Nitartha Digital Library
Tibetan
 
previousཙ༽ ཉིན་ལྔ་པའི་ཆོས་ཁྲིད།next

ཙ༽ ཉིན་ལྔ་པའི་ཆོས་ཁྲིད།

མཚམས་སྦྱོར་ཞལ་གདམས།

ཁར་སང་ཡན་ཆོད་དུ་བློ་སྦྱོང་གི་སྐོར་གཙོ་བོ་བྱས་ནས་ཐུན་མོང་ཕྱིའི་སྔོན་འགྲོ་རྣམས། སྔོན་འགྲོའི་ངག་འདོན་འདི་དང་སྦྲེལ་ནས་ཁྲིད་ཀྱི་ལུགས་སུ་ལག་ཁྲིད་བྱས་ནས་བཤད་པ་ཡིན། དེ་ཡང་སྤྱིར་ན་ཆོས་བཤད་པ་འདི་སློབ་མའི་རྒྱུད་ལ་ཕན་ཐོགས་སྤྱད། ཆོས་ཀྱི་སྨན་དེ་སློབ་མས་བསྟེན་ནས་སེམས་རྒྱུད་ཀྱི་ཉོན་མོངས་པའི་ནད་དེ་དྲག་བྱེད་ཅིག་ཡིན་ནི་རེད། དེ་ཡིན་ན་བློ་སྦྱོང་གི་ཆོས་ལ་བློ་སྦྱང་ནས་འཁོར་བ་ལས་བློ་ལྡོག་དགོས་ནི་རེད། འཁོར་བ་ལས་བློ་ལྡོག་པ་མ་ཟད་ཞི་བ་ཕྱོགས་གཅིག་པ་རང་དོན་དུ་མྱ་ངན་ལས་འདས་པ་ཐོབ་འདོད་ཀྱི་བློ་དེ་ཡང་ལྡོག་དགོས། དེས་ན་སངས་རྒྱས་པ་ལ་མི་ཁོམ་པ་བརྒྱད་ལས་ཉན་ཐོས་དང་རང་རྒྱལ་གོལ་ས་ཆེ་བར་གསུངས་ཏེ། དམྱལ་བར་འགྲོ་བ་བྱང་ཆུབ་ཀྱི། །གཏན་གྱི་གེགས་བྱེད་མ་ཡིན་ཏེ། །ཉན་ཐོས་དང་ནི་རང་སངས་རྒྱས། །བྱང་ཆུབ་ཏུ་ནི་གཏན་གེགས་ཡིན། །ཞེས་གསུངས་པ་དང་། འཕགས་པ་དཀོན་མཆོག་བརྩེགས་པའི་མདོའི་ནང་དུ། ཤཱ་རིའི་བུས་ཆོས་བཤད་ན་དགེ་སློང་ལྔ་བརྒྱ་དགྲ་བཅོམ་ཐོབ་རྒྱུ་ཡིན་པ་ལ། འཕགས་པ་འཇམ་དཔལ་གྱིས་དེའི་སྔོན་ལ་ཆོས་ཟབ་མོ་ཞིག་གསུངས་པས། དགེ་སློང་དེ་རྣམས་ཀྱིས་ཆོས་ཟབ་མོ་དེ་བློ་ལ་མ་ཤོང་བས་དེ་ལ་མ་མོས་པས་འབར་བཞིན་དུ་སེམས་ཅན་དམྱལ་བའི་གནས་སུ་ལྷུང་སོང་བ་ལ། བཅོམ་ལྡན་འདས་ཀྱིས། ཤཱ་རིའི་བུ་ཁྱོད་ཀྱིས་ཆོས་བཤད་པས་དགེ་སློང་དེ་རྣམས་དགྲ་བཅོམ་པ་ཐོབ་པར་འགྱུར་མོད། འོན་ཀྱང་འཚང་རྒྱ་བའི་སྐལ་བ་མེད་དོ། །འཇམ་དཔལ་གྱིས་ཆོས་བཤད་པས་རེ་ཞིག་དམྱལ་བར་སྐྱེས་པ་ཡིན་ཡང་། དེ་ནས་ཐར་ཏེ་མངོན་པར་རྫོགས་པར་འཚང་རྒྱ་བ་ཡིན་པས་འཇམ་དཔལ་ཉིད་ཐབས་མཁས་པ་ཡིན་ནོ། །ཞེས་གསུངས་པ་ཡིན་གསུངས། དེ་བཞིན་མདོ་སྡུད་པར་ཡང་། གལ་ཏེ་བསྐལ་པ་དུ་མར་དགེ་བའི་ལས་ལམ་བཅུ། །སྤྱད་ཀྱང་ཉན་ཐོས་པ་དང་རང་རྒྱལ་སེམས་བསྐྱེད་ན། །དེ་ནི་ཚུལ་ཁྲིམས་སྐྱོན་བྱུང་ཚུལ་ཁྲིམས་ཉམས་པ་ཞེས་བྱ་སྟེ། །སེམས་བསྐྱེད་དེ་ནི་ཕས་ཕམ་བས་ཀྱང་ཤིན་ཏུ་ལྕི། །ཞེས་གསུངས། དེ་ལྟར་ན་བློ་ལྡོག་བཞིས་འཁོར་བ་ལས་བློ་ལྡོག རང་འདོད་ཡིད་བྱེད་སྤངས་པས་ཞི་བ་ཕྱོགས་གཅིག་པ་ལས་བློ་ལྡོག་དགོས་རྒྱུ་བོ་དེ་བློ་སྦྱོང་གི་སྙིང་དོན་ངོ་མ་བོ་ཡིན་ནི་རེད། འོ་ན་བློ་སྦྱོངས་ཏེ་འབྱོང་བའི་ཚད་འདྲ་བོ་ཅི་འདྲ་ཞིག་ཡིན་ཞེ་ན། བློ་སྦྱོང་དོན་བདུན་མ་ལས། ཆོས་ཀུན་དགོས་པ་གཅིག་ཏུ་འདུས། །དཔང་པོ་ཉིད་ཀྱི་གཙོ་བོར་ཟུངས། །ཡིད་བདེ་འབའ་ཞིག་རྒྱུན་དུ་བརྟེན། །ཡེངས་ཀྱང་ཐུབ་ན་འབྱུང་བ་ཡིན། །ཞེས་གསུངས་ཏེ། དེ་ཡང་། ཆོས་ཀུན་དགོས་པ་གཅིག་ཏུ་འདུས། །ཞེས་པའི་དོན་ཅི་ཡིན་ཐེག་པ་ཆེ་ཆུང་གི་ཆོས་སངས་རྒྱས་ཀྱིས་བསྟན་པ་ཐམས་ཅད་ཀྱི་བསྟན་དོན་གང་ཡིན་ཞེ་ན། དགོས་པ་ཚང་མ་གནད་གཅིག་ཏུ་འདུས་པ་ཡིན་གསུངས་པའི་དོན་ཏེ། རང་རྒྱུད་ཀྱི་བདག་འཛིན་འདུལ་རྒྱུ་བོ་དེ་གཅིག་པུའི་ནང་དུ་འདུས་པ་ཡིན་ཞེས་གསུང་གི་ཡོད་ནི་རེད། དེ་ཡང་ཆོས་ཅི་ཙམ་བསྒྲུབ། བློ་སྦྱོང་ཅི་ཙམ་བསྒོམས་ཀྱང་གཙོ་བོ་བདག་གཅེས་འཛིན་གྱི་བློ་དེ་ཇེ་ཆུང་ལ་འགྲོ་དགོས་པ་ཡིན། ཆོས་བསྒྲུབ་ནི་བོ་བདག་གཅེས་འཛིན་གྱི་གཉེན་པོ་ལ་མ་སོང་ན་ཆོས་བསྒྲུབ་པ་དོན་མེད་དུ་གྱུར་པ་ཡིན། ཆོས་བསྒྲུབ་པ་དེ་ཆོས་ངོ་མའི་གྲལ་དུ་འགྲོ་དང་མི་འགྲོའི་རྩ་བ། བདག་འཛིན་གྱི་གཉེན་པོར་སོང་དང་མ་སོང་ལ་ཐུག་པས། ཆོས་པ་སྲང་ལ་འཇལ་བྱེད་ཀྱི་རྒྱ་མ་དེ་གང་ཡིན་ཞེ་ན། བདག་འཛིན་ཆེ་ཆུང་ལ་བལྟ་རྒྱུ་འདི་ཡིན་གསུངས། དེའི་སྟེང་དུ་ད་དུང་ཆོས་པ་རྣམ་དག་རེད་ཡོད་མེད་བལྟ་བསམ་ན། དཔང་པོ་ཉིད་ཀྱི་གཙོ་བོར་ཟུངས། །ཞེས་གསུངས་པ་ཡིན་པས། གཞན་ཕ་རོལ་པོས་ཆོས་པ་རྣམ་དག་རེད་ཅེས་བཤད་ན། སྤྱིར་ཁ་དཔེར། སྟོང་སྡེའི་ཁ། ཡེ་ཤེས་ཀྱི་སྤྱན། ཟེར་བ་ལྟར་ཡིན་མོད། འོན་ཀྱང་རང་བློ་ལྐོག་གྱུར་དེ་མངོན་ཤེས་མེད་པའི་འཇིག་རྟེན་ཕལ་བ་རྣམས་ཀྱིས་ཤེས་མི་ཐུབ་པ་དང་། འཇིག་རྟེན་གྱི་སོ་སོའི་སྐྱེ་བོ་དེ་བློ་ཆུང་བས། བློ་ཆུང་བས་བློ་ཆུང་བ་ལ་ལྟར་སྣང་གི་སྤྱོད་ལམ་སྣ་རེས་ཀྱང་མགུ་ཐབས་བྱེད་པ་ཡིན་པ། གཙོ་བོ་རང་སེམས་ལ་རང་གིས་མི་ཁྲེལ་རྒྱུ་ཞིག་ནམ་ཡང་འབྱུང་ཐུབ་ན་བློ་སྦྱོང་འགྲུབ་ཀྱིན་ཡོད་པའི་རྟགས་ངོ་མ་བོ་དེ་ཡིན། དེས་ན་དཔང་པོ་གཞན་དག་གིས་བཤད་པའི་སྐད་ཆ་ལ་ཆ་འཇོག་མི་བྱེད་པར་རང་སེམས་རང་གི་དཔང་པོར་གཙོ་བོར་ཟུངས་དང་འགྲིག་པ་ཡིན་ཞེས་གསུངས་པ་ཡིན། དེ་ཡང་དཔང་པོ་ཞེས་པ་ལ་ས་ཆ་འདིའི་སྐད་ལ་གེ་རེ་ཅན་ཞེས་ཟེར་བ་ཡིན་ན། དེ་ཡང་གེ་རེ་ཅན་གཉིས་ཡོད་དེ། གཅིག་མི་གཞན་དག་དང་གཅིག་རང་ཉིད་ཡིན་པས་ལས་རང་གཙོ་བོ་བྱེད་དགོས་པས། དཔང་པོ་ཉིད་ཀྱི་གཙོ་བོར་ཟུངས། །ཞེས་པས་རང་དཔང་པོའི་གཙོ་བོར་བཟུང་སྟེ་རང་བློ་རང་ལ་ལྐོག་ཏུ་མ་གྱུར་པ་ཡིན་པས། རང་གིས་རང་མ་ཁྲེལ་བས་རང་གིས་རང་དག་པ་ཞིག་བྱུང་ན་ཡིན་གསུངས། ཡང་། ཡིད་བདེ་འབའ་ཞིག་རྒྱུན་དུ་བརྟེན། །ཞེས་པས། དེ་ཡང་རྐྱེན་ངན་དང་སྡུག་བསྔལ་གྱི་རིགས་ཅི་འདྲ་ཞིག་ཐོག་ཏུ་བབ་ཀྱང་དེ་ལ་འཇིགས་སྐྲག་དང་ཡི་མུག་བྱེད་མ་འདུག་ཅེས་གསུངས་ཏེ། མི་འདོད་པ་ཇི་ལྟར་ན་མི་འོང་སྟེ་འདི་ཁམས་གསུམ་འཁོར་བའི་གནས་ཡིན་པས་རེད། དེ་མིན་ན་འདི་ལ་མེ་ཡི་འོབ། སྲིན་མོའི་གླིང་། དུག་སྦྲུལ་གདུག་པ་ཅན་གྱི་ཚང་དང་འདྲ་ཞེས་གསུངས་དོན་ཡོད་པ་མ་རེད། འཇིགས་སྐྲག་སྡུག་བསྔལ་ཅི་བྱུང་ཡང་བློ་སྦྱོང་གི་གྲོགས་བྱེད་ཐུབ་དགོས། འཇིགས་དང་སྡུག་བསྔལ་བྱུང་བའི་དུས་སུ་དེ་ལ་གདོང་ལེན་བྱེད་པའི་གཉེན་པོར་ཆོས་བསྒྲུབས་ཏེ་བློ་སྦྱང་བ་ཡིན་ན། རང་གིས་རང་ལ་ཚོད་ལེན་བྱེད་བློ་སྦྱོང་བྱེད་ཡག་ཤོས་དེ་ཡིན་པ་ཤེས་ན། ཡིད་བདེ་མ་གཏོགས་ཡི་ཆད་འོང་དོན་མེད་པས་དེ་ལྟ་བུའི་ཡིད་བདེ་འབའ་ཞིག་དང་རྒྱུན་དུ་འགྲོགས་ཐུབ་པ་དེ་ཡང་བློ་འབྱོང་བའི་ཚད་ཡིན་པར་གསུངས། དེ་ཡང་ཆོས་བསྒྲུབ་ཅེས་པ་ཡང་དོན་དུ་རང་ཉིད་ཀྱི་ལུས་སེམས་གཉིས་ཀ་ལ་སྦྱོང་བརྡར་གསར་པ་ཞིག་སྤྲད་ནས། མི་ལོ་བ་དེ་ལོ་སྤྱད་ཅིག་ལ་བསྒྱུར་བ་སྟེ། རིན་ཐང་མེད་པ་དེ་རིན་ཐང་ཅན་ཞིག་ཏུ་བསྒྱུར་བའི་དོན་ཡིན། སྤྱིར་མི་ཞིག་ཟེར་དུས་སྐྱིད་སྡུག་གང་ཡང་གཅོག་པའི་བློ་རྒྱ་དང་སྤྲོ་སྣང་ཅན་ཞིག་ཡིན་དགོས་པས་ཚེ་གཅིག་ལ་དགའ་བསྡད་ཡོད་པ་ལྟ་བུ་ཞིག་ཡིན་ན་ལེགས་པ་ཡིན་མ་གཏོགས། མི་ཚེ་གང་བོར་སྡུག་གི་མུན་པ་རུབ་སྟེ་སྡུག་གིས་གང་། སྣང་བ་ཚོ་མ་དྭངས་ཤར་རེ་ཡོད་པའི་མི་དེ་ཚོ་ལ་རྩ་བ་མེད་རྟགས་ཡིན། ཆོས་འཇིག་རྟེན་གཙུག་ལག་དང་ལུགས་གཉིས་ཟུང་གི་བྱ་བཞག་གང་བསྒྲུབ་ན་སྤྲོ་སྣང་ཡོད་དགོས་པ་ཡིན། ཁ་དཔེར་མི་བོ་རྟ་བོ་མཛོ་བོ་གསུམ། །ཕྱི་ལ་མེད་ན་ནང་ལ་མེད། །ཅེས་པ་ལྟར་རེད། དེ་ཡང་ཡོད་ཡོད་བྱས་པས་ཡོད་ཡོང་བ་ཅི་ཡོད་ཀྱང་། མེད་མེད་བྱས་པས་ཡག་སྤྱད་མེད། དེ་བས་ཕ་བཟང་གི་བུ་བུ་མོ་རྣམས་སེམས་འདྲ་ཞིག་ཤི། ཡི་འདྲ་ཞིག་ཆད་མ་འདུག་དང་ཆད་དགོས་ནི་མ་རེད། དུས་ངན་བསྐལ་ངན་ཤར་ནས་ཟླ་བ་རེར་འབྲུ་རིགས་རྒྱ་མ་བཅུ་གྲངས་ལས་ཟ་རྒྱུ་མེད་དུས་ད་དུང་སྣང་བ་སྤྲོ་མོ་འདྲ་ཞིག་མེད་དམ། དགག་པ་འཐབ་འཛིང་གི་རྒྱུན་མི་ཆད་པར་དོ་དམ་གྱི་འོག་ལ་ཡོད་སྐབས་ཀྱང་ཕོ་རབས་དེ་ཚོ་ལ་ཅི་འདྲ་སྤྲོ་སྣང་ཞིག་མེད། དེང་སང་དུས་བཟང་བསྐལ་བཟང་ཚེས། སྐྱིད་དགའ་ལོངས་སྤྱོད་གང་ལ་གང་འཚམས་ཡོད་དུས་ཡིན་ན། ཁོག་པ་སྡུག་གིས་གང་། བཟེ་རེ་ཕོ་བ་གང་རེ་འཆང་ནས། མིས་མི་མཐོང་དུས་དགྲས་དགྲ་མཐོང་བ་ལྟར་དང་པོ་ནས་གྲི་མགོར་འཐམ་འདུག་རྒྱུ་དེ་བརྒྱག་རྒྱུ་སྡུག་པས་ཡིན། དེ་འདྲ་དེ་ངོ་མས་བཤད་ན་ཐེ་རོ་མེད་པའི་རྟགས་ཡིན། ཡིན་པའི་རྒྱུ་མཚན་དཔའ་ཁ་ནང་ལ་ངོམ་རྒྱུ་དེ་ཐེ་རོ་མེད་པའི་རྟགས་རེད། ལར་འགྲོ་བ་མི་ཡི་རིགས་སུ་དང་གང་ཡིན་ཡང་རིགས་མཐུན་སྡེ་རུས་གཅིག་གི་ནང་ཚན་གྱི་འགྲོ་བ་རེད། ཁྱད་པར་དུ་བོད་གངས་ཅན་གྱི་མི་ཐམས་ཅད་པོ་ཡབ་ཆེན་སྤྲེལ་རྒན་རྒྱལ་པོ་དང་མ་ཡུམ་བྲག་སྲིན་གཉིས་ཀྱི་ཤ་ཁྲག་རིགས་རུས་ལས་ཆད་པའི་སྤུན་ཟླ་མིང་སྲིང་ཤ་སྟག་རེད། ཡང་སྒོས་སྡེ་ཡུལ་བ་གཅིག་གི་མི་ཐམས་ཅད། ཆོས་དམ་ཚིག་གཅིག་ལ་བརྟེན་པའི་བླ་ལུ་གཅིག་གི་གྲྭ་ཚང་། དཔོན་ལུ་གཅིག་གི་འོག་སྡེ་སྟེ། ཕ་ཁུ་བོ་ཚུན་ཆད་ནས་སྡེ་ཁྲ་བོ་གཅིག་གི་ནང་དུ་གཤིབ་པ་ཤ་སྟག་ཡིན་ནི་རེད། དེ་མིན་པའི་རུ་སར་སྡེ་སར་ཞིག་ཡིན་ན་ཡང་། སྡེ་ཚོ་བ་མཚོ་འདྲ་ཞིག་གི་ནང་དུ་ཤར་ལི་ཉ་འདྲ་ཞིག་བསྡད་ན། ཁོ་རང་ལ་བསམ་བློ་ཞིག་ཡོད་ངེས་ཏེ། སྦྲ་སྒོ་ཤར་ལ་བསྟན་ནས་ཨེ་དྲོ་དང་། སྦྲ་ཕུགས་བྲག་ལ་གཏད་ནས་ཨེ་བཙན་བསམ་པ་ཡིན་རྒྱུ་རེད་མ་གཏོགས། རང་གར་ཅི་བསམ་འདི་བསམ་མེད་པར་འོང་བ་ཞིག་ཅི་ལ་ཡིན། ཁྱིམ་ཚང་གཅིག་གི་མི་ལ་གསར་རྙིང་གི་ཁྱད་པར་ཅི་ཡོད། བླ་སྤྲུལ་རྣམ་པ་འདྲ་ཞིག་ལ་མཚོན་ཁུལ་བྱས་ན། ཕྱོགས་མེད་ཡོངས་ལ་སྙོམ་པའི་ཐུགས་བརྩེས་སྐྱོང་བཞིན་ཡོད་པ་བཤད་ཅི་དགོས་ཏེ། བླ་མ་གྲྭ་བ་ཟེར་དུས་སྟོན་པ་སངས་རྒྱས་ཀྱི་རྗེས་འཇུག སྟོན་དང་བསྟན་པ་གཉིས་ཀའི་བདག་ཉིད་དམ་ཆོས་འདུལ་བ་རྒྱུད་ལ་བཞུགས་མཁན་ཡིན་པས། དགེ་སྦྱོང་གི་ཆོས་བཞི་སྟེ་གཤེ་བ་ལ་སླར་མི་གཤེ། ཁྲོ་བ་ལ་སླར་མི་ཁྲོ། མཚང་འབྲུ་བ་ལ་སླར་མི་འབྲུ། བརྡེག་པ་ལ་སླར་ཅི་ལ་བརྡེག་ཅེས་པའི་དམ་བཅའ་བླངས་བའི་གང་ཟག་ཤ་སྟག་ཡིན་པས། གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ། །ཞེས་གསུངས་ལྟར་ཡིན། གཞན་ཡང་ཁོང་རྣམ་པ་ཕྱག་འཚལ་ས་དང་ཐུགས་གཏད་སྐྱབས་འཇུག་ཞུ་ས་བོ་ཡིན། དེས་ནང་ན་དཔེར་ན་རྐུ་ཐབས་སུ་གནས་པ་ཞེས་དགེ་འདུན་པའི་གྲལ་དུ་འཚང་བའི་རྫུན་མ་འདྲ་ཡོད་སྲིད་པ་དེ་ཁ་ཁ་ཡིན་པས་དེ་འདྲ་དེ་ལ་སྤྱང་ཀི་རྒྱབ་སེར་ངོ་མས་ཟེར་ཆོག་ནི་རེད། འོན་ཀྱང་སྔོན་རྔོན་པ་གྲྭ་ཆས་ཅན་ཞིག་གིས་རི་དྭགས་དད་པ་ཅན་ཞིག་གསོད་གྲབས་བྱེད་དུས། རི་དྭགས་དེ་ལ་མངོན་ཤེས་ཡོད་པས་ཤེས་མོད། ཤེས་བཞིན་དུ་སངས་རྒྱས་ཀྱི་ན་བཟའ་ལ་དད་པ་དང་གུས་པའི་སྒོ་ནས་གསོད་དུ་བཅུག རྒྱལ་པོ་ཆོས་ལྡན་གྱི་ཁྲིམས་ཀྱི་ནང་དུ་སྟོན་པའི་ན་བཟའ་ཙམ་བསྟེན་པ་ལ་ཡང་ཁྲིམས་ཡང་བ་དེ་འདྲ་ཡང་ཡོད། དེ་ཕྱིར་བླ་སེར་རྣམ་པ་ནི་དད་པའི་གནས་ཡིན་པས་གོང་ལ་བཞུགས་པ་སྨོས་ཅི་དགོས། མི་སྐྱ་ཕོ་མོ་ཡིན་ཡང་བོད་གངས་ཅན་ཆོས་ས་ཆོས་ཡུལ་གྱི་མི་ཡིན་དུས། ཚེ་འདི་ཕྱི་གཉིས་ཀྱི་ལམ་སྟོན་ཆོས་ཀྱིས་བྱས་པས། སེམས་བདེ་ཤ་རེ། མདངས་དགའ་ཡ་ལེ་ཡོད་དགོས་པ་ཡིན། ཡང་ལོ་ཉུང་རྣམས་ཀྱིས་ཚེ་སྟོད་ཀྱི་ཉི་མ་ནམ་ཟླ་སྐྱིད་དུས་དགའ་དུས་དཔེ་དབྱར་ཟླ་གསུམ་གྱི་དུས་ཚོད་འདྲ་བ་དེ་ཆང་ཁང་དང་ཤོ་ཁང་སོགས་དོན་མེད་སྡིག་ལས་ཀྱི་ངང་དུ་ཟད་མ་འཇུག ཁོམ་ལོང་བྱུང་ཚེ་དགའ་ཉེ་མཐུན་གསུམ་ཚང་མ་མཉམ་དུ་འཛོམ་ནས་གླུ་ལོངས། བྲོ་བརྡུང་ནས་མི་ཚེ་སྐྱིད་ལ་འཁོར་དུ་ཆུག་དང་ཆོག་ལ། སྡེ་ཤོག་རང་རང་གི་རྩ་འཛུག་བྱས་ནས་གླུ་བྲོ་ཡི་རྩེ་ར་ཡོད་ན་ཡང་ཧ་ཅང་ལེགས་པས། གླུ་བ་ཟུར་ནས་ཁྲིད་དེ་ཅི་བྱེད་རང་གི་གླུ་རང་གིས་བླངས་ནས་གླུ་བ་རང་གིས་གྱིས། སྦྱང་བདར་སྤྲད་ན་གཅིག་གིས་ཐོན་རྒྱུ་གཅིག་གིས་མི་ཐོན་རྒྱུ་ཅི་ལ་ཡོད། གང་ཅིའི་ཐད་ནས་དཔའ་ཞུམ་དགོས་ནི་མ་རེད། ལོ་ཉུང་རྣམས་ཚོང་ཁང་རྒྱན་ཁང་མ་གཏོགས་འགྲོ་ས་མེད་དུས་ཁེ་ཐོ་གློ་མདུང་བྱེད་ལོས་འོང་། དགུན་ཁ་ཁོམ་སྐབས་ལྟ་བུ་ལ་སྔ་དྲོ་གླིང་སྐོར་དང་སྐོར་བ་བྱས་ནས་ལྷ་མཇལ་ཞུས། ཕྱི་དྲོ་དགོང་མོ་དེ་ཚོ་ལ་རྩེད་མོ་བརྩེ་ན་སྐྱིད་ནི་རེད། རྒ་རྒས་རྣམས་ཀྱིས་ཀྱང་ཤི་རྒྱུ་བསྒུགས་ནས་འཆི་སྡུག་མ་གསོག སྐྱེས་ནས་མ་རྒས་མ་ཤི་བ་སུ་ཡང་མེད། དེ་བས་རྣམ་ཐར་དང་མགུར་འབུམ་ཉོན། ལྟ་ཤེས་པ་ཚོས་མདོ་སྡེ་ལས་བརྒྱ་པ་དང་མཛངས་བླུན། བཀའ་གདམས་ཕ་ཆོས་བུ་ཆོས་སོགས་ལ་ལྟོས་དང་ཡག་པོ་ཡིན། ཐང་ཡིག་སྡེ་ལྔ་དེ་ཚོ་ལ་ཉན་ཤེས་ན་གོ་བ་ལེན་རྒྱུ་ཡོད་པས་ཉོན་དང་ཡག་ནི་རེད། ད་དུང་དེ་ཡིས་མི་ཚད་པར་རྒ་རྒས་ལྔ་བཅུ་དྲུག་ཅུ་ཚུར་འཛོམ་འོང་ནས། ཡི་གེ་ཤེས་པ་དེ་ཚོས་མི་ལའི་མགུར་འབུམ་སོགས་ངག་བཀུག་ནས་འདོན་བཅུག་ན་ཅི་འདྲ་མི་ལེགས། དམྱལ་གླིང་རྫོགས་པ་ཆེན་པོ་ཐོན་དང་ཡག་ནི་རེད་ཆོས་ཁོ་ན་ཡིན། དེ་ལྟར་ཡིན་པས་འཇིག་རྟེན་འདིའི་སྐྱིད་སྡུག་གཉིས་ཀའི་ཚོར་སྣང་མྱོང་རྒྱུའི་སྐལ་བ་དེ་རྒ་རྒས་རྣམས་ཀྱིས་མྱོང་ཚར་བ་རེད། ཚིམ་རྒྱུ་ཡོད་ན་ཚིམ་རན་དང་སུན་རྒྱུ་ཡོད་ན་སུན་རན་ཡིན། དེ་ཡང་སྐྱེ་འཆི་མགོ་ནག་གི་མི་དང་། གྲ་རྒས་དམར་ཡག་གི་སྟག་ཟེར་བ་ལྟར་ཡིན་པས་འཇིག་རྟེན་གྱི་མི་དེ་ཚོ་དང་པོ་སྐྱེ་ལུགས་ཡག་བཙོག བར་དུ་གྲགས་པ་ཆེ་ཆུང་། ཐ་མ་ཤི་ལུགས་བཟང་ངན་ཡིན་པས། མི་གསར་སྐྱེས་ཚང་མ་ཤི་ནས་ཚུར་སྐྱེས་པ་ཤ་སྟག་ཡིན་ན་སྐྱེ་འཆི་ཞེས་པ་རྟོག་པས་བཏགས་ལུགས་ཤིག་ཡིན་པས། བསྡད་ན་དགའ་ནི་རེད་སྐྱིད་ནི་རེད་དེ་འཇིག་རྟེན་གྲང་ང་ཁམས་ཡིན་པས་ཉིན་རེ་བསྡད་ན་དགེ་བ་འགྲུབ་ནི་རེད། ཤི་ན་སྐྱིད་ནི་རེད་འགྲོ་ས་དག་པའི་ཞིང་ཁམས་སམ་དེ་མིན་ཡང་ཆོས་ལྡན་གྱི་མི་ལུས་ཤིག་ལ་འདུན་པ་གཏོད་དང་ཆོག ད་གང་ལྟར་བྱས་ཀྱང་ཆོས་པ་ལ་སྐྱིད་མ་གཏོགས་སྡུག་མེད། དེ་ཡང་སྐྱ་སེར་མཆོད་ཡོན་སུ་ཡིན་རུང་ཚོ་བ་སྡེ་ཁག་ཆུང་ཆུང་གི་འགོ་མ་འཚོ་ཕྱོགས་རིས་ཆུང་ཆུང་གིས་ཅི་ཡང་མི་ལོ་སྟེ་སྡེ་ཚོ་ཆེན་ཁ་འཐོར་དུ་གཏོང་བྱེད་ཡིན། ལྷག་བསམ་ཤེས་རྒྱ་ཡིས་མི་ཁྲི་ཚོ་ཁ་ཤས་བསྐྱང་མ་ཐུབ་རུང་སྟོང་ཕྲག་འགའ་རེ་ལ་ཁྱིམ་གཅིག་གི་ཁྱིམ་མིའི་འདུ་ཤེས་བཟུང་ནས་སྐྱོང་ལོས་འཇོག སྡེ་ཚོ་བ་ཆེན་པོའི་མི་དེ་ཚོ་བློ་ཁོག་རྒྱ་གཅིག་ཆུང་གཉིས་ཆུང་ཡིན་ན་སྡུག་པོ་ཡིན་ལ་ཁ་ཐུར་དུ་འགྲོ་བའི་སྔ་ལྟས་ཡིན་པ་དེས་ན་ཕོ་མོ་རྒན་གཞོན་སུ་ཡིན་ན་ཁོག་རྒྱ་ཆེ་ལོབ་སྦྱོང་དང་ཁོག་རྒྱ་ཆེ་རྒྱུ་དེ་ཡ་རབས་ཤེས་ཆེན་གྱི་རྟགས་རེད། ཁོག་ཆུང་བཟེ་རེ་ཅན་པོ་མ་རབས་ཀྱི་རྟགས་མཚང་ཡིན་པས། བླ་མ་མི་ཕམ་ཚང་གིས། ས་འདི་མ་རབས་ཀྱིས་གང་ཡང་། །རང་ཉིད་ཡ་རབས་སྤྱོད་པ་བྱ། །དེ་ལྟ་ན་ནི་ཆོས་ཉིད་ཀྱིས། །རང་ལ་ཕུན་སུམ་ཚོགས་པར་འགྱུར། །ཞེས་གསུངས་ན་ཤེས་རྒྱ་ཁོག་རྒྱ་ཅན་མང་པོ་ཞིག་ས་ཆ་དེར་ཡོད་ན། རྒྱབ་ཁེན་ས་རྟེན་ས་གཏད་ས། རེ་ས་སྐྱབས་གནས་ཤིག་ཡོད་སོང་བ་ཡིན། དེ་ཡོད་དུས་རི་ཤ་ཆེན་ལ་བརྟེན་པའི་རི་དྭགས་འདྲ་འདྲ། འཁྲི་ས་རྟེན་སའི་གྲིབ་ཅིག་ཡོད་པ་ཡིན་པས། བློ་ཁོག་ཡངས་ན་འཐབ་རྩོད་ཉུང་ཞིང་སྐྱིད། །གཞན་ལ་གང་ཕན་བྱས་ན་རང་ཉིད་བདེ། །དཀོན་མཆོག་གསུམ་ལ་གཏད་ན་འདི་ཕྱིར་ལེགས། །བསོད་ནམས་ཚོགས་བསགས་བྱས་ན་བསམ་པ་འགྲུབ། །ཅེས་གསུངས། དེ་ཡང་མང་ཆེ་བ་ཁོག་རྒྱ་ཅན་ཡ་རབས་ཀྱི་སྤྱོད་པ་ལ་དགའ་བ་ཅན་དང་། ས་དེ་ཚོ་ཡ་རབས་ལ་བཟང་པོར་བརྩི་ནི། མ་རབས་ལ་ངན་པར་བརྩི་མཁན་རེད་དུས། མི་ལ་མགོ་སྐེ་ཕྲག་གསུམ། ས་ལ་རི་ཐང་གཤོང་གསུམ་ཡོད་ས་ཡིན་པས། ཀུན་གྱིས་དེ་ན་བཟང་ངན་གྱི་དབྱེ་བ་ཡོད་པའི་ས་ཆ་བསོད་ནམས་ཅན་ཡིན་ཞེས་ཀུན་གྱིས་སྨོན་པའི་ཡུལ་དུ་གྱུར་སྐབས་ཉུང་ཉུང་ཁ་ཤས་ཤིག་ཤེས་མེད་ལང་ཤོར་ཡིན་ཡང་སྐྱོན་མེད་དེ། དེ་ཚོ་ལ་རྩེ་ས་རྒྱུག་སའི་ཐང་ཞིག་ཡོད་སོང་བ་ཡིན། དེ་ལྟར་ཐང་ཡངས་མོ་ཞིག་རྩེ་ས་འཕགས་ས་ཡོད་དུས། དང་པོ་ནས་གཡང་ས་གཟར་མོ་ཞིག་ནས་ལྕེབ་འཇོག་མི་དགོས། ཤེས་ཆེན་གྱི་སྔུན་ནས་ཤེས་མེད་དེ་ཡང་ཁོ་རང་གི་བསོད་ནམས་ཡིན་ཏེ། དཔེར་ན་ཕ་མ་ཁོག་རྒྱ་ཅན་གྱི་བུ་རྒྱུད་ལྟ་བུ་ཡིན་པས་ཉིན་ཞིག་ལམ་ལ་ཞོག་སྟེ་ཡག་པོ་རེད་འགྲོ། ཁྱིམ་དེའི་མི་མང་ཆེ་བའི་ཀུན་སྤྱོད་དང་བསམ་པའི་རྗེས་སུ་མི་འགྲོ་མཁན་ཞིག་བདུད་ལྷས་བྱིན་ལྟ་བུ་ཉུང་ཉུང་མ་གཏོགས་མེད། བདུད་སྟོབས་ཆེན་ཡིན་ཡང་ཁོ་རང་གི་ཚོད་ཀྱི་བསོད་ནམས་ཤིག་དང་བསྟུན་པའི་སྨོན་ལམ་ཞིག་ཡོད་དགོས་ན་དེ་ཡང་ཡོད་པ་དཀོན་པོ་ཡིན། ཤེས་མེད་སྤྲོ་ཐུང་ཁོ་ན་མ་གཏོགས་ས་དེར་མི་མེད་ན་རྟེན་ས་འཁྲི་ས་དང་བློ་གཏད་ས་མེད་སོང་བ་ཡིན། དེ་ཅན་པོའི་ས་ཆ་ལ་བསོད་ནམས་ཀྱི་སྐྱིད་འཁྲི་ནི་མ་རེད། རྒྱུ་བསོག་ན་ཤེས་རབ་དང་རྣམ་དཔྱོད་ཀྱི་རྩལ་བཏོན་ནས་ཚུལ་དང་མཐུན་པར་བསགས་དགོས་པ་རེད། ཚོང་ཡག་པོ་བརྒྱབ་ན་ནང་གིས་ནང་ལ་མགོ་རྡུང་སྤྲད་མི་འདུག་པར། ཁ་ཕྱི་ཕྱོགས་ཀྱི་ཚོང་ར་ལ་འཁོར་ནས་རྒྱུ་ནང་ཕྱོགས་ལ་འཁོར་དུ་བཅུག་དགོས། དེ་ཡང་བསོག་པའི་དུས་སུ་བསགས་ཐུབ་དགོས་མ་གཏོགས། མི་ཚེ་གང་བོར་རྒྱུག་འདུར་གཉིས་ཀའི་མཐར་དོམ་དང་བུ་ལོན་མགོ་ལ་གྱོན་པ་ལས། གད་ཁུག་ནས་གྲོ་མ་བསྐོས་ཏེ་བསྡད་ན་རྣ་སོས་འཇམ་པ་སེམས་སོས་དལ་བ་གཉིས་ཀ་ཡིན་ནི་རེད། རྒྱུ་ཡོད་དུས་གཏོང་བའི་དུས་སུ་གཏོང་ཐུབ་དགོས། དེ་མ་ཐུབ་ན་ཕྱི་མ་ཐུར་དུ་འགྲོ་བྱེད་ཀྱི་གཏིང་རྡོ་བྱེད་ནའང་མི་ཤེས། མིག་བཙུམ་པ་དང་ད་ལྟ་ཡོད་རྒྱུ་འདི་ཚོ་གཅིག་ཀྱང་མེད་ལ། བུ་དང་ཚ་བོའི་འཚོ་རྟེན་ལ་རྒྱུ་བཞག་པས་མི་ཕན། དེ་བས་བུ་དང་ཚ་བོའི་རྒྱུད་ལ་ཡོན་ཏན་ཞོག་དང་དུས་བཟང་ངན་ལེགས་ཉེས་གཉིས་ཀའི་སྐབས་ལ་མེད་རྒྱུ་དང་ཟད་རྒྱུ་གཉིས་ཀ་མེད། དེ་ཟད་མེད་ཀྱི་ལོངས་སྤྱོད་ཅིག་ཡིན་ནི་རེད། དེའི་སྟེང་དུ་གཤིས་བཟང་སྤྱོད་ལམ་ལེགས་ཤིང་ལྷག་བསམ་ལ་རྒྱ་ཞིག་ཡོད་དུ་ཆུགས་དང་མིའི་རིགས་ཀྱི་བདེ་སྐྱིད་ལ་ཕན་ཞིག་ཐོགས་རྒྱུའི་རེ་བ་ཡོད་པ་ཡིན་ཏེ། ངས་དུས་རབས་ཉེར་གཅིག་པའི་གངས་ལྗོངས་གཞོན་ནུའི་ཁྱུ་ཚོགས་ལ་སྤྲིངས་པའི་གཏམ་གྱི་ནང་དུ། རྔུལ་ཆུས་བསགས་པའི་དངོས་ནོར་ཕྲ་མོའི་རྫས། །མཐའ་མར་གཞན་གྱི་ལོག་འཚོའི་རྒྱུར་འགྱུར་བས། །ལོངས་སྤྱོད་ལྷག་མ་བུ་ཚའི་ཤེས་ཡོན་གྱི། །རྟེན་དུ་ཐོངས་དང་རང་གཞན་ཀུན་ལ་ཕན། །ཞེས་བྲིས་མྱོང་ལ། དེས་རང་གཞན་ཀུན་ལ་ཕན་ཐོགས་ཡོད་པ་མ་ཟད་འདི་ཕྱི་ཐམས་ཅད་ལ་ཕན་ཐོགས་ཡོད་ནི་རེད། དེ་ལྟར་ང་ཚོའི་སྐད་ཆའི་འཕྲོས་དོན་གང་ལས་བྱུང་བ་ཡིན་ན་བློ་སྦྱོང་གི་སྐབས་ནས་བཤད་པ་ཡིན་ལ། དེ་ཡང་སྐྱིད་སྡུག་གང་བྱུང་ལ་དགའ་བ་སྒོམས་ཞེས་བཤད་པ་ཡིན་ཏེ། ཇི་སྐད་དུ། ང་ན་ན་ན་སྟེ་ན་བས་དགའ། །སྔར་བསགས་ཀྱི་ལས་ངན་འཛད་པ་ཡིན། །ཞེས་གསུངས་པ་ལྟར། མི་འདོད་པའི་རྐྱེན་ངན་གྱིས་སྔར་བསགས་ཀྱི་ལས་ངན་ཟད། བདེ་སྡུག་གཏོང་ལེན་གོམས་པའི་བྱང་སེམས་ཀྱི་གྲོགས་སུ་འགྱུར་བས་རྐྱེན་ངན་གང་བྱུང་ཡང་དགའ་བ་བསྒོམ་པ་མ་ཟད། དེའི་སྟེང་དུ་གཞན་གྱི་རྐྱེན་ངན་ཡོད་ཚད་པོ་ངའི་ཐོག་ལ་འབབ་པར་ཤོག ངའི་འདིས་སེམས་ཅན་ཐམས་ཅད་ཀྱི་ཐོག་ལ་ཡོང་རྒྱུའི་མི་འདོད་པའི་གོ་ཆོད་པར་ཤོག་བསམ་ནས་རྐྱེན་ངན་དགའ་བཞིན་དུ་དང་དུ་ལེན་ཐུབ་ན་ལྟས་ངན་གཡང་དུ་བསྒྱུར། རྐྱེན་ངན་གྲོགས་སུ་འཆར་ཐུབ་པའི་ཐབས་དམ་པ་ཡིན། དེ་བས་དམ་པའི་ཆོས་འདི་མིའི་འཚོ་བའི་ནང་ལ་མེད་ན་ཐབས་མེད་ཡིན། དེ་མེད་དུས་གསོན་ཚེ་འདིའི་དུས་སྐབས་རྐྱང་པར་བསམ་ན། འཚོ་བའི་ནང་དུ་ཆ་མ་ཚང་བའི་སྟོང་ཆ་ཆེན་པོ་ཞིག་མ་གང་བའི་སྟབས་ཀྱིས། ཕྱིའི་འབྱོར་བ་ཡོད་ཀྱང་ནང་གི་འབྱོར་བ་མེད་པའི་དབུལ་པོ་ཞིག་གི་ལུས་རྟེན་ཡིན་ཟེར་བའི་རྒྱུ་མཚན་དེ་ཡིན། རྐྱེན་ངན་ཅི་བྱུང་ཡང་ལྟས་ངན་གཡང་དང་རྐྱེན་ངན་གྲོགས་སུ་བསྒྱུར་ཤེས་པ་ཞིག་དང་དེའི་སྟེང་གོང་གི་བློ་སྦྱོང་དོན་བདུན་མའི་ལུང་གི་ཚིག་རྐང་བཞི་པ། ཡེངས་ཀྱང་ཐུབ་ན་འབྱུང་བ་ཡིན། །ཞེས་པས་དཔེར་ན་མི་སྐྱ་རྩལ་ཅན་ཞིག་སེམས་ཡེངས་ནས་ཡོད་དུས་སུ་རྟ་འགྲོགས་ན་ཡང་ལྷུང་མི་ཐུབ་པ་དེ་འདྲ་བར་ཆེད་གཏད་ཀྱིས་དྲན་པས་བཟུང་བསྡད་མེད་ཀྱང་རྐྱེན་ངན་གང་བྱུང་བློ་སྦྱོང་གི་འགལ་རྐྱེན་ལ་མི་འགྲོ་བར་མཐུན་རྐྱེན་གྱི་གྲོགས་སུ་འགྲོ་ཐུབ་ཅེས་གསུངས། དེ་ནི་བློ་སྦྱོང་གིས་བློ་སྦྱངས་ནས་བློ་འབྱོང་བའི་རྟགས་དང་ཚད་ལྟ་བུ་ལ་འཇོག་པ་ཡིན་ནོ། །འོ་ན་དེ་ནས་སྦྱངས་མི་དགོས་སམ་ཞེ་ན། དེ་ཡང་མིན་ཏེ་བློ་སྦྱོང་གནད་ཐོག་ལ་འགྲོ་བའི་རྟགས་རེད་མ་གཏོགས་སྦྱངས་མི་དགོས་པར་མཚམས་འཇོག་ཆོག་པའི་དོན་མིན། ད་དུང་སངས་རྒྱས་མ་ཐོབ་ཀྱི་བར་དུ་གོང་འཕེལ་དུ་གཏོང་དགོས་པ་ཡིན་ནོ།།

