Nitartha Digital Library
Tibetan
 
previousཧཱུྃ༽ ཉིན་བརྒྱད་པའི་ཆོས་ཁྲིད།no next

ཧཱུྃ༽ ཉིན་བརྒྱད་པའི་ཆོས་ཁྲིད།

མཚམས་སྦྱོར་ཞལ་གདམས།

ཡང་རང་ཅག་སོ་སོའི་སྐྱེ་བོ་ཉོན་མོངས་པའི་ནད་ཀྱིས་ཐེབས། མ་རིག་པའི་གདོན་གྱིས་བཟུང་། རྨོངས་པའི་གཞན་དབང་དུ་གྱུར་སོང་བའི་ཉམས་ཆུང་བློ་སྟོབས་མེད་པ། གོམས་འདྲིས་དང་བྱང་ཆ་ཆེ་ས་ནི། ཚུལ་བཞིན་མ་ཡིན་པའི་ཡིད་བྱེད་དང་། དེའི་བག་ཆགས་ངན་པའི་ཉེར་ལེན་གྱིས་ཀུན་ནས་བསླང་བའི་གནས་ངན་ལེན་གྱི་ཕྱོགས་སུ་ཤོར་ནས། ཡང་དག་པའི་ལམ་ལ་རང་སྟོབས་ཀྱིས་འགྲོ་མི་ཤེས། གཞན་སྟོབས་ཀྱིས་ཁྲིད་མཁན་རྙེད་དཀའ་ཞིང་ཉག་ཕྲ། བླུན་པོའི་བློ་སྣ་ལོག་ལམ་དུ་ཆུ་སྣ་གར་ཁྲིད་ཡིན་ཏེ། ཆུ་སྣ་ཁ་ཐུར་དུ་འཁོར་ཕྱོགས་སུ་རྒྱུག་བདེ་བ་ལྟར་མར་ཁྲིད་མཁན་ཞིག་ཡོད་ན་རང་ཤུགས་ཀྱིས་དེའི་ཕྱོགས་སུ་རྒྱུག་སླ་བས། ལས་བྱ་བ་ཐུར་ལ་འགྲོ་དུས། རྐྱེན་ངན་པ་མ་བོས་རང་འཁོར་ཟེར་བ་ལྟ་བུ་ཡིན། ཡར་ལ་ཕྱོགས་ཏེ་ཡང་དག་པའི་རྒྱལ་བ་དགྱེས་པའི་ལམ་ཞིག་ལ་འཇུག་པ་ལ་ཁྲིད་མཁན་ཡོད་ཀྱང་དེའི་རྗེས་ལ་ཕྱོགས་པའི་བློ་མིག་དང་སྐལ་བ་བཟང་པོ་ཡོད་དཀའ་བ་རེད། དེ་ནི་ལེགས་པོ་དང་ཡ་རབས་ཀྱི་བག་ཆགས་མེད་པའི་རྒྱུ་མཚན་གྱིས་ཡིན། བློ་ཆུང་འཁོར་བའི་སེམས་ཅན་ང་རང་ཚོས་གཅིག་གིས་གཅིག་ལ་ཆོས་བཤད་དུས། དང་པོ་འགོ་ནས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་ལ་བསམ་སྟེ་ཆོས་བསྒྲུབ་དགོས་པ་རེད་ཅེས་བརྗོད་ནས། བཤད་མཁན་ལ་དེ་ཁ་བྱང་ཐོབ་ཡོད་ལ། ཉན་མཁན་ལ་ཡང་དེ་རྣ་འཇག་ཏུ་གྱུར་ཡོད། ཡིན་ན་ཡང་དོན་ངོ་མའི་ལག་ལེན། གཅུས་ཕུར་རྩ། སྣ་ཐག་སྣ་རྩ་ལ་གཏུག་ན་གཞན་དོན་ཕར་ཞོག རང་དོན་ཞིག་ཀྱང་མི་ཤེས་པའི་ས་ཚོད་ལ་རང་གཞན་བཤད་མཁན་ཉན་མཁན་ཚང་མ་སླེབ་ཡོད་ན། ད་ནི་ང་རང་ཚོ་ལ་མེད་ཀྱང་ཡོད་མདོག་བསྟན་པས་ལོ་མ་སོང་། མིན་ཡང་ཡིན་མདོག་བྱེད་ས་ཡོད་མ་ཐལ། ལོ་དང་ཟླ་བ་འདིར་སྣང་འདྲ་བོ་དེ་མ་ནུབ་པའི་ཚེ་ལ་སུས་སུ་ལ་ཅི་བཤད་ཀྱང་ཆོག་མོད། འདི་གྲི་སོའི་སྒང་གི་རྟ་རྒྱུག་ཅིག་ཡིན་པས། སང་ཉིན་དང་འཇིག་རྟེན་ཕྱི་མ་གཉིས་སྔོན་ལ་གང་འོང་སུས་ཤེས་ཏེ་གུ་རུ་རིན་པོ་ཆེས། ཚེ་ནི་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །མཛའ་བཤེས་གཉེན་འདུན་ཚོང་འདུས་མགྲོན་པོ་འདྲ། །ཞེས་གསུངས་པས། རྒྱུ་འབྲས་བདེན་རྫུན་གྱི་རྒྱ་ལུང་འཐེན་སར་ཐུག་དུས། མིན་ཡང་ཡིན་མདོག་གིས་ཚུགས་ཤིག་བཏོད་པ་རྐྱང་པས་ཤེས་ས་དང་གསལ་ས་ལ་ཐུག་པ་རེད། དེ་ཡང་བར་དོའི་རྣམ་ཤེས་འདྲ་བོ་ང་ཚོ་བརྒྱ་ལམ་རེས་འགའི་དུས་ཐུང་རེ་ལ་ཐུག་ནས་འདི་ཕྱིའི་དོན་ཆེན་གྱི་ཁ་བརྡ་བྱེད་པའི་གོ་སྐབས་ཤིག་དང་ཁེལ་བ་འདི་ལ། དོན་མེད་ཀྱི་ཁ་བརྡ་བྱེད་ལོང་མི་འདུག དེ་ཡིན་ན་མགོ་རྒྱ་གར་སྐད་ནས་ཐེག་པ་ཆེན་པོའི་ཆོས་བསྒྲུབ་དུས་དམ་པ་གསུམ་དང་འབྲེལ་བའི་སྦྱོར་དངོས་རྗེས་གསུམ་ཚང་དགོས། དེ་མ་ཚང་ན་ཐེག་ཆེན་གྱི་ཆོས་གྲལ་དུ་མི་འགྲོ ཐེག་ཆེན་གྱི་ལམ་ལ་མ་ཞུགས་ན་མ་ཞུགས་པ་རེད་མ་གཏོགས། གཅིག་ཞུགས་ཚར་དུས་དམ་པ་གསུམ་དང་ཡིན་གཅིག་མིན་གཉིས་འབྲེལ་དགོས། དེ་དང་མ་འབྲེལ་ན་སངས་རྒྱས་ཀྱི་གོ་འཕང་མི་ཐོབ། རང་གཞན་གྱི་ཚེ་རབས་གཏན་གྱི་འདུན་མ་མི་འགྲུབ་པ་ཡིན་གསུངས་པས། སེམས་ཅན་ཐམས་ཅད་ཕ་མ་ཡིན་པ་རྗེས་ཟློས་ཁ་བཤད་ཙམ་ལས་དོན་ལ་ཚེ་འདིའི་ཕ་མ་དང་འདྲ་བའི་བློ་ཞིག སེམས་ཅན་འབུ་དང་རྟ་ཟོག་ཕར་ཞོག་གྲོང་རོགས་ཁྱིམ་མཚེས་སོགས་རིགས་མཐུན་གྱི་མི་ལ་ཡང་བཞག་མི་ཐུབ། དེ་མ་ཐུབ་ན་སེམས་ཅན་ལ་དམིགས་པའི་སྙིང་རྗེ་མེད་པ་ཡིན། དེ་ཡིན་ན་སྙིང་རྗེ་ཆེན་པོ་མ་དགོས་འབྲིང་པོ། འབྲིང་པོ་མ་དགོས་ཆུང་ཆུང་ཙམ་ཡང་མེད་པ་ཡིན། རང་གི་ཤ་ཉེ་རིང་། བུ་ཚ་རྒྱུད་ལ་ཤ་ཚ་སྙིང་རྗེ་བ་ཙམ་ནི་ངོ་མས་བཤད་ན་སྙིང་རྗེ་ཅི་ཡང་མིན་ཏེ། ཆགས་ཞེན་དང་འབྲེལ་བའི་གཅེས་སེམས་ཙམ་ཞིག་ཡིན། དེ་མི་མ་དགོས་གཅན་གཟན་སྟག་མོ་དང་ལ་ཁའི་རི་སྤྱང་ཚོ་ལ་ཡང་ཡོད་པ་ཞིག་ཡིན་པ་རེད། དེ་ལ་ཡ་མཚན་རྒྱུ་ཅི་ཡང་མེད། སྔོན་འདི་ན་ཤ་མི་ཉེ་རུས་མི་མཐུན་པའི་ནད་པ་ཉམ་ཐག རྒ་རྒས་བདག་མེད། དབུལ་པོ་མགོན་བྲལ། དྭ་ཕྲུག་ཉམ་ཆུང་སོགས་སྡུག་བསྔལ་གྱིས་མནར་ནས་ཤི་ན་ཤི་མ་ཐུབ། གསོན་ཡང་གསོན་མ་ཐུབ་པ་ཞིག་ཡོད་ན། དེ་ལ་སྙིང་རྗེ་ཞིག་སྐྱེས་ན་དེའི་མིང་ལ་སྙིང་རྗེ་ཟེར་དགོས། སྙིང་རྗེའི་ས་བོན་ཞིག་རྒྱུད་ན་ཡོད་རྟགས་ཡིན། འོན་ཀྱང་སྔུན་ན་ཡོད་པའི་ཉམ་ཐག་འདིས་ལས་མ་དག་པ་ཞིག་བསགས་པ་སྔོན་ལ་སོང་ནས། འབྲས་བུ་འདི་ལྟ་བུ་ཞིག་སྨིན་པ་ཡིན་ན། ད་རེས་ལུས་རྟེན་འདིའི་སྟེང་ནས་རྣམ་སྨིན་མྱོང་སྟེ་འཛམ་གླིང་ལས་ཀྱི་ས་པ་འདི་ནས་ལས་དག་སྟོབས་ཆེ་བ་ཡིན་པས། ཁོ་ལ་ལས་ངན་གྱི་འབྲས་བུ་ཟད་པའི་མཐའ་ལ་སྒུག་རྒྱུ་ཞིག་ཡོད། འོན་ཀྱང་རྒྱུ་གསར་དུ་བསགས་བཞིན་པ་རྣམ་སྨིན་མྱོང་རྒྱུར་བསམ་བློ་ཙམ་ཡང་མ་འཁོར་བ་རང་གཞན་གཉིས་ཀྱི་ནང་ན་ཅི་ལྟར་མེད། འདིའི་མྱོང་རྒྱུ་བོ་དེ་ཙམ་སྡུག་པོ་མ་ཡིན་ཏེ། དམྱལ་བ་ཡི་དྭགས་སོགས་ངན་སོང་གི་སྡུག་བསྔལ་དང་བསྡུར་ན་སྡུག་བསྔལ་གྱི་མིང་ཙམ་ཡང་མེད། དེ་བས་ང་ཚོས་བསགས་བཞིན་པའི་ལས་སྲོག་བཅད་པ་གཅིག་པུའི་ལས་དེས་དམྱལ་བའི་སྡུག་བསྔལ་ཅི་ཙམ་མྱོང་དགོས། མྱོང་ཡུན་ཅི་ཙམ་རིང་། དུས་བསྐལ་ཆེན་མང་པོའི་དུས་ཡུན་སྐོར་གཅིག་ཟད་ནས་ལས་མྱོང་སྟོབས་ཀྱིས་ཟད་པའི་དུས་ཤིག་ཡོད་དུ་ཆུག་ཀྱང་། རྒྱུ་མཐུན་གྱི་དབང་གིས་མི་ལུས་ཐོབ་ཀྱང་ཡང་སྲོག་གཅོད་པའི་ལས་སྲོག་ལན་ལྔ་བརྒྱ་འཇལ་དགོས། མ་བྱིན་ལེན། ལོག་གཡེམ། རྫུན། ཕྲ་མ། ཚིག་རྩུབ། ངག་འཁྱལ། བརྣབ་སེམས། གནོད་སེམས་སོགས་དེ་ཚོའི་ལས་ནི་བགྲང་གིས་མི་ལང་། ད་དུང་དེ་རྣམས་སྡིག་ཆེན་རང་མིན་ཏེ། མཚམས་མེད་ཀྱི་ལས་བསགས་པ་དང་ཆོས་དང་བླ་མ་ལ་ལོག་ལྟ་བྱེད་མཁན་དེ་ཚོ་མནར་མེད་ཀྱི་དམྱལ་བ་ལ་སྐྱེ་རྒྱུ་ནི། ཐོད་པར་ཐེལ་ཚེ་བརྒྱབ་པ་དང་འདྲ་བས་དེ་རྣམས་ཀྱིས་ཅི་བྱེད་དགོས་ཞེས་དེ་ལྟར་བསམ་བློ་བཏང་ན། སེམས་ཅན་མིག་གིས་མཐོང་ཚད་ལ་ཤ་ཚ་སྙིང་རྗེ་མི་སྐྱེ་ཁ་མེད་དོན་གྱི་སྟེང་ནས་ཡིན་པ་གནས་ལུགས་ངོ་མའི་ཐོག་ནས་ར་འཕྲོད་རྒྱུ་ཡོད། ང་ཚོ་བྱིས་པ་སོ་སོའི་སྐྱེ་བོ་འདི་བྱིས་པ་ཆུང་ཆུང་ཞིག་འདྲ་ཞིང་། ད་དུང་བྱིས་པའི་ནང་ནས་ཀྱང་བྱིས་པ་བསམ་མེད། མི་ཧ་ཅང་ངན། ཁྲེལ་ཧ་ཅང་མེད་པ། བློ་སྣ་ཧ་ཅང་ཐུང་བས་ལུས་ཤ་ཁྲག་མཆེད་པའི་ཕ་མ་དྲིན་ཆེན་འགའ་རེ་ཤི་མེད་ཀྱང་ལུས་འབྱུང་བཞི་རྒས་ནས་རྒུད་པར་ཐུག ལུས་ཀྱི་སྟོབས་ཉམས། སེམས་ཀྱི་ཤེད་ཉམས་པས་དགོང་ཕྱི་དྲོའི་ལ་འགོའི་ཉི་མ་ལྟ་བུ་ཤི་བ་བསྒུག་ནས་བསྡད་པ་ཞིག་ཡིན་ན་འདྲ། ཤི་ཚར་ཞིང་ཤི་རན་ཁར་ཤི་མིག་གསོན་ལ་བལྟས། ཤུལ་གྱི་མི་ལ་སེམས་འཕྲེང་བཞིན་ཕྱི་མའི་ལམ་ཆེན་ལ་ཕྱིན་པ་ཡིན་རུང་འདྲ། དེ་རྣམས་ཀྱི་སྐྱིད་སྡུག་ལ་བསམ་བློ་མ་བཏང་བར་ལོ་རེ་སོང་ནས་ཇེ་བརྗེད་ཇེ་བརྗེད། རང་ཁ་ཁ་སོ་སོ་ལ་མི་ལོ་མི་ཉན་པར་སྡོད་པ་འདི་དངོས་གནས་བཤད་ན། དུད་འགྲོ་འགའ་རེ་ལས་སྡུག་པ་ཡིན། ང་ཚོས་བྱམས་པ་ཚད་མེད་སྐབས་བཤད་པ་ལྟར། དུད་འགྲོ་རྔ་མོང་གི་ཕྲུ་གུ་བོར་བའམ་ཤི་ན། ཚེ་གང་བོར་སྡུག་བསོག་སྟེ་སྡུག་ཁོ་ནའི་ངང་ནས་འཆི་རུ་འཇུག་པ་ཡིན། གཞན་ཡང་བྱ་ཁྲུང་ཁྲུང་དེ་ཚོའི་རོགས་པ་བསད་ཤོར་དུས་ལོ་ནས་ལོའི་བར་གཅིག་པུར་སྡུག་བསོག་རབས་ཡོད། དེ་ཚོ་དུད་འགྲོ་ཡིན་པས་སྡུག་བསོག་རྒྱུ་མ་གཏོགས་དེ་ལ་ཕན་ཐོགས་པའི་ཆོས་བསྒྲུབ་མི་ཤེས། འོན་ཀྱང་སྐབས་རེ་ང་རང་ཚོ་དུད་འགྲོ་དེ་ཚོ་ལས་ཀྱང་སྡུག་གི་བསམ་རྒྱུ། དཔེ་དམ་པའི་ལྷ་ཆོས་བསྒྲུབ་ན་ཕན་ཐོགས་པ་གོ་བཞིན་ཤེས་བཞིན། བརྒྱ་ལན་རེ་མ་གཏོགས་མི་གོ་རྒྱུའི་ཆོས་ཁྲིད་དང་ཁྱིམ་ལས་ཙག་ཙུག་རྣམ་བརྗེ་བར་བྱེད། ཁྱིམ་ཕ་མ། བུ་ཚ་རྒྱུད། སྤུན་ཤ་ཉེ། མིང་སྲིང་ཚ་ཞང་གིས་འབྲེལ་བའི་སྙིང་དམར་ཅན་ཤི་སོང་བ་དེ་ཚོའི་ནང་གི་མང་ཆེ་བ་བག་ཆགས་ངན་པས་མཚམས་སྦྱར་ཏེ་ཤི་བ་ཡིན་ལ། ཤི་ཁར་སྨོན་ལམ་ལེགས་པོ་རེ་ཐེབས་པའང་དཀའ་བ་རེད། དེ་ཚོས་ད་ལྟ་ཁམས་གསུམ་རིགས་དྲུག་གི་གནས་ནས་སྡུག་བསྔལ་རེ་མྱོང་བཞིན་པ་མ་གཏོགས་འགྲོ་ས་མེད། ད་ཙམ་དམྱལ་བར་སྐྱེས་ནས་རེ་བ་དང་དུང་བ་གསོན་གྲང་ང་ཁམས་ན་ཡོད་པ་ང་ཚོ་ལ་བྱེད་བཞིན་ཡོད་ན། ང་ཚོས་དེ་རྣམས་ལ་བསམ་བློ་ཞིག་མ་འཁོར་ན་ཅི་འདྲ་ཡིན། ཡང་སྡིག་པ་དེ་ཙམ་མ་ཆེ། དགེ་བའི་ར་མདས་ཟིན། ཁྱད་པར་དུ་བཤེས་གཉེན་དམ་པས་ལམ་རེ་བསྟན་པའི་ལམ་སྣེ་ངན་སོང་ལས་བཟློག་ཐུབ་ཡོད་ན། མི་ལུས་རེ་ལོན་ཡོད་ན་མི་ཤེས་མོད། དེར་གསོན་འདི་ངོགས་ལ་ཡོད་སྐབས་ང་དང་ཁོ། དགྲ་དང་གཉེན་བསམ་ནས་ཆགས་སྡང་ཁོ་ནའི་དགའ་སྡུག་གིས་འཁྲུལ་ཚབས་ཆེ་བ་ཡིན་ན་མི་ལུས་ཐོབ་ཡོད་ཀྱང་ལས་ཀྱི་ལན་ཆགས་ཀྱིས་མི་དགའ་ས་ཞིག་ཏུ་སྐྱེས་ཡོད་ཤས་ཆེ་བས། ང་ཚོས་ད་དུང་ཁོང་ཚང་གི་བུ་རེད་བསམ་ནས་དགྲ་རུ་བཟུང་ན་དགྲ་གཉེན་གྱི་དབྱེ་བ་སུས་འབྱེད་ནུས། ང་ཚོ་མི་རྣམས་སྐད་ཆ་བཤད་ཤེས་དང་མི་ཤེས་ཙམ་ལས་དོན་དུ་ནགས་ཀྱི་མི་རྒོད་དང་འདྲ་བ་ཡིན། དེ་ཡང་ཕ་མ་གཉིས་ཤེས་ངེས། ཨ་ཡེས་དང་ཨ་མྱེ་གཉིས་ཀྱང་ཕལ་ཆེར་གྱིས་ཤེས་མོད། ཡང་ཡེས་དང་ཡང་མྱེ་སོགས་ཀྱི་མིང་ཙམ་ཡང་དོ་སྣང་བྱེད་མ་མྱོང་བའི་མི་མང་པོ་ཡོད་རྒྱུ་རེད་བསམ། དེ་ཡན་ཀྱི་མི་རབས་རྣམས་བཤད་ཤེས་པ་ལྟ་ཅི། ངོ་མ་བཤད་ན་དེ་རྣམས་ཀྱི་ལུས་ཤ་ཁྲག་ལས་མཆེད་འོང་བ་ཡིན་པས་ཕ་མ་དང་ཁྱད་ཅི་ཡོད། དེ་ལྟར་དེད་ན་འཁོར་བའི་ཡ་མཐའ་ཐུག་མེད་དུ་དེད་སོང་ན་ཡང་ངོ་མས་བཤད་ན་ཚེ་འདིའི་ཉེ་རིང་དང་འདྲ། འདང་དེ་ལྟར་བརྒྱབ་ཚེ་སེམས་ཅན་ཐམས་ཅད་ཕ་མ་ཡིན་པའི་དོན་མི་གོ་རྒྱུ་ཞིག་མིན་ཏེ་རང་ཐོག་ཏུ་བླངས་ན་ལེན་རྒྱུ་ཡོད་པའི་རྒྱུ་མཚན་མིག་གིས་མཐོང་བ་ཤ་སྟག་ཡིན་པས། སེམས་ཅན་ཐམས་ཅད་ལ་སྙོམས་པའི་བྱམས་སྙིང་རྗེའི་སེམས་ཤིག་ཨེ་སྐྱེ་བལྟ་རྒྱུ་དང་བྱམས་སྙིང་རྗེ་ཅུང་ཟད་ཅིག་རྒྱུད་ལ་ཡོད་པ་ཞིག་ཡིན་ན། དེ་ཡར་ན་འཕར་དུ་བཅུག སྐྱེད་བསྲིང་ནས་སྙིང་རྗེ་ཆེ་ཙམ་ལ་སྦྱང་དགོས་པ་ཡིན། སྙིང་རྗེ་ཞིག་མེད་ན་ཆོས་བསྒྲུབ་མི་ལོ་སྟེ། ནས་མེད་ན་རྩམ་པ་འཐག་ཐབས་མེད་པ་དང་གཅིག་ཡིན། ཆོས་པ་ཡིན་དང་མིན་གྱི་ཚད་གཞི་དད་དང་སྙིང་རྗེ་ཡོད་མེད་ལ་བལྟ་རྒྱུ་རེད། དད་དང་སྙིང་རྗེ་ཇེ་ཆེ་རུ་འགྲོ་བ་ལ་ཕན་ཐོགས་ཡོད་སོང་ན་ཆོས་ཞུས་པ་ལ་ཕན་པ་ཡོད་པ་ཡིན། དད་དང་སྙིང་རྗེའི་ཐད་ནས་སོར་གང་ཡང་འཕར་རྒྱུ་མེད་པར། ཤིང་མདའ་སྒྲོ་མེད་ནགས་སུ་འཕང་པ་འདྲ་ཞིག་གིས་གར་སོང་གར་བརྒྱབ་གཉིས་ཀ་མེད་ན། ཆོས་ཞུས་ནས་གར་སོང་འདིར་བརྒྱབ་མེད་པ་ཡིན། ད་དུང་སྐྱེ་བ་མང་པོར་མི་ཐར་བ་མ་ཟད་ལུས་ངན་མི་ལེན་པའི་ཁག་ཐེག་མེད། འདི་ནས་ངས་དད་པ་ཟེར་འདུག་རྒྱུ་དེ་ང་ཅན་པོ་ལ་དད་པ་བྱེད་དགོས་ཞེས་པ་མིན། གཙོ་བོ་རྒྱུ་འབྲས་ཡིད་ཆེས་ཀྱི་དད་པ་འཇིག་རྟེན་ཡང་དག་གི་ལྟ་བ་ཟེར་བ་ནི། རྒྱུ་འབྲས་ཡིད་ཆེས་ཀྱི་དད་པ་ཡོད། བྱམས་དང་སྙིང་རྗེའི་རླན་དེ་དང་བྲལ་མེད་ན། བྱང་ཆུབ་སེམས་ཀྱི་ས་བོན་ཞིག་བཏབ་ན་མྱུ་གུ་ལྗང་ཆུང་ཞིག་འཁྲུངས་རྒྱུ་ཡོད་པ་རེད། དེའི་དུས་སུ་དད་དང་སྙིང་རྗེའི་དབང་གིས་འཁོར་བར་ཞེན་ལོག་གི་ངེས་འབྱུང་སྐྱེས། རང་དོན་མ་ཡིན་པའི་གཞན་ཕན་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བའི་སྒོ་ནས་ཡང་དག་པའི་ལྟ་བ་རྒྱུད་ལ་འཁྲུངས་ཤིང་། ས་ལམ་རིམ་པར་བརྒྱུད་དེ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་པ་ཡིན། ནམ་ཡང་རྒྱུན་དུ་ང་ཚོ་མཉམ་འཛོམ་སྐབས་འདི་བཤད་བཞིན་ཡོད་དེ་གནད་ཆེ་བའི་རྒྱུ་མཚན་གྱིས་ཡིན། ཁྲི་ཐོག་གི་བླ་མ་མན་ཆད། སྡེ་ནང་གི་ཨ་ཡེས་དང་ཨ་མྱེ་རྒས་རྒོན་ཡན་ཆད་ཀྱིས་ཐར་ལམ་རེ་ཨེ་ཟིན་ལྟོས། ཐར་ལམ་གྱི་སྣེ་མོ་ཞིག་ཟིན་འོང་དུས་གང་ལྟར་བྱས་ཀྱང་དྲག་འོང་། བྱང་ཆུབ་ཀྱི་སེམས་ཤིག་རྒྱུད་ལ་སྐྱེས་ནས་མ་ཉམས་ཤིང་མ་བརྗེད་ན་ལས་དང་རྐྱེན་གྱི་དབང་གིས་དམྱལ་བར་སྐྱེ་དགོས་ཐུག་རུང། ཡུན་རིང་སྡུག་བསྔལ་མྱོང་མི་དགོས་པར་བྱང་ཆུབ་ཀྱི་སེམས་དེའི་སྟོབས་ཀྱིས་མགྱོགས་མྱུར་དུ་ཐར་ཐུབ། བྱང་ཆུབ་ཀྱི་སེམས་དེས་ཟིན་ན་ལོ་སྟོང་ལོན་པའི་མུན་པ་དེ་མར་མེས་སྐད་ཅིག་ལ་སེལ་བ་ལྟ་བུའི་དཔེ་ཡོད། དེ་མིན་ངེས་འབྱུང་གི་བློ་མེད། སྙིང་རྗེའི་སེམས་མེད་ཅིང་། བྱང་ཆུབ་སེམས་ཀྱི་དྲི་ཙམ་ཡང་མ་བྲོ་ན་གསེར་ཁྲི་སེར་པོ་སུམ་བརྩེགས་ཀྱིས་མ་ཚད་པར། གདུགས་དར་ཚོན་སྣ་ལྔ་དགུ་བརྩེགས་ཀྱི་འོག་ནས་འགྱིང་མཁན་ཞིག་ཡིན་ཡང་། དེ་དམྱལ་བའི་སེམས་ཅན་ཞིག་གི་སྐུ་ཕྲེང་སྔོན་མ། སྐུ་རྗེས་མར་ཉི་ཚེ་བའི་དམྱལ་བར་དངོས་སུ་མ་སྐྱེས་གོང་བཞུགས་དགོས་ཐུག་པ་ཅན་ཡིན། ཡང་དཔེ་ཆ་སློབ་གཉེར་གྱི་ཐད་ནས་གཞུང་བཀའ་པོད་ལྔ་པོ་ལ་ཆེ་ཚོད་ཆུང་དམན་གྱིས་སྦྱང་བརྩོན་བྱེད་མཁན་ཞིག་ཡིན་ཡང་། ཐོས་པས་རང་རྒྱུད་གྲོལ་མེད་ན་ཕན་ཐོགས་མེད། གཞན་ཆོ་ག་ལས་འགྲིག་བཅའ་ཕྱག་ལེན་གྱི་ཐད་ནས། དབྱངས་འདོན་ལྟ། འཆམ་གར་སྟབས་རྐྱང་པ་ཅི་ཙམ་ཤེས་ཀྱང་ཕན་ཐོགས་མེད་དེ། གྲྭ་བ་སྒྲིག་ཞབས་ནས་སངས་རྒྱས་ཟེར་བ་དེ། བསྐྱེད་རྫོགས་ཀྱི་གདེངས་ཤིག་ཡོད་དགོས་པས་ཐར་བའི་ལམ་སྣེ་ཞིག་དོན་གྱི་སྟེང་ནས་མ་ཟིན་ན་ལུས་ངག་གི་ལས་ཀ་ཞིག་ཤེས་ནས་ཕན་ཐོགས་ཆེན་པོ་ཡོད་པ་མ་རེད། དཔེར་ན་དགེ་སློང་ལེགས་སྐར་ལྟ་བུ་ཡིན། དེ་རྣམས་ཁ་ཚོད་ཡོད་ཀྱི་ནང་ནས་གཏམ་ཚོད་མེད་ཟེར་བ་ལྟ་བུ་ཞིག་ཡིན་ན་ཐང་ཡང་། འཛེམ་བག་མེད་པ་ནང་ལུགས་ཀྱི་སྐད་ཆ་རང་དཔེ་རོགས་ལ་བཀབ་པའི་ལོ་རྒྱུས་དེ་ལྟར་རེད། སྙིང་རྗེ་ལྡན་ཕྱིར་བྱམས་ཕྱིར་དང་། །སེམས་དགེ་བ་ལ་ཉེས་པ་མེད། །ཅེས་སྡོམ་པ་ཉི་ཤུ་བ་ལས་གསུངས་པ་ལྟར་ཡིན། ཡང་འགའ་རེ་ཕོ་སར་མོ་སར་ཡིན་པས་ཉི་མ་ཆ་རེ་ལ་སྣང་བ་ཨ་སྔོན་དགུང་ལས་མཐོ་ཞིང་རྒས་རྒྱུ་རྒུད་རྒྱུ་མེད་སྣང་ཤར་ཡང་། ཨ་ཡེས་ཨ་མྱེ་རྒ་རྒས་རྣམས་ཀྱིས་ཀྱང་ལམ་དེ་བརྒྱུད་ནས་འོང་བ་ཡིན། དེ་ཡང་རྒས་ནས་རྒུར་ལོང་ཤར་ན་དེ་སྨོན་པའི་ཡུལ་ཡིན་ཏེ། ཚེ་རིང་ལོ་བརྒྱ་ཞེས་ཟེར་བཞིན་ཡོད་མོད། འགའ་རེ་ལུས་ན་གཞོན་གྱི་ལང་ཚོ་མ་ཡལ། དགའ་ལོང་སྐྱིད་ལོང་གཉིས་ཀ་མེད་པར་འཆི་བདག་གི་ཞགས་པ་ཐེབས་བས། སྒྱེ་ཐེད་ཞིག་གི་ནང་དུ་བཅུག་ནས་རྡོ་སུམ་ཚུགས་ཀྱི་ཁར་བཞག་སྟེ་རོ་ཟེར་རྒྱུ་རེད། ཁྱི་དང་བྱ་རྒོད་ཀྱི་ཁ་ཟས་སུ་གྱུར་དུས། མིག་ཁྲ་ཆུང་གི་མཛེས་མདངས་ཤོར། སོ་སུམ་ཅུའི་དུང་ཕྲེང་འཐོར། སྐྲ་ལོ་རླུང་གིས་སྤུར། ལུས་ཤ་ཁྲག་འབྱུང་བཞིའི་ཕག་ཏུ་ཞ་ནས་མིང་ནས་མི་བཟུང་བར་མ་ཎི་འདོན་སར་ཐུག་པ་དེ་འདྲ་ནམ་འོང་ཅི་ཤེས་ཏེ་དེ་འདྲ་ནམ་ཐོག་ཏུ་སླེབ་མི་ཤེས། ཟུར་གཡས་གཡོན་ལ་རང་ལྟ་རོགས་ལྟ་བྱས་ན་ཚང་མ་རྒས་ནས་ཤི་བ་ཁོ་ན་མིན་ལ། མི་མི་ཤི་སྡོད་ས་གང་ན་ཡོད་དེ། སྐྱེ་བ་ཡོད་ན་འཆི་བ་ལོས་ཡོད། མི་ཞིག་ལ་མི་ཞིག་གི་ཚེ། སྐར་མ་ཞིག་ལ་ནམ་ཞིག་གི་ཚེ་ཡིན། ཡང་མི་ཤི་བ་འདྲ་ཡང་ཤི་ལུགས་མི་འདྲ་སྟེ། འགའ་རེ་ཆུང་ནས་ཆོས་ལ་མོས། ཉོན་མོངས་རང་ཤུགས་ཀྱིས་ཆུང་བས་ལྷ་དཀོན་མཆོག་ལ་དད་པ་ཆེ་བ། ལས་མི་དགེ་བ་ལ་དུག་བཞིན་དུ་འཛེམ་མཁན་ཡང་ཡོད་པ། དེའི་སྟེང་དུ་གང་ཟག་དེས་ཆོས་ངོ་མའི་གནད་ཅིག་ཤེས་ན། དེ་འདྲ་དེ་ཤི་བ་མ་ཡིན་འཕུར་བ་ཡིན། དལ་འབྱོར་ལྡན་པའི་མི་ལུས་ཤིག་བླངས་པ་ལ་སྙིང་པོ་ལོན་པ་ཡིན། ཡང་མི་འགའ་རེ་དེ་ལྟར་མིན་པར། ལོ་ཉུང་བ་བརྒྱ་བརྒྱ་སྟོང་སྟོང་ཡོད་ཀྱང་ཁོ་མཐོ་ན་དམའ་རྒྱུ་མེད་སྣང་ཤར། བརྒྱག་ན་ལྟོག་རྒྱུ་མེད་སྣང་ཤར། ལ་གྱེན་ལ་འགོས་པས་ཐུར་དུ་འབབ་པར་བསམ་བློ་གཏན་ནས་མ་བཏང་བར། ལས་མི་དགོས་ས་ནས་འདི་མ་བསགས་བསམ་པ་མེད་པ། རྡོ་ལྕི་མོ་མཚོ་ཞབས་མེད་ཀྱི་ནང་དུ་འཕང་བ་ལྟ་བུ་དེ་ལྟར་དམྱལ་བའི་རྒྱུ་རང་གིས་བསྒྲུབ་ན་སྡུག་འགྱོད་པ་ལྷག་པར་དེ་དུས་ཆེ་བ་རེད། དེ་ནས་རྒ་རྒས་ཤིག་ལ་ཆ་མཚོན་ན་གསོན་འདི་ངོགས་ཀྱིས་ད་སོང་ད་སོང་། ཚེ་ཕྱི་མས་ད་ཤོག་དང་ད་ཤོག་ཟེར་སར་ཐུག་པ་ཡིན། བསྡད་ཀྱང་སྐྱིད་སྣང་མེད་དེ་ལུས་རྒས་ནས་འབྱུང་བ་སྙིགས་དུས་དབང་པོ་རྣམ་ལྔའི་ནུས་པ་ཤོར། ཕྱི་ལུས་པོ་རྒས་ཞོར་ནང་སེམས་ཀྱི་སྤོབས་པ་ཇེ་ཆུང་དུ་སོང་། ཕྱིའི་འདོད་ཡོན་ལོངས་སྤྱོད་སྔར་བཞིན་ཡོད་རུང་དེ་ལ་སྤྱད་པའི་ནུས་པ་རང་ཉིད་ལ་མེད་པ་དཔེར་ན། བཅའ་ལག་རྙིང་པ་དང་འཕྲུལ་ཆས་ཟད་པོ་ཚོ་དང་འདྲ་སྟེ། ག་ས་གང་ནས་གནད་དོན་ཞིག་བུད། འགྲོ་འདུག་ཉལ་འཆག་གང་བྱས་ཀྱང་། ན་རྒྱུ་ཚ་རྒྱུ་ལ་སོགས་པའི་ཟུག་མི་བདེ་བའི་སྐབས་དེར། ལོ་ཆུང་དེ་ཚོས་གཅོལ་རྒན་ཕུང་རྒན་འདི་མེད་ན་དགའ་ཞེས་ཁ་ཡིས་ཅུང་མ་སྨྲས་མོད། དབང་མི་ལག ཅོ་ཏོ་ཤིང་ལག་ཏུ་ཤོར་ཚར་དུས་མི་ཡིས་བརྙས་བཅོས་མྱོང་བ་ལ་སོགས་པའི་རྒས་པའི་སྡུག་བསྔལ་རྐྱང་པ་བཤད་ཀྱང་མི་ཚར་བ་ཞིག་ཡོད། སྐབས་དེར་བློ་གཏད་ས་ཞེ་འཁྲི་ས་ཐར་བའི་ལམ་སྣེ་ཞིག་ཟིན་ཡོད་ན་དུས་དེར་ན་དགའ་ཤི་སྐྱིད་ཡིན། དེ་མིན་ན་མ་ཎི་བྱེ་བ་ཙམ་རེ་འདོན་མྱོང་ཡོད་ཀྱང་། དེ་སེམས་ལ་གང་ཤར་ནས་བཏོན་པ་ཡིན་སུས་ཤེས། འོད་མཚན་འབུམ་གཅིག་གཉིས་རེ་ཁས་ལེན་པའི་ཁྲལ་སོད་ཙམ་དུ་བགྲང་ཡོད་ཀྱང་སེམས་བསྐྱེད་དང་བསྔོ་སྨོན་གྱིས་ལེགས་པོ་ཞིག་ཟིན་ཨེ་ཡོད། སྤྱིར་བདེ་བ་ཅན་དུ་སྐྱེ་བ་ལ་རྒྱུ་བཞི་མ་གཏོགས་སྒྲུབ་མི་དགོས་ལ་རྒྱུ་བཞི་པོ་དེ་བསྒྲུབ་ན་སོ་སྐྱེ་ཡིན་ཡང་བདེ་བ་ཅན་ལ་སླེབ་ཐུབ་ངེས་ཀྱང་། རྒྱུ་བཞི་པོ་རྣམ་དག་ཅིག་འགྲུབ་མེད་ན་མིག་བཙུམ་མ་ཐག་རྒྱལ་སྲས་བརྒྱད་དང་མགོན་པོ་འོད་དཔག་མེད་ཀྱིས་བསུ་མ་བྱེད་པ་མིག་ལམ་དུ་འཆར་དཀའ་བ་ཡིན། དེ་ལྟ་བས་ན་ལོ་ཆེ་ཆུང་། སྐྱེས་ཕོ་མོ། སྐྱ་སེར་སུ་ཡིན་ཡང་ཐར་ལམ་རྣམ་དག་ཅིག་ཨེ་ཟིན་བལྟ་བའི་ཆེད་དུ་འབད་པ་བྱེད་དགོས། དེ་ཡང་མི་གོ་བ་ཅན་ལ་ཚིག་གཅིག །རྟ་གོམ་པ་ཅན་ལ་ལྕག་གཅིག་གིས་ཆོག་པས་མདོར་ན་ཐར་བའི་ལམ་སྣེ་ཟིན་ཡོད་སྙམ་པ་ཞིག་མེད་ན། ཅི་བཤད་ཀྱང་མགོ་འཁོར་ནས་རྒྱུག་འདུག་དགོས་པ་ཡིན། སྤྱིར་ད་སྔོན་འཁོར་བ་ཐོག་མེད་ནས་འཁོར་བར་འཁོར་ནས་འཁྱམས་པ་ཡིན། ཆོས་དར་ས་ལ་སྐྱེས་མྱོང་མོད། རང་ཉིད་ལ་མིག་མེད་ན་འཛམ་གླིང་དུ་ཉི་མ་ཤར་ཡང་སྒེར་ཐད་ནས་མུན་པའི་སྨག་ལ་འཁྱམས་ལུགས་གཅིག་པ་ཡིན། ལམ་ཉམས་སུ་བླངས་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་བསགས་སྟོབས་ཀྱིས་ཁྱོག ཐེག་ཆེན་འཕགས་པའི་ས་ལམ་བགྲོད་ཐབས་ལ། གཞི་བདེན་གཉིས་ཟུང་འཇུག་ལ་བརྟེན་ནས་ལམ་ཚོགས་གཉིས་ཟུང་འཇུག་བསྒྲུབ་སྟེ་འབྲས་བུ་སྐུ་གཉིས་ཟུང་འཇུག་གི་གོ་འཕང་བརྙེས་དགོས་ན། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་རྒྱུད་ལ་སྐྱེ་དགོས་ཏེ། རྡོ་གྲུབ་ཆེན་འཇིགས་མེད་བསྟན་པའི་ཉི་མས་འདི་ལྟར་གསུང་སྟེ། ལམ་གྱི་རྩ་བ་ངེས་འབྱུང་སེམས་བསྐྱེད་སྒོམས། །རྩ་བ་མེད་པས་ཡལ་ག་ཅི་ལས་སྐྱེས། །ལམ་གྱི་སྙིང་པོ་མཐའ་བྲལ་སྙིང་པོ་སྐྱོངས། །སྙིང་པོ་མེད་པས་ཡལ་ག་ཅི་ལ་རུང་། །ལམ་གྱི་མཐར་ཐུག་འོད་གསལ་རྫོགས་ཆེན་འཚོལ། །མཐར་ཐུག་མ་རྙེད་རང་ལམ་ཉི་ཚེ་བ། །ཞེས་གསུངས་པ་ལྟར། དོན་དམ་བྱང་ཆུབ་ཀྱི་སེམས་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེ་བར་བྱེད་པ་ལ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྨོན་དང་འཇུག་པའི་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བ་ཞིག་དགོས། དེ་ལྟ་བུའི་སྨོན་འཇུག་གི་བྱང་སེམས་རྒྱུད་ལ་སྐྱེ་བ་ལ། དབྱེ་ན་ཚད་མེད་རྣམ་བཞི། བསྡུས་ན་བྱམས་སྙིང་རྗེ། གཅིག་ཏུ་བསྡུས་ཏེ་བཤད་ན་སྙིང་རྗེའི་སེམས་དང་འབྲལ་མི་ཉན་པ་ཞིག་ཡིན། སྙིང་རྗེ་དེ་རྒྱུད་ལ་སྐྱེ་བ་ལ་བསམ་པ་བཟང་པོ་ལ་རག་ལས་པ་ཡིན། དེ་ཐམས་ཅད་ཀྱི་རྩ་བ་མདོར་བསྡུས་ན། །བསམ་པ་བཟང་པོ་དེ་ལ་ཐུག་ཡོད་པས། །བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། །བསམ་པ་ངན་ན་ས་དང་ལམ་ཡང་ངན། །ཐམས་ཅད་བསམ་པ་དག་ལ་རག་ལས་པས། །རྟག་པར་བསམ་པ་བཟང་ལ་འབད་པར་བྱ། །ཞེས་གསུངས་པས། ལ་ལ་ཚིག་མང་དོན་ཆུང་ཞིང་། འགའ་རེ་ཚིག་ཉུང་དོན་ཆེ་བ་ཡིན་པས་འདི་ཡང་ནས་ཡང་དུ་བཤད་དེ། ཤིན་ཏུ་དོན་དང་ལྡན་པ་ལ། ཚིག་གཅིག་ལན་གཉིས་ཟློས་པས་དེ་ལྟར་བཤད་པ་ཡིན། དཔེར་ན་ས་ཆ་འདིའི་མི་ཐམས་ཅད་ཀྱིས་ཆོས་ཞུས་ཏེ་བསམ་བཟང་ཅན་ཤ་སྟག་ཏུ་གྱུར་སོང་ན། སྙིང་རྗེའི་སེམས་དང་ལྡན་པའི་ཕན་སེམས་ཅན་ཕོ་ཐམས་ཅད་འཕགས་པའི་དགེ་བསྙེན། མོ་ཐམས་ཅད་ཆོས་ཀྱི་ལྷ་མོ་རུ་གྱུར་དུས། ནང་ཉོན་མོངས་ཀྱི་དགྲ་བོ་རང་ཁུངས་ནས་འདུལ་ཐུབ་ན་ཕྱིའི་གནོད་བྱེད་ཀྱི་དགྲ་བོ་རང་ཤུགས་ཀྱིས་འདུལ་ཐུབ་སོང་བ་ཡིན། གལ་ཏེ་དགྲ་ཇག་ཆོམ་རྐུན་ལ་སོགས་པ་ཡོད་ཀྱང་སྐྲག་མི་དགོས་ཏེ་ལྷ་དང་སྲུང་མས་སྐྱབས་པ་ཡིན་ཏེ། ཆོས་སྐྱོང་ཆོས་མཐུན་གྱི་སྲུང་མ་ཡིན་པས་གནོད་པ་རང་ཤུགས་ཀྱིས་བཟློག་འགྲོ། དེ་ལྟར་མི་ཐམས་ཅད་སྙིང་རྗེ་ཕན་སེམས་ཀྱི་བསམ་པ་བཟང་པོ་དང་ལྡན་པས་གཅིག་མཚུངས་སུ་གྱུར་ན། དེ་མི་ཡུལ་མ་ཡིན་ལྷ་ཡུལ་ཡིན་ལ་ལྷ་ཡུལ་ལས་ཀྱང་ལྷག་པའི་དག་ཞིང་ཞིག་ཡིན་པ་དེ་ལྟར་འོང་བར་བསམ་པ་ལྷག་བསམ་རྣམ་དག་ཕྱོགས་དང་རིས་མེད་པའི་སྒོ་ནས་དྲན་སྐུལ་དང་སྨོན་ལམ་མཉམ་དུ་བྱེད་བཞིན་ཡོད་མོད། དེ་ལྟ་བུ་དངོས་གནས་མངོན་དུ་གྱུར་བར་ཅུང་ཟད་དཀའ། དེ་དཀའ་བའི་རྒྱུ་མཚན་གྱིས་དུས་ངན་གྱི་སྙིགས་མའི་རྒུད་པ་ལ་བཟློག་ཐབས་མེད་པ་རེད། དུས་ངན་ཟེར་བ་མི་ངན་གྱིས་རྒྱལ་ཁམས་གང་ནས་སྤྱོད་ངན་གྱི་ལད་མོ་བྱེད་པ་དེ་ལ་ཟེར་ཏེ། སྤྱོད་ངན་རང་གིས་བྱས་ནས་དུས་ངན་ཟེར། །ཞེས་གསུངས་པའི་ལུང་བསྟན་ཐོག་ཏུ་ཁེལ་བ་ཡིན། དཔེ་ཁྱིམ་ཚང་གཅིག་གི་ནང་ནས་ཀྱང་མ་རྒན་གྱིས་ཆོས་སེམས་བྱེད་རུང་ཕ་རྒན་གྱི་ངན་གཤིས་ལ་སྐྱུར་རྒྱུ་མེད་པ་ལྟ་བུ། ཡང་ཕ་རྒན་གྱིས་གནད་རྒྱུ་མཚན་ཤེས་པའི་དགེ་སྒྲུབ་ཚོགས་བསགས་རེ་བྱས་བསམ་རུང་། བཟའ་མི་གཞན་རྣམས་ཀྱིས་གོང་ནས་མི་ལོ། འོག་ནས་མི་འགྲིག་གི་ཟེར་བཞིན་མར་འཐེན་བྱེད་པ་ལྟ་བུ་ཕ་མ་དང་ལོ་ཆེ་རིམ་དམ་པའི་ཆོས་ཕྱོགས་ལ་བློ་དད་གཅིག་ཡིན་རུང་། བུ་རྒྱུད་རྣམས་ཁ་འབག་ས་བཙོག་ནས་ངན་པའི་ཤན་ཞུགས་གྲིབ་མས་སྡིག་སྡུག་བསྔལ་རྒྱུ་འབྲས་གཉིས་ཀྱིས་མ་བཏང་བ་ལྟ་བུ། ཡང་འགའ་རེ་བུ་རྒྱུད་བཟང་པོ་དང་པོ་ནས་བསམ་ཤེས་དགེ་ངོ་སྡིག་ངོ་ཤེས། ལས་རྒྱུ་འབྲས་ལ་འཛེམ། སྡེ་ཡུལ་བ་དང་མཐུན། ལྷ་བླ་མ་ལ་དད་པ་དེ་ལྟར་ཡིན་ཡང་། ཕ་མ་རྒ་རྒས་འགའ་རེ་འཁྱོག་རུ་འཁྱོག་པའི་ནང་ནས་ཡག་ཤོས་རི་དྭགས་ཀྲིཥ་ཎ་སཱ་རའི་རྭ་ཅོ་དང་དུང་གཡས་འཁྱིལ་ལྟ་བུ་ཡིན་ན་ལེགས་མོད། རྒྱུད་རྭ་ལྟར་འཁྱོག་ཅིང་འཁྱོག་ལུགས་སྡུག་ཤོས་གཡག་རྒན་རྒྱ་བོའི་རྭ་ཅོ་རང་མིག་ལ་ཟུག་པ་ལྟ་བུ། ངན་པ་འདྲེས་མ་ཁྱེར། གྱོང་བོ་ཁྱིས་མ་ཟོས་པ་ལྟ་བུའི་དགེ་མེད་སྡིག་མེད་སྙིང་རྗེའི་ཡུལ་དུ་གྱུར་པ་ཡང་ཡོད་ནི་རེད། དེ་ཡང་། དཀྲེན་ལ་བརྩེ་དང་མ་རུངས་པ་ལ་བརྩེ། །ཀུན་འཁྲུགས་ལ་བརྩེ་བག་མེད་རྣམས་ལ་བརྩེ། །ཡུལ་གྱི་གཞན་དབང་ཅན་ལ་སྙིང་རྗེ་དང་། །ལོག་པར་མངོན་པར་ཞེན་ལ་སྙིང་རྗེའོ། །ཞེས་གསུངས་པ་ལྟར་སྙིང་རྗེའི་ཡུལ་མ་ནོར་བ་དེ་ལྟ་བུ་ཡོད་པ་ཡིན། འོན་ཀྱང་དམྱལ་བ་མིག་ལམ་ལ་མ་བསྟན་ན་ཁས་མི་ལེན་མཁན་དེ་ཚོ་གནས་སྐབས་འཇོག་པ་མ་གཏོགས་ཅི་བྱེད་འདི་བྱེད་མེད་པའི་ས་ཚོད་ཅན་ཡང་ཡོད། གང་ལྟར་གདུལ་བྱ་དུས་སུ་མ་བབས་པ་འགའ་རེ་བདེ་བར་གཤེགས་པ་དངོས་ཀྱིས་འདུལ་མ་ཐུབ་པ་རང་ཅག་ལྟ་བུ་ལུས་ཡོད་པས། འགྲོ་མང་གི་མཐའ། བསྐལ་མང་གི་ཡུན། བྱ་དཀའ་བའི་སྤྱོད་པ་སོགས་གང་དང་ཅི་ལ་ཡང་མི་སྐྲག་པར་སེམས་ཅན་གཅིག་གི་དོན་ལ་དམྱལ་བར་འགྲིམ་དགོས་ཐུག་རུང་ཕྱིར་འབྱེད་མི་བྱེད་པ་དེ་ལྟ་བུའི་སེམས་བསྐྱེད་བྱེད་དགོས་ལ། འགྲོ་བ་སེམས་ཅན་གྱི་དོན་བྱེད་པ་ལ་སྨོན་ལམ་འདེབས་གཅིག་བྱེད་དགོས། གཅིག་བྱས་ན་ཅི་ལྟར་འདུལ་དཀའི་སེམས་ཅན་ཡིན་རུང་ངན་འབྲེལ་འཁོར་བ་མཐའ་ཅན་ལ་འགྱུར་ངེས་པ་ཡིན་ནོ། །

ཅ བླ་མའི་རྣལ་འབྱོར་གྱི་ཁྲིད།

དང་པོ་ཚོགས་ཞིང་གསལ་འདེབས་པ།

༡༽ ཚོགས་ཞིང་གསལ་འདེབས་པ་དངོས།

དེ་ལྟ་བུའི་སེམས་བསམ་པ་རྣམ་དག་གིས་རང་གཞན་ཀུན་གྱི་སེམས་བསྐྱེད་རྣམ་པར་དག་པས་རྩིས་ཟིན་པའི་སྒོ་ནས། སྐབས་སུ་བབ་པ་གང་གསན་པར་བྱ་བའི་ཆོས་ཀྱི་རིམ་པ་ནི་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ངག་འདོན་ཁྲིགས་སུ་བསྡེབ་པ་རྣམ་མཁྱེན་ལམ་བཟང་འདི་ཉིད་འཆད་བཞིན་པའི་སྐབས་ལས། དེ་རིང་ཐུན་མིན་ནང་གི་སྔོན་འགྲོའི་ཁྲིད་རྐང་རྗེས་མ་བླ་མའི་རྣལ་འབྱོར་གྱི་སྐོར་འཆད་པའི་སྐབས་ཡིན། དེ་ཡང་རྟོགས་པའི་ཡེ་ཤེས་རང་རྒྱུད་ལ་མངོན་དུ་བྱེད་པའི་ཐབས་ཀྱིས་མཐར་ཕྱིན་པ་བླ་མའི་རྣལ་འབྱོར་གྱི་ཁྲིད་འདི་ལ་ནང་གསེས་ས་བཅད་གསུམ་གྱི་སྒོ་ནས་འཆད་དགོས་ཏེ། ཚོགས་ཞིང་གསལ་འདེབས་པ་དང་གཅིག ཡན་ལག་བདུན་པ་འབུལ་བ་དང་གཉིས། ཕུར་ཚུགས་སུ་གསོལ་བ་འདེབས་ཤིང་རྒྱུད་རྡོ་རྗེ་བཞིའི་ངོ་བོར་བསྒྲུབ་པ་དང་གསུམ་གྱི་སྒོ་ནས་བསྟན། དེ་ལས་དང་པོ་ཚོགས་ཞིང་གསལ་འདེབས་པ་ནི། རྩ་བར། ཨེ་མ་ཧོ། རང་སྣང་ལྷུན་གྲུབ་དག་པ་རབ་འབྱམས་ཞིང་། །བཀོད་པ་རབ་རྫོགས་ཟངས་མདོག་དཔལ་རིའི་དབུས། །རང་ཉིད་གཞི་ལུས་རྡོ་རྗེ་རྣལ་འབྱོར་མ། །ཞལ་གཅིག་ཕྱག་གཉིས་དམར་གསལ་གྲི་ཐོད་འཛིན། །ཞབས་གཉིས་དོར་སྟབས་སྤྱན་གསུམ་ནམ་མཁར་གཟིགས། །སྤྱི་བོར་པདྨ་འབུམ་བརྡལ་ཉི་ཟླའི་སྟེང་། །སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་དང་། །དབྱེར་མེད་མཚོ་སྐྱེས་རྡོ་རྗེ་སྤྲུལ་པའི་སྐུ། །ཞལ་གཅིག་ཕྱག་གཉིས་རྒྱལ་པོ་རོལ་པའི་སྟབས། །ཕྱག་གཡས་རྡོ་རྗེ་གཡོན་པས་ཐོད་བུམ་བསྣམས། །དབུ་ལ་འདབ་ལྡན་པདྨའི་གཉེན་ཞུ་གསོལ། །མཆན་ཁུང་གཡོན་ན་བདེ་སྟོང་ཡུམ་མཆོག་མ། །སྦས་པའི་ཚུལ་གྱིས་ཁ་ཊཾ་རྩེ་གསུམ་བསྣམ། །འཇའ་ཟེར་ཐིག་ལེའི་འོད་ཕུང་ཀློང་ན་བཞུགས། །ཕྱི་འཁོར་འོད་ལྔའི་དྲྭ་བས་མཛེས་པའི་ཀློང་། །སྤྲུལ་བའི་རྗེ་འབངས་ཉི་ཤུ་རྩ་ལྔ་དང་། །རྒྱ་བོད་པཎ་གྲུབ་རིག་འཛིན་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་དམ་ཅན་སྤྲིན་ལྟར་གཏིབས། །གསལ་སྟོང་མཉམ་གནས་ཆེན་པོའི་ངང་དུ་གསལ། །ཞེས་ཤོ་ལོ་ཀ་ལྔ་དང་ཚིག་རྐང་གཅིག་གིས་བསྟན། དེ་ཡང་ཨེ་མ་ཧོ་ཞེས་པ་ནི་ངོ་མཚར་བའི་ཚིག་ཡིན་ཏེ། ངོ་གང་ལ་མཚར་ན། སྣང་སྲིད་དག་པ་རབ་འབྱམས་ཀྱི་སྣང་བ་ལ་ངོ་མཚར་བ་ཡིན། ཞིང་ཁམས་སྦྱོང་བ་ནི་སེམས་སྟོབས་ཆེན་པོའི་སྤྱོད་ཡུལ་ཡིན་པས་སྣང་སྲིད་དག་པ་རབ་འབྱམས་ཡིན་པ་ལ་དེ་ལྟར་ཡིན་པའི་ངེས་ཤེས་དང་གསལ་སྣང་སྐྱེད་དགོས། སྤྱིར་ན་རིགས་དྲུག་སེམས་ཅན་གྱི་སྣང་ངོ་ལ། ལོག་ཤེས་འཁྲུལ་བའི་སྣང་བ་མ་དག་སྣོད་བཅུད་ཀྱི་འཁྲུལ་སྣང་འགྲོ་བ་སོ་སོའི་སྣང་ཚུལ། ཆུ་ཕོར་བ་གང་ལ་རིགས་དྲུག་སོ་སོའི་སྣང་ཚུལ་མི་འདྲ་བ་རེ་རེ་སྣང་བ་ལྟར་ཡིན། ས་ཐོབ་བྱང་སེམས་ཀྱི་སྣང་ངོར་རྗེས་ཐོབ་ཙམ་གྱི་སྐབས་ལ། རྟེན་འབྲེལ་སྒྱུ་མའི་སྣང་བ་སྒྱུ་མ་ཆུ་ཟླ་ལ་སོགས་པ་ལྟ་བུར་སྣང་། དེ་ཁོ་ན་ཉིད་མངོན་དུ་གྱུར་པའི་ཡང་དག་ཡེ་ཤེས་ཀྱི་སྤྱོད་ཡུལ་ལ་སྣང་སྲིད་སྐུ་དང་ཡེ་ཤེས་ཀྱི་རོལ་པར་ཤར་བ་ཡིན། དེ་ལྟར་ན་ལོག་རྟོག་འཁྲུལ་བའི་སྣང་བ་དང་རྟེན་འབྲེལ་སྒྱུ་མའི་སྣང་བ་གཉིས་ཀ་སྣང་ཚུལ་དང་། ཡང་དག་ཡེ་ཤེས་ཀྱི་སྣང་བ་གནས་ཚུལ་ཡིན་པ་རེད། དེ་ལྟར་ངོ་མཚར་བའི་ཚིག་གིས་སྣ་དྲངས་ཏེ། ལས་དང་པོ་བར་གནས་སྣང་མཐུན་པ་དངོས་སུ་འཆར་མི་ཐུབ་ཀྱང་བློས་བཅོས་ནས་དག་པ་བསྐྱེད་རིམ་གྱིས་གསལ་བཏབ་པས། གནས་ཚུལ་སྐུ་དང་ཡེ་ཤེས་སུ་གསལ་བའི་གནས་ལུགས་ངོ་མ་མ་བཅོས་པའི་དག་པ་ཡིན་པས། རང་སྣང་ལྷུན་གྲུབ་དག་པ་རབ་འབྱམས་ཞིང་། །ཞེས་གསུངས་ཏེ། རང་གི་སྣང་བས་གར་ཁྱབ་རང་བཞིན་ལྷུན་གྱིས་གྲུབ་པའི་གནས་ལུགས་རྣམ་པར་དག་པའི་དབང་ལས། སྣང་ཚུལ་རབ་འབྱམས་མཐའ་ཡས་པ་ཇི་སྙེད་པ་ཐམས་ཅད། པདྨ་འོད་ཀྱི་ཞིང་ཁམས་བཀོད་པ་རབ་རྫོགས་ཟངས་མདོག་དཔལ་རིའི་དབུས། །ཞེས་པས། བཀོད་པ་དང་མཚན་ཉིད་ཐམས་ཅད་རབ་དང་མཆོག་ཏུ་རྫོགས་པར་གྱུར་པའི་ཟངས་མདོག་དཔལ་རིའི་ཕོ་བྲང་དུ་གསལ་བའི་དབུས་སུ། རང་ཉིད་གཞི་ལུས་རྡོ་རྗེ་རྣལ་འབྱོར་མ། །ཞེས་པས་རང་ཉིད་དབང་གི་སྣོད་དུ་རུང་བ་དང་བདེ་སྟོང་གི་ཡེ་ཤེས་བསྐྱེད་པའི་རྟེན་འབྲེལ། རྗེས་སུ་འཛིན་པའི་དགོས་དབང་ཁྱད་པར་ཅན་ལས། གཞིའི་ངོ་བོ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཡིན་པ་ལ་རྣམ གསོན་གྲང་ང་པའི་ལུས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། ཞལ་གཅིག་ཕྱག་གཉིས་དམར་གསལ་གྲི་ཐོད་འཛིན། །ཞེས་པས་ཆོས་སྐུ་ཐིག་ལེ་ཉག་གཅིག་གི་མཚོན་བྱེད་དུ་ཞལ་གཅིག །ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བས་ཕྱག་གཉིས། འདོད་ཆགས་རྣམ་དག་སོར་རྟོག་ཡེ་ཤེས་དང་འགྲོ་ཁམས་རྗེས་སུ་འཛིན་པའི་བརྡ་ལ་སྐུ་དོག་དམར་གསལ་ཅན། ཕྱག་གཡོན་པས་དུག་གསུམ་རྩད་ནས་གཅོད་པའི་གྲི་གུག་དཀུར་བརྟེན་ཞེས་པས་དཀུ་ནི་རྡོར་སེམས་སྐབས་དང་གཅིག་པ་ཡིན། ཕྱག་གཡས་པས་མ་རིག་པའི་གཉིད་ལས་སློང་བར་བྱེད་པའི་ཐོད་པའི་ཌ་མ་རུ་ནམ་མཁའི་དབྱིངས་སུ་འཁྲོལ་ཞིང་འཛིན་པ། ཞབས་གཉིས་དོར་སྟབས་སྤྱན་གསུམ་ནམ་མཁར་གཟིགས། །ཞེས་པས་སྲིད་དང་ཞི་བ་གཉིས་ལ་མི་གནས་པའི་ཞབས་གཉིས་མཉམ་པའི་དོར་སྟབས་ཅན་སྐུ་གསུམ་མཚོན་བྱེད་སྤྱན་གསུམ་པ་ཅན། དེ་ཡང་རིངས་པའི་ཚུལ་གྱིས་བླ་མའི་ཐུགས་ཀར་གཟིགས་པ། སྐུ་གཅེར་མོ་རུས་པའི་རྒྱན་དྲུག་གིས་སྤྲས་པ། མེ་ཏོག་པདྨ་དཀར་པོའི་ཆུན་འཕྱང་གིས་བརྒྱན་པས་སྣང་ལ་རང་བཞིན་མེད་པ་འཇའ་ཚོན་ལྟ་བུ་ཞིག་ཏུ་བསྒོམ་དགོས། དེ་ནས། སྤྱི་བོར་པདྨ་འབུམ་བརྡལ་ཉི་ཟླའི་སྟེང་། ། སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་དང་། །དབྱེར་མེད་མཚོ་སྐྱེས་རྡོ་རྗེ་སྤྲུལ་པའི་སྐུ། །ཞལ་གཅིག་ཕྱག་གཉིས་རྒྱལ་པོ་རོལ་པའི་སྟབས། །ཕྱག་གཡས་རྡོ་རྗེ་གཡོན་པས་ཐོད་བུམ་བསྣམས། །དབུ་ལ་འདབ་ལྡན་པདྨའི་གཉེན་ཞུ་གསོལ། །མཆན་ཁུང་གཡོན་ན་བདེ་སྟོང་ཡུམ་མཆོག་མ། །སྦས་པའི་ཚུལ་གྱིས་ཁ་ཊཾ་རྩེ་གསུམ་བསྣམ། །འཇའ་ཟེར་ཐིག་ལེ་འོད་ཕུང་ཀློང་ན་བཞུགས། །ཕྱི་འཁོར་འོད་ལྔའི་དྲྭ་བས་མཛེས་པའི་ཀློང་། །སྤྲུལ་བའི་རྗེ་འབངས་ཉི་ཤུ་རྩ་ལྔ་དང་། །རྒྱ་བོད་པཎ་གྲུབ་རིག་འཛིན་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་དམ་ཅན་སྤྲིན་ལྟར་གཏིབས། །གསལ་སྟོང་མཉམ་གནས་ཆེན་པོའི་ངང་དུ་གསལ། །ཞེས་པའི་བར་ཚོགས་ཞིང་གསལ་བ་དངོས་ཡིན་ཏེ། དེ་ཡང་རང་ཉིད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་སྟེང་གི་མདུན་ཕྱོགས་ཀྱི་ནམ་མཁར་པདྨ་འབུམ་བརྡལ་ཉི་ཟླའི་སྟེང་ཞེས་པས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་མེ་ཏོག་པདྨ་ཆེན་པོ་འདབ་མ་འབུམ་དུ་བརྡལ་ཞིང་ཁྱབ་པ། ཟེའུ་འབྲུའི་ཚོད་ཙམ་པའི་ཉི་ཟླའི་གདན་གྱི་སྟེང་དུ། སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་དང་། །ཞེས་པས་བླ་མ་དེ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་ཇི་ལྟར་ཡིན་སྙམ་ན། དེ་ཡང་བླ་མའི་སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་ཡིན། ཕྱི་ལྟར་ན་དཀོན་མཆོག་གསུམ་བླ་མ་ལ་འདུས། ནང་རྩ་བ་གསུམ་གྱི་ངོ་བོ་ཡང་བླ་མ་ཡིན་ཏེ། བྱིན་རླབས་ཀྱི་རྩ་བ་བླ་མ་ཡིན་པ་མཚོན་བྱ་དོན་གྱི་ཡེ་ཤེས་ཆེན་པོ་མཚོན་བྱེད་རྟགས་ཀྱི་བླ་མ་བྱིན་རླབས་དང་མོས་གུས་ཀྱི་རྟེན་དུ་སྐུ་དངོས་སུ་བཞུགས་པ་དེ་རེད། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ཡང་བླ་མ་ཡིན་ཏེ། ཆོས་ཉིད་དོན་གྱི་བླ་མའི་ཐུགས་ཏེ་ཡེ་ཤེས་ཆེན་པོ་ཡིན་ན། ཆོས་ཅན་རྟགས་ཀྱི་ཡི་དམ་ཞི་ཁྲོ་རབ་འབྱམས་ཀྱང་བླ་མའི་ཐུགས་ཡེ་ཤེས་ཆེན་པོ་དེའི་རོལ་པ་ཡིན། ཕྲིན་ལས་ཀྱི་རྩ་བ་ཡང་མཁའ་འགྲོ་ཡིན་ན་དེ་ཡང་དེ་བཞིན་དུ་བླ་མ་དང་གཉིས་སུ་མེད་པ་ཡིན་ཏེ། ཆོས་ཉིད་ཀྱི་མཁའ་ལ་ཐུགས་རྗེའི་རྩལ་ཤར་གྲོལ་འགགས་མེད་དུ་ཤར་བས་མཁའ་འགྲོའོ། །བླ་མའི་ཐུགས་ཆོས་སྐུ། གསུང་ལོངས་སྐུ། སྐུ་སྤྲུལ་སྐུ། ཡོན་ཏན་ནོར་ལྷ། ཕྲིན་ལས་ཆོས་སྐྱོང་སྲུང་མ་ཡིན་པས་སྐྱབས་གནས་རྒྱ་མཚོའི་སྤྲོ་བསྡུ་བྱེད་པོའམ་སྐྱབས་གནས་ཀུན་འདུས་མཚུངས་མེད་ཐུགས་རྗེའི་གཏེར་མཛོད་དཔལ་ལྡན་རྩ་བའི་བླ་མ་དང་། དབྱེར་མེད་མཚོ་སྐྱེས་རྡོ་རྗེ་སྤྲུལ་པའི་སྐུ། །ཞེས་སྐྱབས་གནས་འདུས་པའི་ངོ་བོ་བླ་མ་དེ་ཉིད་དང་ཐ་མི་དད་ཅིང་དབྱེར་མེད་པ་རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་ཨོ་རྒྱན་ཆེན་པོ་ཉིད། ལྷོ་ནུབ་འོ་མ་ཅན་གྱི་རྒྱ་མཚོ་ལས། ཕ་ཡི་རྒྱུ་ལས་མ་བསྐྱེད་མ་ཡི་རྐྱེན་ལས་མ་གྲུབ་པར་པདྨ་གེ་སར་གྱི་སྡོང་པོར་རིག་པ་ཐོལ་སྐྱེས་སུ་སྐུ་འཁྲུངས་ཤིང་། ཁོང་གི་མཚན་ལ་མཚོ་ལས་སྐྱེས་པས་མཚོ་སྐྱེས་དང་། སྣང་སྲིད་གཞིར་བཞེངས་སུ་རྟོགས་པས་དོན་དམ་ཆོས་ཉིད་ཀྱི་རྡོ་རྗེ་ལས་མ་གཡོས་པས་སྒྱུ་འཕྲུལ་རྡོ་རྗེའི་སྐུ་བརྙེས་པས་རྡོ་རྗེ། མཆོག་གི་སྤྲུལ་པའི་སྐུ་རྒྱལ་བས་ལུང་བསྟན་རྒྱལ་བ་གཉིས་པ་གང་ཉིད། དཀར་དམར་མདངས་ལྡན་གཞོན་ནུའི་ཤ་ཚུགས་ཅན། །ཞེས་པས་བདེ་སྟོང་ཟུང་དུ་འཇུག་པས་སྐུ་མདོག་དཀར་ལ་དམར་བའི་མདངས་དང་ལྡན་པ་གཞོན་ནུ་ལོ་བརྒྱད་ལོན་པའི་ཤ་ཚུགས་དང་མཛེས་མདངས་ཅན། ཕོད་ཁ་ཆོས་གོས་ཟབ་བེར་མདུང་མ་གསོལ། །ཞེས་པས་སྐུ་ལ་གསང་སྔགས་ཀྱི་ཐེག་པ་རྫོགས་པའི་བརྡ་རྟགས་སུ་ཕོད་ཁ་གསོལ། ཉན་ཐོས་ཀྱི་ཆོས་གོས། བྱང་སེམས་ཀྱི་ཟབ་བེར་མདུང་མ་དེ་གཉིས་སྤྱིར་ཁ་ཁ་ཡིན། ཐམས་ཅད་ཀྱི་ནང་དུ་གསང་གོས་དཀར་པོ་གསོལ་བ། ཞལ་གཅིག་ཕྱག་གཉིས་རྒྱལ་པོ་རོལ་བའི་སྟབས། །ཞེས་པས་ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པ་མཚོན་བྱེད་ཞལ་གཅིག་པ། ཐབས་དང་ཤེས་རབ་འབྲེལ་བས་ཕྱག་གཉིས། །རང་དོན་གྱི་མཛད་པ་རྫོགས་ནས་གཞན་དོན་ལ་ཞུགས་པའི་བརྡ་རུ་ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་སུ་བཞུགས་པ། ཕྱག་གཡས་རྡོ་རྗེ་གཡོན་པས་ཐོད་བུམ་བསྣམས། །ཞེས་པས་སྤངས་དང་རྟོགས་པའི་ཡོན་ཏན་མཐར་ཕྱིན་ནས་སངས་རྒྱས་སྐུ་ལྔའི་ངོ་བོ་ལྷུན་གྲུབ་རིག་འཛིན་གྱི་གོ་འཕང་ལ་བཞུགས་པའི་རྟགས་སུ་ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་བསྣམས་པ། བསྣམ་ཚུལ་དེ་ཡང་གཟུང་འཛིན་དང་རྟོག་ཚོགས་ཀྱི་གདོན་ལ་བསྡིགས་པའི་ཚུལ་དུ་འཛིན་པ། ཕྱག་གཡོན་པས་མཉམ་བཞག་གི་སྟེང་ན་སྐྱེ་འཆི་མེད་པ་ཚེ་ཡི་རིག་འཛིན་གྱི་དངོས་གྲུབ་ཆེན་པོས་གདུལ་བྱ་རྗེས་སུ་འཛིན་པའི་རྟགས་སུ་འཆི་མེད་ཡེ་ཤེས་ཀྱིས་གང་བའི་ཚེ་ཡི་བུམ་པ་དཔག་བསམ་ཤིང་གི་ཁ་རྒྱན་ཅན་བསྣམས་པ། དབུ་ལ་འདབ་ལྡན་པདྨའི་མཉེན་ཞུ་གསོལ། །ཞེས་པས་གུ་རུ་རིན་པོ་ཆེའི་དབུ་ཞྭ་འདི་ལ་འདྲ་མིན་སྣ་ཚོགས་ཡོད་པ་ལས་འདིར། པདྨ་མཐོང་གྲོལ་ལམ་པདྨའི་མཉེན་ཞུ་གསོལ་བ། མཆན་ཁུང་གཡོན་ན་བདེ་སྟོང་ཡུམ་མཆོག་མ། །སྦས་པའི་ཚུལ་གྱིས་ཁ་ཊཱཾ་རྩེ་གསུམ་འཛིན། །ཞེས་པས་ལོག་རྟོག་ཅན་ལ་གསང་འོས་སྦས་པའི་ངང་ཚུལ་གྱིས་ཁ་ཊཱཾ་རྩེ་གསུམ་པ་བསྣམས་ཤིང་། འཇའ་ཟེར་ཐིག་ལེའི་འོད་ཕུང་ཀློང་ན་བཞུགས། །ཞེས་པས་འཇའ་ཚོན་སྣ་ལྔའི་འོད་ཟེར་གྱི་ཟེར་ཐག་འཕྲོ་བའི་ཐིག་ལེ་འོད་ཕུང་གི་ཀློང་ན་བཞུགས་པ། ཕྱི་འཁོར་འོད་ལྔའི་དྲྭ་བས་མཛེས་པའི་ཀློང་། །ཞེས་པས་དེའི་ཕྱི་རོལ་གྱི་མཐའ་སྐོར་དུ་འོད་ཟེར་ཁ་དོག་ལྔ་ཡི་དྲྭ་བ་རི་མོ་མིག་མང་རིས་ཀྱི་དབྱིངས་སུ་ཤར་བས་མཛེས་པར་བྱས་པའི་ནང་ཁུང་གི་ཀློང་ན་འཇའ་འོད་ཟླུམ་འཁྱིལ་གྱི་དབུས་སུ། སྤྲུལ་པའི་རྗེ་འབངས་ཉི་ཤུ་རྩ་ལྔ་དང་། །ཞེས་པས་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པའི་རྣམ་རོལ་རྒྱ་གར་གྱི་རིག་འཛིན་ཆེན་པོ་བརྒྱད། བོད་ཀྱི་རྗེ་འབང་ཉི་ཤུ་རྩ་ལྔ་སྟེ། གུ་རུ་རིན་པོ་ཆེ་བོད་ལ་བྱོན་ནས་གསང་སྔགས་ཀྱི་ཆོས་འཁོར་བསྐོར་བའི་གནས་སྐབས་ཀྱི་ལས་ཅན་དག་པའི་འཁོར་རམ་གསང་སྔགས་ཀྱི་དཀྱིལ་འཁོར་གཅིག་གི་རྣམ་པའི་བྱེ་བྲག་ཏུ་རྗེ་འབངས་གྲོགས་གསུམ་སྟེ། རྗེ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། འབངས་ལོ་ཆེན་བཻ་རོ་ཙ་ན། གྲོགས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཏེ་རྗེ་འབངས་གྲོགས་གསུམ་གྱིས་གཙོ་བོ་བྱས་པའི་རྗེ་འབངས་དངོས་གྲུབ་བརྙེས་པ་ཉི་ཤུ་རྩ་ལྔ་ཡོད་པ་རྣམས་དང་། རྒྱ་བོད་པཎ་གྲུབ་རིག་འཛིན་ཡི་དམ་ལྷ། །ཞེས་པས་གཞན་ཡང་དམ་ཆོས་དར་བའི་འབྱུང་གནས་རྒྱ་གར་དང་བོད་ཡུལ་གཉིས་ཀ་ལ་བྱོན་པའི་གནས་ལྔ་རིག་པས་གཙོ་བྱས་པའི་ཤེས་བྱ་རབ་འབྱམས་ལ་ཐོགས་པ་མེད་པའི་མཁས་པ་པཎྚི་ཏ་རྣམས་དང་། མཆོག་དང་ཐུན་མོང་གི་གྲུབ་པ་བརྙེས་པའི་རིག་འཛིན་ཏེ། མཆོག་གི་དངོས་གྲུབ་རིག་འཛིན་རྣམ་བཞི་མཐར་ཕྱིན་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་བསྒྲུབ་པ་དང་ནི། དེའི་ཞོར་དུ་ཐུན་མོང་གི་གྲུབ་པ་རལ་གྲི་མིག་སྨན་རྐང་མགྱོགས་ལ་སོགས་པའི་ཐུན་མོང་གྲུབ་པ་བརྒྱད་གྲུབ་པ་རྣམས་དང་། སྤྱིར་ན་རིག་འཛིན་ཞེས་པའི་སྒྲ་བཤད་ཀྱང་། རིག་པའི་ཡེ་ཤེས་བླ་མས་ཇི་ལྟར་ངོ་སྤྲད་པ་དེ་ཉིད་མི་འབྲལ་བར་འཛིན་པའི་གསང་སྔགས་ཉམས་སུ་ལེན་པའི་གང་ཟག་ཞིག་ལ་རིག་འཛིན་ཞེས་གསུངས་པའང་ཡོད་ཅིང་། དེ་དག་གིས་ཉམས་སུ་ལེན་པའི་སྡེ་སྣོད་ལ་རིག་པ་འཛིན་པའི་སྡེ་སྣོད་ཅེས་གསུངས་པས་སྔགས་འདི་སྡེ་སྣོད་བཞི་པ་ལ་འཇོག དེ་ལྟ་བུའི་ལམ་ལ་ཞུགས་པའི་གང་ཟག་གི་ས་ལམ་གྱི་མངོན་རྟོགས་དང་བསྟུན་ནས་རིག་འཛིན་རྣམ་པ་བཞིའི་རྟོགས་རིགས་ཀྱི་སྒོ་ནས་དབྱེ་བ་ཕྱེ་བའི་སྐབས་ཡོད་ཅིང་། དེའི་སྐབས་སུ་རྣམ་སྨིན་རིག་འཛིན། ཚེ་དབང་རིག་འཛིན། ཕྱག་ཆེན་རིག་འཛིན། ལྷུན་གྲུབ་རིག་འཛིན་བཞི་རུ་དབྱེ་བ་ཡིན་ལ། དེ་དག་ནི་སེམས་ཉིད་ལྷའི་སྐུ་རུ་སྨིན་ན་ཡང་རྣམ་སྨིན་ལུས་རྒྱ་ལས་ད་དུང་གྲོལ་མ་ཐུབ་པ་ལ་རྣམ་སྨིན་རིག་འཛིན་ཞེས་གསུངས་པ་དང་། སྐྱེ་འཆི་མེད་པའི་དངོས་གྲུབ་བརྙེས་པ་ལ་ཚེ་དབང་རིག་འཛིན་དང་། ཕྱག་རྒྱ་ཆེན་པོ་ལྷའི་སྐུ་རུ་གྱུར་སོང་བ་ལ་ཕྱག་ཆེན་རིག་འཛིན་དང་། དྲུག་པ་རྡོ་རྗེ་འཆང་གི་རྒྱལ་ཚབ་ཏུ་གྱུར་པ་ལ་ལྷུན་གྲུབ་རིག་འཛིན་ཞེས་གསུངས་པ་ཡིན། ཡི་དམ་སྒྲུབ་པ་སྡེ་བརྒྱད་དང་གཞན་ཡང་རབ་འབྱམས་དཀྱིལ་འཁོར་གྱི་ལྷ་ཚོགས། མཁའ་འགྲོ་ཆོས་སྐྱོང་དམ་ཅན་སྤྲིན་ལྟར་གཏིབས། །ཞེས་པས་ཡེ་ཤེས་དང་ལས་ལས་གྲུབ་པའི་མཁའ་འགྲོ་མ་མཁའ་སྤྱོད་དང་ས་སྤྱོད་ཀྱི་ཞིང་ཁམས་ཉུལ་བའི་མཁའ་འགྲོ་དང་ཤུགས་འགྲོ། ཆོས་སྐྱོང་བར་ཁས་བླངས་ཤིང་བཀའ་རྟགས་ཀྱི་ཕྱག་རྒྱ་སྤྱི་བོར་བཀོད་ནས་དམ་ཚིག་གི་མནའ་ཆུ་འཐུང་བའི་སྲུང་མ་དམ་ཚིག་ཅན་ལ་སོགས་པ། མདོར་ན་རྩ་གསུམ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པའི་གཙོ་འཁོར་གྱི་ལྷ་ཚོགས་མ་ཚང་བ་མེད་པ་སྤྲིན་ལྟར་གཏིབས་ཤིང་ཁྲོམ་ཚོགས་པ་བཞིན་དུ་བཞུགས་པ། དེ་ཡང་སྤྱིར་ཚོགས་ཞིང་འདི། སྐྱབས་འགྲོའི་ཚོགས་ཞིང་སྐབས་ཐོ་བརྩེགས་སུ་བསྒོམ་པ་དང་། རྡོར་སེམས་ཀྱི་སྐབས་ཀུན་འདུས་ནོར་བུའི་ལུགས། བླ་མའི་རྣལ་འབྱོར་གྱི་སྐབས་ཁྲོམ་ཚོགས་སུ་བསྒོམ་པ་དེ་ལྟ་བུ་གསུངས་པ་ཡིན། གསལ་སྟོང་མཉམ་གནས་ཆེན་པོའི་ངང་དུ་གསལ། །ཞེས་པས་ཚོགས་ཞིང་གསལ་བཏབ་པ་དེ་ཡང་། རྣམ་པ་གསལ་ལ་ངོ་བོས་སྟོང་པ། སྣང་སྟོང་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ། དོན་ལ་ཟུང་འཇུག་མཉམ་པ་ཉིད་ཡིན་པ་གནས་ལུགས་འོད་གསལ་ཆེན་པོའི་ངང་དུ་རོ་གཅིག་པར་གསལ་དགོས་པས། བསྐྱེད་རིམ་གྱི་ལྷ་བསྒོམ་པའི་སྐབས་ལ་གསལ་བརྟན་གྱི་ཚད་བརྒྱད་དང་ལྡན་པ་ཞིག་དགོས་པ་སྔར་རྡོར་སེམས་སྒོམ་བཟླས་སྐབས་བཤད་མོད། སེམས་ལ་ངེས་ཕྱིར་ཡང་གཅིག་བཤད་ན། གསལ་བའི་ཚད་བཞི་སྟེ་གསལ་ལེ། སང་ངེ་། ལྷག་གེ། ལྷང་ངེ་བཞིའོ། །དེ་ཡང་ལྷ་གང་བསྒོམ་ཡང་སྐུའི་སྣང་ཆ་སྤྱན་གྱི་དཀར་ནག་ཚུན་ཆོད་མ་འདྲེས་པར་གསལ་བ་ལ་གསལ་ལེ་ཞེས་དང་། རིག་པའི་གསལ་ངར་དང་མ་བྲལ་བར་གསལ་སྟོང་ངར་དང་ལྡན་པ་དེ་ལ་སང་ངེ་ཞེས་གསུངས། ལྷ་བསྒོམ་པ་དེ་སེམས་མེད་བེམ་པོའི་རྣམ་པ་ལྟ་བུ་མ་ཡིན་པར་དབུ་སྐྲའི་ཉག་མ་ཚུན་ཆད་རྣམ་མཁྱེན་གྱི་ཡེ་ཤེས་ཀྱིས་ཟིན་པ་དབང་ཤེས་དང་བའི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་འཆར་བཞིན་བཞུགས་པ་དེ་ལ་ལྷག་གེ་བ་ཞེས་གསུངས། དེ་ལྟ་བུའི་སྐུ་དེ་ཡང་དེ་འདྲ་ཞིག་ཡོད་དར། དེ་ལྟ་བུ་ཞིག་ཡིན་དགོས་རྒྱུ་རེད་བསམ་པའི་རྗེས་དཔག་གི་བློ་རྟོག་ཙམ་ཞིག་མ་ཡིན་པར། མངོན་གསུམ་ལྟ་བུའི་བཀྲ་ལམ་མེར་གསལ་བ་ལ་ལྷང་ངེ་ཞེས་གསུངས། དེ་ནས་བརྟན་པའི་ཚད་བཞི་ནི། མི་གཡོ། མི་འགྱུར། མངོན་པར་མི་འགྱུར། ཅིར་ཡང་བསྒྱུར་ཏུ་བཏུབ་པ་དང་བཞི་ཡིན་ཏེ། དེ་ཡང་བརྗེད་ངས་ལ་སོགས་པའི་ཕྱིའི་རྐྱེན་གྱིས་མི་གཡོ་བ། ཏིང་འཛིན་བྱིང་དུབ་ལ་སོགས་པ་ནང་གི་རྐྱེན་གྱིས་མི་འགྱུར་བ། དུས་ཉིན་མཚན་རྒྱུན་དུ་རྐྱེན་རྣམ་རྟོག་ཕྲ་མོས་ཀྱང་མི་བརྫི་བར་གསལ་བ་མངོན་པར་མི་འགྱུར་བ། སྐུ་མདོག་དང་ཕྱག་མཚན་འོད་ཟེར་སྤྲོ་བསྡུ། ལས་བཞིའི་ཕྲིན་ལས་ལ་སོགས་པ་གང་གི་སྐབས་སུ་ཡང་རྣམ་པ་ཇི་ལྟར་བསྒོམ་ཡང་དེ་ལྟར་བསྒྱུར་ཏུ་བཏུབ་པ་སྟེ། དེ་ལྟར་གསལ་བརྟན་གྱི་ཚད་བརྒྱད་དང་ལྡན་པས་བསྒོམ་པ་ལ་རིམ་གྱིས་འབད་པ་བྱེད་དགོས། དེ་ལྟར་བྱས་པར་དགོས་པ་ཆེན་པོ་ཡོད། དེར་མ་ཟད་གཞན་ཡང་སྲོག་སྡོམ་གཟེར་བཞིའི་མན་ངག་ལ་བརྟེན་ནས་སྤྱོད་པས་བོག་དབྱུང་སྟེ་རིག་འཛིན་རྣམ་པ་བཞིའི་ས་ལ་སྦྱོར་དགོས་པ་སོགས་འདིའི་སྐོར་ལ་བཤད་པ་ཤིན་ཏུ་མང་བས་སྔགས་ལ་སྤྱོད་པའི་གང་ཟག་ཅིག་གིས་མ་ཤེས་ཐབས་མེད་ཀྱང་ཡིན་པ་རེད། དེ་ཡང་གསལ་སྣང་རྐྱང་པར་གོམས་པས་ཀྱང་མི་ཆོག་སྟེ། གསལ་སྣང་གོམས་རྗེས་བསྡུ་རིམ་ལ་སྦྱང་དགོས་པས་བསྐྱེད་རིམ་གྱི་མཇུག་ཏུ་བསྡུ་རིམ་བྱེད་དགོས། དཔེ་དོན་གྱི་འོད་གསལ་གང་རྒྱུད་ལ་སྐྱེས་པ་ཞིག་ཡིན་ཡང་སྣང་གསུམ་མཐའ་ཡི་འོད་གསལ་ཆོས་ཉིད་སྤྲོས་པ་དང་བྲལ་བའི་ཡེ་ཤེས་འཆར་བའི་སྐབས་ལ་ཐུན་མིན་གྱི་རྫོགས་རིམ་སྒྱུ་ལུས་འོད་གསལ་མངོན་དུ་བྱེད་བསམ་པ་ཡིན་པའམ། ཐ་མལ་གྱི་ལུས་རྟེན་བོར་བས་སློབ་པའི་ཟུང་འཇུག་གི་ལྷ་སྐུར་བཞེངས་བསམ་པའམ། ཡང་ན་མཐར་ཐུག་མ་རིག་བག་ཆགས་ཀྱི་ཡིད་ལུས་ཀྱང་བོར་ནས་མི་སློབ་པའི་ཟུང་འཇུག་མངོན་དུ་བྱེད་བསམ་པ་དང་། ཡང་གལ་ཏེ་ཚེ་འདིར་གྲོལ་མ་ཐུབ་ན་ཡང་བར་དོ་དང་པོའི་འོད་གསལ་ཆོས་སྐུའི་དགོངས་པ་ལ་མཉམ་པར་བཞག་ནས་ཟུང་འཇུག་ལོངས་སྐུར་བཞེངས་ཨེ་ཐུབ་བསམ་པ་སོགས་གང་ཡིན་ཡང་། རྫོགས་རིམ་བསྡུ་བ་གལ་ཆེ་བ་ཡིན་ནོ། །མདོར་ན་འདིའི་སྐབས་སུ་གསལ་སྟོང་མཉམ་གནས་ཆེན་པོ་ཐ་མལ་གྱི་སྣང་བ་རང་འགགས་སུ་འགྲོ་བ་ཞིག་ཚིག་དོན་འབྲེལ་ཆགས་པར་གསལ་གདབ་དགོས་པ་ཡིན།

༢༽ རྡོ་རྗེའི་ཚིག་བདུན་གྱིས་ཐུགས་རྒྱུད་བསྐུལ་བ།

དེས་ཚོགས་ཞིང་གསལ་འདེབས་པ་དངོས་སོང་ནས་འདིར་ཐུགས་རྒྱུད་བསྐུལ་བ་ཚིག་བདུན་གསོལ་འདེབས་འདི་ནི་མཁའ་འགྲོ་མ་འབུམ་ཕྲག་མང་པོས་དུས་གཅིག་ཏུ་གསུངས་པའི་རྡོ་རྗེའི་ཚིག་བྱིན་རླབས་ཅན་ཡིན་ཏེ། ཧཱུྃ་ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་གསུངས་ཏེ། དེ་ཡང་དང་པོ་འགོ་ནས་ཧཱུྃ་ཞེས་གསུངས་པའི་ཡིག་འབྲུ་འདི། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་ངོ་བོ་མཚོན་བྱེད་ཡིན་ཏེ། ཐུགས་དབྱིངས་རིག་དབྱེར་མེད་ཁྱབ་བརྡལ་ཆེན་པོའི་བརྡ་ཚིག་གིས་བསྐུལ་བས་ཕུན་སུམ་ཚོགས་པ་ལྔ་དང་འབྲེལ་བའི་གུ་རུ་རིན་པོ་ཆེ་འཁོར་དཔའ་བོ་མཁའ་འགྲོ་རྒྱ་མཚོའི་ཚོགས་དང་བཅས་པ་སྤྱན་འདྲེན་གདུང་བས་བོས་ན། ཐུགས་རྗེ་གཡོ་བ་མེད་པས་མ་བྱམས་བུ་ལ་འཁྲི་བ་ལྟ་བུའི་བྱིན་རླབས་ཐོབ་པའི་གསལ་འདེབས་ཀྱི་ཚིག་གི་ཐོག་མར་ཧཱུྃ་གི་རྡོ་རྗེའི་རང་སྒྲ་གྲགས་པ་ཞིག་ཡིན། ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཞེས་པས་གནས་ཕུན་སུམ་ཚོགས་པ་བསྟན་པ་ཡིན་ཏེ། ནུབ་ཕྱོགས་ཨོ་རྒྱན་ཧེ་རུ་ཀ་མ་དང་མཁའ་འགྲོ་སྤྲིན་ལྟར་འདུ་བའི་ཡུལ་གྱི་ནུབ་བྱང་གི་མཚམས། དྲི་མེད་མདངས་ལྡན་གསལ་ལ་དྭངས་བའི་རྒྱ་མཚོའི་ནང་ནས་བྲམ་ཟེའི་རིགས་ཀྱི་མེ་ཏོག་དམར་པོ་འཁྲུངས་པ་ལ་པདྨ་གེ་སར་གྱིས་མཛེས་པའི་པདྨའི་སྡོང་པོ་ཆེན་པོ་ལ། ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ ཞེས་པས་ཆོས་ཕུན་སུམ་ཚོགས་པ་བསྟན་ཏེ། དེ་ཡང་ཡ་ཅི་ལྟར་མཚན་ན། སྐུ་གཅིག་ལ་མཚན་གྱི་རྣམ་གྲངས་བརྒྱད་དེ། སྐུ་མཚན་དཔེའི་གཟི་འབར་རྒྱལ་བའི་རྒྱལ་ཚབ་ཏུ་འཁྲུངས་བའི་པདྨ་རྒྱལ་པོ། རྒྱལ་སྲིད་ཐབས་ཀྱིས་སྤངས་ནས་མ་ཆགས་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་ནས་གསང་སྔགས་ཀྱི་བསྟན་པ་སྤེལ་བས་ཉི་མ་འོད་ཟེར། ཤེས་བྱ་རིག་པའི་གནས་ལ་ཆགས་ཐོགས་མེད་པའི་མཁྱེན་པ་རྒྱས་པས་རྒྱལ་སྲས་འཇམ་དཔལ་དབྱངས་དང་དབྱེར་མེད་པ་བློ་ལྡན་མཆོག་སྲེད། སྡེ་སྣོད་གསུམ་དང་རྒྱུད་སྡེ་དྲུག་གི་དགོངས་པ་མཐའ་རུ་ཕྱིན་པ་པདྨ་སཾ་བྷ་ཝ། རྒྱལ་བ་ཐུབ་པའི་དབང་པོ་སླར་ཡང་བྱོན་པ་ལྟ་བུའི་ཆོས་འཁོར་བསྐོར་བའི་བདག་པོ་གུ་རུ་ཤཱཀྱ་སེང་གེ། དེའི་སྟེང་དུ་འཆི་མེད་ཚེ་ཡི་རིག་འཛིན་བརྙེས་པས་རྩ་གསུམ་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་ཏུ་བཞེངས་པ་གུ་རུ་པདྨ་འབྱུང་གནས། བདུད་དང་མུ་སྟེགས་ཀྱི་རྒོལ་ངན་ཐམས་ཅད་རྫུ་འཕྲུལ་ཆེན་པོས་སྤ་བཀོང་བ་གུ་རུ་སེང་གེ་སྒྲ་སྒྲོག །དེའི་ཐོག་ནས་བོད་གངས་ཅན་གྱི་ལྗོངས་སུ་ཕེབས་ཤིང་རྒྱལ་བའི་བསྟན་པ་སྤེལ་ནས་མི་མ་ཡིན་དང་ལྷ་སྲིན་མ་རུང་པ་ཐམས་ཅད་དམ་ལ་བཏགས་ཤིང་བཏུལ་ནས་བསྟན་ཞབས་གཏེར་གྱིས་གཏམས་པའི་གུ་རུ་རྡོ་རྗེ་གྲོ་ལོད་ལ་སོགས་པ་སྐུ་གཅིག་ལ་མཚན་བརྒྱད། ད་དུང་འཕྲུལ་མཚན་ཉི་ཤུ་ལ་སོགས་པའི་གསང་གསུམ་གྱི་མཛད་པས་རང་དོན་སྤངས་རྟོགས་མཐར་ཕྱིན་ནས་སྣང་སྲིད་གཞིར་བཞེངས་སུ་རྟོགས་པའི་ཟུང་འཇུག་མཆོག་གི་དངོས་གྲུབ་བརྙེས་པའི་སྒོ་ནས་གཞན་དོན་རླབས་ཆེན་གྱི་སྤྱོད་པ་རྒྱལ་བ་ཐམས་ཅད་ཀྱི་མཐུ་བྱིན་ནུས་པ་ཐམས་ཅད་གཅིག་ཏུ་བསྡོམ་པའི་རྣམ་ཐར་ཡོངས་རྫོགས་ཚིག་འདིས་བསྡུས་པ་ཡིན་ནོ། །པདྨ་འབྱུང་གནས་ཞེས་སུ་གྲགས༔ ཞེས་པས་སྟོན་པ་ཕུན་སུམ་ཚོགས་པ་བསྟན་ཏེ། དེ་ཡང་མཚན་བསྡུས་ན་གསང་སྔགས་ཀྱི་སྟོན་པ་ཆེན་པོ་མ་ཧཱ་གུ་རུ་པདྨ་འབྱུང་གནས་ཡིན། དེ་ལྟ་བུའི་མ་ཧཱ་གུ་རུ་པདྨ་འབྱུང་གནས་ཞེས་མི་མཇེད་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱས་མ་ཚད་པར་ཇི་སྙེད་ནམ་མཁས་ཁྱབ་པའི་འཇིག་རྟེན་གྱི་ཞིང་ཁམས་རྡུལ་སྙེད་ཀྱི་གྲངས་ལ་ཡོངས་སུ་གྲགས་པ་དེ་ཉིད་ལ། འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཞེས་པས་འཁོར་ཕུན་སུམ་ཚོགས་པ་བསྟན་པ་ཡིན། དེ་ཡང་གུ་རུ་རིན་པོ་ཆེའི་སྐུ་གསུང་ཐུགས་ཀྱི་གསང་བ་ཟབ་མོའི་དཀྱིལ་འཁོར་གྱི་རྣམ་རོལ་ཐམས་ཅད་ལ་ཉི་མ་དང་འོད་ཟེར་གྱི་ཚུལ་དུ། གཙོ་འཁོར་ཐ་མི་དད་པའི་སྣང་ཆར་ཤར་བའི་རིག་འཛིན་དཔའ་བོ་དང་མཁའ་འགྲོ་རྒྱ་མཚོ་མང་པོའི་འཁོར་གྱིས་བསྐོར་བའི་སྐྱབས་ཡུལ་མཆོག་གསུམ་རྩ་གསུམ་ཀུན་འདུས་སུ་དམིགས་ནས། ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ ཞེས་པའི་ཤུགས་ལ་དུས་ཕུན་སུམ་ཚོགས་པ་བསྟན་དེ། ཇི་ལྟར་བསྟན་ཞེ་ན། དུས་གསུམ་དུས་མེད་ཀ་དག་གི་དུས་ཆེན་པོར་དགོངས་པ་གཡོ་མེད་ཀྱི་ཆོས་སྐུའི་རྒྱལ་སར་མངའ་དབང་བསྒྱུར་བ་ཁྱེད་ཀྱི་རྗེས་སུ་བདག་སྐལ་ལྡན་མོས་པའི་བུ་མ་ཕྱིར་བུ་འབྲང་བ་བཞིན་དུ། དུས་འདི་ནས་ཁྱེད་ཀྱི་དགོངས་ཀློང་དང་རོ་གཅིག་ཏུ་མ་གྱུར་གྱི་བར་ལ་ཁྱེད་ཀྱི་རྗེས་སུ་འཇུག་ནས་ཁྱེད་བཞིན་འགྱུར་བའི་སྒྲུབ་པས་སྒྲུབ་པ་མཐར་ཕྱིན་པ་ཞིག་བྱེད་ལགས་ཀྱི། བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ༔ ཞེས་པས། ཁྱེད་ཀྱི་གསང་བ་གསུམ་གྱི་སྒོ་ནས་བདག་གི་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབས་པའི་ཕྱིར་བདག་མོས་ལྡན་གྱིས་གསོལ་བ་འདེབས་པའི་གནས་འདི་རུ་གཤེགས་སུ་གསོལ་ཞེས་པའི་འདོད་དོན་གཅིག་ཏུ་དྲིལ་བའི་ཐུགས་རྒྱུད་གདུང་དབྱངས་ཀྱི་ཚིག་གིས་བསྐུལ་བ་ཡིན་ནོ། །མཇུག་ཏུ། གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་པའི་ཚིག་འདི། སཾ་ཀྲི་ཏའི་སྐད་དུ་མཁའ་འགྲོ་མ་འབུམ་གྱིས་ཇི་ལྟར་བརྡ་གླུས་བསྐུལ་བའི་གུ་རུ་རིན་པོ་ཆེའི་མཚན་དང་འབྲེལ་བའི་དངོས་གྲུབ་སྐུལ་ཚིག་ཅིག་ཡིན། དེ་ཡང་སྐད་གཞན་དང་གཞན་ལ་མ་བསྒྱུར་བའི་རྡོ་རྗེའི་ཚིག་ཐད་ཀར་སོར་བཞག་མཛད་པ་ཡིན། གུ་རུ་ཞེས་པ་སྒྲ་ཐད་ཀར་བསྒྱུར་ན་ལྕི་བའི་དོན་ལ་འཇུག་སྟེ་ཡོན་ཏན་གྱིས་མཆོག་ཏུ་ལྕི་བ་བླ་མའི་དོན་ཡིན་པ་དང་། པདྨ་ནི་མཚོ་དབུས་པད་སྡོང་ལས་འཁྲུངས་བའི་སློབ་དཔོན་ཆེན་པོའི་མཚན་མ་ཆགས་པདྨའི་རིགས་ཀྱི་གཙོ་བོར་བསྟན་པ་ཡིན། སིདྡྷི་ཞེས་པ་དངོས་གྲུབ་སྟེ་དེའི་དོན་ཡིན་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་རྣམ་པ་གཉིས་སྩོལ་བ་ཧཱུྃ་ཞེས་པ་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་ཡི་གེ་གསང་བ་ཟབ་མོའི་གནས་ཀུན་བདེ་བླག་ཏུ་བདག་ལ་ཟླུམ་པར་མཛོད་ཅིག་གམ་ཐུགས་ཀྱིས་དགོངས་ནས་དགོངས་བརྒྱུད་ཀྱི་བྱིན་རླབས་ཕོབས་མཛོད་ཅིག་ཅེས་པའི་དོན་ཡིན། དེ་ལྟར་ཚིག་འདི་དང་འབྲེལ་ནས་ཟངས་མདོག་དཔལ་གྱི་རི་བོ་ནས། པདྨ་འོད་ཀྱི་ཕོ་བྲང་རྟེན་དང་བརྟེན་པར་བཅས་པ་རྣམས་རང་གི་མོས་པའི་དད་པས་སྤྱན་དྲངས་ཏེ་རང་ཉིད་ཀྱི་མདུན་གྱི་ནམ་མཁར་སྔར་ནས་གསལ་བཏབ་ཡོད་པར་ཆུ་ལ་ཆུ་བཞག་པ་བཞིན་དུ་གཉིས་མེད་དུ་ཐིམ་པར་བསམ་དགོས་སོ།།

