམ་འཇུག་ལ་ཞུགས་པས་ན། བདག་མེད་ཕྱེད་དང་གཉིས་རྟོགས་ཙམ་ཞིག་གིས་མངོན་རྟོགས་ཀྱི་སྟེང་ནས་ཕྱིན་ཆད་འཁོར་བར་མི་འཁྱམས་པར་ཐར་སོང་བས་ན་ཐར་པ་ཡིན་པས། ཐར་བ་ན་ཐར་པ་འཁོར་བའི་གནས་ནས་ཐར་བས་གོ་འཕང་མ་འདྲ་བ་ཞིག་ཡིན་མོད། འོན་ཀྱང་ཐེག་ཆེན་གྱི་ལམ་དང་བསྡུར་ན། བློ་ལྡོག་ས་བཞི་ལས་བློ་ལྡོག་དགོས་པ་མ་ཟད། རང་དོན་ཡིད་བྱེད་ལས་བློ་ལྡོག་དགོས་པ་ཐེག་ཆེན་ཐར་པ་ཆ་མཐུན་གྱི་ལམ་གནད་གལ་ཆེན་ཞིག་དང་མེད་མི་རུང་བ་ཞིག་ཡིན། དེ་ཡང་དམྱལ་བར་སྐྱེས་ན་བྱང་ཆུབ་ཐོབ་པའི་གཏན་གེགས་མིན་མོད་རང་འདོད་ཡིད་བྱེད་ལ་ཇི་སྲིད་ཁ་མ་བྲལ་བ་དེ་སྲིད་དུ་བྱང་ཆུབ་ཞི་བ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་མི་ཐུབ་པར་གསུངས། དེས་ན་ང་ཚོས་དེ་འདྲའི་ཐར་ལམ་དེ་བདམ་མི་ཉན་ཏེ། གཞུང་དུ། ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །ཞེས་འབོད་ཀྱིན་ཡོད་པ་དེ་ཡིན། དེ་ཡང་དེ་ལ་ལམ་དམན་པ་ཞེས་བརྗོད་མོད། དེའི་ལམ་ལ་ཞུགས་དགོས་ཚེ་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱིས་རྒྱུད་བསྡམས་ཤིང་བསླབ་གསུམ་གྱི་ཉམས་ལེན་བྱེད་དགོས། འོན་ཀྱང་ང་ཚོ་ཐེག་ཆེན་གྱི་ཆོས་ལམ་ལ་ཞུགས་པས། བྱང་ཆུབ་གསུམ་པོའི་ནང་ནས་འདམ་དགོས་ན། འོག་མའི་ལམ་གྱི་ཡོན་ཏན་ཐམས་ཅད་ཡར་ལྡན་དུ་ཚང་བའི་ཐམས་ཅད་མཁྱེན་པ་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་དེ་འདམ་དགོས་ཏེ། སངས་རྒྱས་ཀྱི་མཛད་པ་སེམས་ཅན་གྱི་དོན་ལས་གཞན་དུ་མེད་ན། དེའི་གོ་འཕང་དེ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན། སྤངས་རྟོགས་ཀྱི་ཡོན་ཏན་རྒྱ་མཚོ་ལྟ་བུ་མངའ་བ་ཡིན་པ་དང་། མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་ཚད་མེད་པ་མངའ་བའི་གསང་གསུམ་མི་ཟད་པ་རྒྱན་གྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་དང་ཡོན་ཏན་དེ་སོ་སོའི་སྐྱེ་བོའི་བློས་དཔོག་རྒྱུ་ཅན་ཞིག་མིན་པས། བདེ་བར་གཤེགས་པའི་བཀའ་དང་རྗེས་འཇུག་གི་བསྟན་བཅོས་ལ་ཐོས་བསམ་གྱི་སྒོ་ནས་ཕྱོགས་རེ་ཙམ་ཤེས་པ་དེ་ལ་ཐར་བའི་ཕན་ཡོན་བསྟན་པ་འདི་དག་ཡིན། དེའི་ཕྱིར་ཐར་པ་ཕན་ཡོན་ཅན་ཞིག་ཡིན་པ་དེས་ཤེས། དེའི་སྟེང་དུ་ཐར་བའི་གོ་འཕང་ཐོབ་བྱེད་ཀྱི་རྒྱུ་དེ་གང་ཡིན་ཧ་གོ་དགོས། དེ་གོ་ན་སྐྱེས་བུ་ཆེན་པོའི་ལམ་ལ་ཞུགས་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཡིན་དུས། ང་ཚོས་ཆོས་མ་བསྒྲུབ་ན་མ་བསྒྲུབ་པ་རེད་གཅིག་བསྒྲུབ་ཚར་ནས། སྐྱེས་བུ་ཆེན་པོའི་ལམ་ལ་ཞུགས་དགོས། བདམ་རྒྱུ་ཡོད་དུས་སླ་ཤོས་དང་དྲག་ཤོས་མི་བདམས་པར་དཀའ་ཤོས་དང་སྡུག་ཤོས་ཅི་ལ་བདམ། དེ་ཡང་སྐྱེས་བུ་ཞིག་ལ་ཆེན་པོ་ཟེར་བའི་རྒྱུ་མཚན་བློ་སྟོབས་ཆེན་པོ་ཡིན་པའི་རྒྱུ་མཚན་གྱིས་ཡིན། བློ་སྟོབས་ཅི་ཆེ་ཞེ་ན། རང་དོན་ཉི་ཚེ་བ་ཆུང་ཆུང་ཞིག་ལ་བསམ་བློའི་འདུན་པ་མི་གཏད་པར། གཞན་དོན་རྒྱ་ཆེན་པོ་མཐའ་ཡས་པའི་སེམས་ཅན་གཅིག་ཀྱང་མ་ལུས་པ་འགྲོ་ཁམས་རྒྱ་མཚོ་གཏན་བདེ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་རྒྱུའི་བློ་སྟོབས་ཆེན་པོ་དང་ལྡན་པའི་ལམ་དེ་ལ་སྐྱེས་བུ་ཆེན་པོའི་ལམ་ཞེས་ཟེར་བ་ཡིན། དེ་ཡིན་ན་སྐྱེས་བུ་ཆེན་པོའི་ལམ་དེ་ལ་ཀུན་སློང་བྱང་ཆུབ་ཀྱི་སེམས་དང་ལྡན་པ། དགེ་རྩ་ཐེག་ཆེན་གྱི་ཐར་པ་ཆ་མཐུན། དེ་ལ་ཡང་རིང་ལམ་ཉེ་ལམ་མྱུར་ལམ་གྱི་ཁྱད་པར་ཡོད་ཅེས་གསུངས། དེ་ཡང་རིང་ལམ་དེ་ཚོགས་གཉིས། ཉེ་ལམ་དེ་བསྐྱེད་རྫོགས། མྱུར་ལམ་དེ་རྫོགས་ཆེན་དངོས་གཞིའི་ཁྲིད་ཁ་ལྟར་དུ་ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་གཉིས་ཀྱི་སྒོ་ནས་རྟོགས་གོམ་མཐར་ཕྱིན་ཏེ་མཐར་ཐུག་མདོ་ལམ་ནས་སངས་རྒྱས། སྔགས་ལམ་ནས་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་དེ་འགྲུབ་པ་ཡོད་ནི་རེད། དེ་ལྟར་ན་ཐར་བའི་ཕན་ཡོན་གྱི་ཕྱོགས་ཀྱི་གོ་བ་དེ་ལྟ་བུ་ཞིག་རེད། འཁོར་བའི་སྡུག་བསྔལ་ལ་སྡུག