ཐུན་མིན་ནང་གི་སྔོན་འགྲོ།

ཀ སྐྱབས་སུ་འགྲོ་བའི་ཁྲིད།

དང་པོ་མདོར་བསྟན་པ།

དེ་ལྟ་བུའི་བློ་སྦྱོང་གི་ཆོས་ཚན་སྔོན་ལ་སོང་ནས། དེ་རིང་གི་སྐབས་སུ་བབས་པ་གང་ཞིག་འཆད་པར་བྱ་བ་ནི། རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ངག་འདོན་རྣམ་མཁྱེན་ལམ་བཟང་གི་ཐུན་མིན་ནང་གི་སྔོན་འགྲོ་འཆད་པའི་སྐབས་སུ་བབ་པ་ཡིན་ལ། དེ་ལ་ཐུན་མིན་ནང་གི་སྔོན་འགྲོ་ཡང་ས་བཅད་རྣམ་པ་དྲུག་གི་སྒོ་ནས་བཤད་དགོས་ཏེ། ལམ་ཐམས་ཅད་ཀྱི་རྨང་རྡོ་སྐྱབས་འགྲོ་དང་གཅིག ཐེག་ཆེན་ལམ་གྱི་རྩ་བ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་གཉིས། འགལ་རྐྱེན་སྡིག་སྒྲིབ་སྦྱོང་བ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་དང་གསུམ། མཐུན་རྐྱེན་ཚོགས་བསགས་པ་མཎྜལ་དང་བཞི། བདུད་བཞི་ཅིག་ཆར་དུ་གཅོད་པ་ཀུ་སཱ་ལིའི་ཚོགས་བསགས་དང་ལྔ། རྟོགས་པའི་ཡེ་ཤེས་རང་རྒྱུད་ལ་བྱ་བའི་ཐབས་ཀྱི་མཐར་ཕྱིན་པ་བླ་མའི་རྣལ་འབྱོར་དང་དྲུག དེ་ལས་སྐྱབས་འགྲོ་དང་སེམས་བསྐྱེད་གཉིས་ཚོགས་བསགས་སྒྲིབ་སྦྱང་གཉིས་ཀར་གཏོགས། རྡོར་སེམས་སྒོམ་བཟླས་སྒྲིབ་པ་སྦྱོང་བའི་ཐབས་དང་། མཎྜལ་དང་དེའི་ཡན་ལག་ཀུ་སཱ་ལིའི་ཚོགས་བསགས་གཅོད་དང་བཅས་པ་ཚོགས་བསགས་པའི་ཐབས་ཡིན། དེ་ལྟ་བུའི་ཚོགས་བསགས་སྒྲིབ་པ་སྦྱོང་བའི་ཐབས་བཞིའམ་ལྔ་པོ་འདི་དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུད་ལ་སྐྱེད་པར་བྱེད་པའི་རིང་རྒྱུའམ་ལྷན་ཅིག་བྱེད་རྐྱེན་ཡིན། བླ་མའི་རྣལ་འབྱོར་ལ་མོས་གུས་གནད་དུ་བསྣུན་རྒྱུ་དེ་དངོས་རྒྱུ་འམ་ཉེ་རྒྱུ་ཡིན་ཟེར་དགོས། དེ་ལྟར་ཡིན་པའི་ཚུལ་ཡང་ཤེས་བྱེད་ཆུ་ཀླུང་ཆེན་པོའི་རྒྱུད་ལས། དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །ཚོགས་བསགས་སྒྲིབ་པ་སྦྱང་བའི་ལག་རྗེས་དང་། །རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། །ཐབས་གཞན་བསྟེན་པ་རྨོངས་པར་ཤེས་པར་བྱ། །ཞེས་གསུངས་ཏེ། དེ་ཡང་དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །ཞེས་གསུངས་པས་སྐལ་བ་དང་ལྡན་པའི་གང་ཟག་ཐེག་པ་ཆེན་པོའི་ལམ་ལ་ཞུགས། དེའི་ནང་ནས་གསང་བ་སྔགས་ཀྱི་ལམ་ནས་ཐབས་ཁྱད་པར་ཅན་ལ་བརྟེན་ཏེ་གནས་ལུགས་ཟབ་མོའི་དོན་བདེ་བླག་ཏུ་རྟོགས་ནས་འཁོར་བའི་མཚོ་ལས་སེམས་ཅན་ཐམས་ཅད་བསྒྲལ་བར་འདོད་པའི་རྡོ་རྗེའི་ཐེག་པ་ལ་ཞུགས་པའི་ལམ་པ་ཞིག་གིས། བདེ་བར་གཤེགས་པས་རྗེས་སུ་བསྟན་པའི་ཆོས་ཀྱི་སྡོམ་བཞིའི་ཉམས་ལེན་ལག་ལེན་བྱེད་དགོས། དེ་ཡང་ཆོས་ཀྱི་སྡོམ་བཞིའམ་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་པོ་གང་ཡིན་ཞེ་ན། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ། མྱ་ངན་ལས་འདས་པ་ཞི་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་དེ་རྣམས་ཡིན། ཆོས་ཀྱི་སྡོམ་བཞིའི་ལག་ལེན་བྱེད་མཁན་ཞིག་གིས་རྙེད་པར་དཀའ་བའི་དལ་འབྱོར་གྱི་ལུས་རྟེན་དང་བཅས་པའི་སྣོད་བཅུད་ཐམས་ཅད་འདུས་བྱས་ཡིན་པས་མི་རྟག་པ་ཡིན་པ་དང་། ལས་དཀར་ནག་ལ་མ་ལྟོས་པའི་ཟག་བཅས་ཀྱི་ལས་ལས་སྐྱེས་པའི་འབྲས་བུ་ཁམས་གསུམ་འཁོར་བ་འདི་ཐམས་ཅད་ཡིན་ན་སྡུག་བསྔལ་ལས་མ་འདས་པ་དང་། བྱང་ཆུབ་གསུམ་གྱི་རང་བཞིན་དེ་མྱ་ངན་ལས་འདས་པ་ལམ་དང་བཅས་པ་དེ་ཞི་བ་བསིལ་བ་ཡིན་པ་དེ་མཐོང་ནས་ལམ་སྟོན་དགེ་བའི་བཤེས་གཉེན་ཞིག་ལ་བསྟེན་ཏེ་ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་ཞིང་བདག་མེད་པའི་དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བ་དེ་རང་རྒྱུད་ལ་མངོན་དུ་བྱེད་པའི་ཐབས་ལ། ཚོགས་བསགས་སྒྲིབ་པ་སྦྱང་བའི་ལག་རྗེས་དང་། །ཞེས་གསུངས་པས་སྐྱབས་འགྲོ་སེམས་བསྐྱེད་ལ་སོགས་པའི་ཚོགས་བསགས་སྒྲིབ་པ་སྦྱོང་བའི་ཐབས་ཁྱད་པར་ཅན་དེ་ཚོ་རྒྱུད་ལ་བསྟེན་པའི་ལག་རྗེས་དང་། རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། །ཞེས་དེ་ཡང་རྟོགས་པ་མཆོག་ལྡན་གྱི་བླ་མ་དམ་པའི་མངོན་རྟོགས་ཡིད་ལ་བྱས་ནས་ཐུགས་ཡིད་དབྱེར་མེད་དུ་བསྲེ་བའི་སྒོ་ནས་བྱིན་རླབས་སེམས་ལ་ཞུགས་ཏེ། དགོངས་བརྒྱུད་རྟོགས་པའི་ཕ་ཕོག་ཐོབ་པ་བྱེད་རྒྱུ་མ་གཏོགས། ཐབས་གཞན་བསྟེན་པ་རྨོངས་པར་ཤེས་པར་བྱ། །གསུངས་ཏེ། དེ་ལས་གཞན་པའི་ཐབས་སྣ་ཚོགས་ཇི་ལྟར་བསྟེན་ཀྱང་རྒྱུ་རྐྱེན་ཕུན་སུམ་ཚོགས་མེད་དུས་འབྲས་བུ་ཚུལ་བཞིན་དུ་བསམ་པ་འདྲ་ཞིག་འབྱུང་རྒྱུ་གང་ན་ཡོད་དེ། དེ་ལྟར་དུ་འབྱུང་དུ་རེ་བ་དེ་ཡང་རྨོངས་པའི་རང་བཞིན་བྱིས་པ་བསམ་མེད་ཀྱི་ལས་ཡིན་པར་ཤེས་པར་བྱ་ཞེས་གསུངས་པ་ཡིན། དེ་ལྟ་བུའི་བསགས་སྦྱང་གི་གནད་ཁྱད་པར་ཅན་ལ་བརྟེན་ནས། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཟབ་མོ་ནང་གི་དེ་ཁོ་ན་ཉིད། བདེ་བླག་ཏུ་རྟོགས་པར་བྱེད་པའི་ཐབས་དང་པོ་སྐྱབས་འགྲོ་ལ་མཚོན་ན། འདིར་ཐུན་མིན་ནང་གི་སྔོན་འགྲོ་བཤད་པའི་སྐབས་ཡིན་ན། སྐྱབས་འགྲོ་འདི་ཐུན་མིན་ཇི་ལྟར་ཡིན་ཏེ། མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ནི་ནང་པ་སངས་རྒྱས་པ་ཐུན་མོང་གི་ཁྱད་ཆོས་ཡིན་པ། ཕྱི་པ་ནང་པ་སྐྱབས་འགྲོའི་ཁྱད། །ཅེས་གསུངས་པ་མ་ཡིན་ནམ་བསམ་ན། ཐུན་མོང་བའི་དབང་དུ་བྱས་ན་དེ་ལྟར་ཡིན་མོད་འདི་ནས་ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་ཞེས་དམིགས་ཀྱིས་བཀར་ན། སྤྱིར་སྐྱེས་བུ་ཆུང་འབྲིང་ཆེ་གསུམ་ལས་འདིར་སྐྱེས་བུ་ཆེན་པོའི་སྐྱབས་འགྲོ། དེ་ལས་མདོ་སྔགས་གཉིས་ཀྱི་དབང་དུ་བྱས་ན་སྔགས་ཀྱི་སྐྱབས་འགྲོ། སྔགས་ཀྱི་ནང་ནས་ཀྱང་ནང་རྒྱུད་ཡོ་ག་སྡེ་གསུམ་གྱི་རྩེ་མོ་ཨ་ཏི་ཡོ་གའི་ལུགས་ལྟར་དུ་བྱས་དུས་འདི་ཐུན་མིན་གྱི་སྐྱབས་འགྲོ་ཡིན་ནི་རེད།

