Nitartha Digital Library
Tibetan
 
previousཉིན་གཉིས་པའི་ཆོས་ཁྲིད། next

ཉིན་གཉིས་པའི་ཆོས་ཁྲིད།

༼ཁ༽ གཉིས་པ་དངོས་གཞིའི་ལེའུ།

༡ སྔོན་དུ་འགྲོ་བའི་ཆོས།

ཡང་ཐོག་མར་མེད་དུ་མི་རུང་བ་ནམ་མཁའི་མཐའ་དང་མཉམ་པའི་མགོན་མེད་སྐྱབས་བྲལ་ལོང་བ་ཐང་དཀྱིལ་དུ་ལུས་པ་ལྟ་བུའི་སེམས་ཅན་འདི་དག་ཐམས་ཅད་སྙིང་རེ་རྗེ་དགོངས་པའི་ཐུགས་བསྐྱེད་དེ། དེའི་ཐོག་ཏུ་འདི་ཐམས་ཅད་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ཕྲ་རགས་གཏན་བྲལ་གྱུར་ནས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་ཏེ་བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་ལ་འགོད་པར་བགྱིའོ། །དེའི་ཆེད་དུ་བདག་གིས་ད་རེས་དམ་པའི་ཆོས་ཟབ་མོ་ཉན་ནས། དེའི་ཐོས་དོན་བསམ། བསམ་དོན་སྒོམ་པས་ཉམས་སུ་བླངས་ནས་ཡུན་རིང་མི་འགོར་བར་ཚེ་ལུས་འདིའི་ཐོག་ཏུ་སྟོབས་བཅུའི་སྟོབས་མངའ། དབང་བཅུའི་དབང་དང་ལྡན་པའི་གོ་འཕང་དམ་པ་རྨད་དུ་བྱུང་བ་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་ཁྱབ་བདག་དཔལ་གདོད་མའི་མགོན་པོའི་གོ་འཕང་མངོན་དུ་བྱ་སྙམ་པའི་དོན་གཉིས་ལྡན་པའི་སེམས་བསྐྱེད་རང་འདོད་ཡིད་བྱེད་ཀྱི་བློ་དང་བྲལ་བ་ཞིག་བྱེད་དགོས་སོ། །དེ་ལྟར་བྱེད་པ་ལ་ཡང་བསམ་བཟང་སྨོན་པའི་རྗེས་འགྲོ་ཙམ་ཞིག་མ་ཡིན་པར་གཞན་དོན་དངོས་ལ་ད་ལྟ་ནས་འཇུག་པའི་དོན་དུ་རང་དོན་གྱི་སྟོབས་རྫོགས་པར་བྱེད་པ་ལ་ཐབས་གཞན་ལས་ཁྱད་པར་དུ་འཕགས་པ་ཐབས་ཤེས་ཟུང་འབྲེལ་གྱི་ཟབ་གསང་མྱུར་ལམ་གྱི་གདམས་པ་གསང་ཆེན་ཐེག་རྩེའི་ལམ་གྱི་ཆོས་འཆད་ཉན་བགྱི་བའི་སྐབས་ཡིན་པས་སེམས་བསྐྱེད་སྔོན་དུ་འགྲོ་བ་ཙམ་གྱིས་མི་ཆོག་པར་དངོས་གཞི་དམིགས་པ་མེད་པ་འཁོར་འདས་མཉམ་ཉིད་ཆེན་པོ་ཆོས་ཉིད་གཅིག་གི་རོལ་བ་སྣང་སྲིད་རྣམ་པར་དག་པའི་བཞུགས་ཚུལ་ངོ་མ་ཉིད་ནི་གནས་ལུགས་སྤྲོས་བྲལ་དག་མཉམ་ཆེན་པོའི་ལྟ་བའི་ངང་དང་མ་བྲལ་བ་ཞིག་གི་ཐོག་ནས་རིག་གདངས་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་རྩལ་རྣམ་དཔྱོད་ཀྱི་ཤེས་རབ་ཏུ་འབར་བ་ཉིད་ཆོས་རབ་རྣམ་པར་འབྱེད་པའི་ཤེས་རབ་ཀྱི་སྣང་བ་དང་མི་འབྲལ་བར་གསན་བཞེས་གནང་དགོས་སོ། །དེ་དགོས་ན་གང་འཆད་པ་པོ་ཡང་རྒྱུད་རྣམས་ཀུན་གྱི་སྟོན་པ་རིགས་ལྔའི་སྤྱི་དཔལ་ཆོས་སྐུ་དྲུག་པ་རྡོ་རྗེ་འཆང་ཆེན་ནམ། ཡང་མིན་ན་ཀུན་ཏུ་བཟང་པོ་རྣམ་པ་རྒྱལ་ཀུན་མཁྱེན་རབ་ཡེ་ཤེས་ཀྱི་ཕུང་པོ་འཇམ་པའི་དབྱངས་དང་གཉིས་སུ་མེད་པ་དེ་ཉིད་ཀྱི་ལྗགས་རྨོངས་མུན་འཇོམས་པར་བྱེད་པའི་ཤེས་རབ་ཀྱི་སྣང་བའི་འོད་ཟེར་ལས་ཨཱ་ལི་ཀཱ་ལིའི་སྒྲ་གདངས་སྔགས་སུ་འཕོས་པའི་ཟེར་ཕྲེང་འཕྲོས་ནས། ཉན་པ་པོ་རང་ཉིད་གསང་འཛིན་རྡོ་རྗེའི་ཆོས་སམ། ཡང་མིན་ན་འཕགས་མ་སྒྲོལ་མའི་རྣམ་པ་ཅན་གྱི་སྙིང་ཁ་ལ་ཆོས་ཀྱི་འོད་ཟེར་ཕོག་པས་མི་ཤེས་རྨོངས་པའི་མུན་པ་ཐམས་ཅད་རྒྱང་རིང་དུ་བསལ་ནས་མི་ཟད་པའི་གཟུངས་དང་སྤོབས་པའི་གཏེར་ཁ་ཕྱེ་བ་དང་ཆབས་ཅིག་ཤེས་རབ་ཡེ་ཤེས་ཀྱི་སྣང་བ་རྒྱ་ཆེན་པོ་ཐོབ། བྱང་ཆུབ་ཀྱི་སེམས་གཉིས་འབྱོངས། ཉོན་ཤེས་ཀྱི་སྒྲིབ་པ་དག བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་འབད་མེད་བདེ་བླག་ཏུ་རྫོགས་བཞིན་ཡོད་པའི་འདུན་པ་ཁྱད་པར་ཅན་དང་ལྡན་པས་གསན་དགོས་སོ། །བྱ་བ་གང་ཡིན་ནའང་དང་པོ་བསྙབ་སའི་མགོ་ཞིག་ནས་ཅུང་ཟད་མ་འདྲ་བའི་ཁྱད་ཆོས་དང་། སྤོབས་པ་འདོན་ཐུབ་ན་དེའི་རྒྱུན་ཡང་དེ་དང་འདྲ་བར་ཁྱད་པར་འཕགས་པའི་ཁྱད་ཆོས་ཅན་ཞིག་འགྲུབ་པ་ཡིན་ལ། དང་པོ་ཞིག་ནས་ཉོབ་འདྲ་ཞིག་ལངས་ནས་རྟ་ངན་སྤོ་ཐོའི་ནང་དུ་སོང་བ་དང་འདྲ་བར་སྣ་བཙུགས་ཁུར་ལ་ཁད་བྱས་ནས་དམའ་བལྟས་ཤིག་མ་གཏོགས་མ་བྱས་ན་མཐོ་ས་ཞིག་ལ་སྙོག་དོན་མེད་དོ། །ཁྱད་པར་དུ་བསམ་པའི་བྱེ་བྲག་དེ་ཚོ་སེམས་ཀྱི་འདུ་ཤེས་འཛིན་ལུགས་ཤིག་ཡིན་པས་གསང་སྔགས་དག་སྣང་གི་ལམ་ཡིན་ལ། སེམས་ཉིད་ཡིད་བཞིན་རིན་ཆེན་གྱི་གཏེར་ཞེས་གསུངས་པས་བསམ་པ་རྒྱ་ཆེན་པོ་ཞིག་ལ་ཐོག་མ་ཉིད་ནས་གཏོད་དང་དེ་ལ་འཁོབ་དགོས་དོན་མེད་དོ། །གང་ཞིག་གསན་པར་བྱ་བའི་ཆོས་དེ་ལ་ཡང་ཐེག་པའི་རྣམ་གཞག་དང་། མདོ་སྔགས་ཀྱི་ཁྱད་པར་མང་པོ་ཞིག་ཡོད་ན་ད་རེས་ཀྱི་སྐབས་འདིར་ཐེག་དམན་གྱི་ལམ་ལས་ཁྱད་པར་དུ་མས་འཕགས་པའི་ཐེག་ཆེན་གྱི་ཆོས། དེ་ལ་ཡང་རྒྱུ་ལམ་བྱེད་མདོ་ཕར་ཕྱིན་ཐེག་པ་དང་། འབྲས་བུ་ལམ་བྱེད་གསང་སྔགས་རྡོ་རྗེ་ཐེག་པ་གཉིས་ཡོད་པའི་ནང་གི་ཁྱད་ཆོས་ཁྱད་པར་ཅན་མང་པོས་འཕགས་པའི་གསང་སྔགས་ཀྱི་ཆོས་སོ། །དེ་ལ་སྔགས་རྒྱུད་སྡེ་བཞིའམ་དྲུག་གི་རྣམ་བཞག་ཡོད་པའིི་ནང་གི་ཐུན་མོང་ལྟར་དུ་བཤད་ན་རྣལ་འབྱོར་བླ་ན་མེད་པའམ་ཐུན་མིན་ལྟར་དུ་བཤད་ན་ནང་རྒྱུད་ཡོ་ག་རྣམ་གསུམ་གྱི་རྒྱུད་ལུང་མན་ངག་གི་དོན་བསྐྱེད་རྫོགས་དང་འབྲེལ་ནས་འཆད་པའི་སྐབས་ཡིན་ཞིང་། གསང་ཆེན་སྔ་འགྱུར་བའི་བསྟན་པ་ཆ་ཚང་བ་རང་རྐང་མ་ཉམས་པ་ཞིག་འཛིན་བསམ་ན་བཀའ་གཏེར་ཟུང་འཇུག་གི་ཆོས་ལ་ཉམས་ལེན་བྱས་ནས་རྒྱུད་སྡེ་དང་སྒྲུབ་སྡེའི་ཕྱག་བཞེས་ལ་ལྷད་མ་ཞུགས་པ་ཞིག་ཁ་རྩང་སྔོན་ནས་ཞུས་པ་བཞིན་རྒྱུད་ཀྱི་ཆིངས་ལྔ་ཡིས་བཅིངས། ལུང་གི་སྡེབ་ལྔ་དང་སྦྱར། སྒྲུབ་ཐབས་ཀྱི་སྦྱོར་བ་ལྔ་ཆ་ཚང་བ་ཞིག་གི་སྒོ་ནས་དེ་ལྟར་གཏན་ལ་འབེབས་སྐབས་བཀའ་མ་མདོ་སྒྱུ་སེམས་གསུམ་ལ་སྔ་འགྱུར་བཀའ་བབས་ཀྱི་ཆུ་བོ་བཞི་ཞེས་སྨིན་བྱེད་དབང་གི་ཆུ་བོ་སྐུར་ཐབས་ངོ་སྤྲོད་དང་བཅས་པ། གྲོལ་བྱེད་གདམས་པའི་ཆུ་བོ་དམར་ཁྲིད་གནད་བྱང་དང་བཅས་པ། དཀྱུས་བཤད་གཞུང་གི་ཆུ་བོ་འགྲེལ་ཊིཀ་སྟོང་ཐུན་དང་བཅས་པ། ཕྱག་བཞེས་ཕྲིན་སྒྲུབ་ཀྱི་ཆུ་བོ་བསྟན་སྲུང་དྲག་སྔགས་དང་བཅས་པ་ཡིས་བཀའ་མས་ཁོག་ཕུབ་ནས་གཏེར་མ་མན་ངག་ཏུ་གཟུང་དགོས་སོ། །ཁྱད་པར་དུ་ཟབ་མོ་གཏེར་ཕྱོགས་ལ་བསམ་བློ་བཏང་ན། སྤྱིར་ན་སངས་རྒྱས་ཀྱི་ཞིང་ཁམས་གྲངས་མེད་པ་ན་མདོ་སྟོན་པའི་སྟོན་པ་རེ་དང་། སྔགས་འགྲོལ་བའི་སློབ་དཔོན་སྤྲུལ་བ་ཡང་སྤྲུལ་དང་བཅས་པ་རེ་འབྱུང་རྒྱུ་དེ་སྟོན་པ་སངས་རྒྱས་རང་ཉིད་ཀྱི་མདོ་སྡེ་མྱང་འདས་དང་། དབུས་འགྱུར་འཆང་ལུང་བསྟན་པའི་མདོ། བླ་མེད་དོན་རྫོགས་འདུས་པའི་རྒྱུད་ལ་སོགས་པ་མང་པོ་ཞིག་ནས་སྟོན་པ་སངས་རྒྱས་ཉིད་ཀྱིས་ལུང་བསྟན་ལ། ཁྱད་པར་དུ་སྟོན་པ་མྱ་ངན་ལས་འདའ་ཁར་ཁོང་ང་ལས་ལྷག་པའི་སྐྱེས་བུ་ཞིག མདངས་ལྡན་དྲི་མེད་ཀྱི་མཚོ་གླིང་ནས་འབྱུང་ཞེས་གསུངས་པ་ལྟར་དུ་ཨོ་རྒྱན་དྷ་ན་ཀོ་ཤ་ཡི་སིནྡྷུ་རྒྱ་མཚོ་རོལ་བའི་ཀླུ་རྒྱལ་འཇོག་པོའི་ཕོ་བྲང་གི་ཡང་སྟེང་ནས་པདྨའི་སྡོང་པོའི་ཟེའུ་འབྲུའི་རྩེ་ནས་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱད་ཀྱི་མཚམས་ནས་ཨོ་རྒྱན་སངས་རྒྱས་གཉིས་པ་སྐུ་བརྫུས་ཏེ་འཁྲུངས་ཤིང་། སྐུ་གཅིག་མཚན་གྱི་རྣམ་གྲངས་བརྒྱད་དུ་བྱུང་བའི་གསང་སྔགས་ཀྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཞེས་ཞིང་ཁམས་བྱེ་བ་ཕྲག་བརྒྱར་སྣང་བ་དེ་ལྟ་བུ་ཞིག་ཡིན་ནོ། །གུ་རུ་རིན་པོ་ཆེ་ཁོང་ཉིད་ཀྱིས་ཀྱང་། རང་བྱུང་པདྨ་ཞེས་བྱར་གྲགས་པ་ང་། །སངས་རྒྱས་སྣང་བ་མཐའ་ཡས་ཐུགས་ལས་རྡོལ། །ཐུགས་རྗེ་སྤྱན་རས་གཟིགས་དབང་གསུང་ལས་སྤྲུལ། །མཁའ་འགྲོ་ཡོངས་ཀྱི་མིང་པོ་དཔའ་བོའི་རྒྱལ། །མཉམ་མེད་ཀུན་བཟང་རྡོ་རྗེ་འཆང་ཆེན་པོ། །སྤྲུལ་པའི་སྐུར་སྣང་ཐུགས་རྗེ་ཆེན་པོར་ལྡན། །ཞེས་ཞལ་བཞེས་གནང་བ་ཡིན་ནོ། །དེ་ལྟ་བུའི་སློབ་དཔོན་ཆེན་པོ་དེ་ཉིད་ཀྱི་ཐུགས་ཟབ་གསང་དགོངས་པའི་ཀློང་ལས་རྒྱུད་སྡེ་སྤྱི་དང་། ཁྱད་པར་དུ་ནང་རྒྱུད་ཡོ་ག་རྣམ་གསུམ་གྱི་སྤྱི་འདྲིལ་སྒྲུབ་ཐབས་མན་ངག་གི་རིམ་པ་ཟད་མི་ཤེས་པ་ཞིག་མ་འོངས་གདུལ་བྱ་ཕྱི་རབས་པའི་དོན་དུ་དགོངས་ནས་ཟབ་མོ་གཏེར་དུ་སྦ་བར་མཛད་པ་ཡིན་ལ། ང་ཡིས་བོད་ཁམས་གཏེར་གྱིས་བཀང་ནས་ཡོད། །དངོས་གྲུབ་འདོད་ན་གཏེར་གནས་ཀུན་ནས་ལོངས། །ཞེས་གསུངས་པ་ལྟར་རོ། །འདིའི་དགོས་པ་ནི་སྔར་ནས་དར་བའི་བཀའ་མ་ཐམས་ཅད་ཚོང་འདུས་ཀྱི་འོ་མ་ཇི་བཞིན་དུ་བྱིན་རླབས་འཆལ་ཞིང་ནུབ་ལ་ཉེ་བའི་སྐབས་སུ་གཏེར་དུ་བཞུགས་པའི་བཀའ་ཐམས་ཅད་ལ་སེལ་མ་ཞུགས་པའི་སྟབས་ཀྱིས་བསྒྲུབས་ན་འགྲུབ་ཐག་ཉེ་རྒྱུ་དང་། བྱིན་རླབས་དང་དངོས་གྲུབ་ཐོབ་སླ་བ། གྲུབ་པ་མྱུར་དུ་ཐོབ་པ་ཡིན་པས་གཏེར་ཆོས་འདི་ལ་ཆེད་དུ་བཀའ་གཙིགས་སུ་གནང་བ་དེ་ལྟར་ཡིན་ནོ། །དེ་ལྟ་བུའི་གཏེར་ཆོས་ཚད་མ་ཐམས་ཅད་ལ་སྔ་འགྱུར་བརྒྱུད་པ་དྲུག་ལྡན་ཏེ། དགོངས་པ་བརྡ་དང་སྙན་བརྒྱུད་ཀྱི་བརྒྱུད་པ་གསུམ་གྱི་ཐོག་ཏུ་སྨོན་ལམ་དབང་བསྐུར་གྱི་བརྒྱུད་པ། གཏད་རྒྱ་ལུང་བསྟན་གྱི་བརྒྱུད་པ། ཤོག་སེར་ཚིག་གི་བརྒྱུད་པ་དང་གསུམ་ཚང་བ་ཡིན་ཞིང་། སྨོན་ལམ་དབང་བསྐུར་གྱི་བརྒྱུད་པ་ནི་གཏེར་ཁ་དེ་ཉིད་འདོན་པ་པོའི་གང་ཟག་དེའི་ལག་ཏུ་འཕྲད་པར་ཤོག