་བསྔལ་ཡིན་པ་མ་ཤེས་པས་འཁོར་བ་ལ་ངེས་འབྱུང་མ་སྐྱེས། ཐར་པ་ཡོན་ཏན་ཅན་དུ་མ་ཤེས་པས་ཐར་པ་དོན་གཉེར་གྱི་འདུན་པ་བསྐྱེད་མ་ཤེས་པར། ཁམས་གསུམ་འཁོར་བའི་གནས་སུ་ད་བར་དུ་འཁྱམས་ནས་སྡུག་བསྔལ་མྱོང་བ་ཡིན་ན། ཐར་བ་ཞེས་པ་ཞིག་ཡོད་པ་ཤེས་རྒྱུ་དེས་སྔར་མེད་ཀྱི་མིག་ཅིག་ཐོབ་པ་ཡིན། འོན་ཀྱང་དངོས་སུ་དེར་སླེབ་ཆེད། དེའི་ལམ་ལ་ཞུགས་ནས་གེགས་མེད་མཐར་ཕྱིན་གྱིས་སླེབ་ས་དེར་སླེབ་དགོས་པ་ལ། ལམ་སྟོན་ལམ་རྒྱུས་ཅན་བཤེས་གཉེན་དམ་པ་ཞིག་མ་ལོན་ན། ལམ་འདི་ལྷས་སྟོན་མི་ཤེས། ཀླུས་སྟོན་མི་ཤེས། དྲིན་ཕ་མས་ཀྱང་བསྟན་མི་ཤེས་པས། བླ་མ་དགེ་བའི་བཤེས་གཉེན་ཁོ་ནས་སྟོན་ཤེས་པ་ཡིན་པ། དེའི་སྟབས་ཀྱིས་དགེ་བའི་བཤེས་གཉེན་བསྟེན་ཚུལ་གྱི་ཁྲིད་འདི་བྱུང་བ་ཡིན་ལ། དེའི་ཞོར་དུ་དགེ་བའི་གྲོགས་པོ་བསྟེན་ཚུལ་དང་སྡིག་པའི་གྲོགས་པོ་སྤང་ཚུལ་ཡང་ཤེས་དགོས། དེ་ཡང་དགེ་བའི་བཤེས་དང་དགེ་བའི་གྲོགས། སྡིག་པའི་བཤེས་དང་སྡིག་པའི་གྲོགས་དེ་ཚོ་བརྟག་ཐབས་ཀྱིས་བརྟགས་ནས་བསྟེན་ཐབས་ཀྱིས་བསྟེན། སྤང་ཐབས་ཀྱིས་གཅིག་མ་སྤངས་ན། རང་བཞིན་གྱིས་ཤེས་པར་དཀའ་སྟེ། འདྲ་འདྲ་བ་ལ་ནོར་དོགས་མང་། ཁྱད་པར་དུ་བདུད་ཀྱི་བསླུ་ཐབས་གྲངས་མང་བས་ཆོས་པ་ངོ་མ་ལ་བདུད་སྡིག་ཅན་འཁོར་དང་བཅས་པས་གླགས་ཨེ་ཁེལ་དང་གནོད་པ་སྐྱེལ་ཨེ་ཐུབ་བསམ་གྱིན་ཡོད་དེ། སེམས་ཅན་ལ་ཕན་བཏགས་ནི། སངས་རྒྱས་ཀྱི་བསྟན་པ་སྤེལ་ནི། དཀར་ཕྱོགས་ཀྱི་རུ་མཚོན་བསྒྲེང་ནི་ཞིག་འབྱུང་གི་བསམ་དུས། བདུད་སྡིག་ཅན་འཁོར་དང་བཅས་པ་དང་བདུད་ཀྱིས་བྱིན་གྱིས་བརླབས་པའི་མི་ནས་བཟུང་སྟེ་མི་དགའ་བར་ཕྲག་དོག་བྱེད་ནི་རེད། དེ་ལྟར་ཡིན་དུས་ཆོས་ལ་བར་ཆད་བྱེད་ནི། ཕྱི་བཤོལ་བྱེད་ནི་དེ་ལྟ་བུ་ཡོད་ཚད་པོ་བདུད་ཀྱི་རིགས་མིན་ན་ཡང་སྡིག་པའི་གྲོགས་པོ་ཡིན་ཤག་ཤག་ཡིན། དེའི་ཕྱིར་དགེ་བའི་བཤེས་གཉེན་བརྟག་དུས། ཐུགས་རྒྱུད་སྙིང་རྗེས་གང་བ་ཞིག་ཡིན་མིན་བལྟ་རྒྱུ་གལ་ཆེ་ཞེས་གསུངས། ཐུགས་རྒྱུད་ལ་སྙིང་རྗེ་མེད་ན་ཐོབ་ཅི་ལྟར་མཐོ། མཚན་ཅི་ལྟར་ཆེ་རུང་། ཐར་ལམ་སྟོན་པའི་བཤེས་གཉེན་ངོ་མ་ཞིག་རེད་ཟེར་ཤེས་དཀའ་བ་ཡིན། འོན་ཀྱང་གཙོ་ཆེ་བ་རང་ལ་ཐར་ལམ་སྟོན་པའི་ལས་འབྲེལ་ཅན་གྱི་དགེ་བའི་བཤེས་གཉེན་དེ་རྙེད་དགོས་པ་མ་གཏོགས། རྒྱལ་ཁམས་ཀྱི་བླ་མ་ཡོད་ཚད་ཀྱི་བཟང་ངན་ལྟོས་ཤོག་ཅེས་བཤད་པ་མིན། དེ་བལྟ་དགོས་ན་ལྟ་མཁན་ཁོ་རང་ལ། ག་ལ་གང་འཚམས་ཀྱི་ལེགས་ཉེས་ཀྱི་གནད་རྟོགས་མཁན། ཤེས་རབ་ཀྱི་སྤྱན་མིག་དང་ལྡན་པ་ཞིག་ཡིན་དགོས་མ་གཏོགས་རང་མ་རིག་པའི་རྐྱེན་གྱིས་མིག་ལོང་བས་ལམ་གོ་མི་ཆོད་པ་ཞིག་གིས་གཞན་གྱི་བཟང་ངན་ཅི་ལྟར་ཤེས། དེས་ན་རང་ཉིད་ཀྱི་ཐར་བའི་ལམ་སྟོན་པའི་དགེ་བའི་བཤེས་གཉེན་གློ་ཁེལ་ས་ཞིག་རྙེད་ན་དེས་འགྲིག་པ་ཡིན་པས་གཞན་སྡུག་པོ་རེད་ཅེས་སྨད་འདུག་མི་དགོས་ཏེ། དཔལ་སྤྲུལ་ཚང་གིས། བསྟོད་སྨད་གཉིས་ཀ་མི་ཉན་པ་གསུམ་ཡོད་པར་གསུངས་ཏེ། རང་གི་ཉེ་འབྲེལ། རྒྱུས་མེད་ཀྱི་བླ་མ། ལར་སུ་ལ་ཡང་ཞེས་གསུངས་པ་ཡིན། ད་དུང་གདམས་ངག་ཐམས་ཅད་མདོར་བསྡུས་ན་དུས་ནམ་ཡང་རང་གིས་རང་ལ་ལྟོས་མ་བརྗེད། ཆོས་དང་འཇིག་རྟེན་གཉིས་ཀ་འདི་ལ་འདུས། གདམས་ངག་ཚིག་གཅིག་ཡིན། ཤིན་ཏུ་ཟབ་གསུངས་ཡོད་པས། ཕར་བཤེས་གཉེན་བརྟགས་པའི་ཞོར་དུ་ཚུར་རང་ཉིད་སློབ་མ་བཟང་པོ་ཞིག་རེད་ཡོད་མེད། རང་ཐད་ལ་བཞག་ནས་བལྟ་དགོས། གལ་ཏེ་སློབ་མ་བཟང་པོ་ཞིག་གི་མཚན་ཉིད་ཚང་མེད་ན། མེད་པར་ཤེས་པ་དེ་ཡང་ཡོན་ཏན་སྣེ་གཅིག་ཡིན་པས། དེའི་ཐོག་ནས་རང་གི་དགེ་རྒན་ནམ་སློབ་སྟོན་པ་རང་ཉིད་བྱས་ཏེ། རང་ཉིད་ཀྱི་རྒྱུད་རང་གིས་བཅོས་ནས་ལམ་ལ་བཞག་དགོས་ནི་རེད། དེ་ཤེས་ན་ཅང་ཤེས་སྐྱེ་བོ་བདུད་ཀྱི་དབང་དུ་མི་འགྲོ་གསུངས་པ་ལྟར་ཡིན། དེ་ནས་བཤེས་གཉེན་དམ་པ་རྙེད་ཚར་ནས་བསྟེན་པའི་དུས་སུ་མོས་གུས་ཐང་ལྷོད་མེད་པ་ཞིག་གིས། ཅི་མཛད་ཁྱེད་ཤེས་ཀྱིས་བློ་ལིངས་སེ་བླ་མ་ལ་འགེལ་བ་དང་། བླ་མས་ཅི་གསུང་གི་བཀའ་བསྒྲུབ་པ་དེ་དངོས་གྲུབ་ཐོབ་བྱེད་ཀྱི་རྒྱུ་ངོ་མ་བོ་ཡིན་ནི་རེད། དགེ་བའི་ཚོགས་རླབས་ཆེན་རྫོགས་བྱེད་ཀྱི་སྦྱོར་དངོས་རྗེས་གསུམ་ཚང་བ་ཞིག་བྱེད་ཐུབ་དགོས་ན། ཐབས་དང་ཤེས་རབ་གཉིས་ཀྱིས་ཟིན་པ་ཞིག་བྱེད་དགོས། དེ་ད་དུང་རང་སྟོབས་ཀྱིས་ཅུང་ཟད་དཀའ་འདུག་བསམ་ན། བླ་མ་དམ་པའི་ཕར་ཕྱིན་དྲུག་གི་སྤྱོད་པའི་མཛད་པའི་ནང་དུ་རང་ཡང་འདྲེས་ས་ཨེ་རྙེད་བལྟ་དགོས་པ་ཡིན། དཔེར་ན་བླ་མས་ཚོགས་བསགས་ཆེན་པོ་མཛད་བཞིན་ཡོད་ན་རང་གི་ཡང་དེའི་ནང་དུ་དངོས་པོ་ཆུང་ཆུང་ཡིན་རུང་འབྲེལ་བ་རེ་བཞག ལུས་ངག་གི་ལས་ཐོས་བསམ་སྒོམ་པའི་བྱ་བ་གང་དང་གང་ཡིན་དེ་དང་ལྷན་ཅིག་ཏུ་སྤུང་སྟེ། ཐ་ན་ཐལ་རྡུལ་ཞིག་ཕྱགས་པ་ཙམ་ལས་མ་ཐུབ་རུང་ཕྱགས་ནས་གང་ནུས་བྱེད་ན་བླ་མའི་ཚོགས་ཇི་ལྟར་རྫོགས་བཞིན་པ་དེ་ལྟར་རང་གི་ཡང་རྒྱུ་ཆུང་དང་བྱ་བ་ཆུང་ངུས་གོ་ཆེན་པོ་ཆོད་ནས་ཚོགས་ཆེན་པོ་འདུམ་འགྲོ་བ་ཡིན། དེ་ཅི་ལྟར་ཡིན་ཞེ་ན། སྔགས་འདི་ལམ་མྱུར་བའི་སྟབས་ཀྱིས་ཡིན་པས། བླ་མ་ལ་ཞབས་ཕྱི་བྱས་བསྙེན་བཀུར་དང་བསགས་སྦྱང་བྱས་ན་ཚོགས་ལམ་གྱི་གོ་ཆོད་པར་གསུངས། བླ་མའི་གདམས་ངག་གི་བྱིན་རླབས་ཐོབ་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་སྦྱོར་བ་སྦྱོར་ལམ་ཡིན་པར་ཡང་གསུངས་ཡོད། ཚེ་འདིའི་སྟེང་ནས་ཆོས་ཉིད་ངེས་པའི་བདེན་པ་མཐོང་བ་མཐོང་ལམ་ལ་བཞག་དུས། མཐོང་ཟིན་བསྒོམ་བྱ་སྒོམ་བྱེད་དང་བྲལ་བའི་ངང་ལ་གནས་པ་སྒོམ་ལམ། བསླབ་བྱ་མཐར་ཐུག་གནས་ལུགས་དངོས་ཀྱི་དོན་རྟོགས་པ་མཐར་ལམ་ཡིན་ཞེས་ཀྱང་སྟོན་པས་རྒྱུད་ལས་གསུངས་པ་ཡོད། དམ་པའི་སྐྱེས་བུ་ལ་བསྟེན་ན་ཚེ་ཕྱི་མ་ངན་སོང་ལ་སྐྱེ་བའི་རྒྱུ་བསགས་ཡོད་ཀྱང་། ད་རེས་ཀྱི་སྐྱེ་བ་འདིའི་ཐོག་ནས་རྨི་ལམ་ཙམ་གྱིས་ཀྱང་ལས་དེ་ཟད་ཐུབ་པར་གསུངས་པ་དང་། བླ་མ་ལ་བསྙེན་བཀུར་སྔ་དྲོ་ཙམ་ཞིག་ལ་བྱས་ཀྱང་དེའི་ཕན་ཡོན་གྱིས་སངས་རྒྱས་བྱེ་བ་མང་པོ་ལ་བསྙེན་བཀུར་བྱས་པའི་ཕན་ཡོན་ཟིལ་གྱིས་གནོན་ཐུབ་ཅེས་ཀྱང་གསུངས་ཡོད་ནི