Nitartha Digital Library
Tibetan
 
previousན༽ ཉིན་དྲུག་པའི་ཆོས་ཁྲིད།next

ན༽ ཉིན་དྲུག་པའི་ཆོས་ཁྲིད།

མཚམས་སྦྱོར་ཞལ་གདམས།

མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་འགྲོ་བ་སེམས་ཅན་ཐམས་ཅད་གཏན་བདེ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་བདག་གིས་དམ་པའི་ཆོས་ཟབ་མོ་ཉན་ནས། དེའི་དོན་ཚུལ་བཞིན་དུ་བསྒྲུབ་དགོས། བསྒྲུབ་རྒྱུ་དེ་ཡང་ཕྱི་བཤོལ་དང་ལེ་ལོའི་བདུད་དབང་དུ་མི་འཆོར་བར། འཆི་བདག་གི་བདུད་ཕོ་དེ་དང་ལག་སུ་སྔ། བང་སུ་མགྱོགས་ཤིག་མ་བསྡུར་དུས། འདིས་སྔོན་མ་བསླུས་བསམ་པ་དང་གྱོང་མ་བརྒྱབ་བསམ་པ་ཞིག་མེད་པས། ད་སྔོན་བསླུ་གྲངས་མང་སྟེ། ལོ་ཉུང་ལུས་མཛེས་བསམ་པ་ནས་སྐྱིད་ལོང་དགའ་ལོང་མ་གཏད་པར་ཇི་ཙམ་ཞིག་ཁྲིད་སོང་། དབང་བཙན་པོས་མི་འགྲོ་ཟེར་ས་འདི་ལ་མི་འདུག ཉམ་ཆུང་དམན་པ་བྱས་ནས་མཐེ་བོང་སློང་ས་འདི་ལ་མི་ལོན། དེ་བས་ཆོས་ཁ་ཆོས་ལ་མི་སྐྱུར་བར་དོན་ཆོས་བསྒྲུབ་དགོས། སང་ཕོད་ལ་མི་འཇོག་པར་ད་ལོ་དང་སང་གནང་བར་མི་བཞག་པར་དེ་རིང་། དེ་རིང་གི་ཡང་སྔ་ཕྱི་དྲོ་གཉིས་ཀྱི་ནང་ནས་སྔ་དྲོ་གཅིག་མ་འཐམ་དུས། ད་སྔོན་གྱི་མི་ཚེ་ལ་ཕྱི་ལྟས་ཤིག་བྱས་སྐབས། ལོ་ཐེངས་མ་ཅི་ཙམ་ལ་སར་ཡོད། དེ་ཡང་ལོ་སར་བྱས་ནས་སྐྱིད་སྐྱིད་བྱེད་ཁུལ་བྱས་ཀྱང་། དོན་ངོ་མ་ལ་ཚེ་ལོ་གཅིག་ཟད་ནས་སྡུག་སྡུག་བྱས་པ་དང་འདྲ་བ་ཞིག་ཡིན་པ་རེད། ལོ་དེ་ཡི་ནང་ནས་ཤི་རྒྱུ་ཡིན་པ་མ་ཤེས་ནས་ལོ་སར་གཏོང་ཁུལ་བྱས་ཀྱང་། ལོ་དེ་མཇུག་མ་རྫོགས་གོང་ནས་ཤི་སོང་བ་གང་མང་མང་ཡིན། དེ་ལ་མངོན་ཤེས་ཅན་ཞིག་གིས་བལྟས་ན་དགོད་བྲོ་བ་ཞིག་ཡིན་ལ། མི་རྟག་སྒྱུ་མའི་ངང་ཚུལ་ལ་ངེས་ཤེས་གཏིང་ནས་འདྲོང་པ་ཞིག་གིས་བལྟས་ན་སུ་མཐོང་ཡང་ཤ་ཚ་སྙིང་རྗེའི་གནས་ཡིན། དེ་ཡང་སྙིང་རྗེ་ཚད་མེད་འབྱོང་བའི་ཚད་ལ་སེམས་ཅན་མིག་གིས་མཐོང་ཚེ་མཆི་མ་འོང་བ་ཞིག་ཡིན་གསུངས་མོད། སྙིང་རྗེ་མ་འབྱོང་བའི་རང་ཅག་ལྟ་བུས་ཀྱང་བསམ་བློ་ཞིག་བཏང་ན་སྲོག་ཆགས་ཉམ་ཐག་གཞན་སྨོས་ཅི་དགོས། མི་གཅིག་གི་སྟེང་དུ་བྱུང་བའི་སྡུག་བསྔལ་དཔེར་ན། ཕ་མ་བུ་ཚ་ཤི་བའི་སྡུག་བསྔལ་ལུས་ཐོག་ཏུ་བྱུང་བ་དང་དེ་ཁོ་རང་ལ་འཆི་བའི་སྡུག་བསྔལ་གཟེར་ཚ་ནད་འབྱུང་བའི་ལུས་ཀྱི་སྡུག་བསྔལ། ཤི་བ་ཞེས་པ་བྲག་གཡང་གཟར་མོ་ཞིག་ནས་ལྷུང་བ་ལྟ་བུ་ནང་སེམས་ཀྱི་སྡུག་བསྔལ། ཤུལ་གྱི་སྙིང་དམར་ཅན་རྣམས་ཀྱིས་སེམས་འཕྲེང་བའི་གསོན་སྡུག ཤི་ཆོས་མེད་བར་དོར་འགྲིམ་དུས་སྐྱབས་མེད་མགོན་མེད་ཀྱི་ཤི་སྡུག་དེ་ཚོ་ལ་བསམ་བློ་རེ་བཏང་ཚེ། སུ་མཐོང་ཡང་ཤ་ཚ་སྙིང་རྗེའི་ཡུལ་ཞིག དེའི་སྡུག་བསྔལ་ལེན་ཐབས་མེད་མ་གཏོགས་ཡོད་ན་ང་རང་ཡང་འཆི་དགོས་པས་རང་གཞན་གཉིས་ཀའི་འཆི་གོ་ཆོད་ན་སྙམ་པའི་ངེས་འབྱུང་སྤུ་སུད་མ་མཚམས་རེར་དེ་ལྟར་ཡིད་ལ་འཆར་བ་དེ་འདྲ་ཡིན་པས། འཁོར་བའི་སེམས་ཅན་རང་གཞན་སུ་ལ་བལྟས་ཀྱང་ཉམ་ཐག་སྙིང་རྗེའི་ཡུལ་ཤ་སྟག་ཡིན། འོན་ཀྱང་རང་ཅག་བོད་གངས་ཅན་ཆོས་ས་ཆོས་ཡུལ་དུ་སྐྱེས་པའི་མི་ཞིག་ཡིན་དུས། ཇི་ལྟར་བཤད་ཀྱང་ཀླ་ཀློའི་ཡུལ་ཁམས་སུ་སྐྱེས་པ་ཞིག་དང་མི་འདྲ་ལ། འདྲ་དོན་ཡང་མེད་དེ་རང་ཅག་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་། ཆུང་ཨ་མའི་པང་ནས་བྱུང་དུས་ཨ་མ་དང་མ་ཎི་མཉམ་དུ་འདོན་ཤེས་པའི་ཁྱད་ཆོས་ཅན་ཡིན་ཟེར་བཞིན་ཡོད། གཙོ་བོ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡང་ལོས་ཡིན་མོད། ཕུགས་དེད་ནས་ཤ་ཁྲག་རུས་པའི་ཁུངས་བཙལ་ན་ཡབ་ཆེན་སྤྲེལ་རྒན་རྒྱལ་པོའི་ཤ་རུས་པ་དུམ་གཅིག་འགོས་ཡོད་ལ། སྤྱན་རས་གཟིགས་ཀྱི་སྐུ་རུས་གདུང་རྒྱུད་ཞིག་ལ་ཐེ་ཞེས་བཤད་ཀྱང་ཅིས་མི་ཆོག ཡིན་ན་ཡང་ཕྲག་དོག་ཁོང་ཁྲོ་དེ་ཧ་ཅང་ཆེ་ལུགས་དང་ང་རྒྱལ་ཆགས་ཞེན་དེ་འདི་ལྟར་དམ་ལུགས་ལ་བལྟས་ན་མ་ཡུམ་བྲག་སྲིན་གྱི་ཕྱོགས་ལ་དེད་པ་ཡིན་ཆོག དེ་ལྟར་བསམ་བློ་བཏང་ཚེ་རང་ཅག་གི་རིགས་རུས་གྲོལ་ཕུགས་ཀྱི་མི་ཐོག་སྔོན་མ་དེ་ཚོ་སེམས་ཅན་ལ་སྙིང་རྗེ་དང་ཤེས་རབ་ཆེ་བ། རྒྱང་མིག་དང་རྣམ་དཔྱོད་ཀྱི་གཟིགས་པ་ཡངས་པ་དེ་ཚོས། ང་ཚོ་ལྟར་ཉི་མ་ནམ་ཟླ་ཆེ་འགྲོ་ཆུང་འགྲོ་བྱས་ནས། དོན་ཆུང་ཞིག་གི་དོན་ལ་རིན་ཐང་ཅན་གྱི་མི་ཚེ་འཕྲོ་བརླག་མ་མཛད་པར། དཀའ་བ་དང་ལེན་ངལ་བ་ཁྱད་བསད་ཀྱི་སྒོ་ནས། སེམས་ཅན་གྱི་བདེ་སྐྱིད་ཀྱི་རྩ་བ་དམ་པའི་ཆོས་རང་ཡུལ་ལ་བསྒྱུར། ཡི་གེ་དང་རིག་གནས་ཀྱི་སྲོལ་བཏོད་པ་ཡིན་ན། ཁོང་རྣམ་པས་བཞག་པའི་ཆོས་དང་རིག་གཞུང་རིན་ཐང་ཅན། ཚིག་འབྲུ་རེ་རེ་དང་ནང་དོན་རེ་རེ་ལ་གསེར་ཐང་མར་བརྡལ་ཀྱང་མི་ཁུག་པ་འདི་ལྟ་བུ། མི་གཅིག་གི་མི་ཚེ་ལ་ཐེངས་མ་གཅིག་མཇལ་དགོས་ཀྱང་མཇལ་མི་ཐུབ་རྒྱུ་འདི་ལྟར་མང་པོ་བཞག་ཡོད་ལ། །དེའི་དཔེ་རྒྱུན་ཡོད་པ་ཙམ་མ་ཟད་དེའི་ཁྲིད་རྒྱུན་བཤད་རྒྱུན། ལག་ལེན་འདེབས་སྟངས་ཀྱི་མན་ངག་གདམས་ཁྲིད་ནས་བཟུང་སྟེ་རང་ལག་རང་ཁྱིམ་དུ་ཡོད་པའི་བསྟན་པ་མ་ནུབ་པར་ཡོད་པའི་སྐབས་ལ་སྐྱེས་པ་འདི་བསོད་ནམས་ཀྱི་ནང་གི་ཡང་བསོད་ནམས་ཏེ། མཆོད་སྦྱིན་བརྒྱ་ཡིས་ལྷའི་དབང་པོ་བརྒྱ་སྦྱིན་གྱི་ལུས་བླངས་པ་དེས་ཀྱང་འགྲན་དུ་མེད། དེ་ལྷའི་དབང་པོ་ད་སྔོན་མང་པོ་བྱེད་མྱོང་ཡོད་པས་དེས་དམྱལ་བའི་ཚ་གྲང་མྱོང་མི་དགོས་པ་མ་ཡིན་ཏེ། ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་གྱུར་པ་ཡི། །ཞེས་གསུངས་པས་སོ། །ང་ཚོས་དལ་འབྱོར་ཚང་བའི་ལུས་རྟེན་འདིའི་ཐོག་ནས་ཆོས་ཟབ་མོ་འདི་ཚོ་ལ་ཉམས་ལེན་རེ་བྱ་ཐུབ་ཚེ། རང་གཞན་སེམས་ཅན་ཐམས་ཅད་ཕྱིན་ཆད་འཁོར་བར་འཁྱམས་མི་དགོས་པར་གཏན་བདེ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་པ་དེ་ལྟར་ཡིན། བསམ་བློ་དེ་ལྟར་བཏང་ཚེ་འདི་ཨེ་བདེན་བསམ་པའི་དགའ་སྐྱིད་ཀྱི་ཉི་མ་མགོ་ལ་ཤར་ནས་བསྡད་ཡོད་པ་ཡིན། འོན་ཀྱང་དེ་ངོ་མ་ཤེས། སྒྲོག་མ་ཁྲོལ། ཧ་མ་གོ། ཧོན་ལོག་ལུགས་ལ་བསམ་བློ་ཞིག་བཏང་ན། རང་གིས་རང་ལ་ཞེ་ཁྲེལ། དམ་པའི་སྔུན་ནས་ངོ་ཚ་བྱེད་ལྟ་བུར་གྱུར་ཡོད། དེ་ཡང་དབུལ་པོས་སྒྱེད་པུ་གསེར་ཡིན་པ་མ་ཤེས་ནས། གསེར་རང་ཁྱིམ་དུ་བཞག་སྟེ་སྤྲང་ཟས་སློང་དུ་སོང་བ་དང་འདྲ་བར། རང་ལག་ལ་ཡོད་རྒྱུའི་བསོད་ནམས་བསགས་ཐབས་དང་འདི་ཕྱི་གཉིས་ཀྱི་བདེ་སྐྱིད་བསྒྲུབ་ཐབས་དྲག་ཤོས་བསྐྱུར་ནས་དོན་མེད་ཀྱི་སྡུག་ལས་མུག་ལས་ཆུང་ཆུང་འཐམ་རིན་མེད་པ་ཞིག་ལ་གནད་ཆེན་དུ་བརྩིས་ནས་འཁྲུལ་བ་ནི། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཐོབ་ཡོད་པ་བསྐྱུར་ནས་སྤྲང་ཁྱིམ་དུ་སོང་བ་དང་འདྲ་བས། དུས་ངན་སྙིགས་མའི་མཚངས་ལ་ཕར་གཅིག་བལྟས། རང་རྒྱུས་རང་གིས་མ་ལོན། རང་རྒྱུད་རང་གིས་མ་ཐུལ་བའི་ལེ་ལོས་རུལ་བའི་རང་གི་རྒྱུད་ལ་ཚུར་གཅིག་བལྟས་པས། སང་འགྲོ་གནང་འགྲོའི་ནམ་འགྲོ་མི་ཤེས་པའི་འཇིག་རྟེན་ཕྱི་མ་ལ་གྲོ་བཅས་རྒྱགས་ཕྱེ་ལ་བསམ་བློ་ཞིག་བཏང་ན། ཕན་ཐོགས་དང་ཁེབ་ཆེ་ཤོས་དམ་པའི་ཆོས་འདི་མ་གཏོགས། འཛམ་གླིང་ཐེངས་མ་དགུ་ལ་བསྐོར་ནས་བཙལ་ཡང་རྙེད་རྒྱུ་ཡོད་པ་མ་རེད། དེ་བས་ང་ཚོས་ང་ཚོ་ལ་གཅིག་བལྟས་ན་ཚེ་གཅིག་ལ་འདུག་ཆས་ཁོ་ན་བསྒྲུབ་ནས་མི་ཁོམ་གི་ཟེར་བཞིན་ཡོད། ཁྱེད་རང་ཚོ་ཆོས་ཁྲིད་ཉི་མ་བདུན་ལ་འདུག་མཁན་ཉུང་ཉུང་ཡིན་ལ་འགའ་རེ་ཉི་མ་གཅིག་ཆ་ཚང་ལ་འདུག་ལོང་མེད་མཁན། ལ་ལ་གཏན་ནས་མ་ཁོམ་པས་མ་འོང་པ་རེད་དེ་མ་འོང་བ་ཚང་མ་མ་ཁོམ་པ་ཡིན་རྒྱུ་རེད། མི་ཁོམ་བརྒྱད་གང་རུང་དུ་གཏོགས་ངེས་ཡིན། ད་དུང་ཡུན་རིང་ལ་ཤོད་ཅེ་ན་ངས་ཀྱང་མི་ཁོམ་ཟེར་ངེས་པས། མདོར་ན་རང་ཅག་ལ་ཆོས་བསྒྲུབ་པ་ལས་གནད་ཆེ་བ་དང་ལས་རྒྱུ་བསྒྲུབ་རྒྱུ་གལ་ཆེ་བ་མེད་མོད། འོན་ཀྱང་མི་རྟག་ཁ་ནས་བཤད་ཞོར་ལ་ཚང་མས་ཆོས་མཚན་ཉིད་པ་ཞིག་བསྒྲུབ་པ་བསྐྱུར་ནས་སྡོང་པོ་བཞག་སྟེ་ཡལ་ག་འཚོལ་བ་རེད་འགྲོ། དཔེ་ང་ལྟ་བུ་ཞིག་ལ་མཚོན་ན་འཇིག་རྟེན་ཆོས་བརྒྱད་དཀར་ནག་ཁྲ་གསུམ་གང་དུ་གཏོགས་མི་ཤེས་མོད། མདོར་ན་རྒས་ཚེ་སྟོད་ཟད་ནས་ཚེ་སྨད། དགུང་སྔ་དྲོ་ཟད་ནས་ཕྱི་དྲོར་མ་ཐུག་གི་བར་ལ་ཆོས་འཆད་ཉན་དོན་གྱི་བསྟན་པ་དེ་བསྐྱུར་ནས། དེའི་ཡན་ལག་ཏུ་གཏོགས་ལ་མི་གཏོགས་པའི་བསྟན་སྲིད་ཀྱི་ལ་རྒྱ། འཇིག་རྟེན་མི་ཆོས་ཀྱི་འགྲོས་ཞིག་སྟེ། གནའ་སྲོལ་རྙིང་པའི་ཞེན་གོག་གི་རྒྱུན་མཐུད་ཁུལ་བྱས་ཏེ། ཀུན་མཁྱེན་འཇིགས་གླིང་གིས་གསུངས་པ་ལྟ་བུ། བསྟི་གནས་ཉམས་པར་དོགས་པའི་རྫིང་བུ་རུ། དོན་མེད་ཀྱི་འབྲས་བུ་སྟེ་གནས་མིན་གྱི་ཁྲུས་ལ་ཞུགས་ནས། བྲམ་ཟེ་བཞིན་དུ་ཆོ་རིགས་བསྲུང་བའི་ཤིང་གི་རང་འཐག་ལྟ་བུའི་མཚན་ཉིད་ཚང་བྱེད། རང་གིས་བྱས་པ་རང་གིས་ཤེས་བཞིན་དུ་བཟློག་མེད་ལས་དབང་བཙན་པོས་དེད་པའི་རྒྱུ་མཚན་དེ་ལྟར་ཡིན། ཡང་བླ་སེར་ཡིན་རུང་འཆི་བདག་གཤིན་རྗེ་ལ་བཟུར་ས་མི་ལོན། ཤི་བ་ལ་བཟུར་ས་མི་ལོན་པ་མ་ཟད་དེའི་ཁྲིམས་ཀྱིས་དཀར་ནག་གི་དབྱེ་བ་ཕྱེ་ས་ནས། ཁ་བདེ་མགོ་བདེ་དཔེར་ན། ཡིག་འཛར་ཞིག་འགོ་ནས་བླངས་ཏེ་འདྲ་ལ་ལ་ཞིག་འོག་ལ་བཤད་པས་དེའི་བར་ནས་རང་མགོ་བུད་པ་དེ་ལྟ་བུ་ནི་སྐབས་དེ་དུས་རང་ཐོག་ཏུ་ས་སྤུང་བ་ལྟ་བུ་རེད་ཡོད་ཡང་མི་ཤེས། འདིར་སྣང་སྒྱུ་མའི་བསླུ་བྲིད་ཀྱི་འོག་འདི་ནས་ད་དུང་དམུ་གབ་ཀྱི་ཞྭ་ཞིག་ཡང་གྱོན་བྱེད་མི་ཉན་མ་གཏོགས། གློ་བུར་འཆི་བདག་ལ་གདོང་ཐུག་བྱུང་དུས་འགྱོད་པ་ལྷག་པར་ཆེ་བ་རེད། ལོ་བརྒྱ་ད་རུང་འདུག་པའི་གདེངས་ཡོད་སྙམ་པའི་འདུག་ཆས་ཀྱི་གྲ་སྒྲིག་ཆེན་པོ་བྱ་མཁན་ཚོ་མ་བསམ་ས་ནས་འཆི་བ་དང་ཇི་ལྟར་གདོང་ཐུག་བྱུང་མ་སོང་། དེ་ལྟར་ན་འདུག་ལོང་ཅི་ཡོད་མི་ཤེས་པ་མཐོན་པོས་རང་སྲོག་ཐོབ་ཀྱིས་བསྐྱལ་བ་ཇི་འདྲའི་མང་། ཕྱུག་པོས་རྒྱུ་ནོར་བསོག་སྐྲུན་ཁོ་ནས་བྲེལ་བའི་ངང་ནས་མི་ཚེ་རྫོགས་པ་ཅི་ཙམ་མི་མང་། སྐྱེས་པའི་བུ་རྒྱུད་མང་པོ་མ་བོས་པའི་རང་དགྲ་རང་འཁོར་བྱེད་པའི་རང་རྡུང་གི་ཐོ་བ་བྱེད་མཁན་ཅི་ཙམ་མི་མང་། དེས་ན་འདིར་སྣང་ལ་སྙིང་པོ་ཨེ་འདུག །དེ་ཕྱིར་ཚེ་མི་རྟག་བསྒོམ་པ་དེ་ཡིག་ཐོག་ལ་མ་བལྟས་པར་དོན་ཐོག་ལ་བལྟས་ན། རིག་ཚད་མཐོང་ཚད་པོ་སྒྱུ་མའི་དཔེ། གོ་ཚད་ཐུག་ཚད་པོ་མི་རྟག་གི་སློབ་དཔོན། དྲན་ཚད་བསམ་ཚད་པོ་དོན་མེད་ཀྱི་འདྲ་དཔེ་ཁོ་ན་ཡིན། ཆེན་པོའི་སྙན་གྲགས་བསྒྲུབ་བཞིན་ཡོད་ཀྱང་ཡུན་རིང་མི་བརྟན་པར་འཇའ་ལྟར་ཡལ་འགྲོ། གཙོ་བོའི་མདུན་གྲོས་ཀྱི་ལས་ཁུངས་སྟོང་པར་གྱུར་ནས་ལོ་རྒྱུས་ཀྱི་རྗེས་ཤུལ་སྒྲུང་གཏམ་དུ་གྱུར་པ་ཡང་མང་། ཡང་ཚོང་པས་མི་ཚེ་གཅིག་ལ་བསགས་པ་གཞན་གྱིས་སྤྱོད་པ་ཡང་མང་བས། འཇིག་རྟེན་གྱི་བྱ་བཞག་ཐམས་ཅད་དོན་མེད་རང་གིས་རང་ལ་རང་མགོ་སྐོར་གྱིན་ཡོད་པ་རེད། དེ་ཡང་བྱ་བ་གང་བསྒྲུབ་ཀྱང་བསམ་ཐོག་ཆ་ཚང་སོང་བ་དཀོན། གལ་ཏེ་དོན་གཅིག་གི་སྟེང་ནས་བསམ་ཐོག་ཏུ་སོང་རུང་འདོད་ཁ་གང་བའི་དུས་མེད་དེ། གཅིག་ཡོད་ན་བརྒྱ་ཐམ་པ་བསམ། བརྒྱ་ཡོད་ན་ཁྲི་བསམ་པས་རྒྱལ་པོ་ང་ལས་ནུ་ལྟ་བུ་ཅི་ཙམ་ཡོད་པ་དེ་ཙམ་དུ་ཆགས་ཞེན་ཆེ་བ། ཁ་གང་རྒྱུ་མེད་པ་འདོད་པ་ཁོ་རང་གི་མཚན་ཉིད་ཡིན་པ་དཔེར་ན་ལན་ཚྭ་ཅན་གྱི་ཆུ་འཐུང་ན་སྐོམ་མི་སེལ་བའི་དཔེ་ལྟར་དུ་ཡིན། དེ་ལྟར་ན་འཇིག་རྟེན་གྱི་བྱ་བ་ལས་ནས་ཚར་བ་དང་ཚར་ནས་རྫོགས་རྒྱུའི་དཔེ་ཡོད་པ་མ་རེད། ནམ་བཞག་ན་དེ་དུས་ཚར་བ་མ་གཏོགས་རང་བཞིན་གྱི་ཚར་བ་མེད་པ་ཆུའི་གཉེར་མ་དང་འདྲ་སྟེ། གཅིག་གི་འཕྲོ་ལ་གཅིག་ཡོད་པས། ད་ནི་ཟིན་མེད་ཀྱི་ངལ་བ་དེ་བསྐྱུར་ནས་ཆོས་བསྒྲུབ་དགོས་པ་ཡིན། ཡང་འགའ་རེས་ང་ཅི་རེད་ཀྱང་རེད་མོད་ཤུལ་དུ་ཡོད་པའི་བུ་ཚ་རྒྱུད། གཉེན་མཛའ་གྲོགས་འདི་རྣམས་ལ་ང་མེད་དུས་སྡོད་ཐབས་མེད་པས་ཐབས་ཧ་ཅང་ཆག་སྣང་ཤར། དེ་རྣམས་ཀྱིས་ཀྱང་ཁྱོད་མེད་ན་ང་ཚོ་ཡང་འཇིག་རྟེན་འདིར་མི་སྡོད་པར་རང་མེད་བྱེད་རྒྱུ་ཡིན་མདོག་བཤད་མོད། གཤོབ་ཡིན་ཏེ་རང་གིས་ཕར་བཤད་ཀྱང་གཤོབ་ཡིན། གཞན་གྱིས་ཚུར་ལ་བཤད་ནའང་གཤོབ་རེད། ཤི་བས་ཐབས་ཆག་འཁོར་བའི་དཔེ་ལ་མེད། ཟེར་བ་ལྟར་ཡིན་པས་ཕྱི་ཉིན་ནས་ཁོ་རང་ཚོས་འཚོ་ཐབས་དེ་བས་དགའ་ཞིག་བཙལ་ངེས་རེད་ལ་བསམ་བློ་དེ་ཕྱོགས་ལ་འཁོར་འགྲོ་བ་རེད། དེ་རྣམས་ཀྱི་དོན་ལ་ཡིན་བསམ་པས་བསགས་པའི་སྡིག་པ་རི་རབ་ལྟ་བུ་དེ་རང་གི་མགོ་མ་གཏོགས་འགྲོ་ས་མེད་པས་སྡིག་པ་མཉམ་ཁུར་བྱེད་མཁན་གཅིག་ཀྱང་འོང་རྒྱུ་མེད་ལ། སྡིག་པའི་རྣམ་སྨིན་ངན་སོང་གི་སྡུག་བསྔལ་ཞིག་མྱོང་དགོས་ན། ད་ལྟའི་སྐབས་སུ་མེ་སྟག་ཞིག་གི་ཚ་ནད་ཀྱང་མི་བཟོད་ན་དམྱལ་མེ་བཟོད་དཀའ་ཇི་ལྟར་བཟོད། གཞན་ཡང་། མོས་གུས་མེད་བཞིན་བར་དོར་མཇལ་བ་མཚར། །ཞེས་གསུངས་པས། དེ་དུས་ལྷ་དང་བླ་མར་ཐུགས་རྗེ་མེད་པ་མིན་མོད་རང་ངོ་ནས་མོས་གུས་དང་དད་པའི་སྟོབས་མ་ཡོད་པས་འདྲེན་སྐལ་ཅན་ཞིག་བྱོན་རྒྱུ་ཡོད་དཀའ་བ་དེས་ན། སྐྱིད་སྡུག་གཉིས་ཀ་བརྗེ་མི་ཉན། དེ་མི་བརྗེ་བསམ་ན་སྐྱིད་ཀྱི་གཞི་མ་དེ་ཆོས་བསྒྲུབ་དགོས་པ་ཡིན་ནོ། །མི་ཁྱི་ལྷམ་གསུམ་བེད་སྤྱོད་རེ་ཆེ་དུས། །གཅེས་མདོག་བྱེད་མཁན་མང་སྟེ་བདེན་ཐོག་མེད། །ཅེས་པ་ལྟར་མི་དང་གཅིག ཁྱི་དང་གཉིས། ལྷམ་དང་གསུམ་པོ་འདི་བེད་སྤྱོད་ཡོད་གི་བསམ་དུས་མ་གཅེས་ཀྱང་གཅེས་མདོག་བྱེད་ཀྱང་དོན་ལ་མི་བདེན་ཏེ་རང་འདོད་ཕུགས་བཅུག་གིས་ཁྱོད་གཅེས་པ་མ་ཡིན་པར་ཁོ་རང་གཅེས་པ་ཡིན། གཡོན་ཅན་སྙན་པར་སྨྲ་བ་དེ། །རང་འདོད་ཡིན་གྱི་གུས་ཕྱིར་མིན། །གསུངས་པ་ལྟར་དང་། ཡང་སྔོན་འབྲོག་པ་ཞིག་རྒྱ་གྲོང་ནང་དུ་འགྲོ་སྐབས། ཁོར་འགའ་རེས་ཡར་ཤོག་ཟོ་ཟེར། འགའ་རེས་མར་ཤོག་འཐུང་ཟེར་འདུག་པས་འདི་ཨ་ཕའི་ཤག་པོ་ཤ་སྟག་ཡིན་པ་འདྲ་ཞེས་གླེན་གཏམ་བཤད་པ་བཞིན། ཁོ་ཚོས་ཁྱོད་གཅེས་པ་མིན་ཡང་ཁྱོད་ཀྱི་རུམ་གྱི་སྒོར་མོ་གཅེས་པས་ཡིན། ཡང་མར་རྒུད་པའི་དུས་ལ་སླེབ་ནས་འདི་ལ་ཡོང་སྒོའི་ཁུང་ཞིག་མི་འདུག་བསམ་ཚེ་གཅེས་མཁན་མེད་དེ། མི་རྒན་རྟ་རྒན་ཁྱི་རྒན་གསུམ། ཀུན་གྱིས་སྨོད་པ་མ་གཏོགས་མེད་པས་དེ་དུས་གཅེས་རྒྱུ་ལྟ་ཅི་གདོས་རོ་ཁུར་བོ་ལྟ་བུར་བརྩིས་ཏེ་དཔེར་ན་ཁྱི་རྒན་སོ་མེད་མཚེར་ཤུལ་དུ་སྐྱུར་བ་ཡིན་པ་ལྟར། མི་ཁྱི་ལྷམ་གསུམ་ལ་ཉེར་མཁོ་མེད་དུས་མི་གཅེས་པས་ལྷམ་ཁྲལ་མར་འཕེན་པ་མ་གཏོགས་དྲིན་ཆེན་ཡིན་ཞེས་སུ་གཅིག་གིས་ཡར་ཉར་ཚགས་མི་བྱེད། དེས་ན་སུ་ལ་ཡང་རེ་བ་མ་ཆེ། རེ་ཐག་གཅད་འོང་། རེ་ས་ཆོས་ལས་དགའ་ཞིག་མེད་པས་བློ་འདྲི་ས་མཁས་པའི་གཞུང་ལུགས་དང་བླ་མའི་གདམས་ངག་གྱིས་དང་འདྲིས་ཇེ་བཟང་ཇེ་བཟང་ཡིན། གལ་འགག་རྩ་ལ་ཐུག་དུས་ཕན་ཐོགས་ཇེ་ཆེ་ཡིན། ད་སྔ་མི་ཚེ་འདི་ལ་མགོ་འཁོར་སོང་བ་དེའི་ཚེ་ལ་བཙན་པོ་ཡར་འཐེན་བྱེད་མཁན་ཞིག་ཟུར་དུ་ཐོན་རྒྱུ་མ་ཡོད་ན། ད་འཇིགས་སུ་རུང་བའི་དམྱལ་ཁམས་སྔོན་འདི་ནས་བུད་ན་སྐྱོབ་མཁན་གཞན་ཞིག་མེད་ངེས་ཡིན་བསམ་ནས། རང་གི་ཚོད་ཉི་མ་ནམ་ཟླ་རང་གིས་བཟུང་། རང་ལ་ཕན་པའི་ཆོས་རང་གིས་མ་བསྒྲུབ་ན། ལག་མགོ་ནས་འཐེན་ཤེས་མཁན་ཞིག་ད་སྔ་མེད་ན་ད་གང་ནས་འོང་། དེ་ཚོ་ལ་བསམ་བློ་བཏང་ནས་ཆོས་སྒྲུབ་དགོས། དེ་བཞིན་མི་དང་ཅི་ཙམ་བསྟུན་ཡང་གྲོགས་ལ་མགུ་དུས་མེད་ལ། ཐེངས་གཅིག་ལ་མགུ་ན་ཡང་ཐེངས་མང་པོ་ལ་མགུ་ཐབས་མི་ཐོན། དེ་མ་ཐག་དགའ་མདོག་མགུ་མདོག་བསྟན་ཡང་གཡོན་ཅན་མི་ཡི་རྒྱུས་ལོན་དཀའ། སྙིགས་མའི་དུས་ཀྱི་མི་འདིའི་མི་རྒྱུས་མི་ཡིས་ལོན་པ་ཕར་ཞོག རང་རྒྱུས་རང་གིས་ལོན་དཀའ་བ་ཡིན་ཏེ། ཡང་མིན་ན་འདོད་ཡོན་བསླུ་བྲིད་ཅིག །ཡང་མིན་ན་སྐྲག་སྔངས་འཇིགས་གསུམ་ཞིག་དང་འཕྲད་ཚེ། སེམས་ཐོག་ཏུ་འདུག ཁོག་པའི་ནང་དུ་སྤྲུལ་སྐུ་བཞུགས་པ་མི་རེ་གཉིས་ཤིག་ཡིན། གཏམ་དཔེར། ཨ་མའི་གོ་ཁར་སུ་ཡང་དཔའ། ཟེར་བ་ལྟར་ཡིན་པ། དེས་ན་མི་སེམས་ཟིན་ཐབས་ཀྱི་མཐུན་འཇུག་གི་གཡེང་བ་དེ་སྤངས་ནས་ཆོས་བསྒྲུབ་དགོས། ཡང་རྨོངས་པ་རྣམས་ཀྱི་མིག་སྔ་ལ་བསྟན་འགྲོའི་དོན་ཆེན་དུ་མཐོང་ན་ཡང་མི་ཤེས་མོད། རང་གི་ཚེ་རབས་གཏན་གྱི་འདུན་མ་བརླག་ཉེན་ཡོད་པས། སྡེ་དགོན་གོག་པོ་ཡིན་ཡང་བསྐྱུར་ནས་ཆོས་བསྒྲུབ་དགོས། མདོར་ན་སྔོན་ནས་ད་ལྟའི་བར་ལ་དྲན་ཚད་བྱས་ཚད་ཀྱི་ནང་ན་ཚེ་ཕྱི་མའི་ལམ་གོ་ཆོད་བྱེད། རང་གཞན་འདི་ཕྱི་ཐམས་ཅད་ལ་ཕན་ཐོགས་ཅན་ལས་ཨེ་ཡོད་རང་གི་མི་ཚེ་ཕྱོགས་སྡོམ་རང་གིས་བྱས་ཏེ་སྙིང་ནས་སྙིང་པོའི་ལྷ་ཆོས་ལ་འཇུག་རན་པ་ནི། སྔ་མ་དགོས་ཕྱི་དྲག་པ་རང་དཔེ་རོགས་ལ་བསྟན་པའི་ཁ་བརྡ་བྱས་པ་དང་མཉམ་དུ། སྐབས་སུ་བབ་པ་གང་ཞིག་འཆད་ཉན་བྱེད་པའི་ཆོས་ཀྱི་རིམ་པ་དེ་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ངག་འདོན་ཁྲིགས་སུ་བསྡེབ་པ་རྣམ་མཁྱེན་ལམ་བཟང་འདི་ཉིད་བཤད་བཞིན་པའི་སྐབས་ལས།

