Nitartha Digital Library
Tibetan
 
previousདྷཱིཿ༽ ཉིན་བདུན་པའི་ཆོས་ཁྲིད།next

དྷཱིཿ༽ ཉིན་བདུན་པའི་ཆོས་ཁྲིད།

མཚམས་སྦྱོར་ཞལ་གདམས།

ཇི་སྐད་དུ། རྗེ་བླ་མ་མི་ཕམ་འཇམ་དཔལ་རྒྱ་མཚོས། སྲིད་པ་མྱ་ངམ་ཐང་ལ་འཁྱམས་པའི་འགྲོ། །ཐུབ་མཆོག་ཕྱག་གིས་ཀྱང་ནི་མི་འདྲེན་ན། །སྐྱེ་དགུའི་ཐར་ལམ་གསུང་ལ་རག་ལས་ཕྱིར། །ཆོས་ཚུལ་རིན་ཆེན་འབད་པས་བླངས་བར་འོས། །ཞེས་གསུངས་ཏེ། སྲིད་པ་མྱ་ངམ་ཐང་ལ་འཁྱམས་པའི་འགྲོ། །ཞེས་པས་སྲིད་པ་ཁམས་གསུམ་འཁོར་བ་ན་རྒྱུ་བའི་སེམས་ཅན་འདི་ཐམས་ཅད་ཅི་འདྲ་ཡིན་ན། མྱ་ངམ་གྱི་ཐང་ཞེས་པ་རྩྭ་མེད་པ། ཆུ་མེད་པ། མི་ལྟ་ཅི་བྱ་དང་རི་དྭགས་ཀྱང་མི་འཁོར་ཞིང་མི་འཁྲི་ས། བྱེ་ཚན་གྱི་ཐང་ཆེན་པོར་སོང་ནས་མཐའ་རྒྱ་ཆོད་པ་ལྟ་ཅི་ཕྱོགས་ཤར་ལྷོ་ནུབ་བྱང་ཙམ་ཡང་ངོ་མི་ཤེས་པའི་རྒྱ་ཆེན་པོ་དེ་འདྲ་ན། ཁ་ན་བཟའ་བའི་ཟས་མེད་རྒྱབ་ན་གོན་རྒྱུའི་གོས་མེད། ཅི་འདྲ་བྱེད་དགོས་ཞེས་བློ་དྲི་ས་ཙམ་ཡང་མེད་པ་དེ་འདྲ་ཞིག་ལ་འཁྱམས་བཞིན་པའི་འགྲོ་བ་སེམས་ཅན་འདི་ཚོ། ཐུབ་མཆོག་ཕྱག་གིས་ཀྱང་ནི་མི་འདྲེན་ན། །ཞེས་པས་ཐུབ་པ་བཅོམ་ལྡན་འདས་རྣམས་ཀྱིས་དང་པོ་སེམས་ཅན་གྱི་དོན་དུ་ཐུགས་བསྐྱེད། བར་དུ་སེམས་ཅན་གྱི་དོན་དུ་ཚོགས་གཉིས་རྒྱ་མཚོ་ལྟ་བུ་བསགས་པས་བསྐལ་ཆེན་གྲངས་མེད་མང་པོར་རྫོགས་སྨིན་སྦྱང་བ་མཛད་ནས། མཐར་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་ན་ཡང་། རྒྱལ་བའི་མཛད་པ་སེམས་ཅན་གྱི་གཞན་དོན་ལས་ལོགས་སུ་གྱུར་པ་ཞིག་ཡོད་ནི་མ་རེད། རྫོགས་པའི་སངས་རྒྱས་དེ་ཐམས་ཅད་སྐྱོན་ཀུན་ཟད། ཡོན་ཏན་ཀུན་ལྡན། སྤང་བྱ་མ་ལུས་པ་སྤངས། རྟོགས་བྱ་མ་ལུས་པ་མཐར་ཕྱིན་ནས་སྟོབས་དང་ནུས་པ་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་ཡོངས་སུ་རྫོགས་པ་ཤ་སྟག་ཡིན་པས་བདུད་བཞིའི་སྐྱོན་ཐམས་ཅད་ཡོངས་སུ་བཅོམ་ཞིང་ལེགས་པའི་ཡོན་ཏན་ཐམས་ཅད་ལྡན་པ་ལ་སོགས་པ་སངས་རྒྱས་གཅིག་གི་སྐུའི་བ་སྤུའི་ཁུང་བུ་གཅིག་གི་ཡོན་ཏན་སུས་ཀྱང་བརྗོད་མི་ཤེས་པ་དེ་ལྟ་བུ་ཡིན་མོད། འོན་ཀྱང་འགྲོ་བ་སེམས་ཅན་གྱིས་རང་རང་གིས་བསགས་པའི་ལས་ཀྱི་རྣམ་པར་སྨིན་པ་འཁོར་བའི་སྡུག་བསྔལ་སྣ་ཚོགས་པ་ཞིག་མྱོང་བཞིན་པ་འདི། ཐུབ་པའི་དབང་པོས་དེའི་སྡུག་བསྔལ་དེ་ཕྱག་གིས་བླངས་ནས་བསལ་ཏེ་སེམས་ཅན་དེ་ཉིད་ཐད་ཀར་བཙན་བཙན་རྒོད་རྒོད་ཀྱིས་འདྲེན་རྒྱུ་ཡོད་པ་མ་རེད། འདྲེན་ཐུབ་པ་མ་རེད། དེ་ཡང་། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུད་ཅིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཞེས་གསུངས་པ་དང་གཅིག་མཚུངས་ཡིན། དེ་ལྟར་ན་ད་ཅི་དགོས་ཤེ་ན། སྐྱེ་དགུའི་ཐར་ལམ་གསུང་ལ་རག་ལས་ཕྱིར། །ཞེས་པས་སྐྱེ་དགུ་འགྲོ་བས་ཐར་ལམ་རྙེད་པ་ལ། ཐུབ་པའི་གསུང་ལ་རག་ལས་པ་ཡིན་པས་སྐྱེ་དགུ་སྟེ་སེམས་ཅན་གྱི་རིགས་སུ་གྱུར་པ་ཐམས་ཅད་ལ། ཐར་བའི་ལམ་བསྟན་ནས་དེ་ལ་ཞུགས་སུ་འཇུག་རྒྱུ་དེ་གསུང་གི་མཛད་པ་ཕྲིན་ལས་ལ་བརྟེན་དགོས་པས། དེ་ལ་རག་ལས་པའི་ཕྱིར། ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཡང་། །ཆོས་ཉིད་ཞི་བ་བསྟན་པས་གྲོལ་བར་འགྱུར། །ཞེས་གསུངས་པས། དེ་བཞིན་གཤེགས་པས་གང་ལ་གང་གིས་འདུལ་བའི་ཆོས་བསྟན། སེམས་ཅན་བློ་ཆུང་དམན་པའི་རིགས་ཅན་ལ། སྐྱེས་བུ་ཆུང་ངུའི་ལམ་བསྟན། དེ་བས་དྲག་ཙམ་གྱིས་བློ་འབྲིང་བ་ཉན་རང་གི་གོ་འཕང་ཐོབ་པ་ལ་དེའི་ཆོས་བསྟན། དེ་བས་བློ་ཆེ་བའི་ཐེག་ཆེན་གྱི་རིགས་ཅན་ལ་ཐེག་ཆེན་གྱི་ཆོས་བསྟན། ཤིན་ཏུ་བློ་ཆེན་དབང་པོ་རབ་ལ་གསང་བ་སྔགས་ཀྱི་ཆོས་བསྟན། དེ་ལས་ཀྱང་ཡང་རབ་ལ་ཐེག་པའི་རྩེ་མོ་ཀུན་ལས་ཁྱད་དུ་འཕགས་པའི་ཆོས་བསྟན་པའི་སྒོ་ནས་འཁོར་བའི་སེམས་ཅན་སྡུག་བསྔལ་གྱི་རྒྱ་མཚོ་ལས་མ་བསྒྲལ་བ་རྣམས་བསྒྲལ་བར་མཛད་པ་ཡིན་ཏེ། དཔལ་སྤྲུལ་རིན་པོ་ཆེས་སྟོན་པ་བདེ་བར་གཤེགས་པའི་གསུང་ལ་བསྔགས་པ་པད་དཀར་ཆུན་པོ་ལས། སྡེ་སྣོད་རིན་ཆེན་ཐུབ་པའི་ལེགས་གསུང་བཀའ། །བཀའ་ཡི་རྗེས་འབྲེལ་ཕུན་ཚོགས་བསྟན་བཅོས་གཞུང་། །ཐར་ལམ་བྱེད་པོ་གཞན་ན་ཡོད་མིན་ཏེ། །རྒྱལ་བ་དངོས་ཞེས་ཐུབ་པ་མཆོག་གིས་གསུངས། །ཞེས་གསུངས་པས་སོ། །དེས་ན་མི་ཕམ་ཚང་གིས་སྲིད་པ་མྱ་ངམ་གྱི་ཐང་ལ་འཁྱམས་པའི་སེམས་ཅན་རྣམས་ཟད་དུ་མེད་པའི་སྡུག་བསྔལ་འདི་ལས་ཐར་ཏེ། ཐར་བ་ཡང་དག་པ་ཞིག་ཐོབ་དགོས་ན་སངས་རྒྱས་ཀྱིས་སེམས་ཅན་ལ་གསུང་གི་མཛད་པས་ཆོས་བསྟན་ནས་སྐྱོབ་པ་ཡིན་པ་དེས་ན། ཆོས་ཚུལ་རིན་ཆེན་འབད་པས་བླངས་བར་འོས། །ཞེས་པས་ཁོང་སྐུ་དངོས་དང་མཇལ་ཡང་དེ་ལས་ལྷག་གསུང་རྒྱུ་མེད་པའི་གསུང་གི་གསང་བ་ཟབ་མོ། འདི་ན་གཅིག་ཏུ་ཡི་གེའི་ཟོལ་དུ་གོང་དུ་དཔལ་སྤྲུལ་རིན་པོ་ཆེའི་གསུང་དྲངས་པ་བཞིན་དུ། ཐུབ་པའི་ལེགས་གསུང་གི་བཀའ་སྡེ་སྣོད་རིན་པོ་ཆེ་དང་བཀའ་དེའི་དགོངས་འགྲེལ་རྗེས་འཇུག་གི་བསྟན་བཅོས་ཐམས་ཅད་ཡོད་པ་ཡིན་པས་རྒྱལ་བ་དངོས་བཞུགས་པ་དང་འདྲ་བ་ཡིན་པས། ཐར་ལམ་བྱེད་པོ་དེ་ཕན་ལ་ཅི་ཡང་མི་དགོས་པས། གཉིས་ན་སྙིགས་མའི་དུས་སུ་ཆོས་སྟོན་པའི་བཤེས་གཉེན་ལ་སྤྲུལ་ནས་དེའི་དགོངས་དོན་ཐམས་ཅད་ཚུལ་བཞིན་དུ་བསྟན་གྱིན་ཡོད་ན། དེ་ཡི་ཆོས་ཚུལ་རིན་ཆེན་དེ་འབད་པས་ལེན་དགོས་མ་གཏོགས། དེ་མིན་པའི་ཐབས་ཀྱིས་འཁོར་བའི་སྡུག་བསྔལ་ལས་ཐར་བའི་ཐབས། དཔེར་ན་ནས་ལས་ཡུག་པོ་བསལ་བསལ་བྱེད་རྒྱུ་དང་དག་པའི་ཞིང་དུ་འུར་མཐིལ་དུ་རྡོ་བཞག་ནས་འཕང་པ་བཞིན་འཕེན་འཇོག་རྒྱུ་ཞིག་ཡོད་པ་མིན། གལ་ཏེ་དེ་ལྟར་ཆོག་ན། སེམས་ཅན་སྡུག་བསྔལ་ཅན་ཤིན་ཏུ་མང་ལ། སངས་རྒྱས་ལ་ཐུགས་རྗེ་བྱིན་རླབས་མེད་ཟེར་རྒྱུ་མེད་པས་སྔར་ནས་སེམས་ཅན་གཅིག་ཀྱང་མ་ལུས་པར་འདྲེན་ཚར་ལོས་ཡོད། འོན་ཀྱང་སྤྱན་རས་གཟིགས་ཀྱིས་འོད་དཔག་མེད་ཀྱི་སྐུ་མདུན་ནས་འཁོར་བ་དོང་ནས་སྤྲུགས་པའི་དམ་བཅའ་མཛད་ཅིང་རི་བོ་ཏ་ལའི་རྩེ་མོ་ནས་གཅིག་གཟིགས་སྐབས་འཁོར་བའི་སེམས་ཅན་སྔར་ལས་ཀྱང་མང་བ་ཞིག་གཟིགས་པ་ལྟ་བུ་ཡིན་པས། སེམས་ཅན་རང་གིས་སངས་རྒྱས་ཀྱིས་བསྟན་པའི་ལམ་དེ་གསུང་པ་བཞིན་དུ་མ་བསྒྲུབ་ན་རྒྱལ་བ་དངོས་སུ་བྱོན་ནའང་མཐུ་རྡུགས་པའི་རྒྱུ་མཚན་དེ་འདྲ་ཡིན་ནོ། །དེ་བས་ན་བླ་མ་མི་ཕམ་ཚང་གིས་གསུངས་པ་དེ་རང་ཅག་གིས་རང་ཉམས་ལ་ཕན་ཐོགས་པའི་གདམས་ངག་གི་བཅུད་དུ་བླངས་ན། བསམ་བཞིན་དུ་ཐད་ཀར་རང་ལ་གསུངས་པ་ལྟ་བུ་ཞིག་ཡིན། འཁོར་བ་ཐོག་མེད་ཅིག་ནས་ད་ལ་མ་ཐུག་གི་བར་ལ། ཐར་བ་གཏན་ནས་མེད་པའི་སྡུག་བསྔལ་འདི་ལས་སྡུག་མྱོང་མྱོང་ནས་མཐའ་ཟད་པ་མེད་པའི་བྱེ་ཐང་ངམ་མྱ་ངམ་གྱི་ཐང་ལ་དཔེ་བཞག་ན་ཆོག་པ་མ་ཟད། སྡུག་བསྔལ་འདི་དུག་མཚོ་མཐའ་མེད་ཅིག་ཏུ་སྐྱེ་ཤི་གཉིས་པོ་ཁ་བརྒྱུད་དེ་རྐྱལ་རྐྱལ་ལྕེབ་ལྕེབ་ཀྱིས་ཐར་མ་མྱོང་བ་ཞིག་ལ་དཔེ་བླང་ན་ཤིན་ཏུ་འདྲ་བོ་ཡིན། འདིར་གཅིག་ཨེ་ཐར་བསམ་ནས། ཐར་བའི་སྒོའི་ཕྱོགས་སུ་ཉེ་ནས་ཐུབ་པའི་བསྟན་ཞབས་སུ་སྐྱེས། དམ་པའི་ཆོས་ཀྱི་སྒྲ་ཐོས་བཞིན་ཡོད་ན་ཡང་ད་དུང་གོ་བརྡ་ལེགས་པོ་ཞིག་མ་འཕྲོད་པས། མཁར་ལ་སྒོ་ཞིག་ཡོད་པ་གཞི་བཞག་ནས། །སྒོ་དེ་གང་ཡིན་མ་ཤེས་སྡུག་བསྔལ་ལོ། །ཞེས་པ་ལྟར་ཐར་བ་ཟེར་བ་ཞིག་ཐོབ་རྒྱུ་ཡོད། ཐར་ལམ་ཟེར་བ་ཞིག་ལ་བསྙེགས་རྒྱུ་ཡོད་པའི་ཐག་རིང་རྒྱང་གི་སྐད་ཆ་ལྟ་བུ་ཞིག་གོ་བསྡད་ན་ཡང་། ལམ་དེ་ལ་དངོས་སུ་ཞུགས་པའི་སྒོ་ངོ་མ་དེ་མ་ཁྲོལ། མི་ཁྲོལ་བའི་རྒྱུ་མཚན་གཅིག་ནས་ལས་ཉོན་བག་ཆགས་ཀྱི་དབང་དུ་སོང་བས་སྐལ་བ་ངན་པ་དང་གཉིས་ནས་རྐྱེན་ངན་པའི་དབང་དུ་ཤོར་བས། ཆུ་གྱེན་ལ་ལུད་པ་ལྟ་བུ། བལྟ་བསམ་རུང་ཨོ་ཡོའི་མིག་མ་ཕྱེས། འགྲོ་བསམ་རུང་ཨོ་ཡོའི་བང་མ་ཁྱོག་པའི་དཔེ་ལྟར་དང་། དེའི་སྟེང་དུ་འདོད་ཡོན་བདུད་ཀྱི་བསླུ་བྲིད་དེ། ཡང་ན་རྒྱུ་ཡི་ཐད་དམ་ཡང་ན་མི་ཡི་ཐད་གང་ས་ནས་འཕེན་མ་ལོ། སྐྱུར་བས་མ་ཆོག་པ་ལྟ་བུས་ཡར་ངོ་དཀར་གྱི་བཤོལ། མར་ངོ་ནག་གི་བཤོལ་ནས། མདོར་ན་ཕོ་མ་བྱས་པ་ལ་བཤད་རྒྱུ་མང་སྟེ། དེ་མ་རེད་པས་དེ་བྱུང་སོང་བསམ་རྒྱུ་རང་གཞན་སུ་ལ་ཡང་མང་པོ་ཡིན། གསོན་འདི་ངོགས་ལ་གང་ལྟར་བཤད་ཀྱང་མགོས་ཕུད་མོད། ཚེ་ཕྱི་མ་ལས་འབྲས་ཀྱི་རྒྱ་མ་བཀྱག་དགེ་སྡིག་གི་བྲེ་སྲང་འཇལ་སར་ཐུག་དུས་བཤད་པས་ས་གོ་མི་ཆོད། དེ་ནི་གསོན་འདི་ངོགས་དང་མི་འདྲ། དེ་དུས་ཡི་ཆད་དང་འཁང་ར་བྱེད་ས་ཅི་ཡང་མེད། ཕོ་རང་ལ་མེད་ན་མེད་པ་ཡིན། བསམ་བློ་དེ་ལྟར་བཏང་ན། ང་མིན་རུང་སྡིག་ཅན་མང་པོ་ཡིན། ཐམས་ཅད་ལ་འགྲིག་ས་ནས་ང་གཅིག་ལ་ཅི་རེད་འགྲོ་བསམ་རྒྱུ་མེད་དེ། མི་ཞིག་གིས་ད་ཕར་རྒྱབ་ལ་སླེབ་དུས་ལྕབ་བེ་ལྕེབ་བེ་ཅིག་འགྲིག་ན་ཅི་ཤེས་ཟེར་བ་ལྟར། གསོན་གྲང་ང་ཁམས་ནས་མདོ་འདྲ་འཆམས་པ་དེ། ཚེ་ཕྱི་མའི་ཡུལ་དུ་མི་འགྲོའོ། །དེ་བས་ན་ཆོས་དར་སའི་ཡུལ་དུ་སྐྱེས། བླ་སེར་དགེ་འདུན་གྱི་སྡེ་རེ་མཇལ་བས་བསམ་ཤེས་ན་སྐལ་བ་བཟང་པོ་ཡིན་མོད། ཡང་མཉམ་འགྲོགས་ཀྱི་བདུད་ཀྱི་དབང་དུ་སོང་ནས། དད་པའི་ཡུལ་ལ་དད་ལོག་འདྲ་ཤོར། ཁ་ཡིས་ཚེ་ཕྱི་མའི་ཡུལ་ནས་མཇལ་བར་ཤོག ཅེས་ཟེར་རུང་དོན་གྱིས་ཁ་འཐབ་ལག་ཉེས་འདྲ་ཤོར་ཡོད་ན། ཆོས་ས་ཆོས་ཡུལ་དུ་སྐྱེས་རུང་དགེ་བ་བསགས་པའི་ཚོགས་ཀྱི་ཡུལ་མེད་པ་ཡིན་པ་མ་ཟད་སྡིག་པ་བསགས་པའི་ཡུལ་དེ་ལས་ཐུ་བ་མེད་པ་ལྟ་བུར་གྱུར་འགྲོ མདོར་ན་ཆོས་དང་འཇིག་རྟེན་གྱི་བྱ་བ་གང་བསྒྲུབ་ན། དེའི་བསྒྲུབ་ལུགས་དང་བསྒྲུབ་ཐབས་ཤེས་དང་མི་ཤེས་མཁས་དང་མི་མཁས་ལ་ཐུག་འགྲོ་བ་རེད། མིས་མི་ཐུབ་པར་གོང་དུ་ཤོར་བ་ཡང་དེ་འདྲ་ཞིག་གི་ཁྱད་པར་ལོས་ཡིན། དེ་ཡང་འཇིག་རྟེན་བསྒྲུབ་ས་ཞིག་ནས་གཞན་གོང་དུ་ཤོར་ན་དགའ་བ་ལས་ཅི་ཡོད། འཇིག་རྟེན་ཅི་ཙམ་འགྲུབ་ན་ཆོས་ཕྱོགས་ནས་འགལ་བ་དེ་ཙམ་ཆེ་སྟེ། དེ་མ་ཆེ་ན་ཆོས་དང་འཇིག་རྟེན་གཉིས་ཀ་མི་མཐུན་པའི་རྒྱུ་མཚན་ཅི་ཡོད། སྟོན་པ་ཤཱཀྱའི་རྒྱལ་པོས་ཀྱང་རྒྱལ་སྲིད་སྤོང་དགོས་དོན་མེད་མོད། ཆོས་བསྒྲུབ་ས་ནས་རང་ཉིད་ཤུལ་དུ་ལུས་ན་ཐབས་སྐྱོ་བ་ཡིན། ཆོས་དེ་ཡང་རང་གིས་མ་བསྒྲུབ་ན་སྟོན་པ་སངས་རྒྱས་བྱོན་ཡང་སྡུག་བསྔལ་ཕྱག་གིས་མི་སེལ་ལ། འགྲོ་བའི་སྒྲིབ་གཉིས་ཀྱི་དྲི་མ་སྟོན་པས་ཆུས་བཀྲུ་མི་ཐུབ་པར་གསུངས་པ་འདི་བཞིན་ཡིན་པ། བདེན་ཡང་བདེན་ཏེ་སངས་རྒྱས་ཀྱིས་སེམས་ཅན་ལ་སྙིང་མི་རྗེ་ཟེར་ཐབས་མེད་ལ་སངས་རྒྱས་ལ་ནུས་པ་མེད་པ་རེད་ཟེར་རྒྱུ་ཡང་ཅི་ལ་ཡོད། འོན་ཀྱང་ཆོས་བསྟན་པ་དེ་མ་བསྒྲུབ་ན་ཐབས་གཞན་མེད་པ་དངོས་གནས་ཡིན་པས་དཔེར་ན། གཅིག་གིས་ཁྱོད་དེ་ནས་མར་ལ་མ་ལྕེབ་མ་གཏོགས་མཁར་རྩེགས་དགུའི་སྟེང་ནས་ལྷུང་ན་འཆི་ངེས་ཡིན་ཞེས་བཤད་ཀྱང་། དེའི་ཁ་ལ་མ་ཉན་པར་ལྕེབ་ན་བྱ་ཐབས་བྲལ་བ་དེ་ལྟ་བུ་ཡིན་པས། མི་གླེན་པའི་ངོ་ཤ་འཐུག་རུང་། རླུང་སེར་བུ་གར་འོང་ཤེས་པ་དེ་བཞིན། ཆོས་མང་པོ་ཉན། མང་པོ་གོ་ན། དེའི་ནང་ནས་སྙིང་དོན་ལེན་རྒྱུ་ཡོད་པས་དཀོན་མཆོག་གསུམ་གང་ཡིན་མི་ཤེས་པས་སྐྱབས་འགྲོ་བཏོན་ན་འགྲིག་མེད་པ་དང་སྙིང་རྗེའི་བསམ་པ་བཟང་པོ་རྒྱུད་ན་མེད་པས་སེམས་བསྐྱེད་ཀྱི་ཚིག་འབུམ་ཁ་ཤས་བསགས་ཀྱང་བཟླས་པའི་ཕན་ཡོན་ཙམ་མ་གཏོགས་གོ་ཆེན་པོ་ཞིག་མི་ཆོད་པ་དང་། ཕྱོགས་གཅིག་ནས་སྲོག་གཅོད་ཞོར་དང་ཕྱོགས་གཅིག་ནས་ཚེ་ཐར་བྱེད་པ་དེ་ཡང་དགེ་བཅུ་རྣམ་དག་གི་ནང་དུ་བརྩི་དཀའ། དབང་ཆོས་འགའ་རེ་ཞུས་ཀྱང་ནང་དོན་གང་ཡིན་དང་དེའི་སྡོམ་དམ་ཚིག་ཤེས་པ་ལྟ་ཅི། ཤེས་དགོས་བསམ་རྒྱུ་ཙམ་ཡང་ཞེ་ལ་ཤར་མ་མྱོང་བསམ་པས་རང་གིས་རང་ལ་རྩིས་ཤིག་རྒྱོབས་དང་ཤེས་འོང་བ་ཡིན། འཇིག་རྟེན་མི་ཡུལ་འདིར་འོང་ནས་ད་ལྟའི་བར་ལ་དུས་ཚོད་འདི་ཙམ་ཞིག་ཕྱིན་པ། དེའི་ལོ་རེ་དང་ཟླ་རེའི་བྱ་བ་ཐམས་ཅད་པོ་དོན་མེད་སྟོང་ལས་དང་སྟོང་བསམ་ཁོ་ན་རེད། དེ་ཡང་རང་ལ་ཕན་གནོད་གཉིས་ཀ་མེད་པའི་སྟོང་པ་ཡིན་ན་དེ་ཙམ་རེད་མོད། འོན་ཀྱང་བསམ་བསམ་པོ་ཚུལ་མིན་ཡིད་བྱེད། ལས་ཚད་པོ་མི་དགེ་སྡིག་པ་དེའི་རྣམ་སྨིན་རང་གི་སྟེང་མ་གཏོགས་འགྲོ་ས་མེད་པ་དེ་ལྟ་བུར་ཁེལ་ན་ཡང་། མེད་པའི་ནང་ནས་བསོད་ནམས། དེ་ལྟར་མིན་པར་འདི་ལྟར་རེད་འདུག་བསམ་པས་གནད་དེ་ཅུང་ཟད་རྟོགས་པའི་སྐབས་འདིར། དབང་མེད་བར་དོའི་སེམས་ཅན་བཞིན་ལས་རླུང་ངན་པ་ཞིག་གིས་དབང་མེད་དུ་དེད་མ་སོང་སྔོན་ལ། འགྱོད་པ་མེད་ཅིང་རང་སེམས་བདེ་བའི་ཆོས་ངོ་མ་ཞིག་འགྲུབ་དགོས་པས་གཞན་གྱིས་ཅི་ཟེར་ཡང་ཟེར་ཆུག ཆོས་ཙམ་ཡང་བསྒྲུབ་ཤེས་མི་འདུག་ཟེར་ཡང་འདྲ། ཁོས་ཆོས་བསྒྲུབ་ཁུལ་བྱ་བཞིན་འདུག་ཟེར་བ་སོགས་གཞན་གྱིས་མི་ཟེར་རྒྱུ་མེད་དེ་གཞན་སེམས་ཅན་ཞེས་པ་སྨྱོན་པ་ཞིག་རེད། སྨྱོན་པ་ཞེས་པ་རྨོངས་པ་ཞིག་ཡིན་པས་གླེན་པའི་ཕྱོགས་ལ་གཟའ་བོ་རྒྱུག་པ་ལ་བལྟ་འོང་རྒྱུ་ཅི་ཡོད། དེ་བས་ཕོ་རང་སེམས་དག་ན་དག་པ་ཡིན་པས་རང་སེམས་དག་རྒྱུ་ཞིག་ལ་བྱེད་དགོས་པ་ཡིན་ནོ། །ཡང་བླ་མ་མི་ཕམ་ཚང་གིས་འདི་ལྟར་གསུང་སྟེ། གྲང་རེག་དགུན་ཟླ་རྫོགས་པའི་སོས་དུས་བཞིན། །ཕྱིས་ན་ལང་ཚོ་ཡོལ་བ་བདེ་བའི་དུས། །ཆར་སྤྲིན་གཡོ་བའི་དུས་ཀྱི་རྨ་བྱ་བཞིན། །ཆོས་བྱེད་དགའ་བ་འཆི་བའི་དུས་སུ་ཡིན། །ཞེས་གསུངས་ཏེ། གྲང་རེག་དགུན་ཟླ་རྫོགས་པའི་སོས་དུས་བཞིན། །ཞེས་པའི་དོན་ནི། གྲང་བའི་རེག་བྱ་འཁྱག་པས་སྡུག་བསྔལ་བའི་དགུན་ཟླ་གསུམ་གྱི་དུས་ཚོད་དེ་རྫོགས་ཚར་བའམ་ཟད་སོང་བའི་དུས་ནམ་ཟླ་སོས་ཀ་ཤར་རྒྱུ་ཡོད་པ་ལྟར། ཕྱིས་ན་ལང་ཚོ་ཡོལ་བ་བདེ་བའི་དུས། །ཞེས་པས་དགུན་ཟླ་གསུམ་སྡུག་ཀྱང་། དེའི་རྗེས་སུ་སོས་ཀ་ཤར་རྗེས་དབྱར་ཁ་ཚེས་རྒྱུ་ཡོད་པ་ལྟར། ཕྱིས་ན་ཆོས་བསྒྲུབ་པའི་མི་དེ་ཚེ་སྟོད་ལས་ཚེ་སྐེད་སྐྱིད། ཚེ་སྐེད་ལས་ཚེ་སྨད་སྐྱིད། དེ་ལས་ཕྱི་མ་སྐྱིད་པ་ཞིག་བྱེད་རྒྱུ་ཡོད་པ་ཡིན་གསུངས། ཆར་སྤྲིན་གཡོ་བའི་དུས་ཀྱི་རྨ་བྱ་བཞིན། །ཆོས་བྱེད་དགའ་བ་འཆི་བའི་དུས་སུ་ཡིན། །ཞེས་པས་ནམ་མཁའ་ནས་ཆར་སྤྲིན་གཡོ། ལྷོ་གཡུ་འབྲུག་གི་གསུང་སྐད་གྲགས་པའི་དུས་སུ་ས་སྟེང་གི་རྨ་བྱ་དགའ་བ་ཡིན་པས་དགའ་བའི་གར་བྱེད་ཅིང་མཇུག་མས་སྒྲོ་གུར་ཕུབ་པ་དེ་ལྟ་བུར། ཆོས་བྱེད་དགའ་བ་འཆི་བའི་དུས་སུ་ཡིན། །ཞེས་པས་ཆོས་རྣམ་དག་བསྒྲུབ་པའི་མི་དེ་དང་པོ་སྡུག་ནའང་མཐར་ཇེ་སྐྱིད་ཇེ་སྐྱིད་རེད་ནས་ཆོས་པ་དགའ་དུས་ངོ་མ་ནི་འཆི་བའི་དུས་ཡིན་ཞེས་གསུངས་པ་དེས་ན་འཆི་ཁ་སྐྲག་མི་དགོས་པ་དེ་མི་ཡིས་གཅོག་ན་འཛམ་གླིང་རྒྱུ་དེ་ལ་རི་བ་ཡིན། བསྒྲུབ་ཤེས་ནས་བསྒྲུབ་ཐུབ་ན་ད་ལྟའི་སྐབས་འདིར་རིན་མི་དགོས་པར་རང་ལག་ན་ཡོད་དུས་མ་གཟབ་ན་ཉེན་ཁ་ཆེན་པོ་ཞིག་གིས་བརྫུ་བཞིན་ཡོད། དེ་བས་རང་ཅག་གིས་རྒྱུན་དུ་བཤད་བཞིན་ཡོད་མོད། བཤད་ཚར་དུས་བརྗེད་ངས་ཀྱིས་ཁྱེར་བ་དང་། ཡང་ཆོས་རའི་ནང་ནས་འོ་རེད་མི་འདུག་ཆོས་ངོ་མ་ཞིག་བསྒྲུབ་དགོས་འདུག་ཅེས་བསམ་ཁུལ་བྱས་རུང་སྒོ་རུ་ཐོན་ནས་ཡང་ཡར་བཤད་མར་བཤད་ཅིག་བྱེད་དུས། ཡང་བག་ཆགས་ངན་པའི་ཕྱོགས་སུ་དཔེ་ཤོག་བུ་དྲིལ་ལམ་དུ་ཤོར་བ་ལྟར་ཤོར་འགྲོ། དེ་ལྟར་ངན་ལང་ལ་གཅིག་ཤོར་གཉིས་ཤོར་གྱིས་གང་མཚམས་ལ་འཁྲེབ་ནས་ཆོས་དྲེད་བར་ཆད་ཀྱི་དབང་དུ་ཤོར་འགྲོ་བ་ཡིན། ཁག་ཅི་ཡོད་འཁོར་བའི་སེམས་ཅན་རེད། ད་ནི་འདང་ཞིག་མ་བརྒྱབ་ན་འགག་རྩ་ཆེན་པོར་ཐུག་དུས་ཅི་བྱེད་འདི་བྱེད་མེད་པར་མིག་རྩ་མཆི་མས་གང་། ཤུ་ཤར་དང་ཤུགས་རིང་འདོན་སར་སླེབ་སྐབས་རང་སྡུག་རོགས་སྡུག་གཉིས་ཀ་ཡིན་པས། མདོར་ན་ཆོས་ལག་ལེན་ལ་མི་ཐེབས་པའི་རྩ་བ་ངོ་མ་དེ་འཁོར་བར་ངེས་འབྱུང་གི་བློ་དྲག་པོ་ཞིག་གཏིང་ནས་སྐྱེས་མ་ཐུབ་པས་ལན་པ་ཡིན། དེ་ཡང་ངེས་འབྱུང་ཞེས་པ་དོན་གཉིས་ཚང་བ་ལ་ངེས་འབྱུང་ཟེར་བ་ཡིན་ཏེ། འཁོར་བ་འདི་བཙོན་ཁང་འདྲ་བ་ཞིག་རེད་ཅེས་སུན་འགྲོ་བ་དེ་གཅིག་ཡིན། དེ་ལས་ཐར་ཐབས་བྱེད་དགོས་བསམ་པ་དང་གཉིས་ཡིན། དེ་གཉིས་ཀ་མ་ཚང་ན་ངེས་འབྱུང་ངོ་མ་ཞིག་ལ་མི་བརྩི། དེའི་སྟེང་དུ་ད་དུང་ཅི་དགོས་ཞེ་ན་དད་པ་དགོས་ཏེ། དད་པ་མེད་ན་ཆོས་ཀྱི་འཇུག་སྒོ་འགག །ཅེས་གསུངས་པས། དང་འདོད་ཡིད་ཆེས་དང་གཙོ་བོ་ཕྱིར་མི་ལྡོག་པའི་དད་པ་དེ་ཆོས་དང་བླ་མ་ལ་ཡོད་དགོས། དེ་མིན་བླ་མས་གསོལ་རས་གནང་བས་དད་པ་ཡོད་ཟེར་བའམ། བླ་མ་ནི་ཁོ་ཚོའི་ཕྱོགས་ཡིན་པས་མི་དགའ་སྙམ་ཞོར་ཆོས་ཞུ་ཁུལ་བྱེད་པ་ལ་སྙིང་པོ་མེད། མ་དགའ་བ་ལ་ཡང་ཕུགས་མེད་དེ། དེས་ངོ་དགའ་ཞིག་བཤད་པས་དགའ་བར་འགྱུར་ལ། དགའ་ནས་དད་པ་ལ་ཡང་རྩ་བའམ་ཕུགས་མེད་དེ་ཆགས་ཞེན་ཙམ་ཞིག་ཡིན། ཐེག་པ་ཆེན་པོའི་ཆོས་བསྒྲུབ་མཁན་ཞིག་ལ་སྙིང་རྗེ་ཡོད་དགོས། སྙིང་རྗེ་དེ་ལ་དོན་གཉིས་ཚང་དགོས་ཏེ། ཉམ་ཐག་སྙིང་རྗེ་བསམ་པ་དེ་སྤྱིར་སྙིང་རྗེ་ཡིན་ཡང་། དེ་ལས་ཐར་ཐབས་བྱེད་དགོས་བསམ་པ་དེ་སྙིང་རྗེ་ངོ་མ་ཡིན། སྙིང་རྗེ་དེ་ལ་སེམས་ཅན་ལ་དམིགས་པའི་སྙིང་རྗེ། ཆོས་ལ་དམིགས་པའི་སྙིང་རྗེ། དམིགས་པ་མེད་པའི་སྙིང་རྗེ་སོགས་ཀྱི་དབྱེ་བ་ཡོད་ན་དེ་ཡང་ལམ་རིམ་བགྲོད་ཀྱིས་ན་འཕར་དགོས་པ་ཞིག་ཡིན། མདོར་ན་སྙིང་རྗེས་དྲངས་བའི་བྱང་ཆུབ་ཀྱི་སེམས་ཤིག་མ་སྐྱེས་ན་གོང་བཤད་ལྟར་ཐར་ལམ་གྱི་སྒོ་དེ་གཏན་ནས་མ་རྙེད་པ་རེད། ད་སྔོན་ལོ་དགུ་ལ་མཚམས་ནག་སྒོ་བཅད་ཀྱིས་གཟུངས་སྔགས་བྱེ་བ་མང་པོ་བཟླས་ཡོད་ནའང་ཀུན་སློང་ངན་པ་མེད་ན་བཟླས་པའི་ཕན་ཡོན་ལོས་ཡོད་མ་གཏོགས་ཐར་ལམ་རྙེད་པའི་ཕྱོགས་ནས་ད་དུང་ལོང་རྙབ་བྱེད་པ་ལྟ་བུ་ཡིན། དེས་ན་ད་ནི་ཆོས་རྣམ་དག་རང་གཞན་ཐར་ལམ་ལ་ཚུད་པའི་སྒོ་ངོ་མ་ནས་ཞུགས་དགོས་བསམ་པས་དམ་པ་གསུམ་དང་མ་འབྲལ་བ། དང་པོ་ཆོས་གྲལ་དུ་འདུག་པའི་སྐབས་མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་སྡུག་བསྔལ་རྣམ་གསུམ་གྱིས་དངོས་སུ་མནར་བཞིན་པ་འདི་རྣམས་སྙིང་རེ་རྗེ། འདི་ཐམས་ཅད་གཏན་བདེ་བླ་ན་མེད་པའི་བྱང་ཆུབ་ལ་བཀོད་ནས་སྡུག་བསྔལ་རྒྱུ་དང་བཅས་པ་དང་བྲལ་བ་ཞིག་བདག་གཅིག་པུས་བྱ་དགོས་སྙམ་པའི་སྙིང་རྗེས་སེམས་ཅན་ལ་དམིགས་པའི་ཟུར་དང་། ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པའི་ཟུར་གཉིས་ཀ་དང་ལྡན་པའི་བསམ་པ་རྒྱ་ཆེ་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་སྒོ་དེ་ནས། དངོས་གཞི་ཆོས་ཉན་པའི་སྐབས་སུ་སྣང་སྟོང་འཛིན་པ་དང་བྲལ་བའི་ངང་ནས་རྟེན་འབྱུང་སྒྱུ་མའི་སྣང་ཚུལ་དག་པ་རབ་འབྱམས་ཀྱི་འཁོར་ལོར་དམིགས་ཏེ། སྒོ་གསུམ་འཇུག་པ་གཅིག་པས་ཆོས་ཉན་པར་དྲིལ་དགོས། འཁོར་གསུམ་འཛིན་པ་དང་བྲལ་བས་རྗེས་དགེ་བ་རྫོགས་བྱང་དུ་བསྔོ་བ་སྟེ་སྦྱོར་དངོས་རྗེས་གསུམ་ཚང་ན་དམ་པ་གསུམ་དང་འབྲེལ་བ་ཡིན་ནོ། །དེ་ལྟ་བུའི་སྦྱོར་བ་སེམས་བསྐྱེད། དངོས་གཞི་དམིགས་མེད། རྗེས་བསྔོ་བ་སྟེ་དམ་པ་གསུམ་ཚང་བ་ཞིག་རེད་ན། དེ་ལྟ་བུའི་སྒོ་ནས་ཆོས་ཉན་པས་ཚེ་གང་དུས་བརྒྱའི་ཟ་མ་ལན་གཅིག་འདི་གོ་ཆོད་པ་དང་ཕན་ཐོགས་བྱེད་ཅིག་གི་ཆེད་དུ་བརྩོན་འགྲུས་བརྩམས་དགོས་བསམ་པའི་དམ་བཅའ་དང་ལྡན་པས་ཆོས་ཉན་དགོས་པ་ཡིན་ནོ།།