གཉིས་པ་ཡན་ལག་བདུན་པ་འབུལ་བ།

དེ་ནས་ས་བཅད་གཉིས་པ་ཡན་ལག་བདུན་པ་འབུལ་བ་ནི། དེ་ཡང་གཞན་དོན་བསྒྲུབ་པའི་བསམ་པ་རྣམ་པར་དག་པ་ཞིག་གིས་མི་འོང་པས་གཞན་དོན་བསྒྲུབ་པ་ལ་རང་ཉིད་སྤངས་རྟོགས་ཀྱི་ཡོན་ཏན་མཐར་ཕྱིན་པའི་གོ་འཕང་མ་བརྙེས་པར་གཞན་ལ་ཕན་བཏགས་དགོས་བསམ་རུང་ཕན་མི་ཐོགས། དེ་ལྟ་བུའི་གཞན་དོན་རླབས་ཆེན་བསྒྲུབ་ནུས་པའི་ཡོན་ཏན་བརྙེས་པ་ལ་རྒྱུ་ཚོགས་བསགས་སྒྲིབ་སྦྱངས་སྔོན་དུ་འགྲོ་དགོས་པ་ཡིན། མདོ་སྔགས་གཉིས་ཀྱི་ནང་དུ་ཚོགས་བསགས་ཐབས་མང་མོད། མདོ་ལམ་ནས་བསྐལ་པ་མང་པོར་བསགས་རྒྱུའི་ཚོགས་དེ་སྔགས་ལམ་ནས་སྐད་ཅིག་རེ་རེ་ལ་རྫོགས་རྒྱུ་ཡོད་པ་ཡིན། དེ་ལ་ཅི་ཞིག་གི་ཁྱད་པར་ཡོད་ཅེ་ན། ཞིང་དང་བསམ་པའི་ཁྱད་པར་ཡིན་ཏེ། གསང་སྔགས་ཀྱི་སྐབས་སུ་ཚོགས་བསགས་ཡུལ་དེ་ཡི་དམ་དང་མཁའ་འགྲོ་རྣམས་གཙོ་བོར་མི་འཛིན་པར་བླ་མ་ཚོགས་བསགས་པའི་ཞིང་མཆོག་ཏུ་གྱུར་པ་ལ་བརྩི་བས་ཞིང་དག་པ་དང་། བསམ་པ་དག་པ་ནི་གཞན་དོན་འབའ་ཞིག་གི་ཆེད་དུ་ཚེ་ལུས་གཅིག་པོ་འདིའི་ཐོག་ནས་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་སྒྲུབ་པ་ཡིན་ན། བསགས་པའི་སྒོ་ཐམས་ཅད་ཚུར་བསྡུས་ན། ཡན་ལག་བདུན་གྱི་ནང་དུ་འདུ། དེར་མ་ཟད་དངོས་པོ་དག་པ་ལྷ་སྔགས་ཏིང་འཛིན་གྱིས་སྤྲུལ་བའི་མཆོད་པས་མཆོད་པ་ཡིན། དེས་ན་ཚོགས་བསགས་ཐབས་མང་མོད་ཐམས་ཅད་བསྡུས་ན། ཡན་ལག་བདུན་དུ་འདུ་བས་འདི་ནས་བསགས་སྦྱང་གི་ཆེད་དུ་ཡན་ལག་བདུན་པ་བསྟན། ཡན་ལག་བདུན་པོ་དེ་ཡང་བསྡུས་ན་བསགས་སྦྱང་སྤེལ་གསུམ་གྱི་ནང་དུ་འདུ་སྟེ། ཕྱག་འཚལ་བ་དང་། སྡིག་པ་བཤགས་པ་གཉིས་སྦྱང་བའི་ཡན་ལག་ཏུ་འདུ། ཡི་རང་དང་བསྔོ་བ་གཉིས་སྤེལ་བའི་ཡན་ལག་ཏུ་བརྩི་ཆོག གཞན་གསུམ་པོ་ཚོགས་བསགས་པའི་ཡན་ལག་ཡིན་པས་བསགས་སྦྱང་སྤེལ་གསུམ་དུ་འདུ་བར་བཤད་པ་ཡིན། དེ་ལས་དང་པོ་ང་རྒྱལ་གྱི་གཉེན་པོ་ཕྱག་འཚལ་བའི་ཡན་ལག་ནི། ཧྲཱིཿ བདག་ལུས་ཞིང་གི་རྡུལ་སྙེད་དུ། །རྣམ་པར་འཕྲུལ་བས་ཕྱག་འཚལ་ལོ། །ཞེས་པས་བསྟན་ཏེ། དེ་ཡང་ཚིག་འགོ་ཧྲཱིྃཿཡིས་བཟུང་བ་ནི། ཧྲཱིཿཡིག་དེ་སྤྱིར་བཏང་གསུང་མ་ཆགས་པདྨའི་རིགས་ཀྱི་སྙིང་པོ་བླ་མ་པདྨ་འབྱུང་གནས་ཀྱི་རྣམ་པར་བཞུགས་པས། དེས་གཙོས་པའི་སྐུ་གསུམ་བླ་མ་རྗེས་དྲན་གྱི་ཆེད་དུ་ཡིན་ལ། ཧྲཱིཿཡིག་འདི་སྐབས་དང་སྐབས་སུ་མང་པོར་སྤྲུལ་བའི་ས་བོན་ཡང་ཡིན་པས་ན། ཧྲཱིཿཡིག་གིས་འགོ་བླངས་ནས་བདག་ལུས་ཞིང་གི་རྡུལ་སྙེད་དུ། །ཞེས་པས་བདག་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་ཐུགས་ཀ་ནས། རང་ཉིད་ཐ་མལ་གྱི་ཚུལ་བརྒྱ་སྟོང་བགྲང་གིས་མི་ལང་པ་ཞིང་ཁམས་ཐམས་ཅད་ཀྱི་རྡུལ་གྲངས་ཇི་སྙེད་ཡོད་པ་དང་འདྲ་བའི་ཞིང་ཁམས་སོ་སོའི་རྡུལ་རེ་རེའི་གོ་ན་ཡང་ཡོད་པའི། རྣམ་པར་འཕྲུལ་བས་ཕྱག་འཚལ་ལོ། །ཞེས་པས་དེ་ལྟར་མང་པོ་བསམ་གྱིས་མི་ཁྱབ་པར་སྤྲུལ་ཞིང་སྤྲུལ་ཏེ། སེམས་ཅན་ཐམས་ཅད་དང་ལྷན་ཅིག་གིས་སྒོ་གསུམ་གུས་པ་ཆེན་པོས་ཐལ་མོ་གནས་གསུམ་དུ་སྦྱར་ནས། ལུས་ཀྱི་མ་ལྔ་སྟེ། ལག་མཐིལ་གཉིས། པུས་མོ་གཉིས། དཔྲལ་བ་དང་ལྔ་པོ་ས་ལ་ཕབ་ནས་ཕྱག་འཚལ་ལོ་ཞེས་འདོན་སྒོམ་ཟུང་དུ་འཇུག་པས་སྐབས་འདིར་ཕྱག་འཚལ་དགོས། དེས་ན་སྔོན་བཤད་པའི་སྐྱབས་སེམས་གཉིས། རྡོར་སེམས་སྒོམ་བཟླས་དང་མཎྜལ་ཏེ་བསགས་སྦྱང་གཉིས། སྐབས་འདིའི་ཕྱག་དང་བཅས་ལྔ་པོ་ལ་སྔོན་འགྲོ་འབུམ་ལྔ་ཞེས་རང་ལུགས་ལ་གསུངས། འདི་ཉིད་ཕྱག་འཚལ་བའི་ཚིག་དང་སྦྲགས་ན་སྒོ་གསུམ་འཇུག་པ་གཅིག་པ་ཡིན་པས་དེ་ལེགས། ཡང་སྟབས་བདེ་བའི་ཆེད་དུ་སྐྱབས་འགྲོ་དང་སྦྲགས་ནས་ཕྱག་འཚལ་མཁན་ཡང་ཡོད་ལ། ཡིག་བརྒྱ་དང་སྦྲགས་མཁན་ཡང་ཡོད་པས་འདྲ་མིན་དུ་མ་ཡོད། ཡིག་བརྒྱ་ཚར་རེ་དང་རྐྱང་ཕྱག་རེ་སྦྲགས་ན་གོམས་དུས་བདེ་མོ་ལྟ་བུ་ཞིག་ཡིན་སྣང་ཤར་བས་དེ་ཚོ་རང་རང་གི་སྐབས་དང་བསྟུན་རྒྱུ་རེད། ཕྱག་འཚལ་བ་འདི་ཁེངས་སེམས་ཀྱིས་རྒྱུད་གང་བའི་ང་རྒྱལ་འགོག་པའི་ཆེད་དུ་ཡིན། ང་རྒྱལ་ཡོད་ན་ཡོན་ཏན་བདུད་དུ་སྡང་ནས་སྦྱིན་སོགས་ཕྱིན་དྲུག་གི་སྤྱོད་པ་གང་དང་གང་བྱས་ཀྱང་བདུད་དུ་སྡང་ནས་ཡང་དག་པའི་ལམ་དུ་འགྲོ་རུ་མི་བཅུག་སྟེ། དཔལ་སྤྲུལ་ཚང་གིས། སྟོང་གསུམ་མན་ན་ཁྱོད་ཡོད་དམན་ས་ཟིན་དགོས། །རྒྱལ་ཁམས་གོང་ན་ཡོད་ཀྱི་མ་མཐོ་སྣང་མ་ཆེ། །རང་འདྲར་གཅིག་ཀྱང་མེད་ཀྱིས་ཤག་པོ་མ་མང་། །ལུགས་གཉིས་བྱ་བ་མེད་ཀྱང་ཡོད་དགོས་མ་ཟེར། །ཞེས་གསུངས་པས། རྟག་ཏུ་དམན་ས་བཟུང་ནས་ཐམས་ཅད་གོང་དུ་བཀུར་དགོས། འོན་ཀྱང་བསླབ་པ་རྒྱུད་ལྡན་གྱི་གང་ཟག་ཅིག་ཡིན་ན་ང་རྒྱལ་གྱི་ཀུན་སློང་གིས་གྲལ་འགོ་རྩོད་མི་ཉན་མོད། གྲྭ་བ་སེར་མོ་བ་ཞིག་ཡིན་ན་ཁྱིམ་པ་རྣམས་ལས་དམན་ས་ལ་འདུག་དགོས་པ་ཡང་མིན། གཞན་རྒྱུད་ཀྱི་བསླབ་པ་ལ་གུས་པའི་ཕྱིར་ན་བསླབ་ཚིགས་མཐོ་དམན་ཞིག་ཚུན་ཆོད་ཀྱིས་བརྩི་རྒྱུ་གལ་ཆེན་རེད་མོད། རང་རྒྱུད་ཀྱི་བསླབ་པ་ལ་གུས་པའི་ཕྱིར་དུ་ལུགས་མཐུན་གྱི་ཕྱག་དང་བཀུར་སྟི་དང་དུ་ལེན་ཆོག་རྒྱུ་དང་དེ་ལྟར་དགོས་པར་སྟོན་པ་སངས་རྒྱས་ཀྱི་བཀའ་ཡང་ཡིན་ནོ། །གཉིས་པ་སེར་སྣའི་གཉེན་པོ་མཆོད་པ་འབུལ་བའི་ཡན་ལག་ནི། དངོས་བཤམས་ཡིད་སྤྲུལ་ཏིང་འཛིན་མཐུས། །སྣང་སྲིད་མཆོད་པའི་ཕྱག་རྒྱར་འབུལ། །ཞེས་པས། དངོས་བཤམ་གྱི་མཆོད་པ་རང་གི་འབྱོར་མཁོ་དང་བསྟུན་པའི་མཆོད་རྫས། ངོ་བོ་སྡིག་དང་མ་འདྲེས་པས་རྒྱུ་བཟང་བ། རྣམ་པ་སྤུས་ལེགས་པས་གཙང་ཞིང་མཛེས་པ་ཞིག །བཀོད་པ་ལེགས་པར་བཤམ་པས་ཡིད་དུ་འོང་བ་ཞིག་ལ་དམིགས་རྟེན་བྱས་ནས། ཡིད་སྤྲུལ་ནམ་མཁའ་ས་གཞི་བར་སྣང་གི་ཁྱོན་ཐམས་ཅད་ལྷ་དང་མི་ཡི་མཆོད་རྫས་མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ལ་སོགས་པ་དང་ཞིང་དང་གཞལ་ཡས་ཁང་། གནས་དང་ཡུལ་འཁོར། ཀུན་དགའ་ར་བ། སྐྱེད་མོས་ཚལ། གཞན་ཡང་བཀྲིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་པའི་རྫས་བརྒྱད། རྡོ་རྗེ་ལྷ་མོ་བརྒྱད་དང་། བཅུ་དྲུག །སོ་གཉིས་ནས་སྟོང་ཕྲག་མང་པོའི་གླུ་གར་རོལ་མོ་ལ་སོགས་པའི་མཆོད་རྫས་དཔག་མེད་སྤྲོས་ཏེ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱི་རྗེས་སུ་འགྲོ་བ་ཞིག་ཏུ་སྤྲུལ་ཏེ། ཏིང་འཛིན་ཟབ་མོའི་མཐུ་ཡིས་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་མཆོད་པའི་ཕྱག་རྒྱར་ཕུལ་ནས་དངོས་སུ་བཤམས་པ་དང་ཡིད་ཀྱིས་སྤྲུལ་པ་བླ་ན་ཡོད་པ་དང་བླ་ན་མེད་པའི་མཆོད་པ་རྒྱ་མཚོས། ཚོགས་ཞིང་གི་ལྷ་ཚོགས་དམིགས་པ་དེས་གཙོ་བྱས་པའི་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་བླ་མའི་རྣམ་རོལ་ལས་མ་འདས་པའི་མཆོད་ཡུལ་ཐམས་ཅད་ལ། དུས་རྒྱུན་རིང་འཁོར་བ་མ་སྟོང་གི་བར་དུ་མཆོད་པའི་འདུན་པ་བྱེད་དགོས། ཁྱད་པར་དུ་ཡིད་ཀྱིས་སྤྲུལ་བའི་མཆོད་པ་དེ་སེམས་ཉིད་ཡིད་བཞིན་རིན་པོ་ཆེའི་འཆར་ཚུལ་ཟེར་བ་ཡིན་པས་ཁྱད་དུ་འཕགས་ཞེས་གསུངས་སོ། །གསུམ་པ་ཞེ་སྡང་གི་གཉེན་པོ་སྡིག་པ་བཤགས་པའི་ཡན་ལག་ནི། སྒོ་གསུམ་མི་དགེའི་ལས་རྣམ་ཀུན། །འོད་གསལ་ཆོས་སྐུའི་ངང་དུ་བཤགས། །ཞེས་པས་ཚེ་འཁོར་བ་ཐོག་མ་མེད་པ་ནས་དེ་རིང་ལ་མ་ཐུག་གི་བར་དྲན་པ་དང་མི་དྲན་པའི་སྡིག་ལྟུང་སྒོ་ལུས་ངག་ཡིད་གསུམ་གྱིས། སྦྱང་བྱ་སྡིག་པའི་སྒོ་དྲུག་དང་འབྲེལ་བའི་ལས་མི་དགེ་བའི་ལས་ལམ་བཅུ། མཚམས་མེད་པ་ལྔ། དེ་དང་ཉེ་བ་ལྔ། ལྕི་བ་བཞི། ལོག་པ་བརྒྱད། དཀོན་མཆོག་གི་དཀོར་ལ་འབག་པ་ལ་སོགས་པ་ཁ་ན་མ་ཐོ་བའི་ལས་བསགས་ཚད་མ་ལུས་པ་ཀུན་ཀྱང་། གཉེན་པོ་སྟོབས་བཞི་ཚང་བའི་སྒོ་ནས་བཤགས་པ་དང་། བཤད་ཚུལ་དེ་ཡང་། འོད་གསལ་ཆོས་སྐུའི་ངང་དུ་བཤགས་ཞེས་པས་འོད་གསལ་ཆོས་སྐུའི་དགོངས་པ་ནམ་མཁའ་ལྟ་བུའི་ངང་དུ། ཇི་ལྟར་བཤགས་ན་བཤགས་བྱ་བཤགས་བྱེད་དང་བྲལ་བ་གནས་ལུགས་དོན་གྱི་མཉམ་བཞག་གི་དགོངས་པ་དང་མ་བྲལ་བའི་ངང་ནས་བཤགས་པ་ནི་བཤགས་པའི་ཡན་ལག་གོ །བཞི་པ་ཕྲག་དོག་གི་གཉེན་པོ་རྗེས་སུ་ཡི་རང་བའི་ཡན་ལག་ནི། བདེན་པ་གཉིས་ཀྱིས་བསྡུས་པ་ཡི། །དགེ་ཚོགས་ཀུན་ལ་རྗེས་ཡི་རང་། །ཞེས་པས་བསྟན་ཏེ། ཀུན་མཁྱེན་འཇིགས་གླིང་གིས། གཞལ་བྱའི་ངོས་ནས་རྒྱལ་བས་ཆོས་ཀྱི་སྒོ། །བརྒྱད་ཁྲི་བཞི་སྟོང་གསུང་པ་མཐའ་དག་དོན། འཇིག་རྟེན་ཀུན་རྫོབ་པ་དང་དོན་དམ་སྟེ། །བདེན་པ་གཉིས་ལས་གསུམ་པ་མ་མཆིས་སོ། །ཞེས་པས་མཐའ་ཡས་སེམས་ཅན་གྱི་ཁམས་ལ་རང་རྒྱུད་ལྡན་གྱི་དུག་གསུམ་འདུལ་བ་ལ་ལྟོས་ནས་རྗོད་བྱེད་སྡེ་སྣོད་གསུམ་དང་མངོན་རྟོགས་བསླབ་པ་གསུམ་ལ་གྲངས་ངེས་པ་རྒྱ་ཆེ་བའི་ངོས་ནས་བཤད་ན། ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་གསུངས་ཡོད་ན་ཡང་། སྣང་ལུགས་ཀུན་རྫོབ་དང་གནས་ལུགས་དོན་དམ་པའི་བདེན་པ་འདི་གཉིས་ལ་མ་བརྟེན་པ་ཞིག་མེད་པས་གསུམ་པ་ལ་འགག་སྒྲ་སྦྱར་བ་ཡིན། དེ་ལྟ་བུའི་བདེན་པ་གཉིས་ཀྱིས་བསྡུས་པའི་རང་གཞན་གྱི་དགེ་ཚོགས་དགེ་བའི་དངོས་པོ། ཟག་བཅས་དང་ཟག་པ་མེད་པ་ཀུན་ལ་སྙིང་ཐག་པ་ནས་དགའ་བ་ཆེན་པོས་རྗེས་སུ་ཡི་རང་བར་བྱ་ཞེས་གསུངས་པ་ཡིན། དེ་ཡང་ཟག་བཅས་དང་ཟག་མེད་ཅེས་པ་ཁྱབ་ཆེ་སྟེ། དེའི་དོན་ཅུང་ཟད་ཞིབ་ཆ་བྱས་ན། འདི་ལ་ངོ་བོའི་དབང་དུ་བྱས་ན། ཀུན་རྫོབ་ཀྱིས་བསྡུས་པའི་དགེ་རྩ་ཐམས་ཅད་ཟག་བཅས་དང་། དོན་དམ་གྱིས་བསྡུས་པའི་དགེ་རྩ་ཐམས་ཅད་ཟག་མེད་དུ་གོ་ལམ་གྱི་དབང་དུ་བྱས་ན། ཚོགས་སྦྱོར་གྱི་དགེ་རྩ་ཐམས་ཅད་ཟག་བཅས་དང་། མཐོང་སྒོམ་གྱི་དགེ་རྩ་ཐམས་ཅད་ཟག་མེད་དུ་འཇོག ཚོགས་གཉིས་ཀྱི་དབང་དུ་བྱས་ན་དམིགས་བཅས་བསོད་ནམས་ཀྱི་ཚོགས་ཐམས་ཅད་ཟག་བཅས་དང་། ཡེ་ཤེས་ཀྱི་ཚོགས་ཐམས་ཅད་ཟག་མེད་དམ། མཉམ་རྗེས་ཀྱི་དབང་དུ་ན། འཕགས་པའི་མཉམ་བཞག་ཟག་མེད་དང་། རྗེས་ཐོབ་ཀྱི་དགེ་རྩ་ཐམས་ཅད་ཟག་བཅས་སུ་འཇོག དེ་མིན་པར་གྲོགས་ཀྱི་དབང་དུ་བྱས་ན། གྲོགས་ཤེས་རབ་ཀྱིས་ཟིན་པའི་དགེ་རྩ་ཐམས་ཅད་ཟག་མེད་དང་། དེས་མ་ཟིན་པ་ཐམས་ཅད་ཟག་བཅས་ཡིན་པ་ལ་སོགས་པའི་དབྱེ་བ་ཡོད་དོ། །ལྔ་པ་གཏི་མུག་གི་གཉེན་པོ་ལ་ཆོས་འཁོར་བསྐོར་བར་བསྐུལ་བའི་ཡན་ལག་ནི། འདིའི་ངག་འདོན་གྱི་ཡི་གེ་འགར། ཐེག་གསུམ་ཆོས་འཁོར་བསྐོར་བར་བསྐུལ། །ཞེས་པ་མ་གཏོགས་མེད་པས། འདི་ལ་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་ཞལ་བསྐང་གནང་བས་རང་ལུགས་ཆོས་རྒྱུན་གྱི་ཡིག་ཆའི་ནང་དུ། རིགས་ཅན་གསུམ་གྱི་གདུལ་བྱ་ལ། །ཐེག་གསུམ་ཆོས་འཁོར་བསྐོར་བར་བསྐུལ། །ཞེས་པའི་ཚིག་རྐང་གཉིས་སུ་གྲུབ་པ་འདིའི་ཡན་ལག་ལྔ་པ་ཆོས་འཁོར་བསྐོར་བར་བསྐུལ་བ་བསྟན་པ་ཡིན་ཏེ། རིགས་ཅན་གསུམ་གྱི་གདུལ་བྱ་ལ་ཞེས་པས་ཉན་ཐོས་དང་རང་སངས་རྒྱས་བྱང་ཆུབ་སེམས་དཔའི་རིགས་ཅན་གྱི་གདུལ་བྱ་གསུམ་མམ་ཡང་ན་སྐྱེས་བུ་ཆུང་འབྲིང་ཆེ་གསུམ། ཐེག་ཆེན་ལ་མདོ་སྔགས་གཉིས་སུ་ཕྱེ་བའི་རིག་པ་འཛིན་པ་དང་བཅས་པའི་གདུལ་བྱའི་དོན་ལ། ཐེག་པ་གསུམ་གྱི་ཆོས་འཁོར་བསྐོར་བར་བསྐུལ་བ་དང་། སངས་རྒྱས་བྱང་སེམས་བླ་མ་དགེ་བའི་བཤེས་གཉེན་རླབས་ཆེན་གཞན་དོན་གྱི་ཁུར་བཟོད་པ་དེ་ཚོ་འགྲོ་བའི་ལོག་སྒྲུབ་དང་སྐྱོ་ངལ་གྱིས་ཐུགས་སུན་རྒྱུ་དང་། སེམས་ཅན་བསོད་ནམས་བསགས་པའི་ཆེད་དུ་ཆོས་མི་གསུང་པའི་ཚུལ་བསྟན་པ་སོགས་ལ། རང་ལུས་བརྒྱ་སྟོང་གྲངས་མེད་པར་སྤྲུལ་ནས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་དུང་དཀར་པོ་གཡས་སུ་འཁྱིལ་བ་ལ་སོགས་པ་ཕུལ་ཏེ་རྣམ་པར་དག་པའི་ལྷག་བསམ་གྱི་སེམས་དང་བཅས་པས་དམ་པའི་ཆོས་ཀྱི་རྔ་ཆེན་པོ་དེ་ཉིད་འཇིག་རྟེན་དུ་སྒྲོག་པའི་ཆེད་དུ་ཐེག་གསུམ་གྱི་ཆོས་འཁོར་བསྐོར་རོགས་ཞུ་རྒྱུ་དང་། ཐེག་པ་གསུམ་ནི་གོང་བཤད་ལྟར་རམ་ཡང་ན། ཕྱི་ཀུན་འབྱུང་འདྲེན་པའི་ཐེག་པ། ནང་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ། གསང་བ་དབང་སྒྱུར་ཐབས་ཀྱི་ཐེག་པ་གསུམ་ལས་ཕྱེ་བའི་ཐེག་དགུའི་རྣམ་བཞག་ཕྱེ་ནའང་ཆོག་སྟེ། ཕྱི་ཀུན་འབྱུང་འདྲེན་པའི་ཐེག་པ་ཉན་རང་བྱང་སེམས་གསུམ། ནང་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་ཀྲི་ཡ། ཨུ་པ། ཡོ་ག་གསུམ། གསང་བ་དབང་བསྒྱུར་ཐབས་ཀྱི་ཐེག་པ། མ་ཧཱ། ཨ་ནུ། ཨ་ཏི་གསུམ་གྱི་ཐེག་པ་རིམ་པ་དགུའི་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་འདེབས་པ་ཡིན་ནོ། །དྲུག་པ་ལོག་ལྟའི་གཉེན་པོ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་ནི། ཇི་སྲིད་འཁོར་བ་མ་སྟོང་བར། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །ཞེས་པས་བསྟན་ཏེ། ཞིང་ཁམས་འདི་དང་གཞན་དག་ན་བླ་མ་དང་སངས་རྒྱས་བྱང་སེམས་གང་དག ཞིང་དེ་ནས་འདུལ་སྐལ་ཡོད་པའི་སེམས་ཅན་གྱི་དོན་རྫོགས་པའམ་མིན་ཀྱང་རྐྱེན་སྣ་ཚོགས་ཀྱི་དབང་གིས་གདུལ་བྱའི་ལྷག་མ་སྐྱོང་འཕྲོ་བཞག་ནས། ཐུགས་ཀྱི་རྩེ་ཞིང་ཁམས་གཞན་དུ་གཏད་པ་དེ་ཚོ་ལ། སྔོན་དགེ་བསྙེན་ཙུནྡས་སངས་རྒྱས་ལ་གསོལ་བ་བཏབ་པ་ལྟར་བདག་གི་ལུས་མང་པོ་གྲངས་མེད་དུ་སྤྲུལ་ནས། ཇི་སྲིད་ཁམས་གསུམ་འཁོར་བ་འདི་སྟོང་པར་གྱུར་ནས་སེམས་ཅན་གཅིག་ཀྱང་མེད་པར་མ་གྱུར་བར་སྐུ་མྱ་ངན་ལས་མི་འདའ་བར་སེམས་ཅན་ཐམས་ཅད་ཀྱི་ཕན་དང་བདེ་བའི་མགོན་སྐྱབས་དང་དཔུང་གཉེན་གཅིག་པུར་བཞུགས་པར་གསོལ་བ་འདེབས་དགོས་པ་ཡིན་ལ་བླ་མ་རྣམས་ཀྱི་ཞབས་བརྟན་ལ་དམིགས་ཏེ་དགེ་རྩ་བསྒྲུབ་ན་འདིའི་གྲངས་སུ་འགྲོའོ། །བདུན་པ་ཐེ་ཚོམ་དང་ལུང་མ་བསྟན་པའི་གཉེན་པོར་བསྔོ་བའི་ཡན་ལག་ནི་དུས་གསུམ་བསགས་པའི་དགེ་རྩ་ཀུན། །བྱང་ཆུབ་ཆེན་པོའི་རྒྱུ་རུ་བསྔོ། །ཞེས་པས་བསྟན་ཏེ། བསྔོ་བ་ལ་བསྔོ་བའི་དཔང་པོ་རྒྱལ་བ་སྲས་བཅས། བསྔོ་རྒྱུའི་དངོས་པོ་རང་ཉིད་ཀྱིས་དུས་གསུམ་དུ་བསགས་པའི་དགེ་བ་ཐམས་ཅད་དང་དེའི་སྟེང་དུ། རྒྱལ་བ་སྲས་བཅས་ཀྱི་ཟག་མེད་ཀྱི་དགེ་རྩ་དང་སེམས་ཅན་ཐམས་ཅད་ཀྱི་ཟག་བཅས་དགེ་རྩ་ཐམས་ཅད། བྱང་ཆུབ་ཆེན་པོའི་རྒྱུ་རུ་བསྔོ་ཞེས་པས་ཟུར་གཉིས་སམ་དོན་གཉིས་པོ་ཚང་བའི་ངང་ནས་བསྔོ་དགོས་པ་ཡིན་ཏེ། ཁྱད་པར་དུ་ཟུར་ཕྱི་མ་ཤེས་རབ་ཀྱིས་རྫོགས་བྱང་དུ་དམིགས་པ་སེམས་ཅན་ཐམས་ཅད་བླ་ན་མེད་པའི་རྣམ་མཁྱེན་རྫོགས་པའི་བྱང་ཆུབ་ཆེན་པོ་ཐོབ་པའི་རྒྱུ་རུ་བསྔོ་དགོས་པ་ཡིན། བསྔོ་ཚུལ་ཇི་ལྟར་བསྔོ་ན་འཁོར་གསུམ་དམིགས་མེད་ཀྱི་བསྔོ་བ་མཚན་ཉིད་པ་ཞིག་ལས་དང་པོ་པས་མ་རེད་ཀྱང་རྗེས་མཐུན་ཙམ་ཞིག་བྱེད་དགོས། འཁོར་གསུམ་པོ་སྣང་ལ་རང་བཞིན་མེད་པའི་ངེས་ཤེས་དྲངས་བའམ། ཡང་ན་རྒྱལ་བ་སྲས་དང་བཅས་པས་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་འདུན་པ་བྱེད་དགོས། དེ་ཡང་བསྔོ་བ་དང་སྨོན་ལམ་གྱིས་འདུན་པ་མ་བསྒྱུར་ན་དགེ་རྩ་ལུང་མ་བསྟན་ཡིན་པས་གང་དུ་འཁྱོག་འགྲོ་མི་ཤེས་སོ། །དེ་ཡན་ཆད་ཀྱིས་ཡན་ལག་བདུན་པ་སོང་ནས།

གསུམ་པ་ཕུར་ཚུགས་སུ་གསོལ་བ་འདེབས་ཅིང་རྒྱུད་རྡོ་རྗེ་བཞིའི་ངོ་བོར་བསྒྲུབ་པ།

༡༽ ཕུར་ཚུགས་སུ་གསོལ་བ་འདེབས་པ་དངོས།

༡ དངོས་གྲུབ་བསྒྲུབ་པའི་དུས་ཀྱི་གསོལ་འདེབས།

ད་ས་བཅད་གསུམ་པ་ཕུར་ཚུགས་སུ་གསོལ་བ་བཏབ་ནས་རྒྱུད་རྡོ་རྗེ་བཞིའི་ངོ་བོར་བསྒྲུབ་པ་དེ་ལ། དངོས་གྲུབ་བསྒྲུབ་པའི་དུས་ཀྱི་གསོལ་འདེབས་ཤིག་དང་། དངོས་གྲུབ་བསྐུལ་བའི་དུས་ཀྱི་གསོལ་འདེབས་དང་མཐར་ཐུག་དགོངས་ཀློང་དབྱེར་མེད་དུ་འདྲེས་པའི་གསོལ་འདེབས་རྣམ་པ་གསུམ་གྱིས་བསྟན་ཏེ། དང་པོ་དངོས་གྲུབ་བསྒྲུབ་པའི་སྐབས་ཀྱི་གསོལ་འདེབས་ནི། རྗེ་བཙུན་གུ་རུ་རིན་པོ་ཆེ། །ཁྱེད་ནི་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་རྗེ་བྱིན་རླབས་འདུས་པའི་དཔལ། །སེམས་ཅན་ཡོངས་ཀྱི་མགོན་གཅིག་པུ། །ལུས་དང་ལོངས་སྤྱོད་བློ་སྙིང་བྲང་། །ལྟོས་པ་མེད་པར་ཁྱོད་ལ་འབུལ། །འདི་ནས་བྱང་ཆུབ་མ་ཐོབ་པར། །སྐྱིད་སྡུག་ལེགས་ཉེས་མཐོ་དམན་ཀུན། །རྗེ་བཙུན་ཆེན་པོ་པད་འབྱུང་མཁྱེན། །ཞེས་པའི་ཚིག་རྣམས་ཀྱིས་བསྟན་ཏེ། དེ་ཡང་དཔལ་མགོན་བླ་མ་དམ་པ་ནི། དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་བོར་ཧེ་རུ་ཀའི་དབང་རྫོགས། མཐོང་ཐོས་དྲན་རེག་གིས་ཐར་བའི་ས་བོན་རྒྱུད་ལ་ཐེབས་པས་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་བྱེད་པོ་དཀོན་མཆོག་བཞི་པ། རང་ངོས་ནས་ཚེ་གཅིག་ལུས་གཅིག་ལ་སྨིན་གྲོལ་ཟབ་མོའི་ལམ་དང་ཐུགས་རྗེ་བྱིན་རླབས་ཀྱིས་རྡོ་རྗེ་འཆང་གི་སར་བཙན་ཐབས་ཀྱིས་བཀོད་པས་བཀའ་དྲིན་ད་དུང་སངས་རྒྱས་ལས་ཀྱང་ལྷག་པ། ཡོན་ཏན་གྱི་ངོས་ནས་གཞལ་ན་དགོངས་པ་ནམ་མཁའ་ལྟར་རྒྱ་ཆེ་བ། མཁྱེན་བརྩེ་རྒྱ་མཚོ་ལྟར་ཚད་མེད་པ་དེ་ལྟ་བུ། ཐུགས་རྗེ་ཆུ་ཀླུང་ལྟར་རྒྱུན་རིང་ཞིང་ཤུགས་དྲག་པ། རང་བཞིན་རི་རྒྱལ་ལྟར་ཐུགས་བརྟན་ཅིང་བརླིང་བ། འགྲོ་བ་ཐམས་ཅད་ལ་ཕ་མ་ལྟར་བྱམས་པ་ལ་སོགས་པའི་ཡོན་ཏན་རེ་རེའི་ཆ་ནས་བསམ་བློ་བཏང་ན་ཡང་དཔག་པར་མི་ནུས་པ་དེ་ལྟ་བུ་ཡིན་ཅིང་། ཁྱད་པར་དུ་གསོལ་བ་བཏབ་ན་ཅི་འདོད་ཀྱི་དངོས་གྲུབ་འབད་མེད་དུ་འབྱུང་བ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་ཡིན་པས། ཁྱེད་ལ་བརྟེན། ཁྱེད་ལ་རེ་ནི་ཡིན། ཁྱེད་ཅིག་སྒྲུབ་བསམ་པའི་མོས་གུས་མཆི་མ་འཁྲུག་པ་དང་བཅས་པས། རྗེ་བཙུན་གུ་རུ་རིན་པོ་ཆེ། །ཞེས་རྗེ་བཙུན་ཞེས་པ་རྗེའམ་རྒྱལ་པོ་ལྟ་བུ་གཙུག་ཏུ་བཀུར་བར་འོས་པ་ཆོས་ཀྱི་རིགས་ཀྱིས་བཙུན་པ་དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག་མ་ཧཱ་གུ་རུ་འདོད་རྒུ་འབྱུང་བའི་རིན་པོ་ཆེ་ཞེས་བླ་མ་དང་གུ་རུ་དབྱེར་མེད་ལ་བོས་ནས། ཁྱེད་ནི་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་རྗེ་བྱིན་རླབས་འདུས་པའི་དཔལ། །ཞེས་གསུངས་པས། ཁྱེད་ནི་སངས་རྒྱས་ཐམས་ཅད་ཀྱི་མངའ་བདག་སྟེ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་འཕྲིན་ལས། སྐྱོབ་པའི་ནུས་མཐུ་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་གཅིག་ཏུ་འདུས་པའི་དཔལ་དམ་པ། སེམས་ཅན་ཡོངས་ཀྱི་མགོན་གཅིག་པུ། །ཞེས་པས་མ་ལུས་ལུས་པ་མེད་པའི་སེམས་ཅན་ཡོངས་ཀྱི་སྐྱབས་པའི་མགོན་དང་སྐྱོབ་པའི་དཔུང་གཉེན་གཅིག་པུར་གྱུར་པ་ཉིད་ལ། ལུས་དང་ལོངས་སྤྱོད་བློ་སྙིང་བྲང་། །ཞེས་པས་བདག་རང་ལ་ཡོད་པའི་གཅེས་པའི་ལུས། དེ་ལ་མཁོ་དགོས་ཅན་གྱི་བདག་ཏུ་བཟུང་བའི་ལོངས་སྤྱོད་ཀྱི་དངོས་པོ་ཅི་ཡོད་དང་དགེ་ཚོགས་དགེ་བའི་དངོས་པོ་ནས་བཟུང་སྟེ་ཡོངས་སུ་བཟུང་བའི་གཞི་གསུམ་ཆེ་ཡོད་ཆུང་ཡོད་ཐམས་ཅད་པོ་གབ་སྐུང་སྦས་གསུམ་མེད་པར་དང་གཡོ་དང་སྒྱུ་མེད་པར། ལྟོས་པ་མེད་པར་ཁྱེད་ལ་འབུལ། །ཞེས་གསུངས་པས། ཆགས་ཞེན་གྱི་ལྟོས་པ་ཅི་ཡང་མེད་པས་ཁྱེད་ལ་འབུལ་བ་ཡིན་པས། འདི་ནས་བྱང་ཆུབ་མ་ཐོབ་བར། །སྐྱིད་སྡུག་ལེགས་ཉེས་མཐོ་དམན་ཀུན། །རྗེ་བཙུན་ཆེན་པོ་པད་འབྱུང་མཁྱེན། །ཞེས་པས་དུས་འདི་ནས་བཟུང་སྟེ་ཇི་སྲིད་བདག་གིས་བླ་ན་མེད་པའི་བྱང་ཆུབ་མ་ཐོབ་བར་དུ། སྐྱིད་སྡུག་ལེགས་ཉེས་གང་ཡོང་ན། ལུས་སེམས་ཀྱི་ཚོར་བ་བདེ་ཞིང་སྐྱིད་པ་བྱུང་ཡང་ཁྱེད་མཁྱེན་ཁྱེད་ཀྱིས་གཟིགས། སྡུག་བསྔལ་ནས་ན་ཚ་རྐྱེན་ངན་ལ་སོགས་པ་རྐྱེན་ངན་གང་བྱུང་ཡང་ཁྱེད་མཁྱེན། ལེགས་ནས་དཔལ་དང་འཕྲད། ཉེས་ནས་བྱུར་དང་ཐུག །མཐོ་བའི་ཐོབ་དང་གོ་ས་ཐོབ། སྟོབས་དང་སྙན་གྲགས་རྒྱས་པ། དམའ་ཆེ་ནས་སྡུག་ཉམ་ཐག་དེ་ལས་དམན་མེད་པར་ལྷུང་སོང་རུང་སྐྱབས་དང་རེ་ས་ཁྱེད་མ་གཏོགས་མེད་པས། རྗེ་བཙུན་ཆེན་པོ་སངས་རྒྱས་ཀུན་འདུས་རྒྱལ་དབང་པདྨ་འབྱུང་གནས་ཁྱེད་མཁྱེན་ནོ་སྙམ་པའི་བློ་གཏད་ལིང་བསྐྱུར་གྱིས་སྐྱབས་སུ་མཆི་བའི་ཚིག་དེ་བརྗོད་ནས། དེ་ནས་གསོལ་འདེབས་ཐུགས་དམ་རྒྱུད་བསྐུལ་གྱི་འཛབ་དབྱངས་དེ་གང་ཡིན་ན་བཛྲ་གུ་རུ་ཡིན་པ་དེ་བགྲང་དགོས། སིདྡྷི་གང་འཚམ་རེའི་མཚམས་ནས་ཡང་གསོལ་འདེབས་ཐུགས་དམ་རྒྱུད་བསྐུལ་ཚར་རེ་བཏོན་ཏེ། བླ་མའི་རྣལ་འབྱོར་དང་འབྲེལ་བའི་སིདྡྷི་འབུམ་བརྒྱ་འགྲོ་དགོས། ཐུན་རེ་རེའི་སྐབས་སུ་བསྙེན་པ་ཅི་ཙམ་བཟླ་བའི་སུམ་གཉིས་ཙམ་ནས།

༢ དངོས་གྲུབ་བསྐུལ་བའི་གསོལ་འདེབས།

གཉིས་པ་དངོས་གྲུབ་བསྐུལ་བའི་གསོལ་འདེབས་རྒྱུད་སྐུལ་གསུངས་དགོས་ཏེ་དེ་ནི། བདག་ལ་རེ་ས་གཞན་ན་མེད། །ད་ལྟ་དུས་ངན་སྙིགས་མའི་འགྲོ། །མི་བཟོད་སྡུག་བསྔལ་འདམ་དུ་བྱིང་། །འདི་ལས་སྐྱོབས་ཤིག་མ་ཧཱ་གུ་རུ། །དབང་བཞི་སྐུར་ཅིག་བྱིན་རླབས་ཅན། །རྟོགས་པ་སྤོར་ཅིག་ཐུགས་རྗེ་ཅན། །སྒྲིབ་གཉིས་སྦྱོངས་ཤིག་ནུས་མཐུ་ཅན། །ཞེས་གསུངས་ཏེ། བདག་ལ་རེ་ས་གཞན་ན་མེད། །ཅེས་བདག་དུས་ངན་གྱི་སེམས་ཅན་ཉམ་ཐག་ལས་འབྲེལ་ཁྱེད་ལ་ཡོད་པས་མོས་ལྡན་གྱི་བུ་ལ་རེ་ས་སྐྱབས་གནས་གཉིས་ཀ་ཁྱེད་ལས་གཞན་མེད་པས། ད་ལྟ་དུས་ངན་སྙིགས་མའི་འགྲོ། །མི་བཟོད་སྡུག་བསྔལ་འདམ་དུ་བྱིང་། །ཞེས་ད་ལྟ་དུས་ངན་སྙིགས་མ་ལྔ་བདོ་སྟེ། སྙིགས་མ་ལྔ་ཇི་ལྟར་བདོ་ན། སྲོག་རྒུད་པ་ཚེ་ཡི་སྙིགས་མ། ཁྱིམ་པའི་དགེ་ཕྱོགས་རྒུད་པ་ཉོན་མོངས་པའི་སྙིགས་མ། རབ་བྱུང་གི་དགེ་ཕྱོགས་རྒུད་པ་ལྟ་བའི་སྙིགས་མ། ལོངས་སྤྱོད་རྒུད་པ་དུས་ཀྱི་སྙིགས་མ་ལ་སོགས་པ་བསོད་ནམས་དམན་པའི་སྙིགས་མའི་འགྲོ་བ་བདག་ཅག་རྣམས། ཤིན་ཏུ་བཟོད་པར་དཀའ་ཞིང་མི་བཟོད་པའི་སྡུག་བསྔལ་སྣ་ཚོགས་བགྲང་གིས་མི་ལང་པ། གཅིག་གི་ནང་ནས་ཐར་ན་གཅིག་ནས་མི་ཐར་བའི་འཁོར་བའི་སྡུག་བསྔལ་གྱི་འདམ་དུ་བྱིང་ལགས་པས། འདི་ལས་སྐྱོབས་ཤིག་མ་ཧཱ་གུ་རུ། །ཞེས་པས་མི་བཟད་པའི་སྡུག་བསྔལ་དྲག་པོ་འདི་ཉིད་ལས་མྱུར་དུ་རྗེ་བཙུན་མ་ཧཱ་གུ་རུ་ཁྱེད་ཀྱིས་བསྐྱབ་ནས། དབང་བཞི་སྐུར་ཅིག་བྱིན་རླབས་ཅན། །ཞེས་པ་རྒྱུད་སྨིན་པར་བྱེད་པའི་དབང་བཞི་ཟབ་མོ་སྟེ། བུམ་གསང་ཤེར་དབང་ཚིག་དབང་དང་བཅས་པ་ད་ལྟ་བདག་ལ་སྐུར་ལ་བདག་གི་རྒྱུད་སྨིན་པར་མཛོད་ཅིག་མཁྱེན་པ་ཐོགས་མེད་ཀྱི་བྱིན་རླབས་ཅན། རྟོགས་པ་སྤོར་ཅིག་ཐུགས་རྗེ་ཅན། །ཞེས་པས་གནས་ལུགས་ཟབ་མོའི་དོན་བརྒྱུད་ཀྱི་རྟོགས་པ་ཁྱད་པར་ཅན་བདག་གི་རྒྱུད་ལ་སྤོར་ལ་གྲོལ་བར་མཛོད་ཅིག་བརྩེ་བའི་ཐུགས་རྗེ་ཅན་ཞེས་འདི་རྣམས་མཁྱེན་བརྩེ་ནུས་གསུམ་དང་སྦྱར་ཆོག སྒྲིབ་གཉིས་སྦྱོངས་ཤིག་ནུས་མཐུ་ཅན། །ཞེས་ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་གཉིས་བག་ཆགས་ཕྲ་མོ་དང་བཅས་པ་སྦྱོངས་ཤིག་མཐུ་སྟོབས་ཐོགས་མེད་ཀྱི་ནུས་མཐུ་ཅན་ཞེས་འདོད་དོན་གསོལ་འདེབས་དེ་ཉིད་སིདྡྷི་བགྲང་བའི་བར་མཚམས་སུ་ལན་རེ་ལན་རེ་བརྗོད་དགོས་པ་རེད།