འཕྲད་ནས་འགྲོ་དོན་དཔག་མེད་འབྱུང་བར་ཤོག་ཅེས་གཏད་རྒྱ་ལུང་བསྟན་མཛད་པ་ཡིན་ཞིང་། སྨོན་ལམ་གྱི་དབང་གིས་འདོན་པ་པོའི་གང་ཟག་གི་ལག་ཏུ་འཕྲོད་པར་ཤོག་ཅེས་སྨོན་ལམ་གཏད་རྒྱ་མཛད་དར་བ་དེ་ཉིད་ཡིན་ནོ། །གཏད་རྒྱ་ལུང་བསྟན་གྱི་བརྒྱུད་པ་ནི་གཏེར་སྟོན་དེ་དང་དེ་ལ་མཚོན་བྱ་དོན་གྱི་ཡེ་ཤེས་ཀྱིས་རྒྱས་བཏབ་ནས་དགོངས་པའི་མཐིལ་གཏད། མ་འོངས་འབྱུང་འགྱུར་གྱི་དུས་རྟགས་འདོན་དུས་གཏེར་གནས་དང་བཅས་པའི་ལུང་བསྟན་དབུགས་འབྱིན་གནང་བ་དེ་ཡིན་ལ། དེའི་སྟེང་དུ་ཤོག་སེར་ཚིག་གི་བརྒྱུད་པ་ནི་མཚོན་བྱེད་བརྡ་ཡི་ཡི་གེ་དེ་ཚིག་བརྒྱུད་ལ་བཀོད་ནས་གཏེར་གནས་ལ་སྦས་པ་དེ་གཏེར་གནས་སོ་སོ་ནས་ཚུར་བཞེས་པ་ལྟ་བུ་སྟེ། གཏེར་གནས་ལ་མཚོན་ན་རྡོ་རྗེའི་བྲག་གི་གཏམས། གཡང་ཞག་འཁྱིལ་བའི་མཚོ། མི་འགྱུར་རིན་ཆེན་གྱི་སྒྲོམ་ལ་སོགས་པའི་གཏེར་གནས་དང་གཏེར་སྣོད། གཏེར་གྱི་གཉེར་བྱང་དང་བཅས་པ་གཏེར་བདག་སོ་སོ་ལ་གཏད་ནས་དེ་ཡང་མི་སྣང་བའི་རྒྱ་རིམ་པ་མང་པོས་བཏབ་ཡོད་དོ། དེ་ལྟ་བུའི་བརྒྱུད་པ་དྲུག་ལྡན་ནམ་དེའི་ཐོག་ཏུ་བཀའ་བབ་ཆུ་བོ་བཞི་དང་འབྲེལ་བའི་ཐད་ཀྱི་ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ། སྙན་བརྒྱུད་དམར་ཁྲིད་ཀྱི་བརྒྱུད་པ། ཕྲིན་ལས་ཕྱག་བཞེས་ཀྱི་བརྒྱུད་པ་གསུམ་པོ་བསྣན་ནས་སྔ་འགྱུར་བརྒྱུད་པ་དགུ་ལྡན་གྱི་བདག་ཉིད་གཏེར་རིགས་དེ་དག་སྨོན་ལམ་གྱི་མཐུ་སྨིན། ལས་ཀྱི་འཕྲོ་སད་སྐབས་ཟབ་གཏེར་གྱི་སྒྲོམ་བུ་གང་དང་གང་ཡིན་པ་དེ་ཉིད་གཏེར་སྟོན་སོ་སོའི་ཕྱག་ཏུ་ཐོན་ཡོང་བ་དེ་ལྟ་བུ་ཡིན་ནོ། །དེ་ལ་ནང་གསེས་ཀྱི་གཏེར་ཆེན་དང་། གཏེར་ཕྲན་ཞེས་དཔེར་ན་བླ་རྫོགས་ཐུགས་གསུམ་པོ་ཡོངས་རྫོགས་ཀྱི་གཏེར་ཆོས་ཅན་ཞིག་ཡིན་ན་གཏེར་ཆེན་དུ་བརྩི་ལ། དེ་མིན་ན་གཏེར་ཕྲན་དུ་བརྩི་རྒྱུ་སོགས་དབྱེ་བ་མང་ཞིང་། ཡིན་ན་ཡང་གཏེར་ཆེན་དང་གཏེར་ཕྲན་ལ་བྱིན་རླབས་ཀྱི་ཚན་ཁ་ལ་ཁྱད་པར་མེད་ཅེས་གསུངས་ཡོད་དོ། །མདོར་ན་ཡོ་ག་རྣམ་པ་གསུམ་གྱི་རྒྱུད་སྡེ་ཐམས་ཅད་ཀྱི་རྒྱུད་ལུང་མན་ངག་བཀའ་བབས་དང་བཅས་པའི་ངེས་པའི་གནད་ཟབ་མོ་ཚང་མ་ཟབ་གཏེར་གྱི་ཆོས་བཀའ་འདི་ལ་ཚང་ཞིང་། གཏེར་ཁ་དེ་ལ་དབྱེ་ན་ཤར་གཏེར། ལྷོ་གཏེར། ནུབ་གཏེར། བྱང་གཏེར། དབུས་གཏེར་དང་ལྔ། དེ་ལ་ཡང་ཕྱི་ནང་གསང་བ་ཡང་གསང་ལ་སོགས་ཕྱེས་ན་གཏེར་གྱི་རྣམ་གྲངས་ཅོ་བརྒྱད་ལ་སོགས་པ་ཇི་སྙེད་ཅིག་ཇི་སྲིད་སངས་རྒྱས་ཀྱི་བསྟན་པ་མ་རྫོགས་ཀྱི་བར་དུ་ཟབ་མོའི་གཏེར་གྱི་འགྲོ་དོན་མི་རྫོགས་པ་དེ་ལྟར་ཡིན་ལ། སློབ་དཔོན་རིན་པོ་ཆེས། ཇི་སྲིད་སངས་རྒྱས་བསྟན་པ་མ་རྫོགས་པར། །དེ་སྲིད་གཏེར་གྱིས་འགྲོ་བ་དཔག་མེད་འདྲེན། །དེ་ཕྱིར་གཏེར་ལ་དད་དང་གུས་པར་གྱིས། །ཞེས་གསུངས་སོ། །དེ་ལྟ་བུའི་གཏེར་ཆོས་ཇི་སྙེད་ཅིག་བཞུགས་པ་ལས་གཏེར་སྟོན་ཀརྨ་གླིང་པའི་ཟབ་གཏེར་ལས་བྱོན་པའི་གསང་སྔགས་ནང་རྒྱུད་སྡེ་གསུམ་གྱི་སྙིང་པོའི་ཡང་ཞུན་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བསྐྱེད་རྫོགས་གཙོ་བོར་བྱས་པའི་བསྙེན་སྒྲུབ་ཡན་ལག་བཞིའི་ཆོ་ག་ལས་འགྲིག་གི་སྐོར་ལས་བྱང་ཚོར་བ་རང་གྲོལ་རྩར་ཕྲེང་དང་སྒོ་བསྟུན་ནས་ལས་བྱང་ཆུང་བ་ཚོར་བ་རང་གྲོལ་སྙིང་པོ་འབྲུ་གནན་ནས་དོན་འགྲེལ་ཚུལ་དུ་ཞུ་བཞིན་པའི་སྐབས་ལས། ཁ་རྩང་ཉིན་དང་པོ་ལ་མཆོད་པ་བྱིན་རླབས་ཡན་ཆད་སྔོན་འགྲོའི་ཆོས་ཐམས་ཅད་སོང་ནས་དེ་རིང་དངོས་གཞི་ལ་ཐུག་ཅིང་། སྤྱིར་བཏང་གི་ནང་སྒྲུབ་ཐབས་གསལ་བར་བྱེད་པའི་མན་ངག་ལ་ཞི་ཁྲོའི་སྒྲུབ་ཐབས་ལ་སྒྲུབ་ལུགས་རྣམ་པ་ལྔ་ཡིས་གསུངས་པ་ཞིག་ཡིན་ལ། ལྔ་བོ་གང་ཡིན་ཞེ་ན། དམ་པ་རིགས་བརྒྱར་སྒྲུབ་པ་ཞིག་དང་། ཞི་བ་བཞི་བཅུ་རྩ་གཉིས་སུ་སྒྲུབ་པ་ཞིག་དང་། དེ་ཁོ་ན་ཉིད་རིགས་ལྔར་སྒྲུབ་ཆོག་པ་ཞིག་དང་། གསང་ཆེན་རིགས་གཅིག་ཏུ་སྒྲུབ་པ་དང་། ཞི་བ་ཕྱག་རྒྱ་རྐྱང་པའི་སྒྲུབ་ཐབས་དང་དེ་ལྟར་ལྔ་ཡོད་པའི་ནང་གི་འདི་དང་པོ་ལྟར་དུ་དམ་པ་རིགས་བརྒྱར་སྒྲུབ་པའི་སྒྲུབ་ལུགས་དེ་ཡིན་ནོ། །དེ་ལ་ཞིབ་ཏུ་ཕྱེས་ན་ལས་ཆེན་ལྔ། ལས་ཆུང་ལྔ་ཡིས་བཅུ་ཡི་དབྱེ་བ་ཡོད་པ་ཞིག་ཡིན་ལ། གཟུང་བ་དཀྱིལ་འཁོར་གྱི་ཆོ་ག རིམ་པ་དབང་གི་ཆོ་ག བྱིན་རླབས་རབ་གནས་ཀྱི་ཆོ་ག་ལ་སོགས་པ་ལས་ཆེན་ལྔ། མཉེས་པ་མཆོད་པའི་ཆོ་ག མཆོད་འབྲིམ་གཏོར་མའི་ཆོ་ག མཆོད་སྦྱིན་ཆུ་གཏོར་གྱི་ཆོ་ག་ལ་སོགས་པ་ལས་ཆུང་ལྔ་ཡིས་ཆོས་ཚན་བཅུ་རུ་ཕྱེས་པ་ཡིན་ནོ།།