ག རྡོར་སེམས་སྒོམ་བཟླས་ཀྱི་ཁྲིད།

དང་པོ་སྟོབས་བཞི་སྤྱིར་བསྟན་པ།

དེ་ལྟ་བུའི་སྒོ་ནས་གང་གསན་པར་བྱ་བའི་ཆོས་ཀྱི་རིམ་པ་ནི། རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ངག་འདོན་ཁྲིགས་སུ་བསྡེབ་པ་རྣམ་མཁྱེན་ལམ་བཟང་འདི་ཉིད་འཆད་པའི་སྐབས་སུ། འདི་ལ་ཐུན་མོང་ཕྱིའི་སྔོན་འགྲོ་སོང་ནས། ཐུན་མིན་ནང་གི་སྔོན་འགྲོའི་དབྱེ་བའི་ནང་ནས་ཀྱང་སྐྱབས་འགྲོ་སེམས་བསྐྱེད་གཉིས་པོ་སོང་ནས། འགལ་རྐྱེན་སྡིག་སྒྲིབ་སྦྱོང་བ་བླ་མ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་དང་ཚོགས་བསགས་པ་མཎྜལ་གཉིས་པོ་བཤད་པའི་སྐབས་ཡིན་པས་ཟབ་མོའི་ལམ་བསྒོམ་ནས་ཉམས་རྟོགས་ཁྱད་པར་ཅན་ཞིག་རྒྱུད་ལ་འཁྲུངས་བར་བྱེད་པ་ལ། དེ་ལ་བར་དུ་གཅོད་པའི་འགལ་རྐྱེན་གཙོ་བོ་དེ་གང་ཞེ་ན་སྡིག་སྒྲིབ་བག་ཆགས་ཡིན། སྡིག་སྒྲིབ་བག་ཆགས་དེ་སྦྱོང་བའི་ཐབས་མང་པོ་བསམ་གྱིས་མི་ཁྱབ་པ་ཞིག་རྒྱལ་བ་ཐབས་མཁས་ཐུགས་རྗེ་དང་ལྡན་པས་བསྟན་ཡོད་པ་ཡིན། ཐབས་བསྟན་པ་དེ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་དེ་གང་ཡིན་ཞེ་ན། རྡོ་རྗེ་སེམས་དཔའ་རྣལ་འབྱོར་དུ་བྱ་བ་འདི་ཉིད་ཡིན་ཏེ། དཔལ་རྡོ་རྗེ་སེམས་དཔས་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པའི་སྐབས་སུ་ཁོང་གི་མཚན་ཙམ་ཐོས་པའི་སེམས་ཅན་ཐམས་ཅད་ཀྱིས་མཚམས་མེད་ལྔ་བསགས་པ། གསང་སྔགས་ཀྱི་དམ་ཚིག་ཉམས་ཆག་སོང་བ་ལ་སོགས་པའི་སྡིག་སྒྲིབ་ཉམས་ཆག་ལས་ཐར་བར་གྱུར་ཅིག རྡོ་རྗེ་སེམས་དཔའ་ཁོང་སྡིག་སྒྲིབ་ཅན་དེའི་དྲུང་དུ་འདུག་ནས་དེའི་ཉེས་པ་སེལ་བར་ཤོག་ཅིག་ཅེས་སྨོན་ལམ་བཏབ་པ་ཡིན་པས། དེ་ལྟ་བུའི་བླ་མ་རྡོ་རྗེ་སེམས་དཔའ་དེ་ཉིད་ཀུན་འདུས་ནོར་བུའི་ལུགས་སུ་བསྒོམ་པ་རྣལ་འབྱོར་དུ་བྱས་ནས། གཉེན་པོ་སྟོབས་བཞི་ཚང་བའི་སྒོ་ནས་བཤགས་པ་བྱེད་དགོས་ཏེ་གཉེན་པོ་སྟོབས་བཞི་གང་ཞེ་ན་དང་པོ་རྟེན་གྱི་སྟོབས་ཏེ། སྡིག་པ་བཤགས་པའི་ཡུལ་དེ་ལ་རྟེན་གྱི་སྟོབས་ཞེས་གསུངས། སྤྱིར་སྡིག་པ་བཤགས་པའི་རྟེན་ནམ་ཡུལ་ནི། སོ་ཐར་སྐབས་མཁན་སློབ་དགེ་འདུན་དང་བཅས་པ། བྱང་སེམས་ཀྱི་བླ་མ་དགེ་བའི་བཤེས་གཉེན་དང་གྲོགས་ཚངས་པ་མཚུངས་པར་སྤྱོད་པ་དང་བཅས་པ། ལྟུང་བཤགས་སྐབས་བདེ་གཤེགས་སོ་ལྔ། ཐར་བ་ཆེན་པོའི་ཕྱོགས་བཅུའི་སངས་རྒྱས། གསང་སྔགས་ཀྱི་སྐབས་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཡིན་ལ། སྐབས་འདིར་དམིགས་ཀྱིས་བཀར་ནས་བླ་མ་རྡོ་རྗེ་སེམས་དཔའ་ཡིན་ནོ། །དེ་ཡང་དང་པོ་རྟེན་གྱི་སྟོབས་འདི་ལ་ཕྱིའི་རྟེན་གྱི་སྟོབས་དང་ནང་གི་རྟེན་གྱི་སྟོབས་གཉིས་ཡོད་པར་ཤེས་དགོས། ཕྱིའི་རྟེན་གྱི་སྟོབས་དེ་སྐབས་འདིར་བླ་མ་རྡོ་རྗེ་སེམས་དཔའ་བསྒོམ་པ་དེ་ཡིན། ནང་གི་རྟེན་གྱི་སྟོབས་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། ཁྱད་པར་དུ་གནད་ཆེ་བའི་ནང་ནས་ཀྱང་ཆེ་ཤོས་སྙིང་རྗེ་བསྒོམ་པ་དེ་ཡིན་པས། ཕྱིའི་རྟེན་གྱི་སྟོབས་ཀྱི་ངོ་བོ་དད་པ་ཡིན་པས་འདུན་པ་དེ་ལྟར་བྱེད་རྒྱུ་གལ་ཆེ་བ་ཡིན་ནོ།།

གཉིས་པ་ཉེས་བྱས་སུན་འབྱིན་པའི་སྟོབས་ནི། ངོ་བོ་འགྱོད་པ་ཡིན་ཏེ་རྒྱལ་སྲས་ཞི་བ་ལྷས། སྦྱང་བྱ་སྡིག་པའི་སྒོ་དྲུག་ནི། །སྦྱོང་བྱེད་གཉེན་པོ་སྟོབས་བཞིས་སྦྱངས། །ཞེས་གསུངས་པས། སྦྱང་བྱ་དེ་སྡིག་པའི་སྒོ་དྲུག་སྟེ་གང་ཞེ་ན། དུས་དང་ཀུན་སློང་འགྲིམ་ངོ་བོ། ཡུལ་དང་བྱེད་ལས་རྣམ་པ་དྲུག །ཅེས་རང་ཅག་གིས་བློར་འཛིན་བདེ་བའི་ཆེད་དུ་སྡོམ་གྱིས་བསྡུས་པ་ལྟར་དང་པོ་དུས་ཀྱི་སྒོ་ནི། འཁོར་བ་ཐོག་མེད་ཀྱི་དུས་ནས་ད་ལྟ་ལ་མ་ཐུག་བར་བསགས་པའི་སྡིག་པ་སྤྱི་དང་། ཚེ་འདི་ལ་ཡང་ལོ་འདིའི་ཟླ་བ་ཚེས་གྲངས་འདི་ལྟ་བུ་ཞིག་ལ་ཞེས་པའམ། ཡང་ན་ང་ལོ་དེ་ཙམ་གྱི་དུས་བྱ་བ་འདི་བྱས་པ་དཔེར་ན་བཅས་དང་རང་བཞིན་གྱི་སྡིག་པ་འདི་ལྟར་བྱས་པ་ཞེས་བདག་རང་ཉིད་ཀྱིས་བྱས་པ་དང་གཞན་ལ་བྱེད་དུ་བཅུག་པ། གཞན་གྱིས་སྡིག་ལྟུང་དེ་དང་དེ་ལྟ་བུ་བྱས་པ་ལ་རྗེས་སུ་ཡི་རང་བྱས་པ་དེ་རྣམས་སེམས་ཀྱི་སྒོ་ནས་མི་གསང་། ལུས་ཀྱི་སྒོ་ནས་མི་འཆབ་མི་སྦེད་པར་ངག་གི་སྒོ་ནས་མཐོལ་ལོ་བཤགས་སོ། །ཞེས་བཤད་པ་དེ་ལ་སུན་འབྱིན་པའི་སྟོབས་ཞེས་གསུངས་པ་དང་དུས་ཀྱི་སྒོ་ཡིན། གཉིས་པ་ཀུན་སློང་གི་སྒོ་ནི་ལས་དེ་ལྟ་བུ་འབྱུང་རྐྱེན་སེམས་ཀྱི་ཀུན་སློང་ཞིག་ལ་ཐུག་ཡོད་པས་ཉོན་མོངས་པ་དུག་གསུམ་གྱིས་ཀུན་ནས་བསླང་པ་ཐམས་ཅད་འབྱུང་བྱེད་ཀུན་སློང་གི་སྒོ་དེ་ལ་ཐུག་ཡོད་དོ། །གསུམ་པ་འགྲིམ་པའི་སྒོ་ཞེས་པ་བསགས་པའི་སྒོ་སྟེ། ལུས་ངག་ཡིད་གསུམ་གང་རུང་གིས་མ་བསགས་པའི་ལས་མེད་པ་དེས་ན། སྒོ་གསུམ་གྱིས་བསགས་པའི་མི་དགེ་བ་ཐམས་ཅད་དོ། །བཞི་པ་ངོ་བོའི་སྒོ་ནི། རང་བཞིན་གྱི་སྡིག་པ་མི་དགེ་བ་བཅུ་དང་མཚམས་མེད་པ་ལྔ་ལ་སོགས་པ་ཀུན་གྱིས་མི་དགེ་བར་ངེས་པ་དེ་དང་། བཅས་པའི་ལྟུང་བ་ཕྱི་སོ་ཐར། ནང་བྱང་སེམས། གསང་བ་རིག་འཛིན་སྔགས་ཀྱི་སྡོམ་པ་དང་འགལ་བ། སྡོམ་གསུམ་སོ་སོར་བླངས་བའི་གང་ཟག་གིས་འགལ་ན་ཉེས་པ་ཆེན་པོར་འགྱུར་རྒྱུ་སྟེ་དེ་གཉིས་སོ། །ལྔ་པ་ཡུལ་གྱི་སྒོ་ནི། སྲིད་པ་ཁམས་གསུམ་འཁོར་བ་དང་ཞི་བ་མྱ་ངན་ལས་འདས་པ་གཉིས་ལ་བརྟེན་ནས་བསགས་པའི་སྡིག་པ་རྣམས་སོ། །དྲུག་པ་བྱེད་ལས་ཀྱི་སྒོ་ནི། སྡིག་ལྟུང་དེ་རྣམས་ཀྱི་བྱེད་ལས་གང་ཡིན་ན་རྣམ་སྨིན་ཡིད་དུ་མི་འོང་པ་མྱོང་བས། ཚེ་འདི་ཕྱི་གཉིས་ཀ་ལ་སྡུག་བསྔལ་བ་ཡིན་པས། སྦྱང་བྱ་སྡིག་པའི་སྒོ་དྲུག་བཤད་ནས། གསུམ་པ་སྡོམ་པའི་སྟོབས་ནི། སོར་ཆུད་པའི་སྟོབས་ཀྱི་ངོ་བོ་དེ་ཕྱིན་ཆད་སྡོམ་སེམས་ཡིན། ཕྱིན་ཆད་སྲོག་ལ་བབ་ཀྱང་དེ་ལྟར་མི་བྱེད་བསམ་པ་དེ་ཡིན་ནོ།།

གཉིས་པ་གཞུང་དོན་བྱེ་བྲག་ཏུ་བཤད་པ།

བཞི་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི། དེའི་ངོ་བོ་ནི་ཆོས་ལ་དོན་གཉེར་གྱི་འདུན་པ་སྐྱེས་པ་དེ་ཡིན་པས། དེ་ལྟ་བུའི་སྤྱིའི་གོ་བ་ཐུགས་ལ་བཞག་སྟེ་འདི་ནས་ངག་འདོན་དང་སྦྲེལ་ནས་དེའི་དོན་ལ་བསམ་བློ་གཏོང་དགོས་ཏེ། ངག་འདོན་རྩ་ཚིག་ནི། ཨཱཿབདག་ཉིད་ཐ་མལ་སྤྱི་བོ་རུ། །པད་དཀར་ཟླ་བའི་གདན་གྱི་དབུས། །ཧཱུྃ་ལས་བླ་མ་རྡོ་རྗེ་སེམས། །དཀར་གསལ་ལོངས་སྤྱོད་རྫོགས་པའི་སྐུ། །རྡོ་རྗེ་དྲིལ་འཛིན་སྙེམ་མ་འཁྲིལ། །ཁྱོད་ལ་སྐྱབས་གསོལ་སྡིག་པ་སྦྱོངས། །ཞེས་པའི་ཤོ་ལོ་ཀ་ཕྱེད་དང་གཉིས་ཀྱིས་རྟེན་གྱི་སྟོབས་བསྟན་པ་ཡིན་ཏེ། དང་པོ་ཨཱཿ ཞེས་གསུངས་པའི་ཨཱཿཡིག་འདི་ནི། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཅེས་གསུངས་པ་ལྟར། ཨ་ནི་ཡིག་འབྲུ་ཐམས་ཅད་འབྱུང་བའམ་ཡིག་འབྲུ་ཐམས་ཅད་འབྱུང་བྱེད་ཀྱི་སྒྲ་ཚིག་བརྗོད་པ་ཐམས་ཅད་ཀྱི་རྟེན་ལྟ་བུ་ཡིན་ཏེ། ཆོས་ཉིད་སྐྱེ་བ་མེད་པའི་དོན་མཚོན་པའི་ཡི་གེ་ཡིན་པས་ན། སྐྱེ་འགག་གནས་པ་དང་བྲལ་བའི་སྟོང་ཉིད་སྤྲོས་པ་དང་བྲལ་བའི་དོན་དྲན་པར་བྱས་ནས། བདག་ཉིད་ཐ་མལ་སྤྱི་བོ་རུ། །ཞེས་པས་འདིར་བདག་ཅེས་པའི་སྐབས་སུ། གང་ཟག་གི་བདག་དང་ཆོས་ཀྱི་བདག་བདག་གིར་འཛིན་པ་ལ་སོགས་པ་བཤད་མི་དགོས། རྡོར་སེམས་སྒོམ་བཟླས་འདི་ཐེག་ཆེན་མདོ་སྔགས་སྤྱིའི་ལམ་མ་ཡིན་པར་ཐུན་མིན་གསང་སྔགས་དང་འབྲེལ་བའི་བསྐྱེད་རྫོགས་ཀྱི་ལམ་ཡིན་པས། རྟེན་གྱི་སྟོབས་རྡོར་སེམས་ཀྱི་གསལ་སྣང་བསྒོམ་པའི་སྐབས་ཀྱི་ལུས་ཀྱི་འདུག་སྟངས་བཤད་པའི་སྐབས་ཡིན་པས་བདག་ཉིད་ཅེས་པ་སྒྲུབ་པ་པོ་རང་ཉིད་ལ་གོ། ཐ་མལ་ཞེས་པ་འདི་ལ་སྒྲ་འདྲ་ཡང་དོན་མི་འདྲ་བར་སྐབས་ཐོབ་ཀྱི་གོ་བ་ལེན་རྒྱུ་ཡོད་པས། འདིའི་སྐབས་སུ་ཐ་མལ་ཞེས་པ་མ་བཅོས་རང་བབས་སུ་འཇོག་པ་ཞིག་ལ་གོ། སྤྱི་བོ་རུ་ཞེས་པ་རང་ཉིད་མ་བཅོས་ཐ་མལ་དུ་ལྷོད་སེ་བསྡད་ཡོད་པའི་སྤྱི་བོའི་གཙུག་གི་མདའ་གང་ཙམ་གྱི་སྟེང་གི་ནམ་མཁའ་ན། པད་དཀར་ཟླ་བའི་གདན་གྱི་དབུས། །ཞེས་པས་སྲིད་ལ་མ་ཆགས་པའི་བརྡར་པད་མ་དཀར་པོ་འདབ་མ་སྟོང་བརྡལ་གྱི་སྟེང་དུ། ཞི་ལ་མ་ཞེན་པའི་བརྡ་ལ་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་གདན་གྱི་དབུས་སུ། ཧཱུྃ་ལས་བླ་མ་རྡོ་རྗེ་སེམས། །ཞེས་པས་ཧཱུྃ་ཡིག་འདི་ཐུགས་རྡོ་རྗེ་མཚོན་པའི་ས་བོན་གྱི་སྔགས་ཤིག་ཡིན་ལ། སྤྱིར་སྔགས་ལ་རྒྱུ་མ་ནོར་བ་རྩ་བའི་སྔགས། བསྐྱེད་པ་རྐྱེན་གྱི་སྔགས། བཟླས་པ་ལས་ཀྱི་སྔགས་གསུམ་ཡོད་པ་ལས། འདི་བསྐྱེད་པ་རྐྱེན་གྱི་སྔགས་ལ་གོ། དེ་ལྟར་ཧཱུྃ་ཡིག་དཀར་པོ་འོད་ཟེར་འཕྲོ་ཞིང་བཀྲག་མདངས་དང་ལྡན་པ་ཞིག་གསལ་བཏབ་སྟེ། དེ་ཡོངས་སུ་གྱུར་ནས་གནས་གྱུར་པ་ལས། ངོ་བོ་སངས་རྒྱས་ཀུན་འདུས་དྲིན་ཆེན་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་དཔལ་རྡོ་རྗེ་སེམས་དཔའ། དཀར་གསལ་ལོངས་སྤྱོད་རྫོགས་པའི་སྐུ། །ཞེས་པས། སྒྲིབ་གཉིས་ཀྱི་དྲི་མས་མ་གོས་པའི་བརྡ་རུ་སྐུ་མདོག་དཀར་གསལ་ཡིན་པ་དང་། དཀར་བ་དེ་ཡང་གངས་རི་ལ་ཉི་འོད་ཕོག་པ་ལྟ་བུ། ལོངས་སྤྱོད་རྫོགས་པའི་རྒྱན་ཆས་བཅུ་གསུམ་གྱིས་བརྒྱན་པའི་སྐུ་རུ་བསྒོམ་དགོས། དེ་ཡང་རྒྱན་ཆས་བཅུ་གསུམ་པོ་ནི། དར་གྱི་ཆས་གོས་ལྔ། རིན་པོ་ཆེའི་རྒྱན་བརྒྱད་པོ་རྣམས་ཡིན་ལ། དར་གྱི་ཆས་གོས་ལྔ་ནི། ཁ་དོག་སྣ་ཚོགས་པའི་ཅོད་པཎ་དང་། དབུ་སྐྲ་འཆིང་བྱེད་ཀྱི་ཟི་ལྡིར། དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱི་སྟོད་གཡོག ཁ་དོག་སྣ་ཚོགས་པའི་ཚི་གུའི་སྨད་དཀྲིས། གར་གྱི་ཕུ་ཐུང་དང་ལྔ་ལ་བརྩི་བའམ། ཡང་ན་ཅོད་པཎ། སྟོད་གཡོག དར་དཔྱངས། སྐུ་ཆིངས། སྨད་དཀྲིས་དང་ལྔ་ཞེས་གསུངས། ཡང་གསར་རྒྱུད་འགའ་ལས་མཆོད་ཕྱིར་ཐོག ཅེས་པས་ཚངས་སྐུད་ལ་བརྩི་བ་ཡང་ཡོད་པ་འདྲ། གང་ལྟར་རི་མོ་བྲིས་ཆ་རྣམས་སུ་རྡོ་རྗེ་སེམས་དཔའི་དར་གྱི་ཆས་གོས་ལྔ་གསལ་བ་དེ་དང་། རིན་པོ་ཆེའི་རྒྱན་བརྒྱད་པོ་གང་ཞེ་ན། དབུ་རྒྱན། སྙན་རྒྱན། མགུལ་རྒྱན་དང་གསུམ། དཔུང་རྒྱན་གཉིས་དང་བཞི། དོ་ཤལ་དང་སེ་མོ་དོ་གཉིས་ཀྱིས་ལྔ། ཕྱག་གདུབ་གཉིས་ཀྱིས་དྲུག །སོར་གདུབ་རྣམས་དང་བདུན། ཞབས་གདུབ་གཉིས་དང་བརྒྱད་དུ་བརྩིའོ། །དེ་ནས། རྡོ་རྗེ་དྲིལ་འཛིན་སྙེམ་མ་འཁྲིལ། །ཞེས་པས་དེ་ལྟ་བུའི་ལོངས་སྤྱོད་རྫོགས་སྐུའི་རྒྱན་ཆས་བཅུ་གསུམ་གྱིས་མཛེས་པར་སྤྲས་པའི་རྡོ་རྗེ་སེམས་དཔའི་སྐུ་དེ་ཞལ་གཅིག་ཕྱག་གཉིས། ཕྱག་གཡས་པས་རིག་སྟོང་གི་རྡོ་རྗེ་ཐུགས་ཀར་གཏོད་པའི་ཚུལ་གྱིས་འཛིན་པ་དེ་ཡང་རྡོ་རྗེ་རྩེ་ལྔ་པ་ཡིན། གཡོན་སྣང་སྟོང་གི་དྲིལ་བུ་དཀུ་ལ་བརྟེན་ནས་འཛིན་པ་ཞེས། དཀུ་དེ་ནི་ཞེ་ས་མ་ཞུས་ན་དཔྱི་མགོ་ཡན་ལྟེ་བའི་མན་གྱི་སྐེད་རགས་བཅིངས་སའི་ཐད་ཀྱི་གློ་སྐེད་ལ་གོ། སྙེམ་མ་འཁྲིལ་ཞེས་པ། ཡུམ་རྡོ་རྗེ་སྙེམ་མ་སྐུ་མདོག་དཀར་མོ་ཕྱག་གཡས་པས་སྐྱེ་ཤི་རྩད་ནས་གཅོད་པའི་གྲི་གུག་དང་གཡོན་བདེ་ཆེན་མཉམ་པར་སྦྱོར་བའི་བརྡ་ལ་ཐོད་པ་བདུད་རྩིས་གང་བ་འཛིན་པས་ཡབ་ལ་འཁྱུད་ཅིང་སྦྱོར་བའམ་འཁྲིལ་བ། སྐུ་སྣང་ལ་རང་བཞིན་མ་གྲུབ་པ། ནམ་མཁའི་འཇའ་ཚོན་ནམ་མེ་ལོང་གི་གཟུགས་བརྙན་ལྟ་བུ་ཞིག་རང་གི་ཁ་ལྟ་ཕྱོགས་ལ་ཞལ་ཕྱོགས་ནས་བཞུགས་པ་དེ་ལྟ་བུ་ཞིག་བསྒོམ། ཁྱོད་ལ་སྐྱབས་གསོལ་སྡིག་པ་སྦྱོངས། །ཞེས་པས་དེ་ལྟ་བུའི་བླ་མ་དང་གཉིས་སུ་མེད་པའི་རྡོ་རྗེ་སེམས་དཔའ་ཀུན་འདུས་ནོར་བུའི་ལུགས་སུ་བསྒོམ་པ་དེའི། སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་བདག་ཉིད་ཀྱི་སངས་རྒྱས་ཏེ། མཆོག་གསུམ་རྩ་གསུམ་ཀུན་འདུས་ཀྱི་མངའ་བདག་ཁྱོད་ལ་ཡིད་ཁྱེད་ཤེས་ཀྱི་དད་པས་ཁྱོད་ལ་སྐྱབས་སུ་མཆི་ཞིང་གསོལ་བ་འདེབས་པ་ཡིན་པས། བདག་གཞན་སེམསཅན་ཐམས་ཅད་ཀྱི་སྡིག་པ་མི་དགེ་བའི་ལས་དང་དེའི་རྒྱུ་ཉོན་མོངས་བག་ཆགས་དང་བཅས་པ་མ་ལུས་ཤིང་ལུས་པ་མེད་པར་སྦྱངས་ཤིང་བསལ་ནས་མེད་པར་མཛད་དུ་གསོལ་ཞེས་ཁ་ཡིས་འདོན་པ་དང་མཉམ་དུ། ཡིད་ཀྱིས་དམིགས་པ་དང་འདུན་པ་མ་བྲལ་བའི་སྒོ་ནས་སེམས་ཅན་ཐམས་ཅད་པོ་དེ་ལྟར་ལས་ཉོན་སྡུག་བསྔལ་བག་ཆགས་ཐམས་ཅད་དང་བྲལ་ནས། དཔལ་རྡོ་རྗེ་སེམས་དཔའི་གོ་འཕང་ཐོབ་པར་ཤོག་ཅིག་བསམ་པའི་སྨོན་འཇུག་གི་བྱང་ཆུབ་ཀྱི་སེམས་དང་ལྡན་པ་དེ་རྟེན་གྱི་སྟོབས་ཡིན་ནོ། །དེ་ནས། འགྱོད་སེམས་དྲག་པོས་མཐོལ་ལོ་བཤགས། །ཞེས་པའི་ཚིག་རྐང་འདིས་ཉེས་བྱས་སུན་འབྱིན་པའི་སྟོབས་བསྟན་པ་ཡིན་ཏེ། དེ་ཡང་ཅི་ཞིག་ལ་འགྱོད་སེམས་བྱེད་དགོས་ཤེ་ན་གོང་དུ་བཤད་པ་ལྟར་སྦྱང་བྱ་སྒོ་དྲུག་དང་འབྲེལ་བའི་བདག་གཞན་སེམས་ཅན་ཐམས་ཅད་ཀྱིས་བསགས་པའི་མི་དགེ་བཅུ། མཚམས་མེད་ལྔ། ལྕི་བ་བཞི། ལོག་པ་བརྒྱད་ལ་སོགས་པ་བཤགས་བྱ་དེ་རྣམས་ཡིན། མི་དགེ་བཅུ་དང་མཚམས་མེད་ལྔ་གོང་དུ་བཤད་གྲུབ། ལྕི་བ་བཞི་ནི། དེ་ལ་ལོག་པའི་ལྕི་བ་བཞི། ཉམས་པའི་ལྕི་བ་བཞི། སྨད་པའི་ལྕི་བ་བཞི། སྐུར་བའི་ལྕི་བ་བཞི་ཞེས་སོགས་ཀྱི་དབྱེ་བ་མང་དུ་ཡོད་ལ་དེ་ལས། མཁས་པའི་གྲལ་མགོར་སྡོད་པ། དགེ་སློང་གི་ཕྱག་འགོ་ལ་སྡོད་པ། སྒྲུབ་པ་པོའི་ཟས་ཟ་བ། སྔགས་པའི་རྫས་འཕྲོག་པ་སྟེ་ལོག་པའི་ལྕི་བ་བཞི་ཞེས་པ་དང་། དེ་དང་འདྲ་བར་མི་ཆོས་ཀྱི་མནའ་ཟོས་པ། སོ་ཐར་གྱི་ཁྲིམས་ཉམས་པ། བྱང་སེམས་ཀྱི་བསླབ་པ་ཉམས་པ། གསང་སྔགས་ཀྱི་དམ་ཚིག་ཉམས་པ་དེ་རྣམས་ལ་ཉམས་པའི་ལྕི་བ་དང་། མ་རིག་གཏི་མུག་གི་དབང་དུ་སོང་ནས་སྟོན་པའི་སྐུ་ལ་སྨོད་པ། ང་རྒྱལ་རང་མཐོང་གི་དབང་གིས་མཁས་པའི་ཡོན་ཏན་ལ་སྨད་པ་ལྟ་བུ། ཕྲག་དོག་གནོད་སེམས་ཀྱི་དབང་གིས་བདེན་པའི་ཚིག་ལ་སྨད་པ། ཆགས་སྡང་ཕྱོགས་རིས་ཀྱི་དབང་གིས་ཆོས་ལ་དགག་སྒྲུབ་བྱེད་པ་དེ་རྣམས་སྐུར་བའི་ལྕི་བ་དང་། ཡང་སྨད་པའི་ལྕི་བ་བཞི་ནི། མཚམས་མེད་ལྔ་ལས་ཁྲག་འབྱིན་ལྕི། མི་དགེ་བཅུ་ལས་ལོག་ལྟ་ལྕི། ཉམས་པའི་ཆོས་ལ་ཆད་འཛིན་ལྕི། རང་བཞིན་མེད་ལ་གལ་འཛུག་ལྕི། ཞེས་པས་མཚམས་མེད་ལྔ་ལས་ཁྲག་འབྱིན་ལྕི་བ་ནི་བདེ་བར་གཤེགས་པའི་སྐུ་ལ་ཁྲག་འབྱིན་པ་ཡིན་ལ། དེ་དེང་སང་དངོས་སུ་མེད་ཀྱང་བླ་མ་དགེ་བའི་བཤེས་གཉེན་སངས་རྒྱས་ཀྱི་སྤྲུལ་བ་དང་སྐུ་ཚབ་ཡིན་པས་དེ་ལ་གནོད་པ་བྱས་ན་དེར་གཏོགས་པ་ཡིན། མི་དགེ་བཅུ་ལས་ལོག་ལྟ་ལྕི། ཞེས་པ། ཡང་དག་པའི་ཆོས་དང་བླ་མ་ལ་ལོག་ལྟ་བྱེད་པ་དེ་ཉེས་པ་ལྕི་བ་མ་ཟད། དེ་དང་ཁ་ལག་སྤྱོད་གསུམ་འབྲེལ་ཚད་ཚང་མ་ལ་ཉེས་པ་འགོ་རྒྱུ་ཅན་དེ་འདྲ་ཡིན། ཉམས་པའི་ཆོས་ལ་ཆད་འཛིན་ལྕི། ཞེས་པ་བདེ་བར་གཤེགས་པའི་བཀའ་ལ་འཇིག་རྟེན་པའི་ཁ་དཔེར། རྒྱ་ཟངས་འོ་མ་ལ་ཁ་རྐུབ། བུ་རམ་གོར་མོ་ལ་དཀྱིལ་ཟུར་མེད་པར་གང་ནས་བཅད་ཀྱང་གཅིག་ཡིན་ལ་གང་ནས་བྲོ་བ་མྱང་ན་འདྲ་འདྲ་ཡིན་མོད། འོན་ཀྱང་ཕྱོགས་ཞེན་ཆགས་སྡང་གི་དབང་གིས་བཀའ་ལ་ལ་བཟང་བར་འདུ་ཤེས། བཀའ་ལ་ལ་ངན་པར་འདུ་ཤེས། ཁྱད་པར་དུ་རང་ཕྱོགས་བསྟོད་ཅིང་གཞན་ཕྱོགས་སྨད་ཁུལ་བྱེད་པ་ནས་རང་ཉིད་ཀྱི་སྐྱབས་འགྲོའི་བསླབ་བྱ་ལ་སྐྱོན་ཞུགས་ཉེས་སྤྱོད་ཆེན་པོའི་གཡང་ས་ལ་མིག་ཡོད་ཡོད་ཁར་ལྕེབ་བཞིན་པ་དེ་ཚོར་གསུངས་པ་ཡིན། རང་བཞིན་མེད་ལ་གལ་འཛུག་ལྕི། ཞེས་པས་སྟོང་པ་ཉིད་ལ་མཐའ་གཅིག་ཏུ་ཞེན་ཆེ་ནས་ལོག་རྟོག་གི་ཕྱོགས་སུ་གོལ་བ་དེ་ཚོ་ལ་གསུངས་པ་དེ་རྣམས་ལྕི་བ་བཞི་ཡིན་ནོ། །ལོག་པ་བརྒྱད་ནི། དེ་ལ་རྒྱུའི་ལོག་པ་བརྒྱད་དང་འབྲས་བུའི་ལོག་པ་བརྒྱད་ཀྱི་དབྱེ་བ་ཡོད་ལ། དེ་ལས་རྒྱུའི་ལོག་པ་བརྒྱད་ནི། དགེ་སྡིག་ཅན་ལ་སྨད་དང་བསྟོད། །དགེ་བ་ཅན་གྱི་ཐུགས་དཀྲུག་པ། །དད་པ་ཅན་གྱི་ཚོགས་བཅག་པ། །བླ་མ་ཡི་དམ་མཆེད་ལྕམ་སྤངས། །དཀྱིལ་འཁོར་གཉན་པོ་འབྲལ་བའོ། །ཞེས་རྣམ་པ་བརྒྱད་དང་། འབྲས་བུའི་ལོག་པ་བརྒྱད་ནི། ལྟ་བ་ལོག་པས་དམྱལ་བར་སྐྱེས། །སྒོམ་པ་ལོག་པས་ཡི་དྭགས་སྐྱེས། །སྤྱོད་པ་ལོག་པས་དུད་འགྲོར་སྐྱེས། །ཕྲིན་ལས་ལོག་པས་གཤིན་རྗེར་སྐྱེས། །མཆོད་རྫས་ལོག་པས་མུ་སྟེགས་སྐྱེས། །དམ་རྫས་ལོག་པས་དུག་ཏུ་འགྱུར། །སྔགས་ལོག་བར་ཆད་རྐྱེན་དུ་འགྱུར། །ཞེས་པ་སྟེ་སྔགས་སྒྲ་ལོག་པས་བཏོན་ན་བར་ཆད་ཀྱི་རྐྱེན་ངན་རང་ལ་འཁོར་བས་གནོད་པ་དཔེར་ན། ལྷ་མིན་གྱི་དབང་པོ་སྒྲ་གཅན་འཛིན་གྱིས། དབང་པོའི་དགྲ་བོ་གསོད། ཅེས་པའི་འབྲེལ་སྒྲ་ནོར་བས་རང་ཉིད་ཀྱི་ཤི་རྐྱེན་དུ་གྱུར་པ་ལྟ་བུ་ཡིན། བདེན་དོན་ལོག་པས་རུ་ཏྲར་སྐྱེས། །ཞེས་པ་དན་ཕག་དང་ཐར་བ་ནག་པོའི་སྐྱེ་རྒྱུད་བཤད་པ་ལྟར་ཡིན་པས་དེ་དག་ལ་སོགས་པ་མདོར་ན་དམ་པའི་ཆོས་དང་འགལ་བ། འཇིག་རྟེན་གྱི་ཁྲེལ་དང་ངོ་ཚ་ཉམས་པ་ལ་སོགས་པ་སྔར་བྱས་མི་དགེ་བའི་ལས་དངོས་སུ་དྲན་པ་དང་མི་དྲན་པ། ཚེ་རབས་ཐོག་མེད་ནས་བསགས་པ་ཐམས་ཅད་ལ། ངོ་ཚ་འཇིགས་སྐྲག་འགྱོད་སེམས་དྲག་པོ་དང་བཅས་པས་མཐོལ་ལོ་བཤགས་སོ། །མི་འཆབ་བོ། །མི་སྦེད་དོ། །སྡིག་སྒྲིབ་ཐམས་ཅད་པོ་དུས་ད་ལྟ་ཉིད་དུ་བྱང་ཞིང་དག་པ་ཞིག་ཁྱོད་ཡིན་སྙམ་པས་བླ་མ་དང་རྡོར་སེམས་དབྱེར་མེད་ལ་གསོལ་བ་འདེབས་པ་ནི་ཉེས་བྱས་སུན་འབྱིན་པའི་སྟོབས་ཡིན་ནོ། །དེ་ནས། ཕྱིན་ཆད་སྲོག་ལ་བབ་ཀྱང་སྡོམ། །ཞེས་པས་ཉེས་སྤྱོད་སྡོམ་པའི་སྟོབས་སམ་སོར་ཆུད་པའི་སྟོབས་བསྟན་པ་ཡིན་ཏེ། ཆགས་མེད་བདེ་སྨོན་ལས་ཀྱང་། ཕྱིན་ཆད་སྡོམ་སེམས་མེད་ན་མི་འདག་པས། །ཕྱིན་ཆད་སྲོག་ལ་བབ་ཀྱང་མི་དགེའི་ལས། །ད་ནས་མི་བགྱིད་སེམས་ལ་དམ་བཅའ་བཟུང་། །ཞེས་གསུངས་ལྟར། སྔར་གྱི་ལས་ལ་རེད་མ་སོང་སྙམས་པས་དུག་འཐུང་ལྟ་བུའི་འགྱོད་པ་ཆེན་པོ་བྱེད་པའི་སྟེང་དུ། ད་ཕྱིན་ཆད་སྲོག་དམར་པོ་ད་གཅོད་རྒྱུ་ཡིན་ཟེར་ཡང་། དེ་ལྟར་མི་བྱེད་བསམ་པའི་ཞེ་བཅད་དང་དམ་བཅའ་ཡོད་དགོས་མ་གཏོགས་ཁ་ཙམ་གྱིས་མཐོལ་ལོ་བཤགས་ཞེས་པ་ཙམ་གྱིས་ཞེ་གཏིང་གི་འགྱོད་སེམས་དང་སྡོམ་སེམས་མེད་ན་རྒྱལ་