༣ ཐུགས་ཡིད་དབྱེར་མེད་ཀྱི་གསོལ་འདེབས།

དེ་ནས། ནམ་ཞིག་ཚེ་ཡི་དུས་བྱས་ཚེ། །རང་སྣང་རྔ་ཡབ་དཔལ་རིའི་ཞིང་། །ཟུང་འཇུག་སྤྲུལ་པའི་ཞིང་ཁམས་སུ། །གཞི་ལུས་རྡོ་རྗེ་རྣལ་འབྱོར་མ། །གསལ་འཚེར་འོད་ཀྱི་གོང་བུ་རུ། །གྱུར་ནས་རྗེ་བཙུན་པད་འབྱུང་དང་། །དབྱེར་མེད་ཆེན་པོར་སངས་རྒྱས་ཏེ། །བདེ་དང་སྟོང་པའི་ཆོ་འཕྲུལ་གྱིས། །ཡེ་ཤེས་ཆེན་པོར་རོལ་པ་ལས། །ཁམས་གསུམ་སེམས་ཅན་མ་ལུས་པ། །འདྲེན་པའི་དེད་དཔོན་དམ་པ་རུ། །རྗེ་བཙུན་པདྨས་དབུགས་དབྱུང་གསོལ། །གསོལ་བ་སྙིང་གི་དཀྱིལ་ནས་འདེབས། །ཁ་ཙམ་ཚིག་ཙམ་མ་ཡིན་ནོ། །བྱིན་རླབས་ཐུགས་ཀྱི་ཀློང་ནས་སྩོལ། །བསམ་དོན་འགྲུབ་པར་མཛད་དུ་གསོལ། །ཞེས་འདོན་ཅིང་སིདྡྷི་བགྲང་ལ། ནམ་ཞིག་ཚེ་ཡི་སོགས་ཀྱི་དོན་འོག་ནས་འབྱུང་བ་ལྟར་རོ། །བཛྲ་གུ་རུ་བགྲང་བའི་སྐབས་སིདྡྷི་འདི་གཟུངས་སྔགས་ཡིག་འབྲུ་བཅུ་གཉིས་པ་ཞིག་ཡིན་པས། འདི་ནི་རིག་འཛིན་ཡོངས་ཀྱི་སྲོག་སྔགས་ཡིན་ལ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་ས་དཔའ་བོ་མཁའ་འགྲོ་སྤྲིན་བཞིན་དུ་འདུ་བའི་གཙོ་སྔགས་ཡིན། དེ་ཡང་ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཞེས་གསུང་ན་ཨོཾ་སྤྲུལ་སྐུའི་སྙིང་པོ། ཨཱཿལོངས་སྐུའི་སྙིང་པོ། ཧཱུྃ་ཆོས་སྐུའི་སྙིང་པོ་སྟེ། ཨོཾ་ཨཱཿཧཱུྃ་ནི་སྐུ་གསུམ་འདུས་པའི་སྙིང་པོ་གསང་གསུམ་གཅིག་འདུས་ཀྱི་སྲོག་སྔགས་ཡིན། བཛྲ་གུ་རུ་ཞེས་པས་བཛྲ་ནི་ཐད་ཀར་བསྒྱུར་ན་རྡོ་རྗེ་སྟེ་དབྱིངས་རིག་དབྱེར་མེད་འཕོ་འགྱུར་དང་བྲལ་བའི་ཡེ་ཤེས་ལ་གོ །གུ་རུ་ནི་གོང་བཤད་ལྟར་ལྕི་བའི་དོན་ཏེ་ཡོན་ཏན་གྱི་ཁུར་གྱིས་ལྕི་བའི་བླ་མ་ལ་འཇུག་པ་སྟེ། བླ་ན་མེད་པའི་སྤངས་རྟོགས་མཐར་ཕྱིན་པ་ལ་གོ། པདྨ་མེ་ཏོག་པདྨའི་དོན་ཏེ་འཁོར་བའི་སྐྱོན་གྱིས་མ་གོས་ཤིང་ཆགས་ཐོགས་སྒྲིབ་པ་དང་བྲལ་བའི་མཛད་པའི་ནུས་མཐུ་སྟེ་རྟག་ཁྱབ་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མངའ་བ་དེ་ལྟ་བུ་ཡིན། སིདྡྷི་ནི་དངོས་གྲུབ་ཀྱི་དོན་ཏེ། མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཧཱུྃ་ཞེས་པ་ཐུགས་ཀྱིས་དགོངས་ལ་དངོས་གྲུབ་དེ་ཐམས་ཅད་བདག་ལ་སྩོལ་ཅིག་ཅེས་པའི་དོན་ཏེ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་རྒྱན་གྱི་འཁོར་ལོའི་གསང་བ་བསམ་གྱིས་མི་ཁྱབ་པའི་ཚུལ་གྱི་དངོས་གྲུབ་བསྐུལ་བའི་གཟུངས་སྔགས་ཁྱད་པར་ཅན་དེ་ཡིན། སིདྡྷི་དུང་གཅིག་བཏོན་ནས་དད་པ་མ་འཆུག་དང་ཟངས་མདོག་དཔལ་རི་ལ་སློབ་དཔོན་པདྨའི་ཞབས་དྲུང་དུ་སྐྱེ་བ་ཐེ་ཚོམ་མི་དགོས་ཞེས་ངའི་བླ་མས་གསུངས་དར།

༢༽ ལོ་རྒྱུས་དང་འབྲེལ་བའི་བརྒྱུད་པའི་གསོལ་འདེབས།

༡ བརྒྱུད་པའི་གསོལ་འདེབས་དངོས།

མཚམས་འདིར་ཡིད་ཆེས་ཀྱི་སྤྲོ་བ་བསྐྱེད་པའི་ཕྱིར་དུ་ལོ་རྒྱུས་དང་འབྲེལ་བའི་བརྒྱུད་པའི་གསོལ་འདེབས་འབྱུང་སྟེ། དེ་ཡང་། ཨེ་མ་ཧོཿ རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་ཞིང་ཁམས་ནས། །དང་པོའི་སངས་རྒྱས་ཆོས་སྐུ་ཀུན་ཏུ་བཟང་། །ལོངས་སྐུ་ཆུ་ཟླའི་རོལ་རྩལ་རྡོ་རྗེ་སེམས། །ལ་སོགས་པས་བསྟན་ལ། ཨེ་མ་ཧོ་ཞེས་ངོ་མཚར་རྨད་དུ་བྱུང་བའི་དོན་འདི་ལྟར་བསྟན་ཏེ། རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་ཞིང་ཁམས་སུ། །ཞེས་པས་རྒྱ་གར་ཡང་མ་ཆད་ཅིང་ཕྱོགས་གང་དུ་ཡང་མ་ལྷུང་བའི་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་སོང་བའི་ཐོག་ནས་གནས་རང་སྣང་རང་བཞིན་མེད་པའི་ཞིང་ཁམས་སུ། དང་པོའི་སངས་རྒྱས་ཆོས་སྐུ་ཀུན་ཏུ་བཟང་། །ཞེས་པས་གཞི་གདོད་མ་ཡེ་ཐོག་དང་པོའི་དུས་སུ་ཡེ་སངས་རྒྱས་པའི་སྟོན་པ་ཆོས་ཀྱི་སྐུ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ཁྱད་ཆོས་དྲུག་གིས་ནང་གསལ་གཞོན་ནུ་བུམ་པའི་སྐུར་བཞེངས་པ་ལ་ཀུན་ཏུ་བཟང་པོའམ་ཐོག་མའི་མགོན་པོ་ཞེས་གསུངས་པ་ཡིན། ལོངས་སྐུ་ཆུ་ཟླའི་རོལ་རྩལ་རྡོ་རྗེ་སེམས། །ཞེས་པས་རང་སྣང་ལོངས་སྤྱོད་རྫོགས་པའི་སྐུ་དང་དེ་ལས་ཕྱི་གསལ་དུ་རང་བཞིན་སྤྲུལ་པའི་སྐུ་ཆུ་ཟླའི་གཟུགས་བརྙན་ལྟ་བུ་ཡེ་ཤེས་ཀྱི་རོལ་རྩལ་དཔལ་རྡོ་རྗེ་སེམས་དཔའ་ལ་རང་བཞིན་གྱིས་བྱིན་གྱིས་བརླབས་ཏེ་གསུངས་པ་རྒྱལ་བ་དགོངས་བརྒྱུད་ཡིན། སྤྲུལ་སྐུར་མཚན་རྫོགས་དགའ་རབ་རྡོ་རྗེ་ལ། །ཞེས་པ་འགྲོ་འདུལ་སྤྲུལ་པའི་སྐུར་བྱོན་པ་མཚན་དཔེ་ཡོངས་སུ་རྫོགས་པའི་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ་ལ་གོ་སྟེ། སློབ་དཔོན་དགའ་རབ་རྡོ་རྗེས་རྫོགས་པ་ཆེན་པོའི་ཚིག་དེ་ཚིག་སྡེབ་སྦྱོར་ལེགས་པའི་སྒོ་ནས་གསུངས་པ་ཡིན། གསོལ་བ་འདེབས་སོ་བྱིན་རླབས་དབང་སྐུར་སྩོལ། །ཞེས་པས་དེ་ལྟ་བུའི་སྐུ་གསུམ་བླ་མ་རྣམས་ལ་གསོལ་བ་འདེབས་པ་ཡིན་པས་བྱིན་གྱིས་བརླབས་ཤིང་དབང་བསྐུར་ཟབ་མོ་བདག་ལ་སྩོལ། །ཞེས་གསུངས། ཤྲཱི་སེང་ཧ་དོན་དམ་ཆོས་ཀྱི་མཛོད། །འཇམ་དཔལ་བཤེས་གཉེན་ཐེག་དགུའི་འཁོར་ལོས་བསྒྱུར། །ཛྙཱ་ན་སུ་ཏྲ་པཎ་ཆེན་བི་མ་ལར། །གསོལ་བ་འདེབས་སོ་གྲོལ་བྱེད་ལམ་སྣ་སྟོན། །ཞེས་པས་ཤྲཱི་སེང་ཧ་དོན་དམ་ཆོས་ཀྱི་མཛོད། །ཅེས་པས་སློབ་དཔོན་ཆེན་པོ་རིག་འཛིན་ཤྲཱི་སེང་ཧ་ལ་སྤྲོས་བྲལ་མཆོག་གི་རྟོགས་པ་མངོན་དུ་གྱུར་སོང་བའི་ཟབ་མོའི་ཆོས་ཐམས་ཅད་ཀྱི་མཛོད་ལ་མངའ་དབང་བསྒྱུར་བའི་དགའ་རབ་རྡོ་རྗེའི་སློབ་མ་རིག་འཛིན་ཤྲཱི་སེང་ཧ་དེ་ཉིད་དང་། འཇམ་དཔལ་བཤེས་གཉེན་ཐེག་དགུའི་འཁོར་ལོས་སྒྱུར། །ཞེས་འཕགས་པ་འཇམ་དཔལ་རྣོན་པོའི་སྤྲུལ་པ་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་ཞེས་པ་མ་འདྲེས་ཡོངས་རྫོགས་ཆེན་པོའི་དོན་མངོན་དུ་གྱུར་པས་ཐེག་པ་རིམ་དགུའི་ཆོས་ཀྱི་འཁོར་ལོས་སྒྱུར་བ་འགྲོ་ཀུན་ཁ་ལོ་གྱེན་དུ་སྒྱུར་བར་མཛད་པ་པོ་དེ་ཉིད་དང་། ཛྙཱ་ན་སུ་ཏྲ་པཎ་ཆེན་བི་མ་ལར། །ཞེས་པས་མཆོག་གི་དངོས་གྲུབ་བརྙེས་པའི་པཎ་ཆེན་ཛྙཱ་ན་སུ་ཏྲ་དང་འཇའ་ལུས་འཕོ་བ་ཆེན་པོའི་སྐུར་བཞེངས་པའི་པཎ་ཆེན་བི་མ་མི་ཏྲ་སྟེ་དེ་རྣམ་པས་གཅིག་ནས་གཅིག་ལ་བརྒྱུད་དེ་ཨོ་རྒྱན་ཆེན་པོ་ཡན་ཆོད་རིག་འཛིན་བརྡ་ཡི་བརྒྱུད་པ་ཡིན། དེ་ལྟ་བུའི་འཕགས་ཆེན་རིག་འཛིན་བླ་མ་སངས་རྒྱས་དང་འདྲ་བ་དེ་ཚོ་ལ། གསོལ་བ་འདེབས་སོ་གྲོལ་བྱེད་ལམ་སྣ་སྟོན། །ཞེས་པས། གསོལ་བ་སྙིང་ནས་འདེབས་པ་ཡིན་པས། རང་རྒྱུད་གྲོལ་བར་བྱེད་པའི་ལམ་སྣ་སྟོན་པར་མཛད་དུ་གསོལ་ཞེས་པ་ཡིན་ནོ། །འཛམ་བུའི་གླིང་གི་རྒྱན་གཅིག་པདྨ་འབྱུང་། །ངེས་པར་ཐུགས་ཀྱི་སྲས་མཆོག་རྗེ་འབངས་གྲོགས། །ཐུགས་གཏེར་རྒྱ་མཚོའི་བརྡ་འགྲོལ་ཀློང་ཆེན་ཞབས། །མཁའ་འགྲོའི་དབྱིངས་མཛོད་བཀའ་བབས་འཇིགས་མེད་གླིང་། །གསོལ་བ་འདེབས་སོ་འབྲས་བུ་ཐོབ་གྲོལ་སྩོལ། །ཞེས་པས་འཛམ་བུ་གླིང་གི་རྒྱན་གཅིག་པདྨ་འབྱུང་། །ཞེས་པ་ནི་འཛམ་བུ་གླིང་འདིར་སྤྱིར་སངས་རྒྱས་ཀྱི་བསྟན་པ། སྒོས་གསང་སྔགས་ཀྱི་བསྟན་པ་དར་བར་བྱེད་པའི་གཉེན་གཅིག་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་དེ་དང་། ངེས་པར་ཐུགས་ཀྱི་སྲས་མཆོག་རྗེ་འབངས་གྲོགས། །ཞེས་པས། མན་ངག་ཟབ་མོ་ངེས་པར་བྱེད་ཅིང་སྨིན་ཅིང་གྲོལ་བར་མཛད་པའི་ཐུགས་ཀྱི་སྲས་མཆོག་རྗེ་འབངས་གྲོགས་གསུམ་དང་ནི། ཐུགས་གཏེར་རྒྱ་མཚོའི་བརྡ་འགྲོལ་ཀློང་ཆེན་ཞབས། །ཞེས་པས་རྒྱལ་བ་ཀློང་ཆེན་པ་དྲི་མེད་འོད་ཟེར་ཞབས་ཡིན་ཏེ། ཟབ་མོ་ཐུགས་ཀྱི་གཏེར་ཁ་རྒྱ་མཚོའི་བརྡ་རང་གྲོལ་དུ་གྱུར་ཏེ་ཆོས་ཟད་ཀྱི་དབྱིངས་སུ་ཆོས་སྐུའི་བཙན་ས་ཟིན་པ་ནི་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་ཡིན་ནོ། །མཁའ་འགྲོའི་དབྱིངས་མཛོད་བཀའ་བབས་འཇིགས་མེད་གླིང་། །ཞེས་པས་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་ཡེ་ཤེས་ཀྱི་སྐུས་ལན་གསུམ་རྗེས་སུ་བཟུང་ཞིང་། ཡེ་ཤེས་མཁའ་འགྲོའི་དབྱིངས་ཀྱི་གཏེར་མཛོད་ཟབ་མོའི་བཀའ་བབས་པ་རིག་འཛིན་ཆེན་པོ་འཇིགས་མེད་གླིང་པ་དང་བཅས་པ་ལ། གསོལ་བ་འདེབས་སོ་འབྲས་བུ་ཐོབ་གྲོལ་སྩོལ། །ཞེས་པས་བསྟན་པའི་བདག་པོ་གསང་འཛིན་དགའ་རབ་དཔའ་བོ་དང་གཉིས་སུ་མེད་པའི་བླ་མ་ཁྱེད་རྣམ་པ་ལ་གསོལ་བ་སྙིང་ནས་འདེབས་སོ་མཐར་ཐུག་གི་འབྲས་བུ་སྤང་ཐོབ་བྲལ་བའི་གྲོལ་བ་མངོན་དུ་སྩོལ་ཅིག་ཅེས་སོ། །འདི་ནས་བརྒྱུད་པའི་ཁ་བསྐང་ནི། ཆོས་ཀྱི་བདག་པོ་བྱང་ཆུབ་རྡོ་རྗེའི་ཞབས། །ཞེས་པ་འཇིགས་མེད་ཕྲིན་ལས་འོད་ཟེར་དང་། གྲུབ་བརྙེས་འཇིགས་མེད་རྒྱལ་བའི་མྱུ་གུ་དང་། །ཞེས་པ་རྫ་ཁྲ་མའི་བླ་མ་དང་། སྤྲུལ་པའི་སྐུ་མཆོག་མི་འགྱུར་ནམ་མཁའི་མཚན། །ཞེས་པ་རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་དང་། རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་ལ། །ཞེས་པ་དགེ་མང་སྐུ་ཕྲེང་དང་པོ་སྟེ། དེ་དག་ལ། གསོལ་བ་འདེབས་སོ་གནས་ལུགས་རང་ཞལ་སྟོན། །ཞེས་དང་། ཧེ་རུ་ཀ་དཔལ་ཡེ་ཤེས་རྡོ་རྗེ་དང་། །ཞེས་པ་མདོ་མཁྱེན་བརྩེ་དང་། ཨོ་རྒྱན་འཇིགས་བྲལ་ཆོས་ཀྱི་དབང་པོའི་ཞབས། །ཞེས་པ་དཔལ་སྤྲུལ་ཚང་དང་། གྲུབ་པའི་དབང་ཕྱུག་པདྨ་བཛྲ་པ། །ཞེས་མཁན་པོ་པད་རྡོར་དང་། མཚོ་སྐྱེས་བླ་མ་མཁྱེན་བརྩེའི་དབང་པོ་ལ། །ཞེས་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་སྟེ་དེ་དག་ལ། གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཞེས་སོ། །དེ་ནས་ད་དུང་འདི་མན་གྱི་བརྒྱུད་པའི་ཁ་བསྐང་ལ་ཨོ་རྒྱན་བསྟན་འཛིན་ནོར་བུ། མུ་ར་པདྨ་བདེ་ཆེན་བཟང་པོ། དཀོན་མཆོག་གྲགས་པ། ཐུབ་དབང་བསྟན་པའི་ཉི་མ་ལ་སོགས་པ་སྙིང་ཐིག་གི་བླ་རྒྱུད་གལ་ཆེན་རྣམས་དད་པས་མོས་པའི་ཕྱི་རབས་ཀྱི་རྗེས་འཇུག་རྣམས་ཀྱིས་བསྣན་པའི་ཡིག་ཆ་ཅུང་ཟད་འདྲ་མིན་ཡོད་ན་ཡང་། ད་ལྟའི་ཉེ་བརྒྱུད་ངོ་མ་བོ་མི་འགྱུར་ནམ་མཁའི་རྡོ་རྗེ་ནས་ཨོ་རྒྱན་བསྟན་འཛིན་ནོར་བུ། དེས་གཞན་དགའ་ཚང་། དེས་བདག་ཅག་གི་ཡོངས་འཛིན་དམ་པ་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨོས་ན་འཇིགས་མེད་རྟ་མགྲིན་ཡོན་ཏན་མགོན་པོའི་བར་དུ་བརྒྱུད་པ་ནི་གང་ཟག་སྙན་བརྒྱུད་དུ་བརྩི་བ་ཡིན་ནོ།།

༢ ཞར་བྱུང་སྨོན་ལམ།

དང་པོ་ཚེ་འདིར་གྲོལ་བའི་སྨོན་ལམ།

འདི་ནས་ཞར་བྱུང་དུ་འདི་དང་བར་དོ་ཕྱི་མ་གསུམ་གྱི་སྨོན་ལམ་འབྱུང་སྟེ། དང་པོ་ཚེ་འདིའི་སྨོན་ལམ་ནི། སྲིད་ལས་ངེས་པར་འབྱུང་བའི་ཞེན་ལོག་གིས། །རྡོ་རྗེའི་བླ་མ་དོན་ལྡན་མིག་བཞིན་བསྟེན། །ཅི་གསུང་བཀའ་བསྒྲུབ་ཟབ་མོའི་ཉམས་ལེན་ལ། །ལྟེམ་རྐྱང་མེད་པའི་སྒྲུབ་ཚུགས་ཞེ་རུས་ཀྱིས། །ཐུགས་རྒྱུད་དགོངས་པའི་བྱིན་རླབས་འཕོ་བར་ཤོག །ཅེས་པ་ནས་གཞོན་ནུ་བུམ་སྐུར་གཏན་སྲིད་ཟིན་པར་ཤོག །ཅེས་པའི་བར་གྱིས་བསྟན་ཏེ། དེ་ཡང་། སྲིད་ལས་ངེས་པར་འབྱུང་བའི་ཞེན་ལོག་གིས། །ཞེས་པ་སྲིད་པ་ཁམས་གསུམ་འཁོར་བའི་གནས་འདི་སྡུག་བསྔལ་ཅན་ཡིན་པ་ཤེས་ནས། དེ་ལས་ཐར་འདོད་བཅོས་མིན་ཡོད་པའི་ངེས་པར་འབྱུང་བའི་བློ་སྐྱེས་པའི་མཐུ་དེ་ཡིས། བསམ་པས་ཅི་བྱ་བསམ་ཚད་འཁྲུལ་བའི་རྒྱུ། །བསམ་དོན་ཐོག་ཏུ་མི་ཁེལ་ཚུལ་ལ་ལྟོས། །འབྱོར་བས་ཅི་བྱ་ལོངས་སྤྱོད་ཞེན་པའི་བློ། །བསགས་ཚད་ཤུལ་དུ་ལུས་པའི་ཚུལ་ལ་ལྟོས། །ཞེས་གསུངས་པ་ལྟར། གང་ཡང་དགོས་མེད་ཞེན་ལོག་གི་དབང་གིས། རྡོ་རྗེའི་བླ་མ་དོན་ལྡན་མིག་བཞིན་བསྟེན། །ཅེས་པས། གསང་སྔགས་རྡོ་རྗེ་ཐེག་པའི་སྨིན་བྱེད་དབང་དང་གྲོལ་བྱེད་ཁྲིད་ཀྱི་རིམ་པ་སྟོན་པའི་བཀའ་དྲིན་ཅན་འབྲེལ་ཚད་དོན་དང་ལྡན་པ་དད་དང་གུས་པ་ཆེན་པོས་རང་གི་མིག་བཞིན་དུ་བཀུར་ཏེ། ཅི་གསུང་བཀའ་བསྒྲུབ་ཟབ་མོའི་ཉམས་ལེན་ལ། །ཞེས་པས་བླ་མ་བརྟགས་ནས་བསྟེན་ཚར་རྗེས། ན་རོ་པས་ཏེ་ལོ་པ་བསྟེན་པ་ལྟ་བུའམ་མི་ལ་རས་པས་མར་པ་བསྟེན་པ་ལྟར་ཅི་གསུང་གི་བཀའ་བསྒྲུབ། ཁྱད་པར་དུ་ཟབ་མོའི་ཆོས་ཀྱི་དོན་རྣམས་སྒོ་གསུམ་བརྩོན་པ་ཆེན་པོས་ཐང་ལྷོད་མེད་པར་ཉམས་སུ་ལེན་པ་ལ། ལྟེམ་རྐྱང་མེད་པའི་སྒྲུབ་ཚུགས་ཞེ་རུས་ཀྱིས། །ཞེས་པས། ལྟེམ་རྐྱང་ཞེས་པ་དལ་ཁོམ་རེས་འཇོག་ལ་གསུངས་ཏེ། མཚམས་རེར་ཉིན་མཚན་བར་མེད་དུ་བརྩོན་འགྲུས་རྩོམ་པ་ལྟ་བུ་དང་མཚམས་རེར་ཡང་བསྐྱུར་འཇོག་པ་སོགས་དེ་འདྲ་ཆ་མ་སྙོམ་པ་མིན་པར་སྒྲུབ་པ་བསྲན་ཚུགས་པ། དངོས་གནས་དམ་བཅའ་ཞིག་བྱས་ཚར་རྗེས་རྐྱེན་གང་གིས་ཀྱང་དམ་བཅའ་དེ་ལས་བཟློག་པའམ་བསྒྱུར་མི་ཐུབ་པར་ཞེ་སྙིང་ཁུང་རུས་པའི་གཏིང་ནས་འགྱུར་བ་མེད་པ། ཕྱི་དྲེད་མོང་རུས་པས་ལྕགས་ཐུབ་ཅེས་པ་ལྟ་བུའི་སྙིང་རུས་ཀྱིས། ཐུགས་རྒྱུད་དགོངས་པའི་བྱིན་རླབས་འཕོ་བར་ཤོག །ཅེས་པས་བླ་མའི་ཐུགས་རྒྱུད་ཀྱི་དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ཟབ་མོ་དགོངས་པའི་བྱིན་རླབས་སེམས་ལ་འཕོ་བར་ཤོག་ཅེས་གསུངས། ཡང་། སྣང་སྲིད་འཁོར་འདས་ཡེ་ནས་འོག་མིན་ཞིང་། །ལྷ་སྔགས་ཆོས་སྐུར་དག་རྫོགས་སྨིན་པའི་འབྲས། །སྤང་བླང་བྱ་རྩོལ་མེད་པའི་རྫོགས་པ་ཆེ། །ཤེས་ཉམས་ཡིད་དཔྱོད་ལས་འདས་རིག་པའི་གདངས། །ཆོས་ཉིད་མངོན་སུམ་རྗེན་པར་མཐོང་བར་ཤོག །ཞེས་པས་སྣང་སྲིད་འཁོར་འདས་ཡེ་ནས་འོག་མིན་ཞིང་། །ཞེས་སྣང་ཞིང་སྲིད་པའི་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་གནས་ཚུལ་ཡེ་ནས་དག་པ་འོག་མིན་ཆོས་དབྱིངས་ཀྱི་ཞིང་ཁམས་སུ་བལྟས་ཏེ། ལྷ་སྔགས་ཆོས་སྐུར་དག་རྫོགས་སྨིན་པའི་འབྲས། །ཞེས་པས་སྣང་ཞེན་ལྷ་སྐུར་རྫོགས། སྒྲ་གྲགས་སྔགས་སུ་དག དྲན་རྟོག་ཆོས་སྐུར་སྨིན་པའི་དག་རྫོགས་སྨིན་གསུམ་མཐར་ཕྱིན་པའི་འབྲས་བུ་ནི། སྤང་བླང་བྱ་རྩོལ་མེད་པའི་རྫོགས་པ་ཆེ། །ཞེས་པས་སྤང་བྱའི་ཡུལ་ཐམས་ཅད་སྐྱེ་མེད་དུ་དག་སོང་བས། བླང་བྱ་གཉེན་པོའི་བློ་ཡང་གཏད་སོ་དང་བྲལ་ཏེ་བྱ་བྱེད་ཀྱི་རྩོལ་སྒྲུབ་ལས་འདས་ཤིང་སྨྲ་བསམ་བརྗོད་པ་ཀུན་དང་བྲལ་བའི་བརྗོད་དུ་མེད་པའི་རིག་སྟོང་མཐའ་བྲལ་གྱི་རྫོགས་པ་ཆེན་པོ། ཤེས་ཉམས་ཡིད་དཔྱོད་ལས་འདས་རིག་པའི་གདངས། །ཞེས་པས་ཤེས་ཉམས་བློ་ཡི་འཛིན་པ་ཡིད་དཔྱོད་ཀྱི་ལྟ་སྒོམ་དམིགས་པ་དང་བཅས་པ་ལས་འདས་སོང་བའི་རང་བྱུང་རིག་པའི་རང་གདངས། ཆོས་ཉིད་མངོན་སུམ་རྗེན་པར་མཐོང་བར་ཤོག །ཅེས་པས་འདི་ནས་སྣང་བཞིའི་གྲོལ་ཚད་དང་བསྟུན་ནས་གསུངས་པས། དེ་ལྟ་བུའི་རིག་པའི་རང་གདངས་སྣང་བཞིའི་དང་པོ་ཆོས་ཉིད་ཟབ་མོའི་དོན་མངོན་སུམ་དུ་མཐོང་བའི་ཚད་ནི། དཔེའི་ཡེ་ཤེས་མངོན་དུ་གྱུར་པ་ཆོས་ཉིད་མངོན་སུམ་ལ་འཇོག་པ་ཡིན་ན་དེ་ཉིད་རྗེན་པར་མཐོང་བར་ཤོག་ཅེས་སོ། །མཚན་མའི་རྟོག་པ་རྣམ་གྲོལ་འཇའ་ཟེར་སྦུབས། །སྐུ་དང་ཐིག་ལེའི་ཉམས་སྣང་གོང་དུ་འཕེལ། །རིག་རྩལ་ལོངས་སྐུའི་ཞིང་ཁམས་ཚད་ལ་ཕེབས། །ཆོས་ཟད་བློ་འདས་ཆེན་པོར་སངས་རྒྱས་ནས། །གཞོན་ནུ་བུམ་སྐུར་གཏན་སྲིད་ཟིན་པར་ཤོག །ཅེས་གསུངས་ཏེ། དེ་ཡང་མཚན་མའི་རྟོག་པ་རྣམ་གྲོལ་འཇའ་ཟེར་སྦུབས། །སྐུ་དང་ཐིག་ལེའི་ཉམས་སྣང་གོང་དུ་འཕེལ། །ཞེས་པས་མཚན་མའི་རྟོག་པ་ལས་རྣམ་པར་གྲོལ་བའི་འཇའ་ཟེར་གྱི་སྦུབས་སུ་སྐུ་དང་ཐིག་ལེའི་ཉམས་ཀྱི་སྣང་བ་གོང་དུ་འཕེལ་བ་ནི་ཉམས་གོང་འཕེལ་དང་རིག་རྩལ་ལོངས་སྐུའི་ཞིང་ཁམས་ཚད་ལ་ཕེབས། །ཞེས་པས་རིག་རྩལ་ཡོངས་སུ་རྫོགས་ཏེ་རང་སྣང་ལོངས་སྐུའི་ཞིང་ཁམས་ལམ་སྣང་དུ་ཚད་ལ་ཕེབས་པ་དེ་ནི་རིག་པ་ཚད་ཕེབས་ཡིན་ལ། ཆོས་ཟད་བློ་འདས་ཆེན་པོར་སངས་རྒྱས་ནས། །ཞེས་པས་ཆོས་ཅན་གྱི་སྣང་བ་ཐམས་ཅད་ཆོས་ཉིད་སྐྱེ་བ་མེད་པའི་ཀློང་དུ་ཟད་ནས་རྟོག་དཔྱོད་བློ་ལས་འདས་པའི་མཐའ་བྲལ་ཡིད་དཔྱོད་དང་བྲལ་བ་དེ་ཉིད་ཆོས་ཉིད་ཟད་པའི་སར་འཁྱོལ་བ་ཡིན་ནོ། །གཞོན་ནུ་བུམ་སྐུར་གཏན་སྲིད་ཟིན་པར་ཤོག །ཅེས་པས་གཞོན་ནུ་བུམ་སྐུ་ཞེས་པ་སྔ་འགྱུར་བའི་ཐུན་མོང་མ་ཡིན་པའི་ཆོས་སྐད་ཅིག་ཡིན་ཏེ། སྐྱེ་འཆི་བགྲེས་རྒུད་དང་བྲལ་བས་གཞོན་ནུ་ཞེས་པ་དང་། ཕྱི་གསལ་གྱི་ཚུལ་དུ་མི་མངོན་པར་གཏིང་གསལ་གྱི་ཚུལ་དུ་གནས་པའམ་ནང་གསལ་ཕྲ་བའི་ཡེ་ཤེས་ཡིན་པའི་ཆ་ནས་དོན་དམ་ཆོས་ཀྱི་སྐུའི་ཐ་སྙད་སྦྱར་ནས་བུམ་སྐུ་ཞེས་གསུངས། དེ་ལྟ་བུའི་གཞོན་ནུ་སྐྱེ་འཇིག་དང་བྲལ་བ་གློ་བུར་བྲལ་དག་བུམ་སྐུའི་གནས་ལུགས་མངོན་དུ་གྱུར་ནས་གཏན་སྲིད་ཟིན་པར་ཤོག་ཅེས་གསུངས་པས་དེ་ཡན་ཆད་ཚེ་འདི་དང་སྦྱར་ནས་གསུངས་པའི་སྨོན་ལམ་ཡིན་ནོ།།

གཉིས་པ་བར་དོར་གྲོལ་བའི་སྨོན་ལམ།

དེ་ནས་བར་དོར་གྲོལ་བའི་སྨོན་ལམ་ནི། ཤིན་ཏུ་རྣལ་འབྱོར་ཉམས་འོག་མ་ཆུད་དེ། །རགས་ལུས་དྭངས་མའི་དབྱིངས་སུ་མ་གྲོལ་ན། །ནམ་ཞིག་ཚེ་ཡི་འདུ་བྱེད་བསྟུངས་བའི་ཚེ། །འཆི་བ་འོད་གསལ་ཀ་དག་ཆོས་སྐུར་ཤར། །བར་དོའི་སྣང་ཆ་ལོངས་སྤྱོད་རྫོགས་སྐུར་གྲོལ། །ཁྲེགས་ཆོད་ཐོད་རྒལ་ལམ་གྱི་རྩལ་རྫོགས་ནས། །མ་པང་བུ་འཇུག་ལྟ་བུར་གྲོལ་བར་ཤོག །ཅེས་གསུངས་ཏེ། ཤིན་ཏུ་རྣལ་འབྱོར་ཉམས་འོག་མ་ཆུད་དེ། །ཞེས་པས་ཤིན་ཏུ་རྣལ་འབྱོར་ཞེས་པ་ཨ་ཏི་རྫོགས་པ་ཆེན་པོ་ལ་གསུངས་པས། དེ་ལྟ་བུའི་རྫོགས་ཆེན་དོན་གྱི་གནས་ལུགས་ཉམས་འོག་ཏུ་མ་ཆུད་པའམ་ཉམས་ལེན་ཚད་དུ་མ་ཕྱིན་པས། རགས་ལུས་དྭངས་མའི་དབྱིངས་སུ་མ་གྲོལ་ན། །ཞེས་པས་འབྱུང་བཞི་འདུས་པའི་རྣམ་སྨིན་གྱི་ཕུང་པོ་རགས་གཟུགས་སུ་གྲུབ་པའི་ལུས་འདི་ཉིད་ཤིན་ཏུ་ཕྲ་བ་དྭངས་མའི་ལུས་སུ་གྱུར་ཏེ། ཁྲེགས་ཆོད་བསྒོམས་སྟོབས་ཀྱིས་རྡུལ་ཕྲན་དུ་དེངས་རྒྱུ་དང་ཐོད་རྒལ་བསྒོམ་སྟོབས་ཀྱིས་འཕོ་ཆེན་གྱི་སྐུར་བཞེངས་ནས་འོད་ལུས་སུ་ཚེ་འདིར་གྲོལ་མ་ཐུབ་ན། ནམ་ཞིག་ཚེ་ཡི་འདུ་བྱེད་བསྟུངས་བའི་ཚེ། །ཞེས་པས་དུས་ནམ་ཞིག་འཆི་བའི་དུས་སུ་བབས་ནས་ཚེ་ཡི་འདུ་བྱེད་བསྟུངས་ཏེ་འཆི་བའི་ཚེ་ན། འཆི་བ་འོད་གསལ་ཀ་དག་ཆོས་སྐུར་ཤར། །ཞེས་པས་འཆི་བ་དང་པོར་གཞིའི་འོད་གསལ་ཀ་དག་ནམ་མཁའ་སྤྲིན་བྲལ་ལྟ་བུའི་སྣང་བ་ཤར་དུས། སྐུ་གསུམ་ཞིང་སྦྱོང་ལས། གསལ་ལ་མ་འགགས་སྟོན་གྱི་ནམ་མཁའ་བཞིན། །སྟོང་གསལ་སྒྲིབ་གཡོག་བྲལ་བའི་ངང་ལ་གནས། །དེ་ཚེ་ད་ལྟའི་ཀ་དག་བློ་བྲལ་དབྱིངས། །ཐ་མལ་ཤེས་པ་ཟངས་ཀ་རྒྱ་ཡན་ལ། །ངེས་པ་རྙེད་དེ་མཉམ་པར་བཞག་པའི་མཐུས། །གདོད་མའི་གཞི་དབྱིངས་ནང་གསལ་གསང་བའི་སྦུབས། །ཁྱད་ཆོས་དྲུག་ལྡན་ཀུན་བཟང་དགོངས་པའི་ཀློང་། །སྐད་ཅིག་ཉིད་ལ་བཙན་པ་ཟིན་པར་ཤོག །ཅེས་གསུངས་པ་ལྟ་བུའི་སྐབས་དེར་གྲོལ་བར་ཤོག་ཅེས་གསུངས་པས། སྐབས་དེར་གྲོལ་ན་ཚེ་འདིར་གྲོལ་བར་བརྩིའོ། །ཡང་དེ་ལས། གལ་ཏེ་བར་དོ་དང་པོར་མ་གྲོལ་ན། དབྱིངས་སྣང་ལྷུན་གྲུབ་འོད་གསལ་ལ་ཐིམ་ནས། །སྒྲ་འོད་ཟེར་དང་ཚོམ་བུའི་དཀྱིལ་འཁོར་སོགས། །ཐིམ་ལུགས་བརྒྱད་ཀྱི་སྣང་བ་འཆར་བའི་ཚེ། །ཞེས་པ་ལ་སོགས་པའི་བསྟན་དོན། བར་དོའི་སྣང་ཆ་ལོངས་སྤྱོད་རྫོགས་སྐུར་གྲོལ། ཅེས་པས་བསྟན་ཏེ། ཆོས་ཉིད་བར་དོའི་སྣང་ཆ་མཐའ་དག་རང་སྣང་དུ་ངོ་ཤེས་ནས་ལོངས་སྤྱོད་རྫོགས་སྐུར་གྲོལ་བར་ཤོག་ཅེས་གསུངས། ཁྲེགས་ཆོད་ཐོད་རྒལ་ལམ་གྱི་རྩལ་རྫོགས་ནས། །མ་པང་བུ་འཇུག་ལྟ་བུར་གྲོལ་བར་ཤོག །ཅེས་པས་ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་ཟབ་མོར་ཉམས་ལེན་བྱས་པའི་ལམ་གྱི་རྩལ་རྫོགས་ནས་མ་པང་དུ་བུ་འཇུག་པ་ལྟ་བུའི་གཉིས་མེད་ཀྱི་ཚུལ་དུ་གྲོལ་བར་ཤོག་ཅེས་གསུངས། དེའི་ཤུགས་བསྟན་ཏུ་དངོས་གཞིའི་ཉམས་ལེན་སྐབས་སུ་འཆར་ལུགས་དྲུག་དང་སྒོ་གཉིས་ལ་སོགས་པའི་ལྷུན་གྲུབ་སྒོ་བརྒྱད་ཀྱི་སྣང་བ་ལ་སོགས་པ་འདིའི་ཞོར་ལ་གོ་རྒྱུ་ཅན་ཡིན་པ་རེད། དེའི་བར་དོར་གྲོལ་བ་ལ་འཆི་ཁ་བར་དོ་དང་ཆོས་ཉིད་བར་དོར་སྦྱར་བ་དེ་སོང་ནས།