ཁ སེམས་བསྐྱེད་ཀྱི་ཁྲིད།

དང་པོ་གཞུང་དོན་བཤད་པ།

ཁར་སང་ཡན་ཆད་ལ་ཐོག་མར་དགེ་བ་ཀླད་དོན་སོང་ནས། བར་དུ་དགེ་བ་གཞུང་གི་དོན་ལའང་ཐུན་མོང་ཕྱིའི་སྔོན་འགྲོ། ཐུན་མིན་ནང་གི་སྔོན་འགྲོ་གཉིས་ཡོད་པའི་དང་པོ་སོང་ནས། གཉིས་པ་ལ་ལམ་ཐམས་ཅད་ཀྱི་རྨིང་རྡོ་སྐྱབས་སུ་འགྲོ་བའི་ཁྲིད། ཐེག་པ་ཆེན་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། འགལ་རྐྱེན་སྡིག་སྒྲིབ་སྦྱོང་བ་རྡོ་རྗེ་སེམས་དཔའི་སྒོམ་བཟླས། མཐུན་རྐྱེན་ཚོགས་བསགས་པ་མཎྜལ། བདུད་བཞི་ཅིག་ཆར་དུ་གཅོད་པ་ཀུ་ས་ལིའི་ཚོགས་བསགས། རྟོགས་པའི་ཡེ་ཤེས་རང་རྒྱུད་ལ་བྱ་བའི་ལམ་གྱི་མཐར་ཕྱིན་པ་བླ་མའི་རྣལ་འབྱོར་དང་དྲུག་ཡོད་པའི་ནང་ནས་དང་པོ་སྐྱབས་འགྲོའི་ཁྲིད་སོང་ནས། གཉིས་པ་སེམས་བསྐྱེད་བཤད་པའི་སྐབས་སུ་བབ་པས། དེ་ཡང་གཞུང་རྩ་བ་ལས། ཧོ། སྣ་ཚོགས་སྣང་བ་ཆུ་ཟླའི་རྫུན་རིས་ཀྱིས། །འཁོར་བ་ལུ་གུ་རྒྱུད་དུ་འཁྱམས་པའི་འགྲོ། །རང་རིག་འོད་གསལ་དབྱིངས་སུ་ངལ་གསོ་ཕྱིར། །ཚད་མེད་བཞི་ཡི་ངང་ནས་སེམས་བསྐྱེད་དོ། །ཞེས་པའི་ཤོ་ལོ་ཀ་གཅིག་པོ་འདིས་བསྟན། དེ་ཡང་ཚིག་གི་མགོ་འདྲེན་དུ། ཧོ་ཞེས་གསུངས་པ་དེ་ངོ་མཚར་བའི་ཚིག་ཡིན་ཏེ་ངོ་ཅི་ཞིག་ལ་མཚར་ཞེ་ན། བདེན་གཉིས་དང་སྦྱར་ཏེ་བཤད་ན། ཀུན་རྫོབ་ཏུ་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་བཀོད་འདོད་པའི་སེམས་དེ་ངོ་མཚར་བ་དང་ནི། དོན་དམ་དུ་རང་རིག་གདོད་ནས་དག་པའི་འོད་གསལ་ལ་སྦྱོར་བ་འདི་ངོ་མཚར་བ་ཡིན་པས་ན་ངོ་མཚར་བའི་ཚིག་གིས་སྣ་དྲངས་པ་ཡིན། དེ་ནས་འདིའི་ཚིག་རྐང་སྔོན་མ་གཉིས་ཀྱིས་འཁོར་བའི་སེམས་ཅན་མ་བསྒྲལ་བ་གང་ཞིག་བསྒྲལ་བྱ་འཁོར་བ་རྒྱུ་འབྲས་གཉིས་དང་། ཚིག་རྐང་ཕྱི་མ་གཉིས་ཀྱིས་གང་དུ་སྒྲོལ་བར་བྱེད་པ་རྣམ་བྱང་རྒྱུ་འབྲས་གཉིས། དེ་ཡང་སྐབས་འདི་དང་སྦྱར་ན་གཞན་སྣང་སྣ་ཚོགས་སུ་སྣང་བའི་རྫུན་རིས་ཀྱི་འཁྲུལ་སྣང་འདི། གཞི་མ་འཁྲུལ་བའི་ཆོས་དབྱིངས་ཆེན་པོ་ལྷུན་གྲུབ་འོད་གསལ་རིག་པའི་ངོ་བོར་གྲོལ་ས་བསྟན་པའི་དོན་དམ་སེམས་བསྐྱེད་ཇི་ལྟར་རྒྱུད་ལ་སྐྱེ་བའི་ཐབས་དང་རིམ་པ་བསྟན་པ་ཞིག་ལ་གོ་ཆོག་སྙམ། འདིའི་དམིགས་པའི་ཡུལ་དང་རྣམ་པའི་བློ་གཉིས་ཀའི་སྒོ་ནས་གསུང་པ་ཡིན་ཞེས་བརྗོད་ནའང་ཆོག་སྟེ། དམིགས་པའི་ཡུལ་གང་ཡིན་ཞེ་ན། ཚིག་ནག་འགྲོས་ཀྱིས་བཤད་ན། སྣ་ཚོགས་སྣང་བ་ཆུ་ཟླའི་རྫུན་རིས་ཀྱིས། །འཁོར་བ་ལུ་གུ་རྒྱུད་དུ་འཁྱམས་པའི་འགྲོ། །ཞེས་པས་འཁོར་བའི་སེམས་ཅན་ཐམས་ཅད་ཀྱིས་ཐོག་མེད་ནས་ད་ལྟའི་བར་དུ་ལས་འདྲ་དང་མི་འདྲ་དུ་མ་ཞིག་བསགས་པ་སྔོན་དུ་སོང་བའི་སེམས་ཀྱི་རྣམ་པར་རྟོག་པ་འདི་ཡང་སྣ་ཚོགས་ཡུལ་གྱི་སྟེང་ན་བདེན་གྲུབ་ཏུ་མེད་མོད། མེད་ལ་ཡོད་པར་འཛིན་པའི་གཟུང་འཛིན་གྱི་ཞེན་པས་ཐག་ཁྲ་ལ་སྦྲུལ་དུ་འཛིན་པ་ལྟར་སྣང་ཡང་། དོན་ལ་ཐག་ཁྲ་ལ་སྦྲུལ་མེད་པ་མ་ཟད་ཐག་ཁྲ་རང་གི་ངོ་བོ་ཡང་སྤུ་ཉག་མ་འདུས་པའི་རང་བཞིན་ཞིག་ཡིན་ལ། དེ་ཡང་རྡུལ་ཕྲན་ཆ་མེད་ཚོགས་འོང་བའི་རང་བཞིན་ལས་མ་འདས་པ་བཞིན་དུ། སྔོན་གྱི་བག་ཆགས་མཐུ་བརྟས་པའི་དབང་གིས་མེད་བཞིན་གཟུགས་བརྙན་གྱི་སྣང་བ་མ་འགགས་པར་སྣང་བ་གཞི་མེད་སྒྱུ་མ་ལྟར་འབྱུང་བའི་བདེ་སྡུག་སྣ་ཚོགས་པར་སྣང་བའི་རང་སེམས་ཕྱིན་ཅི་ལོག་གི་སྣང་བ་ཐམས་ཅད་ཀྱང་ལས་ཀྱི་རྗེས་སུ་འབྲང་ནས་སོ་སོའི་མཐུན་སྣང་དུ་གྲུབ་པ། ཆུ་གཅིག་ལ་དམྱལ་བའི་སེམས་ཅན་གྱིས་མེ་མདག་དང་ཁྲོ་ཆུ། ཡི་དྭགས་ཀྱིས་རྣག་ཁྲག་དང་དུད་ཁུ། དུད་འགྲོས་བཏུང་དུ་རུང་བ་ཙམ་ཞིག མིས་ཆུ་རུ་མཐོང་། ལྷས་བདུད་རྩི་རུ་མཐོང་བ་དེ་ཚོ་མཐོང་སྣང་ཐ་དད་ཀྱང་། ཡུལ་གྱི་སྟེང་ན་བདེན་པར་གྲུབ་པ་གཅིག་ཀྱང་མེད་པ། སེམས་ཀྱི་སྟེང་ན་ཡང་དེ་བཞིན་མ་གྲུབ་པས་སྣང་བའི་རྗེས་སུ་འགྲོ་ལྡོག་བྱེད་པ་དེ་ལྟ་བུ་ཡིན་པས་ཆུ་ཟླ་ལ་དཔེ་བཞག་ནས། ནམ་མཁའི་ཟླ་བའི་གཟུགས་བརྙན་དངས་བའི་ཆུ་མཚོར་ཤར་བ་དེ་བདེན་པར་གྲུབ་པ་ཞིག་ཡུལ་སེམས་གཉིས་ཀྱི་ངོས་ན་མེད་པ། མ་གྲུབ་ཀྱང་རྫུན་པ་བསླུ་བའི་ཆོས་ཅན་གྱི་སྣང་བ་སྣ་ཚོགས་ཀྱི་རི་མོའི་རིས་སུ་རྒྱུ་རྐྱེན་རྟེན་འབྲེལ་གྱི་དབང་གིས་སྣང་བ་འདི་དག་ཐམས་ཅད་གཟུང་འཛིན་འཁྲུལ་བའི་བློ་འདི་མ་ཟད་ཀྱི་རིང་སྟེ་སྣང་བ་སྒྱུ་མའི་རྫུན་ཕུགས་མ་རྡིབ་ཀྱི་བར་དུ། ཀུན་འབྱུང་རྒྱུ་འབྲས་ཀྱི་དབང་གིས་ཉོན་མོངས་པའི་རྐྱེན་གྱིས་ལས་བསགས་སྟོབས་ཀྱིས་འབྲས་བུ་ཁམས་གསུམ་འཁོར་བའི་སྡུག་བསྔལ་བར་མེད་དུ་མྱོང་ཚུལ་ཡང་། ལུ་གུ་རྒྱུད་དུ་ཞེས་གཅིག་འཕྲོ་གཅིག་ལ་བར་མ་ཆད་པར་བྱུང་བ་ཞིག་ལ་ལུ་གུ་རྒྱུད་ཅེས་གསུངས་པས། འཁོར་བའི་གནས་རིས་སྟོད་སྨད་ཐམས་ཅད་ལ་གཅིག་ནས་གཅིག་ལ་བརྒྱུད་དེ་བར་མ་ཆད་པ་དཔེར་ན་བུམ་ནང་གི་བུང་བ་དང་མགལ་མེའི་འཁོར་ལོ། ཟོ་ཆུའི་འཁྱུད་མོ་ལྟར་འཁོར་བ་མཐོ་དམན་ཐམས་ཅད་དུ་མ་འཁྱམས་པ་དང་མ་འཁོར་བ་གཅིག་ཀྱང་མེད་པས་རྟག་བརྟན་སྐད་ཅིག་ཀྱང་མེད་པའི་སྡུག་བསྔལ་ཁོ་ནའི་ངང་དུ་འཁྱམས་ཤིང་འཁྱམས་པའི་འགྲོ་བ་སེམས་ཅན་གྱི་རིགས་སུ་གྱུར་པ་དེ་ཐམས་ཅད་ཅེས་འདིས་གང་བསྒྲལ་བར་བྱ་བའི་འཁོར་བ་རྒྱུ་འབྲས་ཀུན་རྫོབ་རྒྱུ་འབྲས་ཀྱི་ཆ་བསྟན། དེ་ལྟར་བསྟན་པས་མ་རྟོགས་སེམས་ཅན་ཐམས་ཅད་ལ་བརྩེ་བ་སྙིང་རྗེ་ཆེན་པོའི་ཐབས་དང་མ་བྲལ་བའི་སྨོན་འཇུག་སེམས་བསྐྱེད་ཀྱི་སྒོ་ནས་གང་དུ་སྒྲོལ་བར་བྱེད་པའི་ཐབས་བྱུང་ཤེས་རབ་དོན་དམ་པའི་སེམས་བསྐྱེད་རྒྱུ་ལ་བསྐྱེད་པ་དེ་ཉིད་རྐང་པ་གསུམ་པས་བསྟན་ཏེ། ཅི་ལྟར་ཞེ་ན། རང་རིག་འོད་གསལ་དབྱིངས་སུ་ངལ་གསོ་ཕྱིར། །ཞེས་གསུངས་པས། རང་ལ་ཡེ་ནས་གནས་པའི་རིག་པ་བདེ་གཤེགས་སྙིང་པོ་འོད་གསལ་འཕོ་འགྱུར་དང་བྲལ་བའི་ཡེ་ཤེས་ཆོས་ཀྱི་དབྱིངས་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བའི་བདག་ཉིད་དང་གཉིས་སུ་མེད་པ་དེ་ཉིད་མངོན་དུ་གྱུར་ཏེ། ཁམས་གསུམ་རིགས་དྲུག་གི་སེམས་ཅན་སྡུག་བསྔལ་སྣ་ཚོགས་ཀྱི་དབང་གིས་ཐོག་མེད་ནས་ད་ལྟའི་བར་དུ་ངལ་ཞིང་དུབ་པ་ཐམས་ཅད། འཁྲུལ་རྟོག་གཟུང་འཛིན་གྱིས་བསྐྱེད་པའི་སྡུག་བསྔལ་རྒྱུ་འབྲས་མཐའ་དག་དང་བྲལ་ཏེ་སྤངས་རྟོགས་བྲལ་སྨིན་གྱི་ཡོན་ཏན་ཟད་པ་མེད་པ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་སྦྱོར་ནས་དེར་དབུགས་འབྱིན་གྱི་ངལ་གསོ་དཔེར་ན། མགྲོན་པོ་བཤུལ་ལམ་རིང་པོའི་བགྲོད་པས་ངལ་ཞིང་དུབ་ནས་ཐང་ཆད་ཡོད་པ་དེ་ལ་གནས་ཁང་དང་གནས་མལ་བཟང་པོ་བསྟབ་པ་ལྟ་བུ་གཏན་བདེའི་དབུགས་འབྱིན་གྱི་ངལ་གསོ་བྱ་བའི་ཆེད་དམ་ཕྱིར་དུ་ཞེས་གསུངས། ཚིག་ལྷག་མ་ཚད་མེད་བཞི་ཡི་ངང་ནས་སེམས་བསྐྱེད་པའི་ཚུལ་དང་འཇུག་པའི་སྒོ་བསྟན་པ་ཡིན་ཏེ། འདི་ནས་ཐུན་མོང་མ་ཡིན་པའི་སེམས་བསྐྱེད་ཀྱི་ངོ་བོ་རྒྱུའི་ཐེག་པ་ལས་ཁྱད་པར་དུ་འཕགས་པའི་འབྲས་བུའི་ཐེག་པ། དེ་ལས་ཀྱང་རྫོགས་པ་ཆེན་པོ་གསང་བ་མན་ངག་སྡེའི་ལྟ་བ་དང་སྦྱར་ནས། གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་ཚིག་རྐང་གསུམ་པ་འདིས་བསྡུས་ཏེ་བསྟན་པ་ཡིན། དེ་ཡང་གཞི་དང་འཁྲུལ་ཚུལ་ཁྱབ་ཚུལ་ནས་ཐ་མ་གྲོལ་སའི་བར་གྱི་གནད་བསྡུས་ན། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །ཞེས་གསུངས་པས། རང་རིག་འོད་གསལ་བ་གཉུག་མའི་སེམས་ཡེ་ནས་འགྱུར་མ་མྱོང་བ་གཅིག་པུ་དེ། ངོ་མ་ཤེས་ན་འཁྲུལ་བའི་གཞི་དང་། ཤེས་ནས་བརྟན་པ་ཐོབ་ན་གྲོལ་བར་འགྱུར་བ་ཡིན། འོན་ཀྱང་སྔ་མ་གཞི་དང་ཕྱི་མ་འབྲས་བུའི་སྐབས་གཉིས་ཀ་གཅིག་ཏུ་སྨྲ་བ་ཀུན་མཁྱེན་ཆེན་པོས་བཀག་པ་ཡིན་ཏེ། འཁྲུལ་གཞི་དང་གྲོལ་གཞི་གཉིས་ཀ་གཅིག་ཏུ་འདོད་ན་ཁམས་གསུམ་སེམས་ཅན་གྲོལ་ཐེངས་མང་པོ་བྱས་ཚར་བའི་སྐྱོན་འབབ་པ་ཡིན། གྲོལ་སའི་གནས་སྐབས་ལ་སླེབ་དུས་ཇི་ལྟ་བུ་ཞེ་ན། འོད་གསལ་གཉུག་མའི་རང་གཤིས་འཁྲུལ་བ་བྲལ་བ་དེ་གསེར་ལས་གཡའ་བཅད་པའམ་དངུལ་ཆུ་དུག་འདོན་བྱས་པ་ལྟ་བུའི་རང་གཤིས་ཀྱི་སྟེང་དུ། འཁྲུལ་བའི་གཟུང་འཛིན་གྱི་ཡོ་ལང་ལྡོག་པའི་སྟེང་དུ་བཙན་ས་ཟིན་དུས་ཕྱིར་མི་ལྡོག་པའི་ཁྱད་ཆོས་ཀྱིས་ཁྱད་པར་དུ་འཕགས་པ་ཡིན། འོ་ན་སྣ་ཚོགས་སྣང་བ་ཆུ་ཟླའི་རྫུན་རིས་ལྟ་བུའི་འཁྲུལ་བའི་གཞི་སྣང་གི་རྩལ་དེ། གདོད་ནས་རྣམ་དག་དང་ཀ་དག་ཡེ་གྲོལ་ཟེར་བའི་གཞིའི་འོད་གསལ་དེ་དང་གཅིག་རེད་དམ་གཞན་རེད་ཅེ་ན། གཅིག་རེད་ཟེར་རྒྱུ་མེད་དེ་གཞི་སྣང་ལ་འཛིན་པ་ཞུགས་པའི་རླུང་སེམས་འདི་འོད་གསལ་དེ་མ་འཁྲུལ་བ་རེད་ཟེར་རྒྱུ་ཡོད་པ་མ་རེད། འཁྲུལ་བ་རེད། འཁྲུལ་བ་འོད་གསལ་མིན་ཡང་འོད་གསལ་སྤངས་པའི་འཁྲུལ་བ་ཞིག་ཡོད་པ་མ་རེད། དེས་ན་གསེར་དང་བྱེ་མ་འདྲེས་པའི་སྐབས་ལ་གསེར་ལྷང་དུ་མ་བུད་ན་མི་མངོན་ཡང་གསེར་རང་ཆས་ཀྱི་ཚུལ་དུ་ཡོད་པ་གཞིར་བཞག་ལྟར། འཁོར་བ་ལུ་གུ་རྒྱུད་དུ་འཁྱམས་ཤིང་འཁྲུལ་བའི་སྐབས་ཀྱང་འབྲལ་མ་མྱོང་བ་ཡིན་པས་འོད་གསལ་གཉུག་མའི་སེམས་དེ་ལ་རང་རིག་ཅེས་གསུངས་པས། རང་ལ་ཡེ་ནས་གནས་པས་ཡེ་ཤེས་ཞེས་པའི་སྒྲ་ཡིས་བསྙད་ནས་ངལ་གསོ་བའི་ཚིག་འདིའི་མཐར་ཐུག་འབྲས་བུའི་ས། གཤིས་དེ་ཉིད་ཀྱི་ངང་དུ་ངལ་གསོ་ཐོབ་ནས་གཞི་འབྲས་དབྱེར་མེད་པའི་བདག་ཉིད་གཉིས་ཆོས་ཀྱི་མཚན་མ་ཐམས་ཅད་དང་བྲལ་བའི་དོན་གྱི་ཡེ་ཤེས་གནས་ལུགས་སྨྲ་བསམ་བརྗོད་པ་དང་བྲལ་བའི་བཞུགས་ཚུལ་གཏན་ལ་ཕབ་པ་རེད། དེ་ལྟར་ན་རིག་པ་ཀ་དག་གི་ངོ་བོ་ལ་ཞེན་འཛིན་གྱི་རྣམ་རྟོག་འབྱུང་བ་མིན་ཡང་། དེའི་རྩལ་དང་རོལ་བ་ལས་ཤར་བའི་སེམས་རགས་པ་ཐམས་ཅད་ཐ་མལ་པའི་ཞེན་འཛིན་དུ་ཤར་ནས་དེའི་དབང་གིས་འདུ་བྱེད་ཀྱི་ལས་དང་། སེམས་ཅན་དང་སེམས་ཅན་གྱི་གནས་འགྲོ་དྲུག་གི་འཁྲུལ་བའི་སྣང་བ་འདི་ཐམས་ཅད་འབྱུང་བ་ཡིན་པས་དེ་ཉིད་གཞི་ལ་གཏོགས་ཤིང་རང་རིག་འོད་གསལ་གྱི་དབྱིངས་སུ་ངལ་གསོ་བའི་ཐབས་ཁྱད་པར་ཅན། ཚད་མེད་བཞི་ཡི་ངང་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་གང་ཟག་གདུལ་བྱའི་བློ་རིམ་དང་སྦྱར་ནས་བཤད་པ་ཡིན། དེ་ལྟར་སེམས་བསྐྱེད་པ་འདི་སྐྱེས་བུ་ཆེན་པོའི་ལམ་བསོད་ནམས་ཚད་མེད་པའི་འཇུག་ངོགས། གནས་སྐབས་ཕན་པ་དང་མཐར་ཐུག་བདེ་བའི་ལེགས་ཚོགས་ཐམས་ཅད་ཀྱི་རྒྱུ་མ་ནོར་བ་གཅིག་པུ་དེ་རེད། བཅོམ་ལྡན་འདས་ཀྱིས་མདོ་ལས། གང་ལ་མགོ་མཆིས་པ་དེ་ལ་འཚོ་བ་མཆིས་སོ། །གང་ལ་བྱང་ཆུབ་ཀྱི་སེམས་མཆིས་པ་དེ་ལ་སངས་རྒྱས་མཆིས་སོ། །ཞེས་གསུངས་པས། སངས་རྒྱས་ཉིད་ཀྱང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལས་འཁྲུངས་པ་ཞིག་ཡིན་ཏེ། དབུ་མ་འཇུག་པ་ལས། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང་། །སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང་། །བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །ཞེས་གསུངས་སོ། །

གཉིས་པ་སྤྱི་དོན་བཤད་པ།

༡༽ སེམས་བསྐྱེད་ཀྱི་བརྒྱུད་པའི་ཁུངས་སྨོས་པ།

དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་དེ་གང་ལས་བྱུང་ཞེ་ན། གོང་གི་མདོ་ལུང་དེའི་དེ་མ་ཐག་ཏུ། གང་ལ་སྙིང་རྗེ་མཆིས་པ་དེ་ལ་བྱང་ཆུབ་ཀྱི་སེམས་མཆིས་སོ་ཞེས་གསུངས་པས་དེ་ལྟ་བུའི་སྙིང་རྗེས་དྲངས་བའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་བགྲོད་པ་གཅིག་པུའི་ལམ་ཡང་དག་པ། རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་མ་བསླབ་ཐབས་མེད། བསླབ་པར་བྱ་བའི་གནས་རྨད་དུ་བྱུང་བ་འགྲོ་བ་མཐའ་དག་གི་ཕན་བདེའི་ལེགས་ཚོགས་འབྱུང་བའི་སྒོ་འཕར་གཅིག་པུ་ནི་བྱང་ཆུབ་སེམས་ཀྱི་བསླབ་པ་ཡིན། འོ་ན་དེ་ལྟ་བུའི་བྱང་ཆུབ་སེམས་ཀྱི་བསླབ་པ་དེ་ཅི་ལྟ་བུ་ཞེ་ན། འདི་ལ་བརྒྱུད་པའི་ཁུངས་དང་གཅིག ཕན་ཡོན་དང་གཉིས། ངོ་བོ་དང་གསུམ། ངེས་ཚིག་དང་བཞི། དབྱེ་བ་དང་ལྔ། བྱང་ཆུབ་སེམས་སྡོམ་ཇི་ལྟར་ལེན་པའི་ཚུལ་དང་དྲུག །དེའི་བསླབ་བྱ་དང་བདུན་པོ་གཞི་བཟུང་ནས་བཤད་ན་རགས་རིམ་ཙམ་རྟོགས་ཐུབ་པས་དེ་ལས་དང་པོ་བརྒྱུད་པའི་ཁུངས་ཇི་ལྟ་བུ་ཞེ་ན། བཅོམ་ལྡན་འདས་ཉིད་སྔོན་བྲམ་ཟེ་རྒྱ་མཚོའི་རྡུལ་དུ་སྐྱེ་བ་བཞེས་པའི་སྐབས་སུ་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོའི་སྤྱན་སྔ་ནས། སེམས་ཅན་བསྐལ་པ་ངན་པ་ཐམས་ཅད་ཀྱི་དོན་དུ་ཐུགས་བསྐྱེད་པ་ལྟར་དུ་བསྐལ་པ་གྲངས་མེད་པ་གསུམ་དུ་ཚོགས་བསགས། དེ་ཡང་ཡེ་ཤེས་ཆོས་སྐུའི་བདག་རྐྱེན་དུ་ཡེ་ཤེས་ཀྱི་ཚོགས་དང་གཟུགས་སྐུ་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་བསགས་པ་ཡིན། བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པའི་སྤྱོད་པ་རྒྱ་མཚོ་ལྟ་བུའི་ཚོགས་རྒྱ་ཆེན་མྱུར་དུ་བསྡུམ་པའི་སྒོ་ནས་གྲངས་མེད་གསུམ་ལ་སོགས་པའི་དུས་རིང་གསུངས་པ་མ་གཏོགས། མཐའ་གཅིག་ཏུ་གཅིག་བརྩི་གཉིས་བགྲངས་ཀྱིས་གྲངས་ཚང་དགོས་པའི་གུ་དོག་གི་བསམ་བློ་གཏོང་མི་དགོས་ཏེ། དེད་དཔོན་སྙིང་རྗེ་ཆེན་པོས་མི་ནག་མདུང་ཐུང་ཅན་བསད་པས་བསྐལ་པ་མང་པོའི་ཚོགས་རྫོགས་པ་དང་། མ་དག་ས་བདུན་དུ་བསྐལ་པ་མང་པོར་བསགས་རྒྱུའི་ཚོགས་ཆེན་པོ་དེ། དག་པ་ས་གསུམ་ལ་སྐད་ཅིག་གཅིག་གིས་བསགས་ཐུབ་པར་བཤད་པ་ལྟ་བུ་ཡིན་པས་སོ། །དེ་ལྟ་བུའི་རྫོགས་སྨིན་སྦྱང་པ་རྒྱ་མཚོ་ལྟ་བུ་མཛད་པས་སྔར་གྱི་ཐུགས་བསྐྱེད་དུས་སུ་སྨིན་པས་དགའ་ལྡན་ནས་འཕོས་ཏེ་བྱང་ཆུབ་པའི་བར་གྱི་མཛད་པ་བརྒྱད་རྫོགས་པའི་ཐ་མ་མི་རྣམས་ཀྱི་ཚེ་ལོ་བརྒྱ་ཐུབ་པའི་གནས་སྐབས་ན་འཛམ་གླིང་སའི་ལྟེ་བ་རྡོ་རྗེ་གདན་ནས་སངས་རྒྱས་ཏེ། རིགས་ཅན་གསུམ་གྱི་གདུལ་བྱ་ལ་ཆོས་འཁོར་རིམ་པ་གསུམ་བསྐོར་བས་རྒྱལ་སྲས་བྱང་ཆུབ་སེམས་དཔའ་གྲངས་མེད་པ་ཞིག་བྱང་ཆུབ་ཆེན་པོར་བཀོད་པའི་དབུགས་དབྱུང་ལུང་བསྟན་མཛད། བསྟན་པའི་རྒྱུན་བཞག བསྟན་འཛིན་གྱི་རྒྱལ་ཚབ་འབྱུང་བར་ལུང་བསྟན་ཏེ་བྱང་ཆུབ་སེམས་དཔའ་མཆོག་གཉིས་ལ་སོགས་པར་བསྟན་པ་གཏད་པར་མཛད་ནས་ཚུར་མཐོང་གི་སྣང་ངོར་སྐུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པ་དེ་ཁུངས་དང་པོ་བཅོམ་ལྡན་འདས་ལ་ཐུག་པ་ཡིན། རྒྱལ་སྲས་ཀྱི་ཐུ་བོ་འཇམ་དཔལ་དབྱངས་ཀྱིས་འཕགས་པ་ཀླུ་སྒྲུབ་དང་ཞི་བ་ལྷ་རྗེས་སུ་བཟུང་། ས་བཅུའི་དབང་ཕྱུག་རྒྱལ་ཚབ་མ་ཕམ་པས་འཕགས་པ་ཐོགས་མེད་རྗེས་སུ་བཟུང་བ་ཡིན་ན། ལྟ་བ་དབུ་མ་སྤྱོད་པ་ཕར་ཕྱིན་དྲུག ས་ལམ་ཏིང་འཛིན་དྲོད་ཚད་གཙོ་བོ་རུ། །རང་རང་གཞུང་གིས་སྟོན་ཕྱིར་དེ་ལྟར་རོ། །ཞེས་གསུངས་པ་ལྟར། སློབ་དཔོན་འདི་གསུམ་གྱི་གཞུང་ལ་བརྟེན་པའི་ཟབ་མོ་ལྟ་སྲོལ། རྒྱ་ཆེན་སྤྱོད་སྲོལ། ཟབ་ཅིང་རྒྱ་ཆེ་སྟེ་སྲོལ་གཉིས་སམ་གསུམ་གྱི་རྣམ་བཞག་བྱུང་བ་ཡིན་དེ་ཐམས་ཅད་པོ་མ་ལུས་གཅིག་ལ་འདུས་པ་ཆུ་བོ་ཐམས་ཅད་རྒྱ་མཚོ་རུ་འབབ་པ་ལྟ་བུའི་ཐུགས་ཀྱི་བུམ་པར་འཁྱིལ་ས་བོ་གང་ཡིན་ན་རྒྱལ་བས་ལུང་བསྟན་ཀུན་མཁྱེན་ཆོས་རྗེ་ཡིན། དེ་ཡང་རྒྱལ་བས་ལུང་ཇི་ལྟར་བསྟན་པའམ་ལུང་བསྟན་ཐོབ་ཅེ་ན། དབུ་རུ་ཞྭ་ཡི་ལྷ་ཁང་ནས། དེ་བཞིན་གཤེགས་པ་དང་རྒྱལ་ཚབ་མ་ཕམ་པས་མ་འོངས་པར་བདེ་གཤེགས་རི་རབ་མར་མེ་རྒྱལ་མཚན་དུ་སངས་རྒྱས་པའི་ལུང་བསྟན་དབུགས་དབྱུང་མཛད་པ་དང་། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་སོགས་རྒྱུད་སྡེ་མང་པོའི་ནང་ནས་ཀྱང་ལུང་བསྟན་པ་ཡིན་ནོ། །དེ་ནས་ད་བར་རིང་བརྒྱུད་ཉེ་བརྒྱུད་གང་ཡིན་ན་ཡང་བརྒྱུད་པ་བར་མ་ཆད་པར་བྱུང་བ་བརྒྱུད་པའི་ཁུངས་དེ་ལྟར་ཡིན་པས་དེ་དོན་དང་པོ་བརྒྱུད་པའི་ཁུངས་བཤད་པ་ཡིན་ནོ། །