་རེད། དེས་ན་བླ་མ་ལ་ལུས་ངག་གི་ཞབས་ཏོག་བསྒྲུབ། བླ་མའི་རྣལ་འབྱོར་བསྒོམ་པས་བསོད་ནམས་ཀྱི་ཚོགས་རྫོགས་པ་དང་། ཐུགས་ཡིད་གཅིག་འདྲེས་ཀྱིས་ཆོས་ཉིད་ལ་མཉམ་པར་བཞག་པས་ཡེ་ཤེས་ཀྱི་ཚོགས་རྫོགས་པ་ཡིན། དེ་ལྟ་བུའི་སྒོ་ནས་ཚོགས་གཉིས་རྫོགས་པའི་འབྲས་བུར་སྐུ་གཉིས་དམ་པ་ཐོབ་ཐུབ་པ་ཡིན་ནོ། །དེ་ལྟར་བྱེད་དུས་བླ་མ་བསྟེན་པའི་ཚུལ་མ་ཤེས་ཤིང་། བླ་མ་མ་བསྟེན་ན་ཉེས་དམིགས་ཅི་ཡོད་ཅེ་ན། བླ་མའི་གདམས་ངག་དང་མ་འཕྲད་པས་འཁོར་བ་ལ་བདེ་བར་འཛིན་པའི་སྡུག་བསྔལ་གྱི་འཕྲང་ལས་མི་ཐར། ལས་དང་ལས་ཀྱི་འབྲས་བུ་ཇི་ལྟར་ཡིན་པ་མ་ཤེས་པའི་རྨོངས་པ་ཡིན་པས། མི་དགེ་བའི་ཕྱོགས་ཁོ་ན་མ་གཏོགས་བྱ་བ་ཅི་བྱེད་དང་ཅི་བསམ་ཡང་དེ་མིན་མི་ཤེས། མང་དུ་ཐོས་པ་དང་བྲལ་བས་ཡོན་ཏན་གྱི་ཚོགས་དང་འཕྲད་པ་མེད། དམ་པའི་ཆོས་ཀྱི་སྒོར་ཞུགས་ཁུལ་བྱས་མོད། ཤམ་ཐབས་འགོ་ཡི་ཁྲལ་འཇལ་ལྟ་བུ་མ་གཏོགས། ཐར་བའི་ལམ་སྣ་ཞིག་མི་ཟིན་པ་སོགས་མདོར་ན་བཤེས་གཉེན་དམ་པ་མ་བསྟེན་པའི་རྐྱེན་གྱིས། ལེགས་པ་དང་བཟང་པོའི་ཆོས་ལམ་ཐམས་ཅད་ལས་ཉམས་ཤིང་ལྟར་སྣང་འཁྲུལ་བའི་བདུད་ཀྱི་བསླུ་བྲིད་ཀྱིས་བསྡུས་ནས་འདི་ཕྱི་གཉིས་ལ་མི་བདེ་བའི་སྡུག་བསྔལ་ཁོ་ན་མགོ་ལ་འདྲེན། དེ་ཡང་རང་གི་མགོ་ལ་རང་གིས་དྲངས་བ་ཡིན། ཁྱད་པར་དུ་དམ་པའི་བཤེས་གཉེན་མི་བསྙེན་པར་མ་ཟད་ཡུལ་དམ་པ་ལ་སྨད་ན། བླ་མ་ལྔ་བཅུ་པ་ལས། སློབ་དཔོན་ལ་ནི་སྨོད་པ་དེ། །ཡམ་དང་མཛེ་དང་ནད་རྣམས་དང་། །གདོན་དང་རིམས་དང་དུག་རྣམས་ཀྱིས། །རྨོངས་ཅན་དེ་ནི་འཆི་བར་འགྱུར། །ཞེས་ཀྱང་གསུངས་སོ། །དེ་ལྟར་ན་རང་གི་ལེགས་ཉེས་ཀྱི་མདུན་ལམ་རང་གིས་མ་འཚོས་ན། སྔགས་ལམ་ལ་མ་ཞུགས་པར་དངོས་གྲུབ་ཐོབ་ནི་མ་རེད། སྔགས་ལམ་ལ་ཞུགས་ན་དངོས་གྲུབ་མྱུར་བ་ཡིན་ཡང་། འགལ་ན་ཉེས་པ་དེ་ལྟར་དུ་ཆེ་བ་ཡིན། དེའི་ནང་ནས་དོན་ཆེན་པོ་ཚེགས་ཆུང་ཆུང་གིས་འགྲུབ་པ་དེ་ལ་མན་ངག་ཟེར་བ་ཡིན་ལ་མན་ངག་དེ་འགྲུབ་པར་བྱེད་པ་ལ་ཐབས་ཡོད་དགོས། ཐབས་དང་ཆོ་གའི་རིམ་པའི་བྱེད་ཐབས་དེ་མེད་ན་མན་ངག་གི་ཚིག་རྐྱང་བས་གོ་མི་ཆོད། དཔེར་ན། ཕར་ཕྱིན་དྲུག་བཤད་པའི་སྐབས་སུ། སྦྱིན་པ་ལ་སོགས་པ་སྤྱོད་པའི་ཕྱོགས་སུ་གཏོགས་པའི་ཐབས་ལ་མ་བརྟེན་པར་མན་ངག་གི་ངོ་བོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རྟོགས་མི་ཐུབ་པས། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །ཞེས་གསུངས་པ་ལྟ་བུ་རེད། དེ་བཤད་དོན་གང་ཡིན་ཞེ་ན། ཐར་བའི་ལམ་སྣེ་ཟིན་པའི་བྱ་བ་ཐམས་ཅད་ཀྱི་གྲོགས་སུ་གྱུར་པ་དེ་ངེས་འབྱུང་གི་བསམ་པ་བཟང་པོ་དེ་ཡིན་པ་རེད། ངེས་འབྱུང་མེད་ན་དང་པོ་འཁོར་བ་ལས་བློ་མི་ལྡོག དེའི་སྟབས་ཀྱིས་དད་པ་དང་བརྩོན་འགྲུས་ཞན་ནས་ཆོས་གང་བསྒྲུབ་ཀྱང་། ཉོན་མོངས་ཀྱི་གཉེན་པོར་འགྲོ་བ་ཞིག་དང་འཁོར་བའི་བྱ་བ་བཀག སྡུག་བསྔལ་གྱི་རྩ་བ་ཆོད་པ་ཞིག་འོང་རྒྱུ་མེད་དེ། དུག་ཤིང་གི་རྩ་བ་མ་ཆོད་ན། ཡལ་ག་ཆོད་པས་དུག་གི་རྒྱུན་མི་ཆོད། དེའི་ཕྱིར་ངེས་འབྱུང་མེད་ན་སོར་སྡོམ་བློ་ཁེལ་བ་ཞིག་ཐོབ་མེད་ཚུལ་སྔར་ཡང་ལན་མང་བཤད་པ་ལྟར་ཡིན། དེ་ལྟར་བྱེད་དུས་ཐུན་མོང་ཕྱིའི་སྔོན་འགྲོ་འདིའི་འཁོར་བ་ལས་བློ་ལོག་པའི་ངེས་འབྱུང་བཅོས་མ་མ་ཡིན་པ་ཞིག་སྐྱེ་རྒྱུ་དང་། འཁོར་བ་ལས་ཐར་བའི་ཐར་པ་དོན་གཉེར་བྱེད་ལུགས། བཤེས་གཉེན་དམ་པ་ཇི་ལྟར་བརྟགས་ཤིང་བསྟེན་ནས་དེའི་དགོངས་སྤྱོད་བསླབ་པའི་སྐོར་དེ་ཚོ་ཡིན་ན། དེ་དག་གི་དོན་ཚང་མ་ངག་འདོན་གྱི་ཚིག་དང་འབྲེལ་ནས་དུས་རྒྱུན་འདོན་སྐབས། དང་པོ་ཚིག་གི་ཐོག་ནས་གོ་བ་ལེན་རྒྱུ། དོན་གཉིས་པ་ལ་དེའི་དོན་ལ་རང་གིས་བསམ་བློ་བཏང་ནས་ངེས་ཤེས་རྙེད་རྒྱུ། དོན་གསུམ་པར་དེའི་དོན་དེ་དང་རང་གི་རྒྱུད་ཚོད་གཉིས་པོ་སྦྲེལ་ནས། ང་རང་ཉིད་ལ་མཚོན་ན་ཅི་འདྲ་ཞིག་གི་གྲལ་དུ་འདུག