གཉིས་པ་རྒྱས་པར་བཤད་པ།

༡༽ སྤྱི་དོན།

༡ སྐྱབས་འགྲོའི་དབྱེ་བ།

དང་པོ་དབྱེ་བ་མདོར་བསྟན་པ།

དེས་ན་འདིར་སྐྱབས་འགྲོ་འདི་ལ་སྐྱབས་འགྲོའི་དབྱེ་བ་དང་གཅིག སྐྱབས་སུ་འགྲོ་ཚུལ་དང་གཉིས། ཕན་ཡོན་བསླབ་བྱ་བསྟན་པ་དང་གསུམ་གྱི་ཐོག་ནས་བཤད་དགོས་པས། དང་པོ་སྐྱབས་འགྲོའི་དབྱེ་བ་དེ་ཅི་ལྟར་ཡིན་ཞེ་ན། གོང་ནས་སྨོས་པ་ལྟར་གྱི་སྐྱེས་བུ་གསུམ་གྱི་སྐྱབས་སུ་འགྲོ་ཚུལ་ཡོད་པ་ཡིན། དེ་ཡང་ངན་སོང་གསུམ་གྱི་སྡུག་བསྔལ་ལ་འཇིགས་ཤིང་སྐྲག་ནས་མཐོ་རིས་ལྷ་མིའི་བདེ་འབྲས་ཙམ་ཞིག་དོན་དུ་གཉེར་ཞིང་འདུན་པས་སྐྱབས་སུ་འགྲོ་བ་དེ་སྐྱེས་བུ་ཆུང་ངུ་ཡིན་ཏེ། ལམ་སྒྲོན་ལས། གང་ཞིག་ཐབས་ནི་དེ་དག་གིས། །འཁོར་བའི་བདེ་བ་ཙམ་དག་ལ། །རང་ཉིད་དོན་དུ་གཉེར་བྱེད་པ། །སྐྱེས་བུ་དེ་ནི་ཐ་མར་འོས། །ཞེས་གསུངས་པ་ལྟར། དེ་ཚོའི་ཐར་བ་དེ་འཁོར་བའི་ངན་སོང་གི་སྡུག་བསྔལ་ལས་གནས་སྐབས་གྲོལ་ཙམ་པའི་ངེས་ལེགས་གྱི་ན་བ་ཞིག་ལ་ཐར་བར་རྩི་བཞིན་ཡོད། དོན་ལ་ངན་སོང་གི་འཇིགས་པ་ཙམ་ལ་སྐྲག་ནས་གནས་སྐབས་ཀྱི་འབྲས་བུ་མཐོ་རིས་ལ་དམིགས་པས། དུས་ལ་མཚོན་ན་མངོན་མཐོའི་བདེ་འབྲས་མ་ཐོབ་པར་སྐྱབས་སུ་འགྲོ་བ་དེ་འདྲ་ཞིག་ཡིན་ནོ། །འཁོར་བའི་སྡུག་བསྔལ་མཐའ་དག་ལ་སྐྲག་ནས་རང་ཉིད་གཅིག་པུ་ཞི་བདེ་དོན་དུ་གཉེར་ཞིང་དད་པས་སྐྱབས་སུ་འགྲོ་བ་ནི་སྐྱེས་བུ་འབྲིང་ཡིན་ཏེ། ལམ་འདི་སྟོན་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལས་བརྩམས་ཏེ་གསུངས་པའི་ཆོས་ཤིག་ཡིན། འདི་དག་གི་བློའི་ཁྱད་པར་ནི། སྲིད་པ་མཐའ་དག་སྡུག་བསྔལ་དུ་ཤེས་པས་འཕགས་ནི་རེད། དུས་གནས་སྐབས་ཇི་སྲིད་འཚོའི་བར་དང་མཐར་ཐུག་ཉན་རང་གི་འབྲས་བུ་མ་ཐོབ་བར་དུ་སྐྱབས་སུ་འགྲོ་བ་ཡིན་ནོ། །ཡང་མཐའ་མེད་འཁོར་བའི་སེམས་ཅན་གཞན་དག་ཐམས་ཅད་ཀྱི་སྡུག་བསྔལ་ཀུན་དང་བྲལ་ནས་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པའི་ཕྱིར། སྙིང་རྗེ་ཆེན་པོས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དེ་སྐྱེས་བུ་ཆེན་པོའི་སྐྱབས་འགྲོ་ཡིན་ནོ། །དེ་ལས་ང་ཚོས་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་འདོད་ཀྱི་བསམ་པ་ཅན་གྱི་སྐྱེས་བུ་ཆེན་པོའི་སྐྱབས་འགྲོ་བསོད་ནམས་ཚད་མེད་པའི་འཇུག་ངོགས་དེ་ལ་བསླབ་དགོས། དེའི་རང་བཞིན་ཇི་ལྟ་བུ་ཞེ་ན་སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པ་ཞིག་ཡིན་པས། གཞན་དོན་སྤོང་བའི་ཞི་བདེ་ལ་ཡང་འཇིགས། སེམས་ཅན་གཞན་གྱི་སྡུག་བསྔལ་མཐའ་དག་ཟད་པར་བྱ་བའི་ཆེད་དུ། སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་རྒྱུའི་སྔོན་ལ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ནི་རེད། དུས་ཅི་ཙམ་ལ་སྐྱབས་སུ་འགྲོ་ན་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར་རམ་སངས་རྒྱས་ཀྱི་ཡེ་ཤེས་གཞལ་དུ་མེད་པ་རང་རྒྱུད་ལ་བརྙེས་ནས་བྲལ་ཐོབ་དང་བསླུ་བ་སྤོང་བའི་འབྲས་བུའི་སྐྱབས་གནས་ལ་མ་རེག་གི་བར་དུ་སྐྱབས་སུ་འགྲོ་རྒྱུ་ཞིག་ཡིན།

གཉིས་པ་རྒྱས་པར་བཤད་པ།

༡༽ མཆོག་གསུམ་སྤྱིར་བཤད་པ།

དེ་ལྟར་བཤད་འོང་དུས། སྐྱེས་བུ་ཆེ་ཆུང་གི་སྐྱབས་འགྲོ་འདི་ལ་སྐྱབས་སུ་འགྲོ་ཚུལ་ལ་སོགས་པ་གང་བཤད་ཀྱང་རུང་དང་པོ་སྐྱབས་སུ་འགྲོ་བའི་ཡུལ་དཀོན་མཆོག་གསུམ་ཤེས་རྒྱུ་དེ་གལ་ཆེ། འདི་ནས་ངག་འདོན་གྱི་ཚིག་གི་སྟེང་ནས་བཤད་ན། དཀོན་མཆོག་གསུམ་དངོས་བདེ་གཤེགས་རྩ་བ་གསུམ། །རྩ་རླུང་ཐིག་ལེའི་རང་བཞིན་བྱང་ཆུབ་སེམས། །ངོ་བོ་རང་བཞིན་ཐུགས་རྗེའི་དཀྱིལ་འཁོར་ལ། །བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི། །ཞེས་ཤོ་ལོ་ཀ་གཅིག་གིས་བསྟན་ཏེ། དེ་ཡང་དཀོན་མཆོག་གསུམ་ཞེས་པ་སངས་རྒྱས་ཆོས་དང་དགེ་འདུན་གསུམ་རེད་ཅེས་སུས་ཡིན་ན་ཟེར་ཤེས། འོན་ཀྱང་རེ་རེ་ནས་སངས་རྒྱས་གང་ཡིན་ཆོས་གང་ཡིན་དགེ་འདུན་གང་ཡིན་ཞེས་དྲིས་ན་ཚིག་ལན་འཕྲོད་དཀའ་བ་ཡིན། སྤྱིར་ཡང་ཤེས་བྱའི་ཆོས་ལ་ཟད་པ་མེད་པས་མི་ཞིག་གིས་དྲིས་ཚད་ཚང་མ་ལ་ལན་ཅི་ལ་ཕོག་སྟེ། རྣམ་མཁྱེན་གྱི་ཡེ་ཤེས་ལྟ་བུ་ཡོད་ན་མ་གཏོགས། ཤེས་བྱ་ཐམས་ཅད་མ་འདྲེས་པར་མཁྱེན་ནི་མ་རེད། འོན་ཀྱང་ནང་བ་སངས་རྒྱས་པ་ཞིག་ཡིན་ཅིང་ཁྱད་པར་དུ་གཞན་གྱི་འདྲེན་སྟོན་ལ་ཁས་འཆེ་བ་ཞིག་ཡིན་ན། སྐྱབས་འགྲོའི་ངོ་བོ་ངེས་ཚིག་ཙམ་ཞིག་མ་ཤེས་ན་དེ་ཐབས་སྐྱོ་བ་ཡིན་ཏེ། ཀུན་མཁྱེན་འཇིགས་གླིང་གིས། འཇིགས་པ་གསུམ་གྱི་ཆུ་གཏེར་འཁྲུག་པ་ལས། །སྐྱབས་སུ་འོས་པར་ཡིད་ཆེས་གྲོགས་བརྟན་པའི། །དཀོན་མཆོག་གསུམ་གྱི་གྲགས་པའི་གདུགས་དཀར་ནི། །བསྟན་ལ་ཞུགས་པའི་ཐོག་མ་ཉིད་དུ་འཛིན། །ཞེས་གསུངས་ཏེ། སངས་རྒྱས་བསྟན་པའི་ཆོས་སྒོར་ཐོག་མ་ཉིད་དུ་ཞུགས་པ་ཞིག་གིས་ཀྱང་དེ་ཤེས་དགོས་པར་གསུངས། དེ་ཡང་འཇིགས་པ་གསུམ་པོ་དེ་གང་ཡིན་ཞེ་ན། སྤྱིར་འཁོར་བའི་སྡུག་བསྔལ་དང་གཅིག སྒོས་རང་དོན་ཡིད་བྱེད་དང་གཉིས། ཡང་སྒོས་སུ་ཐ་མལ་འཁྲུལ་འཛིན་དང་གསུམ་པོ་དེ་ལ་སྐྲག་ནས་སྐྱབས་སུ་འགྲོ་བ་དེ་ཡིན། དེ་ཡང་དཀོན་མཆོག་གསུམ་མ་ཡིན་པའི་སྐྱབས་སུ་འགྲོ་ས་གཅིག་ཀྱང་མེད་དེ། ཨེ་སྐྱོབ་བསམ་ནས་སྐྱབས་སུ་འགྲོ་དུས་མ་སྐྱོབ་ན་སྐྱབས་སུ་སོང་ནས་ཅི་བྱེད། དེའི་ཕྱིར། བདག་ནི་སྟོན་པ་གཞན་སྤང་ནས། །ཁྱོད་ལ་སྐྱབས་སུ་མཆི་ལགས་ཀྱི། །ཅི་ཡི་སླད་དུ་ཞེ་ན་ཁྱེད། །སྐྱོན་མི་མངའ་ལ་ཡོན་ཏན་རྫོགས། །ཞེས་གསུངས་པ་ལྟར། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྤང་བྱ་མ་ལུས་པ་སྤངས་པས་རང་ཉིད་འཇིགས་པ་མེད་པའི་གནས་ཐོབ། རྟོགས་བྱ་མ་ལུས་པ་རྟོགས། ཡོན་ཏན་མ་ལུས་པ་རྫོགས་པའི་སྟོབས་ཀྱིས་གཞན་འཇིགས་པ་ལས་སྐྱོབ་པའི་ནུས་པ་དང་ཐབས་མཁས་གཉིས་ཀ་དང་ལྡན། དེའི་སྟེང་དུ་ཀུན་ལ་ཉེ་རིང་མེད་པའི་ཐུགས་རྗེ་དང་ལྡན་པས་སྐྱབས་སུ་འོས་པ་གཅིག་པུ་གང་ཡིན་ན་དཀོན་མཆོག་གསུམ་པོ་ཡིན། འོ་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སེམས་ཅན་སྐྱོབ་པའི་ཐུགས་རྗེ་ཡོད་པ་ཡིན་ན་སེམས་ཅན་སྡུག་བསྔལ་མྱོང་བཞིན་ད་དུང་འཁོར་བའི་གནས་སུ་ལྷག་ཡོད་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། ཕྱིའི་ཡན་ལག་སངས་རྒྱས་ལ་སེམས་ཅན་སྐྱོབ་པའི་རྒྱུ་མ་ཚང་བ་མེད་མོད་ཀྱང་། ནང་གི་ཡན་ལག་སེམས་ཅན་རང་ཉིད་ལ་བློ་རྩེ་གཅིག་ལ་གཏད་ནས་སྐྱབས་སུ་འཛིན་པའི་སྟོབས་མེད་པའི་རྒྱུ་མཚན་གྱིས་སྡུག་བསྔལ་བ་ཡིན་པས། ཕྱིའི་ཡན་ལག་དང་ནང་གི་ཡན་ལག་གཉིས་ཀ་ཆ་འགྲིགས་སོང་ན་དཀོན་མཆོག་གི་ཐུགས་རྗེས་འཁོར་བའི་གནས་ནས་སེམས་ཅན་འདྲེན་ཐུབ་པ་ཡིན། དེས་ན་རང་ཉིད་ཀྱིས་སྐྱབས་སུ་འཛིན་པའི་རྒྱུའི་གཙོ་བོ་སྟོན་པ་དང་བསྟན་པའི་ཡོན་ཏན་ཤེས་རྒྱུ་དེ་ཐོག་མ་ཉིད་དུ་གལ་ཆེ་བ་ཡིན། དེ་ཤེས་པ་ལ་ཐོག་མར་དད་པ་ཡོད་དགོས། བདེ་ལེགས་ཐམས་ཅད་ཀྱི་རྩ་བ་དད་པ་ཡིན་པ་དང་ཡོན་ཏན་ཐམས་ཅད་དད་པ་ལ་བརྟེན་ནས་སྐྱེ་དགོས། དད་པ་སྐྱེ་བ་དང་དཀར་པོའི་ཆོས་ཐམས་ཅད་མཉམ་དུ་འཛོམ་འོང་བ་ཡིན། དད་པ་འཕགས་པའི་ནོར་བདུན་པོའི་ནང་ནས་དང་པོར་བཞག སྔོན་བྲམ་ཟེ་ཐུབ་དཀའ་ནག་པོ་ཟེར་བ་དེ་པཎྜི་ཏ་མང་པོ་དང་རྩོད་པ་བྱས་པས་པཎྜི་ཏ་རྣམས་ཀྱིས་རྩོད་པས་མ་ཐུབ་ཀྱང་ཉིན་ཞིག་སྡེ་སྣོད་ཀྱི་གླེགས་བམ་ཞིག་མཐོང་བས། དེའི་ནང་ན་སྟོན་པས་རང་ཉིད་ལུང་བསྟན་པ་མཐོང་སྟེ་དད་པའི་སྟོབས་ཀྱིས་ལས་ཟད་ནས་ནང་བའི་ཆོས་ལམ་ལ་ཞུགས་སྟེ་མཁས་པ་ཆེན་པོ་སློབ་དཔོན་དཔའ་བོ་ཞེས་པར་གྱུར་པ་ཡིན་ནོ། །དེ་ཡང་དད་པ་འདི་ལ་དབྱེ་བ་ཕྱེ་ན། དང་བའི་དད་པ། འདོད་པའི་དད་པ། ཡིད་ཆེས་པའི་དད་པ། ཕྱིར་མི་ལྡོག་པའི་དད་པ་དང་བཞིའི་དབྱེ་བ་སྔོན་འགྲོའི་སྐབས་འདིར་ཕྱེ་བ་ཡིན། དེ་ལས་དང་འདོད་ཀྱི་དད་པ་གཉིས་པོ་ལས་དང་པོ་བའི་དད་པ་ཡིན་པས་རྐྱེན་གྱིས་བསྒྱུར་ཐུབ། རྗེས་མ་གཉིས་པོ་སྨོན་པའི་གནས་མ་ནོར་བ་ཡིན། སོ་སོའི་སྐྱེ་བོ་རྣམས་ལ་དད་པའི་མི་མཐུན་ཕྱོགས་ཆེན་པོ་ཞིག་ཡོད་པ་གང་ཡིན་ཞེ་ན། ཡུན་རིང་མི་འགོར་བར་ཚེ་ཟད་ནས་ཕུང་པོ་དུར་ཁྲོད་ཀྱི་ནང་དུ་ཉམ་ཉེས་པར་འགྱུར་བ་དེ་མགྱོགས་མྱུར་དུ་འོང་སྣང་མི་བྱེད་པའི་ལས་ཀྱི་ཞགས་པ་དེས་བསྡམས་པ་དེའི་སྐྱོན་ཡིན། དད་པ་མེད་པ་ཞིག་གིས་སྐྱབས་འགྲོ་དང་གསོལ་འདེབས་འབུམ་ཐེར་མང་པོ་བསགས་ཀྱང་དོན་དུ་གཏི་མུག་གིས་འགྲོ་བ་དང་། འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ་ཙམ་ཞིག་མ་གཏོགས། སྐྱབས་འགྲོ་མཚན་ཉིད་པ་རེད་ཐུབ་མེད།