༢༽ ཕན་ཡོན་བཤད་པ།

དོན་གཉིས་པ་ཕན་ཡོན་བཤད་པ་ལ་ནང་གསེས་དོན་རྣམ་པ་ལྔ་ཡི་སྒོ་ནས་བཤད་དགོས་ཏེ། དེའི་དོན་སྡོམ་གྱིས་བསྡུས་ནས་ཚིག་གཅིག་གིས་བཤད་ན། མིང་དོན་གནས་འགྱུར་མི་དགེའི་གཉེན་པོ་བྱེད། །དགེ་འབྲས་གོང་འཕེལ་ངན་སོང་སྒོ་འཕར་གཅོད། །རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཐོབ་པའོ། །ཞེས་པའི་ནང་དུ་འདུ་བས། དང་པོ་མིང་དོན་གནས་ཅི་ལྟར་འགྱུར་ཞེ་ན། གང་ཟག་འཁོར་བའི་སེམས་ཅན་ང་ཚོ་ལྟ་བུ་ཞིག་གི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་འདི་སྐྱེས་སོང་བ་ཡིན་ན་བྱང་ཆུབ་ཀྱི་སེམས་དེ་སྐྱེས་པ་དེའི་ཐོག་ནས་བྱང་ཆུབ་སེམས་དཔའི་མིང་ཐོག་པ་ཡིན་ལ། མིང་གིས་མ་ཚད་པར་དོན་གྱི་སྟེང་ནས། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་འཁྱམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་གསུངས་པ་ལྟ་བུ་འཁོར་བའི་སེམས་ཅན་ཡིན་ཡང་འཇིག་རྟེན་ལྷ་མི་རྣམས་ཀྱིས་ཕྱག་བྱ་བའི་འོས་སུ་འགྱུར་རྒྱུ་དང་ནི། བདེ་གཤེགས་རྣམས་ཀྱི་སྲས་དང་རྒྱལ་སྲས་རྣམས་ཀྱི་སྤུན་དུ་དགོངས་པ་ཡིན་ནོ།།

གཉིས་པ་མི་དགེ་བའི་གཉེན་པོ་བྱེད་པ་ཡིན་ཚུལ་ནི། དེ་ཡང་རྣམ་སྨིན་མྱོང་བར་ངེས་པ་ཐམས་ཅད་ཟིལ་གྱིས་གནོན་ཅིང་། མྱོང་བར་མ་ངེས་པའི་སྡིག་པ་ཕྲ་མོ་རྣམས་དྲུང་ནས་འབྱིན་པ་དེ་ལྟར་ཡིན། ཟིལ་གྱིས་གནོན་པའི་དཔེ་ཡང་། ཉི་མའི་འོད་ཀྱིས་སྐར་མའི་འོད་ཟིལ་གྱིས་གནོན་པ་ལྟ་བུ་དང་དྲུང་ནས་འབྱིན་ཚུལ་ནི། རྩ་སྦུར་ལ་དུས་མཐའི་མེ་འཕྲད་པ་ལྟ་བུ་ཞིག་དང་ཉི་མས་བ་མོ་བཞུས་པ་ལྟ་བུ་ཞིག་ཡིན་ཏེ། སྡིག་པ་ཤིན་ཏུ་མི་བཟད་བྱས་ན་ཡང་། །དཔའ་ལ་བརྟེན་ནས་ཡུད་ཀྱིས་སྒྲོལ་འགྱུར་བ། །དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བརྟེན། །དེས་ནི་དུས་མཐའི་མེ་བཞིན་སྡིག་ཅན་རྣམས། །སྐད་ཅིག་གིས་ནི་ངེས་པར་བསྲེག་པར་བྱེད། །ཅེས་གསུངས་པ་ལྟར་དེ། འདི་བྱང་སེམས་སྟོབས་ཆེ་ཆུང་གི་སྒོ་ནས་སྡིག་པ་ཆེ་ཆུང་སྦྱང་སྟོབས་ཆེ་ཆུང་ལ་འབྲེལ་ན་ཡང་ཆོག་པ་ཞིག་ཡིན། དེ་ལ་ཞིབ་ཆ་བྱས་ན། བྱང་སེམས་སྤྱིའི་མྱོང་བ་ཙམ་མ་ཡིན་པར་སེམས་དེ་མ་བརྗེད་ཀྱི་བར་ངན་འགྲོར་མི་འགྲོ་བ་ལ་སོགས་པ་ལ་གོ་རྒྱུ་ཡོད་པ་ཡིན་ནོ།།

གསུམ་པ་དགེ་འབྲས་གོང་འཕེལ་ནི། དེ་ཡང་སྤྱོད་འཇུག་ལས། དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་འབྱིན་པས་ཟད་པར་འགྱུར་བ་ཉིད། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང་། །འབྲས་བུ་འབྱིན་པས་མི་ཟད་འཕེལ་བར་འགྱུར། །ཞེས་གསུངས་པ། སྨོན་སེམས་བསྐྱེད་པས་འབྲས་བུ་ནམ་ཡང་འབྱིན་པ་བཟའ་ཤིང་གི་སྡོང་པོ་ལྟ་བུ་ཞིག་ཡིན། དེ་ལ་ཞིབ་ཆ་བྱས་ན། སེམས་མཆོག་བསྐྱེད་པ་མི་གཙོ་སྐྱེས་པ་གཙོ། །ཞེས་གསུངས་པས་རྒྱུད་ལ་སྐྱེས་ཟིན་ལ་གོ་རྒྱུ་ཡིན། འཇུག་སེམས་བསྐྱེད་ན་བསོད་ནམས་དམ་པའི་རྒྱུ་ཁོ་རང་ཡང་གོང་དུ་འཕེལ་ན། འབྲས་བུ་འཕེལ་བ་བཤད་ཅི་དགོས། འཇུག་སེམས་ཐོབ་ལ་མ་ཉམས་པའི་སེམས་དཔའ་ཆེན་པོ་དེ་བག་མེད་དང་གཉིད་ལོག་གི་སྐབས་སོགས་ལའང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་གོང་འཕེལ་དུ་འགྲོ་བ་ཡིན་ཏེ། གང་ནས་བཟུང་སྟེ་སེམས་ཅན་ཁམས། །མཐའ་ཡས་རབ་ཏུ་སྒྲོལ་བའི་ཕྱིར། །ནམ་ཡང་ལྡོག་པ་མེད་སེམས་ཀྱིས། །སེམས་དེ་ཡང་དག་བླངས་གྱུར་པ། །དེ་ནས་བརྩམས་ཏེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་ཆད་པར་འབྱུང་བར་འགྱུར། །ཞེས་གསུངས་པ་ལྟ་བུའོ།།

བཞི་པ་ངན་སོང་གི་སྒོ་འཕར་གཅོད་ཚུལ་ནི། བྱང་ཆུབ་ཀྱི་སེམས་བསྐྱེད་པའི་གང་ཟག་དེ་གནས་སྐབས་སུ་བག་མེད་ཉམས་སྟོབས་ཆུང་བའི་དབང་གིས་རྣམ་སྨིན་མི་བསླུ་བ་ཡིན་པས་མཚམས་མཚམས་སུ། ངན་འགྲོའི་གནས་ངན་ལེན་པའི་དབང་དུ་གྱུར་ནས། དམྱལ་བ་ལྟ་བུ་ལ་འགྲོ་དགོས་བྱུང་ཡང་། བྱང་ཆུབ་ཀྱི་སེམས་དེའི་སྟོབས་ཀྱིས་དར་གྱི་ཕོ་ལོང་བརྡབ་པའི་ཡུན་ཙམ་རེས་གོ་ཆོད་འགྲོ་རྒྱུ་དཔེ་བཞག་ན་མཛའ་བོའི་བུ་མོ་ལྟ་བུ་ཡིན་ནོ།།

ལྔ་པ་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཐོབ་བྱེད་ཀྱི་རྒྱུ་རུ་འགྱུར་ཚུལ་ནི། འདས་དང་ད་ལྟ་མ་འོངས་འབྱོན་འགྱུར་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་བགྲོད་པ་གཅིག་པུའི་ལམ་དེ་གང་ཡིན་ན་བྱང་ཆུབ་ཀྱི་སེམས་མཆོག་རིན་པོ་ཆེ་འདི་ཉིད་ཡིན། ལམ་མཆོག་འདི་དང་བྲལ་སོང་ན་གང་ཟག་དེ་ལ་ཀུན་མཁྱེན་གྱི་ཡེ་ཤེས་ཐོབ་ཟེར་བ་མི་སྲིད་པས་རང་བཞིན་གནས་རིགས་རྒྱལ་པོའི་གོ་ས་ལྟ་བུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་བརྙེས་རྒྱུའི་སངས་རྒྱ་རུང་གི་ཆ་དེ། བྱང་ཆུབ་སེམས་ཀྱི་རྒྱས་འགྱུར་དང་དེ་གཉིས་པོ་མཉམ་དུ་འཛོམ་དུས་ཆུ་ལུད་དྲོད་གཤེར་འཛོམ་པའི་ས་བོན་བཞིན་དུ་ཡོན་ཏན་གོང་ནས་གོང་དུ་འཕེལ་བས་རྒྱལ་བའི་སྤངས་རྟོགས་ཀྱི་ལོ་ཏོག་ཕུན་སུམ་ཚོགས་པར་འགྱུར་བ་དེ་ལྟ་བུ་ཡིན་ཏེ། རྣམ་སྣང་མངོན་བྱང་གི་རྒྱུད་ལས། གསང་བའི་བདག་པོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ནི་སྙིང་རྗེ་ཆེན་པོའི་རྩ་བ་ཅན། བྱང་ཆུབ་སེམས་ཀྱི་རྒྱུ་ལས་བྱུང་བ་ཐབས་ཀྱི་མཐར་ཕྱིན་པ་ཞིག་ཡིན། ཞེས་གསུངས་སོ།།

༣༽ སེམས་བསྐྱེད་ཀྱི་ངོ་བོ།

གསུམ་པ་བྱང་ཆུབ་སེམས་ཀྱི་ངོ་བོ་དེ་ཅི་ལྟར་ཞེ་ན། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་པ་ལྟར། དམིགས་པའི་ཟུར་གཉིས་སམ་དོན་གཉིས་དང་ལྡན་པ། སྙིང་རྗེའི་མཐུས་འགྲོ་ཁམས་མཐའ་ཡས་པར་དམིགས་པ་དང་ཤེས་རབ་སྟོབས་ཀྱིས་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་ཏེ་འདུན་པ་དག་དང་མཚུངས་པར་ལྡན་པའི་གཙོ་སེམས་ཤིག་རེད། མདོར་ན་སངས་རྒྱས་ཐོབ་འདོད་ཀྱི་བློ་ཞིག་ཡིན་པ་དང་དེ་ཡང་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་འགྲོ་འདོད་དང་འགྲོ་བ་དངོས་ལྟ་བུའི་དཔེ་ཡི་སྒོ་ནས་གསུངས་པ་དེ་དོན་ལ་སྤྱོད་པ་ཉམས་ལེན་གྱིས་ཟིན་དགོས་དང་མི་དགོས་ཀྱིས་དབྱེ་བ་ཕྱེ་བ་ཡིན། འདི་ནས་གསུང་རྒྱུའི་སྙིང་རྗེ་དེ་སྙིང་རྗེ་ཡིན་ལ་སྙིང་རྗེ་ཆེན་པོ་མ་ཡིན་པ་ཉན་རང་གི་རྒྱུད་ཀྱི་སྙིང་རྗེ་ལྟ་བུ་དེ་ལ་གོ་བ་མིན་ནོ།།

༤༽ ངེས་ཚིག

བཞི་པ་ངེས་ཚིག་ནི། རྫོགས་པའི་བྱང་ཆུབ་ཐོབ་པའི་ཆེད་དུ་བྱ་དཀའ་བའི་སྤྱོད་པ་ཕར་ཕྱིན་དྲུག་དང་བསྡུ་དངོས་བཞི་ལ་སོགས་པར་བསླབས་ནས། བསྐལ་པའི་ཡུན། འགྲོ་མང་གི་མཐའ་གང་ཡིན་ཡང་མི་སྐྱོ་བའི་སེམས་སྟོབས་ཀྱི་གོ་ཆ་བགོས་ནས་ཞུམ་པ་མེད་པའི་དཔའ་བའི་རང་བཞིན་དུ་བྱེད་པས་ན་བྱང་ཆུབ་སེམས་དཔའ་ཞེས་གྲགས་པ་དོན་དང་ལྡན་པ་དེ་ལྟ་བུ་ཡིན་ནོ། །

༥༽ དབྱེ་བ།

ལྔ་པ་དབྱེ་བ་ནི། རྒྱས་པར་ཕྱེ་ན་དབྱེ་སྒོ་བསམ་གྱིས་མི་ཁྱབ་ཀྱང་། བསྡུས་ན་བདུན་གྱི་ནང་དུ་འདུ་བར་གསུངས། དེ་ཡང་ཇི་ལྟར་ཞེ་ན། དང་པོ་གཅིག་ཏུ་བསྡུས་ན་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་ནང་དུ་འདུས། གཉིས་སུ་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་སམ་ཡང་ན་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ལ་གོང་དུ་བཤད་མ་ཐག་པའི་སྨོན་པ་དང་འཇུག་པའི་དབྱེ་བ་གཉིས་ཕྱེ་རྒྱུ་ཡོད། གསུམ་དུ་ཕྱེ་ན་བསླབ་པ་གསུམ་སྟེ། ཚུལ་ཁྲིམས་དང་ཏིང་འཛིན་ཤེས་རབ་ཀྱི་བསླབ་པ་དང་ལྡན་པའི་བྱང་སེམས་གསུམ། བཞི་རུ་ཕྱེ་ན། ཚོགས་སྦྱོར་གྱི་ལམ་ལ་མོས་པས་སྤྱོད་པའི་སེམས་བསྐྱེད་དང་། མ་དག་ས་བདུན་དུ་ལྷག་བསམ་དག་པའི་སེམས་བསྐྱེད། དག་པ་ས་གསུམ་ན་རྣམ་པར་སྨིན་པའི་སེམས་བསྐྱེད། སངས་རྒྱས་ཀྱི་ས་ལ་ཐུགས་རྗེ་ཆེན་པོ་སྒྲིབ་པ་ཀུན་སྤང་གི་སེམས་བསྐྱེད་དང་རྣམ་པ་བཞི། ལྔ་རུ་ཕྱེ་ན། ལམ་ལྔ་དང་སྦྱར་བ་སྟེ། ཚོགས་ལམ་གྱི་སྐབས་སུ་ལས་དང་པོ་པའི་སེམས་བསྐྱེད། སྦྱོར་ལམ་གྱི་སྐབས་སུ་ཡོངས་སུ་སྦྱོང་བར་བྱེད་པའི་སེམས་བསྐྱེད། མཐོང་ལམ་གྱི་སྐབས་སུ་ཆོས་ཉིད་མཐོང་བའི་སེམས་བསྐྱེད། སྒོམ་ལམ་དུ་རྣམ་པར་གྲོལ་བའི་སེམས་བསྐྱེད། མི་སློབ་པའི་སྐབས་སུ་རྣམ་པར་གྲོལ་བ་ཡོངས་སུ་ཐོབ་པའི་སེམས་བསྐྱེད་དེ་རྣམས་ཡིན་ནོ། །འོ་ན་དྲུག་ཏུ་ཇི་ལྟར་ཕྱེ་ཞེ་ན། ཕར་ཕྱིན་དྲུག་སྟེ། སྦྱིན་ཚུལ་བཟོད་བརྩོན་བསམ་གཏན་ཤེས་རབ་སྟེ་དྲུག་ལ་ལྟོས་པའི་སེམས་བསྐྱེད་དོ། །དབྱེ་སྒོ་བདུན་པ་ནི་མངོན་རྟོགས་རྒྱན་ལས། དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང་། །ཡིད་བཞིན་ནོར་བུ་ཉི་མ་གླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་གསུངས་པ་ལྟར་ཏེ། ཡོན་ཏན་གྱི་རྟེན་བྱེད་པའི་ཕྱིར་ན་བྱང་ཆུབ་དོན་གཉེར་གྱི་འདུན་པ་དང་མཚུངས་ལྡན་གྱི་སེམས་ས་ལྟ་བུ། དེ་བཞིན་དུ་བསམ་པ་འགྱུར་བ་མེད་པ་གསེར་ལྟ་བུ། ལྷག་བསམ་གོང་ནས་གོང་དུ་བྱེད་པ་ཟླ་བ་ཚེས་པ་ལྟ་བུ། སྦྱོར་བ་ཁྱད་པར་དུ་འགྲོ་བའི་ཕྱིར་བུད་ཤིང་ཆེན་པོའི་མེ་ལྟ་བུ་ལ་སོགས་པ་ནས་བགྲོད་པ་གཅིག་པུའི་ལམ་རྣམ་མཁྱེན་གྱི་ཆུ་བོ་ངང་གིས་འབབ་པའི་ཕྱིར་ཆུ་བོ་ལྟ་བུ་དང་། ཆོས་སྐུ་རྣམ་པར་འཕྲུལ་བའི་ཆར་འབེབ་པའི་ཕྱིར་སྤྲིན་ལྟ་བུ་སྟེ་དཔེ་ཉེར་གཉིས་དང་དོན་ཉེར་གཉིས་ཀྱིས་དཔེ་གྲོགས་ཆོས་མཐུན་གསུམ་པོ་སྦྱར་ནས་ཚོགས་ལམ་ནས་ས་བཅུ་པའི་བར་སྦྱར་བའི་རྣམ་དབྱེ་དེ་ལྟ་བུ་ཡོད་དོ།།

༦༽ བྱང་སྡོམ་ཇི་ལྟར་ལེན་ཚུལ།

༡ སྔོན་འགྲོ་ཁྱད་པར་བཞི་ལྡན།

དྲུག་པ་བྱང་ཆུབ་སེམས་ཀྱི་སྡོམ་པ་ཇི་ལྟར་ལེན་ཚུལ་ནི། དེ་ཡང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཚུལ་དང་དེའི་སྡོམ་པ་ལེན་ལུགས་ལ། དགེ་བའི་བཤེས་གཉེན་གྱི་མདུན་ནས་ལེན་རྒྱུ་ཞིག་དང་། རང་གི་མོས་པའི་སྟོབས་ཀྱིས་རྒྱལ་བ་སྲས་བཅས་བསྒོམ་ནས་ལེན་པ་ཞིག་དང་དེ་དང་ཚུལ་མཐུན་པས་རྟེན་རྩ་ཆེན་བྱིན་ལྡན་གྱི་དྲུང་ནས་ལེན་པ་སྟེ་གསུམ་ནི་ཚད་ལྡན་གྱི་གཞུང་གི་ནང་ན་ཡོད་པར་གསུངས་མོད། དེ་ཡང་དང་པོ་དགེ་བའི་བཤེས་གཉེན་གྱི་དྲུང་ནས་ལེན་ཅིང་ཕྱིས་ནས་རྟེན་སོགས་ཀྱི་དྲུང་ནས་ལེན་པ་དེ་ཕྱག་སྲོལ་ཡིན། དང་པོ་ལེན་པའི་ཡུལ་དགེ་བའི་བཤེས་གཉེན་དེ་ཡང་གང་བྱུང་ཞིག་གིས་མི་ཆོག་སྟེ། མཚན་ཉིད་དང་ལྡན་པ་ཞིག་དགོས་པ་བཤད་ཅི་དགོས། བྱང་སྡོམ་ལེན་པའི་ཆོ་གའི་སྲོལ་ལ་ཡང་། ཤིང་རྟ་ཆེན་པོ་རྣམ་པ་གཉིས་ཀྱི་སྲོལ་ཏེ། ཟབ་མོ་ལྟ་ལུགས་དང་རྒྱ་ཆེན་སྤྱོད་ལུགས་གཉིས་ཀ་ཐ་དད་པའི་སྒོ་ནས་དབུ་མའི་ལུགས་དང་སེམས་ཙམ་པའི་ལུགས་གཉིས་ལ་བྱང་སྡོམ་ལེན་ལུགས་རྟེན་དང་རྣམ་པ་མི་འདྲ་ས་ཡོད་པ་སྔ་རབས་པའི་དགོངས་པ་དང་། ཁྱད་པར་མི་བཞེད་པ་ཕྱི་རབས་པའི་དགོངས་པ་སྟེ་མི་འདྲ་བ་གཉིས་ཡོད། དེ་ལས་སྔ་རབས་པའི་ཕྱག་སྲོལ་ལྟར་བཤད་ན། ས་བཅད་གསུམ་གྱི་སྒོ་ནས་འཆད་དགོས་ཏེ། སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པའོ། །དང་པོ་སྔོན་འགྲོ་དེ་ཡང་ཁྱད་པར་རྣམ་པ་བཞིའི་སྒོ་ནས་བཤད་དགོས་པས་ཁྱད་པར་དང་པོ་ནི། ལེན་ཡུལ་དགེ་བའི་བཤེས་གཉེན་གྱི་ཁྱད་པར་དང་། གཉིས་པ་བློ་སྦྱོང་གདམས་ངག་གི་ཁྱད་པར་དང་། གསུམ་པ་སྡོམ་པ་སྐྱེ་བའི་རྒྱུ་ཚོགས་ཀྱི་སྦྱོར་བ་ཁྱད་པར་ཅན་དང་། བཞི་པ་སྡོམ་པའི་རྩ་བ་རྟེན་གྱི་ཁྱད་པར་རྣམས་ཡིན་ནོ། །དང་པོ་ལེན་ཡུལ་དགེ་བའི་བཤེས་གཉེན་ལ་ཁྱད་པར་ཅི་ཡོད་ཅེ་ན། ཚུལ་ཁྲིམས་ལ་གནས་ཤིང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་མཁས་པ། སྐྱེས་བུ་ཆེན་པོའི་ཡོན་ཏན་དུ་མ་དང་ལྡན་པ་ཞིག་ལ་གསོལ་བ་བཏབ་པས་དེས་ཀྱང་ཞལ་གྱིས་བཞེས་པས་མཎྜལ་ཕུལ་ནས་སླར་ཡང་བྱང་སྡོམ་གནང་བར་གསོལ་བ་གདབ་པ་རྣམས་སྔོན་དུ་འགྲོ་དགོས་པའི་ཁྱད་པར་དེ་ལྟར་ཡོད་དོ། །ཁྱད་པར་གཉིས་པ་བློ་སྦྱོང་གི་གདམས་ངག་ཁྱད་པར་ཅན་ཏེ། སྡུག་ཀུན་གྱི་ཉེས་དམིགས་ལ་བསམ་ནས་སྲིད་པའི་མཐའ་ལ་སྐྱོ་བ་བསྐྱེད། མ་རྒན་སེམས་ཅན་ཐམས་ཅད་ཀྱི་དྲིན་ལན་ལ་བསམ་ནས་ཞི་བའི་མཐའ་ལ་ཞེན་པ་དགག བྱང་ཆུབ་ཆེན་པོའི་ཡོན་ཏན་ལ་བསམ་སྟེ་མཐའ་གཉིས་སྤང་བའི་ཡོན་ཏན་ལ་བསྔགས་པ་བརྗོད་པ་དེ་རྣམས་ཡིན་ནོ། །ཁྱད་པར་གསུམ་པ་སྡོམ་པ་སྐྱེ་བའི་རྒྱུ་ཚོགས་ཀྱི་ནང་ཚན་ཚོགས་བསགས་པའི་ཐབས་ཁྱད་པར་ཅན། སེམས་བསྐྱེད་ཀྱི་སྐབས་སུ་མཆོད་པ་རྒྱ་ཆེ་དགོས་པ་ཡིན་པས། ཕྱག་དང་མཆོད་པ་ལ་སོགས་པའི་ཡན་ལག་རྣམ་པ་བདུན་གྱིས་དགེ་ཚོགས་རྒྱ་ཆེན་པོ་བསགས་དགོས་ཏེ་ཇོ་བོ་རྗེས། ཁྱེད་བོད་འདི་བསོད་ནམས་མི་དམའ་པའི་ཐབས་མི་འདུག བསོད་ནམས་ཁྱོན་ནས་མི་བསགས་པ་འདི་གསུངས་ནས་ཧ་ལས་ལས་མཛད་མྱོང་བ་ལྟ་བུ་ཡིན་ན། བསོད་ནམས་ཤིག་མ་བསགས་ཐབས་མེད་ཡིན་ཞིང་། ཁྱད་པར་དུ་བྱང་ཆུབ་སེམས་དཔའི་སྡོམ་པ་ལེན་པའི་སྐབས་སུ་ཚོགས་ཁྱད་པར་ཅན་བསགས་དགོས་པ་ཡིན་ནོ། །ཁྱད་པར་བཞི་པ་སྡོམ་པའི་རྩ་བ་རྟེན་མཆོག་ཁྱད་པར་ཅན་ཡུལ་དཀོན་མཆོག་གསུམ་དང་དུས་བྱང་ཆུབ་སྙིང་པོའི་བར། ཆེད་དུ་བྱ་བ་རྫོགས་པའི་བྱང་ཆུབ་སྟེ་ཐུན་མིན་ཐེག་ཆེན་གྱི་ཁྱད་པར་གསུམ་ལྡན་གྱི་སྒོ་ནས་སྐྱབས་འགྲོའི་གཞི་བཏིང་དགོས་ལ་སྐྱབས་འགྲོའི་ཚིག་ཀྱང་དེ་བཞིན་དུ་ལན་གསུམ་ལ་བསྐྱར་དགོས་པ་ཡིན་ནོ།།