ད་ཕྱིན་ཆད་སྡུག་བསྔལ་གྱི་རྩ་བ་ཆོད་བྱེད། བདེ་སྐྱིད་ཀྱི་ལམ་སྟོན་འོང་བྱེད། ཚེ་འདི་བདེ་ཕྱི་མ་ལ་སྐྱིད་བྱེད། གཞན་སེམས་ཅན་ཕ་མར་གྱུར་ཚད་སྙིང་རྗེའི་ཡུལ་དུ་གྱུར་པ་རྣམས་ལ་ཕན་ཐོགས་བྱེད་ཅི་ཞིག་དགོས། སངས་རྒྱས་ཀྱི་མཛད་པ་ཐམས་ཅད་སེམས་ཅན་གྱི་དོན་ཡིན། སངས་རྒྱས་ཀྱིས་གསུངས་པའི་ཆོས་ཐམས་ཅད་སེམས་ཅན་བདེ་བར་འགོད་བྱེད་ཁོ་ན་སྟེ། གཏམ་ནག་ལ་ཕབ་ན་ཚང་མ་སྡུག་མི་རིག་ཐབས། བདེ་བ་ཆེན་པོ་ད་སྔོན་ཐོབ་མ་མྱོང་ནི་ཞིག་ཐོབ་ཐབས་དེ་རེད་ཡོད། དེ་ཡིན་ན་སེམས་ཅན་མང་པོ་རེད་ལ་ཐམས་ཅད་བསམ་པ་གཅིག་པ་མ་རེད། དཔེར་ན་ནད་མ་གཅིག་པ་ལ་སྨན་མ་གཅིག་པ་ལྟ་བུའི་ཆོས་ཐེག་པ་མཐོ་དམན་སྐྱེས་བུ་ཆེ་ཆུང་གི་ཁམས་དང་བསྟུན་ནས་གསུངས་འདུག འོ་ན་ད་རེས་འཕྲད་པའི་ཆོས་འདི་ཐེག་པ་ཆེན་པོའི་ཆོས་མདོ་སྔགས་ཟུང་འབྲེལ་གྱི་ལམ་ཡིན་ན། ལྷུང་ལུགས་ངན་པ་ཁ་སྦུབ་ཁར་འཁོར་བའི་གནས་ལ་ལྷུང་ཡོད་ཀྱང་། ལྷུང་ས་བཟང་པོ་བྱེ་མའི་ནང་ཆོས་མདོ་སྔགས་ཀྱི་བསྟན་པ་དར་ས་ལ་སྐྱེས་པ་ཆོས་རའི་ནང་དུ་ཐོན་ཡོད་ན། ད་འཇིག་རྟེན་མི་སྨྲ་ཤེས་དོན་གོའི་མཚན་ཉིད་ཚང་ས་ཞིག་ཡིན་ན་མིས་མི་ལ་མི་སྐད་ཀྱི་སྟེང་ནས་བཤད་ཀྱིན་ཡོད་པས། འདིའི་ནང་ནས་མདོ་དོན་ཚུར་ལ་བསྡུས་ནས་རང་ཉམས་ལ་ཕན་བྱེད་ཅིག་ལོན་དགོས་ཞེས་བསམ་རྒྱུའི་སྐེ་རགས་གསེབ་ཏུ་གཅུས་ཕུར་བརྒྱབ་སྟེ། མ་ཤེས་པ་སྦྱངས་དགོས་ནི་རེད། གྲ་སྒྲིག་སྔ་ས་ནས་བྱེད་ན་མ་གཏོགས། ཚེ་ཕྱི་མའི་ལམ་ཆེན་ལ་སླེབ་པའམ་དེ་མིན་ཡང་རྐྱེན་གློ་བུར་བ་དང་འཕྲད་དུས་བློ་དྲི་ས་ཟུར་དུ་ཨེ་ཡོད་མི་ཤེས་པས། ཕོ་རང་གིས་རང་མགོ་ཞིག་མ་ཐོན་ན། ཨ་རོགས་ཟེར་ས་རྙེད་དཀའ་བས། ཡང་པ་རླུང་གིས་ཁྱེར་མི་འདུག་པར། དེ་ལུགས་ཀྱིས་བྱ་བ་ཐམས་ཅད་ཀྱི་ནང་ནས་གནད་ཆེ་ཤོས་ཆོས་སྒྲུབ་ལུགས་ཨེ་ཤེས་བལྟ་རྒྱུ་བོ་དེ་གནད་ཆེན་གལ་ཆེན་དུ་འཇོག་བབ་ནི་རེད། དེའི་ནང་ནས་ཀྱང་གནད་ཀྱི་མདོ་འགག་ཟིན་རྒྱུ་བོ་དེ་གལ་ཆེན་པོ་ཡིན་པ་དེ་ལྟ་བུ་ཡིན་ནོ། །དེ་རིང་གི་ཆོས་མཚམས་དེ་ནས་འཇོག་སོགས་བསྔོ་སྨོན་དང་བཅས་ཆོས་ཁྲིད་གྲོལ་ལོ།།


previousཔ༽ ཉིན་བཞི་པའི་ཆོས་ཁྲིད།next