༢༽ བྱེ་བྲག་མཆོག་གསུམ་སོ་སོར་ངོས་བཟུང་བ།

༡ སངས་རྒྱས་དཀོན་མཆོག

དེས་ན་དད་པ་འཇོག་སའི་མཆོག་གསུམ་པོ་དང་པོ་ཤེས་དགོས་པ་ཡིན་ན། སངས་རྒྱས་ཞེས་པ་སྐུ་གསུམ་གྱི་བདག་ཉིད་ཅན་ཞིག་ཡིན། སྐུ་གསུམ་ནི། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་རྣམས་སོ། །དེ་ལས་ཆོས་སྐུ་དེ་དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་རང་བཞིན། དྲི་མ་མཐའ་དག་དང་བྲལ་བའི་ཡེ་ཤེས་ནམ་མཁའ་ལྟ་བུའི་ངོ་བོ་ཉིད་དེ་ཡིན། སོ་སོར་ཕྱེ་ན་དབྱིངས་དག་མཉམ་ཆེན་པོ་སྐུ་ཐམས་ཅད་ཀྱི་ཆོས་ཉིད་བྱེད་པའི་ཆ་ནས་ངོ་བོ་ཉིད་སྐུ་དང་། ཡེ་ཤེས་སྤངས་རྟོགས་མཐར་ཕྱིན་པའི་རིག་པའི་ངོ་བོ་ཆོས་སུམ་ཅུ་རྩ་བདུན་གྱི་བདག་ཉིད་དེ་ལ་རྟོགས་པ་ཡེ་ཤེས་ཆོས་སྐུ་ཞེས་གསུངས། དེ་ཡང་མངོན་རྟོགས་རྒྱན་ལས། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །སོགས་ནས་རྣམ་པ་ཐམས་ཅད་མཁྱེན་ཉིད་དང་། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །ལོངས་སྐུ་ནི་འཁོར་བའི་ཆ་ཀུན་གཞི་ཚོགས་བརྒྱད་དང་བཅས་པ་དབྱིངས་དག་མཉམ་ཆེན་པོའི་ངང་དུ་ནུབ་སོང་བའི་སྟོབས་ཀྱི་ཆ་ནས་བཞག་པས། གཞིའི་གནས་ལུགས་ཀྱི་སྣང་ཆའི་ཡོན་ཏན་སྟོང་གཟུགས་ཀྱི་སྐུར་ཡོངས་སུ་རྫོགས་པ་ངེས་པ་ལྔ་ལྡན་གྱི་རང་བཞིན་ཅན་ཞིག་ཡིན་ནོ། །སྤྲུལ་སྐུ་ཅི་འདྲ་ཡིན་ཞེ་ན། འགྲོ་བའི་བླ་མ་སྟོན་པ་བཅོམ་ལྡན་འདས་ཀྱིས་གཟིགས་པ་ལྔ་ལ་གཟིགས་ནས་འཛམ་བུའི་གླིང་འདིར་ཡུལ་དབུས་སུ་སྐུ་བལྟམས་ནས་མཛད་པ་བཅུ་གཉིས་ཀྱི་མཛད་ཆེན་བསྐྱངས་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་ནས་གདུལ་བྱ་སྐྱོང་བར་མཛད་པ་པོ་དེ་ལྟ་བུ་ཡིན་ཏེ། ལང་ཀར་གཤེགས་པའི་མདོ་ལས། གཙང་མའི་གནས་དག་སྤངས་ནས་སུ། །འོག་མིན་ཞེས་བྱ་ཉམས་དགའ་བར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་བ་པོ་ཞིག་འདིར་སངས་རྒྱས། །ཞེས་གསུངས་པས་སོ། །སངས་རྒྱས་དེ་ཐམས་ཅད་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་འཕྲིན་ལས་ཚང་མ་མངའ་བ་ཞིག་ཡིན། སྔར་རྒྱ་གར་ན་མུ་སྟེགས་གཅེར་བུ་པ་ཉེ་ཐུང་ཟེར་བ་གཅེར་བུ་པའི་ལུགས་འཛིན་ཅིང་ནང་པ་ལ་མི་དད་པ་ཞིག་ཡོད། ཁོའི་འགྲམ་དུ་ཁྱིམ་བདག་དཔལ་སྦས་ཞེས་པའི་ཁྱིམ་བདག་ཆེན་པོ་ཞིག་ཡོད་པས་མུ་སྟེགས་པ་དེས་ཁྱིམ་བདག་ལ་ངན་བསླབས་ཏེ། ཁྱོད་ཀྱིས་ཕྱི་སྒོའི་འགྲམ་དུ་དོང་ཆེན་པོ་ཞིག་རྐོས་ལ། དེའི་ནང་དུ་དུ་བ་མེད་པའི་མེ་མདག་གིས་ཁོངས་ལ་དེའི་སྟེང་དུ་ཐལ་བ་སྲབ་མོ་ཞིག་དང་དེའི་སྟེང་ས་སྲབ་མོ་ཞིག་གིས་བཀབ་ནས་མི་མངོན་པར་བྱོས། ཡང་ཁྱིམ་ནང་དུ་ཟ་མ་ལེགས་པོ་གྲ་སྒྲིག་གྱིས་ལ་ཟ་མའི་ནང་དུ་བཙན་དུག་ངར་བ་ཟོས་པ་ཙམ་གྱིས་སྲོག་གཅོད་པ་དེ་འདྲ་བསྲེས་ཤིག དེ་ལྟར་གྲ་སྒྲིག་བྱས་ནས་ཁྱོད་ཀྱིས་ནང་བ་སངས་རྒྱས་པའི་སངས་རྒྱས་འཁོར་བཅས་བོས་ཤོག་དང་ཐམས་ཅད་མཁྱེན་པ་ཨེ་ཡིན་དེ་ནས་ཤེས་ཞེས་བཤད་པས། ཁྱིམ་བདག་དཔལ་སྦས་བདེན་ཁ་ཡངས་པས་མུ་སྟེགས་པའི་གཡོ་འོག་ཏུ་ཚུད་དེ། དེ་ལྟར་གྲ་སྒྲིག་ཆ་ཚང་བྱས་ཏེ་སངས་རྒྱས་འཁོར་བཅས་ལ་སང་ཉིན་འབྱོན་པར་ཞུ་དུས། སངས་རྒྱས་ཀྱིས་མཁྱེན་བཞིན་དུ་བྱོན་པར་ཞལ་བཞེས་གནང་ནས་ཕྱི་ཉིན་ཁྱིམ་བདག་དཔལ་སྦས་ཀྱི་ཁྱིམ་དུ་བྱོན། དེར་ཕྱི་སྒོའི་འགྲམ་དུ་ཕེབས་པ་དང་དེར་ཞབས་བཞག་མ་ཐག་ལོང་བས་མིག་གིས་མཐོང་། འོན་པས་སྒྲ་ཐོས། སྨྱོན་པ་རྣམས་ཀྱིས་དྲན་པ་རྙེད་པ་སོགས་མི་བདེ་བའི་སྡུག་བསྔལ་ཡོད་པ་ཐམས་ཅད་བདེ་བ་ཐོབ། མེ་རྣམས་རང་ཞིར་གྱུར་ནས་མེ་ཐམས་ཅད་མེ་ཏོག་པདྨའི་ཚལ་དུ་གྱུར་པས་སངས་རྒྱས་འཁོར་བཅས་བྱོན་དུས་ཐམས་ཅད་པོ་ངོ་མཚར་ཏེ་དད་པའི་གནས་སུ་གྱུར། དེར་ཁྱིམ་བདག་དཔལ་སྦས་དང་ཉེ་ཐུང་གཉིས་ཀས་འགྱོད་བཤགས་བྱས་ཏེ་ཁྱིམ་དུ་ཕེབས་སྐབས་ཁྱིམ་བདག་གིས། ངས་ནི་ཉེས་པའི་སྟེང་དུ་ཉེས་པ་བསགས་པའི་གྲ་སྒྲིག་མང་པོ་བྱས་པས་གསོལ་བ་ལེགས་པོ་མེད། མི་ངན་གྱི་ཁ་ལ་ཉན་ནས་དུག་བཏབ་ཡོད་པ་མྱུར་དུ་གསོལ་བ་སྟབས་བདེ་ཟུར་དུ་དྲང་རྒྱུ་ཡིན་ཞུས་པར་སངས་རྒྱས་ཀྱིས། སྐྱོན་མེད་ཁྱོད་རང་གིས་ཟ་མ་གང་གྲ་སྒྲིག་བྱས་ཡོད་ན་དེ་དྲོངས་ཤོག་གསུངས་ཤིང་། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །བཅོམ་ལྡན་སངས་རྒྱས་དུག་མི་མངའ། །སངས་རྒྱས་བདེན་པས་དུག་བཅོམ་མོ། །ཞེས་དེ་བཞིན་ཆོས་དང་དགེ་འདུན་གཉིས་དང་སྦྱར་ནས་ཚིགས་བཅད་གསུམ་པོ་དང་མཉམ་དུ་སྦྲགས་ནས་དྲོངས་དང་སྐྱོན་མེད་གསུངས་པས། ཁྱིམ་བདག་གིས་དེ་ལྟར་དུ་ཚིགས་བཅད་གསུམ་དང་བསྒྲགས་ནས་གསོལ་བ་ཚང་མ་དྲངས་པས། སངས་རྒྱས་བཅོམ་ལྡན་འདས་དགྱེས་བཞིན་དུ་བཞེས་པས་རྨ་བྱས་བཙན་དུག་ཟོས་པ་བཞིན་སངས་རྒྱས་ཀྱི་སྐུ་ལ་མ་གནོད་པར་མ་ཟད་གཟི་མདངས་སྔར་ལས་ཆེ་རུ་གྱུར། དེར་ཁྱིམ་བདག་དཔལ་སྦས་དད་ནས་ཆོས་ཞུས་པས། སྟན་ཐོག་དེ་ནས་ཆོས་ལ་ཆོས་ཀྱི་མིག་རྡུལ་མེད་དྲི་མ་དང་བྲལ་བ་ཐོབ་པའི་ལོ་རྒྱུས་དེ་ལྟར་ཡོད་དོ། །ཡང་ཁྱིམ་བདག་དཔལ་སྐྱེས་ཞེས་རྒས་འཁོགས་ཤིག་ཡོད་པ་ཁོ་རང་རབ་ཏུ་བྱུང་བར་འདོད་ཀྱང་དགྲ་བཅོམ་པ་རྣམས་ཀྱིས་ཁྱོད་ལ་རབ་ཏུ་བྱུང་བའི་ཐར་བའི་དགེ་རྩ་མི་འདུག་ཅེས་གཅིག་གིས་ཀྱང་རབ་ཏུ་བྱུང་རོགས་མ་བྱས། དེ་ཡང་དགྲ་བཅོམ་པ་རྣམས་ཀྱིས་ཁྱིམ་བདག་དཔལ་སྐྱེས་ཀྱི་རྒྱུད་ལ་ཐར་བའི་ས་བོན་གྱི་དགེ་རྩ་ཡོད་པ་མ་མཁྱེན། སངས་རྒྱས་ཀྱིས་གཟིགས་ཏེ་ཁོ་སྐྱེ་བ་མང་པོའི་གོང་དུ་ཁྱི་ཞིག་གི་སྐྱེ་བ་ལེན་སྐབས་ཁྱི་དེ་རི་ཕག་ཅིག་གིས་བདས་སྐབས་བྲོས་ཕྱོགས་ཤིག་གིས་མཆོད་རྟེན་ཞིག་ལ་བསྐོར་བ་ཞིག་བྱས་པས། དེའི་དགེ་བའི་ས་བོན་ཁོའི་རྒྱུད་ན་ཡོད་པར་དགོངས་ནས་སངས་རྒྱས་ཀྱིས་མཁྱེན་པ་ཡིན། དེ་སྐབས་ཁྱིམ་བདག་དཔལ་སྐྱེས་ལོ་བརྒྱ་ལོན་ཡོད་ཀྱང་ཁོ་རང་གིས་རབ་ཏུ་བྱུང་ནས་བརྩོན་འགྲུས་བརྩམས་པས་དེར་དགྲ་བཅོམ་པའི་གོ་འཕང་ཐོབ་ནམ་མཁར་འཕུར་ཐུབ་པ་དེ་ལྟ་བུར་གྱུར་ཏོ། །དེས་ན་སངས་རྒྱས་ནི་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས་ཐམས་ཅད་མངའ་བ་དེ་ལྟ་བུ་ཡིན། དེ་ཡང་མི་སྐྱ་ཕོ་མོ་རྣམས་ལ་གོ་བརྡ་སྤྲོད་ཆེད་ཚིག་མགོ་ཟིན་རྔ་ཟིན་བྱིས་པ་ཆུང་ངུ་ལ་བཤད་པ་ལྟར་རེད་མོད། ད་དུང་ཅུང་ཟད་ཞུས་ན། སངས་རྒྱས་ལ་སངས་རྒྱས་བཅོམ་ལྡན་འདས་ཟེར་དགོས་དོན་ཅི་ཡིན་ཞེ་ན། སྐྱབས་འགྲོ་བདུན་ཅུ་པ་ལས། མ་རིག་གཉིད་ལས་སངས་ཕྱིར་དང་། །ཡེ་ཤེས་ལ་ཡང་བློ་རྒྱས་པས། །སངས་རྒྱས་པད་མའི་འདབ་ལྟར་རྒྱས། །ཞེས་གསུངས་པ་དང་། བཅོམ་ལྡན་འདས་ཞེས་པས་ཅི་ཞིག་བཅོམ། ཅི་ཞིག་ལྡན། ཅི་ཞིག་ལས་འདས་པ་ཡིན་ཞེ་ན། བྱང་ཆུབ་སྙིང་པོར་བཞུགས་པ་ལ་བར་དུ་གཅོད་པའི་བདུད་ཀྱི་སྡེ་ཐམས་ཅད་བཅོམ་པས་ན་བཅོམ་ཞེས་པ་དང་། སྐལ་བ་དང་དབང་ཕྱུག་ཁྱད་པར་ཅན་ལ་སོགས་པ་ལྡན་པའི་ཕྱིར་ན་ལྡན་དང་། སྲེད་པ་དང་ལེན་པ་ལ་སོགས་པའི་སྲིད་པའི་ཆོས་ལས་འདས་པའམ། ཡང་ན་སྲིད་དང་ཞི་བ་གཉིས་ཀའི་མཐའ་ལས་འདས་པས་ན་འདས་ཞེས་དེ་ལྟར་བཅོམ་ལྡན་འདས་དང་། ཡང་དེ་བཞིན་གཤེགས་པ་ཞེས་པ་ཇི་ལྟར་གསུངས་པ་དེ་ཁོ་ན་ལྟར་ཡིན་པ་མ་གཏོགས་གཞན་དུ་མི་འགྱུར་བའི་དེ་ཁོ་ན་ཉིད་ཀྱི་ཚུལ་དེར་ཉིད་ཀྱིས་ཇི་ལྟར་གསུང་པ་དེ་བཞིན་དུ་གཤེགས་པས་ན་དེ་བཞིན་གཤེགས་པ་དང་། ཡང་དགྲ་བཅོམ་པ་ཞེས་པ་ཉོན་མོངས་པའི་དགྲ་སྡེ་བཅོམ། སྒྲིབ་གཉིས་མ་ལུས་པ་སྤང་པའི་དགེ་སྦྱོང་གི་འབྲས་བུ་བཞིའི་མཐར་ཐུག་པར་གནས་པས་ན་དགྲ་བཅོམ་པ་ཞེས་གསུངས། འོ་ན་སངས་རྒྱས་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞུ་དགོས་པ་ཅི་ཡིན་ཞེ་ན། འཕགས་པ་སྟོང་ཕྲག་བརྒྱ་པ་ལས། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤངས་པས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་གསུངས་པ་དང་། ཀུན་མཁྱེན་འཇིགས་གླིང་གིས་ཀྱང་དེ་ལྟར་དུ་གསུངས། དེ་ལྟ་བུའི་སངས་རྒྱས་དེ་ནི་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། ལྷ་དང་མི་ཐམས་ཅད་ཀྱི་སྟོན་པར་གྱུར་པ་སྤངས་རྟོགས་མཐར་ཕྱིན། སྐྱོན་ཀུན་ཟད། ཡོན་ཏན་ཀུན་ལྡན་གྱི་བདག་ཉིད་ཡིན་ནི་རེད། དེ་བཞིན་གཤེགས་པའི་སྐུ་དེ་ཡང་མཚན་བཟང་སོ་གཉིས། དཔེ་བྱད་བརྒྱད་ཅུས་སྤྲས་པ་ཞིག་ཡིན་པ་དང་། སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་ཅིག་ཡོད་ཚད་པོ་ཐམས་ཅད་ཚུར་བསྡུས་ན། དེ་བཞིན་གཤེགས་པའི་བ་སྤུའི་ཁུང་བུ་གཅིག་གི་བསོད་ནམས་དང་འདྲ་ཞིང་བ་སྤུའི་ཁུང་བུ་ཡོད་ཚད་ཀྱི་བསོད་ནམས་ཐམས་ཅད་གཅིག་ཏུ་བསྡོམ་པ་དེ་དཔེ་བྱང་བཟང་པོ་གཅིག་དང་འདྲ་བ་དང་། དཔེ་བྱད་བཟང་པོ་ཡོད་ཚད་ཀྱི་བསོད་ནམས་ཀྱི་ཕུང་པོ་གཅིག་ཏུ་བསྡོམ་པ་བརྒྱ་འགྱུར་གྱིས་ཀྱང་གཞལ་དུ་མེད་པ་དེ་མཚན་བཟང་པོ་གཅིག་དང་འདྲ་ཞིང་། ད་དུང་སྨིན་མཚམས་ཀྱི་མཛོད་སྤུ་དཀར་པོ་དེ་དང་དབུ་གཙུག་ཏོར་བལྟར་མི་མངོན་པ་གཉིས་དེར་གཏོགས་མེད་པར་གསུངས། དེ་བས་ན་དེ་བཞིན་གཤེགས་པའི་སྐུའི་བ་སྤུའི་ཁུང་བུ་རེའི་ཡོན་ཏན་ཡང་སོ་སོའི་སྐྱེ་བོ་རྣམས་ཀྱིས་བརྗོད་ཀྱིས་མི་ལང་པ་དེ་ལྟ་བུ་དེ་བཞིན་གཤེགས་པའི་སྐུའི་ཡོན་ཏན་དང་། གསུང་ཅི་ལྟ་བུ་ཞེ་ན། གསུང་འགོག་ལམ་གྱི་བདེན་པའི་ངོ་བོ་ཉིད། བསྟན་པ་ཐམས་ཅད་ཀྱི་རང་བཞིན་དུ་གནས་པ་ཞིག་སྟེ། དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་ནས་སེམས་ཅན་སངས་རྒྱས་ཀྱི་གནས་སུ་འགོད་པའི་རྒྱུ་མ་ནོར་བ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་གསུང་དབྱངས་ཡན་ལག་དྲུག་ཅུའི་བདག་ཉིད་དེ། དཔལ་སྤྲུལ་ཚང་གིས་བདེ་བར་གཤེགས་པའི་གསུང་ལ་བསྟོད་པའི་ནང་དུ། མི་གཙང་འདམ་དུ་གསེར་གྱི་བུང་བ་དང་། །གཅན་གཟན་ཁྲོད་དུ་སེང་གེའི་རྒྱལ་པོ་སོགས། །གང་གིས་གང་འདུལ་དེ་ཡི་སྐད་དུ་སྟེ། །རྣམ་པ་ཐམས་ཅད་མཁྱེན་པའི་གསུང་ལས་བྱུང་། །ཞེས་དང་། ཡང་། གསུང་གི་བྱིན་རླབས་སྤྲུལ་པ་མི་བཟད་པ། །གདུལ་བྱའི་དབང་དང་སྨོན་ལམ་ལས་དབང་སྟེ། །དེ་ཕྱིར་འགག་པ་མེད་པ་རྒྱལ་བའི་གསུང་། །གསུང་གསང་རྣམ་པར་འཕྲུལ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟ་བུ་སྟེ། དེ་ལྟ་བུའི་གཟུགས་སྐུའི་རང་བཞིན་མཚན་དཔེའི་ཡོན་ཏན་རྒྱ་མཚོ་མངའ་བའི་རྟེན་དེ་ལ་བརྟེན་པ་ཡེ་ཤེས་ཀྱི་ཆོས་ཉིད་ཐུགས་ཀྱི་ངོ་བོ་དེ་ཅི་ལྟ་བུ་ཡིན་ཞེ་ན། དམིགས་མེད་མཁའ་ལྟར་དག་པ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་ཀུན་མཆོག་ལྡན་གྱི་སངས་རྒྱས་ཆོས་སྐུའི་ངོ་བོ་གོང་བཤད་ལྟར། རྟོགས་པ་ཡེ་ཤེས་ཆོས་སྐུ་དེ་ཟག་མེད་ཀྱི་ཆོས་སྡེ་ཚན་ཉེར་གཅིག་དང་ལྡན་པ་དེ་ལྟ་བུ་ཞིག་ཡིན། དེ་ལྟར་འདིར་སྐྱབས་འགྲོའི་སྐབས་སྐྱབས་ཡུལ་དཀོན་མཆོག་གསུམ་ལས་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་ཅན་དེ་དེ་ལྟ་བུ་ཞིག་རེད།

༢ ཆོས་དཀོན་མཆོག

དེ་ནས་དཀོན་མཆོག་གཉིས་པ་དེ་ཆོས་དཀོན་མཆོག་ཡིན་ཞིང་། དེ་ཇི་ལྟར་ཡིན་ཞེ་ན། སྤྱིར་ཆོས་ཞེས་པ་དེ་འཇུག་ཡུལ་གྱི་དབང་དུ་བྱས་ན་རྣམ་པ་བཅུ་ལ་འཇུག་སྟེ། ཆོས་ནི་ཤེས་བྱ་ལམ་དང་ནི། །ཞེས་པ་ལ་སོགས་པའི་དབྱེ་བ་ཡོད་ན། དེའི་ནང་ནས་བསོད་ནམས་དང་གཅིག །ལམ་དང་གཉིས། མྱ་ངན་ལས་འདས་པ་གསུམ་པོ་དེ་བརྗོད་བྱའི་དོན་དང་། གསུང་རབ་རྗོད་བྱེད་ཀྱི་ཚིག་ལ་ཤར་བ་དེ་ལ་ཆོས་ཞེས་གསུངས་པའི་གོ་བ་ལེན་དགོས། དེ་ཡང་འགོག་ལམ་གྱིས་བསྡུས་པ་ཞིག་ཡིན་དགོས། འགོག་བདེན་གྱི་ཆོས་དང་ལམ་བདེན་གྱི་ཆོས་གཉིས་འབྲས་བུ་དང་བྱ་བའི་རང་བཞིན་དུ་གནས་པ་ཞིག་སྟེ། མགོན་པོ་བྱམས་པས། གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཆགས་བྲལ་ཉིད་ནི་འགོག་པ་དང་། །ལམ་གྱི་བདེན་པ་དག་གིས་བསྡུས། །ཞེས་པས་སོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་དེ། ལེགས་པར་གསུང་པ་ཡིན་ཏེ། འདི་ལ་ཐོག་མ་དང་བར་དང་ཐ་མར་དགེ་བའི་ལུང་གི་ཆོས་ཐམས་ཅད་བསྡུས་ཏེ་བསྟན་པ་ཡིན་ཏེ། ཡང་དག་པར་མཐོང་བ། ནད་མེད་པ། དུས་ཆད་པ་མེད་པ། ཉེ་བར་སྟོན་པ། འདི་མཐོང་བ་ལ་དོན་ཡོད་པ། མཁས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ་དེ་རྣམས་ཡིན་པས་དེས་རྟོགས་པའི་ཆོས་ཐམས་ཅད་ཀྱི་འགག་བསྡུས་ཡོད་པ་ཡིན། དེའི་ཕྱིར་བརྗོད་བྱའི་དོན་ལ་ལྟོས་ནས་རྟོགས་པའི་ཆོས་ཞེས་པ་དང་བརྗོད་བྱེད་ཀྱི་ཚིག་ལ་ལྟོས་པས་ལུང་གི་ཆོས་ཏེ་རྣམ་བཞག་རྣམ་པ་གཉིས་ཡོད་དེ། སློབ་དཔོན་དབྱིག་གཉེན་གྱིས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་གསུངས། དེ་གཉིས་ལ་དབྱེ་བ་ཕྱེ་ན། བརྗོད་བྱའི་སྒོ་ནས་དབྱེ་ན་བདེན་པ་གཉིས་སུ་འདུ་བར། དབུ་མ་རྩ་བ་ཤེས་རབ་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །ཞེས་གསུངས། དེ་གཉིས་པོ་དྲང་ངེས་ཀྱི་ངོ་བོའི་སྒོ་ནས་བཤད་ན། ཀུན་རྫོབ་སྒྲུབ་པ་སྟོན་པ་དྲང་དོན་དང་། དོན་དམ་སྒྲུབ་པ་སྟོན་པ་ངེས་དོན་ཡིན་ནི་རེད། ཡང་རྗོད་བྱེད་ཀྱི་སྒོ་ནས་དབྱེ་ན་གསུང་རབ་ཡན་ལག་བཅུ་གཉིས་ཏེ། མདོ་སྡེ་དབྱངས་བསྙད་ལུང་བསྟན་དང་། །ཚིགས་བཅད་ཆེད་བརྗོད་གླེང་གཞི་དང་། །རྟོགས་བརྗོད་དེ་ལྟ་བུ་བྱུང་དང་། །སྐྱེས་རབས་ཤིན་ཏུ་རྒྱས་པ་དང་། །རྨད་བྱུང་གཏན་ལ་དབབ་པའི་སྡེ། །གསུང་རབ་ཡན་ལག་བཅུ་གཉིས་སོ། །ཞེས་གསུངས། དེ་ཡང་གཉེན་པོའི་སྒོ་ནས་སྡེ་སྣོད་གསུམ་དུ་འདུ་ལ། གདུལ་བྱའི་སྒོ་ནས་དབྱེ་ན། ཐབས་ཀྱི་ཆེ་བ་རིག་པ་འཛིན་པའི་སྡེ་སྣོད་དང་བཞི་ཡིན། དེ་ལྟ་བུའི་ལུང་གི་ཆོས་སྡེ་སྣོད་བཞི་པོ་དེ། བདག་པོའི་རྐྱེན་གྱི་འདུ་བྱེད་ལས་ཡི་གེ་བྱུང་། ཡི་གེ་འདུས་པ་ལས་མིང་དང་། མིང་འདུས་པ་ལས་ཚིག ཚིག་མང་པོ་འདུས་པ་ལས་གླེགས་བམ་དུ་གྱུར་པ་དེ་ཆོས་དཀོན་མཆོག་ལ་སྐྱབས་སུ་འགྲོ་བའི་དམ་ཚིག་གི་རྟེན་དུ་གྱུར་པ་ཡིན། རྟོགས་པའི་ཡོན་ཏན་གྱི་རྟེན་དུ་གྱུར་པ་ས་ཡིན་ལ། སའི་རྟེན་དུ་གྱུར་པ་ལམ་ལྔ་ཡིན། དེ་ལྟ་བུའི་ས་ལམ་གྱི་རྣམ་བཞག་རྒྱས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་དང་ཁྱད་པར་དུ་མགོན་པོ་བྱམས་པས་མཛད་པའི་བཀའི་དགོངས་དོན་འགྲེལ་བ་རྒྱ་ཆེ་བ་སྦས་དོན་མངོན་རྟོགས་ཀྱི་རིམ་པ་བསྟན་པ་ཤེར་ཕྱིན་མངོན་རྟོགས་རྒྱན་དང་། ཟབ་མོ་སྟོང་ཉིད་ཀྱི་རྣམ་བཞག་བསྟན་པའི་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་སོ་སོ་དང་། ཁྱད་པར་དུ་དབུ་མ་རིགས་ཚོགས་ལྔ། དཔལ་ལྡན་ཟླ་བའི་འཇུག་པ་ལ་སོགས་པས་བསྟན། དེ་བཞིན་དུ་རྡོ་རྗེ་ཐེག་པའི་ཉེ་རྒྱུའི་སྦྱོར་བས་སྔགས་ཀྱི་ས་ལམ་དང་རིག་འཛིན་བཞིའི་བགྲོད་པ་ལ་སོགས་པ་རིག་པ་འཛིན་པའི་སྡེ་སྣོད་ཀྱི་སྐབས་སོ་སོར་འབྱུང་བ་ལྟར་དུ་ཡིན། དེས་ལུང་དང་རྟོགས་པའི་བདག་ཉིད་ཀྱི་ཆོས་དཀོན་མཆོག་བཤད་པ་ཡིན་པས། ཆོས་དཀོན་མཆོག་གི་ཡོན་ཏན་ཤེས་པ་དེས་སངས་རྒྱས་ཀྱི་བསྟན་པ་ཤེས་ལ། བསྟན་པ་ཤེས་པ་དེས་གྲུབ་མཐའི་རྣམ་བཞག་ཞིག་ཀྱང་ཤེས་པས་འཁོར་བ་ལས་སྐྱོབ་བྱེད་ཀྱི་མཚན་ཉིད་ཅིག་ཀྱང་ཤེས་སོང་བ་ཡིན་ནོ།།

༣ དགེ་འདུན་དཀོན་མཆོག

དེ་ནས་དཀོན་མཆོག་གསུམ་པ་དགེ་འདུན་ཡིན་ཏེ། དེ་ཡིན་དོན་ནི། རིག་གྲོལ་ཡོན་ཏན་བརྒྱད་ལྡན་དོན་དམ་པའི་སྐྱབས་འགྲོའི་ཡུལ་ཐེག་པ་ཆེན་པོའི་དགེ་འདུན་ཡིན་ཏེ། མགོན་པོ་བྱམས་པས། ཇི་ལྟ་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་བརྒྱད་ལྡན་ཉིད། །ཅེས་གསུངས་ཏེ། ཇི་ལྟ་བ་རིག་པའི་ཡོན་ཏན། ཇི་སྙེད་པ་རིག་པའི་ཡོན་ཏན། ནང་ཡེ་ཤེས་གཟིགས་པ་རིག་པའི་ཡོན་ཏན་དང་གསུམ། དེ་ཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་བར་ཆད་མེད་ལམ་གྱི་ངོ་སྐལ་དུ་གྱུར་པ། སྤང་བྱ་ཆགས་སྒྲིབ་ལས་གྲོལ་བའི་ཡོན་ཏན། ཐོགས་སྒྲིབ་ལས་གྲོལ་བའི་ཡོན་ཏན། དམན་སྒྲིབ་ལས་གྲོལ་བའི་ཡོན་ཏན་དང་དྲུག དེའི་སྟེང་དབྱེ་གཞི་རིག་པ་དང་གྲོལ་བའི་ཡོན་ཏན་གཉིས་བསྣན་པས་རིག་གྲོལ་ཡོན་ཏན་བརྒྱད་ལྡན་དུ་གྱུར་པ་ཡིན། དེ་ལྟ་བུའི་ཡོན་ཏན་བརྒྱད་ལྡན་དེ་བྱང་སེམས་འཕགས་པ་ཕྱིར་མི་ལྡོག་པའི་དགེ་འདུན་ཡིན་ནི་རེད། དེ་ནི་ཐེག་པ་ཆེན་པོའི་དགེ་འདུན་གྱི་ངོ་བོ་ཡིན་ལ། ཉན་རང་གི་དགེ་འདུན་ལ་མཚོན་ན་རིག་གྲོལ་གྱི་ཕྱོགས་ནས་དམན་པས་དེའི་ཡན་ལག་ལྟ་བུར་གསུངས། དེ་ཡན་གྱིས་ཕྱི་ནང་གི་དགེ་འདུན་བསྟན། རང་ལུགས་ལ་རྒྱལ་སྲས་ས་ལ་གནས་པ་ཤ་སྟག་གི་སྒྲས་སྨོས་པ། རིག་འཛིན་གྱི་ས་ལ་བཞུགས་པའི་ཞིང་སྔགས་ལྷན་སྐྱེས་ལས་དང་ཡེ་ཤེས་ཀྱི་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་འཇིག་རྟེན་ལས་འདས་པ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་ཐམས་ཅད་དེའི་ནང་དུ་བསྡུ་བ་ཡིན་ནོ།།