༢ དངོས་གཞི།

དེས་སྔོན་འགྲོ་སོང་ནས། གཉིས་པ་དངོས་གཞི་ལ། དགོངས་སུ་གསོལ་བ་གསུམ་སྔོན་དུ་འགྲོ་བ་སྟེ། དགོངས་སུ་གསོལ་བ་གསུམ་གྱིས་སད་པར་བྱས་ནས་སྐྱབས་སུ་འགྲོ་བ་གསུམ་གྱིས་གཞི་བྱས་ཞེས་གསུངས་པ་བཞིན་ནོ། །དེ་ཡང་སྨོན་འཇུག་སྟབས་གཅིག་ཏུ་ལེན་པ་འདི་སྔ་རབས་པའི་ཕྱག་སྲོལ་ཏེ། ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང་བཅས་པ་ལ་སྙན་གསན་གྱི་ཚིག་གིས་དགོངས་སུ་གསོལ་བ་གསུམ་སྔོན་དུ་འགྲོ་བས་སྨོན་འཇུག་གི་སྡོམ་པ་སྟབས་གཅིག་ཏུ་ལེན་པ་ཡིན། གཞན་དོན་རྫོགས་བྱང་དོན་གཉེར་ཙམ་ཞིག་ཆོ་ག་ལ་ལྷག་པར་ལྟོས་མི་དགོས་ན་ཡང་། དེ་རྟག་ཏུ་མི་ཉམས་པར་བྱ་བའི་ཆེད་དང་དམ་བཅའི་ལྕགས་ཀྱུ་གཉིས་པ་ཞིག་གིས་ཟིན་པ་ལ་ཆོ་ག་ངེས་པར་དུ་དགོས་པར་གསུངས། ཐོབ་མཚམས་བརྗོད་པ་གསུམ་གྱི་ཐ་མར་ཐོབ་པར་མངའ་རིས་པཎ་ཆེན་གྱིས་སྡོམ་གསུམ་ལས་གསུངས་པ་ལྟར་ཡིན། གལ་ཏེ་སྡོམ་པ་ལེན་ཡུལ་ཚད་ལྡན་ཞིག་མ་རྙེད་ན། མོས་པའི་ཤུགས་ཀྱིས་རང་ཉིད་ཀྱིས་ཇི་ལྟར་ལེན་ཞེ་ན། རྒྱལ་བ་སྲས་དང་བཅས་པ་ལ་ཐོགས་མེད་ཀྱི་མཁྱེན་པ་དང་ལྡན་པ་དང་། ཐུགས་རྗེ་ཆེན་པོས་མཐའ་ཡས་འགྲོ་བ་ལ་རྟག་ཏུ་དགོངས་པ་དེ་ཉིད་ཡུལ་དུ་བྱས་ནས་ཡན་ལག་བདུན་གྱི་ཚོགས་བསགས་པས་མདུན་བསུས་ནས་དངོས་གཞིའི་འགྲོས་བཅས་ཀྱིས་ལེན་པ་དེ་ལྟར་ཡིན།

༣ རྗེས་ཀྱི་རིམ་པ།

རྗེས་ཀྱི་རིམ་པ་ནི་ས་བཅད་གསུམ་པ་སྟེ་དེ་ཇི་ལྟར་ཞེ་ན། རྒྱལ་བའི་སྲས་ཀྱི་བྱ་བ་ལ་སྤྲོ་ཤུགས་ཆེན་པོ་བསྐྱེད་ནས་རང་གིས་དགའ་བ་བསྒོམ་པ་དང་། གཞན་ལྷ་དང་ལྷ་མིན་སོགས་ལ་ཚིག་གིས་གོ་བར་བྱས་ཏེ་དགའ་བ་སྒོམ་དུ་བཅུག་པ། བླ་མ་དང་དཀོན་མཆོག་ལ་གཏང་རག་འབུལ་བ་དེ་རྣམས་རྗེས་ཀྱི་བྱ་བའོ། །འདིར་ད་རེས་སྔོན་འགྲོའི་ངག་འདོན་གྱི་ཐོག་ནས་བཤད་པས་ཁྲིད་ཐེངས་དང་པོར་རྟེན་འབྲེལ་གྱི་སྒོས་དབང་དང་། མང་ཆེ་བ་ལས་དང་པོ་བའི་མི་སྐྱ་ཕོ་མོ་ཆོས་སྐད་ཀྱི་བརྡ་ལ་མ་འདྲིས་པ་དེ་ཚོས་ཧ་ཅང་མི་གོ་མོད། བག་ཆགས་བཟང་པོ་དང་ལས་འབྲེལ་གྱི་མཚམས་སྦྱོར་བཟང་པོ་རེ་འཇོག་པའི་ཆེད་དུ་འདིའི་རྣམ་བཞག་ཆ་ཚང་ལྟ་བུ་ཞིག་མིང་ཙམ་དང་ཐ་སྙད་ཙམ་གྱི་སྟེང་ནས་གླེང་བ་ཡིན་ལ། བྱང་སེམས་ཀྱི་སྡོམ་པ་ལ་ཞིབ་ཕྲའི་གོ་དོན་གྱི་ཐོས་བསམ་བྱེད་བསམ་པ་ཞིག་གིས་གཞུང་ཆེན་པོ་རྣམས་དང་མ་མཐར་ཡང་སྡོམ་པ་ཉི་ཤུ་བ་ཙམ་རེ་ལ་སློབ་གཉེར་སྤུས་དག་རེ་ངེས་པར་བྱེད་དགོས་པ་རེད། ཚིག་གསུམ་གྱིས་གཞུང་ལུགས་ཀྱི་གནད་ལ་ཁེལ་བ་ཞིག་འོང་དཀའ་བ་ཡིན་ནོ།།

༧༽ བསླབ་བྱ།

༡ སྲུང་ཐབས།

བདུན་པ་རྒྱལ་བའི་སྲས་ཀྱི་བསླབ་བྱ་ལ། བསྲུང་ཐབས་དང་བསྲུང་བྱ་རྣམ་པ་གཉིས་ཀྱིས་འཆད་དགོས་པས། བསྲུང་ཐབས་དྲན་དང་ཤེས་བཞིན་གཉིས་དང་མ་བྲལ་བའི་སྒོ་ནས་བསྲུང་དགོས་ཏེ། དྲན་ཤེས་བཞིན་གཉིས་དང་བག་ཡོད་པ་འདི་རྣམས་མེད་ན་བསླབ་པ་གསུམ་པོ་བསྲུང་བསམ་རྒྱུ་བོ་དེ་གོ་མཚོན་མེད་པའི་དཔའ་བོ་གཡུལ་དུ་ཞུགས་པ་དང་འདྲ་བ་ཡིན་གསུངས་པས། ངན་འགྲོའི་གཡང་ས་ལ་རང་སྲོག་བརླག་པ་མ་གཏོགས་མེད། དེ་ལས་དང་པོ་དྲན་པ་ཅི་ལྟ་བུ་ཞེ་ན། ཐོས་བསམ་སྒོམ་པའི་ཆོས་རྣམས་མི་བརྗེད་པར་རང་གི་རྒྱུད་ལ་འདྲིས་པར་བྱས་ནས། ཁྱད་པར་དུ་བྱང་སེམས་ཀྱི་བསླབ་པའི་གནས་ཐམས་ཅད་བྱང་ཆུབ་པར་སྦྱང་ཞིང་བསླབ་ནས། དེ་རྣམས་བརྗེད་དུ་མི་བཅུག་པར་ཡང་ནས་ཡང་དུ་བསྔོས་བགྲང་གིས་དྲན་གསོ་བྱེད་པ་དེ་ལ་དྲན་པ་ཞེས་བརྗོད་དོ། །གཉིས་པ་ཤེས་བཞིན་ཞེས་པ་གང་ཞེ་ན། སྤྱོད་ལམ་ཐམས་ཅད་ལ་དུས་དང་རྣམ་པ་ཀུན་ཏུ་ངས་ཅི་བྱེད་ཀྱིན་འདུག་སྙམ་པས་བསམ་རྒྱུ་དྲན་རྒྱུ་ལས་རྒྱུ་རྣམས་དགེ་བ་རེད་དམ་མི་དགེ་བ་རེད་ཅེས། རང་གིས་རང་ལ་ཅི་བྱེད་ཀྱིན་འདུག ཅི་བསམ་གྱིན་འདུག་ཅེས་བརྟགས་ཤིང་དཔྱད། རྒྱལ་བའི་སྲས་ཀྱི་སྤྱོད་པ་ལ་ཞུགས་པར་ཁས་བླངས་པ་ལས་ཉམས་པ་ཡོད་དམ་མེད་བརྟགས་དགོས། མདོར་ན་རང་རྒྱུད་ལ་རང་གིས་སོ་བརྒྱབ་ནས་བལྟ་བ་ཤེས་བཞིན་ཡིན། དེས་རྒྱལ་སྲས་ཀྱི་སྤྱོད་པའི་སྡོམ་པ་དང་བསླབ་བྱ་སྲུང་བའི་བསྲུང་ཐབས་བསྟན་པ་ཡིན་ནོ།།

༢ བསླབ་བྱ་དངོས།

དང་པོ་སྡོམ་སྡུད་དོན་བྱེད་གསུམ་གྱི་བསླབ་བྱ་བཤད་པ།

༡༽ ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས།

གཉིས་པ་སྲུང་ཐབས་དེ་ལ་བརྟེན་པའི་སྲུང་བྱ་གང་རེད་ཅེ་ན། རྒྱལ་བའི་སྲས་ཀྱི་བསླབ་བྱ་ཐམས་ཅད་པོ་ཚུར་བསྡུས་ན། སྡོམ་སྡུད་དོན་བྱེད་ཀྱི་ཚུལ་ཁྲིམས་རྣམ་པ་གསུམ་གྱི་ནང་དུ་འདུས་པ་ཡིན། དེའི་ནང་ནས་དང་པོ་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ལྟ་བུ་ནི། རྩ་ལྟུང་སྲུང་བ་ཡན་ལག་དང་བཅས་པ་ཡོད་ལ། རྩ་ལྟུང་དེ་ལ་གསང་ཆེན་ཐབས་ལ་མཁས་པའི་མདོའི་དབང་དུ་བྱས་ན་རྩ་ལྟུང་གཅིག་ཏུ་གསུངས། བྱང་ས་ལས་བསྟན་པ་ལྟར་ན་བཞི། ནམ་མཁའི་སྙིང་པོའི་མདོའི་རྗེས་སུ་འབྲང་ན་བཅོ་བརྒྱད་ཀྱང་བཤད་པའི་ཚུལ་ཡོད་པ་ལས། དང་པོ་གཅིག་གི་ཚུལ་ཇི་ལྟར་ཡིན་ཞེ་ན། སྨོན་སེམས་མི་གཏོང་པར་བསྲུང་ནས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པའི་ཕྱིར་དུ་བདག་གིས་དགེ་ཚོགས་བསྒྲུབ་མི་དགེ་བ་སྤོང་བ་ཡིན་བསམ་པ་དམ་པ་གསུམ་དང་མ་བྲལ་བའི་སྒོ་ནས་དགེ་བའི་ཚོགས་བསྒྲུབ་པ་དེ་བསླབ་པ་ཐམས་ཅད་ཀྱི་སྡོམ་གཅིག་ཡིན་པ་རེད། ཤེས་སླ་དོན་འདུས་གནད་ཟབ་ཕུལ་དུ་ཕྱིན་པ་དེ་རྩ་ལྟུང་གཅིག་གི་དབང་དུ་བྱས་པ་ཡིན། བཞི་ཡི་དབང་དུ་བྱས་པ་ནི། ཉོན་མོངས་པ་སེར་སྣ་འདོད་ཆགས་ཁོང་ཁྲོ་གཏི་མུག་བཞི་ཡི་དབང་དུ་སོང་ནས། སེར་སྣའི་དབང་གིས་ཆོས་དང་ནོར་གཞན་ལ་མི་སྦྱིན་པ་དང་། འདོད་ཆགས་ཀྱི་དབང་གིས་བདག་བསྟོད་གཞན་ལ་སྨོད། ཁོང་ཁྲོའི་དབང་གིས་གཞན་ལ་བརྡེག་བཙོག་བྱེད་རྒྱུ་དང་རང་གི་ནག་ཉེས་ངོས་མི་ལེན་པ། གཏི་མུག་དབང་གིས་ཡང་དག་པའི་ཆོས་སྤངས་ཤིང་དམ་པའི་ཆོས་མ་ཡིན་པའམ་དམ་པའི་ཆོས་དང་མི་མཐུན་པ་ཆོས་ཀྱི་ཟོལ་གྱིས་སྟོན་པ་དང་བཞིའོ། །རྩ་ལྟུང་བཅོ་བརྒྱད་ཀྱི་དབང་དུ་བྱས་ན། བྱང་སེམས་རྒྱལ་པོ་ལ་འབྱུང་ཉེ་བ་ལྔ། བློན་པོ་ལ་འབྱུང་ཉེ་བ་ལྔ་སྟེ་བཅུ་ཐམ་པ། ཕལ་ལ་འབྱུང་ཉེ་བ་བརྒྱད་དེ་བཅོ་བརྒྱད་དེ། དཀོན་མཆོག་དཀོར་འཕྲོག་དང་ནི་ཆོས་སྤོང་ལས། །མཚམས་མེད་ལྔ་བྱས་ལོག་ལྟ་ལྔ་རྒྱལ་པོ། །ཞེས་པ་ལ་སོགས་པ་མདོ་སྔགས་སྨོན་ལམ་ལས་གསུང་པ་དེ་རྣམས་བློ་ལ་འཛིན་བདེ་བ་ཡིན། དེ་ལྟ་བུའི་རྩ་ལྟུང་གི་རྣམ་གྲངས་དེ་ཚོའི་དབང་དུ་མི་འགྲོ་བར་བསླབ་པ་ཚུལ་དང་མཐུན་པར་བསྲུང་དགོས་པ་ཡིན། གལ་ཏེ་ལྟུང་བ་འབྱུང་བའི་རྒྱུ་བཞིའི་དབང་དུ་སོང་སྟེ། སྣ་རེ་སྣ་གཉིས་ཉམས་ཤོར་ན་ཡང་དེ་མ་ཐག་ཏུ་བཅོས་དགོས། དེ་བཅོས་ཐབས་ལ་གང་ཟག་རབ་ཡིན་ན། སྟོང་ཉིད་རྟོགས་པའི་ལྟ་བའི་ངང་དུ་བཞག་ནས་སྡིག་ལྟུང་ཡང་བློས་བཏགས་པ་ཙམ་མ་གཏོགས་རང་བཞིན་མེད་པའི་ཚུལ་ཤེས་པ་ནི་འགྱོད་ཚང་དང་བཤགས་པའི་མཆོག་ཡིན་པར་གསུངས་པ་དང་། གང་ཟག་འབྲིང་ཞིག་ཡིན་ན་རིག་སྔགས་ཀྱི་ལྷ་ལ་གསོལ་བ་འདེབས་དགོས། དེ་ཇི་ལྟར་དགོས་པ་ཡིན་ཞེ་ན། ཉིན་མོའི་སྐབས་སུ་གསོ་སྦྱོང་གི་སྡོམ་པ་བླངས་ནས་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ལ་གསོལ་འདེབས་དང་རྒྱུད་བསྐུལ་བྱེད། ཐོ་རེངས་བདག་གི་ལྟུང་བ་སྦྱོང་བའི་ཕྱིར་རྨི་ལམ་དུ་སྤྲུལ་བ་སྟོན་པར་གསོལ་ནས་ཉལ་བས། བྱང་སེམས་འཕགས་པའི་སྤྲུལ་བས་ལྟུང་བ་ལས་བཟློག་པར་བྱེད་པ་ཡིན། རྨི་ལམ་གྱི་རྟགས་མ་བྱུང་ནའང་སྐྱ་རེངས་ཤར་བའི་སྐབས་སུ་སྐྱ་རེངས་ལ་འཕྲིན་གསོལ་ནས། སྔར་བཞིན་དུ་བཤགས་ན་དག་གསུངས་པ་ཡིན། གང་ཟག་ཐ་མས་གཉེན་པོ་སྟོབས་བཞི་འོག་ཏུ་རྡོར་སེམས་སྒོམ་བཟླས་སྐབས་འབྱུང་བ་བཞིན། ཉེས་བྱས་སུན་འབྱིན་པའི་སྟོབས། རྟེན་གྱི་སྟོབས། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། སྡོམ་པའི་སྟོབས་དང་བཞི་ཚང་བའི་སྒོ་ནས་བཤགས་པ་བྱེད་དགོས། ད་དུང་བྱང་ཆུབ་སེམས་དཔའི་དགེ་འདུན་ཚོགས་པའི་དབུས་ནས་དངོས་སུ་ནོངས་པ་བསྒྲགས་ནས། ངས་ནག་ཉེས་འདི་ལྟ་བུ་ཤོར་སོང་། ནོར་བ་འདི་ལྟ་བུ་བྱུང་སོང་། ཞེས་བཤགས་སྡོམ་བྱེད་རྒྱུ་དང་ནི། ཕུང་པོ་གསུམ་པའི་མདོ་འདོན་པ་སོགས་ཀྱིས་བཤགས་པ་བྱེད་དགོས། དེ་ཡང་ཕུང་པོ་གསུམ་པའི་མདོ་ནི་བྱང་སེམས་ལྟུང་བཤགས་ཏེ། དེ་ལ་ཕུང་པོ་གསུམ་ཇི་ལྟར་ཚང་ན། བཤགས་པ་དང་གཅིག །ཡི་རང་དང་གཉིས། བསྔོ་བ་དང་གསུམ་པོ་ལ་གོ། དེའི་རྩ་ལྟུང་གི་རྣམ་གྲངས་དང་དེ་བཤགས་ཐབས་བཅས་བཤད་པ་ཡིན། དེའི་ཡན་ལག་ཏུ་དུས་དང་རྣམ་པ་ཀུན་ཏུ་སེམས་ཅན་ཐམས་ཅད་ལ་འཕྲལ་དང་ཡུན་ལ་གནོད་པའི་ལས་བྱས་དང་མ་བྱས་བརྟགས་ཤིང་དཔྱད་ནས་སྤང་བླངས་བྱེད་དགོས། དེ་ཡན་ཆད་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་སོ།།

༢༽ དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས།

གཉིས་པ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ནི། དེ་གཙོ་བོ་སྨོན་འཇུག་གི་བསླབ་བྱ་གཉིས་པོ་ཡིན་ལ། དེ་ལས་དང་པོ་སྨོན་པའི་བསླབ་བྱ་ལ་ལྔ་སྟེ། སེམས་ཅན་བློས་མི་བཏང་དང་ཕན་ཡོན་དྲན། ཚོགས་བསགས་བྱང་སེམས་སྦྱང་ལ་བཙོན་པ་དང་། །དཀར་ནག་ཆོས་བརྒྱད་བླང་དོར་སྨོན་པའི་ཡིན། །ཞེས་གསུངས་ཏེ། དང་པོ་སེམས་ཅན་བློས་མི་གཏོང་བ་ནི། འགྲོ་བ་ལྔའི་རིགས་སུ་གཏོགས་པ་ཞིག་ཡིན་ནས་བཟུང་སྟེ། གང་ཡང་རུང་བ་གཅིག་ལ་ཕན་ཐོགས་པ་དང་གནོད་པ་སྤོང་ཐུབ་པའི་ཐབས་བྱུང་ཡང་མི་བྱེད་བསམ་པའི་དམ་བཅའི་བློ་ཞིག་བྱུང་ན་དེས་སྨོན་སེམས་རྩ་བ་ནས་གཏོང་འགྲོ། དེ་ཡང་སེམས་ཅན་ཡིན་པས་ཉོན་མོངས་སྤོང་མེད་པའི་ཕྱིར་དང་པོ་ཁྲོ་སེམས་སྐྱེས་ཀྱང་ཕུགས་སུ་བསམ་པ་བཟང་པོས་སྨོན་ལམ་བཏབ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་བདག་གིས་བསྒྲུབ་པར་བྱ་བསམ་རྒྱུ་དང་མི་འབྲལ་བར་བྱ་དགོས་པ་ཡིན་ནོ།།

གཉིས་པ་སེམས་བསྐྱེད་ཀྱི་ཕན་ཡོན་དྲན་པ་ཡིན་ལ། དེ་ཡང་རྒྱས་པར་བྱས་ན་མདོ་སྡེ་ཕལ་བོ་ཆེ་དང་། འབྲིང་བྱང་ཆུབ་སེམས་དཔའི་སྤྱོད་འཇུག་གི་ལེའུ་དང་པོའི་དོན། ཉུང་ངུར་བྱས་ན་བྱམས་སྨོན་གྱི་ནང་གི་ཚིགས་བཅད་དེ་ཚོའི་དོན་དྲན་པར་བྱས་ནས་མདོར་ན་སྲིད་དང་ཞི་བའི་ལེགས་ཚོགས་ཐམས་ཅད་པོ་བྱང་ཆུབ་སེམས་ཀྱི་མཐུ་ལས་བྱུང་བ་ཡིན་པ་དུས་ཀུན་ཏུ་མི་བརྗེད་པར་དྲན་པའི་ངེས་ཤེས་བསྐྱེད་དགོས་པ་ཡིན་ནོ།།