བ་སྲས་བཅས་མངོན་ཤེས་དང་མཁྱེན་པ་ཐོགས་མེད་ཅན་སྨོས་ཅི། སྐྱེ་བོ་ཐ་མལ་པ་ཞིག་ལ་ཡང་ཁ་ཟེར་ཙམ་བྱས་ན་དེ་རྫུན་པ་རེད་བསམ་པ་ཤེས་འགྲོ། དེ་ལྟར་བཤགས་པ་བྱས་པས་སྤྱིར་ཉེས་པ་མེད་ན་ཕན་ཡོན་དཀའ་བས། ཉེས་འགལ་དེ་དང་དེ་ཐམས་ཅད་མི་བྱེད་བསམ་རྒྱུ་ཞིག་ཡོད་དགོས་པས་མི་བྱེད་བསམ་རྒྱུའི་སྡོམ་སེམས་དང་སྲོག་ལ་བབ་ཀྱང་མི་བྱེད་བསམ་རྒྱུའི་དམ་བཅའི་ལྕགས་ཀྱུ་གཉིས་པ་རེས་ཟིན་བཅུག་དགོས་པས། དམ་གྱི་སྟེང་ལ་འཛེར་ཟེར་བ་ལྟར་སྡོམ་སེམས་དེ་ཡང་ནས་ཡང་དུ་ནན་ཏན་བྱེད་པ་དེ་ཉེས་སྤྱོད་སྡོམ་པའི་སྟོབས་ཡིན་ནོ། །དེ་ནས། ཁྱོད་ཐུགས་ཟླ་བ་རྒྱས་པའི་སྟེང་། །ཧཱུྃ་ཡིག་མཐའ་མར་སྔགས་ཀྱིས་བསྐོར། །བཟླས་པ་སྔགས་ཀྱིས་རྒྱུད་བསྐུལ་བས། །ཡབ་ཡུམ་བདེ་རོལ་སྦྱོར་མཚམས་ནས། །བདུད་རྩི་བྱང་ཆུབ་སེམས་ཀྱི་སྤྲིན། །ག་བུར་རྡུལ་ལྟར་འཛག་པ་ཡིས། །བདག་དང་ཁམས་གསུམ་སེམས་ཅན་གྱི། །ལས་དང་ཉོན་མོངས་སྡུག་བསྔལ་རྒྱུ། །ནད་གདོན་སྡིག་སྒྲིབ་ཉེས་ལྟུང་གྲིབ། །མ་ལུས་བྱང་བར་མཛད་དུ་གསོལ། །ཞེས་ཤོ་ལོ་ཀ་ཕྱེད་དང་གསུམ་ཡི་གེ་བརྒྱ་པའི་རིག་སྔགས་དང་བཅས་པས་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་བསྟན་པ་ཡིན་ནོ། །དེ་ཡང་། ཁྱོད་ཐུགས་ཟླ་བ་རྒྱས་པའི་སྟེང་། །ཞེས་པས་བླ་མ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གཉིས་སུ་མེད་པ་ཁྱོད་ཉིད་ཀྱི་ཐུགས་ཀར་བྱང་ཆུབ་སེམས་ཀྱི་མཚོན་བྱེད་ཟླ་བ་ཉ་གང་བའི་དཀྱིལ་འཁོར་ཏེ་ཆ་ཤས་ཡོངས་སུ་གང་བའམ་རྒྱས་པ་དེ་ཉིད་ཀྱང་ཡུངས་དཀར་གླེབ་པ་ཙམ་ཞེས་གསལ་ཁ་བསྟན་པ་ལྟར་བསྒོམ་དགོས། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ཡིག་མཐའ་མར་སྔགས་ཀྱིས་བསྐོར། །ཞེས་པས་ཟླ་བའི་དཀྱིལ་འཁོར་དཀར་གསལ་འཚེར་བ་དབྱིབས་ཡུངས་དཀར་གླེབ་པ་ཙམ་གྱི་དཀྱིལ་དབུས་སུ་ཧཱུྃ་ཡིག་དཀར་པོ་སྤུ་ཉག་མ་གཅིག་གིས་བྲིས་པ་ལྟར་གསལ་བའི་མཐའ་སྐོར་དུ་སྔགས་ཡི་གེ་བརྒྱ་བའི་གཟུངས་སྔགས་ཀྱིས་བསྐོར་བར་བསམ་ནས་བསྒོམ། སྐོར་ལུགས་ཡང་ཨོཾ་ནས་མགོ་བརྩམ་སྟེ་ཡིག་བརྒྱའི་སྔགས་འབྲུ་རྣམས་དཔེ་རྭ་ལང་པ་ལྟར་གསུང་པས་སེམས་ཅན་གྱི་རྭ་ཅོ་མགོ་ལ་གྱེན་དུ་བསྟན་ནས་སྐྱེས་པ་ལྟར་གཅིག་ལ་གཅིག་མ་རེག་ཙམ་དུ་གཡས་སྐོར་དུ་བསྐོར་བཞིན་ཡོད་པར་བསམ། བཟླས་པ་སྔགས་ཀྱིས་རྒྱུད་བསྐུལ་བས། །ཞེས་པས་རང་གི་ངག་ཐོག་ནས་ཡི་གེ་བརྒྱ་པ་ཚིག་རྗེས་དོན་དྲན་གསོལ་འདེབས་ཀྱི་ཚུལ་དུ་བཏོན་པས་བཟླས་པའི་སྔགས་དེ་ཉིད་ཀྱིས་རྡོ་རྗེ་སེམས་དཔའི་ཐུགས་རྒྱུད་བསྐུལ་བས། ཡབ་ཡུམ་བདེ་རོལ་སྦྱོར་མཚམས་ནས། །ཞེས་པས་ཐུགས་ཀའི་ཧཱུྃ་ཡིག་སྔགས་ཕྲེང་དང་བཅས་པ་ལས་ཐུགས་རྗེ་ཡེ་ཤེས་ཀྱི་བདུད་རྩི་འཁྱག་རོམ་མེས་ཞུ་བ་ལས་ཆུ་ཐིགས་བབ་པ་བཞིན་དུ་རྡོར་སེམས་ཡབ་ཡུམ་བདེ་བར་རོལ་བའི་སྙོམས་འཇུག་གི་སྦྱོར་མཚམས་ནས། བདུད་རྩི་བྱང་ཆུབ་སེམས་ཀྱི་སྤྲིན། །ཞེས་པས། བདེ་ཆེན་བྱང་ཆུབ་སེམས་ཀྱི་བདུད་རྩི་བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་པོ་ག་བུར་གྱི་རྡུལ་ལྟར་འཛག་པ་ཞེས་པས་དཔེར་མཚོན་པ་སྟེ་དཀར་ཆ་རི་བོང་འཛིན་པ་ཟླ་བའི་གཟུགས་སུ་བཀོད་ནས་ཟླ་བ་ལས་བསིལ་ཟེར་ག་བུར་གྱི་རྡུལ་ལྟར་འབབ་པའི་ཚུལ་དུ་བཀོད་དེ། བདུད་རྩི་བྱང་ཆུབ་ཀྱི་སེམས་སྤྲིན་ཁ་དོག་དཀར་པོ་ལ་གོ་བའི་དོན་ཏེ། ལུས་གང་བ་ལ་ཤེལ་བུམ་འོ་མས་གང་བ་ཞེས་དཔེ་བཞག་པ་ལྟར་རོ། །དེ་ལྟར་བདེ་ཆེན་བྱང་ཆུབ་སེམས་སྤྲིན་གྱི་བདུད་རྩི་དེ་ཉིད་རང་གཞན་གཉིས་མེད་ཀྱི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས་ཏེ། བདག་དང་ཁམས་གསུམ་སེམས་ཅན་གྱི། །ལས་དང་ཉོན་མོངས་སྡུག་བསྔལ་རྒྱུ། །ནད་གདོན་སྡིག་སྒྲིབ་ཉེས་ལྟུང་གྲིབ། །མ་ལུས་བྱང་བར་མཛད་དུ་གསོལ། །ཞེས་པས། བདག་གཅིག་པུ་ཙམ་མ་ཡིན་པར་བདག་དང་ཁམས་གསུམ་རིགས་དྲུག་ཏུ་འཁོར་བའི་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་སྒོ་ལུས་ངག་ཡིད་གསུམ་གྱིས་བསགས་པའི་མི་དགེ་བའི་ལས་དང་། ལས་དེ་དག་ཀུན་ནས་སློང་བྱེད་རྒྱུ་ཆགས་སྡང་རྨོངས་གསུམ་གྱི་ཉོན་མོངས་པ་འབྲས་བུ་སྡུག་བསྔལ་སྐྱེད་པར་བྱེད་པའི་རྒྱུ་རྐྱེན་དུ་གྱུར་པ་རྣམས་དང་། ནད་གདོན་སྡིག་སྒྲིབ། །ཉེས་ལྟུང་གྲིབ་ཅེས་པ། བྱེ་བྲག་ཏུ་རླུང་མཁྲིས་བད་ཀན་ལ་སོགས་ནད་ཐམས་ཅད་ཁྲག་རུལ། གནོད་བྱེད་ཀྱི་གདོན་ཐམས་ཅད་སྲོག་ཆགས་སྦལ་སྦྲུལ་སྡོམ་སྡིག་ལ་སོགས་པའི་རྣམ་པ། རང་བཞིན་གྱི་སྡིག་པ་དང་ཉོན་ཤེས་ཀྱི་སྒྲིབ་པ། བཅས་པའི་ཁ་ན་མ་ཐོ་བའི་ཉེས་ལྟུང་དང་བཅས་པ། གྲིབ་ཅེས་པ་གསང་སྔགས་ཀྱི་དམ་ཚིག་དང་འགལ་བའི་ཟླས་ཉམས་ཏེ་རོགས་པ་ཐ་ཆད་དམ་ཉམས་དང་འགྲོགས་པའི་གྲིབ་དང་ཞོར་ཉམས་རང་གིས་བསམ་བཙུག་ནས་རྡོ་རྗེ་སློབ་དཔོན་གྱི་སྐུ་ལ་བརྡོ་བ་ལ་སོགས་པའི་ལས་མ་བྱས་རུང་ཐག་ཞོར་འབྲེང་དྲུད་ཅེས་ཟེར་བ་ལྟར། ངན་པའི་ཤུགས་རྐྱེན་དུ་ཤོར་བའམ་མིན་ཀྱང་མ་བརྟག་མ་དཔྱད་པར་ཁ་ཞོར་ལག་ཞོར་ལ་འགལ་བ་ཤོར་བའི་དམ་གྲིབ། ཡང་ང་ནི་དམ་ལྡན་ཡིན་སྙམ་པ་ཡང་དཀའ་སྟེ་མ་ཤེས་ས་ནས་ཉམས་གྲིབ་ཀྱི་སྐྱོན་མང་པོ་ཅི་ཙམ་ཕོག་མེད་དེ། གྲུབ་ཐོབ་ཨོ་རྒྱན་པས། དགྲ་ཉམས་གྲིབ་མིན་པས་ཐུབ་མ་མྱོང་། །གྲོགས་བླ་མ་མིན་པས་སྐྱོབ་མ་མྱོང་། །ཞེས་གསུངས་པ་ལྟར་ཡིན་པས་རང་གིས་ཡག་པོ་ཞིག་ལས་ཡོད་སྙམ་ན་ཡང་། ངན་པའི་གྲིབ་ཕོག་པ་ཡོད་པས་དེ་ཚོ་རང་གཞན་སུ་ཡིན་ཡང་སྟེང་དུ་འོང་མྱོང་བ་ཞིག་ཡིན་ལ་ང་རང་གི་ཡང་སྟེང་དུ་འོང་མྱོང་བ་ཞིག་ཡིན། འོང་ཚར་དུས་ཉམས་ཆགས་བསྐང་ནས་བཤགས་པ་བྱེད་རྒྱུ་དེ་སོ་སྐྱེ་རྨོངས་པ་ལ་དེ་ལས་གཞན་པའི་ཐབས་མེད་དོ། །མ་ལུས་བྱང་བར་མཛད་དུ་གསོལ། །ཞེས་པས། དེ་ལྟ་བུའི་སྡིག་སྒྲིབ་ཉེས་ལྟུང་གི་རིགས་ཐམས་ཅད་པོ་གཅིག་ཀྱང་མ་ལུས་པ་དུད་ཁུ་དང་སོལ་ཁུ་རླངས་པ་མི་གཙང་བའི་རྣམ་པར་ཆུ་ལོག་གིས་ས་རྡུལ་དེད་པ་ལྟར་གོང་གི་བདུད་རྩིའི་རྒྱུན་གྱིས་ཐོགས་པ་མེད་པར་དེད་ནས་བ་སྤུའི་བུ་ག་དང་འོག་སྒོ་གཉིས་ནས་ནག་ཉིལ་གྱིས་ཕྱིར་ཐོན་ཏེ། རང་གི་འོག་ཏུ་ས་གས་པའི་མར་ཞབས་སུ་འཆི་བདག་ལས་ཀྱི་གཤིན་རྗེ་འཁོར་ལན་ཆགས་ཀྱི་བུ་ལོན་དང་ཤ་འཁོན་བུ་ལོན་གྱི་བདག་པོ་བདག་མོ་ཐམས་ཅད་ཁ་ལག་སྦར་གསུམ་བཟེད་ཡོད་པའི་ནང་དུ་སོང་ནས་དེ་ཐམས་ཅད་ངོམས་ཤིང་ཚིམ་པས་ལན་ཆགས་དང་བུ་ལོན་སོད། ཤ་འཁོན་དང་སྡིག་སྒྲིབ་ཐམས་ཅད་སྦྱངས་བར་བསམ་པས་ཡིག་བརྒྱ་བཟླ་དགོས། དེ་ནས་ཡིག་བརྒྱའི་སྔགས་དོན་ཅུང་ཟད་འགྲེལ་ན། དང་པོ་ ཨཱོྃ་ ནི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་སམ་ཡེ་ཤེས་ལྔ་ལྡན་གྱི་བདག་ཉིད་ཡིན་པས་མགོ་འདྲེན་ཡིན། བཛྲ་ས་ཏྭ་ས་མ་ཡ་ཞེས་པས་རྡོ་རྗེ་སེམས་དཔའི་དམ་ཚིག་ཅེས་པ་ཡིན། མ་ནུ་པཱ་ལ་ཡ་ཞེས་པ་དམ་ཚིག་དེ་ཉིད་ཀྱིས་བདག་ལ་རྗེས་སུ་སྐྱོང་བར་མཛོད་ཅེས་པ་ཡིན། བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ་ཞེས་པ། རྡོ་རྗེ་སེམས་དཔའ་ཁྱོད་ཉིད་བདག་ལ་ཉེ་བར་གནས་པར་མཛོད་ཅེས་དང་། དྲི་ཌྷོ་མེ་བྷ་ཝ་ཞེས་པ་བདག་ལ་བརྟན་པར་བཞུགས་སུ་གསོལ་ཞེས་དང་སུ་ཏོཥྱོ་མེ་བྷ་ཝ་ཞེས་པ་དགྱེས་པ་དང་ཚིམ་པར་དགོངས་ནས། ཞེས་པ་དང་། འདིའི་སྔགས་གཉིས་བསྣོལ་ཏེ་སུ་པོཥྱོ་མེ་བྷ་ཝ་ཞེས་བདག་ལ་ཤིན་ཏུ་དགྱེས་ཏེ་རྒྱས་པའི་ལས་ཐམས་ཅད་ཀྱི་བསྒྲུབ་བྱར་གྱུར་པ་ཚེ་དང་བསོད་ནམས་ལ་སོགས་པ་ཕུན་སུམ་ཚོགས་པའི་དོན་ཐམས་ཅད་སྩོལ་ཞེས་པ་དང་། ཨ་ནུ་རཀྟོ་མེ་བྷ་ཝ་ཞེས་པ་བདག་ལ་རྗེས་སུ་ཆགས་ནས་མི་འབྲལ་བར་བཞུགས་སུ་གསོལ་ཞེས་དོན་གྱི་འབྲེལ་བའི་དབང་གིས་སྔགས་གོང་འོག་བསྣོལ་ནས་བཀླག་པ་ཡིན་པ་ལས་གོང་འོག་བཅོས་རྒྱུ་མིན། སརྦ་སིདྡྷི་མྨེ་པྲ་ཡཙྪ་ཞེས་པ་བདག་ལ་དངོས་གྲུབ་ཐམས་ཅད་རབ་ཏུ་སྩོལ་ཅིག་ཅེས་དང་། སརྦ་ཀརྨ་སུ་ཙ་མེ་ཞེས་པས་ལས་ཐམས་ཅད་འགྲུབ་པའི་དངོས་གྲུབ་བདག་ལ་སྩལ་དུ་གསོལ། ཙིཏྟཾ་ཤྲེ་ཡཾ་ཀུ་རུ་ཧཱུྃ་ཞེས་པས་ངེས་པར་ལེགས་པའི་དཔལ་མཆོག་ཏུ་གྱུར་པ་ཐུགས་རྡོ་རྗེ་བདག་གི་སེམས་ལ་སྦྱོར་བར་མཛོད་ཅིག ཅེས་དང་། ཧ་ཧ་ཧ་ཧ་ཧོ་ཞེས་པ་ཡེ་ཤེས་རྡོ་རྗེ་རྗེས་ཆགས་ཀྱི་བཞད་སྒྲ་ཡིན་པར་གསུངས། བྷ་ག་ཝན་ནི་བཅོམ་ལྡན་འདས་དང་། སརྦ་ཏ་ཐཱ་ག་ཏ་བཛྲ་མ་མེ་མུཉྩ་ཞེས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་བདག་ལ་འབྲལ་བ་མེད་པར་ཐོབ་པར་མཛོད་ཅིག་ཅེས་དང་། བཛྲཱི་བྷ་ཝ་རྡོ་རྗེ་ཅན་གྱི་གོ་འཕང་ལ་སྦྱོར་བར་མཛོད་ཅིག་ཅེས་དང་། མ་ཧཱ་ས་ཏྭ་ས་མ་ཡ་ས་ཏྭ་ཨཱཿནི་དམ་ཚིག་ཆེན་པོའི་སེམས་དཔའ་གསུང་རྡོ་རྗེ་བདག་ཉིད་དོ། །ཞེས་སྔགས་དོན་དེ་ལྟར་སྒྲ་བསྒྱུར་མཛད་ལ། སྒྱུར་སྟངས་ཡང་བཀའ་གཏེར་གྱི་ཡིག་ཆ་རྣམས་སུ་འདྲ་མིན་ཅུང་ཟད་རེ་བྱུང་འདུག་པ་མ་ཟད། བཀླག་སྟངས་ཀྱི་ཐད་ནས་ཀྱང་ཅུང་ཟད་འདྲ་མིན་ཡོད་པ་ཡིན་མོད། ཕལ་ཆེན་མང་ཆེ་བ་རྒྱུ་མཚན་དང་ལྡན་པ་སྔགས་ཅུང་ཟད་འདྲ་མིན་ཡོད་ན་ཡང་དོན་གྱི་སྟེང་ནས་གཅིག་པ་ཡིན། སྔགས་བཀླག་ཐབས་ཀྱི་ཐད་ནས་བཛྲ་ལ་དེང་སང་སཾ་སྐྲྀ་ཏའི་སྐད་ཡིན་ཁུལ་གྱིས་ཝ་ཅི་ར་ཞེས་ཟེར་དགོས་ཞེས་གྲགས་མོད། འོན་ཀྱང་གྲུབ་བརྙེས་ཀྱི་རིག་འཛིན་གོང་མ་དམ་པས་སྔགས་སྒྲ་འདིའི་སྟེང་ནས་དངོས་གྲུབ་བརྙེས་ཤིང་རང་ཅག་གིས་ཀྱང་རྗེས་སུ་གནང་བ་དེའི་སྒོ་ནས་ཐོབ་པ་ཡིན་ན། མགོ་སེར་རྣམས་ཀྱིས་གཙོ་བོ་བྱས་པའི་ཁ་ལ་རྒྱུག་དགོས་དོན་མེད་སྙམ་ལ། འདིའི་ཐད་ནས་གཞན་དག་སུས་བཤད་པ་དང་ལན་བཏབ་པ་སོགས་བདག་གིས་མ་ཐོས་མོད། འོན་ཀྱང་འདི་ཅུང་མི་བཤད་ཀ་མེད་རེད་བསམ་འདུག དེ་ཡང་སྤྱིར་སྔགས་ཞིབ་འཇུག་བྱེད་པའི་མིས་སྔགས་ཤེས་དགོས། ཞིབ་འཇུག་བྱེད་གཞི་མ་ཤེས་ན་ཅི་ལ་ཞིབ་འཇུག་བྱེད་འོང་། དེ་བས་ཞིབ་འཇུག་གི་གཞི་དེ་དང་པོར་ཤེས་དགོས། དེ་ལ་ཞིབ་འཇུག་བྱེད་པའི་གཞི་སྔགས་ཡིན་ན། སྔགས་ཀྱི་རྒྱུ་ཡི་གེ་དང་། ངོ་བོ་གྲུབ་པ་བཞི་ལྡན་དང་། འབྲས་བུ་ནུས་པ་ཐོགས་མེད་རེད་ལ་དེ་གསུམ་གྱི་སྒོ་ནས་བཤད་ན། དང་པོ་རྒྱུ་ཡི་གེ་ལ་དབྱེ་བའི་རྣམ་གྲངས་ཡོད་དེ། ལུས་གནས་རྩ་ཡི་ཡི་གེ། ཕོ་བྲང་ལྷ་ཡི་ཡི་གེ། ཆོ་འཕྲུལ་སྤྲུལ་པའི་ཡི་གེ། མཚོན་བྱེད་སྒྲ་ཡི་ཡི་གེ་དང་བཞི་ཡོད་པ་ལས་འདི་གང་ཡིན་ཞེ་ན། མཚོན་བྱེད་སྒྲ་ཡི་ཡི་གེ་ཡིན་དགོས། འོན་ཀྱང་སྒྲ་ལ་བསམ་བློ་བཏང་ན་སྒྲ་རྐྱང་བས་ནུས་པ་མི་ཐོན་ཏེ། སེམས་ཅན་ཐམས་ཅད་ཀྱིས་སྒྲ་སྐད་འདྲ་མིན་སྣ་ཚོགས་གྲགས་པ་དཔེར་ན་སེང་གེས་ང་རོ་སྒྲོག་གི་ཡོད། མི་ཡིས་ཁ་བརྡ་བཤད་བཞིན་ཡོད། མཛོ་དང་མཛོ་མོས་ངུར་སྒྲ་བསྒྲགས་རྒྱུ་ལ་སོགས་པ་སྒྲ་སྐད་ཡིན་མོད། དེ་ལ་བྱིན་རླབས་ཕར་ཞོག་ངག་འཁྱལ་བཤད་ན་ཉེས་པ་འབྱུང་བ་མ་ཡིན་ནམ། དེ་ལྟར་ཡིན་དུས་སཾ་སྐྲྀ་ཏའི་སྐད་རེད་ཅེས་པ་རྐྱང་པས་མི་ཆོག་སྟེ། སཾ་སྐྲྀ་ཏའི་སྐད་ཀྱི་སྟེང་ནས་ལྟ་ལོག་ཡང་མང་པོ་དར་མྱོང་ཡོད་ངེས། ང་ཚོས་ཨོ་རྒྱན་སྐད་དུ་རུ་ཨཀྵ་ཤ་ཀ་ར་ཎཿ བོད་སྐད་དུ། གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ཞེས་འདོན་བཞིན་ཡོད་ལ། དེ་ཡང་སྔགས་སུ་བྱིན་བརླབས་པ་རེད་མ་གཏོགས། ཨོ་རྒྱན་གྱི་སྐད་ཡིན་པས་ཕན་ཐོགས་ཅི་ཡོད། ཨོ་རྒྱན་ཞེས་པ་ཨ་ཧྥུ་གྷ་ནེའུ་སི་ཐན་ཡིན་པར་གྲགས་ན། ས་ཆ་དེར་དེང་སང་ཡང་ཨོ་རྒྱན་གྱི་སྐད་རྒྱག་བཞིན་ཡོད་རྒྱུ་རེད། འོན་ཀྱང་ད་ལྟ་ས་ཆ་དེ་ལྟ་ལོག་ཕྱི་རོལ་པ་ནང་པའི་བསྟན་དགྲ་ངོ་མ་བོ་ཁ་ཆེའི་ཆོས་ལུགས་ཀྱིས་བཟུང་ཡོད་ལ། བསྟན་དགྲ་ཡིན་པ་སྨོས་ཅི་དགོས་ཏེ་འཛམ་གླིང་ན་སྐད་གྲགས་ཡོད་པའི་བདེ་བར་གཤེགས་པའི་སྐུ་རྟེན་དེ་བཤིག་ནས་ཁོ་ཚོ་ལ་ཡང་རྣམ་སྨིན་མཐོང་ཆོས་སུ་གྱུར་པ་ཁྲ་ལིའི་པན་ལ་ཅི་འདྲ་བྱུང་མ་སོང་། པེན་ལ་ཏེང་གར་སོང་ཆ་མེད་དུ་གྱུར་པ་དང་ས་ཐ་མོའུ་སྐེ་ཐག་པས་བཏགས་པ་སོགས་མང་པོ་བྱུང་མ་སོང་ངམ། དེའི་ཕྱིར་སྔགས་ཞེས་པ་འདི་རྒྱུ་མཚོན་བྱེད་སྒྲ་ཡི་ཡི་གེ་གཞིར་བཟུང་ནས་ངོ་བོ་གྲུབ་པ་བཞི་ལྡན་ཞིག་ཡིན་དགོས། དེའི་སྟོབས་ཀྱིས་འབྲས་བུ་ནུས་པ་ཐོགས་མེད་དེ་འོང་བ་ཡིན། དེ་ལ་ངོ་བོ་གྲུབ་པ་བཞི་ལྡན་ནི། ཆོས་ཉིད་ངོ་བོས་གྲུབ་པ། ཆོས་ཅན་རང་བཞིན་གྱིས་གྲུབ་པ། བྱིན་གྱིས་རླབས་ཀྱིས་གྲུབ་པ། ནུས་པའི་མཐུས་གྲུབ་པ་བཞི་ཚང་དགོས། དེ་ཡང་སྔགས་སུ་བྱིན་གྱིས་བརླབས་པ་སཾ་སྐྲྀ་ཏའི་སྐད་མིན་ཡང་སྔགས་སུ་འགྱུར་བ་ཡོད་པ་དང་ཁྱད་པར་དུ་གཏེར་ཡིག་དེ་རྣམས། མཁའ་འགྲོ་བརྡ་ཡི་ཡི་གེ། འགྲོ་ལྡིང་གི་ཡི་གེ། བོད་ཡིག་ལ་སོགས་པ་ཡོད་པ་དཔེར་ན་གུ་རུའི་མཚན་སྔགས་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་ཞེས་པའི། ཐོད་ཕྲེང་རྩལ་བོད་སྐད་ཡིན་ཏེ། ཐོད་པའི་ཕྲེང་བ་ཞེས་པ་བོད་སྐད་ཡིན། འོན་ཀྱང་སྔགས་སུ་བྱིན་གྱིས་བརླབས་དུས། ཆོས་ཉིད་ངོ་བོས་གྲུབ་པ་ཡི་གེ་ཐམས་ཅད་སྟོང་ཆེན་མཉམ་པ་ཉིད་ཀྱི་ངོ་བོར་གྲུབ། ཆོས་ཅན་རང་བཞིན་གྱིས་གྲུབ་པ་ཐུན་མིན་སྣང་བའི་རང་བཞིན་བསླུ་མེད་དུ་གྲུབ། བྱིན་གྱིས་བརླབས་ཀྱིས་གྲུབ་པ་གུ་རུ་རིན་པོ་ཆེ་རང་ཉིད་དང་དབྱེར་མེད་པའི་དུས་གསུམ་རྒྱལ་བའི་མཚན་སྔགས་སུ་བྱིན་གྱིས་བརླབས། ནུས་པའི་མཐུ་ཡིས་གྲུབ་པ་སྨན་དང་ནོར་བུ་བཞིན་དུ་འདོད་རྒུ་ཐོགས་མེད་འབྱུང་བ་མཐོང་ཆོས་མངོན་གྱུར་ཡིན། དེ་བས་ན་བོད་ཆོས་རྒྱལ་མེས་དབོན་རྣམ་གསུམ་ཚུན་ཆོད་ནས་སྤྲུལ་པའི་ལོ་པཎ་དང་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་མང་པོ་བྱོན་པ་ཐམས་ཅད་ཀྱིས་ཐུགས་དམ་ཉམས་བཞེས་གནང་། བྱིན་གྱིས་བརླབས་པའི་རིག་སྔགས་ཀྱི་མཐུ་གྲུབ་པས། མཁའ་ལ་བྱ་ལྟར་འཕུར། ཆུ་ལ་ཉ་ལྟར་འཕྱོ། བྲག་ལ་ཟན་ལྟར་ཟ། རི་བྲག་ལ་ཐོགས་མེད་དུ་རྒྱུ་བ་རྣམས་ཀྱིས་གྲུབ་པ་ཐོབ་པའི་སྔགས་དེ་ཡི་རྗེས་སུ་མི་ཞུགས་པར། མི་ཁ་ལ་བརྒྱུག་ནས་བསྒྱུར་མི་དགོས་སྙམ་པ་ཡིན། སྤྱིར་ཡང་རང་ཅག་གིས་མགོ་སྐྲ་ཚུན་ཆད་བསྒྱུར་དགོས་དོན་མེད། ཁོ་རང་ཚོས་བསྒྱུར་ན་སྒྱུར་ཏུ་ཆུག ང་རང་ཚོས་མི་བསྒྱུར། བོད་ཀྱི་བླ་མ་ཀླད་པ་རྙིང་པ་རེད་ཟེར་ངེས་ཀྱང་། རྙིང་པའང་སྤང་ནས་གསར་གོ་ཅི་ཙམ་ཆོད་བལྟ་དང་ཤེས་འོང་། རྒྱ་ནག་ནས་སྔོན་ཝང་ཧོང་ཝེན་དང་ཅང་ཆིན་གཉིས་ཀྱིས་རྙིང་དོར་གསར་འཇུག་བྱས་མོད་ཁུངས་མ་ཆོད་པའི་ལོ་རྒྱུས་མང་པོ་ཡོད་པ་དེ་ལྟར་ཡིན་ནོ། །འདིའི་སྐབས་གཙོ་བོ་བསྐྱེད་རིམ་གྱི་དམིགས་གནད་དེ་གལ་ཆེ་སྟེ། ལྷའི་རྣམ་པ་གསལ་སྐབས་གསལ་བརྟན་གྱི་ཚད་བརྒྱད་བཤད་དེ། གསལ་བའི་ཚད་བཞི་དང་། བརྟན་པའི་ཚད་བཞི། དང་པོ་གསལ་བའི་ཚད་བཞི་ནི། སལ་ལེ། སེང་ངེ། ལྷག་གེ། ལྷང་ངེ་བ་སྟེ། ལྷ་གང་བསྒོམ་ཡང་དེའི་སྣང་ཆ་སྤྱན་གྱི་དཀར་ནག་ཚུན་ཆོད་མ་འདྲེས་པར་བཀྲ་ས་ལེར་ཡོད་པ། མག་མོག་ནག་ནོག་མ་ཡིན་པར་རིག་པའི་ངར་ཆ་དང་ལྡན་པས་སེང་ངེ། སེམས་མེད་འཇའ་ཚོན་དང་བེམ་པོའི་རྣམ་པ་མ་ཡིན་པར་ཡེ་ཤེས་ཀྱིས་ཟིན་པས་ཡོན་ཏན་བརྒྱ་ཕྲག་ཏུ་འཆར་བའི་ལྷག་གེར་ཡོད་པ་དེ་ལྟར་བསྒོམ་དགོས། དེ་ལྟར་ཡིན་རྒྱུ་རེད་སྙམ་པའི་རྗེས་དཔག་གི་བློ་རྟོག་ཙམ་ཞིག་མ་ཡིན་པར་དྭངས་པའི་ཡིད་ངོར་མངོན་སུམ་དུ་ལྷང་ངེར་འཆར་བ་དེ་ལྟར་དགོས། བརྟན་པའི་ཚད་བཞི་པོ་གང་ཡིན་ན། བརྗེད་ངས་དང་ལེ་ལོ་ལ་སོགས་པ་སྤྱི་སྐྱོན་ཀྱིས་མི་གཡོ་བ། གསལ་ལ་མི་གསལ་བའི་བྱེ་བྲག་གི་སྐྱོན་གྱིས་མི་འགྱུར་བ། མཚམས་རེ་གསལ་མཚམས་རེ་མི་གསལ་བའི་རྣམ་རྟོག་གིས་མི་བརྫི་བར་ཉིན་མཚན་ཐམས་ཅད་དུ་མངོན་པར་མི་འགྱུར་བ། བཞེངས་བཞུགས་འོད་ཟེར་འཕྲོ་བསྡུ་ལ་སོགས་པ་ཅི་ལྟར་བསྒོམ་ཡང་ཆོག་པས་འབྱོང་ཞིང་ཅིར་ཡང་བསྒྱུར་ཏུ་བཏུབ་པ་སྟེ། དེ་ལྟར་གསལ་བརྟན་གྱི་ཚད་བརྒྱད་དང་ལྡན་པར་བསྒོམ་དགོས། གང་སྣང་ཐམས་ཅད་ལྷའི་འཁོར་ལོར་ཤར་ན་སྣང་བ་ལྷའི་འཁོར་ལོ་ཞེས་བརྟན་པ་ཐོབ་པའི་ཚད་ཡིན། འོན་ཀྱང་ལས་དང་པོ་པས་དེ་ཙམ་གསལ་མི་ནུས་དུས་མཚམས་རེར་རྡོ་རྗེ་སེམས་དཔའི་སྐུ་ལུས་ཞལ་ཕྱག་སོགས་ལ་བསམ་བློ་བཏང་། མཚམས་རེར་རྒྱན་ཆ་ལུགས་ལ་དམིགས་པ་གཏད། མཚམས་རེར་བདུད་རྩི་འབེབ་སྦྱོང་དང་། སྐབས་རེར་འགྱོད་སེམས་དང་བཤགས་སེམས་ལ་བསམ་བློ་བཏང་སྟེ་རིམ་གྱིས་དམིགས་པ་ཐམས་ཅད་མཉམ་དུ་མ་སླེབ་པར་འབད་པ་བྱེད་དགོས། གང་ལྟར་ཡང་ཐུན་བསྡུ་རན་པའི་སྐབས། རང་གི་ལུས་ཕྱི་གསལ་ནང་གསལ་འོད་ཀྱི་རང་བཞིན་ཅན་ཞིག་ཏུ་བསམ་ནས། རང་གི་ལུས་ཀྱི་དབུས་ནས་ཡར་རྩ་དབུ་མ་སྔར་བཤད་ལྟར་མཚན་ཉིད་བཞི་ལྡན་ཞིག་ཏུ་བསྒོམ། དེ་ལས་གྱེས་པའི་འཁོར་ལོ་བཞི་པོ་གདུགས་ཀྱི་རྩིབ་མ་བརྒྱང་བ་ལྟ་བུ། ལྟེ་བ་སྤྲུལ་པའི་འཁོར་ལོའི་རྩ་འདབ་དྲུག་ཅུ་རྩ་བཞི་ཁ་ཡར་གྱུ་བ། སྙིང་ཀ་ཆོས་ཀྱི་འཁོར་ལོའི་རྩ་འདབ་བརྒྱད་ཁ་མར་གྱུ་བ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་རྩ་འདབ་བཅུ་དྲུག་ཁ་ཡར་བསྟན་པ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་རྩ་འདབ་སུམ་ཅུ་སོ་གཉིས་ཁ་མར་བསྟན་པ་ཞེས། དེ་ལྟར་གསུངས་པའི་རྩ་རྣམས་སུ་བདུད་རྩིའི་རྒྱུན་སྔར་ལྟར་བབས་པས་རྩ་འཁོར་ལོ་བཞི་ལ་སོགས་པའི་ལུས་ཀྱི་ཕྱི་ནང་ཐམས་ཅད་བདུད་རྩིའི་དཀར་ལྟེམ་གྱིས་གང་། དབང་བཞི་ཐོབ་སྒྲིབ་བཞི་དག དགའ་བ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས་ནས་ལུས་སེམས་གཉིས་ཀ་ཟག་མེད་ཀྱི་བདེ་བས་མྱོས་ཏེ་སྐུ་བཞིའི་གོ་འཕང་རྒྱུད་ལ་བཞག་པར་བསམ་དགོས་སོ། །དེ་ནས། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །ཞེས་པའི་ཚིག་རྐང་དྲུག་དང་། དེ་ནས། སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་པ་དང་སྒྲིབ་པ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་པའི་གནོང་འགྱོད་ཀྱི་བཤགས་ཚིག་ཕུལ་བའི་རྗེས་སུ། ངག་འདོན་གྱི་ཚིག་ལྷུག་ལྟར། རྡོ་རྗེ་སེམས་དཔའ་དགྱེས་བཞིན་འཛུམ་པ་དང་བཅས་པས་ཞལ་ནས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པ་ཡིན་ནོ་ཞེས་གནང་བ་བྱིན་ཞིང་དེ་ནས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གཉིས་སུ་མེད་པ་འོད་དུ་ཞུ་ནས་རང་ལ་ཐིམ་པའི་རྐྱེན་ལས། རང་ལུས་འོད་དཀར་གྱི་གོང་བུ་ཧཱུྃ་ཡིག་གིས་མཚན་པ་ཞིག་ཏུ་གྱུར་ནས། དེ་ཉིད་ཀྱང་སྐད་ཅིག་གིས་རྡོ་རྗེ་སེམས་དཔའ་སྣང་སྟོང་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་གྱུར་པའི་ཐུགས་སྲོག་ཧཱུྃ་ཡིག་གི་མཐའ་མར་ཡི་གེ་འབྲུ་བཞི་པོ་གསལ་བ་ལས་འོད་ཟེར་འཕྲོས། ཁམས་གསུམ་སྣོད་བཅུད་དང་བཅས་པ་རྡོར་སེམས་རིགས་ལྔའི་རྟེན་དང་བརྟེན་པའི་རང་བཞིན་དུ་སངས་རྒྱས་པར་གྱུར་ཞེས་གསུངས་པས་རང་ཉིད་རྡོར་སེམས་སུ་གསལ་བའི་ཐུགས་ཀར་གོང་བཞིན་ཟླ་བའི་དཀྱིལ་འཁོར་ཡུངས་འབྲུ་གླེབ་པ་ལྟ་བུ་ཞིག་གི་དབུས་སུ་ཐུགས་སྲོག་ཧཱུྃ་ཡིག་མཐིང་ག་ནམ་མཁའི་མདོག་ཅན་ཞིག་དང་། དེའི་མདུན་དུ་ཨཱོྃ་དཀར་པོ། གཡས་སུ་བཛྲ་སེར་པོ། རྒྱབ་ཏུ་ས་དམར་པོ། གཡོན་ཕྱོགས་སུ་ཏྭ་ལྗང་གུ་སྟེ། ཡི་གེ་བཞི་པོའི་ཞལ་ནང་དུ་ཕྱོགས་པར་གསལ་ལ་བསྒོམ། ཨཱོྃ་བཛྲ་ས་ཏྭ་ཧཱུྃ་ཞེས་པའི་འབྲུ་ལྔ་པོའི་དོན་གང་ཞེ་ན། ཨཱོྃ་སྐུ་ལྔ་ཡེ་ཤེས་ལྔ་ལྡན་གྱི་ལོངས་སྐུ། བཛྲ་རྡོ་རྗེའི་དོན་ཏེ་མི་ཕྱེད་པ་དབྱིངས་དང་ཡེ་ཤེས་དབྱེར་མི་ཕྱེད་པས་ན་ཆོས་སྐུ། ས་ཏྭ་སེམས་དཔའ་སྟེ་སྤྲུལ་བའི་སྐུ། ཧཱུྃ་བདེ་བར་གཤེགས་པའི་ཐུགས་ཀྱི་གསང་བ་མཚོན་པའི་ཡི་གེ་དངོས་གྲུབ་བསྐུལ་ཞིང་ཐོབ་པའི་དོན་ཅན་ཡིན་པས་ན་གཉིས་མེད་བྱང་ཆུབ་སེམས་ལ་ཆོས་ཐམས་ཅད་འདུས་པའི་མཉམ་ཉིད་ཀྱི་ཐུགས་ཀྱིས་དགོངས་ཤིག་ཅེས་པའི་སྔགས་དོན་དེ་ལྟ་བུ་ཞིག་ཡིན་པར་གསུངས། ཨཱོྃ་བཛྲ་ས་ཏྭ་ཧཱུྃ་ཞེས་ཡི་གེ་འབྲུ་ལྔ་པོ་མང་དུ་བཟླས་པས་ཡིག་འབྲུ་ལྔ་ལས་འོད་ཟེར་དཀར་སེར་དམར་ལྗང་མཐིང་གའི་མདོག་ཅན་ཡར་ལ་འཕྲོས། འོད་ཟེར་དེ་དག་བརྒྱ་སྟོང་དུ་གྱུར་ནས། འོད་ཟེར་རེ་རེའི་རྩེ་ལས་ཀྱང་མཆོད་རྫས་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་དཔག་མེད་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་ལ་མཆོད་པ་ཕུལ། ཚོགས་རྫོགས། སྒྲིབ་པ་དག ཐུགས་རྗེ་དང་བྱིན་རླབས་ཐམས་ཅད་འོད་ཟེར་ཁ་དོག་སྣ་ཚོགས་ཀྱི་རྣམ་པར་བྱུང་ནས་རང་ལ་ཐིམ་པས། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་ནས་རང་དོན་ཆོས་སྐུའི་རྟེན་འབྲེལ་འགྲིག ཡང་ཡིག་འབྲུ་དེ་རྣམས་ལས་འོད་ཟེར་ཁ་དོག་སྣ་ལྔ་མར་འཕྲོས་པས་ཁམས་གསུམ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་ཕོག དེ་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་སྡིག་སྒྲིབ་སྡུག་བསྔལ་བག་ཆགས་དང་བཅས་པ་ཐམས་ཅད་མུན་པར་ཉི་མ་ཤར་བ་ལྟར་སངས་ཀྱིས་དག་ནས། ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་མངོན་པར་དགའ་བའི་ཞིང་ཁམས། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་རྡོར་སེམས་རིགས་ལྔར་གྱུར་ནས་སྣང་བ་ཐམས་ཅད་སྐུ་དང་གཞལ་ཡས་ཁང་གྲགས་པ་ཐམས་ཅད་བཛྲ་ས་ཏྭའི་སྒྲ། དྲན་རྟོག་ཐམས་ཅད་ཐུགས་ཀྱི་ངོ་བོར་གྱུར་བས། འཕྲོ་འདུས་དོན་གཉིས་བྱས་ནས་རྟོག་སྒྲིབ་སྦྱངས། །ཞེས་གསུངས་པ་ལྟ་བུའི་གཞན་དོན་གཟུགས་སྐུའི་རྟེན་འབྲེལ་འགྲིགས་པ་ཡིན་པ་རེད། དེ་ནས་ཐུན་བསྡུ་རན་སྐབས་སྐུ་དང་ཞིང་ཁམས་སུ་གསལ་བ་དེ་དག་ཐམས་ཅད་རིམ་གྱིས་འོད་དུ་ཡལ་ནས་དང་པོ་རང་ལ་བསྡུ། རང་ཡང་མཐའ་ནས་རིམ་གྱིས་འོད་དུ་ཡལ་ནས་ཐུགས་ཀའི་ཨཱོྃ་ཡིག་ལ་ཐིམ། ཨཱོྃ་བཛྲ་ལ་ཐིམ། བཛྲ་ས་ལ་ཐིམ། ས་ཏྭ་ལ་ཐིམ། ཏྭ་དང་པོ་ཧཱུྃ་གི་ཞབས་ཀྱུ་ལ་ཐིམ། ཞབས་ཀྱུ་འ་ཆུང་ལ་ཐིམ། འ་ཆུང་ཧ་ཁོག་ལ་ཐིམ། ཧ་ཁོག་མགོ་བོའི་ཟླ་ཚེས་ལ་ཐིམ། ཟླ་ཚེས་ཐིག་ལེ་ནཱ་དའི་བར་རིམ་བཞིན་དུ་ཐིམ་ནས་ནཱ་ད་ཡང་མཐར་འཇའ་ཚོན་ཡལ་བ་ལྟར་མི་དམིགས་སྤྲོས་པ་དང་བྲལ་བའི་ངང་དལ་གཅིག་མཉམ་པར་བཞག་དགོས། སླར་ཡང་རྗེས་ཐོབ་སྣོད་བཅུད་དང་བཅས་པ་རྡོ་རྗེ་སེམས་དཔའི་ཞིང་ཁམས་སུ་གྲུབ་པར་ལམ་གྱིས་གསལ་ནས། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་སེམས་དཔའ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །རྡོ་རྗེ་སེམས་དཔའ་ཁྱེད་སྐུ་ཅི་འདྲ་དང་། །འཁོར་དང་སྐུ་ཚེ་ཚད་དང་ཞིང་ཁམས་དང་། །ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །སོགས་ཀྱིས་བསྔོ་བ་དང་སྨོན་ལམ་གྱིས་མཐའ་བརྒྱན་དགོས། དེ་ལྟར་ཉིན་རེ་བཞིན་རྡོ་རྗེ་སེམས་དཔའ་བསྒོམ་ཞིང་ཡི་གེ་བརྒྱ་བ་ཉི་ཤུ་རྩ་གཅིག་རེ་བཟླས་ན། དཔེ་བུ་ལོན་ལ་སྐྱེད་ཀ་མི་འཇོག་པ་བཞིན་དུ་ལྟུང་བ་བྱིན་གྱིས་བརླབས་པས་དེའི་སྟེང་དུ་མི་འཕེལ་བ་དང་། ཡིག་བརྒྱ་འབུམ་ཕྲག་གཅིག་བཟླས་ན་ལྟུང་བ་ཐམས་ཅད་དག་འགྲོ་བར་སྙིང་པོ་རྒྱན་ལས་གསུངས། འདི་ལྟར་རྡོར་སེམས་སྒོམ་བཟླས་བྱ་སྐབས་ངོ་བོ་རྩ་བའི་བླ་མ་དང་དབྱེར་མེད་སྤྱི་གཙུག་ཏུ་བསྒོམ་པས་བླ་མའི་རྣལ་འབྱོར་ཀུན་འདུས་ནོར་བུའི་ལུགས་དང་། རང་ཉིད་རྡོར་སེམས་སུ་བསྒོམ་པས་བསྐྱེད་རིམ། རྩ་འཁོར་གསལ་བ་དང་བདུད་རྩི་འབེབ་སྦྱོང་ནི་མཚན་བཅས་ཀྱི་རྫོགས་རིམ། ནད་གདོན་སྡིག་སྒྲིབ་ཐམས་ཅད་འཆི་བདག་གཤིན་རྗེའི་ཁར་སོང་བར་བསྒོམ་པ་ནི་ཚེ་སྒྲུབ་དང་རྐྱེན་སེལ་གྱི་མཆོག་ཏུ་ཡང་འགྱུར་བ་ཡིན་གསུངས། མཐར་དམིགས་མེད་སྤྲོས་པ་དང་བྲལ་བའི་ངང་དུ་མཉམ་པར་འཇོག་པ་དེ་མཚན་མེད་རྫོགས་རིམ་ཡང་ཡིན་པར་གསུངས། དེ་ལྟ་བུའི་ལམ་གནད་ཡོངས་རྫོགས་ཆ་ཚང་བའི་དམིགས་གནད་ལས་མི་ཡེངས་པར་ཉམས་ལེན་ལ་བརྩོན་པ་གལ་ཆེ་བ་ཡིན། དེ་ཡང་སྔོན་འགྲོ་འབུམ་ལྔའི་བསགས་སྦྱང་བྱེད་པ་རྣམས་ཀྱིས་སྐྱབས་འགྲོ་སེམས་བསྐྱེད་གཉིས། རྡོར་སེམས་སྒོམ་བཟླས་ལ་བརྟེན་ནས་ཡིག་བརྒྱ་འབུམ་བསགས་རྒྱུ་དང་འབུམ་གསུམ་དེ་བསགས་སྟངས་དང་དམིགས་རིམ་གྱི་སྐོར་སོགས་དེ་ལྟར་བཤད་པ་ཡིན་ནོ།།

ང མཎྜལ་གྱི་ཁྲིད།

དང་པོ་མཎྜལ་གྱི་དགོས་པ་དང་འབུལ་ཚུལ་སྤྱིར་བསྟན་པ།

བཞི་པ་མཐུན་རྐྱེན་ཚོགས་བསགས་པ་མཎྜལ་གྱི་ཁྲིད་ནི། འགལ་རྐྱེན་སྡིག་སྒྲིབ་དག་པ་རྐྱང་པས་ཆོག་གམ་སྙམ་ན་མི་ཆོག་སྟེ། མཐུན་རྐྱེན་ཚོགས་བསགས་དགོས་པ་ཡིན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་མ་རྫོགས་ན་དག་པ་གཉིས་ལྡན་གྱི་སངས་རྒྱས་ཐོབ་པའི་ཐབས་མེད། དེ་ཡང་རྒྱུ་མཚན་ཉིད་ཐེག་པའི་སྐབས་ནས་བསྐལ་པ་གྲངས་མེད་མང་པོའི་བར་དུ་བསགས་སྦྱངས་གཉིས་ཀ་སྔོན་དུ་སོང་ནས་གཟོད་མཐོང་ལམ་ཆོས་ཉིད་ཀྱི་བདེན་པ་མཐོང་དགོས་པ་ལྟ་བུའི་གསང་སྔགས་མྱུར་ལམ་ཡིན་པས་ཐབས་ཁྱད་པར་ཅན་མང་བས་སླ་བ་ཡིན་པ་མ་གཏོགས་དོད་ཐུབ་ཀྱི་ཚོགས་བསགས་སྒྲིབ་སྦྱང་དགོས་ལ། དེ་ལྟར་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཟབ་མོ་རྟོགས་རྒྱུ་དེ་ཡང་ཚོགས་གཉིས་ལ་རག་ལས་ཡོད་པ་ཡིན་ཏེ། ཇི་སྲིད་ཚོགས་གཉིས་དམ་པ་དེ་ནི་མ་རྫོགས་པར། །དེ་སྲིད་སྟོང་ཉིད་དམ་པ་དེ་ནི་རྟོགས་མི་བྱེད། །ཅེས་མདོ་སྡུད་པ་ལས་གསུངས་པ་ལྟར་ཡིན། སྤྱིར་ན་རྒྱལ་སྲས་བྱང་ཆུབ་སེམས་དཔའི་རྫོགས་སྨིན་སྦྱངས་པའི་སྤྱོད་པ་རྒྱ་མཚོ་ལྟ་བུ་ཞིག་ཡོད་ཀྱང་ཚུར་བསྡུས་ན་ཕར་ཕྱིན་དྲུག་གི་ནང་དུ་འདུ། དེ་ཡང་སྣང་བཅས་བསོད་ནམས་ཀྱི་ཚོགས་དང་སྣང་མེད་ཡེ་ཤེས་ཀྱི་ཚོགས་གཉིས་ཀྱི་ནང་དུ་འདུས་པ་ཡིན། སྦྱིན་པ་ནས་བསམ་གཏན་གྱི་བར་ལྔ་པོ་ཐབས་སྤྱོད་པའི་ཕྱོགས་དང་། ཤེས་རབ་ཡེ་ཤེས་ཀྱི་ཚོགས་སམ། ཡང་ན་ཕར་ཕྱིན་སྔ་མ་གསུམ་པོ་བསོད་ནམས་ཀྱི་ཚོགས་དང་ཕྱི་མ་གཉིས་ཡེ་ཤེས་ཀྱི་ཚོགས། བརྩོན་འགྲུས་ཐམས་ཅད་ཀྱི་གྲོགས་སུ་གསུངས་པའང་ཡོད། གང་ལྟར་ངོ་བོ་ཡེ་དག་གི་སངས་རྒྱས་རྒྱལ་བ་སྐུ་གསུམ་གྱི་ཡོན་ཏན་ཐམས་ཅད་མ་བཙལ་ཡེ་རྫོགས་སུ་གནས་པ་ཡིན་ཡང་། ལམ་ཚོགས་གཉིས་ཀྱི་རྐྱེན་ལ་མ་ལྟོས་ན་མངོན་དུ་འགྱུར་མི་ཐུབ་པ་དེ། དཔེ་བཞག་ན་ཉི་མའི་དཀྱིལ་འཁོར་ལ་འོད་ཟེར་རང་ཆས་ཀྱི་ཚུལ་དུ་ཡོད་ཀྱང་སྤྲིན་གྱིས་བསྒྲིབ་ནས་མི་མཐོང་བ་ལ། སྤྲིན་མེད་ཐབས་རླུང་བྱུང་ནས་རླུང་གིས་སྤྲིན་དེ་གཏོར་དགོས་པ་ཡིན། དེ་ལ་རླུང་དེ་སྤྲིན་སེལ་བའི་རྒྱུ་ཡིན་མ་གཏོགས་ཉི་མ་སྐྱེད་བྱེད་ཀྱི་རྒྱུ་མཚན་ཉིད་པ་ཅི་ལ་ཡིན་ཏེ་མིན། དཔེར་ན་སྤྲིན་ཡོད་རུང་ཉི་མའི་ངོ་བོ་ལ་འགྱུར་བ་མེད་པ་བཞིན་ནོ། །དེ་ལྟར་དུ་ཚོགས་གཉིས་མ་བསགས་ན་འབྲས་བུ་སྐུ་གཉིས་མི་ཐོབ་ལ་དེ་ཡི་དབང་གིས་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་དངོས་མིན་ཡང་རྐྱེན་ལ་རྒྱུ་ཡི་མིང་བཏགས་ནས་བཤད་པ་ཞིག་ཡིན། མདོར་ན་ཉན་རང་ནས་རྫོགས་པའི་བྱང་ཆུབ་ཆེན་པོའི་བར་གྱི་འབྲས་བུ་དེ་རྒྱུ་ཚོགས་གཉིས་བསགས་པ་ལ་མ་བརྟེན་པར་མི་ཐོབ་ཀྱང་ཚོགས་གཉིས་ཟེར་ཚད་པོ་ཐམས་ཅད་གཅིག་མཚུངས་མིན། ཉན་རང་གཉིས་དང་བྱང་ཆུབ་སེམས་དཔའ་གསུམ་གྱི་ཚོགས་གཉིས་མི་འདྲ། ཅི་ལྟར་མི་འདྲ་ན། རྒྱུ་བསམ་པ། སྦྱོར་བ་དམིགས་རྣམ། འབྲས་བུ་ཐོབ་བྱ་ཐམས་ཅད་ཀྱི་སྒོ་ནས་ཁྱད་པར་ཤིན་ཏུ་ཆེ་བ་ཡིན། དེ་བཞིན་དུ་མདོ་སྔགས་ཀྱི་ལམ་གནད་ནས་ཚོགས་གཉིས་བསགས་སྟངས་ལ་ཁྱད་པར་ཆེ། འོ་ན་གསང་སྔགས་ཐམས་ཅད་གཅིག་པ་ལོས་ཡིན་སྙམ་ན། དེ་ཡང་མ་ཡིན་ཏེ། སྔགས་ཕྱི་རྒྱུད་སྡེ་གསུམ་ལྟ་བུ་ལ་མཚན་བཅས་ཀྱི་རྣལ་འབྱོར་ཐམས་ཅད་སྣང་བཅས་བསོད་ནམས་ཀྱི་ཚོགས། མཚན་མེད་ཀྱི་རྣལ་འབྱོར་ཐམས་ཅད་སྣང་མེད་ཡེ་ཤེས་ཀྱི་ཚོགས་ཡིན། ནང་རྒྱུད་སྡེ་གསུམ་ལྟ་བུ་ལ་མཚོན་ན། མ་ཧཱ་ཨ་ནུ་ཨ་ཏི་གསུམ་པོ་ཡང་མི་འདྲ་སྟེ། མ་ཧཱ་ཡོ་གས་ཐབས་བསྐྱེད་པའི་རིམ་པ་ཐམས་ཅད་སྣང་བཅས་ཀྱི་ཚོགས་དང་། ཤེས་རབ་རྫོགས་པའི་རིམ་པ་སྣང་མེད་ཡེ་ཤེས་ཀྱི་ཚོགས་སུ་གསུངས། ཨ་ནུས་གཙོ་བོ་རྩ་རླུང་ཐིག་ལེའི་བྱེད་བཅིང་ཐམས་ཅད་དང་རྗེས་སྒྱུ་མའི་ལྷ་སྐུར་ལྡང་བ་དེ་ཚོ་སྣང་བཅས་བསོད་ནམས་ཀྱི་ཚོགས་དང་། ཐབས་དེ་ལས་བྱུང་བའི་ཐབས་བྱུང་དགའ་བཞིས་དྲངས་བའི་ཡེ་ཤེས་སྣང་མེད་ཡེ་ཤེས་ཀྱི་ཚོགས་སུ་བརྩི་དགོས། ཨ་ཏི་ཡོ་གའི་སྐབས་སུ་ཁྲེགས་ཆོད་རྐྱང་པར་མཚོན་ན། ངོ་བོ་སྟོང་པའི་ཡེ་ཤེས་ཡེ་ཤེས་ཀྱི་ཚོགས་དང་། རང་བཞིན་གསལ་བའི་ཡེ་ཤེས་བསོད་ནམས་ཀྱི་ཚོགས་སམ། ཡང་ན་ཀ་དག་ལྷུན་གྲུབ་ཟུང་འཇུག་གི་སྒོ་ནས་བཤད་ན་ལྷུན་གྲུབ་སྣང་བ་བཞི་དེ་བསོད་ནམས་ཀྱི་ཚོགས་དང་། ཀ་དག་ཁྲེགས་ཆོད་ཀྱི་དགོངས་པ་ཡེ་ཤེས་ཀྱི་ཚོགས་ལ་བརྩི་བ་ཡིན། དེ་རྣམས་ཐམས་ཅད་མཐར་ཐུག་སྐུ་གཉིས་ཐོབ་བྱེད་ཀྱི་རྒྱུར་གཙོ་ཆེ་ཆུང་གི་སྒོ་ནས་བཞག་པ་ཡིན། གང་ལྟར་བྱས་ཀྱང་ལམ་མཚན་ཉིད་པ་ཞིག་འཕགས་པ་མིན་ན་འོང་དཀའ། འོན་ཀྱང་རང་ཅག་ལས་དང་པོ་བས་ཚོགས་གཉིས་ཟུང་འཇུག་དེ་དང་རྗེས་མཐུན་པ་ཞིག་འོང་དགོས། དེ་ལྟར་བཤད་པས་ཅི་ཞིག་གོ་རྒྱུ་ཡོད་ཅེ་ན། མདོ་སྔགས་གཉིས་ཀྱི་ལམ་ནས་ཚོགས་བསགས་པའི་སྒོ་དང་བསགས་ཚུལ་གྱི་ཐབས་ཀྱི་རྣམ་པ་མང་པོ་ཡོད་པ་དེ་ཐམས་ཅད་དང་རང་རང་གི་ལམ་གྱི་ངོ་བོ་དེ་ཐམས་ཅད་པོ་ཚོགས་བསགས་པའི་ཐབས་ཀྱི་ནང་དུ་མ་འདུས་པ་མེད་པས་ཐམས་ཅད་ཚོགས་བསགས་པའི་ཐབས་ཡིན། འོན་ཀྱང་འདིར་བསྟན་ཚོགས་བསགས་པའི་ཐབས་ཐམས་ཅད་པོ་འདིའི་ནང་དུ་འདུ་བ་ཡིན་པས། འདི་ནི་བྱ་སླ་ལ་ཆོད་ཆེ་བ་ཡིན་ལ། ཐབས་མང་པོ་ཐམས་ཅད་འདིའི་ནང་དུ་འདུ་བ་དང་བྱེད་བདེ་ལ་བྱ་ཐབས་ལག་ཏུ་ལེན་བདེ་བ་ཁྱད་པར་ཅན་གྱི་ལམ་ཡིན། ལམ་དེ་གང་ཡིན་ན་མཎྜལ་འབུལ་བའི་ཚུལ་འདི་ཡིན། དེ་ལྟར་ཚོགས་བསགས་སྒྲིབ་སྦྱངས་བྱ་རྒྱུ་ལས། ཚོགས་བསགས་པ་དེ་ལ་ཕར་ཕྱིན་དྲུག་ཚང་བའི་སྒོ་ནས་མཎྜལ་འབུལ་དགོས། ཇི་ལྟར་འབུལ་ཞེ་ན། བ་ཆུ་ལྕི་བཅས་སྦྱིན་པ་སྟེ། །བྱི་དོར་བྱེད་པ་ཚུལ་ཁྲིམས་ཡིན། །སྲོག་ཆགས་བསལ་བ་བཟོད་པ་སྟེ། །བརྩོན་འགྲུས་བྱ་བ་བྱེད་ལ་བརྩོན། །བསམ་གཏན་དེར་སེམས་སྐད་ཅིག་སྟེ། །རི་མོ་ལེན་པ་ཤེས་རབ་བོ། །ཞེས་གསུངས་པ་ནི་མཎྜལ་ཕུལ་སྐབས་ཕྱིན་དྲུག་ཚང་བའི་སྒོ་ནས་འབུལ་དགོས་པར་གསུངས་པའི་དོན་ཡིན། དེ་ཡང་རྒྱུ་རང་གི་འབྱོར་བ་དང་བསྟུན་ནས་རབ་ཡིན་ན་རིན་པོ་ཆེའི་མཎྜལ། འབྲིང་ལ་རྒྱུ་དག་པ་ཞིག ཐ་མ་ལ་ཡང་རྡོ་དང་ཤིང་ལ་སོགས་པའི་སྟེགས་ཁོད་སྙོམས་ཤིག་གི་སྟེང་དུ་འབུལ་བར་གསུངས། གང་ལྟར་མཎྜལ་གྱི་གཞི་དེ་རང་གི་འབྱོར་བ་དང་བསྟུན་ཏེ་བྱེད་ཆོག འདིར་རབ་འབྲིང་ཐ་གསུམ་གསུངས་པ་དེ་ཡང་འབྱོར་བ་དང་ཆ་རྐྱེན་འཛོམ་ན་ཐ་ཆད་མི་བྱེད་པར། རབ་རིན་པོ་ཆེ་སོགས་ཀྱིས་བྱེད་དགོས་པར་གསུངས་པ་མ་གཏོགས། རྣལ་འབྱོར་པ་ཀུ་ས་ལིའི་བརྟུལ་ཞུགས་འཆང་བའི་ཞེན་མེད་རི་དྭགས་འགྲོ་འགྲོ་བྱེད་མཁན་ཞིག་གིས་རྡོ་ཐོག་ལ་ཚོམ་བུ་བཀོད་ནས་དམིགས་པ་རྣམ་པར་དག་པ་དེ་དམིགས་པ་རབ་ཏུ་མི་འགྲོ་བ་ག་ལ་ཡིན། རང་ཅག་གིས་མཎྜལ་གྱི་གཞིའི་སྟེང་ལ་འབྲུ་དང་རིན་པོ་ཆེ་རྣམས་བླུག དེ་ལ་ལྕགས་རི་བཀོད་ནས་འབུལ་རྒྱུ་དེ། རྒྱལ་བ་སྐུ་གསུམ་གྱི་ཞིང་ཁམས་ཀྱི་བཀོད་པ་བཀྲ་བའི་ཆེད་དུ་དམིགས་རྟེན་བྱས་ནས་འབུལ་བ་ཡིན། དེ་ཡང་མི་བརྗེད་པའི་དྲན་རྟེན་དུ་འགའ་རེས་མཛུབ་མོ་ལ་མཛུབ་སྐུད་བཏགས་པ་དེ་དང་འདྲ་བར་དྲན་སོས་པའི་ཆེད་དུ་ཡིན། ལག་པས་མཎྜལ་ཕུལ་ནས་ཅིག་བྱེད་འདུག་རྒྱུ་དེ་གཙོ་བོ་མིན། གཙོ་ཆེ་བ་སྐུ་གསུམ་གྱི་ཞིང་གི་བཀོད་པ་ཐམས་ཅད་རང་གི་བློ་ཡིས་བླངས་ཤིང་དེ་ཡང་ཚད་མེད་དང་དཔག་མེད་དུ་སྤྲུལ་ནས་འབུལ་བ་དེ་གནད་ཆེ་ཤོས་ཡིན། དེ་ཡང་སྐུ་གསུམ་གྱི་ཞིང་ཁམས་ནི། སྣང་ཚུལ་སྤྲུལ་སྐུའི་མཎྜལ། གནས་ཚུལ་ལོངས་སྐུའི་མཎྜལ། ཁྱབ་བྱེད་ཆོས་སྐུའི་མཎྜལ། ཞེས་གསུངས་ཏེ། མཎྜལ་འབུལ་བའི་སྐབས་སུ། སྒྲུབ་པའི་མཎྜལ་དང་མཆོད་པའི་མཎྜལ་གཉིས་ཀྱི་རྣམ་དབྱེ་ཡོད་པ་ཡིན། སྒྲུབ་པའི་མཎྜལ་ནི། མཆོད་པ་འབུལ་སའི་ཡུལ་སྐྱབས་འགྲོའི་ཚོགས་ཞིང་གསལ་འདེབས་སའི་རྟེན་ཡིན། དེ་ལ་ཚོམ་བུ་བཀོད་པ་ཐམས་ཅད་སྐྱབས་ཡུལ་ལྷ་ཚོགས་ཀྱི་རྣམ་པར་བསྒོམ་ནས་མཆོད་པའི་དབུས་སུ་བཞུགས་སུ་གསོལ་དགོས། གལ་སྲིད་མཎྜལ་གཉིས་མ་བདེ་ན་ཡང་ཚོགས་ཞིང་ཡིད་ཀྱིས་གསལ་བས་ཆོག་ལ། རྟེན་ཁྱད་པར་ཅན་གྱི་མདུན་ནས་ཕུལ་ན་དེས་ཀྱང་ཆོག རྒྱུན་དུ་རང་གི་གནས་ཁང་ངམ་སྒོམ་ཁང་གི་ནང་ལྟ་བུ་ཡིན་ན། བྱ་བཏང་བ་ངོ་མ་ཞིག་མིན་ན། བདག་ཅག་གི་སྟོན་པའི་སྐུ་རྟེན་རེ་དང་གསུང་རྟེན་དུ་རྫོགས་པ་ཆེན་པོའི་རྒྱུད་སྡེའམ་མིན་ཡང་མདོ་སྡུད་པ་རེ་དང་གསང་སྙིང་གི་རྩ་བ་རེ་བཞུགས་སུ་གསོལ་དགོས། ཐུགས་རྟེན་དུ་བདེ་བར་གཤེགས་པའི་མཆོད་རྟེན་བྱིན་རླབས་དང་ལྡན་པ་རེ་སྟེ་དེ་རྣམས་ཚང་དགོས། དེ་རྣམས་བཞུགས་སུ་གསོལ་བའི་མདུན་ནས་མཆོད་པ་གཙང་མ་རང་སེམས་དག་པ་རེ་བཤམས་དགོས། དེ་ཡང་གཙོ་བོ་རང་སེམས་དག་ན་གཙང་མ་ཡིན། སྤྱིར་ཡང་གནས་ཁང་བྱི་དོར་ཐུན་ཐམས་ཅད་ཀྱི་སྔོན་དུ་འགྲོ་བའི་ཆོས་ཡིན་པ་དང་། ཁྱད་པར་དུ་སྐུ་གསུང་ཐུགས་རྟེན་བཀྲམ་སྟེ་མཆོད་པ་བཤམས་པ་རྣམས་གཙང་མ་བྱེད་དགོས།