༣༽ དཀོན་མཆོག་གི་ངེས་ཚིག་བཤད་པ།

དེ་ལྟར་སངས་རྒྱས་ཆོས་དང་དགེ་འདུན་ནི་དཀོན་མཆོག་གསུམ་སྟེ། འདི་གསུམ་ལ་དཀོན་མཆོག་ཅེས་པའི་སྒྲ་འཇུག་དོན་ཅི་ཡིན་ཞེ་ན། རྒྱུད་བླ་མ་ལས། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། །རྒྱན་གྱུར་ཉིད་དང་མཆོག་ཉིད་ཕྱིར། །འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། །ཅེས་གསུངས་ཏེ། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །ཞེས་པས། མཁྱེན་པའི་ཡེ་ཤེས་ཤེས་བྱ་ཐམས་ཅད་ལ་ཆགས་ཐོགས་མེད་པར་ཁྱབ་པ་དེ་འདྲ་གཞན་དུ་མི་སྲིད་ཅིང་ཡིད་བཞིན་གྱི་ནོར་བུ་ལྟར་འབྱུང་བ་དཀོན་པ་དང་། བརྩེ་བའི་ཐུགས་རྗེ་ཕྱོགས་ལྷུང་མེད་ཅིང་འགྱུར་བ་སྣ་ཚོགས་པ་མེད་པས་མི་མཐུན་པའི་ཕྱོགས་ཀྱི་དྲི་མ་མེད་པ་དང་། མཐུ་ལྡན་ཕྱིར་དང་ཞེས་པས། ཉོན་མོངས་པས་ཟིལ་གྱིས་ནོན་པའི་ཡིད་ཅན་སེམས་ཅན་མཐའ་དག་འདུལ་བའི་མཐུ་འམ་ནུས་པ་ཆེ་ཞིང་ལྡན་པ་དང་། འཇིག་རྟེན་གྱི། རྒྱན་གྱུར་ཉིད་དང་མཆོག་ཉིད་ཕྱིར། །ཞེས་པས་འཇིག་རྟེན་ཐམས་ཅད་ཀྱི་རྒྱན་དུ་གྱུར་བའི་ཡོན་ཏན་ཟད་མི་ཤེས་པ་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཉིད་དེ་བཞིན་ཉིད། སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པའི་ཕྲིན་ལས་སུ་ཤར་བས་ན་འཇིག་རྟེན་གྱི་རྒྱན་དུ་གྱུར་པ་མ་ཟད། མཆོག་ཏུ་འགྱུར་བ་མེད་པའི་བདག་ཉིད་ཡིན་པས་ན་དཀོན་མཆོག་ཅེས་གསུངས། དེ་ཡང་དངོས་གནས་བཤད་ན་མྱ་ངན་ལས་འདས་པའི་ལམ་སྟོན་པ་དང་འཁོར་བའི་སྡུག་བསྔལ་ལས་སྐྱོབ་པའི་མཐར་ཐུག་པ་དེ་ཆོས་དཀོན་མཆོག་ཡིན་པས། སངས་རྒྱས་ཀྱི་སྟོན་པ་ཡང་ཡིན་དགོས་ཏེ། སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པས། ཆོས་ནི་སངས་རྒྱས་ཀྱི་ཡུམ་ཡིན། དེ་ལྟར་ན་ཡང་ཆོས་དེ་ཡང་སྟོན་པ་སངས་རྒྱས་ཀྱི་བདག་པོའི་རྐྱེན་ལས་གཞན་དུ་མི་འབྱུང་བའི་ཕྱིར། དེ་གཉིས་ཀ་ཕན་ཚུན་རྟེན་དང་བརྟེན་པ་ལྟ་བུ་ཡིན་ནི་རེད། དེའི་ཕྱིར་དེ་ལས་དེ་བྱུང་གི་འབྲེལ་བ་སྒྲུབ་པའི་ཁྱད་པར་གྱིས་མཚན་ཉིད་གོ་རིམ་སངས་རྒྱས་ཐོག་མར་བཞག དེ་ནས་ཆོས་དང་། དེ་གཉིས་ཀྱི་ཡོན་ཏན་རྗེས་སུ་བསྒྲུབ་པ་དགེ་འདུན་ཡིན་པས་དགེ་འདུན་རྗེས་སུ་བཞག་པ་ཡིན།

༢ སྐྱབས་སུ་འགྲོ་ཚུལ་བཤད་པ།

ཡང་སངས་རྒྱས་ལ་སྟོན་པ། ཆོས་ལ་ལམ། དགེ་འདུན་ལ་ལམ་བསྒྲུབ་པའི་གྲོགས་ཀྱི་ཐ་སྙད་བཏགས་པ་ཡིན་མོད། དོན་གྱི་སྟེང་ནས་བསླབ་པ་གསུམ་པོའི་རྟེན་གནས་དེ་དགེ་འདུན་ཡིན་པར་ཤེས་པའི་སྒོ་ནས་སྐྱབས་སུ་འགྲོ་དགོས་ཏེ། སྐྱབས་འགྲོ་བདུན་ཅུ་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །ཐར་བར་འདོད་པ་རྣམས་ཀྱི་སྐྱབས། །ཞེས་གསུངས། གཞན་ཡང་སྐྱབས་འགྲོ་འདི་ལ་རྒྱུའི་སྐྱབས་འགྲོ་དང་འབྲས་བུའི་སྐྱབས་འགྲོ་སྟེ་རྣམ་པ་གཉིས་ཡོད་ཅིང་། རྒྱུ་འབྲས་ཀྱི་སྐྱབས་འགྲོ་འདི་རང་ལུགས་ཀྱི་སྔགས་དང་བསྟུན་ན། དུས་གཞན་དུ་འགྲུབ་པར་འདོད་པ། གཞན་རྒྱུད་ལ་བྱོན་ཟིན་པའི་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ནས་སངས་རྒྱས་ཐོབ་པར་འདོད་པ་རྒྱུའི་སྐྱབས་འགྲོ་དང་། འདི་ཕར་ཕྱིན་ཐེག་པས་དུས་བསྐལ་པ་གྲངས་མེད་གསུམ་གྱི་མཐའ་ལ་སྒུག་རྒྱུ་དེ་ཡིན། སྐྱབས་ཡུལ་གྱི་ཡོན་ཏན་དང་ཡེ་ཤེས་མ་འོངས་པར་རང་རྒྱུད་ལ་འཁྲུངས་བར་འདོད་པ་དེ་འབྲས་བུའི་སྐྱབས་འགྲོ་ཡིན་པ་ལ་ཡིན་པར་ཤེས་པའི་ཚུལ་གྱིས་སྐྱབས་སུ་འགྲོ་བ་དང་། དུས་རིང་གི་མཐའ་སྒུག་མི་དགོས་པར་རང་བྱུང་གི་ཡེ་ཤེས་གདོད་ནས་སྐྱེ་མེད་ཡིན་པའི་ངང་ལ་མཉམ་པར་འཇོག་རྒྱུ་དེ་སྔགས་ལམ་ནས་བཤད་པའི་འབྲས་བུའི་སྐྱབས་འགྲོ་མཐར་ཐུག་པ་ཡིན། དེའི་ཕྱིར་ནང་བ་སངས་རྒྱས་པའི་ལམ་ཐམས་ཅད་ཀྱི་རྨིང་རྡོ་སྐྱབས་འགྲོ་ཡིན་མོད་སྐབས་འདིའི་སྐྱབས་འགྲོ་ལམ་གཞན་ལས་ཁྱད་པར་དུ་འཕགས་པས་ཐུན་མིན་དུ་བཞག་པ་འདིས་ཀྱང་གོ་ཐུབ། ཡུལ་གྱི་དབང་དུ་བྱས་ནས་བཤད་ན། ཕར་ཕྱིན་ཐེག་པའི་སྐབས་སུ་སངས་རྒྱས་གཙོ་མོད་སྔགས་བླ་མེད་ཀྱི་སྐབས་འདིར་བླ་མ་གཙོ་བོ་ཡིན། དེས་ན་སྐྱབས་འགྲོ་བཞི་སྐོར་མ་ངག་འདོན་བྱེད་སྐབས་དཀོན་མཆོག་གསུམ་གྱི་མགོར་བླ་མ་བཞག་སྟེ། བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་སངས་རྒྱས་ཀྱི་སྔོན་དུ་བླ་མ་བྱུང་བ་འདི་ཡང་སྐྱབས་གསུམ་ཀུན་འདུས་ཀྱི་ངོ་བོ་ཡིན་པས་སྔོན་ལ་བྱུང་བ་ཡིན། དེ་ཡང་བླ་མའི་ཐུགས་ཡེ་ཤེས་ཆེན་པོ་སངས་རྒྱས་ཀུན་གྱི་ཐུགས་དང་གཉིས་སུ་མེད་པའམ་མི་གཉིས་པ་ཡིན་པས་རེད། དེས་ན་སྐྱབས་ཀྱི་མཐར་ཐུག་སངས་རྒྱས། དེ་ཡང་མཐར་གཏུག་ན་ཆོས་སྐུ་ཉག་གཅིག་ལ་མ་བརྟེན་པར་མི་འོང་རྒྱུ་བོ་མདོ་སྔགས་ཐམས་ཅད་མཐར་ཐུག་དགོངས་པའི་འབབ་སོ་གཅིག་ལ་འབབ་པ་ཡིན་ཏེ། རྒྱུད་བླ་མ་ལས། སྤང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིག་དང་བཅས་པའི་ཕྱིར། །ཆོས་རྣམ་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་གནས་མ་ཡིན་ནོ། །ཞེས་གསུངས་པས་སོ། །དེ་ཡང་རང་སྣང་དོན་གྱི་འོག་མིན་ན་ཆོས་ཉིད་དང་ཐ་དད་མེད་པར་བཞུགས་པའི་སངས་རྒྱས་དེའི་སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་སུ་གནས་པས་ན་སྐུ་གསུམ་དཀོན་མཆོག་གི་རང་བཞིན་དུ་ངོ་བོ་གཅིག་པར་གྲུབ་པ་དེ་ལྟར་ཡིན་ཏེ། རྒྱུད་བླའི་གོང་གི་འཕྲོར། སྐྱབས་ནི་སངས་རྒྱས་ཉག་གཅིག་ཉིད། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །ཞེས་དང་། ཡེ་ཤེས་གྲུབ་པ་ལས། དག་ཐོབ་བྲལ་བའི་སེམས་སངས་རྒྱས། །མི་འགྱུར་དྲི་མེད་ཆོས་དང་ནི། །ཡོན་ཏན་ལྷུན་རྫོགས་དགེ་འདུན་ཉིད། །ཡིན་ཕྱིར་རང་གི་སེམས་ཉིད་མཆོག །ཅེས་གསུངས་པས་སོ། །དེ་ནས་སྐྱབས་སུ་འགྲོ་བའི་སྐབས་ལ། ཆོ་ག་ལ་ལྟོས་པ་བརྡ་ལས་ཐོབ་པ་ལུས་ངག་གི་ཆོ་གས་ལེན་རྒྱུ་ཞིག་དང་། ལུས་ངག་གི་ཆོ་གར་མ་བརྟེན་པར་སེམས་རྩེ་གཅིག་པའི་དབང་དུ་བྱས་པའམ་རྗེས་ལ་དམིགས་པའི་ཤེས་རབ་ཁོང་དུ་ཆུད་པའི་ངང་ལ་མཉམ་པར་བཞག་པ་ནི་དོན་དམ་པའི་སྐྱབས་འགྲོ་ཡིན་ནི་རེད། དེ་ནི་ཆོས་ཉིད་ཀྱིས་ཐོབ་པ་འཇིག་རྟེན་ལས་འདས་པའི་སྐྱབས་འགྲོའི་རྒྱུ་མ་ནོར་བ་ཡིན་ལ།

༣ ཕན་ཡོན་དང་བསླབ་བྱ་བསྟན་པ།

༡༽ ཕན་ཡོན།

འདིར་སྤྱིར་བཏང་བའི་དབང་དུ་བྱས་ནས་རྒྱུའི་སྐྱབས་འགྲོ་ལ་ཕན་ཡོན་ཅི་ཙམ་ཡོད་ཅེ་ན། དཔེར་ན་ནམ་མཁའི་མཐའ་ལ་རྒྱ་ཚད་བཟུང་མི་ཤེས་པ་དེ་བཞིན་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བའི་ཕན་ཡོན་གྱི་མཐའ་དེ་བཞིན་དུ་དཔོག་མི་ནུས་པ་དང་མཐོང་མི་ཐུབ། དེ་བཞིན་དཀོན་མཆོག་གསུམ་ལ་བརྟེན་ནས་མི་དགེ་བ་བསགས་པའི་རྣམ་སྨིན་ཡང་ཚད་བཟུང་དཀའ་བ་ཡིན་པ་ཞོར་ལ་གོ་ཐུབ་པ་ཡིན་ཏེ། ཇི་ལྟར་ནམ་མཁའ་མཐར་ཐུག་མེད་པ་ལ། །འདོམ་གྱིས་གཞལ་བའི་ཚད་བཟུང་མེད་པ་ལྟར། །དེ་བཞིན་དཀོན་མཆོག་གསུམ་ལ་བརྟེན་པ་ཡི། །ཡོན་ཏན་དང་ནི་སྡིག་པའི་མཐའ་མི་དཔོག ཅེས་གསུངས། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ན་ནང་པའི་ཁྱུར་ཚུད། དེ་ཡང་ནང་པའི་གྲུབ་མཐའ་སྨྲ་བ་གྲུབ་མཐས་བློ་བསྒྱུར་བ་ཞིག་ལ་སྐྱབས་འགྲོ་རྐྱང་པས་གྲུབ་མཐའ་ཕྱི་ནང་གི་ཁྱད་པར་འབྱེད་པར་མ་ངེས་ན་ཡང་། ནང་པའི་སྦྱིན་བདག་ལྟ་བུ་གྲུབ་མཐས་བློ་མ་བསྒྱུར་བ་ཞིག་ལ་སྐྱབས་འགྲོས་ཕྱི་ནང་གི་གྲུབ་མཐའི་ཁྱད་པར་འབྱེད་བྱེད་དུ་འཇོག་ཆོག དེས་ན་སྐྱབས་འགྲོའི་སྡོམ་པ་བླངས་པའམ་དཀོན་མཆོག་གསུམ་ལ་ཞེ་སྙིང་ནས་སྐྱབས་སུ་འགྲོ་ནི་ཡིན་བསམ་རྒྱུའི་བསམ་པ་ཙམ་ཡང་སྐྱེ་མྱོང་མེད་ན། དེ་འདྲ་དེ་མུ་སྟེགས་པ་མིན་རུང་ནང་བ་ཡང་མིན་པའི་གྲལ་དུ་ཐེ་འགྲོ་སྟེ། དེང་སང་འཛམ་གླིང་གི་མི་གྲངས་བརྒྱ་ཆ་བཅུ་ཉི་ཤུ་ཙམ་དེ་འདྲ་ཡིན་པ་མ་ཟད་བོད་རིགས་ཁ་ཤས་ཀྱང་དེའི་ནང་དུ་ཐོན་འགྲོ་ཤས་ཆེ་བས། ད་རེས་ཀྱི་སྐབས་ཀྱང་ཉིན་རེ་བཞིན་སྐྱབས་སྡོམ་སྦྱིན་དགོས་པའི་རྒྱུ་མཚན་དེས་ཡིན། སྐྱབས་འགྲོ་གཙོ་བོར་ཤེས་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། དེ་ཡང་མ་བཏང་བ་ཞིག་མིན་ན། བསོད་ནམས་ཆ་མཐུན་གྱི་དགེ་རྩ་ཅི་བསྒྲུབ་ཀྱང་སངས་རྒྱས་པའི་གྲལ་དུ་ཚུད་མེད། སྐྱབས་འགྲོ་ནི་སྡོམ་པ་ཐམས་ཅད་ཀྱི་གཞི་རྟེན་ཡིན་ཏེ། སྡོམ་པ་ཀུན་ལ་ཡོད་མོད་ཀྱང་། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་གསུངས། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ན་སྔོན་བསགས་ཀྱི་སྡིག་སྒྲིབ་དག དེ་ལ་སྐྱབས་སུ་སོང་ན་གནོད་པ་དང་ཉེར་འཚེ་ལས་ཀྱང་ཐར་བ་ཡིན། རས་ཡུག་བཀོད་པའི་ལོ་རྒྱུས་ཟེར་བ་སྔོན་ཆད་བཤད་མྱོང་བ་དེ་ལྟར་ཡིན། དཀོན་མཆོག་གསུམ་གྱི་ཡོན་ཏན་མ་གྲགས་དཀོན་མཆོག་གསུམ་གྱི་མཚན་ཙམ་ཡང་མི་ཤེས་པའི་ལུང་པ་དེ་འདྲེན་པས་སྤང་པའི་ལོང་བ་ཆེན་པོའི་གནས་ཞེས་པ། དཀོན་མཆོག་གི་སྣང་བ་མེད་པའི་མུན་པའི་གླིང་ཡིན། དཀོན་མཆོག་གི་སྐྱབས་ལ་བརྟེན་ནས་ཡོན་ཏན་དམ་པའི་རྗེས་སུ་འགྲོ་བ་ཐམས་ཅད་ལ་སྲིད་དང་ཞི་བའི་ཕུན་ཚོགས་རང་ཤུགས་ཀྱིས་འདུ་བ་ཡིན། དེས་ན་ཆོས་དང་མི་མཐུན་པ་མེད་པའམ་ཆོས་དང་ལྡན་པའི་བྱ་བ་གང་དང་གང་བསྒྲུབ་ན་དང་པོ་འགོ་ནས་དཀོན་མཆོག་ལ་བསྙེན་བཀུར་གྱི་མཆོད་པ་ཕུལ་ན་བསམ་དོན་འགྲུབ་པ་ཡིན། དེའི་ཕྱིར་འདིར་ཡོད་སྐྱེས་ཕོ་མོ་རྒན་གཞོན་བྱིས་པ་ཚུན་ཆོད་ཀྱིས་ནང་ཡར་ལང་ནུབ་མར་ཉལ་ཐམས་ཅད་དུ་སྐྱབས་འགྲོ་ཚར་རེ་གཉིས་འདོན་རྒྱུ་དང་། དེ་བཞིན་སོང་ན་བསྡད་ན་ལས་དང་བྱ་བ་ཅི་བསྒྲུབ་ཀྱང་སྐྱབས་འགྲོ་ཚར་རེ་ཚར་གཉིས་བཏོན་ནས་དཀོན་མཆོག་གསུམ་ལ་དད་གུས་བྱས་ནས་གསོལ་བ་ཐོབ་དང་བསམ་པ་འགྲུབ། ལམ་དུ་འགྲོ། མཐར་ཐུག་འཁོར་བའི་སྡུག་བསྔལ་ལས་ཐར་བའི་དོན་ཆེན་མཉམ་དུ་འགྲུབ་ངེས་ཡིན་ནོ། །

༢༽ བསླབ་བྱ།

དེ་ཡང་སྐྱབས་སུ་སོང་བ་ཙམ་གྱིས་མི་ཆོག་པར། སྐྱབས་འགྲོའི་བསླབ་བྱ་དེ་ཤེས་དགོས་པ་ཡིན། དེ་ལ་དགག་པའི་བསླབ་བྱ་གསུམ། བསྒྲུབ་པའི་བསླབ་བྱ་གསུམ། ཆ་མཐུན་གྱི་བསླབ་བྱ་གསུམ་སྟེ་དགུ་ལས། དང་པོ་དགག་པའི་བསླབ་བྱ་གསུམ་པོ་ཅི་འདྲ་ཞིག་ཡིན་ཞེ་ན། སངས་རྒྱས་ལ་སྐྱབས་སུ་སོང་ནས་འཇིག་རྟེན་པའི་ལྷ་ལ་སྐྱབས་སུ་མི་འགྲོ། ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་གནོད་འཚེ་མི་བྱེད་རྒྱུ། དགེ་འདུན་ལ་སྐྱབས་སུ་སོང་ནས་གྲོགས་མུ་སྟེགས་ལ་མི་བརྟེན་རྒྱུ་དང་། གཉིས་པ་བསྒྲུབ་པའི་བསླབ་བྱ་གསུམ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ནས་བདེ་བར་གཤེགས་པའི་སྐུ་གཟུགས་ཀྱི་རྟེན་ཐ་ན་སཙྪའི་ཆག་དུམ་ཡན་ཆད་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་ཀྱིས་དད་པ་དང་གུས་པ་བྱེད་པ་དང་། ཆོས་ལ་སྐྱབས་སུ་སོང་ནས་ཆོས་དཀོན་མཆོག་གི་རྟེན་ཐ་ན་གསུང་རབ་ཡིག་འབྲུ་གཅིག་ཡན་ཆད་ལ་ཆོས་དཀོན་མཆོག་དངོས་ཀྱི་འདུ་ཤེས་བཞག་ནས་མཆོད་པ་འབུལ་ཞིང་གུས་པ་བྱེད། དགེ་འདུན་དཀོན་མཆོག་ལ་སྐྱབས་སུ་སོང་ནས་དགེ་འདུན་དཀོན་མཆོག་གི་རྟེན་རབ་ཏུ་བྱུང་བ་ནས་ཐ་ན་ལྷན་པ་སེར་པོ་ཞིག་བཏབ་པ་ཚུན་ཆོད་ལ་དགེ་འདུན་དཀོན་མཆོག་དངོས་ཀྱི་འདུ་ཤེས་བཞག་ནས། ཆོས་དང་མཐུན་པའི་སྤྱོད་ལམ་ལ་བསླབ་དགོས་པ་ཡིན། ཆ་མཐུན་གྱི་བསླབ་བྱ་ཡང་དེ་དང་འདྲ་བས་བསླབ་བྱ་མདོར་བསྡུས་ན་དེ་ལྟར་ཡིན། མདོར་ན་ཚེ་འདི་དང་ཕྱི་མར་ཡིད་རྟོན་བློ་གཏད་ཁེལ་ས་གཅིག་པུ་དཀོན་མཆོག་གསུམ་ཡིན་ཏེ། འདི་ན་ས་དང་ནམ་མཁའ་རི་རབ་རྣམས། །ཡར་མར་གནས་གྱུར་ཉི་ཟླ་ཐང་ལྷུང་སྲིད། །དཀོན་མཆོག་གསུམ་གྱིས་བསླུ་བ་མི་སྲིད་པའི། །ངེས་ཤེས་བརྟན་པ་ཀུན་ཏུ་དོན་ཡོད་ཡིན། །ཞེས་གསུངས་ཏེ། དེ་ཡང་གནམ་ས་རུ་གྱུར། ས་གནམ་དུ་གྱུར་པ་འོང་ཡང་སྲིད། ཤར་ལྷོ་རུ་གྱུར། ལྷོ་ནུབ་ཏུ་གྱུར་པ་ཡང་འོང་སྲིད། ནམ་མཁའི་ཉི་ཟླ་ས་ལ་ལྷུང་སྲིད་ཀྱང་། དཀོན་མཆོག་གསུམ་གྱིས་བསླུ་བ་མི་སྲིད་ཅེས་མི་སྲིད་པའི་ཚད་ལ་བཞག་སྟེ། དེ་ལྟར་དཔེ་བཞག་ནས་གསུངས། སྐྱབས་འགྲོ་འདི་གལ་ཆེ་བ་ཡིན་པས་ཡར་བཤད་མར་བཤད་མང་པོ་བཤད་པ་དེ་ཚོ་དད་པའི་ས་བོན་རེ་རྒྱུད་ལ་འཇོག་ཆེད་བཤད་པ་ཡིན། ཐ་སྙད་འགའ་རེ་འཇིག་རྟེན་པ་ཕལ་བས་གོ་མྱོང་མེད་པས་གོ་མ་མྱོང་བ་དེ་འདྲ་ཆོས་བཤད་སྐབས་གོ་བ་ཡིན་མོད། རིམ་གྱིས་རིམ་གྱིས་གོ་ཡོང་ལ། ཨེ་གོའི་རེ་བ་བྱེད་དགོས། དེ་མ་གོ་ན། གོ་བརྡ་འཕྲོད་བྱེད་ཟ་སྐད་འཐུང་སྐད་ཉ་བེ་ཉོ་བེ་རེ་བཤད་པས་དོན་ཟབ་མོ་མཚོན་མི་ཐུབ། དཔེར་ན་དེང་སང་ཆོས་ཡིག་རྩོམ་མཁན་དང་བསྒྱུར་བ་འདྲ་བོ། གོ་བརྡ་སྤྲད་བདེ་བའི་གསར་བཏོད་ཆེན་པོ་ཞིག་བྱས་ཡོད་བསམ་མོད། ཇ་ཞིག་ལ་ཤ་རོའི་ཇ་ལོའི་བྲོ་བ་མ་གཏོགས་མེད་པ་ལྟ་བུ་རེད། གཞན་ཞིག་གིས་ཡི་གེ་སྒྱུར་སྐབས། ཁྱེའུས་ཕ་མར་འབོད་འདྲའི་གདུང་དབྱངས། ཞེས་གསོལ་འདེབས་ལེའུ་བདུན་མར་ཡོད་པ་དེ་ལ་ཁྱི་ཕྲུག་ཨོ་ཡོ་ཞིག་གིས་ཕ་མར་བོས་པ་ཞེས་བསྒྱུར་ཡོད་པ་ལྟ་བུ་རེད། ཁྱི་ཕྲུག་གིས་སྐད་བརྒྱབ་པ་ལ་སྙན་མོ་ཞིག་ཡོད་རྒྱུ་མ་རེད་ལ། ཁྱེའུས་ཕ་མར་འབོད་འདྲ་ཞེས་པ་སྙན་མོ་ཞིག་ལ་གོ་དགོས་མོད་བསྒྱུར་ཉེས་ན་དགོད་ཁ་སློང་བྱེད་དེ་ལྟ་བུ་ཡིན། མ་ཟད་ཟབ་དང་རྒྱ་ཆེའི་དོན་ཟབ་པ་དེ་ཚོ་རྗོད་བྱེད་ཀྱི་ཚིག་རྐྱང་པའི་ངོས་ནས་འབྲིང་རིམ་སློབ་མ་ཞིག་གི་ཡོན་ཚད་ཙམ་ལས་མི་འདུག་ཅེས་དེང་སང་ཆོས་ལ་མི་དད་མཁན་ཚོས་ཟེར་བཞིན་ཡོད་ལ། ཆོས་ཞེས་པ་དེ་རྩ་ཆེན་ཞིག་བཤད་མི་འདུག་ཅེས་ཟེར་བ་དེ་ཚོ་ཆོས་ཡིག་གསར་རྩོམ་རྣམས་ལ་ཟེར་བ་ལས། བཀའ་དང་བསྟན་བཅོས་ཚད་ལྡན་ལ་དེ་འདྲ་ཟེར་ནུས་རྒྱུ་མ་རེད། དེང་སང་བརྩམས་པའི་ཆོས་ཡིག་དེ་ཚོའི་རྗོད་བྱེད་ཀྱི་ཚིག་དེ་ཚོར་སློབ་འབྲིང་གི་ཆུ་ཚད་མ་གཏོགས་སློབ་གྲྭ་ཆེན་མོའི་སློབ་མའི་ཡོན་ཚད་མི་འདུག་ཅེས་སྒྲོ་བཏགས་ནས་བཤད་བཞིན་ཡོད། ཡི་གེ་འདི་གཅིག་གྱུར་གྱི་བརྡ་མཚོན་བྱེད་ཅིག་ཡིན་ན་ས་ཆ་རེའི་སོ་སོའི་ཁ་སྐད་ཀྱིས་ཡི་གེ་རེ་བྲིས་ཚེ། གང་མཚམས་ལ་ཁམས་པའི་ཡི་གེས་དབུས་པ་ལ་གོ་བརྡའ་མི་འཕྲོད། དབུས་པའི་ཡི་གེས་ཨ་མདོ་བ་ལ་གོ་བརྡ་མི་འཕྲོད། དེ་འདྲ་དེ་ཡུན་རིང་གྱུར་ཚེ། མི་ཐོག་མང་པོ་མི་དགོས་པར་བཀའ་ཆོས་དང་བསྟན་འགྱུར་བཏོན་ན་གོ་བརྡ་མི་འཇག་པས། བཀའ་བསྟན་འགྱུར་ངོ་མི་ཤེས། མདོ་རྒྱུད་བསྟན་བཅོས་བེད་མེད་ཀྱི་གནའ་རྫས་སུ་འགྱུར་དུས། བོད་ཀྱི་ཕ་སྐད་མེད་ཞོར་དུ་ཕ་ཆོས་ཉམས་པ་ཡིན། དེ་སྐབས་གཅིག་དགོས་བསམ་རུང་མི་ར་ལུག་འདྲེས་པ་ལྟ་བུ་ཞིག་གི་ལག་ནས་ཆོས་དཀར་ནག་ཕྱེད་མ་ལྟ་བུ་ཞིག་ལས་ཐོབ་རྒྱུ་མེད། ད་ལྟ་ད་དུང་དེ་འདྲའི་བསྐལ་བ་ཚེས་མེད་པས་ཆོས་དང་མཇལ་ཟེར་བ་དེ་གང་ཐད་ནས་བཤད་ན་ཤེས་རྒྱུ་ཡོད། དེའི་ཕྱིར་ཐེག་པ་གོང་འོག་གི་ཆོས་སྐད་འདི་ཚོ་བཤད་བསྡད་ན་འདྲིས་འགྲོ་རྒྱུ་ཡོད་པས། ཆོས་ཞུ་ས་ནམ་ལོན་ལ་ཞུགས་ན་རང་ཉིད་ལ་ཕན་ཐོགས་ཆེན་པོ་ཡོད་པ་ཡིན་ནོ།།