གསུམ་པ་ཕྱི་མར་གྲོལ་བའི་སྨོན་ལམ།

འདི་ནས་སྲིད་པ་བར་དོར་ཁ་བརྒྱུད་དེ་ཕྱི་མའི་སྲིད་པ་ཉེ་བར་ལེན་པ་ལ་ཅི་ལྟར་དབུགས་འབྱིན་ཐོབ་ཚུལ་གསུངས་པ་ནི། གསང་ཆེན་འོད་གསལ་ཐེག་པ་མཆོག་གི་རྩེ། །སངས་རྒྱས་གཞན་ནས་མི་འཚོལ་ཆོས་སྐུའི་ཞལ། །མངོན་གྱུར་གདོད་མའི་ས་ལ་མ་གྲོལ་ན། །མ་བསྒོམ་སངས་རྒྱས་ཆོས་ལྔའི་ལམ་མཆོག་ལ། །བརྟེན་ནས་རང་བཞིན་སྤྲུལ་པའི་ཞིང་ལྔ་དང་། །ཁྱད་པར་པདྨ་འོད་ཀྱི་ཕོ་བྲང་དུ། །རིག་འཛིན་རྒྱ་མཚོའི་གཙོ་མཆོག་ཨོ་རྒྱན་རྗེས། །གསང་ཆེན་ཆོས་ཀྱི་དགའ་སྟོན་འགྱེད་པའི་སར། །སྲས་ཀྱི་ཐུ་བོར་སྐྱེས་ནས་དབུགས་དབྱུང་སྟེ། །མཐའ་ཡས་འགྲོ་བའི་ཉེར་འཚོར་བདག་འགྱུར་ཤོག །ཅེས་གསུངས་ཏེ། དེ་ཡང་གསང་ཆེན་འོད་གསལ་ཐེག་པ་མཆོག་གི་རྩེ། །ཞེས་པས་གསང་ཆེན་འོད་གསལ་རྡོ་རྗེ་སྙིང་པོའི་ཐེག་པ་མཆོག་གི་རྩེ་མོར་གྱུར་པ། སངས་རྒྱས་གཞན་ནས་མི་འཚོལ་ཆོས་སྐུའི་ཞལ། །མངོན་གྱུར་གདོད་མའི་ས་ལ་མ་གྲོལ་ན། །ཞེས་པས་སངས་རྒྱས་གཞན་ནས་འཚོལ་མི་དགོས་པར་རང་གནས་ཀྱི་ཆོས་སྐུའི་རང་ཞལ་མངོན་དུ་གྱུར་ཏེ། གདོད་མའི་གནས་ལུགས་ཀུན་བཟང་གི་ས་དེ་ཉིད་བགྲོད་མ་ཐུབ་སྟེ་མ་བགྲོད་ན། མ་བསྒོམ་སངས་རྒྱས་ཆོས་ལྔའི་ལམ་མཆོག་ལ། །བརྟེན་ནས་རང་བཞིན་སྤྲུལ་པའི་ཞིང་ལྔ་དང་། །ཅེས་པས་མ་བསྒོམས་པར་ཡང་སངས་རྒྱས་པའི་ཆོས་ལྔ་ཞེས་དེ་གང་ཡིན་ན་མཐོང་གྲོལ། ཐོས་གྲོལ། མྱོང་གྲོལ་སོགས་དང་དྲན་པས་གྲོལ་བ་འཕོ་བ་ཡིན་པས་ཡུལ་དང་གནས་ལ་འཇུག་པའི་གདམས་པ་ལ་སོགས་པའི་ལམ་བཟང་ལ་བརྟེན་ནས་རང་བཞིན་སྤྲུལ་བའི་ཞིང་ཁམས་ཤར་ཕྱོགས་མངོན་པར་དགའ་བ། ལྷོ་ཕྱོགས་དཔལ་དང་ལྡན་པ། ནུབ་ཕྱོགས་པདྨ་བརྩེགས་པ། བྱང་ཕྱོགས་ལས་རབ་གྲུབ་པ། དབུས་ཕྱོགས་མེ་རི་འབར་བ་སྟེ་རྣམ་གྲོལ་དབུགས་ཆེན་འབྱིན་པའི་ཞིང་ཁམས་ལྔ་དང་། ཁྱད་པར་པདྨ་འོད་ཀྱི་ཕོ་བྲང་དུ། །ཞེས་པས་ཁྱད་པར་དུ་ཟངས་མདོག་དཔལ་གྱི་རི་བོ་རིག་འཛིན་འདུས་པའི་ཞིང་ཁམས་པདྨ་འོད་ཀྱི་ཕོ་བྲང་དུ། རིག་འཛིན་རྒྱ་མཚོའི་གཙོ་མཆོག་ཨོ་རྒྱན་རྗེས། །ཞེས་པས་རིག་འཛིན་འདུས་པ་རྒྱ་མཚོའི་ཚོགས་ཀྱི་གཙོ་བོར་གྱུར་པ་ཨོ་རྒྱན་ཆོས་ཀྱི་རྗེས། གསང་ཆེན་ཆོས་ཀྱི་དགའ་སྟོན་འགྱེད་པའི་སར། །ཞེས་པས་གསང་ཆེན་གསང་བ་ཟབ་མོ་གསང་སྔགས་རྡོ་རྗེ་ཐེག་པའི་སྨིན་གྲོལ་ཆོས་ཀྱི་དགའ་སྟོན་ལས་ཅན་ཡོངས་ལ་འགྱེད་པའི་ས་དེར། སྲས་ཀྱི་ཐུ་བོར་སྐྱེས་ནས་དབུགས་དབྱུང་སྟེ། །མཐའ་ཡས་འགྲོ་བའི་ཉེར་འཚོར་བདག་འགྱུར་ཤོག །ཅེས་པས་ཨོ་རྒྱན་ཆེན་པོའི་ཐུགས་སྲས་ཀྱི་ཐུ་བོ་སློབ་མའི་གཙོ་བོར་སྐྱེས་ནས། ལས་ཉོན་སྡུག་བསྔལ་མཐའ་དག་ལས་དབུགས་དབྱུང་སྟེ་རང་དོན་མཐའ་རུ་ཕྱིན། གཞན་དོན་མཐའ་ཡས་ཁམས་གསུམ་འགྲོ་བའི་མངོན་མཐོ་ངེས་ལེགས་ཀྱི་ཉེར་འཚོའི་བདག་ཉིད་དམ་དཔལ་དུ་འགྱུར་བར་ཤོག་ཅེས་དེ་ལྟར་འདི་དང་བར་དོ་ཕྱི་མའི་སྨོན་དོན་བདེ་བླག་ཏུ་འགྲུབ་པ་ལ། རིག་འཛིན་རྒྱལ་བ་རྒྱ་མཚོའི་བྱིན་རླབས་དང་། །ཆོས་དབྱིངས་བསམ་མི་ཁྱབ་པའི་བདེན་པ་ཡིས། །དལ་འབྱོར་རྟེན་ལ་རྫོགས་སྨིན་སྦྱང་གསུམ་གྱི། །རྟེན་འབྲེལ་མངོན་གྱུར་སངས་རྒྱས་ཐོབ་པར་ཤོག །ཅེས་གསུངས་ཏེ། རིག་འཛིན་རྒྱལ་བ་རྒྱ་མཚོའི་བྱིན་རླབས་དང་། །ཆོས་དབྱིངས་བསམ་མི་ཁྱབ་པའི་བདེན་པ་ཡིས། །ཞེས་པས་རིག་འཛིན་རྒྱལ་བ་རྒྱ་མཚོའི་བྱིན་རླབས་དང་ནི་ཆོས་ཀྱི་དབྱིངས་བསམ་མི་ཁྱབ་པའི་བདེན་པ་ཆེན་པོའི་མཐུ་ཡིས། དལ་འབྱོར་རྟེན་ལ་རྫོགས་སྨིན་སྦྱང་གསུམ་གྱིས། །རྟེན་འབྲེལ་མངོན་གྱུར་སངས་རྒྱས་ཐོབ་པར་ཤོག ཅེས་པས་དལ་འབྱོར་གྱི་ལུས་རྟེན་འདིའི་ཐོག་ལ་རྫོགས་སྨིན་སྦྱང་གསུམ་ཞེས། དེ་གསུམ་གང་ཞེ་ན། བདེ་བར་གཤེགས་པའི་ཡོན་ཏན་གྱི་ཆོས་མཐའ་དག་ཡོངས་སུ་རྫོགས། གདུལ་བྱའི་སེམས་ཅན་ཐམས་ཅད་སྨིན། སངས་རྒྱས་ཀྱི་ཞིང་ཁམས་ཡོངས་སུ་སྦྱང་བ་དང་གསུམ་གྱིས། རྟེན་ཅིང་འབྲེལ་འབྱུང་ཟབ་མོའི་དོན་མངོན་དུ་གྱུར་ཏེ་དོན་གཉིས་མཐར་ཕྱིན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ཤོག ཅེས་གསུངས་པ་ཡིན་པས་དེ་ལྟ་བུའི་ཚིག་དོན་ཟུང་དུ་འབྲེལ་བས་ཁ་ཞེ་མེད་པར་སྙིང་ནས་མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་འདེབས་དགོས་པ་ཡིན་ནོ།།

༣༽ དབང་བཞི་ལེན་པ།

དེ་ནས་དངོས་གྲུབ་ཞུ་བའི་དབང་བཞི་ལེན་པ་ལ་ཐུག་པས་སྐབས་འདིར། རྒྱལ་བ་ཀུན་འདུས་རྗེ་བཙུན་བླ་མ་མཁྱེན་ནོ། །འཁོར་བ་དོང་ནས་སྤྲུག་པར་བྱིན་གྱིས་རློབས་ཤིག །ཅེས་པ་ཚར་གསུམ་འདོན་རྒྱུ་ནི་བརྒྱུད་པ་འདིའི་ཕྱག་སྲོལ་ཡིན་པས། དེ་ལྟར་གདུང་བ་དྲག་པོས་དམིགས་ཀྱིས་བཀར་ནས་བླ་མ་དང་དབྱེར་མེད་པའི་མཚོ་སྐྱེས་རྡོ་རྗེར་གསོལ་བ་བཏབ་རྐྱེན་གྱིས་བདག་ཉིད་ལ་བརྩེ་བས་རྗེས་སུ་དགོངས་པར་བསམ་བཞིན་ལམ་དབང་ལེན་དགོས། དེ་ཡང་སྤྱིར་དབང་ཞེས་པ་འདི་ལ། གཞི་དབང་། ལམ་དབང་། འབྲས་བུའི་དབང་དང་གསུམ་ཡོད་ན། སྐབས་འདིར་གསུངས་པ་ནི་ལམ་དབང་ཡིན་ལ། དེ་ལ་ཡང་ནང་གསེས་ཕྱེ་ན། ལམ་གྱི་གཞི་དབང་། ལམ་གྱི་ལམ་དབང་། ལམ་གྱི་འབྲས་དབང་རྣམས་ཡོད་པ་ལས་འདི་ལམ་གྱི་ལམ་དབང་ལ་བརྩི་རྒྱུ་ཡིན། རང་གིས་བདག་འཇུག་བླངས་པའི་ཚུལ་རེད་ལ་སྔགས་ཀྱི་གསོ་སྦྱོང་ཡང་ཡིན་ནོ།།

དེ་ནས་གུ་རུའི་སྨིན་མཚམས་ནས་ཨོཾ་ཡིག་ཆུ་ཤེལ་ལྟ་བུའི་འོད་འཚེར་བ་ལས་ཞེས། འོད་ཟེར་དེ་ཟླ་འོད་འཕྲོས་པ་ལྟ་བུ་རང་གི་སྤྱི་བོ་ནས་མར་ཞུགས། དག་བྱ་དེ་ལུས་ཀྱི་ལས་སྲོག་གཅོད་ལ་སོགས་པ་གསུམ་དང་། ལུས་སྐྱེད་བྱེད་རྩ་ཡིན་པས་ན་རྩ་ཡི་སྒྲིབ་པ་དག །རྡོ་རྗེ་གསུམ་གྱི་ནང་ནས་སྐུ་རྡོ་རྗེའི་བྱིན་རླབས་རང་ལ་ཞུགས། དབང་བཞི་ལས་བུམ་པའི་དབང་ཐོབ། དབང་དོན་གྱི་ཡེ་ཤེས་རྟོག་ཚོགས་སྒྱུ་འཕྲུལ་དྲྭ་བར་དག སྣང་སྟོང་གི་ཡེ་ཤེས་རྒྱུད་ལ་སྐྱེས། སྣང་གྲགས་རིག་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོར་གྲོལ། བསྐྱེད་རིམ་གྱི་སྒོམ་པའི་སྣོད་དུ་གྱུར་ཅེས་པ་ལམ་བསྐྱེད་རིམ་སྒོམ་པ་ལ་དབང་ཐོབ་ནས་དེའི་སྣོད་དུ་གྱུར། འབྲས་བུ་རིག་འཛིན་བཞིའི་ནང་ནས་རྣམ་སྨིན་རིག་འཛིན་གྱི་ས་བོན་རང་རྒྱུད་ལ་ཐེབས། སྤྲུལ་སྐུའི་གོ་འཕང་ཐོབ་པའི་སྐལ་བ་རྒྱུད་ལ་བཞག་ཅེས་པས། མཐར་ཐུག་སྐུ་བཞི་ལས་སྤྲུལ་སྐུའི་གོ་འཕང་ཐོབ་པའི་སྐལ་བ་རྒྱུད་ལ་བཞག་ཅེས་སོ། །མགྲིན་པ་ནས་ཞེས་པས། ཡང་གུ་རུའི་མགྲིན་པ་ནས་ཨཱཿཡིག་པདྨ་ར་གཱ་ལྟར་འབར་བ་ལས་འོད་ཟེར་གློག་དམར་ལྟ་བུ་ཞིག་འཕྲོས་ཏེ་རང་གི་མགྲིན་པ་ནས་ཞུགས། ངག་གི་ལས་རྫུན་ལ་སོགས་པ་བཞི་དང་། ངག་འཕེལ་བྱེད་རླུང་ཡིན་པས་རླུང་གི་སྒྲིབ་པ་དག གསུང་རྡོ་རྗེའི་བྱིན་རླབས་ཞུགས། གསང་བའི་དབང་ཐོབ། དབང་དོན་གསལ་སྟོང་གི་ཡེ་ཤེས་རྒྱུད་ལ་སྐྱེས། རླུང་འབྱུང་འཇུག་གནས་གསུམ་སྔགས་སུ་གྱུར་ནས་བཟླས་བརྗོད་ཀྱི་སྣོད་དུ་གྱུར། རིག་འཛིན་བཞི་ལས་ཚེ་དབང་རིག་འཛིན་གྱི་ས་བོན་རྒྱུད་ལ་ཐེབས། མཐར་ཐུག་ལོངས་སྤྱོད་རྫོགས་པའི་སྐུའི་གོ་འཕང་གི་སྐལ་བ་རྒྱུད་ལ་བཞག་པའོ། །ཡང་ཐུགས་ཀའི་ཧཱུྃ་ཡིག་ནམ་མཁའི་མདོག་ཅན་ལས་འོད་ཟེར་སྤོས་རིང་གི་དུད་པ་ལྟ་བུ་ཞིག་འཕྲོས་པར་གསུངས་པ་རང་གི་སྙིང་ག་ནས་ཞུགས། ཡིད་ཀྱི་ལས་བརྣབ་སེམས་ལ་སོགས་པ་གསུམ་དང་ཡིད་སྐྱེད་བྱེད་ཐིག་ལེ་ཡིན་པས་ཐིག་ལེའི་སྒྲིབ་པ་དག ཐུགས་རྡོ་རྗེའི་བྱིན་རླབས་ཞུགས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། དོན་གྱི་ཡེ་ཤེས་བདེ་སྟོང་གི་ཡེ་ཤེས་རྒྱུད་ལ་སྐྱེས། བདེ་སྟོང་ཙནྡྲ་ལིའི་སྣོད་དུ་གྱུར། རྟོག་ཚོགས་བདེ་སྟོང་གི་ངང་དུ་གྲོལ་ནས་ཕྱག་རྒྱའི་རིག་འཛིན་གྱི་ས་བོན་རྒྱུད་ལ་ཐེབས། མཐར་ཐུག་ཆོས་སྐུའི་གོ་འཕང་གི་སྐལ་བ་རྒྱུད་ལ་བཞག་ཅེས་གསུངས། སླར་ཡང་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་ཡིག་གཉིས་པ་ཞིག་སྐར་མདའ་འཕང་བ་བཞིན་དུ་ཆད། རང་སེམས་དང་ཐ་དད་མེད་པར་འདྲེས། ཀུན་གཞིའི་ལས་དང་ཞེས་པས། སྒོ་གསུམ་གྱི་རྟེན་གཞི་ནི་ཀུན་གཞིའི་ལས་ཀུན་གཞིའི་རྣམ་པར་ཤེས་པའི་སྒྲིབ་པ་དང་བཅས་པ། འཁོར་གསུམ་དུ་འཛིན་པ་ཤེས་སྒྲིབ་ཡིན་ན་དེ་དང་བྲལ་ཏེ་ཤེས་བྱའི་སྒྲིབ་པ་དག །ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཞུགས། ཚིག་གིས་མཚོན་པ་དོན་དམ་གྱི་དབང་ཐོབ། དབང་དོན་རང་བྱུང་གི་ཡེ་ཤེས་རྒྱུད་ལ་སྐྱེས། ཀ་དག་རྫོགས་པ་ཆེན་པོའི་སྣོད་དུ་གྱུར། སྒོ་གསུམ་ཐ་དད་དུ་འཛིན་པའི་རྟོག་པ་ཆོས་ཉིད་དུ་གྲོལ་ནས་ལྷུན་གྲུབ་རིག་འཛིན་གྱི་ས་བོན་ཐེབས། མཐར་ཐུག་གི་འབྲས་བུ་ངོ་བོ་ཉིད་སྐུའི་སྐལ་བ་རྒྱུད་ལ་བཞག་གོ། །ཞེས་གསུངས་པས་འདིའི་སྐབས་སུ་གུ་རུའི་སྐུ་གསུང་ཐུགས་དང་རང་གི་སྒོ་གསུམ་དུ་མ་རོ་གཅིག་ཏུ་འདྲེས་པའི་ངང་ལ་ལྟ་བའི་རང་མདངས་སྐྱོང་ཞིང་གསོལ་འདེབས་དང་བསྙེན་པ་ལ་འབད་དགོས་ཏེ། འདི་བླ་མ་ཆོས་སྐུའི་རང་ཞལ་ལ་བལྟ་བ་ཞེས་པ་ཡིན་པས་རང་གི་རྒྱུད་ལ་རྡོ་རྗེ་བཞིའི་ས་བོན་གདོད་ནས་འབྲེལ་ཞིང་གྲུབ་གྲུབ་ཁར་གནས་ཡོད་ན། དེ་ཉིད་རྡོ་རྗེ་སློབ་དཔོན་གྱིས་རིག་སད་པར་བྱ་བའི་ཆེད་དུ། དཀྱིལ་འཁོར་དུ་བཅུག་ནས་སྨིན་པར་བྱས་པ་ནི་གཞིའི་དབང་ཡིན་ལ། བླ་མའི་རྣལ་འབྱོར་གྱི་སྐབས་སུ་གཞན་རྐྱེན་ལ་མ་ལྟོས་པར་རང་ཉིད་ཀྱིས་དབང་བཞི་ལེན་པ་ལམ་དབང་ཡིན་པས། འདི་ལྟར་བླངས་པ་དེ་ལ་དག་རྫོགས་སྨིན་གསུམ་གྱི་ཡོན་ཏན་རྒྱ་མཚོའི་ས་བོན་ཐེབས་རྒྱུའི་གནད་ཆེ་བས་ལམ་དབང་དེ་དུས་རྒྱུན་དུ་ལེན་དགོས་ཤིང་བསྙེན་པའི་གྲངས་ཚད་ཀྱང་དེ་དང་བསྟུན་ནས་འགྲོ་ངེས་པ་བྱེད་རྒྱུ་ནི་ཕྱག་ལེན་ཡིན། མཐར་ཐུག་འབྲས་དུས་ཀྱི་སྐབས་སུ་ཡང་། འོད་ཟེར་ཆེན་པོའི་དབང་ཞེས་ཟབ་གསལ་གཉིས་མེད་ཀྱི་དབང་བསྐུར་ཐོབ་ནས་མངོན་པར་རྫོགས་པར་སངས་རྒྱས་རྒྱུ་དེ་འབྲས་བུའི་དབང་ཡིན་པ་དེ་ལྟ་བུའི་གོ་བའི་སྒོ་ནས།

བཞི་པ་ཐུན་བསྡུ་ཚུལ།

མཐར་ཐུན་བསྡུ་བའི་སྐབས་ལ་བབས་དུས། ནམ་ཚིག་ཚེ་ཡི་དུས་བྱས་ཚེ། །ལ་སོགས་པའི་གསོལ་འདེབས་རྒྱུད་སྐུལ་ཡང་བསྐྱར་ཚར་གཅིག་འདོན་པ་ནི་ཆོས་བརྒྱུད་འདིའི་ཕྱག་སྲོལ་ཡིན་པ་རེད། དེ་ཡང་། ནམ་ཞིག་ཚེ་ཡི་དུས་བྱས་ཚེ། །རང་སྣང་རྔ་ཡབ་དཔལ་རིའི་ཞིང་། །ཞེས་གསུངས་ཏེ། དུས་ནམ་ཞིག་འཆི་བའི་ཚེ་ཡི་དུས་བྱས་ཏེ་འཆི་བ་ཐོག་ཏུ་བབ་པའི་ཚེ་ན། རང་གི་སྣང་བ་ཐམས་ཅད་ལྷོ་ནུབ་རྔ་ཡབ་ཀྱི་གླིང་ཟངས་མདོག་དཔལ་རིའི་ཞིང་ཁམས། ཟུང་འཇུག་སྤྲུལ་པའི་ཞིང་ཁམས་སུ། །ཞེས་པས་སྣང་སྟོང་ཟུང་འཇུག་སྤྲུལ་པའི་ཞིང་ཁམས་ཀྱི་དབུས་སུ། གཞི་ལུས་རྡོ་རྗེ་རྣལ་འབྱོར་མ། །ཞེས་པས། རང་ཉིད་ཀྱི་གཞི་ལུས་རྡོ་རྗེ་རྣལ་འབྱོར་མར་གསལ་བ་དེ་ཉིད། གསལ་འཚེར་འོད་ཀྱི་གོང་བུ་རུ། །ཞེས་པས་ལུས་ཤ་ཁྲག་གདོས་བཅས་ཀྱི་ཕུང་པོ་མ་ཡིན་པར་གསལ་ཞིང་འཚེར་བའི་འོད་ཀྱི་གོང་བུ་རུ་གྱུར་ནས། རྗེ་བཙུན་ཆེན་པོ་པདྨ་འབྱུང་གནས་དང་། །དབྱེར་མེད་ཆེན་པོར་སངས་རྒྱས་ཏེ། །ཞེས་པས་རང་རིག་དབྱེར་མེད་བདེ་བ་ཆེན་པོར་སངས་རྒྱས་ཏེ། བདེ་དང་སྟོང་པའི་ཆོ་འཕྲུལ་གྱི། །ཞེས་པས་འགྱུར་བ་མེད་པའི་བདེ་བ་ཆེན་པོ་དང་རང་བཞིན་སྟོང་ཉིད་ཟུང་དུ་འཇུག་པའི་རང་རྩལ་ཆོ་འཕྲུལ་གྱི། ཡེ་ཤེས་ཆེན་པོའི་རོལ་པ་ལས། ཞེས་པས་མི་གནས་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཆེན་པོའི་རོལ་བ་དེ་ཉིད་ལས། ཁམས་གསུམ་སེམས་ཅན་མ་ལུས་པ། །འདྲེན་པའི་དེད་དཔོན་དམ་པ་རུ། །རྗེ་བཙུན་པདྨས་དབུགས་དབྱུང་གསོལ། །ཞེས་པས་ཁམས་གསུམ་སྲིད་པ་གསུམ་ན་གནས་པའི་འགྲོ་བ་སེམས་ཅན་གྱི་རིགས་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད། ཐར་པ་དང་རྣམ་མཁྱེན་གྱི་ས་ལ་འདྲེན་པའི་དེད་དཔོན་དམ་པ་མཆོག་གི་སྤྲུལ་པའི་སྐུར་རྗེ་བཙུན་ཆེན་པོ་པདྨ་འབྱུང་གནས་ཁྱེད་ཀྱིས་བདག་ནུས་མཐུ་དེ་ལྟ་བུ་དང་ལྡན་པའི་དབུགས་འབྱིན་གསལ་བར་གནང་ནས་དབུགས་འབྱིན་པར་མཛད་དུ་གསོལ། གསོལ་བ་སྙིང་གི་དཀྱིལ་ནས་འདེབས། །ཁ་ཙམ་ཚིག་ཙམ་མ་ཡིན་ནོ། །ཞེས་པས་གསོལ་བ་འདེབས་རྒྱུ་དེ་དད་པ་མེད་པའི་ཁ་ཟེར་ཙམ་ཞིག་མ་ཡིན་པར་དད་མོས་གདུང་བ་དྲག་པོས་སྙིང་གི་དཀྱིལ་ནས་གསོལ་བ་འདེབས་བ་ཡིན་པས། བྱིན་རླབས་ཐུགས་ཀྱི་ཀློང་ནས་སྩོལ། །བསམ་དོན་འགྲུབ་པར་མཛད་དུ་གསོལ། །ཞེས་པས་དེ་ལྟར་ཁ་ཙམ་ཚིག་ཙམ་མ་ཡིན་པར་གསོལ་བ་སྙིང་ནས་འདེབས་པ་ཡིན་ན། མཁྱེན་བརྩེ་ནུས་གསུམ་གྱི་བྱིན་རླབས་ཟག་མེད་ཐུགས་ཀྱི་ཀློང་ནས་སྩོལ་ལ། བསམ་པའི་དོན་ཀུན་ཆོས་མཐུན་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ་ཞེས་དེ་ལྟར་འདོན་སྒོམ་ཟུང་དུ་འཇུག་པས་ལམ་དབང་བླང་མཐར་ཞེས་པས། དེ་ལྟར་བརྗོད་ནས་མོས་གུས་དུང་དུང་བ་ཞིག་བྱས་པས། སླར་ཡང་བླ་མའི་ཐུགས་ཀ་ནས་འོད་ཟེར་དམར་པོ་དྲོད་ཚ་ལམ་གྱིས་འབར་བ་དང་བཅས་པ་ཞིག་ཝལ་གྱིས་ཐོན་ཅིང་བྱུང་བ། བདག་ཉིད་རྡོ་རྗེ་རྣལ་འབྱོར་མར་སྔོན་ནས་གསལ་བའི་སྙིང་གར་རེག་པ་ཙམ་གྱིས་དེ་ཡི་མོད་ལ་རང་ཉིད་འོད་དམར་གྱི་གོང་བུ་སྲན་མ་ཙམ་ཞིག་ཏུ་གྱུར་ནས་མེ་སྟག་ཡར་བ་བཞིན་ཐགས་སྒྲ་དང་བཅས་པས་ཞེས་གསུངས་ཡོད་པ། གུ་རུ་རིན་པོ་ཆེའི་ཐུགས་གར་ཐིམ་ཞིང་བསྡུས་པས་དབྱེར་མེད་རོ་གཅིག་ཏུ་འདྲེས་པར་གྱུར་པར་བསྒོམ་ཞིང་དམིགས་བསམ་བརྗོད་པ་དང་བྲལ་བའི་ངང་དུ་ཅི་གནས་སུ་མཉམ་པར་བཞག་གོ་ཞེས་གསུངས་པས་གསོལ་འདེབས་ལེའུ་བདུན་མར། འདི་ལྟར་མིག་གི་ཡུལ་དུ་སྣང་བ་ཡི། །ཕྱི་ནང་སྣོད་བཅུད་དངོས་པོ་ཐམས་ཅད་ཀུན། །སྣང་ཡང་བདག་འཛིན་མེད་པའི་ངང་ལ་བཞག །གཟུང་འཛིན་དག་པ་གསལ་སྟོང་ལྷ་ཡི་སྐུ། །འདོད་ཆགས་རང་གྲོལ་གྱི་བླ་མ་ལ་གསོལ་བ་འདེབས། །འདི་ལྟར་རྣ་བའི་ཡུལ་དུ་གྲགས་པ་ཡི། །སྙན་དང་མི་སྙན་འཛིན་པའི་སྒྲ་རྣམས་ཀུན། །གྲགས་སྟོང་བསམ་མནོ་བྲལ་བའི་ངང་ལ་ཞོག །གྲགས་སྟོང་སྐྱེ་འགག་མེད་པ་རྒྱལ་བའི་གསུང་། །གྲགས་སྟོང་རྒྱལ་བའི་གསུང་ལ་གསོལ་བ་འདེབས། །འདི་ལྟར་ཡིད་ཀྱི་ཡུལ་དུ་འགྱུ་བ་ཡི། །ཉོན་མོངས་དུག་ལྔའི་རྟོག་པ་ཅི་ཤར་ཡང་། །སྔོན་བསུ་རྗེས་དཔྱོད་བློ་ཡི་བཅོས་མི་གཞུག །འགྱུ་བ་རང་སར་བཞག་པས་ཆོས་སྐུར་གྲོལ། །རིག་པ་རང་གྲོལ་གྱི་བླ་མ་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་ཅིར་སྣང་ཆོས་ཉིད་གཅིག་གི་རོལ་བ་བླ་མའི་དགོངས་ཀློང་ལས་ནམ་ཡང་མི་འདའ་བར། སྣང་གྲགས་མཐོང་ཐོས་ཚོགས་དྲུག་གི་རོལ་བ་ཅི་ཞིག་ཤར་ཡང་། བློས་ཕར་ལ་མ་བཅོས་འཛིན་པས་ཚུར་ལ་མ་བསླད་པའི་གཟུང་འཛིན་བློ་འདས་ཆེན་པོའི་ངང་ལ་མ་གཡེངས་དྲན་པའི་སོ་བས་བསྐྱངས་ནས་ཆེད་དུ་མི་འཛིན་པར་འདུག་རྒྱུ་དེ་ལ་སྒོམ་རྒྱག་ཟེར་བ་ཡིན་ལ། བྱིང་རྒོད་འཕྲོ་འདུའི་རླུང་གིས་མི་གཡོ་བར་འདུག་པ་ཞི་གནས་དང་། རྙོག་བྲལ་སེམས་ཀྱི་གནས་པའི་དངས་ཆ་ཤར་རྒྱུ་དེ་ལ་ལྷག་མཐོང་སྟེ། དེ་ལྟ་བུའི་ཞི་ལྷག་ཟུང་དུ་འབྲེལ་བའི་བསམ་གཏན་ལ་མཉམ་པར་བཞག་པས། སྤྱིར་བཤད་ན་ལྟ་བས་གཞི་བཟུང་། སྒོམ་པས་ཉམས་སུ་བླངས། སྤྱོད་པས་བོག་དབྱུང་ནས་མཐར་ཐུག་གི་འབྲས་བུ་ལ་སྦྱོར་རྒྱུ་བོ་དེ་རྒྱུད་སྡེ་སྤྱི་ཁྱབ་ལ་ཡོངས་སུ་གྲགས་པ་ཞིག་ཡིན། འོན་ཀྱང་རང་བཞིན་རྫོགས་པ་ཆེན་པོའི་ལམ་ནས་ཟངས་ཐལ་རིག་སྟོང་གི་ལྟ་བ་བླ་མའི་ཐུགས་དང་གཉིས་སུ་མེད་པ་མོས་གུས་ཀྱིས་དྲངས་བའི་བྱིན་རྒྱུད་ཀྱི་རྟོགས་པ་ཁྱད་པར་ཅན་མངོན་སུམ་དུ་མཐོང་རྒྱུ་དེའི་ངོ་ལ་གནས་པ་དེ་ལ་སྒོམ་ཟེར་བ་ཡིན། དེ་ལྟ་བུའི་ལྟ་སྒོམ་གྱིས་ཟིན་པའི་སྤྱོད་པའི་ཆ་ཐམས་ཅད་ལ་བླང་དོར་འཛིན་ཞེན་དག་པ་དེ་སྤྱོད་པ་རེད། གཞི་ལྟ་བའི་ངོ་བོ་ཡེ་གྲོལ་ཆོས་ཉིད་དུ་གནས་པ་འབྲས་བུ་ཡིན་ན་མ་བཅོས་རང་བཞག་གི་ཆོས་ཉིད་གཅིག་གི་ཀློང་དུ་ལྟ་སྒོམ་སྤྱོད་འབྲས་ཐམས་ཅད་ཡེ་ཤེས་སུ་རོ་གཅིག་པ་དེ་འཁྲུལ་མེད་རྫོགས་ཆེན་གྱི་ལམ་བཟང་ཡིན་པ་རེད། སྐབས་འདིར་བླ་མའི་རྣལ་འབྱོར་བསྒོམ་ནས་དོན་བརྒྱུད་གྱི་དགོངས་པ་སེམས་ལ་འཕོ་དུས་གནས་ལུགས་ཀྱི་རང་ངོ་མཐོང་བ་ཡིན། དེ་མཐོང་བའི་རྟགས་ཅི་ཡོད་ཅེ་ན། སྒོམ་རྟགས་ཉོན་མོངས་མེད་པ་ཞེས་པས་རྟོགས་པ་ཁྱད་པར་ཅན་སྐྱེས་པའི་རྟགས་སུ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་དད་དང་ངེས་འབྱུང་ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་སྐྱེས་འོང་བ་ཡིན། རྟོགས་པ་ཁྱད་པར་ཅན་སྐྱེས་པ་དང་མཉམ་དུ་དཔེར་ན་ཉི་མ་ལ་འོད་ཟེར་ཡོད་པ་བཞིན་དུ་ཡོན་ཏན་དེ་ཚོ་རང་ཤུགས་ཀྱིས་འབྱུང་བ་ཡིན་ནོ། །དེ་ལས་ལྡང་ནས་ཞེས་གསུངས་པ་མཉམ་བཞག་དེ་ལས་ལངས་པའི་རྗེས་ཐོབ་ལ་སྣང་སྲིད་ཐམས་ཅད་བླ་མའི་རྣམ་རོལ་དུ་གསལ་ནས། དེའི་ངང་དེ་དང་མ་བྲལ་བར་བསྔོ་བ་དང་སྨོན་ལམ་ཁྱད་པར་ཅན་གྱི་རྒྱས་འདེབས་བྱེད་དགོས། མོས་གུས་དང་དམ་ཚིག་རྣམ་པར་དག་པས་འདི་ཡན་ཆད་ཀྱི་ལམ་མཐར་ཕྱིན་ན་དངོས་གཞི་ཟེར་བ་ཞིག་ལོགས་སུ་མ་བསྒོམ་ན་ཡང་། དངོས་གཞི་གཞན་ལ་མི་ལྟོས་པར་རྔ་ཡབ་དཔལ་གྱི་རི་བོར་དབུགས་དབྱུང་། དག་པའི་ཞིང་ཁམས་དེ་ནས་རིག་འཛིན་རྣམ་བཞིའི་ལམ་དེ་ཉི་ཟླའི་བགྲོད་པ་ལས་ཀྱང་མྱུར་བས་ཀུན་ཏུ་བཟང་པོའི་ས་ལ་ཕྱིན་པར་འགྱུར་ཞེས་སོ།།