༢ དངོས་ཀྱི་དོན་བཤད་པ།

དེ་ཐམས་ཅད་ཀྱི་རྩ་བ་སྒྲུབ་ཁོག་གི་སྟོད་ལས་ཀྱི། གཉིས་པ་དངོས་གཞི་ལེའུ་བསྟན༔ ལྷ་བསྐྱེད་སྤྱན་འདྲེན་བཞུགས་གསོལ་ཅིང་༔ ཕྱག་མཆོད་བསྟོད་བཤགས་བདུན་གྱིས་བསྟན༔ཞེས་ཆིངས་སམ་མདོར་བསྟན་གྱི་སྡོམ་ས་བཅད་རྣམ་པ་བདུན་གྱིས་བསྟན་ཏོ། །དེའི་ནང་གསེས་རེ་རེ་བཞིན་དུ་བཀྲལ་ཏེ་དབྱེ་བའི་དང་པོ་བསྐྱེད་པའི་རིམ་པ་ནི༔ཞེས་མཚམས་སྦྱར་ཏེ་དཀྱིལ་ཆོག་དངོས་གསུངས་པ་ཡིན་ལ། འདི་ཞི་ཁྲོའི་སྒོམ་ཁོག་ཡིན་ནོ།།

༼ཀ༽ དང་པོ་ལྷ་ཚོགས་བསྐྱེད་པའི་རིམ་པ།

༼ཀ ཤུགས་བསྟན་བསྒྲུབ་བྱ་དོན་གྱི་ལྷ་ངོས་གཟུང་བ།

འདི་བཤད་པ་ལ་ཤུགས་བསྟན་བསྒྲུབ་བྱ་དོན་གྱི་ལྷ་ངོས་གཟུང་བ་དང་། དངོས་བསྟན་སྒྲུབ་བྱེད་ཆོ་གའི་རྣམ་བཞག་བཀྲོལ་ཏེ་བཤད་པ་ཞིག་སྟེ་གཉིས་ཀྱི་ཐོག་ནས་བཤད་དགོས་སོ། །ཤུགས་བསྟན་གྱི་ལྷ་ཇི་ལྟ་བུའི་སྒོ་ནས་ངོས་གཟུང་དགོས་ཞེ་ན། དེ་ངོས་འཛིན་པར་བྱེད་པ་ལ་ལུང་དང་། རིགས་པ། མན་ངག་གསུམ་ལ་བརྟེན་ནས་བསྒྲུབ་བྱའི་ལྷར་ངེས་པ་རྙེད་དགོས་ལ། འདི་ཐུན་མོང་དང་ཐུན་མིན་གཉིས་ཀྱི་སྒོ་ནས་བཤད་ན་ཐུན་མོང་བའི་བཤད་ཚུལ་ལྟར་ན་མགོན་པོ་བྱམས་པས། རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་དང་། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་གསུངས་པ་ལྟར་དུ་འགྲོ་བ་ཐམས་ཅད་ཀྱིི་རྒྱུད་ན་བཞུགས་པའི་ཆོས་ཉིད་དེ་བཞིན་ཉིད། འོད་གསལ་བྱང་ཆུབ་ཀྱི་སེམས། འཆིང་འགྲོལ་ཐམས་ཅད་དང་བྲལ་བའི་གནས་ལུགས་རྣམ་པར་དག་ཅིང་ལྷུན་གྱིས་གྲུབ་པའི་བདག་ཉིད་དེ། རྒྱུད་མུ་ཏིག་ཕྲེང་བ་ལས། གནས་ལུགས་རྣམ་པ་མང་བཤད་ཀྱང་། །ཡེ་ཤེས་རྣམ་པ་གསུམ་ཡིན་ཏེ། །ཞེས་གསུངས་པ་ལྟར་དུ་ངོ་བོ་སྟོང་པ། རང་བཞིན་གསལ་བ། ཐུགས་རྗེ་འགག་མེད་སྐུ་གསུམ་རང་ཆས་སུ་རིག་པའི་ངང་དུ་བཞུགས་པ་དེ་བདག་དམ་ཚིག་སེམས་དཔའ་དང་། སངས་རྒྱས་ཐམས་ཅད་ཀྱི་ཆོས་སྐུ་དག་པ་གཉིས་ལྡན་གྱི་ཡེ་ཤེས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་བརྟན་གཡོ་སྣོད་བཅུད་ཐམས་ཅད་ལ་ཁྱབ་པའི་ཡེ་ཤེས་མཁའ་ཁྱབ་མཁའ་དང་མཉམ་པའི་ཡེ་ཤེས་དེ་ཡེ་ཤེས་སེམས་དཔའ་སྟེ་དམ་ཚིག་སེམས་དཔའ་དང་ཡེ་ཤེས་སེམས་དཔའ་དེ་གཉིས་ཀ་གདོད་ནས་དབྱེར་མེད་དུ་བཞུགས་པའི་གཞི་འབྲས་དབྱེར་མེད་ཀྱི་བདག་ཉིད་དམ་ཡེ་གཉིས་མེད་དུ་གྱུར་པ་དེ་བསྒྲུབ་བྱའི་ལྷ་ཞེས་བྱའོ། །སྒྲུབ་གཞི་ངོས་གཟུང་བའི་སྐབས་འདིར་མིང་གི་སྒོ་ནས་ལྷ་ཞེས་བཏགས་པ་ཡིན་ལ། འདི་བཤད་པའི་སྐབས་འདིར་སྦྱང་གཞི། སྦྱང་བྱ། སྦྱོང་བྱེད། སྦྱངས་འབྲས་དང་བཞི་བོ་དེ་དཔེ་དང་བཅས་པ་བཤད་དགོས་ཤིང་། སྒྲུབ་གཞི་མེད་པའི་སྒྲུབ་བྱེད་དེ་ངལ་བའི་གཞི་དོན་མེད་ཀྱི་རྒྱུ་ཡིན་ནོ། །དེས་ན་བཅོས་མའི་འཁྲུལ་སྣང་ལྷ་ཡིན་སྣང་ཤར་ནས་བསྒོམ་རྒྱུ་དེ་བསྐྱེད་རིམ་ཡང་དག་གི་གནད་མ་ཟིན་པ་ཡིན་ལ། སྦྱང་གཞིའམ་སྒྲུབ་གཞི་ཞེས་པ་དེ་གོང་ནས་བཤད་པའི་ཆོས་ཉིད་དེ་བཞིན་ཉིད་སྐུ་གསུམ་རང་ཆས་ཀྱི་བདག་ཉིད་ཡེ་ནས་དྲི་མས་གོས་མ་མྱོང་བ་དཔེར་ན་ནོར་བུ་རིན་པོ་ཆེ་ལྟ་བུ་དེ་ཡིན་ནོ། །སྦྱང་བྱ་ནི་མགོན་པོ་བྱམས་པས་རྒྱུད་བླ་མ་ལས། ཉོན་མོངས་ཤེས་བྱ་སྙོམས་འཇུག་གི། །སྒྲིབ་གསུམ་ལས་ནི་ངེས་གྲོལ་ཏེ། །ཞེས་གསུངས་པ་དང་། །རྒྱུད་མུ་ཏིག་ཕྲེང་བ་ལས་ཀྱང་། ཆ་མེད་རྡུལ་དང་བཅས་པའི་ཕྱིར། །འོད་གསལ་ཉིད་ཀྱང་བག་ལ་ཞ། །ཞེས་གསུངས་པ་ལྟར་དུ་གཞིའི་བཞུགས་ཚུལ་དེ་མ་རྟོགས་ནས་འཁྲུལ་སོང་བའི་སྒྲིབ་བྱེད་མེད་སྣང་གློ་བུར་བའི་འཁྲུལ་སྣང་ཕྲ་རགས་དཔེར་བཞག་ན་འདམ་རྫབ་ལྟ་བུ་དེ་ཡིན་ནོ། །འོ་ན་སྦྱོང་བྱེད་གང་ཡིན་ཞེ་ན། རྩ་རྒྱུད་ལས། །འཇིག་རྟེན་པ་ཡི་དངོས་གྲུབ་ནི། །བསྐྱེད་པའི་རིམ་པ་སྦྱོར་བས་ཐོབ། །འཇིག་རྟེན་འདས་པའི་དངོས་གྲུབ་ནི། །རྫོགས་པའི་རིམ་པ་སྦྱོར་བས་ཐོབ། །ཅེས་འཁྲུལ་བ་ཀུན་བཏགས་ཀྱི་ཆ་ཐམས་ཅད་བསྐྱེད་རིམ་གྱིས་སྦྱོང་། ས་བོན་ལྷན་སྐྱེས་ཀྱི་ཆ་ཐམས་ཅད་རྫོགས་རིམ་གྱིས་སྦྱོང་ལ། དེ་ཚིག་གི་སྣ་ཚུར་བསྟུངས་ནས་བཤད་ན་རིམ་གཉིས་ཀྱིས་བསྡུས་པའི་ཐབས་ཤེས་བྱེད་རྩོལ་གྱིས་སྦྱོང་བ་ཡིན་ཞིང་། དཔེར་བཞག་ན་འདམ་རྫབ་ཀྱིས་གོས་པའི་ནོར་བུའིི་སྟེང་ནས་འདམ་རྫབ་སྦྱོང་བའི་བྱེད་རྩོལ་དང་འདྲ་བ་ཡིན་ནོ། །སྦྱངས་འབྲས་ནི་སྦྱང་བྱའི་དྲི་མ་གློ་བུར་བ་སྦྱངས་པས་ཇི་ལྟ་བུའི་ཡོན་ཏན་མངོན་སུམ་དུ་བརྙེས་ནས་ཡེ་ཤེས་ཐུགས་རྗེ་ཕྲིན་ལས་དང་བཅས་པ་རྒྱུན་མི་ཆད་ནས་འགྲོ་དོན་ལྷུན་གྲུབ་ཏུ་འབྱུང་བ་དེ་སྦྱངས་འབྲས་ཡིན་ལ། དཔེ་བཞག་ན་ནོར་བུའི་སྟེང་གི་འདམ་རྫབ་སྦྱངས་ནས་ནོར་བུའི་ཡོན་ཏན་མངོན་དུ་གྱུར་པ་ལྟ་བུ་ཡིན་ནོ། །དེ་ཐུན་མོང་ལྟར་དུ་གློ་བུར་དྲི་བཅས་ཀྱི་ཁམས་དེ་སྦྱང་གཞི་དང་། དེའི་སྦྱང་བྱ་སྦྱོང་བྱེད་སྦྱངས་འབྲས་དང་བཅས་པ་བཤད་པ་ཡིན་ལ། ཐུན་མིན་ལྟར་དུ་བྱས་ན་ཕྱི་ནང་གསང་བ་གསུམ་གྱི་སྟེང་ནས་བཤད་དགོས་པས་ཕྱི་ལྟར་ན་ལུས་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པའི་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་སུ་ལྷུན་གྱིས་གྲུབ་པ་ཞིག་ཡིན་ཞིང་། ཕུང་ལྔ་རྒྱལ་བ་རིགས་ལྔ། འབྱུང་ལྔ་དབྱིངས་ཀྱི་ཡུམ་ལྔར་རྟོགས་དུས། ཉོན་མོངས་ལྔ་ཡེ་ཤེས་ལྔ་དང་། ཡུལ་ལྔ་འོད་ལྔར་སྣང་བ་དེ་ལྟར་ཡིན་པ་དང་། དེ་དུས་སྲིད་གསུམ་སངས་རྒྱས་ཀྱི་ཞིང་ཁམས་ཡིན་ལ། རང་ལུས་ལྷ་ཡི་དཀྱིལ་འཁོར་ཡིན་ནོ། །འདི་ནང་ལྟར་ན་སྙིང་ཁར་ཞི་བའི་ལྷ་ཚོགས། དེའི་རང་གདངས་ཁྲོ་བོའི་ལྷ་ཚོགས། རང་ལུས་ཞི་ཁྲོའི་ལྷ་ཚོགས། རྩ་ཐམས་ཅད་དཔའ་བོའི་རང་བཞིན། རླུང་དག་པ་དཔའ་མོའི་རང་བཞིན། ཐིག་ལེ་དག་པ་བྱང་ཆུབ་སེམས་ཀྱི་ངོ་བོར་བཞུགས་པ་ཡིན་ནོ། །འདི་གསང་བ་ལྟར་ན་དེ་དག་ཐམས་ཅད་ཀྱང་ཆོས་དབྱིངས་མཐའ་དབུས་དང་བྲལ་བ་སྟོང་གསལ་རང་བྱུང་གི་ཡེ་ཤེས་རིག་པ་གཅིག་གི་ཆོ་འཕྲུལ་དུ་ས་ར་ཧས་གསུངས་པ་ལྟར་ཏེ། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་དངོས་གྲུབ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །འོན་ཀྱང་ལམ་སྒྲུབ་དགོས་པའི་རྒྱུ་མཚན་ནི་དཔེར་ན་གསེར་རྡོ་དངུལ་རྡོ་ཐམས་ཅད་བཞུ་ཁམས་ཀྱི་རིན་པོ་ཆེའི་ཁམས་སུ་གྲུབ་པ་ཡིན་ཡང་བཞུ་བཏུལ་མ་བྱས་ཀྱི་བར་དུ་གསེར་དངུལ་མངོན་དུ་མི་འགྱུར་བ་བཞིན་དུ་སྣོད་བཅུད་ཡེ་ནས་ཡེ་ཤེས་ཀྱི་ལྷར་གྲུབ་པ་དེ་སྣང་སྲིད་གཞིར་བཞུགས་ཀྱི་དཀྱིལ་འཁོར་ཡིན་ན་ཡང་མུན་ཁང་གི་ནང་དུ་སྒྲོན་མེ་བཏེག་ན་ཁང་བའི་ནང་གི་དངོས་པོ་ཇི་མ་ཇི་བཞིན་རིག་ནས་ལྷོང་ལ་གསལ་མོར་བྱས་ནས་བུད་པ་བཞིན་དུ་ལམ་བསྒྲུབས་ནས་སྒྲིབ་པ་སྦྱངས་ན་སྣང་སྲིད་གཞིར་བཞུགས་ཀྱི་རང་བཞིན་དེ་སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར་དུ་མངོན་དུ་གྱུར་པ་ཡིན་ནོ། །དེའི་སྐབས་སུ་འཁོར་བའི་ཀུན་རྟོག་ཡེ་ཤེས་སུ་གྲོལ་བ་དཔེར་བཞག་ན་འཁྱག་རོམ་བཞུས་ནས་ཆུར་གྱུར་པ་ལྟར་དུ་ཡིན་ལ། འཁྱག་ཡེ་ནས་ཆུའི་རང་བཞིན་མ་ཡིན་ན་བཞུས་ཀྱང་ཆུར་འགྱུར་དོན་མེད་ཅིང་། ཡེ་ནས་སངས་རྒྱས་པའི་རང་བཞིན་མིན་ན་འབད་ཀྱང་ངལ་བ་དོན་མེད་ཡིན་ནོ། །དེས་ན་སྦྱང་གཞི་སྦྱོང་བྱེད་ཐ་དད་དུ་གྱུར་ནས་མ་ཡིན་པ་ཞིག་ཡིན་པར་བསྒྱུར་བ་དཔེར་ན་ལྕགས་གསེར་དུ་བསྒྱུར་བ་ལྟར་དུ་འདོད་པ་མ་ཡིན་ཞིང་། གཞི་འབྲས་དབྱེར་མེད་ཡེ་གྲོལ་གྱི་ཡེ་ཤེས་ལ་གསར་དུ་འབད་པས་བསྒྲུབ་མི་དགོས་སོ།།

༼ཁ དངོས་བསྟན་སྒྲུབ་བྱེད་ཆོ་གའི་རྣམ་གཞག་བཀྲོལ་ཏེ་བཤད་པ།

དེ་ཡན་ཆད་ཀྱིས་འདིའི་སྐབས་ཀྱི་ཤུགས་བསྟན་བསྒྲུབ་བྱ་དོན་གྱི་ལྷ་ཡི་ངེས་པ་བཤད་ནས་གཉིས་པ་སྒྲུབ་བྱེད་ཆོ་གའི་རྣམ་བཞག་འགྲོལ་ཏེ་བཤད་དགོས་ལ། སྐབས་འདི་ནས་ཡོ་ག་རྣམ་པ་གསུམ་གྱི་དགོངས་པ་གཅིག་ཏུ་དྲིལ་ནས་བརྡ་དོན་རྟགས་གསུམ་གྱི་རྣམ་པས་བསྐྱེད་རིམ་གསལ་གདབ་རྒྱུ་དེ་ཆོས་བཀའ་འདི་དང་གཏེར་ཁ་འདིའི་དགོངས་བཅུད་ཀྱི་སྙིང་པོ་ཡིན་ནོ། །དེ་ཇི་ལྟར་ཡིན་ན། བསྐྱེད་པ་མ་ཧཱ་ཡོ་ག་ལྟར་དུ་སྦྱང་གཞི་སྦྱོང་བྱེད་དཀྱིལ་འཁོར་སྒྲུབ་རྫས་དང་བཅས་པ་ཕྱི་དཀྱིལ་རྟགས་ཀྱིས་ངོ་སྤྲད་དགོས་ཤིང་། རྫོགས་པ་ཨ་ནུ་ཡོ་ག་ལྟར་དཀྱིལ་འཁོར་རྣམ་གསུམ་རང་ལུས་ལ་རྫོགས་པའི་ནང་དཀྱིལ་རྩ་རླུང་བརྡ་ཡི་ཉམས་ལེན་ལ་གནད་དུ་བསྣུན་དགོས་ལ། རྫོགས་ཆེན་ཨ་ཏི་ཡོ་ག་ལྟར་ན་མ་བྱས་ཡེ་གྲུབ་ཀྱི་དོན་དཀྱིལ་སེམས་སུ་རྫོགས་པ་སྙིང་པོའི་དོན་ཁྲིད་དེ་ནང་རྒྱུད་ཡོ་ག་གསུམ་གྱི་ཉམས་ལེན་གྱི་གནད་ཐམས་ཅད་དེ་ལྟར་དུ་འདུ་བ་ཡིན་ནོ། །འདི་སེམས་དང་ཡེ་ཤེས་ཐམས་ཅད་རང་སྣང་དུ་བསྟན་པའི་མན་ངག་གི་སྙིང་པོ་ཡིན་ཞིང་། རྒྱུད་གསང་འདུས་ལས་ཀྱང་། བསྐྱེད་དང་རྫོགས་དང་རྫོགས་པ་ཆེ། །གཅིག་ལ་གཅིག་བརྟེན་གཅིག་གི་ངང་། །ཞེས་གསུངས་སོ།།

ཀ༽ རྒྱུ་ཏིང་འཛིན་རྣམ་གསུམ་གྱིས་ཁོག་ཕུབ་པ།

དེས་ན་དང་པོ་རྒྱུ་ཏིང་འཛིན་རྣམ་གསུམ་གྱིས་ཁོག་ཕུབ། འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་དགོས་པ་ཡིན་པས་ལས་བྱང་གཏེར་བྱང་གི་ཚིག་དངོས་བསྟན་ནི།