༢༽ གཞུང་དོན།

སྐབས་འདིར། དཀོན་མཆོག་གསུམ་དངོས་བདེ་གཤེགས་རྩ་བ་གསུམ། །ཞེས་པའི་ཐད་ནས་བཤད་བཞིན་པ་ཡིན་ན། དེ་ཡང་སྐྱབས་སུ་འགྲོ་ཚུལ་ནི། ཐུན་མོང་ཐེག་པའི་ལུགས་ལ། སྐུ་བཞི་ཡེ་ཤེས་ལྔ་ལྡན་གྱི་སངས་རྒྱས་ལ་སྟོན་པ། ལུང་དང་རྟོགས་པའི་བདག་ཉིད་ཀྱི་ཆོས་ལ་ལམ། རིག་གྲོལ་ཕྱིར་མི་ལྡོག་པའི་དགེ་འདུན་ལ་ལམ་བསྒྲུབ་པའི་གྲོགས་སུ་བྱས་ཏེ་དཀོན་མཆོག་གསུམ་ལ་ལམ་གྱི་སྐྱེལ་མ་ལྟ་བུའི་ཚུལ་གྱིས་སྐྱབས་སུ་འགྲོ་བས་མ་འོངས་རང་རྒྱུད་ལ་དེ་གསུམ་གྲུབ་པར་འདོད་པའི་རྒྱུ་འབྲས་ཀྱི་ཚུལ་དུ་སྐྱབས་སུ་འགྲོ་བ་དང་། བདེ་གཤེགས་རྩ་བ་གསུམ་ཞེས་པས། ཐུན་མོང་མ་ཡིན་པ་གསང་སྔགས་སྤྱིའི་ཚུལ་གྱིས། སྤངས་རྟོགས་མཐར་ཕྱིན་པ་བདེ་བར་གཤེགས་པའི་ངོ་བོ་དེ་ལས་ཕྱེ་བའི་རྩ་བ་གསུམ་གང་ཞེ་ན། བླ་མ། ཡི་དམ། མཁའ་འགྲོ་སྟེ། དེ་ཡང་བྱིན་རླབས་ཀྱི་རྩ་བ་སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་བླ་མ་ལ་སྒོ་གསུམ་འབུལ། དངོས་གྲུབ་ཀྱི་རྩ་བ་ཆོས་སྐུ་ཞི་བའི་ངང་ལས་གཟུགས་སྐུ་ཞི་ཁྲོ་རབ་འབྱམས་སུ་ཤར་བའི་ཡི་དམ་ལ་བརྟེན། བར་ཆད་སེལ་བའི་རྩ་བ་ཆོས་ཉིད་སྐྱེ་མེད་ཀྱི་ནམ་མཁའ་ལ་འགགས་མེད་ཐུགས་རྗེའི་ཤུགས་ཀྱིས་འགྲོ་བའི་ཡེ་ཤེས་ཀྱི་མཁའ་འགྲོ་ལ་གྲོགས་ཀྱི་ཚུལ་དུ་བྱས་པས་དེ་ལྟ་བུའི་རྩ་བ་གསུམ་ལ་སྐྱབས་སུ་འགྲོ་བ་བསྟན་པ་ཡིན། ཡང་གོང་དུ་དཀོན་མཆོག་གསུམ་དངོས་ཞེས་པས། འབྲས་བུའི་སྐྱབས་འགྲོའམ་ཡང་ན་དཀོན་མཆོག་གསུམ་དངོས་ལས་གཞན་དུ་མ་གྱུར་པའི་བདེ་གཤེགས་རྩ་བ་གསུམ། རྩ་རླུང་ཐིག་ལེའི་རང་བཞིན་བྱང་ཆུབ་སེམས། །ངོ་བོ་རང་བཞིན་ཐུགས་རྗེའི་དཀྱིལ་འཁོར་ལ། །བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི། །ཞེས་གསུངས་པས། ཕྱི་ནང་གསང་བ་དེ་བཞིན་ཉིད་རྣམས་དང་སྦྱར་ན། དཀོན་མཆོག་གསུམ་གསུངས་པས་ཕྱི་ཡི་སྐྱབས་འགྲོ་བསྟན། རྩ་བ་གསུམ་གྱིས་ནང་གི་སྐྱབས་འགྲོ་བསྟན། རྩ་རླུང་ཐིག་ལེའི་རང་བཞིན་ཞེས་པས་གསང་བའི་སྐྱབས་འགྲོ་བསྟན། ངོ་བོ་རང་བཞིན་ཐུགས་རྗེའི་དཀྱིལ་འཁོར་གྱིས་ཡང་གསང་དེ་ཁོ་ན་ཉིད་ཀྱི་སྐྱབས་འགྲོ་བསྟན་པའི་གོ་བ་དེ་ལྟར་ལེན་ཆོག་སྙམ། དེ་ལས་ཕྱིའི་སྐྱབས་འགྲོ་དཀོན་མཆོག་གསུམ་གྱི་དོན་གོང་དུ་རྒྱས་པའི་ཚུལ་གྱིས་བཤད་གྲུབ་ནས་ནང་གི་སྐྱབས་འགྲོ་ཅི་འདྲ་ཡིན་ཞེ་ན། དེ་ཡང་དཀོན་མཆོག་གསུམ་ལས་གཞན་དུ་མ་གྱུར་པ་སྤངས་རྟོགས་མཐར་ཕྱིན་པ། བདེ་བར་གཤེགས་པ་དེ་ཉིད་ཀྱི་ངོ་བོ་ལས་ཕྱེ་བའི་བྱིན་རླབས་ཀྱི་རྩ་བ་བླ་མ་དེ་རྩ་བ་གསུམ་གྱི་ནང་གི་དང་པོ་ཡིན་ཏེ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་བླ་མའི་ཐུགས་རྗེ་དང་བྱིན་རླབས་ལ་བརྟེན་ནས་གྲོལ་ཞིང་གྲོལ་བར་འགྱུར་བ་ཡིན་པས། བསྒོམ་པ་ཐམས་ཅད་ཀྱི་ནང་ནས་བླ་མ་བསྒོམ་པ་མཆོག་དང་མཆོད་པ་ཐམས་ཅད་ཀྱི་ནང་ནས་བླ་མ་མཆོད་པ་མཆོག་ཡིན་གསུངས། བླ་མ་བསྒྲུབ་ཅིང་མཆོད་པ་ཡང་། མོས་གུས་ལ་རག་ལས་པ་ཡིན་ཏེ། གཡོ་མེད་མོས་གུས་ཟླ་དྲུག་གིས། །རྡོ་རྗེ་འཆང་གི་ས་ཐོབ་འགྱུར། །ཞེས་རྒྱུད་སྡེ་ལྔ་བཅུ་པ་ལས་གསུངས། དེར་མ་ཟད་སྡོམ་འབྱུང་གི་རྒྱུད་ལས་ཀྱང་། འདི་མཉེས་པས་ནི་ཀུན་མཁྱེན་གྱི། །ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །ཞེས་གསུངས་པ་ལྟར་དུ་བྱིན་རླབས་འབྱུང་དང་མི་འབྱུང་བླ་མའི་བསྒྲུབ་པ་དང་མོས་གུས་ལ་ཐུག་ཡོད། དགེ་བའི་བཤེས་གཉེན་འགྲོ་བའི་ལམ་སྟོན་དུ་བྱོན་པ་ཐམས་ཅད་ཀྱང་གནས་སྐབས་གདུལ་བྱ་འདུལ་ཚུལ་དང་བསྟུན་ནས་སྐུའི་རྣམ་རོལ་འདྲ་མིན་དུ་མར་བསྟན་ན་ཡང་། ངོ་བོ་དབྱེར་མེད་པ་ཡིན་པས་དཔེར་ན། ཟླ་བའི་ངོ་བོ་གཅིག་པ་ཡང་ཚེས་ཀྱི་དབང་གིས་སྣང་ཚུལ་ཆེ་ཆུང་མི་འདྲ་མོད་དོན་དུ་ཟླ་བ་གཅིག་ལས་མ་འགྱུར་བ་དེ་ལྟར་རོ། །བརྒྱུད་པ་འདིའི་ལུགས་ཀྱི་རྩ་བའི་སྒྲུབ་པ་རིག་འཛིན་ཡབ་ཀ་ལྟ་བུ་ལ་མཚོན་ན། སྣང་སྲིད་སྣོད་བཅུད་ཐམས་ཅད་ཨོ་རྒྱན་ཆེན་པོའི་སྐུ་གསུང་ཐུགས་ཀྱི་རོལ་པར་དག་སྣང་སྦྱང་། གསོལ་བ་བཏབ། རང་རིག་གུ་རུའི་ཐུགས་དང་དབྱེར་མེད་དུ་བསྲེས་ནས། སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་ཉིད་དུ་ཤར་བ། དུས་དང་རྣམ་པ་ཀུན་ཏུ་ཕྱི་སྣོད་ཀྱི་འཇིག་རྟེན་ཟངས་མདོག་དཔལ་རིའི་ཕོ་བྲང་། ནང་བཅུད་ཀྱི་སེམས་ཅན་དཔའ་བོ་མཁའ་འགྲོའི་ཚོམ་བུ། གསང་བ་སེམས་ཀྱི་འཕྲོ་འདུ་དེ་རང་གྲོལ་བྱ་ལམ་རྗེས་མེད་དུ་ཤེས་པའི་ངང་ལ་སྙིང་པོ་བཛྲ་གུ་རུར་འབད་པ་འདི་བསྐྱེད་རིམ་གྱི་གནད། རྫོགས་རིམ་གྱི་བཅུད། གནས་ལུགས་ཀྱི་མཚངས། མན་ངག་གི་མདུད་ཡིན་པར་གསུངས་པས་བླ་མ་གུ་རུ་ཞི་དྲག་རྣམ་པ་གང་བསྒོམ་ཡང་འཕྲིན་ལས་ཀྱི་རྡེལ་ཁ་བསྒྱུར་བ་ཙམ་མ་གཏོགས་ཁྱད་པར་མེད་པས་ཕྲིན་ལས་ཀྱི་རྡེལ་ཁ་བསྒྱུར་བས་ལས་བཞིའི་ཕྲིན་ལས་ཀྱིས་དོན་ཐམས་ཅད་བསྒྲུབ་ཀྱིན་ཡོད་དེ་དཔེར་ན། རྒྱལ་བསེན་ཕོ་མོ་དང་ཁྱད་པར་རྒྱལ་འགོང་འདུལ་བའི་གཉེན་པོ་ལ་གུ་རུ་དྲག་པོའི་སྐུ་སྣང་བ་དང་། ཀླུ་འདུལ་ལྟ་བུ་ལ་མཚོན་ན་དྲག་པོ་རྟ་ཁྱུང་སྟེ། དཔེར་ན་གུ་དྲག་སྐུ། རྟ་སྐད་གསུང་། མཁའ་ལྡིང་ཐུགས་ལྟར་དུ་བྱས་ཏེ་བསྒྲུབ་པ་དེ་ཚོ་གདུལ་བྱའི་དོན་དུ་འདུལ་བྱེད་ཀྱི་རྣམ་པ་གཞན་བསྟན་པ་ཙམ་ཞིག་ཡིན། དྲག་པོ་རྟ་ཁྱུང་ལྟ་བུ་གུ་རུ་རྡོ་རྗེ་གྲོ་ལོད་འབྱུང་པོ་འདུལ་བ་ལ་མཆོག་ཏུ་བསྔགས་པ་དེ་ཉིད་ཀྱི་སྐུའི་རྣམ་པ་བསྒྱུར་ཚུལ་གཞན་ཞིག་སྟེ། གུ་དྲག་དེ་རྩ་བའི་ལྷ་དང་། རྟ་མགྲིན་རིགས་བདག །བྱ་ཁྱུང་དེ་རྒྱན་གྱི་ཚུལ་དུ་བྱས་ཀྱང་ཆོག །གུ་རུ་ཉིད་སྒྲུབ་བྱེད་རིག་འཛིན་གྱི་ངོ་བོར་ཡོད་པ་སྒྲུབ་བྱེད་ཉིད་བསྒྲུབ་བྱའི་ངོ་བོར་སོན་ནས། བསྒྲུབ་བྱ་ཉིད་སྒྲུབ་པ་པོའི་རྣམ་པར་བཞེངས་པ་དོན་ལ་བསྒྲུབ་བྱ་སྒྲུབ་བྱེད་ཐ་མི་དད་པ། དཔེར་ན་བསྒྲུབ་བྱའི་སྐུ་ཉི་ཟེར་གྱི་ཚ་དྲོད་ལྟ་བུ་ཞིག་ཡིན་ན། སྒྲུབ་པ་པོའི་ཚུལ་ཅན་ནོར་བུ་མེ་ཤེལ་དང་གཉིས་པོ་མཉམ་དུ་འཛོམ་པས། དྲག་སྒྲུབ་འདི་མེ་ཤེལ་ཉི་འོད་ལ་ཚད་པ་ལྟ་བུས། གདོན་བགེགས་འབྱུང་པོའི་རྩ་སྦུར་སྐམ་པོ་བསྲེག་པ་ལ་རྣོ་མྱུར་ཁྱད་དུ་འཕགས་པ་ལྟ་བུ་ཡིན། ཡི་དམ་གྱི་ངོས་ནས་དྲག་པོ་དཔལ་ཆེན་འདུས་པ་ལྟ་བུ་ཆེ་མཆོག་སྒྲུབ་པ་བཀའ་བརྒྱད་པོ་གཅིག་ཏུ་འདུས་པའི་རྗེ་བཙུན་རེད། འདིའི་དཀྱིལ་འཁོར་གྱི་ལས་རིམ་ཐམས་ཅད་ཐབས་ཤེས་ཀྱི་ཚུལ་དུ་འབྲེལ་བར་བསྒྲུབ་པས། ཕར་ཕྱིན་དྲུག་གིས་བསྡུས་པའི་ཚོགས་གཉིས་རླབས་པོ་ཆེ་མྱུར་དུ་འདུམ་ནས་སློབ་པའི་རིག་འཛིན་གསུམ་དང་མི་སློབ་པའི་ལམ་གྱི་རིག་འཛིན་ལྷུན་གྲུབ་རིག་འཛིན་ཏེ་སྐུ་གསུམ་ཡན་ལག་བདུན་ལྡན་གྱི་གོ་འཕང་ལ་སྦྱོར་བའོ། །ཡི་དམ་ཞི་ཁྲོ་གང་ཡིན་ཡང་དེ་ལ་བསྙེན་པ། ཉེ་བསྙེན། སྒྲུབ་པ། སྒྲུབ་ཆེན་ཏེ་བསྙེན་སྒྲུབ་ཡན་ལག་བཞི་པོ་སྲོག་སྡོམ་གཟེར་བཞིའི་མན་ངག་གི་གནད་དང་མ་བྲལ་བ་ཞིག་གལ་ཆེ་བ་རེད། ཡི་དམ་སྒྲུབ་དུས་ཡི་དམ་གྱི་ལྷ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ། རང་ཡི་དམ་ཀུན་འདུས་སུ་བསྒོམ། ཡི་དམ་གཅིག་ལ་ཡི་དམ་གྱི་ལྷ་ཡོངས་རྫོགས་འདུ་བར་བསྒོམ་ན་ཡི་དམ་གྱི་ལྷ་ཐམས་ཅད་ཀྱི་ཞལ་མཐོང་ནས་དངོས་གྲུབ་འབྱུང་བ་ཡིན། ཞེས་དེ་ལྟར་གསུངས་ཡོད། མདོར་ན་ཡི་དམ་གང་ཡིན་ཡང་གདུལ་བྱ་འདུལ་བའི་ཚུལ་དང་བསྟུན་ནས། སྐུའི་རྣམ་རོལ་ཞི་དང་ཁྲོ་བོ་དབང་དང་རྒྱས་པ་སོགས་སུ་བསྟན་པ་ཡིན་ན་ཡང་ངོ་བོ་ཐམས་ཅད་བླ་མ་གཅིག་ལ་མ་འདུས་པ་མེད་པས། ཟུང་འཇུག་ཡེ་ཤེས་ཀྱི་ཀློང་ན་ཁྱབ་བྱ་ཡི་དམ་གྱི་དཀྱིལ་འཁོར་ཐམས་ཅད་ལ་ཁྱབ་པའི་ཁྱབ་བྱེད་རིགས་ཀྱི་བདག་པོ་བླ་མ་ཉིད་ལས་མ་འདས་པ་ཞིག་ཡིན་པས། ཡི་དམ་གྱི་དཀྱིལ་འཁོར་ཐམས་ཅད་བླ་མའི་རྣམ་རོལ་ཡིན་པ་ཤེས་དགོས་པ་ཡིན་ནོ། །དེ་བཞིན་མཁའ་འགྲོ་ལ་མཚོན་ན་ཡང་། ལས་དང་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཐམས་ཅད་རིགས་ལྔའི་ཌཱཀྐིའི་ཁོངས་སུ་གཏོགས་པས། ཡུམ་ཀ་བདེ་ཆེན་རྒྱལ་མོ་ལྟ་བུ་ལ་མཚོན་ན། གསུང་པདྨའི་རིགས་དང་ཕྲིན་ལས་ལས་ཀྱི་རིགས་ཐམས་ཅད་ཀྱི་འཁོར་ལོ་སྒྱུར་མ་རྗེ་བཙུན་འཕགས་མ་སྒྲོལ་མ་དང་། མཁའ་འགྲོ་སེང་གེའི་གདོང་ཅན། གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཉི་ཟླ་དངོས་གྲུབ་སོགས་ཀྱང་འདི་ལས་གཞན་དུ་མ་མཆིས་པ་ཡིན། དེའི་རྒྱུ་མཚན་གྱིས་གཏེར་ཁ་སོ་སོ་ནས། ཕྱི་སྒྲུབ་བདེ་ཆེན་རྒྱལ་མོ། ནང་སྒྲུབ་སྒྲོལ་མ་ཉེར་གཅིག གསང་སྒྲུབ་སེང་གེའི་གདོང་ཅན་གྱི་སྒྲུབ་སྐོར་དེ་རྣམས་འབྱུང་བ་ཡིན། དོན་གྱི་ཐོག་ནས་ཀྱང་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་ཡུམ་ཡི་གེ་དྲུག་མ་རྒྱལ་ཡུམ་སྒྱུ་འཕྲུལ་ཆེན་མོ་རྣམས་དང་ཐ་མི་དད་པ་ཡིན། བོད་ཀྱི་ཡུལ་ནས་མཁར་ཆེན་བཟའ། ཨོ་རྒྱན་གྱི་ཡུལ་ནས་མཁའ་འགྲོའི་གཙོ་མོ་ཡེ་ཤེས་མཚོ་རྒྱལ། དཔལ་རི་པདྨ་འོད་ཀྱི་ཕོ་བྲང་ནས་དབང་ཕྱུག་བདེ་ཆེན་རྒྱལ་མོ། སྲིན་པོའི་རྒྱལ་མོ་མཐིང་འོད་འབར་མ་དེ་རྣམས་སྐུ་གཅིག་མཚན་གྱི་རྣམ་གྲངས་གང་སྨོས་ཀྱང་ཁྱད་མེད་པ། མདོར་ན་སྒྲུབ་ཐབས་བདེ་ཆེན་དཔལ་ཕྲེང་གི་ནང་ནས། འོག་མིན་གནས་དང་མཁའ་སྤྱོད་ཞིང་། །ཞེས་སོགས་གསུངས་སྐབས་འོག་མིན་ཆོས་ཀྱི་དབྱིངས་ན་བཞུགས་པའི་ཞི་ཁྲོ་རིགས་བརྒྱའི་གཙོ་མོ་ཀུན་ཏུ་བཟང་མོ་དང་། མཁའ་སྤྱོད་ལོངས་སྐུའི་ཞིང་དང་ལོངས་སྤྱོད་སྤྲུལ་པའི་གནས་སོགས་གནས་ཡུལ་གྱི་རྣལ་འབྱོར་མ་ཐམས་ཅད་ཀྱི་སྤྲུལ་གཞི་གཙོ་མོ་རྡོ་རྗེ་ཕག་མོ། བོད་ཡུལ་དབུས་སུ་མཚོན་ན་དབུས་སུ་འཁྲུངས་པའི་མཚོ་རྒྱལ་རྣམས་སྤྲུལ་པ་དང་སྤྲུལ་གཞི་ཡིན་པས་སྐུ་གསུམ་གྱི་ཐ་སྙད་སྦྱར་བ་ཡིན། དེ་ལྟ་བུའི་གནས་གསུམ་གྱི་མཁའ་འགྲོ་བསམ་གྱིས་མི་ཁྱབ་པ་ཐམས་ཅད་རྩ་གསུམ་དབྱེར་མེད་པའི་བདག་ཉིད་བླ་མ་ལ་འདུས་སོ། །དེ་ཡང་མཁའ་འགྲོ་ཞེས་པའི་ངེས་ཚིག་ཅི་ལྟར་ཞེ་ན། ཆོས་དབྱིངས་སྤྲོས་པ་དང་བྲལ་བའི་ནང་དབྱིངས་དེ་དོན་གྱི་ནམ་མཁའ་ཡིན་ལ། དེའི་དབྱིངས་དེ་ཆོས་ཉིད་དགོངས་པའི་རྩལ་གྱིས་མངོན་དུ་མཛད་པ་དེ་ཆོས་ཉིད་ཀྱི་མཁའ་ལ་འགྲོ་བའི་དོན་ཡིན་པས་ན་མཁའ་འགྲོ་དང་། དེ་ཡང་བླ་མ་ལ་མ་འདུས་པའི་མཁའ་འགྲོ་ཞེས་པ་ཞིག་ཟུར་དུ་མེད་པས་རྩ་བ་གསུམ་པོ་གང་བསྒོམ་སྒྲུབ་བྱེད་ན་སྐུའི་སྣང་བ་གསལ་བའི་དུས་སུ། སྣང་ལ་རང་བཞིན་མེད་པ། གསལ་ལ་རྟོག་པ་མེད་པ། བདེ་ལ་ཞེན་པ་མེད་པ་སྟེ་མཚན་ཉིད་གསུམ་ལྡན་སྟོང་པ་ཉིད་ཀྱི་རང་མདངས་སུ་མ་འགག་ས་ལེར་སྣང་བའི་ངང་ནས་བཟླས་བརྗོད་ལ་སོགས་པ་གང་གནང་ཡང་རྩལ་ཆེ་བ་ཡིན་ལ། རང་གྲོལ་གཉུག་མའི་རྩལ་སྣང་ལྷ་སྔགས་ཀྱི་རང་མདངས་སུ་བྱ་རྩོལ་མེད་པའི་ངང་ནས་ལམ་དུ་འཁྱེར་ཤེས་ན། ལམ་ཁྱད་པར་ཅན་དུ་འགྲོའོ། །དེ་ཡན་གྱིས་དཀོན་མཆོག་གསུམ་དངོས་བདེ་གཤེགས་རྩ་བ་གསུམ། །ཞེས་པའི་དོན་ཕྱི་ནང་གི་སྐྱབས་འགྲོ་དང་སྦྱར་ནས་བཤད་པ་ཡིན། དེ་ནས་རྩ་རླུང་ཐིག་ལེའི་རང་བཞིན་བྱང་ཆུབ་སེམས། །ཞེས་པས་རགས་པ་རྒྱུའི་རྩ་ཐིག་རླུང་གསུམ་ལ་བརྟེན་ནས་ཕྲ་བ་ཡེ་ཤེས་ཀྱི་རྩ་ཐིག་རླུང་གསུམ་མངོན་དུ་བྱེད་རྒྱུ་བོ། ཐབས་མཆོག་རྡོ་རྗེ་སྙིང་བོའི་རྫོགས་རིམ་གྱི་གནད་ཁྱད་པར་ཅན་ཞིག་ཡིན་པས། དེ་ལ་གནས་པ་རྩ། གཡོ་བ་རླུང་། བཀོད་པ་བྱང་ཆུབ་ཀྱི་སེམས་གསུམ་གྱིས་བཤད། དང་པོ་འགྱུར་བ་མེད་པའི་བདག་ཉིད་ལ་གཡོ་བ་མེད་པར་གནས་པས་ན་གནས་པ་རྩ་ཞེས་གསུངས། དེ་ལྟ་བུའི་རྩ་དེ་དང་རྟེན་དང་བརྟེན་པའི་ཚུལ་དུ་རླུང་གནས་ལ། རླུང་དེ་གཡོ་ཞིང་བསྐྱོད་པའི་བྱེད་ལས་ཅན་ཞིག་ཡིན་པས། རྣམ་ཤེས་ཀྱི་ཞོན་པ་ཁམས་གསུམ་ཐམས་ཅད་རླུང་གིས་འདུ་བྱེད་པའི་ཕྱིར་ན་གཡོ་བ་རླུང་ཞེས་གསུངས་པ་ཡིན། དེ་ལྟ་བུའི་རྩ་རླུང་གཉིས་ཀའི་བརྟེན་པ་དེ་གང་ཡིན་ན་བཀོད་པ་བྱང་ཆུབ་ཀྱི་སེམས་ཞེས་ཐིག་ལེ་སྟེ། དེ་ལྟར་རྩ་རླུང་ཐིག་ལེ་གསུམ་ལས་རྩ་ལྟ་བུ་ལ། རྩ་གསུམ་འཁོར་ལོ་ལྔ་ཞེས་ཡོངས་སུ་གྲགས་པས། རྩ་གཙོ་མོ་གསུམ་དེ་དབུ་མ་རོ་མ་རྐྱང་མ་གསུམ། དབུ་མ་དེ་སྲོག་རླུང་དང་བཅས་པས་ཡར་སྣ་སྤྱི་གཙུག་ཏུ་ཟུག་པ་དེ་ལ་ཕ་ལས་ཐོབ་པའི་དངས་མ་ཧཾ་ཡིག་དཀར་བོའི་རང་བཞིན་ཅན་གནས། མར་སྣ་གསང་བར་ཟུག་པ་དེ་ལ་མ་ལས་ཐོབ་པའི་དམར་ཆ་ཨ་ཐུང་གི་ཚུལ་དུ་གནས་པ་ཡིན། གཡས་རོ་མ་དཀར་མོས་ལུས་དང་བྱང་སེམས་བསྐྱེད་ལ་ཁྲག་དང་དྲི་ཆེན་འཕེན་སྡོམ་གྱི་ལས་བྱེད། གཡོན་རྐྱང་མ་དམར་མོས་ངག་དང་ཁྲག་སྐྱེད་ཅིང་དྲི་ཆུ་འབྱིན་སྡོམ་གྱི་ལས་བྱེད་པ་ཡིན་ལ། འདིར་རྩ་ཡི་ཆགས་ཚུལ་འདི་གཙོ་བོ་ཕོ་ཡི་དབང་དུ་བྱས་ནས་བཤད་པ་ཡིན་གྱི་བུད་མེད་ལ་རོ་རྐྱང་གཉིས་པོ་གོ་བཟློག་ནས་ཆགས་ཡོད། རྩ་དབུ་མ་དེ་གནས་ཚུལ་གྱི་དབང་དུ་བྱས་ནས་ལུས་ཀྱི་དཀྱིལ་ཞེས་བརྗོད་ནའང་ཆོག་སྟེ། རྩ་རོ་རྐྱང་གཉིས་ཀྱི་དཀྱིལ་ལམ་དབུས་ན་ཡོད་པས་དབུ་མ་དང་ཆོས་ཉིད་ཀྱི་དབང་དུ་བྱས་ནས་བཤད་ན་ཡོད་མེད་གཉིས་ཀྱི་མུ་དང་བྲལ་བའམ། བདེ་སྟོང་གཉིས་སུ་མེད་པའི་ངོ་བོ་ཡིན་པས་ཀྱང་དབུ་མ་ཞེས་གསུངས། རོ་མ་དེ་རང་བཞིན་གྱིས་བཞག་ན་དོན་བྱེད་མི་ནུས་པ་རོ་ལྟ་བུ་ཞིག་དང་། དེ་ལ་རྟེན་འབྲེལ་གྱིས་གནད་དུ་བསྣུན་ན་བདེ་བའི་ངོ་བོ་ཅན་ཆོས་ཉིད་ཀྱི་རང་བཞིན་ཉམས་སུ་མྱོང་ཐུབ་པ་ཟས་ཀྱི་རོ་མྱོང་བ་ལྟར་དུ་འགྱུར་བས་ན་རོ་མ་ཞེས་གསུངས། རྐྱང་མ་དེ་རང་བཞིན་དུ་བཞག་ན་གཞན་དང་མ་འདྲེས་པར་གཅིག་པུར་ཡོད་པ་ན་རྐྱང་མ་ཞེས་གསུངས། བརྒྱུད་པའི་མན་ངག་ལ་བརྟེན་ན་རྩ་དེ་སྟོང་པའི་ངོ་བོ་ཅན་ཆོས་ཉིད་རྟོག་བྲལ་གྱི་ཉམས་སྐྱེད་མཁན་ཞིག་ཡིན་པས་རྟོག་པའི་ཡན་ལག་དང་མི་ལྡན་པས་རྐྱང་མ་ཞེས་གསུངས། དེ་ལྟ་བུའི་རྩ་གསུམ་པོ་དེ་ལུས་ཀྱི་རྩ་ཐམས་ཅད་ཀྱི་ཕྱི་མོ་ཡིན་པས་ན་དབུ་མ་རོ་མ་རྐྱང་མ་ཞེས་མ་སྒྲ་འཇུག་པའི་རྒྱུ་མཚན་དེའི་ཡིན་ནོ། །རྩ་འདི་གསུམ་ལ་བརྟེན་ནས་གནད་དུ་བསྣུན་ཤེས་ན་རོ་མ་ལ་བརྟེན་ནས་ཐིག་ལེའི་ལས་ལ་མཁས་ན་ལུས་ཀྱི་ལས་ཟད། ཟས་ཀྱི་ཞེན་པ་ཆོད། བསམ་གཏན་གྱི་ཟས་ཀྱིས་འཚོ་བ། རྐྱང་མ་ལ་བརྟེན་ནས་རྩའི་གནད་ལ་མཁས་ན། ངག་གི་ལས་དག གོས་ཀྱི་ཞེན་པ་ཆོད་དེ་གཏུམ་མོའི་གོས་ཀྱིས་དྲོ་ཐུབ་པ། ཁྱད་པར་དུ་རྩ་དབུ་མ་ལ་གནད་དུ་བསྣུན་མཁས་ན་ངོ་བོ་དོན་དམ་གྱི་དབུ་མ་སྟོང་པ་ཟང་ཐལ་འོད་ཀྱི་རང་བཞིན་ཅན་ཡིན་པས། དེའི་རླུང་གི་གནད་ལ་མཁས་ན་སེམས་ཀྱི་ལས་ཟད་ཐུབ། སྒོམ་གྱི་ཞེན་པ་དག རྨི་ལམ་རྒྱུན་ཆད་དེ་མཐར་ཐུག་མཐའ་གཉིས་ལ་མི་གནས་པའི་ཆོས་ཉིད་འོད་གསལ་གྱི་དོན་ལ་སྤྱོད་ནུས་པས་དབུ་མ་ཞེས་གསུངས། དེ་ལྟར་རྩ་གསུམ་དང་། ཡང་འཁོར་ལོ་ལྔ་ཞེས་པ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ། སྙིང་ཀ་ཆོས་ཀྱི་འཁོར་ལོ། ལྟེ་བ་སྤྲུལ་པའི་འཁོར་ལོ། གསང་གནས་བདེ་སྐྱོང་གི་འཁོར་ལོ་དང་སྤྱིར་ལྔ། དེའི་སྟེང་སྒྲོལ་མདོར་སྦར་བྱེད་རླུང་གི་འཁོར་ལོ་དང་། སུམ་མདོར་སྦར་བྱ་མེའི་འཁོར་ལོ་ཞེས་པ་གཉིས་བསྣན་ན་བདུན་དུ་ཡང་འགྱུར། ད་དུང་དེའི་སྟེང་གཙུག་ཏོར་ནམ་མཁའི་འཁོར་ལོ་ཞེས་སོགས་བཤད་སྲོལ་ཡོད་མོད། རྫོགས་པ་ཆེན་པོའི་སྐབས་འདིར་རྩ་འཁོར་བཞི་ལ་གཙོ་བོར་གནད་དུ་བསྣུན་པའི་སྐབས་ཡིན་པས། དེ་ལས་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སུམ་ཅུ་སོ་གཉིས། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག སྙིང་ཀ་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད། ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི་དང་དེ་དག་གི་འཁོར་ལ་རྩ་ཕྲན་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལ་སོགས་པ། མདོར་ན་ལུས་གནས་ཐམས་ཅད་ལ་རྩ་ཡི་དྲྭ་བས་འབྲེལ་ཏེ་ཆགས་ཡོད་པ་ཡིན་ནོ། །གཉིས་པ་གཡོ་བ་རླུང་ནི། དེ་ལྟར་རྩ་སྟོང་ཕྲག་བདུན་ཅུ་དོན་གཉིས་པོའི་ནང་དུ་འབྱུང་བ་སོ་སོའི་རླུང་རྒྱུ་བ་ཡིན་ཅིང་། དེ་ལ་ཡང་འགྱུ་ཆེན་དང་འགྱུ་ཆུང་གཉིས་ཀྱི་སྒོ་ནས་དབྱེ་བ་ཕྱེ་བ་ཡིན། དེ་ཡང་སྐྱེས་བུ་ནད་མེད་ཅིག་གིས་ཉིན་ཞག་གཅིག་སྟེ་ཆུ་ཚོད་ཉི་ཤུ་རྩ་བཞིའི་ཚེ་ལ་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བ་དེ་ལ་འགྱུ་བ་ཆེན་པོའི་རླུང་དང་། འགྱུ་བ་ཆུང་བ་ནི་ཀུན་ཏུ་རྟོག་པ་ཅན་གཙོ་ཆེ་བའི་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གྲངས་དང་མཉམ་པའི་རླུང་རྒྱུ་བ་དེ་ཡིན། ཁ་སྣ་ནས་རྒྱུ་བའི་རླུང་མ་ཡིན་པར་འཕར་རྩའི་ནང་ནས་རྒྱུ་བའི་རླུང་ཡོད་པ་རྟོག་པ་དང་ཡེ་ཤེས་ཀྱི་རྟེན་ཡིན། ལོངས་སྤྱོད་འཁོར་ལོ་ནས་རྒྱུ་བའི་འགྱུ་བ་ཆུང་ངུའི་རླུང་ཆིག་འབུམ་ཉི་ཁྲི་ཆིག་སྟོང་ནང་དུ་རྒྱུ་བཞིན་ཡོད་པར་ཡང་གསུངས། འོན་ཀྱང་གཙོ་ཆེར་བྱེད་ལས་ཀྱི་དབང་དུ་བྱས་དུས་རྩ་བའི་རླུང་ལྔ་སྟེ། སྲོག་འཛིན། མེ་མཉམ། ཁྱབ་བྱེད། གྱེན་རྒྱུ། ཐུར་སེལ་ལྔ་པོ་ཡིན། དེ་ལས་སྲོག་འཛིན་པ་སྙིང་ཀར་གནས་ཏེ་སྲོག་འཛིན་པར་བྱེད། མེ་མཉམ་ལྟོ་བར་གནས་ནས་དྲོད་འབེབ་ཟས་ཞུ་བར་བྱེད། ཁྱབ་བྱེད་ལུས་བྱིངས་ན་གནས་ཏེ་ཆ་མཉམ་གྱི་ལས་བྱེད། གྱེན་རྒྱུ་སྟོད་ན་གནས་ནས་དབུགས་འབྱིན་རྔུབ་ཀྱི་ལས་བྱེད། ཐུར་སེལ་སྨད་ལ་གནས་ནས་འགྲོ་འདུག་དང་ཟག་པ་འདོར་བའི་ལས་བྱེད་བཞིན་ཡོད། དེ་མིན་ཕྱིའི་འབྱུང་ལྔ་ནང་གི་འབྱུང་ལྔ་ལ་སོགས་པ་རླུང་གི་བྱེ་བྲག་བཤད་རྒྱུ་མང་པོ་ཡོད་ཀྱང་དེ་ཐམས་ཅད་པོ་ཕོ་མོ་མ་ནིང་གི་རླུང་གསུམ་དུ་ཚུར་བསྡུས་ན། ཕོ་རླུང་སྣ་བུག་གཡས་ནས་རྒྱུ། མོ་རླུང་སྣ་བུག་གཡོན་ནས་རྒྱུ། མ་ནིང་གི་རླུང་ཆ་མཉམ་དུ་རྒྱུ་བས། སྐྱེས་པས་ཕོ་རླུང་དང་བུད་མེད་ཀྱིས་མོ་རླུང་། གཉིས་ཀས་མ་ནིང་གི་རླུང་ལ་གཙོ་བོར་སྦྱང་ན་གསང་བ་ཡེ་ཤེས་ཀྱི་རླུང་ལྔ་འབྱུང་སླ་ཞེས་ཁྲིད་ཡིག་རྣམས་སུ་གསུངས་པ་ཡོད། གྱེན་རྒྱུ་དང་ཐུར་སེལ་མཉམ་གནས་གསུམ་གྱི་གནད་ལ་བརྟེན་ནས། སྟེང་རླུང་མནན། འོག་རླུང་བསྡུ། བར་རླུང་བསྐྱིལ་བ་གསུམ་དང་། ཡང་མདའ་ལྟར་འཕང་བ། གཞུ་ལྟར་འགུག་པ། བུམ་ཅན་དུ་བསྐྱིལ་བ་ལ་སོགས་པ་གནད་མང་མོད་འགའ་ཞིག་བཤད་པའི་སྐབས་སུ་མ་བབ་པ་ཡིན། མདོར་ན་རླུང་དེ་ལ་རྣམ་པ་གཉིས་ཏེ་ལས་ཀྱི་རླུང་ཞིག་དང་། ཡེ་ཤེས་ཀྱི་རླུང་རྣམ་པ་གཉིས་ཡིན། ལས་རླུང་དག་ནས་ཡེ་རླུང་དབྱིངས་སུ་འཁྱིལ་དུས་ཐུན་མོང་མ་ཡིན་པའི་སངས་རྒྱས་ཀྱི་ས་དང་འབྲས་བུའི་ཡོན་ཏན་ཐོབ་པ་དེ་ལྟ་བུ་ཡིན་ནོ། །གསུམ་པ་ཐིག་ལེ་ནི་བཀོད་པ་བྱང་ཆུབ་ཀྱི་སེམས་ཞེས་པ་ཡིན་ཏེ། ཁམས་དྭངས་མ་ཆེན་པོ་དཀར་དམར་གཉིས་ལས་དཀར་ཆ་ཟླ་བའི་རང་བཞིན་སྤྱི་གཙུག་གི་ཧཾ་ཡིག་དང་དམར་ཆ་ཉི་མའི་རང་བཞིན་གསང་གནས་ཀྱི་ཨ་ཡིག་ལས་རོ་རྐྱང་གི་ལམ་བརྒྱུད་ནས་འབབ་པ་ཡིན། དེ་གཉིས་པོ་ལས་རྩ་འདབ་སོ་སོར་ཐད་གར་གྱེས་པའི་རྩ་འདབ་ཕལ་པ་ལ་དཔའ་བོ་དང་རྡོ་རྗེ་རྣལ་འབྱོར་མའི་བདག་ཉིད་དུ་བཞུགས་ནས་ཞི་བདེའི་རྣལ་འབྱོར་བསྒོམ་པའི་སྐབས་བདེ་སྟོང་གི་མཆོད་པ་ལེན་བཞིན་ཡོད། རྩ་རླུང་ཐིག་ལེ་གསུམ་པོ་རྟེན་དང་བརྟེན་པའི་རང་བཞིན་ཅན་ཡིན་པས་རྩ་གནད་དུ་འགྲོ་བ་ལ་ལུས་གནད་གཙོ་ཆེ། རླུང་གནད་དུ་འགྲོ་བ་ལ་འཕྲུལ་འཁོར་གཙོ་ཆེ། ཐིག་ལེ་གནད་དུ་འགྲོ་བ་ལ་བརྩོན་པ་གལ་ཆེ། དེ་ལྟར་རྩ་རླུང་ཐིག་ལེའི་གནད་ལ་བརྟེན་ནས་རྩ་དབུ་མ་ལ་རོ་རྐྱང་གི་མདུད་པ་ཉི་ཤུ་རྩ་གཅིག་བརྒྱབ་པའི་མདུད་པ་གཉིས་རེ་གཉིས་རེ་ཞིག་དུས་ས་བཅུ་ལས་ས་རེ་རེ་བགྲོད་ནས་མཐར་ཐུག་གི་རྩ་ཉེར་གཅིག་པ་གྲོལ་དུས་གཙུག་ཏོར་རྩེ་མོས་མཆོག་རྡོ་རྗེ་འཆང་འགྲུབ་པ་ཡིན་པར་གསུངས་ཏེ། ཀུན་མཁྱེན་འཇིགས་གླིང་གིས། དེ་ཕྱིར་ལུས་ནི་ཡེ་ཤེས་ཆེན་པོའི་རྟེན། །འཁོར་བ་ཉིད་ནའང་ངོ་བོའི་བཞུགས་ཚུལ་ལ། །ཉམས་དང་དམན་པར་འགྱུར་བ་གཉིས་ཀ་མེད། །འགྱུར་བ་མེད་པའི་དོན་དམ་བྱང་ཆུབ་སེམས། །ཏིལ་ལ་མར་གྱིས་ཁྱབ་པ་ཇི་བཞིན་ནོ། །ཞེས་གསུངས་སོ། །ཡང་ངག་འདོན་གྱི་སྐབས་སུ། རྩ་རླུང་ཐིག་ལེའི་རང་བཞིན་བྱང་ཆུབ་སེམས། ཞེས་གསུངས་པའི་བྱང་ཆུབ་ཀྱི་སེམས་དེ་ལ། རྫོགས་ཆེན་སེམས་སྡེའི་སྐབས་སུ་བྱང་ཆུབ་ཀྱི་སེམས་ཞེས་གསུངས། ཀློང་སྡེ་ལ་སོགས་པའི་སྐབས་ལ་ཆོས་ཀྱི་དབྱིངས་དང་། མན་ངག་སྡེས་རང་བྱུང་གི་ཡེ་ཤེས་ཞེས་གསུངས་པ་རྣམས་དོན་གཅིག་ཡིན། གོང་གི་ཀུན་མཁྱེན་འཇིགས་གླིང་གི་ལུང་དོན་དང་བསྟུན་ན་འགྱུར་བ་མེད་པའི་དོན་དམ་བྱང་ཆུབ་ཅེས་གསུངས་པ། སེམས་ཉིད་རང་བཞིན་གྱིས་འོད་གསལ་བའི་ཁྱབ་བྱེད་ཆེན་པོས་འཇག་མའི་སྲིན་བུ་ཡན་ཆད་ལ་ཁྱབ་པའི་ཕྱིར་ན། འཁོར་བའི་གནས་སྐབས་ན་ཡང་རང་གི་ངོ་བོ་ཉིད་ལས་མ་འགྱུར་བ་བདེ་གཤེགས་སྙིང་པོ་སེམས་ཀྱི་དམ་པ་འོད་གསལ་བའི་ཡེ་ཤེས་ཡིན་ན། འདི་ནས་གསང་བའི་སྐྱབས་འགྲོའི་ཡུལ་དེ་རྩ་རླུང་ཐིག་ལེའི་རྟེན་ཅན་ལུས་ལ་གནས་པའི་ཡེ་ཤེས་ཆེན་པོ་རིག་པ་བྱང་ཆུབ་ཀྱི་སེམས་ལ་སྐྱབས་སུ་འགྲོ་བའི་དོན་དེ་བསྟན་པ་ཡིན་ནོ། །དེ་ནས་ངོ་བོ་རང་བཞིན་ཐུགས་རྗེའི་དཀྱིལ་འཁོར་ལ། །བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི། །ཞེས་གསུངས་པའི་དོན་ནི། དེ་ལྟ་བུའི་ལུས་ལ་གནས་པའི་ཡེ་ཤེས་ཆེན་པོ། ཡེ་ནས་འཕོ་འགྱུར་སྐྱེ་འགག་དང་བྲལ་བ་རིག་པ་བྱང་ཆུབ་ཀྱི་སེམས་དེའི་མཚན་ཉིད་འཛིན་བྱེད་ཡེ་ཤེས་དེ་ཉིད་ཚིག་གི་སྨྲ་བས་ཕྱོགས་ཙམ་མཚོན་པར་བྱས་ན། མཚན་ཉིད་འཛིན་པའི་ཡེ་ཤེས་གསུམ་སྟེ། ངོ་བོ་སྟོང་པ། རང་བཞིན་གསལ་བ། ཐུགས་རྗེ་འགག་པ་མེད་པ་གསུམ་པོ་རིག་པ་ཡེ་ཤེས་གཅིག་ལ་ཚང་ཡང་སྤྱིར་བཏང་གིས་བཤད་ན། སྟོང་པ་རིག་པའི་སྙིང་པོ་ཅན་ཞེས་པ་ཞིག་ཡོད་པ་དེ་གཞི་སྣང་མ་ཤར་བའི་ངོ་བོ་སྟོང་པ་དང། དེ་ལ་རྩལ་མདངས་འབར་ནས་ནང་གསལ་གྱི་གསལ་མདངས་འབར་བས་རྩལ་གཟུང་འཛིན་གྱི་ཐོག་ཏུ་མ་ཤོར་བའི་གསལ་བ་རིག་པའི་སྙིང་པོ་ཅན་དེ་ལ་རང་བཞིན་གསལ་བ། རྩལ་ཐོག་ཏུ་ཤོར་བས་ཐུགས་རྗེ་ཀུན་ཁྱབ་ཟེར་དགོས་མོད་འོན་ཀྱང་འདི་ལ་ཞིབ་ཆ་བྱེད་རྒྱུ་ཡོད་དེ། ཐུགས་རྗེའི་རིག་པ་ངོ་མ་འཛིན་མེད་ཡིན་ཡང་དེའི་ཟེར་གྱི་ཚུལ་དུ་ཤར་བ་ཐམས་ཅད་ལ་ཐུགས་རྗེའི་རིག་རྩལ་ཟེར། འཛིན་ཆའི་རྣམ་རྟོག་དང་འགྲོགས་ནས་ཡུལ་ཐོག་ཏུ་ཤར་བ་ལ་ཕྱི་གསལ་དང་ཡུལ་ཐོག་ཏུ་མ་ཤར་བ་ལ་ནང་གསལ་ཞེས་གསུངས་པ་དེ་ཚོ་ས་ཁོངས་འཛིན་བྱེད་ཙམ་དུ་ཞོར་ལ་བཤད་པ་མ་གཏོགས་དངོས་གཞིའི་སྦས་དོན་འགའ་ཞིག་བཤད་པ་སྐབས་སུ་མ་ཁེལ་བ་ཡིན་ནོ། །དེ་ལྟ་བུའི་རིག་སྟོང་ཀ་ནས་དག་པའི་ཡེ་ཤེས་ལྷུན་འགྲུབ་འདུས་མ་བྱས་གཞི་འབྲས་དབྱེར་མེད་པའི་བདག་ཉིད། མ་འགག་འཛིན་བྲལ། རྣམ་གསུམ་དབྱེར་མེད་ཆེན་པོའི་དོན་གྱི་དཀྱིལ་འཁོར་རང་རྒྱུད་ལ་བསྒྲུབ་བྱར་བྱེད་ཅིང་ལ་བཟླ་བའི་ཚུལ་གྱིས་དུས་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་མཆི་ཞེས་གསུངས་པས་མཐར་ཐུག་བསླུ་བ་མེད་པ་གནས་ལུགས་རྡོ་རྗེའི་སྐྱབས་འགྲོ་དེ་ཉིད་བསྟན་པ་ཡིན་ནོ།།