ཐ་མར་དགེ་བ་མཇུག་གི་དོན།

དང་པོ་གཞུང་གི་མཇུག་དོན།

དེ་ཡན་ཆད་ཀྱིས་བར་དུ་དགེ་བ་གཞུང་གི་དོན་ཆ་ཚང་ཞིབ་རྒྱས་སུ་བཤད་ཚར་ནས། ད་ཐ་མར་དགེ་བ་མཇུག་གི་དོན་མཛད་བྱང་གི་སྔོན་དུ། འདི་ནས་བསྔོ་བ་དང་སྨོན་ལམ་ནག་འགྲོས་སུ་ཆོག་ཁྲིགས་མཛད་ཡོད་པ་འདི་རྣམས་ཕལ་ཆེར་མཆན་དཀྱུས་སུ་ཚུད་པ་དང་འདྲ་ཤས་ཆེ་ཞིང་། གང་ལྟར་དེང་སང་གི་འདོན་ལུགས་ཚང་མའི་ངག་ལ་ཡོད་པ་དེ་ཡིན་པས་དགོས་པ་རྒྱུ་མཚན་ཡོད་པའི་ཕྱག་བཞེས་ཡིན་རྒྱུ་རེད། བླ་མའི་རྣལ་འབྱོར་གྱི་རྗེས་སུ་ཟངས་མདོག་དཔལ་རིའི་སྨོན་ལམ་དང་སྙིང་ཐིག་གི་སྨོན་ལམ་སྤྱི། བདེན་ཚིག་གྲུབ་པའི་སྨོན་ལམ་སོགས་གང་ལྕོག་ཁམས་དང་ནུས་པ་དང་རང་རང་གི་གནས་དུས་སུ་བསྟུན་ནས་གསུང་རྒྱུ་དེ་བབ་འབྲེལ་ཆེ་བ་རེད། ནག་འགྲོས་ཀྱི་བསྔོ་སྨོན་དེ་དག་ནི། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་སོགས་སྙིང་གར་པདྨའི་གདན་བཞུགས་ལ། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་། །ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་དེ། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །བཅུ་པ་བསྔོ་བ་ནི། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་ཐོབ་པར་ཤོག །འགྲོ་ཀུན་དགེ་བ་ཇི་སྙེད་ཡོད་པ་དང་། །བྱས་དང་བྱེད་འགྱུར་དེ་བཞིན་བྱེད་པ་དག །བཟང་པོ་ཇི་བཞིན་དེ་འདྲའི་ས་དག་ལ། །ཀུན་ནས་ཀུན་ཀྱང་བཟང་པོ་རེད་གྱུར་ཅིག །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་སྟེ། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །བཅུ་གཅིག་པ་སྨོན་ལམ་ཁྱད་པར་བ་ནི། གང་དུ་སྐྱེས་པའི་སྐྱེ་བ་ཐམས་ཅད་དུ། །མཐོ་རིས་ཡོན་ཏན་བདུན་ལྡན་ཐོབ་པར་ཤོག །སྐྱེས་མ་ཐག་ཏུ་ཆོས་དང་འཕྲད་གྱུར་ཅིང་། །ཚུལ་བཞིན་བསྒྲུབ་པའི་རང་དབང་ཡོད་པར་ཤོག །དེ་ཡང་བླ་མ་དམ་པ་མཉེས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །ཆོས་རྟོགས་ནས་ནི་སྙིང་པོའི་དོན་བསྒྲུབ་སྟེ། །ཚེ་དེར་སྲིད་པའི་རྒྱ་མཚོ་བརྒལ་བར་ཤོག །སྲིད་པར་དམ་པའི་ཆོས་རབ་སྟོན་བྱེད་ཅིང་། །གཞན་ཕན་བསྒྲུབ་ལ་སྐྱོ་ངལ་མེད་པར་ཤོག །རླབས་ཆེན་གཞན་དོན་ཕྱོགས་རིས་མེད་པ་ཡིས། །ཐམས་ཅད་ཕྱམ་གཅིག་སངས་རྒྱས་ཐོབ་པར་ཤོག །ཅེས་གསུངས། དེ་ནས་མཇུག་དོན་མཛད་བྱང་ནི། ཅེས་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ངག་འདོན་ཁྲིགས་སུ་བསྡེབས་པ་རྣམ་མཁྱེན་ལམ་བཟང་འདི་ཉིད་རིག་འཛིན་འཇིགས་མེད་གླིང་པ་སོགས་དམ་པ་དུ་མའི་བཀའ་དྲིན་གྱིས་བསྐྱངས་ཤིང་དམ་ཚིག་ལ་མོས་པ་ཐོབ་པའི་སྔགས་ཀྱི་བཙུན་པ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་བྲིས་པའི་དགེ་བས་རྗེས་འཇུག་རྣམས་ཀྱིས་བླ་མ་སངས་རྒྱས་སུ་མཐོང་འབྲས་ཀྱིས་རང་རིག་ཀུན་ཏུ་བཟང་པོའི་རང་ཞལ་མངོན་དུ་གྱུར་ནས་འགྲོ་ཁམས་རྒྱ་མཚོ་ལ་ཕན་པ་རྒྱུན་ཆད་མེད་པའི་རྒྱུར་གྱུར་ཅིག། །།སརྦ་མངྒལཾ། དགེའོ། །ཅེས་སོ།།

གཉིས་པ་ཁྲིད་ཀྱི་མཇུག་དོན།

དེ་ཡན་ཆད་ཀྱིས་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་ཆོས་སྡེ་ལས་བྱུང་བའི་སྔོན་འགྲོའི་ངག་འདོན་ཁྲིགས་སུ་བསྡེབས་པ་རྣམ་མཁྱེན་ལམ་བཟང་གི་སྟེང་ནས་སྔོན་འགྲོའི་ཁྲིད་ཀ་ལག་ཁྲིད་ཀྱི་ཚུལ་དུ་བྱས་ནས་ཐེངས་གཅིག་ལ་འཆད་ཉན་གྲུབ་སོང་བ་རེད། དེས་ན་འདི་རྣ་ཅོས་གོ་ཚད་ཀྱི་སེམས་ཀྱི་དགའ་སྟོན། སྙིང་གི་བདུད་རྩི། མ་ཤེས་པའི་ལམ་སྟོན། མ་རིག་པའི་སྒྲོན་མེ་ཞིག་ཏུ་འགྱུར་རྒྱུའི་རེ་བ་དང་། ཐོག་མེད་ནས་ད་ལྟའི་བར་ལ་སྡུག་བསྔལ་ཤ་སྟག་གི་མནར་ནས་ངལ་ཞིང་དུབ་པའི་སེམས་དེ་ལ་མལ་ཞིག་བསོ་བའི་ངལ་སྟེགས་དང་། སྡུག་བསྔལ་ཐམས་ཅད་ཀྱི་འབྱུང་རྩ་མི་དགེ་སྡིག་ལས་དེ་སྒོ་གསུམ་གྱི་སྟེང་ནས་མྱོང་ཐབས་ལ་གཟབ་ཤེས་སྤྱད་དང་ཐམས་ཅད་ཀྱི་རྩ་བ་ཀུན་འབྱུང་མ་རིག་པའི་གདོན་ཆེན་སྲིད་པའི་རྩ་བ་བདག་འཛིན་གྱི་འཕྲུལ་འཁོར་འདིའི་གསང་ནད་ཀྱི་ཤུགས་དེ་ཅུང་ཟད་གཅོག་ཐུབ་པའི་ཆེད་དུ་དམིགས་ནས། ཚོགས་བསགས་ཐབས་སྒྲིབ་པ་སྦྱངས་ཐབས། ཚོགས་བསགས་སྒྲིབ་སྦྱང་ལ་བརྟེན་ནས་དོན་བརྒྱུད་རྟོགས་པའི་ཡེ་ཤེས་བཙན་ཐབས་སུ་འཕོ་ཐུབ་པའི་ཐོག་ནས། སེམས་ཅན་སངས་རྒྱས་སུ་འགྱུར་བའི་ཆོས་ཟབ་མོ་གནད་དུ་ཁེལ་བ་ཞིག་དང་རྒྱུད་ལ་འཕྲོད་པ་ཞིག་གང་གི་དགའ་བལྟས་ནས་ཆེད་དུ་བསལ་ཏེ་ཆོས་པ་གསར་རྙིང་ཚང་མའི་ཉམས་ལ་རན་པའི་འདུན་པ་དེ་ལ་གཏད་ནས་སྔོན་འགྲོའི་ངག་འདོན་འདི་ད་ལོ་བཤད་པ་རེད། དེ་ཡང་ང་ཚོ་ལ་མིང་གང་ལྟར་བཏགས་ཀྱང་། མི་འདྲ་མིན་གྱིས་ལྟ་ཚུལ་གང་ལྟར་བལྟས་རུང་། དབྱིབས་ཁ་དོག་ཅི་འདྲ་ཞིག་ཏུ་མཐོང་ཡང་། དོན་གྱི་སྟེང་ནས་སྟོན་པ་སངས་རྒྱས་ཀྱི་རྗེས་འཇུག་སོ་བྱང་སྔགས་གསུམ་གྱི་སྡོམ་པ་གནང་མཁན་ཞིག་ཡིན་ན། དམ་པའི་ཆོས་འཛིན་རྒྱུ་དང་དམ་པའི་ཆོས་ཀྱིས་སེམསཅན་ལ་ཕན་རེ་ཨེ་ཐོགས་བསམ་པ་ཉག་གཅིག་པོ་དེ་རེ་བའི་མཐིལ་ཡིན་པས། སངས་རྒྱས་ཀྱི་མཛད་པ་སེམས་ཅན་གྱི་དོན་ལས་གཞན་ཞིག་མེད་པས། ང་ཚོ་དེའི་རྗེས་སུ་འཇུག་མཁན་ཚོས་ཀྱང་ཐོག་ཏུ་བབ་པའི་ལས་ཁུར་དེ་ལ་གཟབ་རྒྱུ་བོ་དེ་ལ་རང་གཞན་འདི་ཕྱིའི་དོན་ཐམས་ཅད་འདུ་སྙམ་པ་ཡིན། འོན་ཀྱང་བྱ་བ་གང་བསྒྲུབ་ཀྱང་རྒྱུ་རྐྱེན་ཞིག་ཚོགས་དགོས་པས་རྟེན་ཅིང་འབྲེལ་འབྱུང་གི་ཚོགས་པ་ཞིག་ལ་མ་བརྟེན་ན་འདུས་བྱས་ཀྱི་ཆོས་གང་ཡིན་ཡང་འགྲུབ་མི་ཐུབ་ཏེ། ལག་པ་གཡས་གཡོན་གཉིས་ཀ་མ་འཛོམས་ན་ཐལ་མོ་སྦྱར་མི་ལོ་བ་དང་། རྔ་དང་དབྱུ་གུ་གཉིས་ཀ་དང་སྐྱེ་བོའི་ལག་པའི་རྩོལ་བ་དང་གསུམ་པོ་མ་འཛོམས་པར་རྔ་སྐད་གྲགས་ཐབས་མེད་པ་དེ་བཞིན་དུ། བླ་མས་ཆོས་བཤད། སློབ་མས་མོས་གུས་བྱས། དེའི་སྟེང་དུ་བརྩོན་འགྲུས་ཀྱི་ལྕག་གིས་མ་བསྐུལ་ན་ཆོས་བསྒྲུབ་པའི་གྲུབ་འབྲས་སློབ་མའི་རྒྱུད་ལ་འོང་དཀའ། ཀུན་རྫོབ་བདེན་པ་ཐབས་སུ་གྱུར་པའི་འདུས་བྱས་ཀྱི་དགེ་རྩ་ཚོགས་བསགས་སྒྲིབ་སྦྱང་ལ་བརྟེན་ནས། དོན་དམ་བདེན་པ་ཐབས་བྱུང་དུ་གྱུར་པའི་ཆོས་ཉིད་མ་བཅོས་པའི་གནས་ལུགས་ཀྱི་དོན་རྟོགས་ནས། བདེན་གཉིས་ཟུང་འཇུག་སྤྲོས་བྲལ་ནམ་མཁའ་ལྟ་བུའི་དགོངས་བརྒྱུད་ཀྱི་བྱིན་རླབས་འཕོ་ཐུབ་པ་དེ་ཡང་དེ་དང་གཅིག་པ་ཡིན། འདིར་ཡོད་ཚང་མ་ཆོས་པ་རེད་ཟེར་དགོས་ན་མཚན་ཉིད་ཚང་ས་ཅུང་ཟད་དཀོན་མོད། ཆོས་དད་པ་ཨེ་རེད་ཟེར་ན་རེད་ཟེར་དགོས། སྤྱིར་ན་ཆོས་ཟེར་བ་སྒྲ་ཙམ་གྱི་ཐོག་ནས་ནང་པ་ཡིན་པ་མཚོན་དཀའ་བ་རེད། ཕྱི་པའི་ཆོས་ལུགས་ཀྱང་འདྲ་དང་མི་འདྲ་མང་པོ་ཡོད་ན། དེང་སང་ཆོས་གཅིག་ལ་ཡང་མི་དད་པའི་མིས་འཛམ་གླིང་སྤྱི་ཡི་མི་གྲངས་ཀྱི་བརྒྱ་ཆ་མང་པོ་ཞིག་བཟུང་ཡོད་པ་མིན་མོད། ང་ཚོ་བོད་གངས་ཅན་གྱི་ཡུལ་དུ་སྐྱེས་པའི་མི་འདི་རྣམས་དཀོན་མཆོག་གསུམ་ལ་དད་པ་ཡོད་མཁན། ལས་རྒྱུ་འབྲས་ཁས་ལེན་མཁན་ཤ་སྟག་ཡིན་པའི་དབང་དུ་བཏང་སྟེ། ཆེ་ཆུང་རྒན་གཞོན་ཚང་མ་ནང་པ་རེད་ཆོག་རྒྱུ་ཅན་ཞིག་སྤྱིར་བཏང་གིས་ཡིན་པ་མ་ཟད། ཆོས་རའི་ནང་དུ་བསམ་བཞིན་ཆོས་ཞུ་རུ་འོང་བ་རྣམས་ནི་ནང་པའི་ཆོས་དད་པ་ཡིན་དགོས་རྒྱུ་ཅན་ཡིན་མོད། འོན་ཀྱང་དད་པ་དེ་ལ་རིགས་གཉིས་ཡོད་དེ། རྨོངས་ནས་དད་པ་ཞིག་དང་། རྒྱུ་མཚན་ཤེས་ནས་དད་པ་བཞག་མཁན་ཞིག་སྟེ་གཉིས་ཡོད། དེ་ཡང་རྨོངས་དད་ཟེར་རྒྱུའི་ཐ་སྙད་དེ་ལྷ་མེད་སྨྲ་བས་ཆོས་ལ་སྐུར་བ་འདེབས་བྱེད་ཀྱི་ཚིག་རྐྱང་པ་ཞིག་མ་རེད། གནད་རྒྱུ་མཚན་ཞིག་གཏན་ནས་མ་ཤེས་པའི་མིང་ལ་རྨོངས་དད་ཟེར་ཆོག་པ་རེད། གཞུང་ལུགས་གི་ནང་ན་ཡང་དབང་རྟུལ་དད་པའི་རྗེས་འབྲང་དང་། དབང་རྣོན་ཆོས་ཀྱི་རྗེས་འབྲང་ཞེས་གསུངས་ཡོད་པ། དཔེར་བཞག་ན་ཆུང་ས་ནས་ཇ་རྫ་ལུ་གང་སྐོལ་ས་ལ་བསམ་བློ་བཏང་ན། ཇ་འཐུང་ན་སྐོམ་པ་སེལ་བ་དེའི་ཆེད་ལ་དང་པོ་ཆུ་ལེན། དེ་ནས་མེ་འབུད། དེ་ནས་ཇ་བསྐོལ་ནས་བྱ་བ་དེའི་བརྒྱུད་རིམ་ཆ་ཚང་ན་དོན་ཞིག་འགྲུབ་པ་དང་། དེ་ལས་ཆེ་ཞིག་ལ་དཔེ་བླངས་ན་འབྲོག་པས་ཕྱུགས་འཚོས་ན། ཕྱུགས་བེའུ་ལུག་གི་འཕེལ་ཐོག །བཞོན་དཀར་པོའི་ཡོང་སྒོའི་ཆེད་དུ་རེད། དཔེ་དེ་བཞིན་མཚུངས་པར་རོང་པས་ཞིང་རྨོས་ན། དཔྱིད་ཀ་ས་བོན་ས་ལ་བཏབ་ན་སྟོན་ཀ་ལོ་ཏོག་ཚུར་བསྡུ་རྒྱུ་ཡོད་པའི་བྱ་བའི་ཐོག་མཐའ་བར་གསུམ་ཡོད་པ་འདྲ་ཞིག་གི ཆོས་བསྒྲུབ་རྒྱུ་དེ་ཡང་བྱ་བའི་ཐོག་མཐའ་བར་གསུམ་ཞིག་བརྒྱུད་དགོས་པ་རེད། ད་དུང་ཆོས་བསྒྲུབ་རྒྱུ་དེ་བྱ་བ་དེ་ཚོ་ལས་ཆེ་བ་ཡིན་པས། འཇིག་རྟེན་གྱི་སྟེང་ན་བྱ་བ་རླབས་ཆེན་ངོ་མ་དེ་དམ་པའི་ལྷ་ཆོས་རྣམ་དག་བསྒྲུབ་རྒྱུ་དེ་ཡིན་པ་རེད། འདི་སྲོག་ཆགས་དབུགས་ཐོག་ཚད་རང་གཞན་སེམས་ཅན་ཐམས་ཅད་ཀྱི་དོན་དང་འབྲེལ་ནས་བསྡད་ཡོད་པ་ཞིག་ཡིན། འོན་ཀྱང་ཆོས་བསྒྲུབ་མཁན་མང་རུང་གྲུབ་མཁན་དཀོན་པས་འདི་བསྒྲུབ་རྒྱུ་ལ། རྒྱུ་ཆེ་ཆུང་། ཐོབ་མཐོ་དམན་མེད་ཀྱང་། སྒྲུབ་སྟངས་ཤེས་མ་ཤེས་དང་ནི་བརྩོན་འགྲུས་སྙིང་རུས་ཆེ་ཆུང་གི་བཟང་ངན་ཁོ་ནས་ཁྱད་པར་ཤོར་བ་ཡོད། དེ་ཡིན་ན་ཁྱིམ་པ་ཕོ་མོས་གཞིས་འཁོར་བ་སྤང་ནས་ཉི་མ་སང་ཉིན་ནས་རི་འགོར་འགོས་ཅི་ཡང་མི་དགོས་ཏེ། བདག་འཛིན་ནང་ནས་མ་ཆོད། ངེས་འབྱུང་སྙིང་ནས་མ་སྐྱེས་ན། རི་མགོས་མ་ཚད་ཡང་མགོར་འགོས་སོང་ཡང་། དེར་སོང་བས་ཕན་པ་ཅི་ཡང་མེད་དོ། །བྱ་རི་དྭགས་ཚེ་གཅིག་ལ་རི་ན་ཡོད་པ་ལྟ་བུ་ཡིན་པས་དཔེར་ན། ང་ནད་ཀྱིས་ན་བས་མཐའི་རྒྱ་མཚོའི་ཕ་རོལ་ཏུ་བྲོས་འགྲོ་བ་ཡིན་ཞེ་ན། ནད་རང་གི་ཁོག་ན་ཡོད་པས་བྲོས་པས་ནང་དང་མི་འབྲལ། དེས་ན་རང་རྒྱུད་ལ་ཡོད་རྒྱུའི་ཉོན་མོངས་དུག་ལྔ་དུག་གསུམ་གྱིས་བསྐྱེད་པའི་ནད་ཡོད་པ་དེ་རྣམས་ཆོས་ཀྱི་སྨན་གྱིས་མགོ་ཞིག་གནོན་ཐབས་རང་གིས་རང་ལ་བྱེད་དགོས། ནམ་དང་ནམ་ཡང་རང་གི་མི་ཚེའི་རིང་ཐུང་ལ་ཚོད་རྩིས་རེ་རྒྱོབ། གལ་ཏེ་འཕྲལ་རྐྱེན་ཐོག་བབས་ཀྱིས་འཆི་བ་ད་ལྟ་བྱུང་ན་གདོང་ལེན་གྱི་ནུས་པ་ཅི་ཡོད། མེད་ན་ད་ཅི་བྱེད། མི་ཚེའི་བྱ་བའི་ཕྱོགས་སྡོམ་ཞིག་བྱོས་དང་། ད་སྔོན་ཚེ་སྟོད་ལ་ལས་པ་དེས་ཅི་ཞིག་འགྲུབ་འདུག ད་ཕན་ཆད་རྒྱུད་ལ་གང་གིས་དགའ་ཆེ་འདུག དུད་འགྲོ་སྒོ་ཁྱི་སྒོ་ཟོག་ལས་དྲག་ཙམ་ཞིག །སྤྱིར་མི་ཡིན་པ་དང་དེའི་ནང་ནས་ཆོས་པ་ཡིན་པའི་ཁྱད་ཆོས་རྣམ་དཔྱོད་ཀྱི་ཤེས་རབ་ཀྱི་རྩལ་ཞིག་འདོན་ཆེ་ཐུབ་ཆུང་ཐུབ་བྱེད་པའི་དུས་སུ་བབ་པ་ཡིན་པས། ང་ཚོ་མཉམ་དུ་འཛོམས་ནས་ཆོས་ཀྱི་གླེང་མོལ་བྱུང་བ་འདི། མི་ཚེའི་ནང་ནས་ཐེངས་རེ་ཐེངས་གཉིས་ཡིན་ལ། འོན་ཀྱང་བཤད་པའི་ནང་དོན་ཚིག་རེས་ཀྱང་མི་ཚེའི་འཚོ་བའི་ནང་གི་ཚེ་གཅིག་གི་སེམས་ཁམས་ཀྱི་སྨན། སྨན་དཀར་པོ་ཆིག་ཐུབ་ལྟ་བུ། ནད་བརྒྱ་འཇོམས་པའི་བདུད་རྩི་བྱས་ནས་བེད་སྤྱོད་གཏོང་ཆོག་སྟེ། དེ་རྒྱལ་བའི་གསུང་གི་ཕྲིན་ལས་རེད། དེ་ཡང་། མི་གཙང་འདམ་དུ་གསེར་གྱི་བུང་བ་དང་། །གཅན་གཟན་ཁྲོད་དུ་སེང་གེའི་རྒྱལ་པོ་སོགས། །གང་གིས་གང་འདུལ་དེ་ཡི་སྐད་དུ་སྟེ། །རྣམ་པ་ཐམས་ཅད་མཁྱེན་པའི་གསུང་ལས་བྱུང་། །ཞེས་གསུངས་པས། ལྗོན་ཤིང་དང་སིལ་སྙན་ལ་སོགས་པ་བེམ་པོའི་སྒྲ་ལས་ཆོས་སྟོན་པ་ཡིན་ན། དུས་ཀྱི་མཐའ་མར་གང་ཟག་མིའི་ངག་ནས་ཆོས་ཀྱི་ཚིག་དང་སྒྲ་འབྱུང་བ་དེ་རྒྱལ་བའི་འཕྲིན་ལས་ཅིའི་ཕྱིར་མིན། དངོས་གནས་བཤད་ན། ཆོས་བེད་སྤྱོད་དང་ལག་ལེན་བྱེད་ས་གྲོང་དང་འདུ་འཛི་སོགས་ཆགས་སྡང་འཕེལ་ས་ངོ་མ་དེ་ད་དུང་ལེགས་པ་ཡིན་ཏེ། མཚོན་ཆ་དང་གོ་ཁྲབ་དགྲ་ལ་ཐུག་དུས་བེད་སྤྱོད་དགོས་པ་བཞིན་ཡིན་པས་དགྲ་ལ་ཐུག་དུས་ལག་ཆ་ཤུལ་དུ་ལུས་འགྲོ་བ་ཞིག་ཡིན་ན་དེ་ལ་ཅང་མེད་པ་ཡིན། དེ་བཞིན་ཆོས་གོ་བ་དེ་རང་ཉིད་ཀྱི་འཚོ་བ་དངོས་ཀྱི་སྟེང་ནས། བསམ་པ་སྤྱོད་པ་རེ་རེ་དང་ཐོ་གཏུག་ནས་ཉོན་མོངས་ཆགས་སྡང་རྨོངས་གསུམ་གྱི་ནད་ཀྱི་གཞན་དབང་དུ་ཤོར་གྲབ་བྱེད་དུས་དེ་དུས་ཆོས་ཀྱི་སྨན་གྱི་བེད་སྤྱོད་མ་ཤེས་ན། ཕྲེང་བ་སྟོང་བྱུག་རྒྱུ་ནག་བརྡ་བརྡ་བྱས་པ་དོན་མེད་རེད་སོང་བ་ཡིན། འཇིག་རྟེན་གཏམ་གྱི་དཔེ་ལ། བརྒྱག་པས་ཆོས་དྲན་ཟེར་མོད། ང་ཚོ་ལྟ་བུ་ཞིག་ཡིན་ན། བརྒྱག་དུས་སྐྱིད་དུས་ཆོས་མི་དྲན་པ་འདྲ་ཞིག་རེད། འདུ་འཛི་རྣམ་གཡེང་གི་ངང་དུ་ཤོར་ནས་ད་དུང་དེས་སྡུག་པ་འདྲ་སྙམ། སྡུག་ན་ཆོས་དྲན་པ་ཡིན་ཏེ། འཁོར་བའི་སྡུག་བསྔལ་ལ་ངེས་འབྱུང་ཞེས་པ། དམུས་པ་སུན་པ་གཉིས་ཀ་མཉམ་དུ་བསྡོམ་པས་དེའི་སྐབས་ཆོས་མ་གཏོགས་རེ་ས་སྐྱབས་གནས་ཞིག་མེད་པས། བྱ་འདབ་ཆགས་དུ་བས་བདུག་ན་འཕུར་འདོད་སྐྱེས་པ་ཨ་ན་མ་ན་ཡིན་ནི་རེད། མདོར་ན་ཚེ་འདི་ཕྱི་གཉིས་ཀ་ལ་འདི་བདེ་ཕྱི་སྐྱིད་བསམ་མཁན་ཞིག་གིས་བསམ་པ་བཟང་པོ་དང་མ་བྲལ་བ་དགོས། དེ་ཡང་ཆགས་སྡང་རྨོངས་གསུམ་ལོས་ཡོད་སོ་སོའི་སྐྱེ་བོ་རེད། འཁོར་བའི་སེམས་ཅན་རེད། འོན་ཀྱང་ཉོན་མོངས་དྲག་པོ་སྐྱེས་པའི་སྐབས་ལ་དེའི་གཉེན་པོ་རང་རང་གི་བློ་སྟོབས་དང་བསྟུན་པ་རེ་རང་རང་གིས་བརྟེན་ནས་མགོ་ནོན་ཐབས་སུ། བླ་མ་དཀོན་མཆོག་ལ་གསོལ་བ་བཏབ་སྟེ་དུས་སྔ་ཕྱི་བར་གསུམ་གྱི་མཐའ་ལ་འདང་རེ་རྒྱོབ། ཉོན་མོངས་ཤུགས་དྲག་པའི་སྐབས་ལ་ཅི་སྡུག་ཀྱང་ལས་སྔ་བཅའ་སྔ་མ་བྱེད་དང་རྗེས་ནས་འགྱོད་པ་ཆུང་འོང་། སྤྱིར་ཡང་དོན་བྱ་བ་གང་བསྒྲུབ་ཀྱང་སྔར་བསམ་ཕྱི་འདང་གི་ཐོག་ནས་འགྱོད་མེད་རེ་བྱེད་དགོས་ཏེ། བསམ་བློ་སྔོན་ལ་བཏང་ན་མཁས་པ་ཡིན། འགྱོད་པ་རྗེས་ནས་སྐྱེས་ན་བླུན་པོ་ཡིན། ཞེས་པས་མངོན་ཤེས་མེད་པའི་མི་ཡིས་མ་འོངས་པའི་ཆག་འཆར་གཞི་ཚང་མ་མིག་གིས་བལྟས་པ་ལྟ་བུ་ཞིག་ལམ་ཐོག་ཏུ་མི་ཞོག་མོད། སྙིང་རྗེ་ཕན་སེམས་ཀྱི་ཐོག་ནས་སེམས་རྒྱུད་ཆོས་དང་འདྲེས་ཏེ་ཐར་བའི་ལམ་སྣེ་ངོ་མ་ཞིག་ཟིན་ཐབས་གྱིས་དང་། ཆག་དེ་ཡིས་ཞོག་ཡོད་ལ་བསླུ་བ་མེད། ཕྱིར་བལྟས་མི་དགོས་པས་དེའི་སྐོར་ཉི་མ་བརྒྱད་ལ་བཤད་པ་ཡིན་པས་དེ་ཚོ་ལ་རྗེས་དྲན་རེ་བྱས་ནས། དམ་པ་གོང་མའི་རྣམ་ཐར་དང་ཀུན་བཟང་བླ་མའི་ཞལ་ལུང་ཚོ་ལ་ལྟོས་དང་བླ་མ་དེ་ཚོ་ཞལ་དངོས་སུ་མཇལ་ནས་གསུང་གི་བདུད་རྩི་མྱོང་བ་དང་ཁྱད་པར་ཡོད་པ་མ་རེད། དེ་ནས་ཚང་མས་སེམས་དགའ་དགའ་སྐྱིད་སྐྱིད་གྱིས་ལ་རང་གནས་སུ་སོང་། གྲྭ་ཇོ་སེར་དགེ་འདུན་པ་ལ་མཚོན་ན། སངས་རྒྱས་བསྟན་པའི་གཞི་མ་རེད། བསླབ་པའི་གཞི་ལྔ་པོ་དེ་མིག་གི་འབྲས་བུ་བཞིན་དུ་སྲུང་དགོས། དུས་འདིར་སྟོན་པ་དང་བསྟན་པ་གཉིས་ཀའི་བདག་ཉིད་དེ་དམ་ཆོས་འདུལ་བ་ཡིན་ལ། དེའི་བརྗོད་བྱ་གང་ཡིན་ན་ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་ན་དེ་ཉིད་གང་ཟག་གི་རྒྱུད་ལ་བཞུགས། དེ་བཞུགས་པས་ཚུལ་གནས་ཐོས་དང་བསམ་ལྡན་པས་སྒོམ་པ་ལ་སྦྱོར་ན་ལམ་ལྷག་པའི་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་པོ་ཉམས་ལེན་ལ། མཛུབ་མོ་འཛུག་ཡུལ་སངས་རྒྱས་ཀྱི་བསྟན་པ་གང་ཟག་གི་རྒྱུད་ན་ཡོད་པས། མཚུངས་མེད་སྟོན་པ་དེ་ཡི་རྗེས་ཞུགས་ཏེ། །ཐུབ་པའི་ལེགས་གསུང་ཁྲིམས་ལས་མི་འགལ་བར། །ཚངས་སྤྱོད་ཡང་དག་སྡོམ་པའི་སྐལ་བ་ཅན། །གང་ཟག་དེ་ཡང་རྒྱལ་བའི་ཕྲིན་ལས་ཡིན། །ཞེས་གསུངས་པས། ཡོན་ཏན་ཀུན་གྱི་གཞི་རྟེན་ཚུལ་ཁྲིམས་གཙང་མ་ཞིག་རང་རྒྱུད་ལ་ཡོད་ན། གཞན་ཅི་ཡང་མེད་ཀྱང་འགྲོ་བ་ལྷ་དང་བཅས་པའི་མཆོད་གནས་རེད་ཡོད། སུ་མ་དགའ་ནས་ཇི་ལྟར་སྨད་རུང་མི་ཐུབ་སྟེ། ཆུ་མིག་རང་ཉིད་མ་སྐམ་ན། །ས་ཡིས་མནན་པས་ག་ལ་ཐུབ། །ཅེས་པ་ལྟར་སྨད་པས་མི་ཐུབ། དཔེར་ན། གསེར་ས་འོག་ན་ཡོད་ཀྱང་འོད་ནམ་མཁའ་ལ་ཁྱབ་ཡོང་བ་ཡིན་པས་མང་པོ་ཚོགས་པའི་ནང་ན་ཁྲིམས་ལྡན་མངོན་པར་འཕགས་པ་ཡིན་པས། ཚུལ་ཁྲིམས་ཡོད་ན་ཐོས་ཉུང་བློ་དམན་ཡང་། །ཏིང་འཛིན་ཤེས་རབ་བསྐྱེད་ལ་དཀའ་བ་མེད། །ཅེས་གསུངས་པ་ལྟར་ཡིན། ཚུལ་ཁྲིམས་མ་གཙང་ན་ཡོན་ཏན་གཞན་ཡོད་ཀྱང་ཁྲིམས་འཆལ་ཡིན་པ་རེད། ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་ཚུལ་ཁྲིམས་རྣམ་པར་དག་པ་ཡོད་དགོས། དེ་མ་དག་ན་དཔེར་ན་སྡོང་པོ་འགྱེལ་བའི་ལོ་འདབ་དེ་གནས་སྐབས་ལ་ལྟར་སྣང་ལེགས་ཀྱང་ཕན་ཐོགས་ཆེན་པོ་མེད་དེ། རྩ་བ་མེད་ལ་ལོ་མེད་འབྲས་བུ་མེད། །དེ་སླད་ལམ་གྱི་རྟེན་འབྲེལ་འགོ་ནས་སྒྲིགས། །ཞེས་གསུངས། ཁྱད་པར་དུ་དེང་སང་དོན་གྱི་བསྟན་པ་ཉམས་དམའ་ཉག་ཕྲ་བའི་སྐབས་སུ་བསླབ་པ་སྣ་གཅིག་ཉིན་ཞག་གཅིག་ལ་བསྲུང་བའི་ཕན་ཡོན་ཡང་བསམ་གྱིས་མི་ཁྱབ་སྟེ། ངས་ནམ་ཡང་ལུང་དྲངས་རྒྱུའི་མདོ་ཏིང་འཛིན་རྒྱལ་པོའི་ལུང་། བསྐལ་བ་གངྒའི་ཀླུང་གི་བྱེ་སྙེད་དུ། །དངས་བའི་སེམས་ཀྱིས་ཟས་དང་སྐོམ་རྣམས་དང་། །གདུགས་དང་བ་དན་མར་མེའི་ཕྲེང་བ་ཡིས། །སངས་རྒྱས་བྱེ་བ་ཁྲག་ཁྲིག་རིམ་གྲོ་བྱས། །གང་ཞིག་དམ་ཆོས་ཉམས་པར་འགྱུར་བ་དང་། །བདེ་གཤེགས་བསྟན་པ་འཇིག་པར་གྱུར་པའི་ཚེ། །ཉིན་ཞག་ཏུ་ནི་བསླབ་པ་གཅིག་འཛིན་པ། །བསོད་ནམས་དེ་ནི་དེ་བས་ཁྱད་པར་འཕགས། །ཞེས་གསུངས་པས། འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་མ་དགོས་རྩ་བཞི་ཆང་ལྔའི་ཉེས་ལྟུང་གིས་མ་གོས་པ་ཡང་དུས་འདིར་བསྲུང་དཀའ་བ་རེད། བསྲུང་ཇི་ལྟར་དཀའ་ཞེ་ན། དམ་པ་མིན་པས་ཤིན་ཏུ་བསྲུང་དཀའ་དང་། །དམ་པར་གྱུར་པས་ནན་གྱིས་སློབ་དགོས་པ། །བསླབ་པ་འགངས་སུ་ཆེ་བའི་རྟགས་ཡིན་པས། །རང་གི་རིན་ཆེན་ཆུད་ཟོས་མ་བྱེད་ཨང་། །ཞེས་འཇིགས་མེད་བསྟན་ཉིས་གསུངས་པ་ལྟར། ཁྲིམས་ལྡན་ཉིན་མོའི་སྐར་མ་བཞིན་དཀོན་པའི་དུས་འདིར། རེ་རེ་ཡོད་ཀྱང་རིན་ཐང་ལྷག་པར་ཆེ་བ་ཡིན་པས། རང་རྒྱུད་ལ་བཞུགས་པའི་སངས་རྒྱས་བསྟན་པ་རང་གིས་བྱི་དོར་བྱེད་རྒྱུ་དེ་གལ་ཆེ། ས་འདི་ནི་སྔ་འགྱུར་འདུལ་བསྟན་དར་བའི་བསྟན་པའི་ཆུ་འགོ་ཡིན་པས། སྔར་ནས་ད་ལྟའི་བར་ལ་ཆུ་འགོ་སྦུག་གཙང་མཐའ་ནས་མ་རྙོག་པ་ཡིན་ན། རིས་སུ་མ་ཆད་པའི་དགོན་སྡེ་སུ་དང་སུའི་གྲྭ་རིགས་ཡིན་ཡང་། གཙོ་བོ་ཁྲིམས་ཀྱི་བསླབ་པའི་རྩ་བ་བརྟན་དགོས་པ་ཡང་བཤད་མི་དགོས་པ་ཡིན་ཏེ། ཐར་བའི་གྲོང་ན་ཐུབ་པའི་རྗེས་འབྲང་སྟེ། །འགྲོ་བའི་མགོན་དུ་གཤེགས་ལ་དགའ་མིན་པར། །འཁོར་བའི་གྲོང་ན་ཁྱིམ་པའི་གཡོག་བགྱིད་པའི། །དམར་སེར་ཅན་དེ་བདུད་ཀྱིས་བསླུས་པ་ལགས། །ཞེས་གསུངས་པས། སྐུ་ཚེ་ཐོས་བསམ་སྒོམ་པ་ཁོ་ནས་འདའ་མ་ཐུབ་ན་ཡང་རང་ནུས་དང་བསྟུན་པའི་དགེ་སྦྱོར་རེ་ལ་འབད་རྒྱུ་མ་གཏོགས་ཁྱིམ་པའི་གཟའ་གཡོག་རེ་ལ་ཤོར་མི་ཉན། མི་སྐྱ་ཕོ་མོ་ཚོ་ཡིན་ན་ཡང་གཟའ་ཚང་ནང་མཐུན་བྱོས། མི་ཚེའི་གཤིབ་ཡུན་ཐུང་བ་རེད། གསོན་ཚེ་ལ་སྐྱིད་མེད་པས་ཤི་དུས་སྡུག་བསོག་པ་ནི་དོན་མེད་ཡིན། སྡེ་ཡུལ་བ་འདྲིས་བཟང་འགྲོགས་མཐུན་དགོས་ཏེ། ཡུལ་མི་ཐམས་ཅད་སྐྱིད་ཡ་སྡུག་རོགས་ཡིན། །ཁེ་ཕམ་རྒྱལ་ཁ་བརྩད་ཀྱང་དོན་སྒོ་ཆུང་། །འཐབ་རྩོད་ཉུང་ལ་ཕན་ཐོགས་མང་བ་གཅེས། །དེ་ལྟར་བྱས་ན་རང་སྐྱིད་རོགས་ཀྱང་སྐྱིད། །ཅེས་བླ་མ་མི་ཕམ་ཚང་གིས་གསུངས། སུ་ཡིན་ཡང་ཤི་རྒྱུ་མེད་པའི་ཡུན་རིང་གི་བློ་རྒྱ་མ་སྐྱེད། ཁྲི་ཐོག་དཔོན་དང་སྤྲང་པོ་དབྱུག་བཟུང་བར། །ཐམས་ཅད་རོ་སྐྱེལ་དོན་དུ་སྐྱེས་པ་བཞིན། །གཅིག་ཀྱང་མི་ལུས་ཕྱི་མའི་ལམ་འཇུག་ཀྱང་། །སྐྱོ་ཤས་མི་སྐྱེ་རྟག་འཛིན་རྒྱུད་ཀྱིས་བསླུས། །ཞེས་གསུངས་པ་ལྟར། མཐོ་ཁྲི་ཐོག་གི་དཔོན་པོ་མན་ཆད་དམའ་སྤྲང་པོ་དབྱུག་བཟུང་ཡན་ཆད་ཐམས་ཅད་འཇིག་རྟེན་འདིའི་ཐོག་ལ་རོ་སྐྱེལ་དུ་ཡོང་བ་འདྲ་ཞིག་རེད་ཅེས་གསུངས་པས་རོ་དུར་ཁྲོད་ཀྱི་ནང་དུ་འཕེན་པ་ནི། བྱ་བའི་མཇུག་སྡོམ་རྒྱག་བྱེད་ངོ་མ་མི་ཚེའི་མཐའ་མཇུག་གི་ལས་ཀ་ངོ་མ་བོ་དེ་རེད། ཚེ་གང་ལ་ལས་བྱས་པ་ལ་ནང་དོན་ཨེ་ཡོད་ལྟོས་དང་། མཐར་རོ་སྐྱེལ་རྒྱུའི་དོན་ཙམ་ཡིན། ཡུལ་སྡེ་བའི་ནང་དུ་ཡིན་ཡང་འདྲ། སྡེ་དགོན་པ་ཡུལ་ཁམས་ཆེ་ཆུང་གང་གི་ནང་ནས་ཡིན་རུང་། རང་ལས་ཡན་ཞིག་བྱུང་ན་དེ་ལ་ཕྲག་དོག་དང་ངན་སེམས་མ་བྱེད། བཟང་པོ་ཕྱུག་པོ་བྱུང་ན་རང་ཡུལ་གྱི་བསོད་ནམས་ཡིན་ལ་འགྲོ་བ་མིའི་རྒྱན་ཞིག་ཀྱང་ཡིན་པས། དེ་ལ་ཕྲག་དོག་བྱས་ནས་མེད་པ་བྱེད་ཀྱང་མི་ཐུབ་ལ། གལ་ཏེ་ཐུབ་ན་ཡང་རང་གཞན་གཉིས་ཀ་ལ་ཕམ་ཁ་འབྱུང་བ་མ་ཟད་རང་ཡུལ་བརླག་སྤྱད་རེད། རང་གི་མན་ན་ཡོད་པ་རྣམས་ལ་བརྙས་བཅོས་དང་དམན་སྡང་བྱེད་མི་ཉན། མི་ཚེ་གཅིག་ལ་སྐྱིད་སྡུག་མང་བས་སུས་སུ་ལ་རེ་དགོས་མི་ཤེས། དེ་མིན་ཡང་དམན་ལ་སྡང་བ་དེ་ཐ་ཤལ་གྱི་རྟགས་ཡིན། ནམ་ཡིན་ཡང་རང་རྒྱུད་ལ་རང་གིས་བརྟགས་ནས་རང་གིས་རང་ལམ་ལ་འཇོག་དགོས། དེ་ཡང་རང་སྐྱོན་རང་གིས་རིག་ཟེར་བ་དཀའ་བ་རེད། ཕྱིའི་མིའི་བཟང་ངན་ལྟ་མཁན་ལ་བསྐོས་པ་མིན། འཇིག་རྟེན་ཁམས་ན་སྡུག་པོ་ཅི་འདྲ་མེད། ནང་རང་རྒྱུད་ལ་བརྟགས་ནས་རང་གི་མི་ཚེ་རླུང་ལ་བསྐུར་ནས་བརླག་མ་ཤོར་དང་དེའི་ནང་དུ་ནང་དོན་ཚང་མ་འདུས་ནས་བསྡད་ཡོད། དེས་ན་དལ་རྟེན་རྙེད་པར་དཀའ་ལུགས། རྙེད་ན་ཕན་པ་ཆེ་ཚུལ། ཚེ་ལ་རྟག་པ་མེད་ལུགས། འཆི་བ་བཟློག་ཐབས་མེད་ཚུལ། ཤི་དུས་དམ་པའི་ལྷ་ཆོས་མ་གཏོགས་རེ་ས་སྐྱབས་གནས་གཞན་མེད་པ་དེ་ཚོ་ཞེ་ནས་མ་བོར་བར་བློ་སྣ་དེ་དམ་པའི་ཆོས་ཕྱོགས་ལ་གཏོད་དང་སྐྱིད་ཀྱི་ཉི་མ་རྫོགས་རྒྱུ་མེད་པ་ཞིག་ཤར་རྒྱུ་ཡོད་པ་རེད། དེས་ན་ཡུན་ཐུང་མི་ཚེའི་ཉི་མ་ཚེ་འདི་ལ་ཐམས་ཅད་པོ་དགའ་བཞིན་སྤྲོ་བཞིན་དམ་པའི་ཆོས་སྒྲུབས་དང་ཆོས་སྒྲུབ་འདོད་སུ་ལ་ཡོད་ཀྱང་ངས་མི་འགྲུབ་བསམ་ནས་དཔའ་ཞུམ་མི་དགོས། དཀོན་མཆོག་གསུམ་ལ་དད་པ་སྐད་ཅིག་མ་ཞིག་སྐྱེས། སྙིང་རྗེའི་ཏིལ་འབྲུ་ཙམ་ཞིག་བློ་ལ་ཤར་ན་དེ་ཆོས་རེད། མི་ཚེ་ཆོས་ལ་སྐྱོལ་དང་དྲིན་ཕ་མའི་དྲིན་ལན་གསོབ་པ་ཡིན། བུ་ཚ་རྒྱུད་ལ་བཞག་པ་བཟང་པོ་རེད། ཚེ་སྟོད་ལས་ཚེ་སྐེད་སྐྱིད། ཚེ་སྐེད་ལས་ཚེ་སྨད་སྐྱིད་པ་རེད། སྡུག་གི་མུན་པ་མཐའ་ནས་དྭངས་ཏེ་ཚེ་འདི་བས་ཕྱི་མ་སྐྱིད་པ། སྐྱིད་སུམ་འཛོམས་ཀྱི་ཉི་མ་ལ་རྒྱུ་མེད་པ་ཞིག་འཆར་རྒྱུ་ཡོད་པ་རེད། དེས་ན་སྐྱིད་ཟད་མེད་ཀྱི་ཉི་མ་ཞིག་འདིར་ཡོད་ཚང་མའི་མགོ་ལ་ཤར་རྒྱུའི་རྟེན་འབྲེལ་སྨོན་ལམ་གྱི་ཚིག་མཚམས་འདི་ནས་འདུས་པ་ཐམས་ཅད་འབྲལ་བའི་ཆོས་ཡིན་པས། ང་ཚོས་རེ་ཞིག་ཆོས་མཚམས་འདི་ནས་བཞག་སྟེ་རང་རང་ཁ་ཁ་སོ་སོར་གྱེས་རྒྱུ་ཡིན། །