གསུམ་པ་ཚོགས་བསགས་ནི། བྱང་ཆུབ་སེམས་ཀྱི་སྟོབས་སྐྱེད་བྱེད་ཡིན་ཏེ། ཕྱག་དང་མཆོད་པ་ལ་སོགས་པའི་ཡན་ལག་བདུན་པ། ཡི་གེ་འབྲི་མཆོད་སྦྱིན་པ་ལ་སོགས་པའི་ཆོས་སྤྱོད་བཅུ་ཡི་ལེགས་ཚོགས་དགེ་བའི་དངོས་པོ་བསགས་ཚད་པོ་དམིགས་མེད་ཀྱི་ལྟ་བས་རྩིས་ཟིན་པའི་སྒོ་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་བསགས་པ་ལ་བསླབ་དགོས་སོ།།

བཞི་པ་བྱང་སེམས་སྦྱང་ལ་བརྩོན་པ་ནི། འདི་ལ་ནང་གསེས་གསུམ་དུ་བྱས་ནས་བཤད་དུ་ཡོད་དེ། དེ་གང་ཞེ་ན། རྒྱུ་ལ་སྦྱོང་བ་དང་། སེམས་དངོས་ལ་སྦྱོང་བ། བསླབ་བྱ་ལ་སྦྱོང་བ་དང་གསུམ་ཡོད་པ་ཡིན། དེ་ལས་དང་པོ་རྒྱུ་ལ་སྦྱོང་བ་ནི། ཚད་མེད་བཞི་ལ་སྦྱང་རྒྱུ་དེ་ཡིན། དེ་ཡང་དམིགས་ཡུལ་བདེ་འདོད་ཅན་དང་གཅིག སྡུག་བསྔལ་ཅན་དང་གཉིས། བདེ་བ་ལྡན་པ་ཞིག་དང་གསུམ། ཆགས་སྡང་ཅན་ཞིག་དང་བཞི་ལ་རིམ་པ་བཞིན་དུ་དམིགས་ནས། ལྡན་འདོད། བྲལ་འདོད། མི་འབྲལ་འདོད་དང་། ཞི་བར་འདོད་པ་དང་བཞི་པོ་དེ་རྣམས་ལ་སྦྱར་བས་བདེ་བ་དང་ལྡན་འདོད། སྡུག་བསྔལ་དང་བྲལ་འདོད། བདེ་ལྡན་བདེ་བ་དེ་དང་མི་འབྲལ་བར་འདོད་པ། ཆགས་སྡང་ཅན་གྱི་ཆགས་སྡང་ཞི་བར་འདོད་པའི་བྱམས་དང་སྙིང་རྗེ་དགའ་བ་བཏང་སྙོམས་བཞི་པོ་འདི་སེམས་ཅན་ལ་དམིགས་པ། ཆོས་ལ་དམིགས་པ། དམིགས་པ་མེད་པའི་ཚུལ་གྱིས་བསྒོམ་པ་ཡིན་ཏེ། དཔེར་ན་སེམས་ཅན་ལ་དམིགས་པའི་བྱམས་པ། ཆོས་ལ་དམིགས་པའི་བྱམས་པ། དམིགས་པ་མེད་པའི་བྱམས་པ་སྟེ། དེ་ལྟར་ཚད་མེད་བཞི་པོ་ལ་རིགས་འགྲེས་དགོས་པ་དེ་རྒྱུ་ལ་སྦྱང་བ་ཡིན་ནོ།།

གཉིས་པ་སེམས་དངོས་ལ་སྦྱང་བ་ཅི་ལྟ་བུ་ཞེ་ན། དེ་ཡང་ཐེངས་གཅིག་བྱང་སེམས་ཀྱི་སྡོམ་པ་བླངས་པས་དེས་ཆོག་རྒྱུ་རེད་མི་བསམ་པར། ཉིན་རེ་བཞིན་དུ་དུས་དྲུག་ཏུ་མ་ནུས་རུང་མཚམས་དང་མཚམས་སུ་ཆོ་ག་རྒྱས་བསྡུས་ལ་མ་ལྟོས་པར་སྡོམ་པ་བསྐྱར་ཞིང་ལེན་དགོས་པ་ཡིན་ནོ།།

གསུམ་པ་བསླབ་བྱ་ལ་སྦྱང་པ་ནི། བདག་གཞན་མཉམ་བརྗེ་སོགས་ཡིན་ཏེ། དེ་ལ་བདག་གཞན་མཉམ་པ། བདག་གཞན་བརྗེ་བ། བདག་བས་གཞན་གཅེས་བཅས་གསུམ་ཡོད་ལ་དེ་ལས་དང་པོ་བདག་གཞན་མཉམ་པ་ནི། སེམས་ཅན་ཡོད་ཚད་ཐམས་ཅད་བདེ་བ་འདོད་སྡུག་བསྔལ་མི་འདོད་པར་གཅིག་མཚུངས་ཡིན་ན། རང་བཞིན་དུ་གཞན་ལ་ཕན་པར་མི་སེམས་པ་དེ་འགྲིག་མེད་པས་བདག་དང་འགྲོ་བ་གཞན་ལ་ཕན་པ་བྱས་ནས་ཕན་པ་བསྒྲུབ་རྒྱུ་དང་གནོད་པ་སྤང་བར་བརྩོན་དགོས་བསམ་པ་དེ་ཡིན།

གཉིས་པ་བདག་གཞན་བརྗེ་བ་ནི། ངའི་བདེ་བ་དང་བདེ་བའི་རྒྱུ་དགེ་བ་ཅི་ཡོད་ཐམས་ཅད་པོ་རྒྱབ་ཀྱི་གོས་ཕུད་དེ་གཞན་ལ་གཡོག་པ་ཇི་བཞིན་འགྲོ་བ་སེམས་ཅན་ཐམས་ཅད་ལ་སྦྱིན་པ་དང་། ཕ་རོལ་པོ་འགྲོ་བ་སེམས་ཅན་དེ་ཐམས་ཅད་ཀྱི་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་བསགས་པ་དེ་ཐམས་ཅད་བདག་གིས་ཚུར་བླངས་ཏེ་བདག་གཞན་གཉིས་ཀྱི་གཅེས་མི་གཅེས་ཀྱི་གོ་ས་བརྗེ་རྒྱུ་དེ་བདག་གཞན་བརྗེ་བ་ཡིན། གསུམ་པ་བདག་བས་གཞན་གཅེས་ནི་རང་བདེ་འདོད་ཀྱི་བསམ་པ་དང་ཀུན་སློང་དེ་གཏིང་ནས་སྤངས་ཏེ། དངོས་སུ་ལུས་དང་ལོངས་སྤྱོད་ཐམས་ཅད། འགྲོ་བའི་ཉེར་འཚོ་ཕན་པ་དང་བདེ་བ་ཁོ་ན་བསྒྲུབ་དགོས་སྙམ་པས་རྒྱལ་སྲས་ཀྱི་སྤྱོད་པ་རླབས་ཆེན་ལ་འཇུག་རྒྱུ་དེ་ཡིན་ནོ།།

ལྔ་པ་དཀར་ནག་ཆོས་བརྒྱད་བླང་དོར་སྨོན་པའི་ཡིན། །ཞེས་པས་དཀར་ནག་ཆོས་བརྒྱད་ལ་བླང་དོར་བྱེད་རྒྱུ་དེ་ཡིན། འོ་ན་དཀར་ནག་ཆོས་བརྒྱད་གང་ཞེ་ན། ནག་པོའི་ཆོས་བཞི་སྤོང་ཞིང་བཟློག་པ་ནི། །དཀར་པོའི་ཆོས་བཞི་ཡིན་པས་ཀུན་ཏུ་སྤྱད། །ཅེས་གསུངས་ཏེ། དེ་ཡང་མཆོད་འོས་བསླུ་དང་འགྱོད་མེད་འགྱོད་པ་བསྐྱེད། །དམ་པར་སྐུར་འདེབས་འགྲོ་ལ་གཡོ་སྒྱུ་སྤྱོད། །ཅེས་པ་ནག་པོའི་ཆོས་བཞི་དང་། ནག་པོའི་ཆོས་བཞི་སྤང་ཞིང་བཟློག་པ་ནི། །དཀར་པོའི་ཆོས་བཞི་ཡིན་པས་ཀུན་ཏུ་སྤྱད། །ཅེས་གསུངས་པས། སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ་བྱང་ཆུབ་སེམས་མཆོག་མི་བརྗེད་པར་དྲན་པའི་རྒྱུ་མ་ནོར་བ་དཀར་ནག་ཆོས་བརྒྱད་ལ་བླང་དོར་བྱ་དགོས་ཏེ། མཆོད་འོས་བསླུ་བ་དང་། འགྱོད་མེད་ལ་འགྱོད་པ་བསྐྱེད་པ། དམ་པའི་སྐྱེས་བུ་ལ་སྐུར་བ་འདེབས་པ། འགྲོ་བ་སེམས་ཅན་ལ་གཡོ་རྒྱུའི་སྤྱོད་པ་བྱེད་རྒྱུ་ནི་ནག་པོའི་ཆོས་བཞི་པོ་དེ་སྤངས་ནས། ཤེས་བཞིན་དུ་རྫུན་མི་སྨྲ་བ་དང་འགྲོ་བ་ཐམས་ཅད་ཐེག་པ་མཆོག་ལ་ཞུགས་སུ་འཇུག་ཐབས་བྱེད་རྒྱུ། རྒྱལ་སྲས་བྱང་ཆུབ་སེམས་དཔའ་ལ་གུས་པ། ཐམས་ཅད་ལ་རྒྱུད་དྲངས་ཤིང་བདེན་པར་བསླབ་རྒྱུ་དཀར་པོའི་ཆོས་བཞི་དེ་ལ་བརྩོན་རྒྱུ་རྣམས་ཡིན་ནོ། །དེས་སྨོན་པའི་བསླབ་བྱ་སོང་ནས་གཉིས་པ་འཇུག་པའི་བསླབ་བྱ་བཤད་པ་ལ། དེ་ནི་གཙོ་བོ་ཕ་རོལ་དུ་ཕྱིན་པ་དྲུག་བསྒྲུབ་པ་དེ་ཡིན་ཏེ། དེ་ཡང་། སྦྱིན་པ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་རྣམས་ཡིན་ལ་དེ་བསྒྲུབ་ཚུལ་ཡང་། ངོ་བོ་ཁྱད་ཆོས་བཞི་ལྡན། བསྒྲུབ་ཚུལ་ཡོན་ཏན་བཞི་བསྒྲུབ་པ། ཆགས་པ་བདུན་སྤོང་བ། དམ་པ་གསུམ་གྱིས་ཟིན་པའི་སྒོ་ནས་ཉམས་སུ་ལེན་དགོས་པ་ཡིན་པས་དེ་རྣམས་ཞིབ་ཏུ་རིམ་གྱིས་སྦྱངས་ནས་ལག་ལེན་ལ་ཨེ་ཐེབས་བལྟ་དགོས་ཤིང་མ་ཐེབས་ཐབས་མེད་ཀྱི་འཇུག་པའི་བསླབ་བྱ་ཡིན་ནོ།།

༣༽ སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས།

གསུམ་པ་སེམས་ཅན་དོན་བྱེད་ནི། འདི་ལ་དབྱེ་ན་མང་ཡང་བསྡུས་ན། བསྡུ་བའི་དངོས་པོ་བཞི་ལ་འདུས་པ་ཞིག་ཡིན་ཏེ། དེ་ནི་སྦྱིན་དང་སྙན་སྨྲ་དོན་མཐུན་དོན་སྤྱོད་རྣམས་ཡིན་ལ། དེ་ལ་སྦྱིན་པས་འཁོར་བསྡུ་ཞིང་དེ་ཡང་ཆེ་འདོད་གྲགས་འདོད་འཇིག་རྟེན་ཆོས་བརྒྱད་ཀྱི་ཀུན་སློང་དང་སྤུ་ཙམ་ཡང་མ་འདྲེས་པར་བསྡུ་དགོས། སྙན་པར་སྨྲ་བ་ཞེས་པ་ཁ་ཡག་ངོ་དགའ་བཤད་རྒྱུ་བོ་མ་རེད། དམ་པའི་ཆོས་གཞན་གྱི་རྣ་བར་སྙན་ཅིང་འཇེབས་པ་ཅན་བཤད་དགོས་པ་ཡིན། དོན་སྤྱོད་ནི་དམ་པའི་ཆོས་དེ་བཞིན་དུ་བསྒྲུབ་ཏུ་འཇུག་པ་དང་། དོན་མཐུན་ནི་ཁ་བཤད་དང་ལག་ལེན་མི་མཚུངས་པ་དེ་ལྟ་བུ་མ་ཡིན་པར་རང་གིས་ཀྱང་དམ་པའི་ཆོས་ཀྱི་ལེགས་ཚོགས་ལ་བསླབ་རྒྱུ་བོ་དེ་རྣམས་ཡིན་ནོ། །དེ་ལྟར་ཉམས་སུ་བླངས་པས་གནས་སྐབས་ཀྱི་ཕན་པ་ད་ལྟ་འཕྲལ་གྱི་ཕན་པ་དང་གནོད་པ་སྡུག་བསྔལ་ཐམས་ཅད་བྲལ་ནས། མཐར་ཐུག་གི་ཕན་པ་ལམ་ལྔ་ས་བཅུའི་སྤངས་རྟོགས་ཀྱི་ཡོན་ཏན་མངོན་དུ་བྱས་ཏེ། ཡང་མཐར་རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འགྱུར་བ་ཡིན་ནོ། །དེ་ལྟར་བྱང་ཆུབ་སེམས་དཔའི་བསླབ་སྤྱོད་དང་ཉམས་ལེན་གྱི་ཕྱོགས་མགོ་ཙམ་སྨན་ཁུག་གི་ཁ་བྱང་ལྟ་བུ་ཟུར་ཙམ་ཞིག་གླེང་བ་ཡིན་ལ། རྒྱ་ཆེ་ས་གཏིང་ཟབ་ས་ནས་ལྟ་སྒོམ་སྤྱོད་འབྲས་ལ་སོགས་པ་སྨོས་ཀྱིས་མི་ལང་། བཤད་པས་མི་རྫོགས་པ་དེ་ཚོ། དཔེ་རྒྱ་ཁོ་རང་གི་ཡང་རྒྱ་སྐད་ལེགས་པོ་ཞིག་མི་ཕོག་པ་དང་ཁ་བཤད་ཤེས་ཀྱང་ལམ་ཉམས་ལེན་གྱི་སྟེང་ནས་ཐོ་མི་ཐུག་པ་དེ་འདྲ་རེད། འོན་ཀྱང་ཐར་བ་འདོད་པའི་གང་ཟག་ཐེག་པ་ཆེན་པོའི་ལམ་དུ་ཞུགས། ཆོས་ཚུལ་བཞིན་དུ་བསྒྲུབ་མཁན་ཞིག་གིས་ཆོས་གཅིག་ཆོག་དེ་བྱང་ཆུབ་ཀྱི་སེམས་ལ་བསླབས་ཏེ་རང་གཞན་གཉིས་ཀའི་དོན་བསྒྲུབ་དགོས་ལ། བྱང་ཆུབ་ཀྱི་སེམས་དེ་ལ་མ་ཞུགས། དེ་རྒྱུད་ལ་མ་སྐྱེས་ན་རང་གཞན་གཉིས་ཀའི་དོན་མི་འགྲུབ། དེའི་ཕྱིར་བྱང་ཆུབ་ཀྱི་སེམས་རྒྱུད་ལ་བསྐྱེད་པ་ཙམ་གྱིས་མི་ཆོག་པར་རྒྱུད་ལ་སྐྱེས་པ་ཞིག་བྱེད་དགོས་ཤིང་། སྐྱེས་ནས་སྨོན་དང་འཇུག་པའི་བསླབ་བྱ་ལ་ཚུལ་བཞིན་དུ་སློབ་དགོས་པ་ཡིན། འོན་ཀྱང་གཞུང་ལུགས་ཀྱི་སྟེང་ནས་བཤད་ན་བསྲུང་མ་དགོས་ཚིག་གི་སྟེང་ནས་ཀྱང་རྣམ་དབྱེ་ལེགས་པོ་ཞིག་ཤེས་དཀའ་འདུག་བསམ་རྒྱུ་ལྟ་བུ་ཡིན་ཅིང་། ཁྱད་པར་དུ་གཞུང་ལུགས་ཀྱི་སྐོར་ལ་ཐོས་བསམ་བྱེད་མ་མྱོང་མཁན་ཞིག་ལ་ཁག་མེད་དེ། དབྱེ་བསྡུ་རྣམ་དབྱེ་མང་པོ་གསུངས་ཡོད། དེ་ཡང་སྤྲོས་པ་ཅན་ལ་རྒྱས་པའི་སྒོ་ནས་གསུངས་པ་དང་བསྡུས་པར་དགའ་བ་ལ་དོན་བསྡུས་གནད་ཀྱི་གདམས་པར་དྲིལ་ནས་གསུངས་པ་ཡིན། རྩ་ལྟུང་དེ་རྣམས་གཅིག་ཏུ་བསྡུས་ན་ཡང་གཅིག་ཏུ་འདུ་སྟེ། མཐའ་ཡས་པའི་འགྲོ་བ་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པའི་ཆེད་དུ། བདག་གིས་དགེ་ཚོགས་བསྒྲུབ་ཅིང་མི་དགེ་བ་སྤོང་བར་བགྱིའོ་སྙམ་པའི་དམ་པ་གསུམ་དང་མི་འབྲལ་བར་དགེ་ཚོགས་བསྒྲུབ་པའི་ནང་དུ་འདུས་པར་གསུངས། ཡང་རྣམ་དབྱེ་དང་རྣམ་གྲངས་མང་པོ་ཤེས་པ་ཡང་གལ་ལོས་ཆེ་སྟེ། བྱང་ཆུབ་སེམས་དཔའི་བསླབ་སྤྱོད་ལ་བསླབ་དགོས་ན། ཐོག་མར་གང་བསླབ་རྒྱུ་དང་སྤང་བླང་གི་གནས་ཤེས་དགོས་པས་དེ་དག་གལ་ཆེ་བ་ཡིན། འོན་ཀྱང་ལས་དང་པོ་བ་ཞིག་ལ་མཚོན་ན་དང་པོ་འཇུག་པའི་སྒོ་ལྟ་བུ་རྙེད་རྒྱུ་དེ་གལ་ཆེན་ནང་གི་དོན་ཆེན་ཡིན།