གསུམ་པ་ཚོགས་ཞིང་གསལ་འདེབས་ཚུལ།

དེ་ཡན་ཆད་ཀྱིས་ཕྱི་ནང་གསང་བ་ཡང་གསང་གནས་ལུགས་རྡོ་རྗེའི་སྐྱབས་འགྲོ་དང་བཅས་པ་བཤད་ཟིན་ནས། ད་སྐྱབས་འགྲོ་འདི་དང་བསྟུན་ཏེ་སྐྱབས་འགྲོའི་ཚོགས་ཞིང་བཤད་པ་ཡིན། དེ་ཡང་ཆོས་འདི་ཉམས་ལེན་བྱེད་མཁན་ཞིག་ཡིན་ཚེ་ཐུན་སྡོམ་དགོས། ཐུན་ཁོ་རང་ལ་སྔོན་འགྲོ་དང་། དངོས་གཞི། རྗེས་བཅས་གསུམ་ག་ཚང་དགོས། སྔོན་འགྲོ་ལུས་གནད་དང་ངག་གནད་སེམས་གནད་རྣམས་བཅོས་རྒྱུ་དང་གསོལ་འདེབས་དང་བཞི་པོ་ཚང་དགོས། དངོས་གཞི་ལ་སྐབས་འདིར་སྐྱབས་འགྲོའི་ཚོགས་ཞིང་བསྒོམ་ནས་ངག་འདོན་གྱི་ཚིག་རྗེས་སུ་དོན་དྲན། རྗེས་བསྔོ་བ་དང་སྨོན་ལམ་རྣམ་པར་དག་པས་རྒྱས་འདེབས་པ་དེ་རྣམས་ཐུན་མ་བསྡམ་ན་མ་གཏོགས་ཐུན་ཞིག་བསྡམ་ནས་བཟུང་དེ་རྣམས་ཡོད་དགོས། དེ་ཡང་ཚོགས་ཞིང་བསྒོམ་པ་འདི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྫོགས་སྨིན་སྦྱང་བའི་མཛད་པའི་ནང་ནས་ཞིང་ཁམས་སྦྱང་བ་དང་འབྲེལ་བ་ཞིག་ཡིན་ལ་དེ་བསྒོམ་ཚུལ་ནི། བདག་ཉིད་གནས་པའི་ས་ཕྱོགས་འདི་ཡང་ཐ་མལ་མ་དག་པའི་ས་ཕྱོགས་འདི་འདྲ་མ་ཡིན་པར། ས་གཞི་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་ཀྱིས་མིག་མང་རིས་སུ་བྲིས་ཡོད་པ། ལ་ལུང་དང་གཤའ་གཤོང་འབའ་འབུར་མེད་པའི་ངོས་མཉམ་པ་ཞིག་ཏུ་བསམ། རང་གི་ཐད་ཀའི་མདུན་གྱི་ཅུང་ཟད་རྒྱང་རིང་བ་ཙམ་གྱི་ས་ཆ་ན་དཔག་བསམ་ཤིང་གི་སྡོང་པོ་ཡལ་ག་ལྔ་པ། རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། ལོ་འདབ་དང་མེ་ཏོག་འབྲས་བུ་ཕུན་སུམ་ཚོགས་པ། རིན་པོ་ཆེའི་འཕྱང་འཕྲུལ་དང་། དྲིལ་གཡེར་གསེར་གྱི་དྲྭ་བ་དང་དྲྭ་ཕྱེད་ཀྱིས་བརྒྱན་པ། ཡལ་ག་རྣམས་ཕྱོགས་བཅུར་རྒྱས་པས་ནམ་མཁའི་དབྱིངས་ཐམས་ཅད་ཁྱབ་པའི་རྒྱ་ཆེ་བར་བསྒོམ། དེའི་ཡལ་ག་ལྔ་ཡི་དབུས་མ་དཀྱིལ་གྱི་ཡལ་གའི་སྟེང་ན་སེང་གེ་ཆེན་པོ་ཕྱོགས་བཞི་ན་རེ་རེ་དང་། མཚམས་བཞི་ན་རེ་རེ་སྟེ་བརྒྱད་ཀྱི་རྐང་པ་རྣམས་ཀྱིས་སྡོང་པོའི་སྟེང་དུ་བརྫིས་ནས་ཁ་མདུན་དུ་ཕྱོགས་པའི་ལག་པ་གཉིས་དང་མགོ་བོ་བཅས་པས་ཁྲི་བཏེགས་ཡོད་པ་དེ་ལྟ་བུ་ཞིག་གསལ་འདེབས་དགོས། དེ་ལྟ་བུའི་རིན་པོ་ཆེའི་ཁྲི་སྟེང་དུ། སྣ་ཚོགས་པདྨ་ཡོན་ཏན་དཀར་སེར་དམར་ལྗང་མཐིང་ག་སོགས་ཁ་དོག་སྣ་ཚོགས་དང་ལྡན་པའི་མེ་ཏོག་པདྨ་ཟེའུ་འབྲུ་དང་ཁ་རྒྱ་མཉམ་པའི་ཉི་མ་དང་ཟླ་བ་བརྩེགས་པའི་གདན་གྱི་སྟེང་དུ། ངོ་བོ་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་རང་ཉིད་ཀྱི་དྲིན་ཆེན་རྩ་བའི་བླ་མ་ཡིན་པ་ལ། རྣམ་པ་ཨོ་རྒྱན་རྡོ་རྗེ་འཆང་ཡུམ་དང་བཅས་པའི་སྐུ་རུ་གསལ་བཏབ་སྟེ་ཞལ་རང་ལ་ཕྱོགས་པར་བསྒོམ་དགོས། ཨོ་རྒྱན་ཆེན་པོ་ཡང་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཞལ་གཅིག་ཕྱག་གཉིས། ཞབས་གཡས་པས་རྒྱལ་པོ་རོལ་བའི་སྟབས་མཛད་དེ་བཞུགས་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ནམ་མཁར་གདེངས་བའི་ཚུལ་གྱིས་འཛིན་པ། ཕྱག་གཡོན་པས་མཉམ་བཞག་གི་སྟེང་ན་ཐོད་པ་འཆི་མེད་ཡེ་ཤེས་ཀྱིས་གང་བའི་ཚེ་བུམ་རྒྱན་ལྡན་དང་བཅས་པ་ཡོད་པ། སྐུའི་ན་བཟའ་ཡང་ཟ་ཧོར་རྒྱལ་པོའི་ཆས་ཟ་བེར་དང་ཕོད་ཁ་སོགས་མནབ་པའི་སྟེང་དུ་ཆོས་གོས་དམར་པོ་གསེར་གྱི་ཧ་རིས་ཅན་མནབ་པ། དབུ་ལ་པད་ཞྭ་པདྨ་མཐོང་གྲོལ་གསོལ་བ། ཡུམ་མཚོ་རྒྱལ་དཀར་མོ་ཐོད་པ་དང་གྲི་གུག་འཛིན་པ་དང་མཉམ་སྦྱོར་ཅན་དུ་བསྒོམ། བསྒོམ་པ་དེ་ཡང་གདོས་བཅས་ཀྱི་རྣམ་པ་ཅན་མ་ཡིན་པར་སྟོང་གཟུགས་འོད་ཀྱི་ཕུང་པོ་ཡེ་ཤེས་ཀྱི་སྲོག་ཅན་ཞིག་ཏུ་བསྒོམ་དགོས་ཏེ། འོད་ཀྱི་ལུས་ལ་ཡེ་ཤེས་སྙིང་པོ་ཅན། །ཞེས་འདོན་པ་ལྟར་དུ་བསྒོམ་དགོས། དེའི་སྤྱི་གཙུག་ནས་ཡར་རྫོགས་ཆེན་བརྒྱུད་པའི་བླ་མ་རྣམས་ཐོ་བརྩེགས་ཀྱི་ཚུལ་དུ་གོང་མའི་གདན་ཁྲི་ལ་འོག་མའི་དབུ་མ་རེག་པ་ཙམ་དུ་ཐོ་བརྩེགས་ཀྱི་ཚུལ་དུ་བསྒོམ། ཐམས་ཅད་ཀྱི་ཀླད་དུ་ཆོས་སྐུ་ཀུན་ཏུ་བཟང་པོ་སྐུ་མདོག་མཐིང་ཀ་ཅན་ཞིག་བསྒོམ། ཆོས་སྐུ་ཀུན་ཏུ་བཟང་པོ་སྐུ་མདོག་མཐིང་ག་ལ་ཡུམ་ཀུན་ཏུ་བཟང་མོ་མཐིང་སྐྱ། གཉིས་ཀ་སྐུ་གཅེར་བུ་ཞབས་སྐྱིལ་ཀྲུང་ཕྱག་གཉིས་མཉམ་བཞག་ཡབ་ཡུམ་འཁྲིལ་སྦྱོར་མཚན་དཔེ་འབར་བ་ཞིག་ཏུ་བསྒོམ། དེའི་འོག་ཏུ་ལོངས་སྐུ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་མཛེས་ཞབས་སྐྱིལ་ཀྲུང་དང་ཕྱག་གཉིས་རྡོ་དྲིལ་འཛིན་པས་ཡུམ་དང་སྦྱོར་བ། གཉིས་ཀ་ལོངས་སྤྱོད་རྫོགས་པའི་རྒྱན་ཆས་ཀྱིས་བརྒྱན་པ་དེ་འདྲ་བསྒོམ། དེའི་འོག་ཏུ་སྤྲུལ་སྐུ་དགའ་རབ་རྡོ་རྗེ་སྐུ་མདོག་དཀར་གསལ་ཅན། ཞབས་སྐྱིལ་ཀྲུང་དང་ཕྱག་གཉིས་ཀྱིས་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ་སྟབས་འཛིན་པ། རབ་བྱུང་གི་ཆ་ལུགས་ཅན་ཞིག་བསྒོམ། དེའི་འོག་ཏུ་སློབ་དཔོན་འཇམ་དཔལ་བཤེས་གཉེན་སྐུ་མདོག་དམར་སེར་ཧེ་རུ་ཀའི་ཆས་མཛད་པ། ཕྱག་གཡས་པས་ཌཱ་མ་རུ་དང་གཡོན་པས་ཐོད་པ་བསྣམས་པ་བསྒོམ། དེའི་འོག་ཏུ་གུ་རུ་ཤྲཱི་སེང་ཧ་སྐུ་མདོག་དཀར་ལ་སྨུག་པའི་མདངས་ཅན་ཞེས་ཡིག་ཆ་རྣམས་སུ་གསུངས་པ་ལྟར་ཧེ་རུ་ཀའི་ཆས་ཅན། ཕྱག་གཡས་པས་སྡིག་མཛུབ་ནམ་མཁར་གཏད་ཅིང་། གཡོན་པས་ཐོད་པ་བདུད་རྩིའི་གང་བ་བསྣམས་པ་ཅན་དུ་བསྒོམ། དེའི་འོག་ཏུ་མཁས་པ་ཛྙཱ་ན་སུ་ཏྲ་དེ་ཡང་སྐུ་མདོག་དཀར་དམར་གྱི་མདངས་དང་ལྡན་པ་ཞབས་སྐྱིལ་ཀྲུང་དང་ཕྱག་གཉིས་མཉམ་བཞག་གི་སྟེང་ན་གླེགས་བམ་བསྣམས་པ་རབ་བྱུང་གི་ཆས་ཅན་དབུ་ལ་པཎ་ཞུ་གསོལ་བ་དེ་ལྟར་བསྒོམ། དེའི་འོག་ཏུ་པཎ་ཆེན་བི་མ་མི་ཏྲ་སྐུ་མདོག་ལྗང་སེར་ཅན། ཞབས་གཉིས་སྐྱིལ་ཀྲུང་དང་ཕྱག་གཉིས་མཉམ་བཞག་གི་སྟེང་དུ་ཐོད་པ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བ་བསྣམས་པ་རབ་བྱུང་གི་ཆས་མཛད་ཅིང་དབུ་ལ་པཎ་ཞུ་མནབ་པ་དེ་ལྟ་བུ་ཞིག་བསྒོམ། དེའི་འོག་ཏུ་ཨོ་རྒྱན་པདྨ་འབྱུང་གནས་ཟ་ཧོར་རྒྱལ་པོའི་ཆས་ཅན་གོང་བཤད་ལྟར་བསྒོམ་ལ། དེའི་གཡས་ན་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། གཡོན་ན་ལོ་ཆེན་བཻ་རོ་ཙ་ན། མདུན་དུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཏེ་རྗེ་འབངས་གྲོགས་གསུམ་ཚང་བ་དེ་ལྟ་བུ་ཞིག་བསྒོམ། དེའི་འོག་ཏུ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་སྐུ་མདོག་དཀར་གསལ་ཞབས་གཉིས་སྐྱིལ་ཀྲུང་ཅན། ཕྱག་གཉིས་རྫོགས་ཆེན་སེམས་ཉིད་ངལ་གསོའི་བཞུགས་ཚུལ་ཅན་རབ་བྱུང་གི་ཆས་ཅན་པཎ་ཞུ་མནབ་པ། དེའི་འོག་ཏུ་རིག་འཛིན་འཇིགས་མེད་གླིང་པ་སྐུ་མདོག་དཀར་ལ་དམར་བའི་མདངས་ཅན་ཞབས་སྐྱིལ་ཀྲུང་ཅན་སྐུ་ལ་སྔགས་ཆས་དཀར་མདངས་ཅན་གསོལ་ཞིང་དབུ་སྐྲ་ཐོར་གཙུག་ཏུ་གླེགས་བམ་གྱིས་མཚན་པ། ཕྱག་གཡས་པས་མཆོག་སྦྱིན་དང་གཡོན་པ་སྟ་ཟུར་ནས་གདན་སྟེང་དུ་བརྐྱང་བར་མཛད་པ་ཅན་དུ་བསྒོམ། དེའི་འོག་ཏུ་རང་ཅག་གི་བླ་རྒྱུད་འཇིགས་མེད་རྒྱལ་བའི་མྱུ་གུ་རབ་བྱུང་གི་ཆ་ལུགས་ཅན། མི་འགྱུར་ནམ་མཁའི་རྡོ་རྗེ། ཨོ་རྒྱན་བསྟན་འཛིན་ནོར་བུ། ཆོས་རྗེ་གཞན་ཕན་སྣང་བ་དང་། དེའི་འོག་ཏུ་འཇིགས་མེད་ཡོན་ཏན་མགོན་པོ་སྐུ་མདོག་དཀར་ལ་དམར་བ་ཞལ་ཚོམ་ཅན་སྐུ་ངོ་མ་ལྟར་རབ་བྱུང་ངུར་སྨྲིག་གི་ཆས་ཅན་ཞབས་སྐྱིལ་ཀྲུང་ཕྱག་གཉིས་སེམས་ཉིད་ངལ་གསོའི་བཞུགས་སྟངས་ཅན་དུ་བསྒོམ། དེའི་འོག་ཏུ་རང་ཉིད་ཀྱི་མན་ངག་གདམས་ཁྲིད་གསུམ་པོ་གང་ལས་ཐོབ་ཅིང་གང་ལ་ལས་འབྲེལ་ཡོད་པའི་བླ་མ་དེ་ཉིད་བསྒོམ་པས། དེ་ལྟར་བརྒྱུད་པའི་བླ་མ་ཐམས་ཅད་བསྒོམ་པའི་མཐའ་སྐོར་དུ་འཕགས་ཡུལ་གྱི་པཎ་གྲུབ་རྣམས་དང་། བོད་ཀྱི་གསར་རྙིང་གི་བླ་མ་རང་ལ་ཆོས་འབྲེལ་ཡོད་པ་རྣམས་དང་། ཡི་དམ་རྒྱུད་སྡེ་བཞིའི་ལྷ་ཚོགས་དཔའ་བོ་མཁའ་འགྲོའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་ཡོད་པ་དེ་ལྟར་ཚོགས་ཞིང་བསྒོམ། ཁྱད་པར་དུ་ཀློང་ཆེན་སྙིང་ཐིག་གི་བརྒྱུད་པ་འདིའི་ཡི་དམ་གཙོ་བོ་དཔལ་ཆེན་འདུས་པ་ཡིན་ལ་དེ་ལ་འཁོར་ཁྲག་འཐུང་རིགས་བཞི་པོ་དེང་སང་རང་ཅག་གི་ཆོས་བརྒྱུད་དང་འབྲེལ་བའི་ཚོགས་ཞིང་རྣམས་སུ་དེ་ལྟར་བྲིས་འདུག་པས། རྟ་མགྲིན་ཁམས་གསུམ་རོལ་བ། གཤིན་རྗེ་འཆི་བདག་ཟིལ་གནོན། ཕུར་བ་བདུད་དཔུང་ཟིལ་གནོན། ཡང་དག་སངས་རྒྱས་མཉམ་སྦྱོར་རྣམས་དང་། མཁའ་འགྲོ་བདེ་ཆེན་རྒྱལ་མོ་སོགས་ཕྱི་ནང་གསང་བའི་རྩ་བའི་སྒྲུབ་པ་དང་བཅས་པའི་ལྷ་ཚོགས་རྣམས་གཙོ་བོར་གསལ་འདེབས་དགོས། དེ་ནས་མདུན་གྱི་ཡལ་ག་ལ་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་ལ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཀྱིས་བསྐོར་བ་རྣམས་སྤྲུལ་སྐུ་ཚངས་པར་སྤྱོད་པའི་ཆ་ལུགས་ཅན་ཤ་སྟག་དང་སྐུ་མདོག་དཀར་སེར་དམར་ལྗང་མཐིང་ག་འོད་དང་འོད་ཟེར་འཕྲོ་བ་དེ་ལྟར་དུ་བསྒོམ། གཡས་ཀྱི་ཡལ་ག་ལ་རྒྱལ་སྲས་རིགས་གསུམ་མགོན་པོ་གཙོ་བོ་བྱས་པའི་ཉེ་བའི་སྲས་ཆེན་བརྒྱད་ལ་བྱང་སེམས་འཕགས་པའི་དགེ་འདུན་སྐུ་མདོག་སྣ་ཚོགས་པས་བསྐོར་བ་ལོངས་སྤྱོད་རྫོགས་པའི་སྐུའི་རྒྱན་ཆས་བཅུ་གསུམ་གྱིས་བརྒྱན་ཅིང་ཞབས་མཉམ་པའི་སྟབས་ཀྱིས་བཞེངས་ནས་ཡོད་པར་བསྒོམ། གཡོན་གྱི་ཡལ་ག་ལ་ཉན་ཐོས་མཆོག་ཟུང་གཉིས་ཀྱིས་གཙོས་པའི་ཉན་རང་འཕགས་པའི་དགེ་འདུན་གྱིས་བསྐོར་བ་དེ་ཐམས་ཅད་སྐུ་མདོག་དཀར་པོ་ཆོས་གོས་རྣམ་གསུམ་གསོལ་ཞིང་ཕྱག་ན་འཁར་སིལ་དང་ལྷུང་བཟེད་བསྣམས་ནས་བཞེངས་སྟབས་ཀྱིས་བཞུགས་ཡོད་པར་གསལ་དགོས། དེ་ནས་རྒྱབ་ཀྱི་ཡལ་ག་ལ་ཆོས་དཀོན་མཆོག་གསུང་རབ་ཀྱི་གླེགས་བམ་བརྩིག་པའི་རྣམ་པ་ཅན་འོད་ཀྱི་དྲྭ་མིག་གི་ནང་ནས་གདོང་དར་རང་ལ་བསྟན་པས་ཐམས་ཅད་ཀྱི་སྟེང་མར་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་བཞུགས་པ་ཨཱ་ལི་ཀཱ་ལིའི་རང་སྒྲ་བར་མེད་དུ་གྲགས་པ་སོགས་དེ་དག་ཐམས་ཅད་ཀུན་བཟང་བླ་མའི་ཞལ་ལུང་ན་དེ་ཐམས་ཅད་གསུངས་ཡོད་པ་ལྟར་དང་། དེ་དག་གི་བར་མཚམས་ན་ཡེ་ཤེས་དང་ལས་ལས་གྲུབ་པའི་དཔལ་མགོན་ཆོས་སྐྱོང་སྲུང་མ་སྤྱི་དང་ཁྱད་པར་དུ་སྙིང་ཐིག་བརྒྱུད་པའི་སྲུང་མ་མ་གཟའ་རྡོར་གསུམ་གྱིས་གཙོ་བོར་བྱས་པ་དེ་ཡང་ཕོ་རྒྱུད་ཐམས་ཅད་ཀྱི་ཞལ་ཕྱིར་ཕྱོགས་པས། ཕྱིའི་འགལ་རྐྱེན་ཐམས་ཅད་ནང་དུ་མི་གཏོང་བ་དང་། མོ་རྒྱུད་ཐམས་ཅད་ཀྱི་ཞལ་ནང་དུ་ཕྱོགས་པས་ནང་གི་དངོས་གྲུབ་ཕྱི་ལ་མི་གཏོང་བའི་ཕྲིན་ལས་མཛད་པ། དེ་ལྟ་བུའི་སྐྱབས་ཡུལ་ཐམས་ཅད་པོ་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་གྱིས་བདག་ཉིད་ལ་རྗེས་སུ་བརྩེ་བ་ཆེན་པོ་མཛད་ནས་འདྲེན་པའི་དེད་དཔོན་དུ་བཞུགས་ཡོད་པར་བསམ་པས། ཕ་མ་གཉིས་དང་དགྲ་བགེགས་གཉིས་ཀྱིས་གཙོ་བྱས་བདག་སོགས་སེམས་ཅན་ཐམས་ཅད་ཀྱིས་ས་གཞིའི་ངོས་ནས་ཡར་ལ། ལག་ཐལ་མོ་སྦྱར་སྒོ་གསུམ་གུས་པ་ཆེན་པོས་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར་དུ་བླ་མ་དང་དཀོན་མཆོག་རིན་པོ་ཆེ་ཁྱེད་རྣམ་པ་མཁྱེན། ཁྱེད་རྣམ་པ་ལ་བརྟེན་པ་ཡིན། ཁྱེད་རྣམ་པ་ལ་འབུལ་བ་ཡིན། ཁྱེད་རྣམ་པ་ལས་གཞན་པའི་སྐྱབས་དང་རེ་ས་ཞིག་མེད། མཐོ་དམན་སྐྱིད་སྡུག་བཟང་ངན་ལེགས་ཉེས་གང་བྱུང་ཡང་ཁྱེད་རྣམ་པ་མཁྱེན་བསམ་པས་སྙིང་ནས་གདུང་བ་དྲག་པོ་དང་བཅས་ཏེ། དཀོན་མཆོག་གསུམ་དངོས་བདེ་གཤེགས་རྩ་བ་གསུམ། །རྩ་རླུང་ཐིག་ལེའི་རང་བཞིན་བྱང་ཆུབ་སེམས། །ངོ་བོ་རང་བཞིན་ཐུགས་རྗེའི་དཀྱིལ་འཁོར་ལ། །བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི། །ཞེས་སྐྱབས་འགྲོ་འབུམ་ཐེར་དེ་ལྟར་བསགས་དགོས། རྒྱུན་དུ་ཡིན་ན་དེ་ལྟ་བུའི་འདུ་ཤེས་ཀྱིས་ཚར་གསུམ་རེ་འདོན་དགོས། བསགས་པའི་སྐབས་ཡིན་ན་ཐུན་བསྡུ་བའི་སྐབས་ལ་རང་ཉིད་ཀྱིས་མོས་གུས་བྱས་པའི་རྐྱེན་གྱིས་སྐྱབས་ཡུལ་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་ལས་འོད་ཟེར་འཕྲོས་པས་རང་གཞན་སེམས་ཅན་ཐམས་ཅད་ལ་ཕོག་ནས་བྱ་བརྒྱ་འུར་རྡོ་གཅིག་གིས་དཀྲོག་པ་ལྟར་དུ་སྐྱབས་ཡུལ་རྣམས་ལ་ཐིམ། དེ་དག་ཀྱང་སྐྱབས་གསུམ་ཀུན་འདུས་དབུས་ཀྱི་བླ་མ་ལ་ཐིམ། བླ་མ་ཡང་འོད་དུ་ཞུ་ནས་ཆོས་སྐུ་སྤྲོས་བྲལ་སྨྲ་བསམ་བརྗོད་མེད་གདོད་མའི་གནས་ལུགས་ཀྱི་ངང་དུ་སེམས་རྣམ་རྟོག་ཐ་མལ་གྱི་འཕྲོ་འདུ་དང་བྲལ་བར་མཉམ་པར་བཞག་པ་དེ་གནས་ལུགས་དོན་གྱི་སྐྱབས་འགྲོ་རེད། དེ་ནས་མཉམ་བཞག་དེ་ལས་ལངས་པའི་རྗེས་ཐོབ་ཏུ་ཚོགས་ཞིང་སོགས་སྔར་ལྟར་དུ་གསལ་བཏབ་པ་དེའི་ངང་དང་མ་བྲལ་བའི་སྒོ་ནས་ཐུན་དེའི་ནང་གི་དགེ་བས་གཙོས་པའི་རང་གཞན་གྱི་དགེ་ཚོགས་ཐམས་ཅད་མཁའ་མཉམ་སེམས་ཅན་གྱི་དོན་དུ་བསྔོ་བ་ནི། དགེ་བ་འདི་ཡིས་མྱུར་དུ་བདག །དཀོན་མཆོག་གསུམ་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་བསྔོ་སྨོན་གྱིས་མཐའ་བརྒྱན་ནས། དུས་དང་རྣམ་པ་ཀུན་ཏུ་སེམས་དྲན་ཤེས་བག་ཡོད་དང་མ་བྲལ་བའི་ངང་ནས་སྐྱབས་ཡུལ་ལྷ་ཚོགས་ཀྱི་གསལ་སྣང་དང་མ་བྲལ་བ་བྱེད་རྒྱུ་ལ་སོགས་པ་ཞིབ་ཏུ་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་ལྟར་དུ་བྱེད་དགོས་པ་ཡིན་ཏེ། ཀུན་བཟང་བླ་མའི་ཞལ་ལུང་ནི་འདིའི་འགྲེལ་བ་ཟེར་ནའང་ཆོག་ལ་རྒྱབ་ཆོས་ཟེར་ནའང་ཆོག སྤྱི་དོན་ཟེར་ན་ཡང་ཆོག་པས་གང་ཟེར་ཡང་ཆོག གང་ཟག་གཅིག་འཚང་རྒྱ་བ་ལ་མང་པོ་མ་ཤེས་ནའང་སྔོན་འགྲོའི་ངག་འདོན་བླ་མའི་རྣལ་འབྱོར་དང་བཅས་པའི་ཉམས་ལེན་གྱིས་ཆོག་པས། དེའི་ཕྱིར་ཚང་མས་ཁྲིད་ཡིག་ཀུན་བཟང་ཞལ་ལུང་ལ་ཉམས་ལེན་བྱ་རྒྱུ་དང་། ཅི་ཡང་མ་ནུས་ཀྱང་ཚར་མང་པོ་བཀླག་ན་བྱིན་རླབས་འཇུག་ཟེར་མྱོང་ཡོད་པས་འགའ་རེས་ཚར་མང་པོ་བལྟ་རྒྱུ་ཁས་ལེན་བྱས་ཡོད་ལ་ད་དུང་ཡང་ཁས་ལེན་བྱེད་མཁན་ཡོད་ན་ལེགས། གང་ལྟར་སྐྱབས་འགྲོའི་བསླབ་བྱ་དང་ཕན་ཡོན་ལ་སོགས་པ་གོང་ནས་བཤད་པ་ལྟར་དུ་ཡིན་པས། ཆོས་བཤད་པ་དེ་ཡང་བརྒྱུད་པའི་བྱིན་རླབས་ཐོབ་རྒྱུ་དང་ཚིག་དོན་གྱི་གོ་བ་ཕྱིན་ཅི་མ་ལོན་པ་ཞིག་ལོན་པའི་ཆེད་དུ་ཡིན། གོ་ཚར་ཡང་དེ་ལ་ཐེ་གཏོགས་མི་བྱེད་ཅིང་བསམ་བློ་དེའི་ཕྱོགས་སུ་མ་འཁོར་བར་ཁྱིམ་དུ་བརྒྱུག་སོང་བས་དོན་དག་འགྲུབ་མེད། ཆོས་ཞུས་པ་དེ་ཆོས་རའི་ནང་དུ་བསྐྱུར་ནས་སོང་བ་ཡིན། དེ་འདྲ་མི་རེད་པའི་ཆེད་དུ་ངག་འདོན་གྱི་དཔེ་ཆ་ལ་གཞི་བཟུང་ནས་ཚིག་རེ་དང་དོན་རེ་སྦྲགས་ཏེ་དང་པོ་ཨེ་གོ་ལྟོས། གོ་དུས་གཏམ་དེ་དང་རང་རྒྱུད་གཉིས་པོ་ཐོ་ཞིག་གཏུག་པས་དེའི་ནང་ནས་རང་གིས་འགྲིག་པ་དང་མ་འགྲིག་པ་ལ་སྤངས་བླངས་བྱས་ནས་སྔར་དང་མི་འདྲ་བའི་ཕན་ཐོགས་འདི་བྱུང་སོང་བསམ་པ་ཡོད་ན་ཆོས་ཞུས་པའི་གོ་ཆོད་པ་ཡིན། དེ་ཡན་གྱིས་ང་ཚོས། དཀོན་མཆོག་གསུམ་དངོས་བདེ་གཤེགས་རྩ་བ་གསུམ། །རྩ་རླུང་ཐིག་ལེའི་རང་བཞིན་བྱང་ཆུབ་སེམས། །ངོ་བོ་རང་བཞིན་ཐུགས་རྗེའི་དཀྱིལ་འཁོར་ལ། །བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི། །ཞེས་སོགས་སྐྱབས་འགྲོ་ཚིག་བཞི་བོའི་དོན་བཤད་ཟིན་པ་ཡིན། སང་ཉིན་སེམས་བསྐྱེད་བཤད། ཅེས་གསུངས་སོ།།


previousཙ༽ ཉིན་ལྔ་པའི་ཆོས་ཁྲིད།next