གཉིས་པ་གཞུང་དོན་སྐུ་གསུམ་གྱི་མཎྜལ་དངོས་བཤད་པ།

དེ་ནས་མཆོད་པའི་མཎྜལ་ལ་མདུན་གྱི་རྟེན་གསུམ་དངོས་སུ་བཞུགས་པ་དང་། དམིགས་པས་མདུན་གྱི་ནམ་མཁར་སྐུ་གསུམ་གྱི་ངོ་བོ་རྒྱལ་བ་སྲས་དང་བཅས་པའི་ཚོགས་ཞིང་ལ་དམིགས་ནས། ཨོཾ་ཨཱཿཧཱུྃ༔ སྟོང་གསུམ་འཇིག་རྟེན་བྱེ་བ་ཕྲག་བརྒྱའི་ཞིང་། །རིན་ཆེན་སྣ་བདུན་ལྷ་མིའི་འབྱོར་བས་གཏམས། །བདག་ལུས་ལོངས་སྤྱོད་བཅས་པ་ཡོངས་འབུལ་གྱིས། །ཆོས་ཀྱི་འཁོར་ལོས་བསྒྱུར་བའི་སྲིད་ཐོབ་ཤོག །ཅེས་པའི་ཤོ་ལོ་ཀ་གཅིག་གིས་སྣང་ཚུལ་སྤྲུལ་སྐུའི་མཎྜལ་བསྟན་པ་ཡིན་ཏེ། ཨོཾ་ཨཱཿཧཱུྃ༔ ཞེས་པའི་ཡི་གེ་འབྲུ་གསུམ་དེ་སངས་རྒྱས་སྐུ་གསུམ་གྱི་ས་བོན་ཡིན་པས། འདིའི་སྐུ་གསུམ་གྱི་ཞིང་ཁམས་མཎྜལ་ལ་འབུལ་བའི་ཚིག་གིས་སྣ་དྲངས་ཏེ། སྟོང་གསུམ་འཇིག་རྟེན་བྱེ་བ་ཕྲག་བརྒྱའི་ཞིང་། །ཞེས་པས་གླིང་བཞི་རི་རབ་ལྷ་གནས་དང་བཅས་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་བྱེ་བ་ཕྲག་བརྒྱའི་ཞིང་ཁམས་ན་ཞེས་གསུངས། དེ་ཡང་སྟོང་གསུམ་ཞེས་པ་སྟོང་ཕྲག་གསུམ་ལ་གོ་བ་མིན་ཏེ། གླིང་བཞི་རི་རབ་ལྷ་གནས་ཉི་ཟླ་དང་བཅས་པ་སྟོང་ལ་སྟོང་དང་པོ་སྤྱི་ཕུད་ཀྱི་འཇིག་རྟེན་ཞེས་གསུངས། དེ་འདྲ་བ་སྟོང་ལ་སྟོང་གཉིས་པ་བར་མའི་འཇིག་རྟེན་དང་། ཡང་དེ་ལྟ་བུ་སྟོང་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཏེ་རེ་རེ་བཞིན་བགྲང་བས་ཞིང་ཁམས་བྱེ་བ་ཕྲག་བརྒྱ་ཡོད་པ་དེ་སངས་རྒྱས་སྤྲུལ་པའི་སྐུ་གཅིག་གི་གདུལ་ཞིང་ཡིན་ནོ། །རིན་ཆེན་སྣ་བདུན་ལྷ་མིའི་འབྱོར་བས་གཏམས། །ཞེས་པས་འཁོར་ལོ་རིན་པོ་ཆེ་དང་ནོར་བུ་རིན་པོ་ཆེ་ལ་སོགས་པ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་དབང་བའི་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་དང་། བཀྲ་ཤིས་པའི་རྟགས་རྫས་བརྒྱད་ལ་སོགས་པ་ལྷ་དང་མི་ཡི་ཡོ་བྱད་དང་འབྱོར་བའི་ཚོགས་ཀྱིས་གཏམས་ཤིང་བཀང་བ་བློས་བླངས། དངོས་འབྱོར་གྱི་མཆོད་པ་རང་གི་འབྱོར་མཁོས་དང་བསྟུན་པའི་གང་བཟང་གང་ལེགས་དང་། ཡུལ་སྲོལ་གྱི་ཐད་ནས་བདག་པོས་ཡོངས་སུ་བཟུང་བ་དང་མ་བཟུང་བ་ཡིད་དུ་འོང་བའི་དངོས་པོ་ཡོད་ཚད་པོ་བློ་ཡིས་བླངས་ཡིད་ཀྱིས་སྤྲུལ་ཏེ་འབུལ་དགོས་པ་རེད། དེའི་སྟེང་དུ་རང་གི་ལུས་ལོངས་སྤྱོད་དགེ་བ་ཡོད་ཚད་བདེ་སྐྱིད་བདེ་བའི་དངོས་པོ་ཡོད་ཚད་ཐམས་ཅད་ལ་ཆགས་ཞེན་ཏིལ་འབྲུ་ཙམ་ཡང་མེད་པའི་སྒོ་ནས་བླ་མ་སྤྲུལ་སྐུའི་ལྷ་ཚོགས་ལ་འབུལ་བ་དེ་ཐུན་མོང་སྤྲུལ་སྐུའི་མཎྜལ་ཡིན་པས། བདག་ལུས་ལོངས་སྤྱོད་བཅས་པ་ཡོངས་འབུལ་གྱིས། །ཆོས་ཀྱི་འཁོར་ལོས་བསྒྱུར་བའི་སྲིད་ཐོབ་ཤོག །ཅེས་པས་བདག་གི་ལུས་ལོངས་སྤྱོད་ལ་སོགས་པ། མདོར་ན་གཅེས་རྒུ་དམར་རྒུ་སོགས་ཡིད་ཀྱི་ཡུལ་དུ་འོང་བ་ཡོད་ཚད་ཐམས་ཅད་འབུལ་བ་ཡིན་པས། དམ་པའི་ཆོས་ཀྱི་འཁོར་ལོས་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ཁ་ལོ་ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་དུ་སྒྱུར་བའི་ཆོས་ཀྱི་རྒྱལ་པོའི་སྲིད་དམ་པ་རང་བཞིན་སྤྲུལ་བའི་སྐུ་ཐོབ་པར་ཤོག ཅེས་སྨོན་ལམ་བཏབ་པ་ཡིན། དེ་ཐུན་མོང་སྤྲུལ་སྐུའི་མཎྜལ་ལམ་སྣང་ཚུལ་སྤྲུལ་སྐུའི་མཎྜལ་ལོ། །གཉིས་པ་ཐུན་མིན་ལོངས་སྐུའི་མཎྜལ་ལམ་རང་ལུགས་ཀྱི་ཆོས་སྐད་དུ་གནས་ཚུལ་ལོངས་སྐུའི་མཎྜལ་ཞེས་ཀྱང་གསུངས་ཡོད་པ་ནི། འོག་མིན་བདེ་ཆེན་སྟུག་པོ་བཀོད་པའི་ཞིང་། །ངེས་པ་ལྔ་ལྡན་རིགས་ལྔའི་ཚོམ་བུ་ཅན། །འདོད་ཡོན་མཆོད་པའི་སྤྲིན་ཕུང་བསམ་ཡས་པ། །ཕུལ་བས་ལོངས་སྐུའི་ཞིང་ལ་སྤྱོད་པར་ཤོག །ཞེས་གསུངས་ཏེ། དེ་ཡང་འོག་མིན་བདེ་ཆེན་སྟུག་པོ་བཀོད་པའི་ཞིང་། །ཞེས་པས་གོང་གི་སྤྲུལ་སྐུའི་ཞིང་ཁམས་དེའི་སྟེང་གི་ནམ་མཁའ་རུ་འོག་མིན་བདེ་ཆེན་གྱི་གནས་ཞེས། འོག་མིན་འདི་སྲིད་རྩེའི་འོག་མིན་མིན་པས་གནས་རྣམ་དག་སྟུག་པོ་བཀོད་པའི་ཞིང་ཁམས་ཡེ་ཤེས་རིན་པོ་ཆེའི་གཞལ་མེད་ཁང་ན། ངེས་པ་ལྔ་ལྡན་རིགས་ལྔའི་ཚོམ་བུ་ཅན། །ཞེས་པས་གནས་ངེས་པ་འོག་མིན་སྟུག་པོ་བཀོད་པར། སྟོན་པ་ངེས་པ་རིགས་ལྔའི་སངས་རྒྱས། འཁོར་ངེས་པ་ས་བཅུའི་སེམས་དཔའ། ཆོས་ངེས་པ་ཐེག་པ་ཆེན་པོ། དུས་ངེས་པ་རྟག་པ་རྒྱུན་གྱི་འཁོར་ལོ་སྟེ་ངེས་པ་ལྔ་ལྡན་རིགས་ལྔའི་དཀྱིལ་འཁོར་གྱི་ཚོམ་བུ་དེ་ལྟ་བུ་ལ་ཞིང་དང་གཞལ་ཡས་ཁང་གི་བཀོད་པ་བསམ་གྱིས་མི་ཁྱབ་པར། འདོད་ཡོན་མཆོད་པའི་སྤྲིན་ཕུང་བསམ་ཡས་པ། །ཕུལ་བས་ལོངས་སྐུའི་ཞིང་ལ་སྤྱོད་པར་ཤོག །ཅེས་པས་སྒེག་པ་མ་དང་། གླུ་མ། གར་མ་ལ་སོགས་འདོད་ཡོན་གྱི་སྤྲུལ་པའི་ལྷ་མོ་གྲངས་མེད་ཀྱིས་མཆོད་པའི་སྤྲིན་མི་ཟད་པ་འདོད་དགུའི་སྤྲིན་སྣ་ཚོགས་པ་བསམ་ཡས་དཔག་ཏུ་མེད་པས་བཀང་ཞིང་སྤྲས་པ། དེ་ལྟ་བུ་དེ་ལེགས་པར་ཕུལ་བས་ལྷུན་གྲུབ་ལོངས་སྐུའི་ཞིང་ཁམས་ལ་སྤྱོད་པར་ཤོག་ཅིག ཅེས་བསམ་པ་ནི་གནས་ཚུལ་ལོངས་སྐུའི་མཎྜལ་ལམ་ཐུན་མིན་ལོངས་སྐུའི་མཎྜལ་ཡིན་ནོ། །གསུམ་པ་ཁྱད་པར་ཆོས་སྐུའི་མཎྜལ་ལམ་རང་ལུགས་ཀྱི་ཆོས་སྐད་ལ་ཁྱབ་བྱེད་ཆོས་སྐུའི་མཎྜལ་ཡང་གསུངས་པ་དེ་ནི། སྣང་སྲིད་རྣམ་དག་གཞོན་ནུ་བུམ་པའི་སྐུ། །ཐུགས་རྗེ་མ་འགགས་ཆོས་ཉིད་རོལ་པས་བརྒྱན། །སྐུ་དང་ཐིག་ལེའི་འཛིན་པ་རྣམ་དག་ཞིང་། །ཕུལ་བས་ཆོས་སྐུའི་ཞིང་ལ་སྤྱོད་པར་ཤོག །ཞེས་གསུངས་ཏེ། དེ་ཡང་སྣང་སྲིད་རྣམ་དག་གཞོན་ནུ་བུམ་པའི་སྐུ། །ཞེས་པ་ནི་གོང་དུ་ལོངས་སྐུའི་ཞིང་ཁམས་བཤད་པ་དེ་ཡི་སྟེང་གི་དབྱིངས་ལ་སྣང་ཞིང་སྲིད་པའི་དངོས་པོ་ཐམས་ཅད་གདོད་མ་ཉིད་ནས་རྣམ་པར་དག་པ། དབྱིངས་ནང་གསལ་གཞོན་ནུ་བུམ་པ་སྐུ་ཡི་གནས་ལུགས་སྐྱེ་མེད་བསམ་བློ་དང་བྲལ་བའི་གཞི་དེ་ལ། ཐུགས་རྗེ་མ་འགག་ཆོས་ཉིད་རོལ་པས་བརྒྱན། །ཞེས་པས་གདངས་ཕྱི་གསལ་གྱི་ཐུགས་རྗེ་མ་འགགས་པ་དེ་འོད་གསལ་གྱི་སྣང་ཆ་བཞི་ལ་སོགས་པ་གང་ཤར་རྩལ་གྱི་རྟོག་ཚོགས་དང་བཅས་པ་ཐམས་ཅད་ཆོས་ཉིད་རྣམ་དག་གི་རོལ་བའི་རྒྱན་དུ་རང་ཤར་བ་སྟེ། འདི་ལྟར་སྣ་ཚོགས་སྣང་བའི་ཆོས་རྣམས་ཀུན། །དབྱིངས་ཀྱི་རྒྱན་ཏེ་སྐུ་ཡི་ངོ་བོར་ཤར། །ཞེས་གསུངས་པ་བཞིན་ཡེ་ནས་རང་ཤར་དུ་གྱུར་པའི། སྐུ་དང་ཐིག་ལེའི་འཛིན་པ་རྣམ་དག་ཞིང་། །ཕུལ་བས་ཆོས་སྐུའི་ཞིང་ལ་སྤྱོད་པར་ཤོག །ཅེས་པས་སྐུ་དང་ཐིག་ལེའི་སྟོང་གཟུགས་དངོས་པོར་ཞེན་འཛིན་ལྟ་བུ་འཛིན་པ་རྣམ་པར་དག་པའི་ཞིང་ཁམས་ཚོམ་བུའི་ཚུལ་དུ་བཀོད་ནས། གཉིས་འཛིན་གྱི་ཞེན་པ་མེད་པར་གཉིས་མེད་ལྟ་བས་ཐག་ཆོད་པའི་ཡེ་གྲོལ་གཤིས་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་དུ་ཕུལ་བས་ན་ཀུན་བཟང་ཆོས་སྐུའི་ཞིང་ཁམས་གདོད་མའི་གཞི་དབྱིངས་ཆེན་པོ་ལ་སྤྱོད་པར་ཤོག ཅེས་དེ་ལྟར་བསམ་པ་ནི་ཁྱབ་བྱེད་ཆོས་སྐུའི་མཎྜལ་ལམ་ཁྱད་པར་ཆོས་སྐུའི་མཎྜལ་ཡིན་ནོ། །དེ་ཡང་མཎྜལ་གྱི་གཞི་ལག་པས་བཟུང་ལུགས་དང་ཚོམ་བུ་ཇི་ལྟར་བཀོད་ལུགས། མཎྜལ་སོ་བདུན་མ་འབུལ་སྟངས། ས་གཞི་སྤོས་ཆུས་སོགས་དང་སྦྲགས་ནས་ཚོམ་བུ་བདུན་མ་འབུལ་སྟངས་ལ་སོགས་པ་ཐམས་ཅད་ཀུན་བཟང་ཞལ་ལུང་གི་ནང་ལྟར་ཡིན་ནོ། །གང་ལྟར་ཐུན་མཐར་བསྔོ་བ་སྨོན་ལམ་དང་བཅས་ཏེ། གོང་ཞུས་ལྟར་དམ་པ་གསུམ་གྱིས་རྩིས་ཟིན་པས་སྦྱོར་དངོས་རྗེས་གསུམ་ཚང་བ་ཞིག་དགོས། དེ་ཡང་ཚོགས་བསགས་ཐབས་ཐམས་ཅད་ཀྱི་ནང་ནས་ཐབས་ཀྱི་མཆོག་ཏུ་གྱུར་པ་མཎྜལ་འབུལ་བ་འདི་ཡིན་པས། འདུས་བྱས་ཀྱི་དགེ་བ་གཞན་ཞིག་བསགས་ན། འབུལ་བ་འགྱེད་དང་མང་ཇ། ལྷ་བྲིས་རྟེན་བཞེངས། ཡར་མཆོད་མར་སྦྱིན་སོགས་རྒྱུ་དངོས་པོས་མཆོད་པ་འབུལ་ས་ཞིག་དང་སྦྱིན་པ་གཏོང་ས་ཞིག་ཡོད་ཚད་པོ་ལ་དྲི་མ་གསུམ་དང་མ་འདྲེས་པ་ཞིག་དཀའ་བར་གསུངས་ཏེ། དང་པོ་རྒྱུ་རྩ་དེ་བསྒྲུབ་དུས་སྡིག་པ་དང་ལོག་འཚོའི་དྲི་མ་མ་འདྲེས་པ་དཀའ། བར་དུ་དངོས་གཞིའི་སྐབས་ཚེགས་དཀའ་ལས་ཟེར་བརྗོད་ཚོགས་ངན་གྱི་དྲི་མ་མེད་པ་ཉུང་། རྗེས་ཚར་བ་ན་ངས་དེ་དུས་རྒྱུ་དེ་ཙམ་ཞིག་བཏང་འདུག་སྙམ་པའི་སེར་སྣའི་དྲི་མ་དང་མ་འདྲེས་པ་ཡང་དཀའ་མོ་ཡིན་གསུངས་པས། ཚོགས་བསགས་གཞན་པ་དེ་ཚོ་ལེགས་མོད་དྲི་མ་དང་མ་འདྲེས་པ་དཀའ། མཎྜལ་འབུལ་བ་འདི་ཉིད་ནི་ལག་པ་བརྐྱང་བསྐུམ་ཙམ་གྱིས་བསོད་ནམས་ཀྱི་ཚོགས་ཆེན་པོ་བསགས་འགྲོ་བའི་ཐབས་ཁྱད་པར་ཅན་ཡིན་པས། མདོ་སྔགས་གསར་རྙིང་ཐམས་ཅད་དགོངས་པ་གཅིག་མཐུན་གྱིས་བསོད་ནམས་བསགས་ཐབས་བླ་ན་མེད་པ། རྩོད་མེད་ཡོངས་གྲགས་འདི་ཡིན་པ་རེད། འདིར་ངག་འདོན་འདི་དང་འབྲེལ་དུས་སྐུ་གསུམ་གྱི་མཎྜལ་ཡིན་པས། དེའི་ནང་དུ་མ་འདུས་པ་མེད་ལ། ད་དུང་འདི་ལ་ཕྱི་ནང་གསང་བའི་མཎྜལ་གྱི་ངེས་པའི་སྟེང་ནས་ཀྱང་བཤད་རྒྱུ་ཡོད་དེ། མཎྜལ་འབུལ་བ་དམིགས་རྟེན་དུ་བྱས་ཏེ་གླིང་བཞི་རི་རབ་ལྷ་མིའི་ལོངས་སྤྱོད་དང་བཅས་པ་བྱེ་བ་ཕྲག་ས་ཡར་སྤྲུལ་ཏེ་འབུལ་བ། རྡུལ་སྙེད་རྡུལ་གྱི་གྲངས་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་ཁམས་རབ་འབྱམས་ན་ཡོད་པའི་མཆོད་པའི་རྫས་ཐམས་ཅད། རྣམ་པ་ཐམས་ཅད་པའི་སྒོ་ནས་བློས་བླངས་ནས་ཕྱོགས་བཅུའི་རྒྱལ་བ་སྲས་དང་སློབ་མར་བཅས་པ་ལ་ཕུལ་ན་དངོས་སུ་ཕུལ་བའི་བསོད་ནམས་དང་འདྲ་བ་ཡིན་པ་སྟེ་ཕྱིའི་མཎྜལ་དང་། ནང་གི་མཎྜལ་ནི། མདུན་གྱི་ནམ་མཁར་རྩ་གསུམ་གྱི་ལྷ་ཚོགས་བསྒོམ་ནས་རང་ལུས་མཎྜལ་གྱི་ཚུལ་ཏེ། ཡན་ལག་བཞི་པོ་གླིང་བཞི་རྒལ་ཚིགས་དབུས་ཀྱི་རི་བོ་མཆོག་རབ། པགས་པ་དབང་ཆེན་གསེར་གྱི་ས་གཞི། རྩ་དབུ་མ་དཔག་བསམ་གྱི་ལྗོན་ཤིང་། སྙིང་ཡིད་བཞིན་གྱི་ནོར་བུ། ཤ་ཁྲག་རུས་པ་དོན་སྣོད་དང་བཅས་པ་ལྷ་མིའི་འདོད་ཡོན་དཔག་མེད་དུ་བསམ་ནས་འབུལ་ཆོག་པ་དེ་ལྟར་ནང་གི་མཎྜལ་དང་། ཡང་བླ་མ་སྐུ་གསུམ་རྩ་གསུམ་གྱི་ལྷ་ཚོགས་ལ། རང་སེམས་ཡིད་བཞིན་གྱི་ནོར་བུ་ལ་བསམ་ནས་དེ་ལས་ཡིད་ཀྱིས་སྤྲུལ་བའི་མཆོད་པ། ཟག་མེད་བདེ་ཆེན་གྱི་ཡེ་ཤེས། རྣམ་པ་ཀུན་བཟང་གི་མཆོད་སྤྲིན། ཟད་པ་གཏན་ནས་མེད་པའི་མཆོད་སྤྲིན་རྒྱ་ཆེན་པོ་དེ་ཉིད་དུས་རྟག་པ་རྒྱུན་གྱི་འཁོར་ལོར་རྒྱུན་ཆད་མེད་པར་འབུལ་བ་གསང་བའི་མཎྜལ་ཡིན་པ་དེ་ལྟར་འབུལ་རྒྱུ་དང་། དེའི་སྐབས་སུ་ཡང་མཉམ་བཞག་གི་ངང་བསྐྱངས་ཏེ་མ་གཡེལ་བཟོ་མེད་ཀྱི་རིག་པའི་གཤིས་ལས་མ་འཁྲུལ་ན་དོན་དམ་ཡེ་ཤེས་ཀྱི་ཚོགས་ཁྱད་པར་ཅན་ཡང་རྫོགས་པ་ཡིན་པས། ཏེ་ལོ་པས། བུ་ཚོགས་གཉིས་ཤིང་རྟའི་འཕང་ལོ་དང་། །འབྲལ་བར་མ་བྱེད་ན་རོ་པ། །ཞེས་གསུངས་པ་དང་། མཁས་གྲུབ་ཀརྨ་ཆགས་མེད་ཀྱིས་ཀྱང་། ཚོགས་ཀྱི་བྲེ་ཁ་གང་བ་ན། །རྟོགས་པ་ཤུགས་ཀྱིས་རྒྱས་པ་ཡིན། །ཤེས་རབ་ཤུགས་ཀྱིས་འཕེལ་བ་ཡིན། །ཆོས་མཐུན་བསམ་པ་འགྲུབ་པ་ཡིན། །ཞེས་གསུངས་སོ། །མཎྜལ་གྱི་ཐུན་བསྡུ་བའི་སྐབས་མཐར་ཚོགས་ཞིང་རང་ལ་བསྡུས་ཏེ། འཁོར་གསུམ་མི་དམིགས་པའི་ངང་དུ་མཉམ་པར་བཞག་དགོས་སོ། །དེ་ལྟར་འབུམ་ལྔ་བརྩི་བ་ལ། གོང་གི་སྐྱབས་འགྲོ། སེམས་བསྐྱེད། ཡིག་བརྒྱ་གསུམ། འདིར་མཎྜལ་དང་བཞི་སོང་བ་ཡིན་ནོ།།

ཅ ཀུ་སཱ་ལིའི་ཚོགས་བསགས་ཀྱི་ཁྲིད།

དང་པོ་གཅོད་ཀྱི་གོ་དོན་སྤྱིར་བསྟན་པ།

ཚོགས་བསགས་པ་མཎྜལ་གྱི་ཁྲིད་འདིའི་རྗེས་འབྲེལ་དུ་ཀུ་སཱ་ལིའི་ཚོགས་བསགས་གཅོད་ཀྱི་ལུས་སྦྱིན་འདི་འབྱུང་བ་ཡིན། སྐབས་འགའ་རེར་འདི་ས་བཅད་ཟུར་བའི་ཚུལ་དུ་གསུངས་པའང་ཡོད་ལ། འདི་ནས་དོན་གྱིས་ཚོགས་བསགས་ཐབས་རང་ལུས་མཎྜལ་གྱི་ཚོམ་བུར་བཀོད་པ་དེའི་ཚུལ་ལས་འཕྲོས་པས་ན། ས་བཅད་ཀྱི་དབང་གིས་ལོགས་སུ་བཞག་ན་ལྔ་པ་བདུད་བཞི་ཅིག་ཆར་དུ་གཅོད་པ་ཀུ་སཱ་ལིའི་ཚོགས་བསགས་འདི་གསུངས། དེ་ཡང་མ་ཅིག་གི་སྙན་བརྒྱུད་ཀྱི་ནང་དུ། ཚད་མེད་རྣམ་བཞི་རྒྱུད་ལ་བཞག །གཏད་མེད་རིག་པ་དབྱིངས་སུ་བསྲེ། བདག་མེད་ཀྱི་ཕུང་པོ་གཟན་དུ་བསྐྱུར། བརྗོད་བྲལ་གྱི་ངང་ལ་མཉམ་པར་བཞག །ཅེས་གསུངས་པ་ལྟར། གཅོད་ཅེས་པ་འདིས་ཅི་ཞིག་གཅོད་པ་ཡིན་ཞེ་ན། བདུད་བཞི་དབྱིངས་སུ་གཅོད་དགོས་པ་རེད། ཐོགས་བཅས་བདུད་དང་ཐོགས་མེད་བདུད། །དགའ་བྲོད་བདུད་དང་སྙེམ་བྱེད་བདུད། །དེ་ཡང་སྙེམ་བྱེད་བདུད་ལ་འདུ། །ཞེས་གསུངས་པས་རྩ་བ་ནང་བདག་འཛིན་སྙེམ་བྱེད་ལ་ཐུག་ཡོད་པས་ཤིང་སྡོང་པོའི་རྩ་བ་ཆོད་ན་ཡལ་ག་ལོ་མ་རང་ཤུགས་ཀྱིས་ཆོད་པ་བཞིན་དུ། གཅད་བྱ་བདག་འཛིན་སྙེམ་བྱེད་ཀྱི་བདུད་དེ། གཅོད་བྱེད་སྤྲོས་བྲལ་བདག་མེད་རྟོགས་པའི་ཤེས་རབ་ཀྱིས། གཅོད་ལུགས་དངོས་པོའི་གཤིས་ཀྱི་གནས་ཚུལ་ཡིན་ལུགས་ནམ་མཁའ་ལྟ་བུ་སྤྲོས་བྲལ་སྨྲ་བསམ་བརྗོད་འདས། ཆོས་སྐུའི་ཡུམ་ཆེན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་དུ་གཏན་ལ་ཕབ་པ་དེའི་མིང་ལ་གཅོད་ཟེར་བ་ཡིན།