ཧཱུྃ༔ རྟོག་བྲལ་སྒོམ་མེད་དེ་བཞིན་ཉིད༔

ཀུན་ཁྱབ་རང་གསལ་ཀུན་ཏུ་སྣང་༔

འགག་མེད་རྒྱུ་ཡི་ཨཱཿམཐིང་གསལ༔

སྟོང་གསལ་རང་བབ་གདོས་བཅས་བྲལ༔

ཨཿལས་ཨེ་ཡྃ་བྃ་ལྃ་འཕྲོས༔

ནམ་མཁའ་རླུང་ཆུ་ས་གཞི་བརྡལ༔

ཞེས་གསུངས་ཏེ། ཐོག་མར་བྱུང་བའི་ཧཱུྃ་ཡིག་འདི་ནི་རྒྱལ་བ་ཀུན་གྱི་གསང་གསུམ་གཅིག་ཏུ་འདུས་པའི་ངོ་བོ་ཐུགས་ཡེ་ཤེས་ཆེན་པོ་སྒྱུ་འཕྲུལ་ལྷ་ཚོགས་ཀྱི་འཕྲོ་གཞིར་ཤར་བའི་རྡོ་རྗེ་གསང་བ་ཆེན་པོའི་ཡི་གེ་ཡིན་ཞིང་དེའི་ཡི་གེ་དེ་ཉིད་ཀྱིས་སྣ་དྲངས་ནས། ཚིག་རྐང་དང་པོ་རྟོག་བྲལ་སྒོམ་མེད་དེ་བཞིན་ཉིད༔ཅེས་པ་འདིས་ཏིང་འཛིན་རྣམ་གསུམ་གྱི་ནང་གི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་བསྟན་ཏོ། །ཏིང་འཛིན་རྣམ་གསུམ་གྱི་བསྐྱེད་རིམ་འདིའི་སྤྱི་ཁྱབ་ཀྱི་གོ་བ་སྦྱང་བྱ་བརྟེན་པ་ལུས་ཅན་གྱི་སྐྱེ་བ། འཆི་བ། བར་དོ་གསུམ་དེ། རྟེན་སྣོད་ཀྱི་འཇིག་རྟེན་གྱི་ཆགས། འཇིག སྟོང་གསུམ་གྱི། སྦྱོང་བྱེད་སྟོང་ཉིད་དང་། སྙིང་རྗེ། ཟུང་འཇུག་གསུམ་གྱི་ཡེ་ཤེས་གསུམ་གྱིས་སྦྱངས་འབྲས་སངས་རྒྱས་སྐུ་གསུམ་གྱི་རྣམ་པ་མངོན་དུ་བྱེད་པའི་ལམ་དང་། དགོས་པ་སོ་སོ་དང་ལྡན་པ་དེ་ལྟ་བུ་ཞིག་ཡིན་ནོ། །དེའི་ནང་གི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དེའི་དོན་ནི་རང་བཞིན་རྣམ་པར་དག་པ་སྟོང་པ་ཉིིད་གདོད་མའི་སྟོང་ཆེན་གྱི་དོན་དྲན་པ་ལ་ཟེར་ལ། གཅེར་མཐོང་རང་གྲོལ་ལས། འདས་པའི་རྟོག་པ་རྗེས་མེད་ཡལ་བའི་རྟིང་། །མ་འོངས་རྟོག་པ་མ་སྐྱེས་སོ་མ་ལ། །ད་ལྟ་རང་ལུགས་བཟོ་མེད་གནས་པའི་དུས། །ཐ་མལ་རང་གའི་དུས་ཀྱི་ཤེས་པ་ལ། །ཞེས་གསུངས་པ་ལྟར་དུ་འདས་མ་འོངས་ད་ལྟ་དུས་གསུམ་གྱི་རྟོག་པ་དང་བྲལ་བའི་ཐད་ཀའི་ཤེས་པ་བཟོ་བཅོས་དང་བྲལ་བའི་སེམས་ཀྱི་ཆོས་ཉིད་སྟོང་ཉིིད་དམིགས་མེད་འཛིན་བྲལ་ལ་གློ་བུར་བག་ཆགས་ཀྱི་མཚན་འཛིན་ཆོས་ཅན་གྱི་ལྷད་པ་ཐམས་ཅད་གཤིས་ལ་ཞུགས་མ་མྱོང་བའི་མཐའ་བརྒྱད་སྤྲོས་པ་དང་བྲལ་བའི་རིག་པའི་ཡེ་ཤེས་གཞི་ཆོས་སྐུ་དེ་བཞིན་ཉིད་ཀྱི་ངང་ལ་བཟོ་མེད་དུ་མཉམ་པར་བཞག་དུས་དག་མཉམ་ནམ་མཁའ་ལྟ་བུའི་ངང་ལ་རང་བཞིན་གྱིས་གནས་པ་དེ་ཉིད་ཡིན་ནོ། །འདིའི་སྐབས་སུ་ཆོས་ཅན་ལ་ཆོས་ཉིད་ཀྱིས་རྒྱས་བཏབ་ན་གོལ་ས་ཡིན་ཞིང་། འདིའི་སྦྱང་བྱ་སྐྱེ་འགྲོ་ཐམས་ཅད་འཆི་བའི་གནས་སྐབས་སུ་གསར་རྒྱུད་ཀྱི་ཆོས་སྐད་གཙོ་བོར་བྱས་པའི་དབང་དུ་བཏང་ན་སྣང་གསུམ་མཐའ་ཡི་འོད་གསལ་གསུངས་པ་ཡིན་ལ། སྣང་གསུམ་མཐའ་ཡི་འོད་གསལ་རང་བཞིན་བརྒྱད་ཅུའི་རྟོག་ཚོགས་འགགས་ནས་ཉེར་ཐོབ་ཀྱི་ཕྲ་བ་ཡང་ཐིམ་ནས་འཆི་སྲིད་ཆོས་སྐུའི་འོད་གསལ་ཤར་དུས་ངོ་མ་ཤེས་ན་ལྡོག་པའི་ས་ཡོད་པ་དེ་ཉིད། སྦྱོང་བྱེད་ལ་སྟོང་ཞིང་བདག་མེད་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམས་པས། སྦྱངས་འབྲས་ནི་སྤྲོས་བྲལ་གྱི་ཡེ་ཤེས་ཆོས་སྐུ་ཐོབ་པ་དེ་ཡིན་ནོ། །དགོས་པ་ནི་འདི་བསྒོམས་པས་དག་རྫོགས་སྨིན་གསུམ་གྱི་ཐད་ཀྱི་འཆི་སྲིད་ཀྱི་བག་ཆགས་མ་སྤངས་གནས་སུ་དག འབྲས་བུ་ཆོས་སྐུ་མངོན་གྱུར་གྱི་ས་བོན་མ་བཙལ་ངང་གིས་རྫོགས། རྫོགས་རིམ་གྱི་འོད་གསལ་རྒྱུད་ལ་སྐྱེ་བའི་གཞི་མ་བྱས་ལྷུན་གྲུབ་དེ་རང་ཤུགས་ཀྱིས་སྨིན་ལ། ཆོས་སྐུ་ལས་གཟུགས་སྐུ་གཞན་དོན་དུ་འབྱུང་བའི་དོན་གཉིས་རང་བཞིན་གྱིས་འགྲུབ་པ་ཡིན་ཞིང་། དེ་ལྟ་བུའི་དེ་བཞིན་ཉིད་དེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཡིན་ནོ། །མགོན་པོ་བྱམས་པས། སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ་དང་། །སངས་རྒྱས་ཆོས་དང་སངས་རྒྱས་ཕྲིན་ལས་ཏེ། །དག་པའི་སེམས་ཅན་གྱིས་ཀྱང་བསམ་བྱ་མིན། །འདི་ནི་འདྲེན་པ་རྣམས་ཀྱི་སྤྱོད་ཡུལ་ཡིན། །ཞེས་གསུངས་པ་ལྟར་དུ་ཇི་ལྟ་མཁྱེན་པའི་ཡེ་ཤེས་ཟབ་མོ་སྟོང་པ་ཉིད་དང་མི་གཉིས་པ་དེ་རྡོ་རྗེ་དང་ཆོས་མཚུངས་སྦྱར་ནས་རྟོག་གེའི་བློས་མི་ཆོད་པ། ཐ་སྙད་ཀྱི་རིགས་པས་མི་ཤིགས་པ། གནས་ལུགས་ཇི་ལྟ་བ་བཞིན་དུ་བདེན་པ། སྐལ་དམན་གྱིས་རྟོགས་དཀའ་བས་སྲ་བ། ངོ་བོ་ལ་འཕོ་འགྱུར་མི་སྲིད་པས་བརྟན་པ། འཁོར་འདས་ཐམས་ཅད་ལ་ཁྱབ་ཅིང་འཇུག་པས་ཐམས་ཅད་ལ་ཐོགས་པ་མེད་པ་དེ་ལྟར་གསུངས་སོ། །ཚིག་རྐང་གཉིས་པ་ཀུན་ཁྱབ་རང་གསལ་ཀུན་ཏུ་སྣང་༔ཞེས་པ་འདིས་ཀུན་སྣང་གི་ཏིང་ངེ་འཛིན་བསྟན་ལ། གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས། སྤྲོས་དང་བྲལ་བའི་མཉམ་