གཉིས་པ་སྨོན་འཇུག་གི་བསླབ་བྱ་བཤད་པ།

༡༽ སྨོན་པའི་བསླབ་བྱ།

༡ བཏང་སྙོམས་ཚད་མེད།

དེ་ལྟར་ན་གོང་ནས་བཤད་པའི་སེམས་བསྐྱེད་ཀྱི་དབྱེ་བ་ལ་ངོ་བོའི་སྒོ་ནས་ཀུན་རྫོབ་དང་དོན་དམ་གཉིས་ཡོད། དོན་དམ་སེམས་བསྐྱེད་མཚན་ཉིད་པ་དེ་སྒོམ་སྟོབས་ཀྱིས་སྐྱེས་པ་ཡིན་པས། ཐབས་ལ་མ་བརྟེན་པའི་ཐབས་བྱུང་དེ་འདྲ་རང་ཅག་ལས་དང་པོ་པའི་རྒྱུད་ལ་སྐྱེ་དཀའ་སྟེ། དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །ཚོགས་བསགས་སྒྲིབ་པ་སྤང་པའི་ལག་རྗེས་དང་། །རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། །ཐབས་གཞན་བསྟེན་པ་རྨོངས་པར་ཤེས་པར་བྱ། །ཞེས་གསུངས་པ་ལྟར་ཡིན། དེ་བས་ན་ལས་དང་པོ་བས་ཀུན་རྫོབ་སེམས་བསྐྱེད་སྨོན་དང་འཇུག་པའི་བདག་ཉིད་ཅན་དེའི་སྡོམ་པ་བླངས་ནས་སྨོན་འཇུག་གི་བསླབ་བྱ་ལ་ཚུལ་བཞིན་དུ་བསླབ་ཨེ་ནུས་བལྟ་དགོས། དེའི་ནང་ནས་ཀྱང་དང་པོ་སྨོན་པའི་བསླབ་བྱ་གལ་ཆེ་སྟེ། ཚོགས་བསགས་བྱང་སེམས་སྦྱང་ལ་བརྩོན་པར་གསུངས་པས་དེ་གཉིས་ལ་ཐུག་ཡོད། དེ་ལས་ཚོགས་བསགས་པ་མཎྜལ་དང་ཡན་ལག་བདུན་པ་ལ་སོགས་པ་ད་དུང་འོག་ནས་ཀྱང་འབྱུང་། བྱང་སེམས་སྦྱང་པ་ལ་རྒྱུ་ལ་སྦྱང་པ་ཚད་མེད་བཞི་ལ་ལྟོས་ན་ང་ཚོར་མཚོན་ན་བྱང་སེམས་རྒྱུད་ལ་སྐྱེས་སོང་བ་མིན་པས་དེ་རྒྱུད་ལ་ཨེ་སྐྱེ་དང་སྐྱེས་ནས་མ་ཉམས་པ་ཞིག་བྱུང་ན་ཐར་ལམ་ཞིག་ཟིན་ངེས་མ་གཏོགས། དེ་མིན་ཐར་བའི་ལམ་གྱི་ཕྱོགས་སུ་ཡང་མི་ཉེ་བ་ལ་བསམ་སྟེ་སྦྱང་གི་ཡོད་པ་ཡིན་པས་དང་པོ་ཚད་མེད་བཞིའི་བློ་སྦྱོང་བ་ལ་བརྩོན་དགོས་མ་གཏོགས། ཚད་མེད་བཞིའི་གོ་དོན་ཙམ་ཞིག་བཤད་པ་དང་དེ་ལ་ཉན་ནས་སོང་བས་མི་ཕན་པས། ཚད་མེད་རྣམ་བཞི་རང་རྒྱུད་ལ་འབྱུང་ངེས་ཅན་ཞིག་བྱེད་དགོས། སྤྱིར་ཡང་ཐོས་དོན་བསམ། བསམ་དོན་བསྒོམ། དེ་ཙམ་དུ་མ་ཟད་བསམ་བསྒོམ་གཉིས་ཀ་བྱས་ནས་ཐོས་པས་རང་རྒྱུད་གྲོལ་དུ་འཇུག་རྒྱུ་དེ་སྤྱིར་བཏང་ཡིན་ལ། ཡང་སྒོས་སུ་སྒྲུབ་པ་ཉམས་ལེན་སྙིང་པོར་བྱེད་པ་ཞིག་གིས་ཆོས་ཚིག་གཅིག་མ་གཏོགས་མ་གོ་རུང་ཉམས་ལ་ཕན་པ་སེམས་རྒྱུད་ལ་ཕན་ཐོགས་པ་ཞིག་ཨེ་འབྱུང་བསམ་པ་གཙོ་བོ་ཡིན་དུས། ང་ཚོས་བཤད་པ་རྐྱང་པས་མི་འགྲིག་པས་བློ་དངོས་སུ་སྦྱང་ནས་བསྒོམ་དགོས། བསྒོམ་ན་རྒྱུ་ཚད་མེད་བཞི་ནས་བསྒོམ་དགོས་པ་རེད། དེ་ཡང་ཚད་མེད་བཞི་འདི་བགྲང་བའི་སྐབས་བྱམས་དང་སྙིང་རྗེ་དགའ་བ་བཏང་སྙོམས་ཞེས་གོ་རིམ་དུ་བགྲང་མོད། བསྒོམ་པའི་སྐབས་སུ་བཏང་སྙོམས་ནས་མགོ་བཟུང་སྟེ་བསྒོམ་པར་མ་བྱས་ན་སྙིང་རྗེ་ལ་སོགས་པ་ཕྱོགས་རིས་ཅན་དུ་འགྱུར་ཉེན་ཡོད་པར་གསུངས། དེ་ལ་འདི་ཉིད་ཐུན་བཅད་དེ་བསྒོམ་དུས། དང་པོ་དམིགས་པའི་ཡུལ་སེམས་ཅན། རྣམ་པ་བློ་བཏང་སྙོམས་ཚད་མེད་ཀྱི་འདུ་ཤེས་དང་ལྡན་པས་བསྒོམ། རྗེས་ཐུན་གྱི་མཇུག་ཏུ་དམིགས་མེད་ཀྱི་ལྟ་བའི་ངང་དུ་འཇོག་དགོས། དེ་ཡང་དང་པོ་ཐུན་གྱི་སྔོན་འགྲོ་རྣམས་ཚུལ་བཞིན་དུ་བྱས་ནས་ཁ་ནང་དུ་ཚུར་ཕྱོགས་ནས་བསམ་བློ་བཏང་ན། ད་ལྟའི་གནས་སྐབས་སུ་ཕ་མ་གཉེན་འདུན་ལ་སོགས་པ་གཉེན་གྱི་ཕྱོགས་ལ་ཤིན་ཏུ་ཆགས། དགྲ་དང་དེའི་ཕྱོགས་ལ་སྡང་སེམས་སྐྱེད་ཁུལ་བྱེད། འོན་ཀྱང་འདི་མ་བརྟགས་འཁྲུལ་བའི་གཞན་དབང་དུ་སོང་བས་ང་འཁྲུལ་གྱིན་འདུག འདི་ལྟར་རང་ཕྱོགས་གཞན་ཕྱོགས་ལ་ཆགས་སྡང་བསོག་པ་དེ་ཚོ་མ་བརྟགས་མ་དཔྱད་པའི་སྐྱོན་རེད་འདུག འདི་ལ་བསམ་བློ་ཞིབ་ཏུ་བཏང་ན་སྐྱེ་བ་སྔོན་མར་དགྲས་ཀྱང་གཉེན་བྱས་གཉེན་གྱིས་ཀྱང་དགྲ་བྱས་པ་བགྲང་གིས་མི་ལང་བ་ཡིན། ད་ལྟའི་དགྲ་འདི་རྣམས་ལ་ཡང་ཕར་བསྟུན་ན་གཉེན་བཞིན་དུ་ཚུར་ལ་ཕན་ཐོགས་པ་ཡང་སྲིད་ཅིང་། གཉེན་ཡིན་པ་རྣམས་ཀྱང་ངེས་པ་མེད་དེ། བུ་ཚ་བོས་ཕ་མ་བསླུས་པ་ལྟ་བུ། གཉེན་དགྲ་དང་བསྡོང་ནས་དགྲ་རུ་གྱུར་ན་དགྲ་ངོ་མ་བས་ཀྱང་དེ་སྡུག་པ་ཡོད་པས་ངོ་མས་བསམ་བློ་བཏང་ན་དགྲ་ལས་གཉེན་གནོད་པ་ཆེ་སྟེ། ཁྱིམ་གྱི་མི་གཅེས་དམར་ཅན་ལྟ་ཅི་ཐ་ན་ཉེ་རིང་རྩ་ལག་ཅིག་ལ་མི་འདོད་པ་བྱུང་ན་དེའི་རྐྱེན་གྱིས་རང་གི་སེམས་ལ་སྡུག་བསྔལ་བྱུང་བས་གནས་སྐབས་ཀྱི་བདེ་བ་འཇོམས་པ་དང་དགེ་བ་བསྒྲུབ་རྒྱུའི་གེགས་དང་བར་ཆད་བྱས་ནས་ངན་སོང་གི་གནས་སུ་འཕེན་པ་ཡོད་ན་དེ་ལས་ཆེ་བའི་གནོད་ཅི་སྐྱེལ་འོང་། དེ་མིན་ཡང་དགྲ་གཉེན་དུ་གྱུར་བ་དང་། གཉེན་དགྲ་རུ་གྱུར་བའི་ངེས་མེད་འདི་ལྟར་མཐོང་ཆོས་སུ་ཡོད་པ་དེ་ལྟར་ཡིན་ན། དེ་བས་སེམས་ཅན་ཐམས་ཅད་ལ་ཕ་མ་དང་བུ་ཚའི་འདུ་ཤེས་བཞག་ནས། གཉེན་ལ་དགའ་གདུང་དང་དགྲ་ལ་ཞེ་སྡང་བའི་བློ་ངན་སྤང་ཞིང་བསྐྱུར་ནས་ཐམས་ཅད་ཕན་འདོགས་པའི་ཡུལ་མཉམ་པ་ཞིག་ཏུ་བལྟ་དགོས་བསམ་དགོས་ཏེ། འདི་ལ་དཔེ་དྲང་སྲོང་གི་མགྲོན་འགྱེད་པ་ལྟ་བུ་བཞག་ཡོད་པས། དེ་ཡང་དྲང་སྲོང་གིས་མགྲོན་འགྱེད་དུས་ཕྱོགས་ལྷུང་མེད་པར་ཚང་མ་ལ་འདྲ་འདྲ་ཆ་མཉམ་བྱས་ནས་འགྱེད་པ་དེ་ལྟར། བཏང་སྙོམས་ཚད་མེད་བསྒོམ་དུས་དང་པོ་སེམས་ཅན་གཅིག་དང་གཉིས་ནས་རིམ་གྱིས་ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ད་ལྟའི་ཕ་མ་དང་ཁྱད་མེད་ཀྱི་བློ་མ་སྐྱེས་ཀྱི་བར་དུ་བསྒོམ་པ། དེ་ལྟ་བུས་བརྟགས་ཤིང་དཔྱད་པའི་དཔྱད་བསྒོམ་དམིགས་རྟེན་ཅན་བསྒོམ་པས་སེམས་ཐང་ཆད་དེ་གང་མཚམས་ཤིག་ལ་རྣམ་རྟོག་འཕྲོ་མི་བསམ་པ་དེ་ལྟ་བུར་གྱུར་དུས། འདས་པའི་རྗེས་སུ་མི་འབྲང་། མ་འོངས་པའི་མདུན་མི་བསུ། ད་ལྟའི་རྟོག་པ་འཕྲོ་མི་མཐུད་པས། བཅས་བཅོས་མི་བྱེད་པར་ཅི་ཙམ་གནས་ཀྱི་བར་འཇོག་པ་དེ་བཏང་སྙོམས་ཀྱི་ཏིང་ངེ་འཛིན་ཡིན། ཡང་སེམས་འཕྲོ་བར་འདོད་པའི་ཚེ་སྔར་བཞིན་དུ་དཔྱད་པ་བྱེད་པ་དེ་ལྟར་དཔྱད་སྒོམ་འཇོག་སྒོམ་རེས་མོས་སུ་བྱས་ཏེ་བསྒོམ་པས། དམིགས་པ་མེད་པའི་བཏང་སྙོམས་ཀྱི་རྩལ་སྦྱངས། སྟོང་རྟེན་འབྱུང་སྐྱེ་འགག་དབྱེ་བསལ་མེད་པར་མཉམ་པ་ལ་ངེས་ཤེས་དྲངས་ནས་ཡང་བཅས་བཅོས་མེད་པར་འཇོག་རྒྱུ་དེ་ལྷག་མཐོང་སྐྱེ་བའི་ཐབས་མཆོག་ཏུ་གྱུར་པ་རེད། ཐུན་མཚམས་སུ་ཡང་སེམས་ཅན་ཆགས་སྡང་ཅན་དེ་ཚོ་ཆགས་སྡང་དང་བྲལ་བར་གྱུར་ཅིག་སྙམ་པའི་སྨོན་པ་དང་འབྲེལ་བ། བྲལ་ན་ཅི་མ་རུང་བསམ་པའི་འདུན་པ་དང་འབྲེལ་བ། བྲལ་བ་ཞིག་བདག་གིས་བྱའོ་སྙམ་པའི་དམ་བཅའ་དང་འབྲེལ་བ་སྟེ་འབྲེལ་བ་སུམ་ལྡན་ནམ། དེའི་སྟེང་དུ། དེ་ལྟར་འོང་བར་བླ་མ་དཀོན་མཆོག་མཁྱེན་སྙམ་པའི་གསོལ་འདེབས་དང་འབྲེལ་བ་སྟེ་འབྲེལ་བ་བཞི་ལྡན་བྱེད་དགོས་སོ།།

༢ བྱམས་པ་ཚད་མེད།

དེ་ནས་གཉིས་པ་བྱམས་པ་བསྒོམ་པ་ནི། སེམས་ཅན་ཐམས་ཅད་ལ་དམིགས་ནས་རང་གི་བུ་རྒྱུད་ལ་ཕ་མས་སྙིང་བརྩེ་ཞིང་། དེས་ཅི་བྱེད་ཀྱང་བརྩེ་སེམས་མི་འདོར་བར་ལོག་སྒྲུབ་བཟོད་པ་ལྟར་དུ། སེམས་ཅན་འདི་དག་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་སོང་ན་ཅི་མ་རུང་། ཅི་ལྟར་བྱས་ན་ངས་འདི་རྣམས་ལ་ཕན་ཐོགས་པ་ཞིག་འོང་། དེ་བྱེད་དགོས་བསམ་པ་འདི་ཁོ་ན་ལས་བསམ་རྒྱུ་གཞན་མེད་པར། ལུས་ངག་གི་སྤྱོད་ལམ་ཡང་སེམས་ཅན་མིག་གིས་མཐོང་ན་འཛུམ་པའི་མིག་གིས་བལྟ་རྒྱུ། སྙན་པོའི་ངག་གིས་འབོད་རྒྱུ། བྱམས་པའི་སེམས་ཀྱིས་དེ་ལ་ཅི་དགའ་གང་འཐད་དང་ཕན་ཐོགས་ཡོད་པའི་ལས་ཐམས་ཅད་བསྒྲུབ་ཐབས་བྱེད་བསམ་དགོས། འདི་བསྒོམ་སྐབས་དང་པོ་རང་གི་རྩ་བའི་མ་ལྟ་བུ་ཞིག་ནས་རིམ་གྱིས་བསྒོམ་པའི་མཇུག་ཏུ་སེམས་ཅན་ཐམས་ཅད་ལ་བསྒོམ་པ་དེ་དམིགས་པའི་ཡུལ་དང་། རྣམ་པ་བློ་དེ་གང་ཡིན་ཞེ་ན། འདི་དག་སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་བདེ་བའི་རྒྱུ་དད་དང་ངེས་འབྱུང་བྱང་ཆུབ་ཀྱི་སེམས་རྣམ་པ་གསུམ་པོ་དང་ལྡན་པར་གྱུར་ཅིག ལྡན་ན་ཅི་མ་རུང་། ལྡན་པ་ཞིག་ངས་བྱ། ལྡན་པའི་ཆེད་དུ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་གསོལ་བ་འདེབས། བདེ་བའི་འབྲས་བུ་མངོན་མཐོ་ལྷ་མིའི་གོ་འཕང་ནས་ངེས་ལེགས་རྫོགས་པའི་སངས་རྒྱས་ཀྱི་བར་གྱི་བདེ་བའི་འབྲས་བུ་དང་ལྡན་པར་གྱུར་ཅིག ལྡན་ན་ཡང་ཅི་མ་རུང་། ལྡན་པ་ཞིག་ངས་བྱ། དེ་ལྟར་ལྡན་པར་དཀོན་མཆོག་ལ་གསོལ་བ་འདེབས་པ་དེ་རྣམས་དཔྱད་འཇོག་རེས་མོས་ཀྱིས་བསྒོམ་ནས་ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ད་ལྟའི་ཕ་མ་དང་ཁྱད་མེད་ཀྱིས་བདེ་ཐབས་སྐྱིད་ཐབས་ལ་བཙོན་པ། དཔེར་ན་བྱ་མས་བྱེའུ་ཕྲུག་གསོས་པ་ལྟ་བུའི་བསམ་པ་དང་སྤྱོད་པ་མ་བྱུང་གི་བར་དུ་བསྒོམ་དགོས་ཤིང་རྗེས་དམིགས་མེད་དང་འབྲེལ་བས་ཐུན་མཚམས་ཐམས་ཅད་དུ་བྱམས་པའི་ལུས་ངག་ཡིད་གསུམ་གྱི་ལས། ལུས་ཀྱིས་སེམས་ཅན་ལ་གནོད་པའི་ལས་བྱེད་པ་སྤང་། ངག་གིས་ཚིག་རྩུབ་ཕྲ་མ་སོགས་མི་བྱེད། སེམས་ཀྱིས་སེམས་ཅན་བདེ་ཐབས་དང་སྐྱིད་ཐབས་ཁོ་ན་ལ་བསམ་པ་མ་ཟད་སྦྱོར་བ་ལུས་ངག་གིས་ཀྱང་དེ་ལྟར་དུ་བསྒྲུབ་དགོས་པ་ཡིན་ནོ།།

༣ སྙིང་རྗེ་ཚད་མེད།

གསུམ་པ་སྙིང་རྗེ་བསྒོམ་པ་ནི། སྙིང་རྗེའི་ཡུལ་དེ་སྤྱིར་ན་ཁམས་གསུམ་འཁོར་བ་ན་གནས་པའི་སེམས་ཅན་ཐམས་ཅད་ཡིན་ཅིང་། སྒོས་སུ་སྦྱང་བའི་སྐབས་འདིར་སྡུག་བསྔལ་གྱི་ཚོར་བ་དྲག་པོ་ཅན་ཞིག་ལ་དམིགས་པ་གཏད་དེ་སྦྱང་དགོས། དེ་ཡང་རང་གི་རྩ་བའི་མ་ནས་བསྒོམ་ཡང་ཆོག ཡང་ན་གཤེད་མས་གསོད་སར་ཁྲིད་པའི་བཙོན་ཁང་ནང་གི་བཙོན་པ་ལྟ་བུ་ཞིག་ལ་བསྒོམ་ཡང་ཆོག བྱ་ཟོག་སོགས་གསོད་དུ་ཉེ་བ་ཞིག་ལ་བསྒོམ་ཡང་ཆོག ཡང་མིན་ན་ནད་པ་ཤི་ཁ་མ་དབུགས་ཕར་འཕེན་ཚུར་འཕེན་བྱེད་པ་ཞིག་ལ་བསྒོམ་ཡང་ཆོག་པས། དེ་ལྟ་བུའི་སེམས་ཅན་སྡུག་བསྔལ་བ་ཞིག་ལ་ད་ལྟ་སྡུག་བསྔལ་འདི་ལས་ཐར་ན་ཅི་མ་རུང་སྙམ་པའི་སྙིང་རྗེ་དྲག་པོ་ཤས་མི་བཟོད་པ་མིག་ནས་མཆི་མ་ཡོང་བའི་བར་དུ་བསྒོམ། དེ་ནས་རིམ་གྱིས་ངན་སོང་ན་ཡོད་པའི་སེམས་ཅན་ཐམས་ཅད་ད་ལྟ་སྡུག་བསྔལ་མྱོང་བཞིན་པ་ནས་སེམས་ཅན་ཐམས་ཅད་ལ་དམིགས་ནས། འཁོར་བའི་སེམས་ཅན་གྱིས་སྡུག་བསྔལ་མྱོང་བཞིན་པ་འདིའི་རྒྱུ་མི་དགེ་བ་ཡིན་ན། ད་ལྟ་ཡང་སྡུག་བསྔལ་མྱོང་བའི་རྒྱུ་མི་དགེ་བ་ལ་བག་མེད་དུ་སྤྱོད་བཞིན་པ་མང་པོ་ཇི་ལྟར་མེད་པས་དེ་ཐམས་ཅད་ལ་སྙིང་རྗེ་བསྒོམ། ནམ་མཁས་གར་ཁྱབ་སེམས་ཅན་གྱིས་ཁྱབ། སེམས་ཅན་གྱིས་གར་ཁྱབ་ལས་ངན་དང་སྡུག་བསྔལ་གྱིས་ཁྱབ་ཡོད་པ་ཡིན་པས། ལས་ངན་དང་སྡུག་བསྔལ་ཁོ་ན་ལ་སྤྱོད་བཞིན་པའི་སེམས་ཅན་འདི་རྣམས་ཐམས་ཅད་སྙིང་རེ་རྗེ། འདི་ཐམས་ཅད་རིགས་དྲུག་སོ་སོའི་ལས་སྣང་སྡུག་བསྔལ་བག་ཆགས་ཐམས་ཅད་དང་བྲལ་ནས། གཏན་བདེ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་ན་ཅི་མ་རུང་བསམ་པའི་མ་ལག་རྡུམ་མའི་བུ་ཆུས་ཁྱེར་བ་ལྟ་བུ་ཞིག་གིས་སྙིང་ཐག་པ་ནས་སྒོམ་སྟེ་མཐར་མི་དམིགས་པའི་ངང་ལ་མཉམ་པར་བཞག་དགོས། ཐེག་ཆེན་མདོ་སྔགས་གཉིས་ཀའི་ཆོས་ཀྱི་རྩ་བ་ལྟ་བུ་སྙིང་རྗེ་ཡིན་པས་སྙིང་རྗེ་མེད་ཅིང་སེམས་ཅན་ལ་གནོད་འཚེའི་བསམ་སྦྱོར་ཅན་ཞིག་ཡིན་ན། སངས་རྒྱས་ཀྱི་བླ་བཙོང་། ཆོས་ཀྱི་རྐང་འདྲེན། དགེ་འདུན་གྱི་ཞབས་འདྲེན་དང་རང་གཞན་དམྱལ་བའི་གནས་སུ་འཕེན་པ་པོ་ཡིན་པས། ཆོས་པ་རྣམ་དག་ཅིག་དགོས་ཤིང་རང་གཞན་ལ་ཕན་པའི་བྱ་བ་ཞིག་བསྒྲུབ་བསམ་མཁན་ཞིག་ཡིན་དུས། དུས་རྟག་ཏུ་དམན་པའི་ས་བཟུང་། ཧྲུལ་པོའི་གོས་གྱོན། སེམས་ཅན་ཐམས་ཅད་ལ་ཕན་ཅི་ཐོགས་དང་ལན་ཅི་རིང་བྱས་ཏེ། བྱམས་སྙིང་རྗེ་འདི་གཉིས་པོ་རྒྱུད་ལ་སྐྱེས་ངེས་ཅན་ཞིག་བྱས་ན། ཁ་ཏོན་དགེ་སྦྱོར་སེམས་ཅན་གྱི་འགྲོ་དོན་ལ་སོགས་པ་གཡེར་ཆེན་མིང་གྲགས་ཅན་མ་འགྲུབ་ན་ཡང་རེད་ཡོད་པ་ཡིན་གསུངས། ཐུན་མཚམས་རྣམས་སུ་ཡང་སྙིང་རྗེའི་སེམས་དང་སྐད་ཅིག་ཀྱང་མི་འབྲལ་བར་སེམས་ཅན་གྱི་སྡུག་བསྔལ་བསལ་འདོད་ཀྱི་བསམ་པ་དང་། དངོས་སུ་སེམས་ཅན་ལ་ཕན་བདེ་བསྒྲུབ་པའི་སྦྱོར་བ་ལག་ལེན་བྱེད་དགོས་ཏེ། ཆོས་ཡང་དག་པར་སྡུད་པའི་མདོ་ལས། སངས་རྒྱས་ཐོབ་པར་འདོད་པས་ཆོས་མང་པོ་ལ་བསླབ་པར་མི་བགྱི་ཡི། ཆོས་གཅིག་ལ་བསླབ་པར་བགྱིའོ། །དེ་གང་ཞེ་ན་སྙིང་རྗེ་ཆེན་པོའོ། །གང་ལ་སྙིང་རྗེ་ཆེན་པོ་ཡོད་པ་དེ་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལག་མཐིལ་དུ་ཡོད་པ་ལྟར་འགྱུར་རོ། །ཞེས་གསུངས་པ་དང་། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་སློབ་མ་ཞིག་ལ། བླ་མ་པུ་ཏོ་བས་ཅི་མཛད་ཀྱིན་འདུག་ཅེས་དྲིས་པས། ཁོང་གིས་དགེ་འདུན་པ་བརྒྱ་ཕྲག་མང་པོ་ལ་ཆོས་གསུང་བཞིན་འདུག་ཅེས་ཞུས་པས། ངོ་མཚར་ཆེ། དེ་ཡང་གཅིག་ཡིན་གསུངས། དགེ་བཤེས་ཕུ་ཆུང་བས་ཅི་མཛད་འདུག་ཅེས་གསུངས་པར། ཁོང་གིས་རྟེན་བཞེངས་ཁོ་ན་མཛད་ཀྱིན་འདུག་ཅེས་ཞུས་པས། ངོ་མཚར་ཆེ། དེ་ཡང་གཅིག་ཡིན་གསུངས། འོ་ན་དགོན་པ་བས་ཅི་མཛད་ཀྱིན་འདུག་ཅེས་དྲིས་པར། ཁོང་གིས་བསྒོམ་འབའ་ཞིག་མཛད་ནས་བཞུགས་འདུག་ཅེས་ཞུས་པར་སྔར་བཞིན་གསུངས། དེ་ནས་དགེ་བཤེས་ཁམས་པ་ལུང་པས་ཅི་མཛད་ཀྱིན་འདུག་ཅེས་དྲིས་པར། ཁོང་གྲོག་ཁ་རེ་ལ་བཞུགས་ནས་དབུ་བཏུམ་ཞིང་བཤུམ་པ་འབའ་ཞིག་གནང་གིན་འདུག་ཅེས་ཞུས་པར། འབྲོམ་སྟོན་པས་དབུ་ཞྭ་ཕུད། ཐུགས་ཀར་ཐལ་མོ་སྦྱར། སྤྱན་ཆབ་མང་པོ་བསིལ་ནས། ཤིན་ཏུ་ངོ་མཚར་ཆེ། ཆོས་ཟེར་བ་ཁོང་གིས་མཛད་ཀྱིན་ཡོད། ཁོང་གིས་དབུ་བཏུམ་ནས་བཤུམ་པ་འདི་འཁོར་བའི་གནས་སུ་སྡུག་བསྔལ་གྱིས་མནར་བའི་སེམས་ཅན་ཐམས་ཅད་ལ་དགོངས་ནས་སྙིང་རྗེའི་ཤུགས་ཀྱིས་བཤུམ་པ་ཡིན། བྱམས་དང་སྙིང་རྗེ་འདི་གཉིས་ཀ་ལས་གལ་ཆེ་བ་ཞིག་མེད། ཅེས་མང་དུ་གསུངས་སྐབས། དེར་གླང་ཐང་པས་ཕྱག་འཚལ་ནས། ངས་དུས་འདི་ནས་བཟུང་སྟེ་བྱམས་སྙིང་རྗེ་ཁོ་ན་བསྒོམ་རྒྱུ་ཡིན་ཞུས་ཚེ་འབྲོམ་སྟོན་གྱིས་སླར་ཡང་དབུ་ཞྭ་ཕུད་ནས། ཤིན་ཏུ་བཟང་ཤིན་ཏུ་བཟང་ཞེས་ལན་གསུམ་གསུངས་པ་ལྟ་བུ་ཡིན། ཡང་སློབ་དཔོན་ཐོགས་མེད་ཀྱིས་བྱམས་མགོན་མི་ལོ་དྲུག་གཉིས་བཅུ་གཉིས་སུ་དཀའ་བ་སྤྱད་ནས་བསྒྲུབ་ཀྱང་ཞལ་མ་མཇལ་བས་ཐུགས་ཆད་ཡི་མུག་ནས་ཕྱིར་ཕེབས་པའི་ལམ་ཁ་ནས་ཁྱི་མོ་ཞ་བོ་ཁོག་སྨད་འབུས་གང་བ་ཞིག་དང་ཐུག་པས་དེ་ལ་སྙིང་རྗེ་དྲག་པོ་ཤས་མི་བཟོད་པ་ཞིག་སྐྱེས་ནས། སྐུ་ལུས་ཀྱི་ཤ་བཅད་ནས་དེ་ལ་བྱིན་ཅིང་འབུ་ཕྱག་གིས་བསལ་བ་གསོད་པར་དགོངས་ཏེ། སྤྱན་བཙུམ་ནས་ལྕེ་ཡིས་ལེན་སྐབས་ལྗགས་ཁྱི་མོ་ལ་མ་ཐུག་པར་ས་ལ་ཐུག་སོང་། དེར་སྤྱན་ཕྱེ་ནས་གཟིགས་དུས་ཁྱི་མོ་མེད་པར་རྗེ་བཙུན་བྱམས་མགོན་སྐུ་འོད་གོ་རེ་བཞུགས་པ་དངོས་སུ་མཇལ། དེར་ངས་ཁྱེད་ལོ་མང་པོ་དེ་ལྟ་བུ་ཞིག་ལ་བསྒྲུབ་ཀྱང་མ་མཇལ་བ་ཐུགས་རྗེ་རེ་ཆུང་ཞུས་པར། བྱམས་མགོན་གྱིས། ངས་ཁྱོད་ལ་ཞལ་མ་བསྟན་པ་མིན། ཁྱོད་དང་འབྲལ་བ་ཡོད་མ་མྱོང་མོད་ཁྱོད་སྡིག་སྒྲིབ་ཆེ་བས་མ་མཇལ་བ་ཡིན། ལོ་བཅུ་གཉིས་ལ་སྒྲུབ་པ་དེས་སྡིག་སྒྲིབ་ཅུང་ཟད་སྲབ་ནས་ཁྱི་མོར་མཐོང་བ་ཡིན། དེའི་ཐོག་ལ་དེ་རིང་སྙིང་རྗེ་ཆེན་པོ་སྐྱེས་པས་སྒྲིབ་པ་ལྷག་མེད་དུ་དག་ནས་དངོས་སུ་མཇལ་བ་ཡིན། ཡིད་མ་ཆེས་ན་ང་ཕྲག་པར་འཁུར་ལ་མི་ཐམས་ཅད་ལ་སྟོན་ཅིག་གསུངས་པས། སློབ་དཔོན་ཐོགས་མེད་ཀྱིས་བྱམས་མགོན་ཕྲག་པར་ཁུར་ནས་མི་སུ་འཕྲད་ལ་ངའི་ཕྲག་པར་ཅི་འདུག་ཅེས་དྲིས་པར། ཀུན་གྱིས་ཅི་ཡང་མི་འདུག་ཅེས་བཤད། ལས་ངན་གྱི་བག་ཆགས་ཅུང་ཟད་སྲབ་པའི་རྒན་མོ་ཞིག་གིས་ཁྱོད་ཀྱི་ཕྲག་པར་ཁྱི་རོ་རུལ་པ་ཞིག་འདུག་ཅེས་བཤད། དེ་ནས་བྱམས་མགོན་གྱིས་ཐོགས་མེད་དགའ་ལྡན་ལྷ་ཡུལ་དུ་ཁྲིད་ནས་བྱམས་ཆོས་སྡེ་ལྔ་ལ་སོགས་པ་བསྟན་པས་མི་ཡུལ་དུ་བྱོན་ནས་ཐེག་པ་ཆེན་པོའི་བསྟན་པ་དར་བར་མཛད་པ་རེད། དེ་ལྟར་ན་སྡིག་སྒྲིབ་སྦྱོང་བ་ལ་སྙིང་རྗེ་ལས་ལྷག་པའི་ཆོས་ཤིག་ཡོད་པ་མ་རེད། དེས་ན་འཁོར་བའི་སེམས་ཅན་འདི་ཐམས་ཅད་སྡུག་བསྔལ་མུ་མཐའ་མེད་པར་སྤྱོད་བཞིན་པའི་སྡུག་བསྔལ་འབྱུང་བྱེད་ཀྱི་རྒྱུ་མི་དགེ་བ་སྤྱོད་པའི་དབང་གིས་འབྱུང་བ་ཡིན་ན། འདི་ཐམས་ཅད་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་ན་ཅི་མ་རུང་། བྲལ་བར་ཤོག བྲལ་བ་ཞིག་ངས་བྱ། དེ་ལྟར་བྲལ་བ་བླ་མ་དཀོན་མཆོག་མཁྱེན་བསམ་པའི་དཔྱད་འཇོག་སྤེལ་མའི་ཚུལ་གྱིས་བསྒོམ་དགོས་པ་ཡིན་ལ་ཐུན་མཚམས་ཀྱི་སྐབས་སུ་ཡང་སེམས་ཅན་མཐོང་ཚད་རྣམས་ལ་སྙིང་རྗེ་བསྐྱེད། སེམས་ཅན་མིག་གིས་མཐོང་ན་དེའི་སྡུག་བསྔལ་བསམ་སྟེ་མིག་ནས་མཆི་མ་འོང་བ་ཞིག་རེད་ན། སྙིང་རྗེ་འབྱོང་པའི་ཚད་ཡིན་པར་གསུངས་སོ།།