གཉིས་པ་གཞུང་དོན་དངོས་བཤད་པ།

འདིར་ཐོག་མར་ཕཊཿཅེས་གསུངས་ཏེ། དེའི་དོན་ནི་སྡུད་བྱེད་ཐབས་ཀྱི་ཡི་གེ་ཕ་དང་གཅོད་བྱེད་ཤེས་རབ་ཀྱི་ཡི་གེ་ཊ་གཉིས་པོ་འབྲེལ་བའི་ཕཊ་ཀྱི་ཡི་གེ། ཐབས་སྙིང་རྗེ་ཆེན་པོས་སེམས་ཅན་དབང་དུ་སྡུད། ཤེས་རབ་སྟོང་ཉིད་ཟབ་མོས་རང་གཞན་ཀྱི་རྒྱུད་ཀྱི་བདག་འཛིན་གཅོད་པ་དེ་ལྟར་ཡིན། དེ་ལྟ་བུའི་སྟོང་ཉིད་དང་སྙིང་རྗེ་གཉིས་མེད་ཀྱི་བྱང་ཆུབ་སེམས་ཚད་མེད་བཞིའི་ངོ་བོ་ཅན་གྱིས་རང་རྒྱུད་ལས་སུ་རུང་བར་བྱེད་པས་ན་ཕཊཿཅེས་བརྗོད་པས། རང་གི་སྙིང་ཀའི་དབུས་སུ་སེམས་རྣམ་པར་ཤེས་པའི་ངོ་བོ་མ་ཅིག་ཁྲོས་མ་ནག་མོ་སྐུ་མདོག་མཐིང་ནག་ཅན་ཕྱག་གཡས་པས་གྲི་ཁུག་ནམ་མཁར་འཕྱར་ཞིང་། གཡོན་པས་ཐོད་ཁྲག་ཐུགས་ཀར་བཟུང་བ། རྣ་ལྟག་གཡས་ན་ཕག་ཞལ་ནག་པོས་ངུར་སྒྲ་སྒྲོག་བཞིན་ཡོད་པ། ཁྲོ་མོའི་ཆ་བྱད་ཅན་གར་སྟབས་ལིང་ངེ་ཡོད་པ་ཞིག་གསལ་འདེབས་ལ་བསྒོམ། དེ་ཡང་གོང་གི་ཕཊཿསྒྲ་དང་བསྟུན་ཏེ་རྩ་དབུ་མའི་ལམ་བརྒྱུད་དེ་སྤྱི་བོ་ཚངས་པའི་བུ་ག་ནས་རྒྱང་གིས་ཐོན་པས་རང་གི་ལུས་རོ་རུ་གྱུར་པར་བསམ་དགོས། རང་སེམས་ཀྱི་ངོ་བོ་སྔར་ཁྲོས་མ་ནག་མོར་བསྒོམ་པའམ་དམིགས་པ་ཧ་ཅང་བྱང་བ་ཡིན་ན། དང་པོ་ནས་རྣམ་ཤེས་ནམ་མཁར་སྤར་ནས་སྐད་ཅིག་གིས་ཁྲོས་མར་བསྐྱེད་ནའང་ཆོག་པར་གསུངས་པ་དེ་གཉིས་གང་ལྟར་ཡང་ཆོག དེ་ནས་འདིར་ངག་འདོན་གྱི་ཚིག ལུས་གཅེས་འཛིན་བོར་བས་ལྷ་བདུད་བཅོམ། །སེམས་ཚངས་པའི་སྒོ་ནས་དབྱིངས་ལ་ཐོན། །འཆི་བདག་གི་བདུད་བཅོམ་ཁྲོས་མར་གྱུར། །གཡས་ཉོན་མོངས་བདུད་བཅོམ་གྲི་གུག་གིས། །གཟུགས་ཕུང་པོའི་བདུད་བཅོམ་ཐོད་པ་བྲེག །གཡོན་ལས་བྱེད་ཚུལ་གྱིས་བྷནྡྷ་ཐོགས། །སྐུ་གསུམ་གྱི་མི་མགོའི་སྒྱེད་པུར་བཞག །ནང་སྟོང་གསུམ་གང་བའི་བམ་རོ་དེ། །ཨ་ཐུང་དང་ཧཾ་ཡིག་གིས་བདུད་རྩིར་བཞུ། །འབྲུ་གསུམ་གྱི་ནུས་པས་སྦྱངས་སྤེལ་བསྒྱུར། །ཞེས་གསུངས་ཏེ། དེ་ཡང་། ལུས་གཅེས་འཛིན་བོར་བས་ལྷ་བདུད་བཅོམ། །ཞེས་པས་རང་གི་ལུས་འདི་ལ་བདག་འཛིན་གྱི་གཞི་རུ་གཅེས་ཞེན་དུ་འཛིན་པའི་ལུས་ཀྱི་ཞེན་རྟོག་ཐམས་ཅད་རྩ་བ་ནས་བོར་བས་རྒྱུ་གནོད་བྱར་མ་གྲུབ་པས་རྐྱེན་གནོད་བྱེད་ལྷའི་བུའི་བདུད་རང་སར་ཆོམས་ཤིང་། སེམས་ཚངས་པའི་སྒོ་ནས་དབྱིངས་ལ་ཐོན། །ཞེས་པས་རང་སེམས་གཏད་མེད་ཀྱི་རིག་པ་སྤྱི་བོར་ཚངས་པའི་བུ་གའམ་རྩ་ཆེན་གྱི་སྒོ་ནས་ནམ་མཁའི་དབྱིངས་ལ་ཐོན་ཏེ་དབྱིངས་རིག་དབྱེར་མེད་དུ་འདྲེས་པས་རྟག་པའི་མཐའ་དང་བྲལ་བ་དང་། འཆི་བདག་གི་བདུད་བཅོམ་ཁྲོས་མར་གྱུར། །ཞེས་པས་སྐྱེ་འགགས་གནས་གསུམ་མཁའ་ལ་སྤྲིན་བཞིན་དུ་དེང་སོང་བས་འཆི་བདག་གི་བདུད་ངང་གིས་ཆོམས་ཤིང་ཆད་པའི་མཐའ་དངབྲལ་བས་ན། རང་རིག་ཁྲོས་མའི་སྐུར་ལམ་གྱིས་གསལ་ཏེ་དེའི་མོད་ལ་རང་གི་ལུས་རོ་རུ་ལང་གིས་སོང་བས་ས་ཐོག་ཏུ་འགྱེལ་ཞིང་། རོ་དེ་ཡང་ཚོ་བ་སྣུམ་པ་སྟོང་གསུམ་གྱི་རྒྱ་ཁྱོན་གང་བ་ཞིག་ཏུ་བསྒོམ། གཡས་ཉོན་མོངས་བདུད་བཅོམ་གྲི་གུག་གིས། །ཞེས་པས་ཁྲོས་མའི་ཕྱག་གཡས་ན་མཚོན་བྱ་དོན་གྱི་གནས་ལུགས་རྟོགས་པའི་ཤེས་རབ་ཀྱིས་ཆགས་སྡང་རྨོངས་གསུམ་གྱི་རྟོག་ཚོགས་ཉོན་མོངས་པ་རང་བཞིན་མེད་པར་བཅོམ་པའི་མཚོན་བྱེད་དུ་གྲི་གུག་བཟུང་བ་དང་། གཟུགས་ཕུང་པོའི་བདུད་བཅོམ་ཐོད་པ་བྲེག །ཅེས་པས་རྟེན་གཟུགས་ཀྱི་ཕུང་པོས་མཚོན་པའི་བརྟེན་པ་མིང་བཞིའི་ཕུང་པོ་ལ་འཛིན་ཞེན་མེད་པས་ན་ཕུང་པོའི་བདུད་བཅོམ་ནས་བམ་རོའི་ཐོད་པ་བྲེག གཡོན་ལས་བྱེད་ཚུལ་གྱིས་བྷནྡྷ་ཐོགས། ཅེས་པས་ཕྱག་གཡོན་ན་ལས་བྱེད་ཀྱི་ཚུལ་གྱིས་བྷནྡྷའམ་ཐོད་པ་ཐོགས་ཏེ་ཞེས། སྐབས་འདིར་ཐོད་པ་སྔོན་ནས་བསྒོམས་པ་དེ་ཕར་བཞག་ནས་ད་རེས་བྲེག་པ་དེ་ཉིད་ཚུར་ལེན་པ་ལྟ་བུར་བསམ་མི་དགོས་པར་ཁྲོས་མའི་ཕྱག་མཚན་དང་གཉིས་སུ་མེད་པར་རང་གི་ཐོད་པ་བྲེག་པ་དེ་ཉིད་ལས་བྱེད་ཀྱི་མི་མགོའི་སྒྱེད་པུ་རི་རབ་དང་མཉམ་པ་གསུམ་གྱི་ཁར་དཔྲལ་བ་རང་ལ་ཚུར་བསྟན་པའི་ཐོད་པ་དེ་ཉིད་བཞག་པར་བསམ། ནང་སྟོང་གསུམ་གང་བའི་བམ་རོ་དེ། །ཞེས་པས། ཕྱག་གཡས་པའི་གྲི་གུག་གིས་བམ་རོ་དེ་ལིང་གིས་བླངས་ཏེ་ཐོད་པའི་ནང་དུ་བཞག །སྣོད་སྟོང་གསུམ་དང་མཉམ་པ་དེ་ཉིད་གང་བའི་གཟུགས་ཕུང་གི་བམ་རོ་མཆོད་སྦྱིན་གྱི་ཡུལ་དུ་གྱུར་པ་ཐམས་ཅད་ཀྱི་གཟན་དུ་གྱུར་པ་དེ། ཨ་ཐུང་དང་ཧཾ་ཡིག་གིས་བདུད་རྩིར་བཞུ། །ཞེས་པས། ཐོད་པའི་འོག་ཏུ་མེའི་རང་བཞིན་གྱི་ཨ་ཐུང་དམར་པོ། དེ་ཡང་ཨ་ཐུང་ཞེས་པ་དབུ་ཅན་གྱི་ཨ་ཡིག་གི་སྨད་ཆ་ཟུར་གསུམ་གྱི་རྩེ་མོ་གྱེན་ལ་བསྟན་པ་དེ་འདྲ་ཡིན། དེ་ལྟ་བུའི་ཨ་ཐུང་གནས་པ་ལས་མེ་འབར་ཐོད་པ་དྲོས། ནང་གི་བམ་རོ་དེ་སོ་རོ་རོ་ཞུ་ཞིང་ཁོལ་ནས་འབག་བཙོག་དང་རྣག་ཁྲག་ལ་སོགས་པ་མི་གཙང་བའི་རྣམ་པ་ཐམས་ཅད་ལྦུ་བ་དང་སྤྲིས་མའི་རྣམ་པས་ཕྱིར་ལུད། འཆི་བདག་གཤིན་རྗེའི་ཁར་སོང་བར་བསམ་པ་དང་། ཡང་རླངས་པ་ཡར་འཕྱུར་བ་དེ་ཐོད་པའི་སྟེང་ན་ཧཾ་ཡིག་དཀར་པོ་མགོ་ཐུར་བསྟན་བདུད་རྩིའི་རང་བཞིན་ཅན་ཡོད་པ་ལ་ཕོག་ནས་ཧཾ་ཡིག་དྲོས་ཏེ་བདུད་རྩིའི་རྒྱུན་སྤྱི་བོ་ནས་མར་བབས་པས། ཐོད་པའི་བདུད་རྩི་དང་གཉིས་མེད་དུ་འདྲེས་ཤིང་མཐར་ཧཾ་ཡིག་ཀྱང་འོད་དུ་ལྟེམ་གྱིས་ཞུ་ནས་གཉིས་མེད་དུ་ཐིམ་པར་བསམ་དགོས་པ་ཡིན། འབྲུ་གསུམ་གྱི་ནུས་པས་སྦྱངས་སྤེལ་བསྒྱུར། །ཞེས་པས་སྐུ་གསུམ་རྡོ་རྗེ་གསུམ་གྱི་ཡི་གེ་འབྲུ་གསུམ་གྱི་བྱིན་རླབས་དང་ནུས་པས་འདོད་དགུར་བསྒྱུར་ནས་མཆོད་པའི་རྫས་སུ་བྱིན་གྱིས་བརླབས། དེ་ཡང་ཨོཾ་གྱིས་ཁ་དོག་དྲི་རོ་ལ་སོགས་པའི་སྐྱོན་ཐམས་ཅད་སྦྱངས་། ཨཱ༔ཡིས་གྲངས་མང་པོར་སྤེལ། ཧཱུྃ་གིས་གང་ལ་གང་འདོད་ཀྱི་དངོས་པོ་དང་མཆོད་རྫས་སྣ་ཚོགས་སུ་བསྒྱུར་ཏེ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་འདོད་དགུ་ཐམས་ཅད་འབྱུང་བའི་རང་བཞིན་ཅན་དུ་བསམ་ནས། ཨོཾ་ཨཱ༔ཧཱུྃ། ཞེས་འབྲུ་གསུམ་གྱི་བཟླས་པས་དམིགས་པ་ཐམས་ཅད་མ་ཟིན་གྱི་བར་དུ་དམིགས་པ་དང་སྦྲགས་ནས་འབྲུ་གསུམ་བརྗོད་དགོས། དེ་ནས་མཆོད་རྫས་ཀྱི་དམིགས་པ་ཐམས་ཅད་ཟིན་དུས། མདུན་གྱི་ནམ་མཁར་རིན་པོ་ཆེའི་ཁྲི་དར་ཟབ་འབོལ་བརྩེགས་དང་བཅས་པའི་སྟེང་དུ། དྲིན་ཆེན་རྩ་བའི་བླ་མ། འདི་དུས་སྐུ་མདོག་སྨུག་ནག་ཧེ་རུ་ཀའི་ཆས་ཅན་ཞིག་ཏུ་བསྒོམ། དེ་ཡང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དང་ལྡན་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་ཐུགས་ཀར་གཏོད་པའི་ཚུལ་གྱིས་འཛིན་པ་དང་། གཡོན་མཉམ་བཞག་གི་སྟེང་དུ་འཆི་མེད་ཡེ་ཤེས་ཀྱི་གང་བའི་ཀ་པ་ལ་བསྣམ་པ། མཆན་ཁུང་གཡོན་ན་ཁ་ཊཱཾ་ཀ་འཆང་ཞིང་། སྐུ་ལ་སྟག་ཤམ་དང་རུས་པའི་རྒྱན་དྲུག་གིས་སྤྲས་པ། དབུ་ལ་ཐོད་པ་སྐམ་པོ་ལྔས་བརྒྱན་ཅིང་། ཞབས་གཉིས་རྒྱལ་པོ་རོལ་བའི་སྟབས་ཀྱིས་བཞུགས་ཡོད་པ་དེ་ལྟ་བུའི་བླ་མ་ཧེ་རུ་ཀའི་ཆས་ཅན། དེའི་སྟེང་གི་ཆ་ལ་བླ་མ། བར་གྱི་ཆ་ལ་ཡི་དམ་མཁའ་འགྲོའི་ཚོགས། ཐོད་པའི་ཁའི་ཐད་ཀྱི་ནམ་མཁའ་ལ་ཡེ་ཤེས་དང་ལས་ལས་གྲུབ་པའི་ཆོས་སྐྱོང་སྲུང་མའི་ཚོགས་ཡུལ་ལྷ་གཞི་བདག་དང་བཅས་པ་ཐམས་ཅད་འཁོད། དེའི་འོག་གི་ས་གཞིའི་སྟེང་དུ་བགེགས་རིགས་ལན་ཆགས་ཀྱི་མགྲོན་གྱི་གཙོ་བོར་གྱུར་པའི་ཁམས་གསུམ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཉི་ཟེར་ལ་རྡུལ་འཁྲིགས་པ་བཞིན་དུ་གསལ་གདབ་ནས། སླར་ཡང་ཕཊཿཅེས་གཟུང་འཛིན་ཐད་ཀར་གཅོད་པའི་ཕཊཿསྒྲས་བསྐུལ་ནས། ཡར་མཆོད་ཡུལ་མགྲོན་གྱི་ཐུགས་དམ་བསྐང་། །ཚོགས་རྫོགས་ནས་མཆོག་ཐུན་དངོས་གྲུབ་ཐོབ། །མར་འཁོར་བའི་མགྲོན་མཉེས་ལན་ཆགས་བྱང་། །ཁྱད་པར་དུ་གནོད་བྱེད་བགེགས་རིགས་ཚིམ། །ཞེས་གསུངས་པ་འདིས་དཀར་འགྱེད་བསྟན་པ་ཡིན་ཏེ། ཡར་མཆོད་ཡུལ་མགྲོན་གྱི་ཐུགས་དམ་བསྐང་། །ཞེས་པས་ཡར་མཆོད་ཡུལ་གྱི་མགྲོན་ནི། དཀོན་མཆོག་སྲིད་ཞུའི་མགྲོན་དང་། མགོན་པོ་ཡོན་ཏན་གྱི་མགྲོན་གཉིས་ཡིན། དེ་ཡང་རྩ་རྒྱུད་ཀྱི་བླ་མ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ཀྱིས་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་བདུད་རྩིའི་བཅུད་དྲངས། ཡི་དམ་རྒྱུད་སྡེ་བཞི་དྲུག་གི་ལྷ་ཚོགས་ཐམས་ཅད་ཀྱིས་ལྗགས་ཕྱག་མཚན་སོ་སོའི་རྣམ་པ་དང་། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པས་ལྗགས་ཉི་ཟེར་གྱི་སྦུ་གུ་ཅན་གྱི་དྲངས་བར་གསུངས། དེ་ལྟ་བུའི་རྣམ་པས་བཅུད་དྲངས་ཤིང་གསོལ་བས་ཐུགས་ཀྱི་དགྱེས་པ་བསྐང་ཞིང་གསོལ་བར་བསམ། ཚོགས་རྫོགས་ནས་མཆོག་ཐུན་དངོས་གྲུབ་ཐོབ། །ཅེས་པས་རང་ཉིད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྟེ་སྒྲིབ་གཉིས་དག་དམ་ཚིག་ཉམ་ཆགས་ཐམས་ཅད་བྱང་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་རྣམ་པ་གཉིས་ཐོབ་པར་བསམ། མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་བཅས་པའི་ཐུགས་ཀྱི་དགྱེས་པ་བསྐང་བས་དམ་ཆོས་བྱང་ཆུབ་བསྒྲུབ་པའི་འགལ་རྐྱེན་བར་ཆད་ཐམས་ཅད་སེལ་ནས་མཐུན་རྐྱེན་ལེགས་པའི་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པར་བསམ་མོ། །མར་འཁོར་བའི་མགྲོན་མཉེས་ལན་ཆགས་བྱང་། །ཞེས་པས་དེ་ནས་རང་ཉིད་ཁྲོས་མར་གསལ་བའི་ཕྱག་གཡོན་པའི་ཐོད་པ་དེ་ཉིད་ཀྱིས་བདུད་རྩི་གཏོར་བས་བདུད་རྩི་ཆར་བཞིན་དུ་བབས་པས་ཁམས་གསུམ་འཁོར་བའི་གནས་ཐམས་ཅད་ལ་ཁྱབ་སྟེ་བདུད་རྩི་ཆར་བཞིན་དུ་བབས་པའི་རྐྱེན་དེས་མར་ཁམས་གསུམ་འཁོར་བའི་མགྲོན་དུ་གྱུར་པ་རིགས་དྲུག་སྙིང་རྗེའི་མགྲོན་དང་། ཁྱད་པར་དུ་གནོད་བྱེད་བགེགས་རིགས་ཚིམ། །ཞེས་པས་ཁྱད་པར་དུ་བགེགས་རིགས་ལན་ཆགས་ཀྱི་མགྲོན་རྣམས་ཚིམ་པར་གྱུར་བར་བསམ་པ་དེ། འགྱེད་ལ་དཀར་འགྱེད་དམར་འགྱེད། ཁྲ་འགྱེད་སོགས་སུ་ཡོད་པ་ལས་འདི་དཀར་འགྱེད་ཡིན་པར་གསུངས། སྤྱིར་འདིའི་ལུས་སྦྱིན་འདི་ལ་དཀར་འགྱེད་ཁྲ་འགྱེད་གཉིས་ཀ་བསྟན་ཡོད། ནད་གདོན་དང་བར་ཆད་དབྱིངས་སུ་ཞི། །ཞེས་པས་ཁྲ་འགྱེད་གཉིས་ཀ་བསྟན་ཏེ། ཡང་བདུད་རྩི་ཁོལ་བའི་རླངས་པ་དེ་ལས་མེ་ཏོག་དང་བདུག་སྤོས་མར་མེ་དང་དྲི་ཆབ་ལ་སོགས་པའི་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པ་སྤྲོས་ནས་ཡར་མགྲོན་ལ་མཆོད་པས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ཚོགས་རྫོགས་སྒྲིབ་པ་དག ཡང་མར་མགྲོན་ཐམས་ཅད་སོ་སོར་གང་ལ་ཅི་འདོད་ཀྱི་ཡོ་བྱད་ཆར་བཞིན་དུ་ཕབ་པས་དེ་ལ་རང་རང་གིས་ལོངས་སྤྱད་པས་ལན་ཆགས་འཁོར། བུ་ལོན་སོད། ཤ་འཁོན་སྦྱངས། ནད་གདོན་དང་སྡིག་སྒྲིབ་ཐམས་ཅད་དག མགྲོན་དེ་རྣམས་ཐམས་ཅད་ངོམས་ཤིང་ཚིམས། རིགས་དྲུག་སོ་སོའི་ལས་སྣང་སྡུག་བསྔལ་བག་ཆགས་དང་བཅས་པ་ཐམས་ཅད་བྲལ་ནས། ཕོ་ཐམས་ཅད་འཕགས་པ་སྤྱན་རས་གཟིགས་དང་མོ་ཐམས་ཅད་རྗེ་བཙུན་སྒྲོལ་མའི་གོ་འཕང་ལ་བཀོད་དེ་ཁམས་གསུམ་འཁོར་བའི་མིང་ཙམ་ཡང་མེད་པར་དོང་ནས་སྤྲུགས་པར་བསམ་པ་དེ་ཁྲ་འགྱེད་ཡིན་གསུངས། དེ་ཡིས་དམ་ཆོས་བྱང་ཆུབ་བསྒྲུབ་པའི་བར་ཆད་ཐམས་ཅད་མཉམ་པ་ཉིད་ཀྱི་དབྱིངས་སུ་ཞི། རྐྱེན་ངན་དང་བདག་འཛིན་རྡུལ་དུ་བརླག །ཅེས་པས་རྐྱེན་ངན་གྲོགས་སུ་འཆར་བ་དང་ལས་ཉོན་ཐམས་ཅད་ཀྱི་རྩ་བ་བདག་འཛིན་གཡུལ་ནས་ཕྱུང་སྟེ་ཐལ་བ་རྡུལ་ཕྲན་བཞིན་དུ་བརླག །མཐར་མཆོད་བྱ་དང་མཆོད་ཡུལ་མ་ལུས་ཀུན། །གཤིས་རྫོགས་པ་ཆེན་པོར་མ་བཅོས་ཨཱ༔ །ཞེས་གསུངས་པས་མཐར་ཐུན་བསྡུ་བའི་གནས་སྐབས་ན། མཆོད་པར་བྱ་བའི་ལས་བདུད་རྩི་འབུལ་བ་ལ་སོགས་པ་དང་། མཆོད་པར་བྱེད་པའི་མཁན་པོ་རྣལ་འབྱོར་བ་རང་ཉིད། མཆོད་པའི་ཡུལ་ཡར་མར་གྱི་མགྲོན་མ་ལུས་པ་ཐམས་ཅད་ཀྱང་། གཤིས་རྫོགས་པ་ཆེན་པོར་མ་བཅོས་ཨཱ༔ །ཞེས་པས་ངོ་བོ་ཅིར་ཡང་མ་གྲུབ་པའི་གཤིས་སྐྱེ་མེད་སྤྲོས་པ་ཀུན་དང་བྲལ་བ། རང་བཞིན་འགགས་མེད་ཀྱི་སྣང་ཆ་མ་འདྲེས་ཡོངས་སུ་རྫོགས་པ། ཐུགས་རྗེ་ཀུན་ཁྱབ་ཀྱི་རིག་པ་མི་གནས་མཉམ་པ་ཆེན་པོར་ལྷུན་གྱིས་གྲུབ་པའི་གནས་ལུགས་རྣལ་མ་མ་བཅོས་པའི་ཀློང་དུ་ཨཱཿ ཞེས་མི་དམིགས་པའི་ངང་ལ་མཉམ་པར་བཞག་པ་རེད། སྤྱིར་ན་གཅོད་ཟེར་བ་འདི་མ་རིག་འཁྲུལ་སྣང་གི་རྩ་བ་བདག་འཛིན་གཅོད་པ་ཞིག་ལ་གོ་བ་ཡིན་ཏེ། གཉན་ས་རི་ཁྲོད་འགྲིམ་པ་ཕྱི་ཡི་གཅོད། །ཕུང་པོ་གཟན་དུ་བསྐྱུར་བ་ནང་གི་གཅོད། །ཉག་གཅིག་རྩད་ནས་གཅོད་པ་དོན་གྱི་གཅོད། །གཅོད་དེ་གསུམ་དང་ལྡན་ན་རྣལ་འབྱོར་པ་ལགས། །ཞེས་གསུངས་པས། དེ་གསུམ་དང་ལྡན་ན་རྣལ་འབྱོར་པ་ཞིག་གི་མིང་ཡོད་གསུངས། དེ་ཡང་ནང་བདག་འཛིན་གྱི་རྩ་བ་རང་ཁུངས་ནས་མ་ཆོད་ན། འདྲེ་ཕྱི་ན་ཡོད་སྣང་ཤར་ན་རང་གི་སྣང་བ་འདྲེ་རུ་ཤར་ནས་འདྲེ་གཅིག་གིས་མི་ཚད་མང་པོ་ཡོད་པ་བྲག་སྲིན་མོས་རྗེ་མི་ལ་ལ་ཞུས་པ་ལ་རྗེ་བཙུན་གྱིས་གསུངས་པ་ལྟ་བུ། འདྲེ་སེམས་ཀྱི་རྩ་བར་མ་ཤེས་ན། །འདྲེ་འདྲེ་རུ་བཟུང་ན་གནོད་པ་ཡིན། །འདྲེ་སེམས་སུ་ཤེས་ན་གྲོལ་བ་ཡིན། །འདྲེ་སྟོང་པར་རྟོགས་ན་ཆོད་པ་ཡིན། །ཞེས་དང་། གདོན་གནོད་སྦྱིན་ཕོ་མོའི་སྣང་བ་འདི། །མ་བརྟགས་དུས་ན་བདུད་ཡིན་ཏེ། །ཐོ་འཚམ་བར་དུ་གཅོད་པར་བྱེད། །རྟོགས་ན་བདུད་ཀྱང་ལྷ་ཡིན་ཞིང་། །དངོས་གྲུབ་ཐམས་ཅད་ཁྱོད་ལས་འབྱུང་། །ཞེས་གསུངས་པ་ལྟར་ཡིན་པས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་མ་བྲལ་ཞིང་། རང་གཅེས་འཛིན་དང་བདག་འཛིན་གྱི་རྩ་བ་བཅད་ནས་གཅད་བྱ་གཅོད་བྱེད་ཐམས་ཅད་ཆོས་ཉིད་གཅིག་གི་ཀློང་དུ་བརྡལ་ནས་མཐར་ཐུག་དོན་གྱི་ཆོད་ཚད་མངོན་དུ་གྱུར་ན་གཅོད་ཡང་དག་ཡིན་ནོ་ཞེས་བསྔོ་སྨོན་བཅས་གྲོལ་ལོ།།


previousདྷཱིཿ༽ ཉིན་བདུན་པའི་ཆོས་ཁྲིད།next