བཞག་ཆེན་པོ་ལས། །བསམ་གྱིས་མི་ཁྱབ་ཏིང་འཛིན་རྩལ་དུ་འཆར། །ཞེས་གསུངས་པ་ལྟར་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་ངོར་ཇི་ལྟར་འཆར་ཡང་རིག་ངོ་ལ་སྤྲོས་པ་དང་བྲལ་བའི་བདེན་འཛིན་གྱི་འཆིང་བ་ཐམས་ཅད་གྲོལ་བའི་ངང་ནས་གཞན་དོན་བྱེད་པ་དེ་ཇི་ལྟར་ཡིན་ན་དོན་དམ་སྟོང་ཉིད་ཀྱི་དོན་མ་རྟོགས་ནས་འཁོར་བ་སྡུག་བསྔལ་གྱི་མཚོ་ཆེན་གྱི་ནང་དུ་འཁོར་བའི་སྡུག་བསྔལ་གྱིས་མནར་བཞིན་ཡོད་པའི་ཉམས་ཐག་སྙིང་རྗེའི་ཡུལ་གྱུར་གྱི་འགྲོ་བ་ལ་སྙིང་རྗེ་བསྐྱེད་པ་དང་། དེ་ཡང་སྟོང་པ་བདག་རྟོག་དང་བྲལ་བའི་ངང་ལས་མ་གཡོས་བཞིན་དུ་གསལ་ཆའི་རང་གདངས་དེ་ཀུན་ཁྱབ་སྙིང་རྗེ་ཆེན་པོར་ཤར་བ་དེ་ཡིན་ནོ། །འགྲོ་དྲུག་སེམས་ཅན་གྱི་སྡུག་བསྔལ་ལ་དམིགས་པ་སེམས་ཅན་ལ་དམིགས་པའི་སྙིང་རྗེ། མ་རྟོགས་འཁྲུལ་བ་འཁྱམ་ཚུལ་ཇི་བཞིན་དུ་གཟིགས་པ་ཆོས་ལ་དམིགས་པའི་སྙིང་རྗེ། དམིགས་པ་ཐམས་ཅད་དང་བྲལ་བའི་དམིགས་མེད་དེ་བཞིན་ཉིད་ཀྱི་རང་ངོ་རྗེན་པའི་ངང་དུ་མཉམ་པར་བཞག་པ་དེ་དམིགས་པ་མེད་པའི་སྙིང་རྗེ་སྟེ་ཡང་དག་ཡེ་ཤེས་ཀྱི་དོན་རྟོགས་པ་དེ་དོན་དམ་སེམས་བསྐྱེད་ཀྱང་ཡིན་ནོ། །འདིའི་སྦྱང་བྱ་བར་དོའི་ལུས་དབང་པོ་ཀུན་ཚང་རྨི་ལམ་ལྟ་བུ། སྦྱོང་བྱེད་ཀུན་ཏུ་སྣང་བའི་སྙིང་རྗེས། སྦྱངས་འབྲས་ལོངས་སྐུ་ཡེ་ཤེས་ཀྱི་སྐུ་ཅན་ནོ། །དགོས་པ་ནི་འདི་བསྒོམས་པས་བར་དོའི་འཁྲུལ་སྣང་མ་སྤངས་གནས་སུ་དག བར་དོའི་སྒྱུ་ལུས་ལོངས་སྐུར་གྲོལ་རུང་གི་ས་བོན་མ་བཙལ་ངང་གིས་རྫོགས། འོད་གསལ་གྱི་ངང་ལས་ཡེ་ཤེས་ཀྱི་སྐུར་ལྡང་བའི་གཞི་མ་བྱས་རང་བྱུང་དེ་སྨིན་པ་སྟེ་དེ་ཡིས་དག་རྫོགས་སྨིན་གསུམ་ཚང་བ་ཡིན་ནོ། །དེ་ལྟ་བུའི་དག་རྫོགས་སྨིན་གསུམ་ཚང་བ་དེ་ཉིད་ཀྱིས་གཟུགས་སྐུ་གཉིས་ཀྱི་སྤྲོ་གཞི་རང་ཤར་བས་འགྲོ་དོན་མ་འབད་ལྷུན་གྲུབ་ཏུ་འགྱུར་ཞིང་། ཀུན་སྣང་འདི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཡིན་ལ། བར་དོའི་ཡིད་ལུས་སྒྱུ་མ་ལྟ་བུ་དེ་ལོངས་སྐུའི་ཡེ་ཤེས་སྒྱུ་མ་ལྟ་བུའི་སྐུ་ཅན་དུ་བཞེངས་པའི་ཕྱིར་དེ་མ་རྟོགས་པའི་འགྲོ་བ་ལ་སྒྱུ་མ་ལྟ་བུའི་སྙིང་རྗེ་མཁའ་ཁྱབ་ཏུ་སྤྲོ་བ་དེ་ལ་ཀུན་སྣང་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཟེར་རོ། །ཚིག་རྐང་གསུམ་པ་འགག་མེད་རྒྱུ་ཡི་ཨཱཿམཐིང་གསལ༔ཞེས་པའི་ཚིག་འདིས་རྒྱུའི་ཏིང་ངེ་འཛིན་བསྟན་ལ། གསང་སྔགས་བླ་མེད་ཀྱི་མྱུར་ལམ་ལས་སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་རང་མདངས་སྒྱུ་མ་དང་མིག་འཕྲུལ་ལྟ་བུའི་རྫུ་འཕྲུལ་གྱི་རོལ་བ་ལས། ངོ་བོ་རང་རིག་འགྱུར་མེད་ཡེ་ཤེས་ཀྱི་རྟེན་དུ་གྱུར་པའི་དྭངས་མའི་སྲོག་དེ་ཉིད། རང་བཞིན་ཞི་ཁྲོ་རིགས་བརྒྱའི་རྟེན་དང་བརྟེན་པའི་སྤྲོ་གཞིར་གྱུར་པ་དེ་རྒྱུ་རྡོ་རྗེ་འཛིན་པའི་ས་བོན་ཏེ། འཇམ་དཔལ་སྒྱུ་དྲྭ་ལས། རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཅེས་གསུངས་པ་ལྟར་དུ་ངོ་བོ་སྐྱེ་མེད་ཀྱི་ཡི་གེ་ཨ་ཡིག་དེ་རང་བཞིན་འགྱུར་མེད་དུ་མཚོན་བྱེད་ཁ་དོག་མཐིང་ཁར་ཤར་བ་དེ་ཉིད་སྦྱང་བྱ་བར་དོའི་རླུང་སེམས་ཕྱི་མའི་སྐྱེ་གནས་ལ་འཇུག་ཁ་མ་འཇུག་སྲིད་ཀྱི་སྣང་བ་ཤར་བ་དེ། སྦྱོང་བྱེད་སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་རོལ་བ་རྒྱུའི་ས་བོན་གྱི་རྣམ་པར་ཤར་བའི་ཨ་ཡིག་དེས། སྦྱངས་པར་བྱས་པའི་སྦྱངས་འབྲས་སྤྲུལ་བའི་སྐུ་གང་འདུལ་དེར་སྟོན་སྣ་ཚོགས་སྒྱུ་འཕྲུལ་གྱི་རོལ་གར་ཅན་ནོ། །དགོས་པ་ནི་འདི་བསྒོམས་པས་སྐྱེ་གནས་ཀྱི་བག་ཆགས་མ་སྤངས་གནས་སུ་དག སྐྱེ་བ་སྤྲུལ་སྐུའི་ལམ་བྱེད་ཀྱི་ས་བོན་མ་བཙལ་ངང་གིས་རྫོགས། བདེ་སྟོང་རླུང་སེམས་ཀྱི་ཆ་ལས་བྱུང་བའི་མཚན་རྫོགས་གཟུགས་སྐུའི་བཀོད་པ་མ་བྱས་ལྷུན་གྲུབ་ཏུ་སྨིན་པ་སྟེ། དེ་ལྟ་བུའི་དག་རྫོགས་སྨིན་གསུམ་ཚང་བའི་སྟོབས་ཀྱིས་གང་འདུལ་སྤྲུལ་བའི་རྣམ་རོལ་གྱིས་འགྲོ་བའི་རེ་བ་སྐོང་བའི་འགྲོ་དོན་རང་ཤུགས་ཀྱིས་འབྱུང་བ་དེ་ལྟར་ཡིན་ནོ། །རྒྱུའི་ཏིང་ངེ་འཛིན་ཞེས་པ་འདི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཡིན་ལ། ཏིང་འཛིན་གྱི་རྣམ་རོལ་ཟབ་མོ་དེ་ཉིད་ཞུམ་པ་མེད་པར་དཔའ་ཉམས་སུ་ཤར་བའི་རྐྱེན་གྱིས་བྱ་དཀའ་བའི་གནས་ལ་མི་ཞུམ་པར་ཐེག་ཆེན་རྒྱལ་སྲས་ཀྱི་སྤྱོད་པ་རྨད་དུ་བྱུང་བས་གདུལ་བྱ་འདུལ་བར་མཛད་པའི་ཕྲིན་ལས་ཅན་ཞིག་ཡིན་ནོ།།