༤ དགའ་བ་ཚད་མེད།

དེ་ནས་ཚད་མེད་བཞི་པ་དགའ་བ་བསྒོམ་པ་ནི། འདིའི་དམིགས་པའི་ཡུལ་གང་ཡིན་ན། མཐོ་རིས་ཀྱི་ཡུལ་ན་སྐྱིད་པོ་བདེ་མོ་མངའ་ཐང་སྙན་གྲགས་ཐམས་ཅད་འཛོམ་པས་ལུས་བདེ་སེམས་སྐྱིད་ཀྱིས་བདེ་བ་ཕུན་སུམ་ཚོགས་པ་སྨོན་པའི་ཡུལ་དུ་གྱུར་པ་དེ་རྣམས་འདིའི་དམིགས་པའི་ཡུལ་ཡིན་ཅིང་། རྣམ་པའི་བློ་ནི། དེ་ཐམས་ཅད་ལ་འགྲན་སེམས་དང་ཕྲག་དོག་མེད་པར་མ་ཟད། ད་དུང་འདི་བས་ཀྱང་བདེ་དགའ་ལོངས་སྤྱོད་ཕུན་སུམ་ཚོགས་པ་ནས་མངོན་མཐོའི་དཔལ་ཐམས་ཅད་ཀྱིས་འབྱོར། ཕྱི་ནང་འཕྲལ་ཡུན་གྱི་ཉེར་འཚེ་མེད། ཤེས་རབ་ཆེ་བ་ལ་སོགས་པ་སྲིད་དང་ཞི་བའི་ཡོན་ཏན་ཐམས་ཅད་ཀྱིས་འབྱོར་བར་གྱུར་ཅིག་བསམ། འདི་བསྒོམ་སྐབས་དང་པོ་ཚེ་འདིའི་དྲིན་ཆེན་གྱི་མ་ལ། མར་ཤེས། དྲིན་དྲན། དྲིན་ལན་གཟོ་འདོད་དང་། བདེ་བ་དང་ལྡན་འདོད་ཀྱི་བྱམས་པ་དང་། སྡུག་བསྔལ་དང་བྲལ་འདོད་ཀྱིས་སྙིང་རྗེ་བསྒོམ་པ་དེ་ནས་རང་གི་མ་རྒན་དེ་གནས་མལ་ལོངས་སྤྱོད་ཟས་གོས་འབྱོར་བ་ཅི་ཙམ་འཛོམ་ན་དགའ་བ་ལས་ཕྲག་དོག་དང་གནོད་སེམས་མེད་པའི་སེམས་དེའི་སྒོ་ནས་བར་མ་དང་མི་དགའ་ས་ནས་བཟུང་སྟེ་སེམས་ཅན་ཐམས་ཅད་ལ་རིམ་གྱིས་དམིགས་རྣམ་མ་བྲལ་བའི་སྒོ་ནས་དགེ་བའི་འབྲས་བུ་སྐྱིད་པ་དང་བདེ་བ་ཅུང་ཟད་རེ་ཡོད་པ་ཡར་ལ་འཕེལ། རྒྱུ་དགེ་བ་འབྲས་བུ་བདེ་བ་དང་མ་བྲལ་ན་ཅི་མ་རུང་། མ་བྲལ་བར་གྱུར་ཅིག མི་འབྲལ་བ་ཞིག་ངས་བྱ། དེ་ལྟར་མི་འབྲལ་བར་བླ་མ་དཀོན་མཆོག་གསུམ་པོ་མཁྱེན་བསམ་པས་ཚད་མེད་བཞི་པོ་གང་བསྒོམ་ན། འཁོར་གསུམ་པོ་ལ་སྣང་ལ་རང་བཞིན་མེད་པའི་ངེས་ཤེས་དྲངས་ཏེ་ཐུན་མཚམས་སུ་སེམས་ཅན་སྐྱིད་པོ་མཐོང་ན་དེ་ལ་ཕྲག་དོག་དང་གནོད་སེམས་མེད་པར་དགའ་བ་བསྒོམ། ཁྱད་པར་དུ་རང་ལ་གནོད་བྱེད་ཀྱི་དགྲ་དང་སེམས་ལ་ཕྲག་དོག་གི་གནས་སུ་གྱུར་པ་ཐམས་ཅད་ལ་གཞན་འབྱོར་ཕུན་ཚོགས་ལ་མི་བཟོད་པའི་བློ་ངན་དྲུང་ནས་ཕྱུང་སྟེ། བདེ་བ་དང་ལྡན་པའི་ཆ་ཐམས་ཅད་ལ་དགའ་བ་ཁྱད་པར་ཅན་དཔེར་ན། རྔ་མོང་གིས་རྔེའུ་བོར་ནས་རྙེད་པ་ལྟ་བུ་ཞིག་དགོས་པར་གསུངས་ཏེ། སེམས་ཅན་རྔ་མོང་དེ་ལྷག་པར་བུ་ལ་བརྩེ་བ་ཆེ་བས། བུ་བོར་ནས་སླར་རྙེད་ན་གཞན་དང་མ་འདྲ་བའི་དགའ་སྤྲོ་ཡོད་པ་ལྟ་བུ་ཞིག་གི་སེམསཅན་གཞན་གྱིས་བདེ་བ་མྱོང་བ་ལ་དེ་ལྟར་དགའ་བ་བྱུང་ན་དགའ་བ་འབྱོང་བའི་ཚད་ཡིན་ནོ། །འདིས་ཐུན་ཐམས་ཅད་ལ་སྦྱོར་དངོས་རྗེས་གསུམ་ཚང་བ་ཞིག་དགོས། ཁྱད་པར་དུ་ཐུན་གྱི་མཇུག་ཙམ་ལ་སེམས་འཕྲོ་སྙིང་མ་འདོད་ན་དམིགས་མེད་ཀྱི་ངང་དུ་མཉམ་པར་བཞག་པས་ཚད་མེད་དེ་དང་དེའི་ཏིང་ངེ་འཛིན་དང་འབྲེལ་བ་ཞི་གནས་ལ་གོམས་ནས་ལྷག་མཐོང་སྐྱེ་བའི་སྣོད་རུང་དུ་འགྱུར་རོ། །མདོར་བསྡུས་ན་བསམ་པ་བཟང་པོ་ལ་འདུས་ཏེ་ཚད་མེད་བཞི་པོ་ཡང་བསམ་པ་བཟང་པོའི་ནང་དུ་འདུས་པ་ཡིན་པ་དེས་ན་མང་པོ་ཞིག་ཚིག་གི་སྟེང་ནས་ཡང་ཟེར་མ་ཤེས་ན་ཡང་། བསམ་ངན་བསྐྱུར་ནས་བསམ་པ་བཟང་པོ་རེ་ལ་བསླབ་བསྡད་ན་དེས་ཆོག་པ་ཡིན་ཏེ། རྗེ་རིན་པོ་ཆེས། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། །བསམ་པ་ངན་ན་ས་དང་ལམ་ཡང་ངན། །ཐམས་ཅད་བསམ་པ་དག་ལ་རག་ལས་པས། །རྟག་པར་བསམ་པ་བཟང་ལ་འབད་པར་བྱ། །ཞེས་གསུངས་པའི་ཚིག་རྐང་བཞི་པོ་དེ་དཔལ་སྤྲུལ་ཚང་གིས་མཚམས་མཚམས་ཡང་ཡང་སྐྱར་ཟློས་གནང་སྟེ། འདི་ཕོ་ངན་གཏམ་གྱི་ཡང་བཤད་མིན་ཡང་གལ་པོ་ཆེ་ལ་ནན་ཏན་ཡིན། ཅེས་གསུངས་ཏེ་ཕྱག་ཕྲེང་གི་ནང་དུ་ཕྲེང་བར་བཅད་དེ་ཕྲེང་སྐོར་རེ་ཙམ་གསུངས་པ་ཡོད་ཅེས་གསུངས་པས་ཤེས་ན། བསམ་པ་བཟང་པོ་གཞན་ལ་འཆང་ན། འབྲས་བུ་བཟང་པོ་རང་ལ་སྨིན་པར་འགྱུར་བས་ཚང་མས་བསམ་པ་བཟང་པོ་རེ་བྱེད་རྒྱུ་འཆུག་མི་ཉན། སྨོན་པ་དང་འཇུག་པའི་བསླབ་བྱ་གཙོ་བོ། སྨོན་པའི་བསླབ་བྱ་ཚད་མེད་བཞི་བསྒོམ་ཞིང་། །ཞེས་གསུངས་ན་དེ་ཡན་གྱིས་ཚད་མེད་བཞི་ཅུང་ཟད་ཞིབ་ཆ་བྱས་ནས་བཤད་པའི་ཁུལ་ཡིན།

༢༽ འཇུག་པའི་བསླབ་བྱ།

འཇུག་པའི་བསླབ་བྱ་ཕ་རོལ་ཕྱིན་དྲུག་སྤྱོད། །ཅེས་གསུངས་པ་གོང་ནས་ཀྱང་བཤད་མོད། དེ་ལས་སྦྱིན་པ་ལྟ་བུ་ལ་ཟང་ཟིང་གི་སྦྱིན་པ། མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ། ཆོས་ཀྱི་སྦྱིན་པ་དང་གསུམ། དང་པོ་ཟང་ཟིང་གི་སྦྱིན་པ་ལ་གཏོང་བ་དང་། གཏོང་བ་ཆེན་པོ། ཤིན་ཏུ་གཏོང་བ་གསུམ་ལས། སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་ནོར་རྫས་ཆགས་ཞེན་མེད་པར་གཏོང་བ་གཏོང་བ་དང་། རྟ་དང་གླང་པོ་བུ་དང་བུ་མོ་ལ་སོགས་པ་སྦྱིན་པ་ཡོངས་སུ་གཏོང་བ་གཏོང་བ་ཆེན་པོ། རང་གི་མགོ་དང་ཡན་ལག་སོགས་གཏོང་བ་ནི་ཤིན་ཏུ་གཏོང་བའོ། །སེམས་ཅན་གྱི་སྲོག་བསྐྱབས་པ་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པའི་ཕར་ཕྱིན་ཡིན་ནོ། །རང་རྒྱུད་ཀྱི་ཉེས་སྤྱོད་དང་མི་དགེ་བ་ཐམས་ཅད་དུག་བཞིན་དུ་སྤངས་ཤིང་སྡོམ། དགེ་བ་ཅི་ནུས་སུ་བསྒྲུབས་ནས་སེམས་ཅན་གཞན་ལ་ཕན་འདོག་པ་དེ་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ནོ། །ཆོས་ཕྱིར་དཀའ་སྤྱད་བཟོད་པ། གཞན་གྱི་ལོག་སྒྲུབ་བཟོད་པ། ཆོས་ཉིད་ཟབ་མོའི་དོན་ལ་མི་སྐྲག་པ་རྣམས་བཟོད་པའི་ཕར་ཕྱིན་ནོ། །དལ་འབྱོར་ཆུད་ཟོས་འཕྲོ་བརླག་ཏུ་འགྲོ་བའི་ལེ་ལོ་ཟིལ་གྱིས་མནན་ནས་ཆོས་སྤྱོད་བཅུ་དང་ཕར་ཕྱིན་བཅུ་ལ་སྤྲོ་བས་འབད་ཅིང་སྤྱོད་པ་བརྩོན་འགྲུས་ཀྱི་ཕར་ཕྱིན་ནོ། །རྣམ་གཡེང་རྒྱུ་དང་བཅས་པ་སྤངས་ནས་དབེན་པའི་ནགས་སམ་དམ་པའི་གདན་ས་ལ་སོང་ནས་ལུས་རྣམ་སྣང་ཆོས་བདུན་དང་ལྡན་པར་བྱས་ནས། སེམས་ཀྱིས་གང་དུའང་མི་རྟོག་ཅི་ཡང་མི་འཛིན་པའི་ངང་དུ་མཉམ་པར་འཇོག་པ་བསམ་གཏན་གྱི་ཕར་ཕྱིན་ནོ། །འདི་ལྟར་སྣང་བའི་ཡུལ་ལྔའི་སྣང་བ་ཐམས་ཅད་མེད་བཞིན་སྣང་བ་སྒྱུ་མའི་དཔེ་བརྒྱད་ལ་བལྟས་ནས། ཡུལ་ཅན་སེམས་ཀྱི་གཤིས་ལུགས་ལ་བལྟས་འོང་ན་ཡུལ་སྣང་མ་འགག་བཞིན་དུ་ཡུལ་གྱི་འཛིན་རྟོག་ཞི་བའི་ཆོས་ཉིད་སྟོང་གསལ་ནམ་མཁའ་ལྟ་བུའི་ངང་དུ་འཇོག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །དེ་ལས་སྦྱིན་པ་ལ་སོགས་པ་སྔ་མ་གསུམ་གྱིས་བསོད་ནམས་ཀྱི་ཚོགས་རྫོགས་པ་དང་། བསམ་གཏན་ཤེས་རབ་གཉིས་ཀྱིས་ཡེ་ཤེས་ཀྱི་ཚོགས་རྫོགས་པ་དང་བརྩོན་འགྲུས་ཀྱིས་གཉིས་ཀའི་ཕྱོགས་ཀྱི་གྲོགས་བྱེད་པ་ཡིན། དེ་ལྟ་བུའི་ཕར་ཕྱིན་དྲུག་པོ་དེ་ཡང་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་ནང་དུ་འདུ་བ་ཡིན་པས་དེས་ན་ཐེག་ཆེན་མདོ་སྔགས་གཉིས་ཀྱི་ཆོས་ཀྱི་རྩ་བ། ཡོད་ན་དེས་ཆོག་ངེས་པ། མེད་ན་ཐབས་ཆག་ངེས་པའི་ཆོས་དེ་གང་ཡིན་ཞེ་ན། སྙིང་རྗེས་དྲངས་བའི་བྱང་ཆུབ་སེམས་མཆོག་བསྐྱེད་ནས་སྟོང་ཉིད་བསྒོམ་པ་དེ་ཡིན། སྟོང་ཉིད་རྟོགས་ན་སྙིང་རྗེའི་ཤུགས་རང་བཞིན་གྱིས་ཡོད་འོང་བ་ཡིན་པས་མེད་ན་ཐབས་ཆག་པའི་ཆོས་འབྲལ་ཐབས་མེད་པ་མེ་དང་ཚ་བ་ལྟ་བུ་ཡིན། དེའི་སྐབས་སྟོང་ཉིད་རྟོགས་པའི་ཤུགས་ལས་དོན་དམ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་ཏེ་རིམ་གྱིས་ན་འཕར་བས་དོན་གཉིས་ལྷུན་གྲུབ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་བདེ་བླག་ཏུ་འགྲུབ་པས། འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་སྐྱོབ་པ་ཉན་རང་གི་ཐེག་པ་ལས་འཕགས་པ། དགེ་རྩ་མི་ཟད་ཅིང་འཕེལ་བ། བསོད་ནམས་རྒྱ་ཆེན་ཐོབ་པ། སངས་རྒྱས་ཀྱི་གདུང་འཚོབ་པ། གཞན་དོན་རླབས་པོ་ཆེ་འགྲུབ་པ་ལ་སོགས་པ་ཕན་ཡོན་དཔག་ཏུ་མེད་པ་ཡིན་པས་ན་སྙིང་ཐག་པ་ནས་སྦྱོར་དངོས་རྗེས་གསུམ་ཚང་བས་ཉམས་སུ་ལེན་དགོས་པ་རེད། ཅེས་གསུངས་ཤིང་བསྔོ་སྨོན་དང་བཅས་ཆོས་ཁྲིད་གྲོལ་ལོ། །


previousན༽ ཉིན་དྲུག་པའི་ཆོས་ཁྲིད།next