དེས་ན་ཐེངས་འདིའི་བོད་ས་མོ་གླང་གི་གནམ་ལོ་འདིའི་ཆོས་ཁྲིད་དང་ཁྱད་པར་དུ་ཞིང་མཆོད་ཆེན་མོ་འདི་དང་འབྲེལ་བའི་ཞིང་བསྒྲུབ་ཀྱི་ཆོས་ཁྲིད་མཇུག་བསྔོ་བས་མཐའ་བརྒྱན་ནས་འགྲུབ་ལ་ཉེ་བའི་དུས་ཚིགས་ལ་སླེབ་པས། འདུས་བྱས་ཀྱི་ཆོས་ཐམས་ཅད་མི་རྟག་པ་ཡིན་ཏེ་མི་རྟག་མཐའ་བཞིས་བསྡུས་པ་ཞིག་ཡིན་པས། འདུས་པ་འབྲལ་བའི་ཆོས་ཅན་ཞིག་ཡིན་པ་འདི་ཡང་མི་རྟག་མཐའ་བཞིའི་ནང་གི་གཅིག་ཡིན་ཏེ་ཀུན་མཁྱེན་ཆོས་རྗེས། བཟང་པོའི་གནས་མལ་འདི་དང་དུས་རྟག་ཏུ། །མི་འབྲལ་འགྲོག་པར་འདོད་ཀྱང་འབྲལ་བར་ངེས། །གཟའ་ཚང་ཉེ་འབྲེལ་འདི་དང་དུས་རྟག་ཏུ། །མི་འབྲལ་འགྲོག་པར་འདོད་ཀྱང་འབྲལ་བར་ངེས། །བཟང་པོའི་བླ་མ་འདི་དང་དུས་རྟག་ཏུ། །མི་འབྲལ་ཆོས་ཉན་འདོད་ཀྱང་འབྲལ་བར་ངེས། །ཞེས་གསུངས་པས། བཟང་པོའི་བླ་མ་ཚོ་མ་རེད་མོད། གནའ་སྔོན་དམ་པ་གོང་མ་མཁས་གྲུབ་གཉིས་ལྡན་ཚོའི་ཞབས་པད་ཟིན། གསུང་གི་བདུད་རྩིས་བསྐྱངས་པའི་དེ་དུས་ཀྱི་སློབ་མ་ལོ་ན་ཆུང་ཤོས་ལྷག་སོང་བ་ཞིག་རེད། ཁྱད་པར་དུ་འཇིགས་བྲལ་བྱང་ཆུབ་རྡོ་རྗེས་གསུང་ཞལ་ཆེམས་ཀྱི་སྒོ་ནས་ཕྱིས་འབྱུང་བསྟན་པ་གཏད་རྒྱུའི་ཐུགས་རེ་ཆེན་པོ་གནང་སྟེ། ལྔ་བཅུ་ང་དགུའི་དུས་འགྱུར་གྱི་དུས། སང་དང་གནང་ལ་སྡེ་དགེའི་དོ་དམ་ཁང་དུ་དེད་རན་ཁར། མཁན་ཆེན་ཐུབ་བསྟན་སྙན་གྲགས་དང་ཡོངས་འཛིན་མཁན་རིན་པོ་ཆེ་བཅས་ཁོང་རྣམ་པ་གསུམ་པོས་ང་ལ་ཚེ་དབང་ལོ་གྲངས་ཤིག་སང་འགྲོ་གནང་འགྲོ་སང་འདེད་གནང་འདེད་ཀྱི་དུས་སུ་བསྐུར་ནས་སྐུ་ཚེའི་ལྷག་མ་ནས་བཟུང་སྟེ་ང་ལ་ཅིག་བསྟིམ་སོང་སྙམ་པ་ལྟ་བུ་ཞིག་ཡོད། ཡིན་ན་ཡང་བསྐལ་པ་དར་རྒུད་ཀྱི་འགྲེ་ལོག་དུས་འགྱུར་ཡུན་རིང་གི་ཁུག་སོ་ནས་སྐྱིད་སྡུག་མང་པོས་མི་ཚེའི་འགྲོ་ལམ་བརྒྱུད་པ་ཡིན་ན། དུས་ངན་སྙིགས་མ་ལྔ་བདོའི་སྐབས་དང་སྤྱིར་ཡང་ཆོས་ཟབ་ཙ་ན་ནག་པོའི་བདུད་ཟབ་པ་ཡིན་པས། གང་ན་བསྟན་པ་དམ་པའི་ཆོས་ངོ་མ་ཞིག་དར་གྲབ་བྱེད་བཞིན་ཡོད། སུས་རྒྱལ་བའི་བསྟན་པ་མི་ནུབ་པའི་སྲོག་ཅིག་འཛིན་གྲབ་བྱེད་ཀྱིན་ཡོད་ན། དེ་ལ་བདུད་ཀྱི་བར་ཆད་རྩོམ་དར་བ་ཡིན། ཡང་སྒོས་རྫོགས་ཆེན་ཚང་གི་བསྟན་པ་འདི་དར་སླ་བ་བར་ཆད་ཆེ་བ་གཉིས་ཀ་གཞན་གཅིག་དང་མི་འདྲ་བ་ཞིག་ཡིན་པ་འདི། ས་དང་གནས་ཀྱི་ས་དཔེ་ཞིག་གིས་ཡིན་ནམ། ཐོག་མའི་མཛད་པའི་རྟེན་འབྲེལ་འགྲིགས་ལུགས་ཤིག་གིས་ཡིན། གང་ལྟར་བསྟན་པ་དར་སླ་ལ་བདུད་ཀྱི་བར་ཆད་ཆེ་བ་དེ་འདྲའི་དམིགས་བསལ་བ་ཞིག་ཡིན། དེའི་སྟེང་དུ་དུས་སྐབས་ཤིག་གི་རིང་གཅེས་པའི་མི་མེད། བསོག་པའི་རྟེན་མེད། བརྩིག་པའི་མཁར་མེད་པའི་དུས་ཚོད་ཅིག་ལ་ཐུག་ན་དེ་ནི་ས་འདི་རྐྱང་པ་ཅང་མིན། བོད་གངས་ཅན་གྱི་ལྗོངས་ལ་ཆོས་བསྟན་པ་གང་ཟག་རེ་རེ་གཉིས་རེའི་རྒྱུད་ལ་ཅི་བཞུགས་ལྐོག་གྱུར་ཡིན་པས་དེ་སུས་མི་ཤེས་པ་དེ་མ་གཏོགས། ཆོས་སངས་རྒྱས་ཀྱི་བསྟན་པ་ནུབ་པའི་དུས་ཚོད་ཅིག་ཤར་མྱོང་བ་ཡིན། འཇིག་རྟེན་མི་ཟེར་བ་དེས་ཕྱི་ཞིག་དང་རྒྱང་ཞིག་ལ་རེ་བ་ཆེན་པོ་ཞིག་བཅངས་ནས། རང་གི་ནུས་པས་རྐང་མཐིལ་ས་ལ་བཙུག་པའི་འདང་དེ་མ་བརྒྱབ་པར། ས་ཡར་མར་གང་ལ་བལྟས་ཀྱང་བྱ་བའི་ལས་འགོ་དྲག་གསུམ་འཆུག་པའི་ཉམས་ཡོད་ན། ཆུ་ཆ་ཕྱེད་འབོག་ན། ཧ་ཆ་ཕྱེད་གོ་ནས། ཕོ་རང་ཤེས་རིག་པས་རང་སེམས་དང་། རྟ་གྱི་ལིང་ངར་མ་རང་ལྕག་བྱས་ནས། བྱ་རིག་པ་ཅན་གྱིས་ནམ་ཚོད་བཟུང་མཁན་ཁར་ཁེར་ཡིན། ང་རང་ཚོའི་ས་ཆ་འདི་ལ་མཚོན་ན་ལྷག་བསམ་མཁྱེན་རྒྱ་གཉིས་ལྡན་གྱི་མི་སྣ་རེ་རེ་གཉིས་རེ་ཡོད་པ་རྣམས་གཅིག་སོང་གཉིས་སོང་གིས་ལ་མོ་བརྒྱབ་ཐལ། འདས་བཞུགས་ཤི་གསོན་ཚང་མའི་རེ་འདུན་གྱི་ཐུགས་རེ་དེ་ཐང་ལ་ཤོར་མི་ཉན་པ་སྙིང་ལ་བཅངས་ནས་རྫོགས་ཆེན་ཚང་གི་བླ་སྤྲུལ་རྒན་པ་ད་བཞུགས་ཁོང་རྣམས་དབུ་ལ་བཞུགས་ས་ནས། ཆོས་བསྟན་པའི་བྱ་བཞག་གི་འགྲོ་ལམ་ནས། ཁ་གང་ལ་འཁོར་ཕྱོགས་ཀྱི་ལམ་སྣེ་རེ་སྒོས་ཁུར་གྱིས་ཕྲག་ཏུ་བླང་སྟེ་འཚོ་སར། ཡིད་ཐེངས་དགུ་ཆད་ན་ཐེངས་དགུ་མཐུད་དེ། ཡང་མཐའ་དགུ་བཅུ་གོ་གཅིག་ལ། དེ་རིང་ཁར་སང་གྲུབ་དབང་རྫོགས་ཆེན་ཚང་མདོ་ཁམས་སྨད་ཀྱི་སྔ་འགྱུར་རྙིང་མའི་བཤད་སྒྲུབ་ཀྱི་བསྟན་པའི་རྩ་བ། དམ་ཆོས་འདུལ་བའི་ཨ་མ་དེའི་བསྟན་པ་རང་ལམ་ལ་ཞོག་ཡོད་བསམ་བཞིན་ཡོད། འདིའི་གནས་ཚུལ་རྒྱུ་མཚན་བློ་ཤེས་རིག་ཁོག་ནས་བཀྲ་བ་ཚང་མས་ཨ་ས་ལེར་ཤེས་ཡོད་པ་དེར་མ་ཟད་བྱ་བ་ངོ་མས་ར་འཕྲོད་བཞིན་ཡོད་མོད། ཁ་ནས་གསལ་ཁ་བཏོད་མ་བཏོད་ལ་ཁྱད་ཡོད་དེ། སྔོན་དུ་བྱ་དཔེ་བྱེའུ་སྒྲུང་བཤད་པ་ལྟར་ཕ་ཝང་སྐྱི་ལེབ་ཀྱིས་ཕུག་རོན་གྱི་ཁ་ལ་རྩམ་པ་བཏབ་པས། ཕུག་རོན་གྱིས་ཀྱང་ཉི་མ་ཤར་བ་འདྲ་འདྲར་མཐོང་མོད་ཁ་ནས་ཟེར་དགོས་དུས་འུག་འུག་མ་གཏོགས་ཟེར་མ་བདེ་བ་དེ་ལྟ་བུའི་ལོ་རྒྱུས་ཡིན་ན། ད་སྔའི་བྱུང་བ་ཟེར་རྒྱུ་དེ་ལོ་རྒྱུས་དང་འབྲེལ་བའི་བྱུང་རབས་ཀྱི་རི་མོ་མི་ཚེའི་དུས་ཚོད་དང་འབྲེལ་ནས་མ་འོངས་ཕྱི་རབས་ཀྱི་མིའི་ལྟད་མོ་ལ་འགྱུར་གྱིན་ཡོད། མི་ཞིག་ཡིན་ན་མི་ཁོ་རང་གི་ལོ་གྲངས་ནམ་ཟླ་དང་བསྟུན་པའི་ལས་ལུགས་ཤིག་དང་། བླ་མ་ཞིག་ཡིན་ན་ཆོས་ཕྱོགས་ཀྱི་ཉམས་ལེན་དང་བསྟུན་པའི་མཛད་ཕྱོགས་ཤིག་ཡོད་དར་བ་ཡིན། ཆོས་བསྒྲུབ་དུས་མི་རྟག་རྒྱུད་ལ་སྐྱེ་དགོས་པ་ཡིན་པས་རྟག་འཛིན་ཕྱི་ཚིས་ཀྱི་རེ་དོགས་བྱེད་མི་ཉན་མོད། བསྟན་སྲིད་ཆེན་པོའི་ལ་རྒྱ་ལ་བསྟན་པ་མི་ཉམས་པར་ཡུན་དུ་གནས་པའི་འཆར་གཞི་ཞིག་དགོས་པ་ཡིན་ན། བསྟན་པ་དེ་ཡུན་གྱི་ཡུན་ལ་བཟུང་དགོས་ན། བྱུས་ཕ་བྱུས་བུ་ཡིས་བཟུང་རེས་དགོས། རྒྱན་ཕ་ཕྱུག་བུ་མོས་བཏགས་རེས་དགོས་པས། མི་རབས་གསར་པའི་ཕྱག་ལ་རྫོགས་ཆེན་ཚང་གི་བསྟན་ཆུས་འཕྲོད་ནས་བར་ཆད་བདུད་དབང་དུ་མ་ཤོར་ན་དགོན་ཡུལ་སྡེ་དང་བཅས་པ་སྐྱིད་པའི་དུས་རབས་ལ་སླེབ་ཡོད་སྙམ་བཞིན་ཡོད། རང་ལ་ཆོས་འཇིག་རྟེན་གཉིས་ཐད་ནས་མིག་ལྟོས་བྱེད་ས་ཞིག་མིན་ཡང་། འཇིག་རྟེན་འདིར་སྣང་གི་བྱ་བཞག་ཆོས་བརྒྱད་སྒྱུ་མའི་འཕྲུལ་འཁོར་འདི་ལ་ངེས་འབྱུང་སྐྱེས་པ་ཅི་ཨེ་ཡིན་ཡང་དམུས་སུན་སྐྱེས་པ་མ་ཡིན་ནམ་སྙམ་པས། དམ་པ་གོང་མས་གནང་བའི་གདམས་ཟབ་ཀྱི་བདུད་རྩི་དེ་ཞལ་ནས་སྙན་དུ་བརྒྱུད་པའི་གདམས་ཁྲིད་དེ་ཚོའི་བརྒྱུད་པ་རེ་སྤེལ། ཕ་ནོར་བུ་སྐལ་དུ་སྤྲད་པའི་སྐལ་བ་བཟང་པོའི་དུས་སྐབས་ལ་སླེབ་དུས་མི་མེད་དབེན་པའི་རི་ཁྲོད་དུ་གྲོགས་བྱ་དང་རི་དྭགས་བྱེད་པའི་འདུན་པ་བཅངས་ནས་མི་ལོ་གྲངས་ཀ་ཅན་སོང་བ་ཡིན་ན། ཡང་མཚམས་རེར་སྡེ་དམངས་སྐྱ་སེར་མེད་པར་འདི་ལྟར་ཆོས་ཀྱི་འབྲེལ་བ་རེ་བྱེད་རྒྱུ་བྱུང་བ་འདི་ཡང་རྒྱལ་བའི་ཕྲིན་ལས་ཤིག་ཡིན། ད་རེས་ཀྱི་སྐབས་འདིར་རང་ཅག་ཡུན་རིང་ལ་མཉམ་དུ་འཚོགས་ནས་ཆོས་དང་འབྲེལ་བའི་ཁ་བརྡ་མང་པོ་ཞིག་བྱུང་སོང་། མི་ཁྲི་སྟོང་མང་པོ་འདི་ལྟར་འཚོགས་ན་རྐྱེན་བར་ཆད་ཅུང་ཟད་ཙམ་ཡང་མ་བྱུང་བ་དེ། གཅིག་ན་ཆོས་ཀྱི་བྱིན་རླབས་དང་། གཉིས་ན་ཁྱེད་རྣམས་ཀྱི་ལྷག་བསམ་གྱི་སྟོབས་རེད། གསུམ་ནས་དམ་པ་གོང་མའི་ཐུགས་བསྐྱེད་ཀྱི་བདེན་མཐུ་ཡིན་རྒྱུ་རེད། འདི་བཞིན་དུ་དཀྱིལ་འཁོར་གཅིག་ཏུ་ཚོམ་བུ་གཅིག་ལ་འཚོགས་ན། ཕྱི་མ་དག་ཞིང་དུ་མཉམ་དུ་འཛོམ་རྒྱུའི་སྨོན་ལམ་དང་བཅས་ཏེ། ཚང་མ་ཚེ་རིང་ལོ་བརྒྱ། དཀོན་མཆོག་གསུམ་གྱིས་སྐྱོབས། ཞེས་པའི་ཚིག་མཚམས་ནས་དེ་རིང་གི་ཆོས་ཁྲིད་དེ་འདིར་མཚམས་འཇོག་པ་ཡིན། དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ། རང་ཅག་གིས་ད་རེས་ཀྱི་སྐབས་སུ་ཆོས་ཞུས་པ། ཐུན་བཅད་པ། སྐོར་བ་བྱས་པ། བརྐྱང་ཕྱག་བཞག་པ། ཕྱག་གི་གྲངས་བསོག་པ། ཤ་བཅད་པ། མཆོད་མེ་ཕུལ་བ། མཆོད་མེ་ལ་ཞལ་འདེབས་བྱས་པ། གསེར་ཆབ་གསོལ་བ། ཚེ་ཐར་སྲོག་བསླུ་བྱས་པ། དགེ་སྒྲུབ་སྡིག་སྤང་གི་ཁས་ལེན་འདྲ་མིན་བྱས་པ། དེ་འཕྲོ་ལྷ་ཁང་དང་གཙུག་ལག་ཁང་འདིའི་ནང་དང་ཕྱི། འཁོར་ཡུག་དང་བཅས་པ་ལ་གཙང་སྦྲ་རྡུལ་ཕྱགས་བྱས་པ། བསྔོ་ཡིག་དང་མིང་བརྗོད་ཞུས་པ། སེམས་བསྐྱེད་འབུམ་མཆོད་ཆེན་མོའི་བསྙེན་བཀུར་ལ་གུར་ཕུབ་རོགས། གདན་ཆས་རྒྱག་རོགས། ཚོད་མ་འཁྲུ་རོགས། གསོལ་ཞོ་གསོལ་འོ་བསྐྱལ་བ། ཁྱད་པར་དུ་ད་རེས་སྦྱིན་བདག་བྱས་པའི་རྫ་ཕྱུག་ཁྲི་དར་སྡེ་བའི་འགོའི་དཔོན་འོག་གི་སྡེ་ཚང་མས་ལྷག་བསམ་རྣམ་དག་གིས་ཚོགས་བསགས་མིག་ལྟོས་ཕེར་བ་བྱས་པ། གཞན་ཡང་རྟེན་རྩ་ཆེན་རྟེན་བཞེངས་བྱས་པ། མདོར་ན་ཆོས་ར་རྡོག་པས་བརྫིས་ཚད་ལ་རྗེས་སུ་ཡི་རང་དང་བཅས་པས་རང་གཞན་གྱིས་དུས་གསུམ་དུ་བསགས་པ་དང་ཡོད་པའི་དགེ་བའི་རྩ་བ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བསྡོམས་ནས། སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལུང་དང་རྟོགས་པའི་བདག་ཉིད། བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱི་སྒོ་ནས་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་སྔ་རབས་གཤེགས་པ་རྣམས་ཀྱི་དགོངས་པ་ཡོངས་སུ་རྫོགས། ད་ལྟར་བཞུགས་པ་རྣམས་ཀྱི་སྐུ་ཚེ་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་། བསླབ་པ་གསུམ་གྱི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཆར་ཆུ་དུས་སུ་འབེབས། ལོ་ཕྱུགས་རྟག་ཏུ་ལེགས། མི་ནད་དང་ཕྱུགས་ནད་འཁྲུག་རྩོད་ཐམས་ཅད་རྒྱུན་ཆད། བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་སྤྱོད་པའི་ཕྱིར་དང་། ཁྱད་པར་དུ་བདག་ཅག་རྣམས་ཀྱི་ཚེ་འདིའི་ཕ་མ་ཉེ་འབྲེལ་ལ་སོགས་བཟང་འབྲེལ་དང་ངན་འབྲེལ་ཐོག་པའི་ཚེ་ལས་འདས་པ་འདས་མ་འཛམ་གླིང་ས་གཞི་འདིའི་ཐོག་ནས། དམག་འཁྲུག་གིས་བསད་པ་ས་གཡོ་མེ་དགྲ་དང་མཚོ་འཕྱུར་ནས་ཤི་བ། ནད་ཡམ་གྱིས་ཤི་བ་ལ་སོགས་པའི་ཤི་བོ་ཆོས་མེད། ཆོས་ར་འདིའི་ནང་ལ་ལན་གྲངས་མང་པོར་ཆོས་ཞུས་ནས་འདུག་མྱོང་བའི་དད་པ་ཅན་ལ་སོགས་པའི་ཚེ་འདས། ལན་ཆགས་ཀྱི་བདག་པོ་བདག་མོ་རེ་ཞིང་ཆགས་པ། སྡང་བྱེད་ཀྱི་དགྲ། གནོད་བྱེད་ཀྱི་བགེགས། གཟུགས་ཅན་གྱི་མི། གཟུགས་མེད་ཀྱི་འདྲེ་ལ་སོགས་པས་གཙོ་བྱས་པའི་མཐའ་ཡས་པའི་སེམས་ཅན་ཐམས་ཅད་མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་། དེ་མ་ཐོབ་ཀྱི་བར་དུ་མཐོ་རིས་ཀྱི་ཡོན་ཏན་བདུན་དང་ལྡན་པའི་ལུས་རྟེན་ཁྱད་པར་ཅན་རྙེད་དེ་ཐེག་པ་ཆེན་པོའི་ཆོས་ལ་ཚུལ་བཞིན་དུ་སྤྱོད་པའི་སྐལ་བ་དང་ལྡན་པའི་ཕྱིར། རྗེ་བཙུན་འཇམ་དཔལ་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་འདུན་པ་བསྐྱེད་དེ་ཞལ་འདོན་མཉམ་དུ་གསུང་བར་ཞུ།

གསུམ་པ་བསྔོ་བ་སྨོན་ལམ།

བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད།།

ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་།།

སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུག་པ་ཡི།།

སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག།

འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་།།

ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ།།

དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཕྱིར།།

དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ།།

ཆོས་ཚུལ་འདི་ཡང་ཉི་ཟླའི་དཀྱིལ་འཁོར་བཞིན།།

ཕྱོགས་ཀྱི་མཐའ་གྲུ་ཀུན་ཏུ་ཁྱབ་པ་དང་།།

བློ་གྲོས་པདྨོ་རབ་ཏུ་རྒྱས་བྱེད་ཅིང་།།

སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག།

དཔལ་ལྡན་བླ་མའི་སྐུ་ཚེ་རབ་བརྟན་ཅིང་།།

བསྟན་པའི་སྦྱིན་བདག་མངའ་ཐང་དར་བ་ཡི།།

ཆོས་སྲིད་མི་ནུབ་ནོར་བུའི་རྒྱལ་མཚན་བསྒྲེངས།།

མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།

ཧྲཱིཿསྔོན་ཚེ་དེ་བཞིན་གཤེགས་པ་གཙུག་ཏོར་ཅན།།

འཕགས་པའི་ཡུལ་དུ་གྲུབ་ཆེན་ཀུ་ཀུ་རུ།།

ཁ་བ་ཅན་དུ་དཔལ་ལྡན་ཐང་པ་ཞེས།།

པདྨ་རིག་འཛིན་ཞབས་ལ་གསོལ་བ་འདེབས།།

བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག།

དཔལ་ལྡན་མཁས་གྲུབ་བྱེ་བའི་གཙུག་གི་རྒྱན།།

མདོ་སྔགས་ལུང་རྟོགས་བསྟན་པའི་ཤིང་རྟ་ཆེ།།

འཇིགས་བྲལ་སྔ་འགྱུར་རྒྱལ་བ་རྫོགས་ཆེན་པ།།

ཤྲཱི་སེང་ཆོས་གྲྭའི་བསྟན་པ་རྒྱས་གྱུར་ཅིག།

ཐུབ་བསྟན་མཛེས་པའི་རྒྱན་གཅིག་ཀློང་ཆེན་པ།།

བཤད་སྒྲུབ་བསྟན་པའི་མངའ་བདག་འཇིགས་མེད་གླིང་།།

མཚུངས་མེད་བླ་མའི་བསྟན་པ་སྲིད་མཐའི་བར།།

བཤད་སྒྲུབ་ཐོས་བསམ་སྒོམ་པས་འཛིན་གྱུར་ཅིག།

སྐར་མ་རབ་རིབ་མར་མེ་དང་།།

སྒྱུ་མ་ཟིལ་བ་ཆུ་བུར་དང་།།

རྨི་ལམ་གློག་དང་སྤྲིན་ལྟ་བུ།།

འདུས་བྱས་ཆོས་རྣམས་དེ་ལྟར་བལྟ།།

ཞེས་དེ་ལྟར་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ངག་འདོན་རྣམ་མཁྱེན་ལམ་བཟང་འདི་ཉིད་༧རྗེ་མཚུངས་བྲལ་འཁོར་ལོའི་མགོན་པོ་སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེས་རྡོ་རྗེའི་ལྗགས་ཀྱིས་ཉེ་བར་བཀྲལ་བའི་ཟེར་སྡེར་ལས་གུས་སློབ་ཤེས་བྱ་ཀུན་གཟིགས་དེས་རབ་གནས་ལྕགས་ཡོས་ཆོ་འཕྲུལ་ཟླ་བ་ནས་བཟུང་ཞལ་བཤུས་བགྱིས་ཏེ་སྤྲེལ་ཟླའི་ཚེས་བཅུ་བཟང་པོར་གདན་ས་རུ་དམ་རྫོགས་ཆེན་པདྨ་ཐང་ལུང་རྟོགས་པདྨའི་དགའ་ཚལ་དུ་ཞུ་དག་བཅས་མཇུག་གྲུབ་པར་བགྱིས་པའི་དགེ་བས་༧སྐྱབས་རྗེ་བླ་མ་དམ་པའི་སྐུ་ཚེ་བསྐལ་བ་རྒྱ་མཚོར་བརྟན་ཅིང་ཟབ་གསང་ཆོས་ཀྱི་འཁོར་ལོ་རྒྱ་ཆེ་ལ་རྒྱུན་མི་ཆད་པར་བསྐོར་ནས་འགྲོ་ཁམས་རྒྱ་མཚོའི་ཕན་བདེའི་དཔལ་དུ་འགྱུར་བ་དང་ཟབ་ཆོས་འདི་ཉིད་ཀྱང་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག དགེའོ། །སརྦ་མངྒལཾ།


previousཧཱུྃ༽ ཉིན་བརྒྱད་པའི་ཆོས་ཁྲིད།no next