ཁ༽འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ།

ཀ ཇི་ལྟར་སྒོམ་པའི་ཚུལ་བཤད་པ།

དེའི་མཚམས་སུ་སྟོང་གསལ་རང་བབ་གདོས་བཅས་བྲལ༔ཞེས་པ་འདིས་རྒྱུའི་ས་བོན་ཨ་ཡིག་དེ་ཉིད་སྟོང་གསལ་འགག་པ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ལས་ཤར་བའམ་བབས་ལས་གདོས་བཅས་གཟུགས་སུ་གྲུབ་པ་མ་ཡིན་པའི་སྣང་སྟོང་ནམ་མཁའི་འཇའ་ཚོན་ལྟ་བུར་གསལ་འདེབས་པ་ནི་བརྟེན་པ་ལྷ་ཚོགས་བསྐྱེད་པའི་སྔོན་དུ་རྟེན་གཞལ་ཡས་ཁང་བསྐྱེད་པའི་འོག་གཞི་འབྱུང་བ་རིམ་བརྩེགས་བསྐྱེད་པའི་ས་བོན་ཡིན་ནོ། །སྤྱིར་བསྐྱེད་རིམ་ཞེས་པ་འདི་ལ་ཡོ་ག་རྣམ་པ་གསུམ་གྱི་བསྐྱེད་ཚུལ་ལ་དབྱེ་བ་ཡོད་པ་ཞིག་ཡིན་པས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་སྐབས་འདི་ལ་ཡོ་ག་རྣམ་པ་གསུམ་གྱི་དགོངས་དོན་གཙོ་ཆེ་ཆུང་ལ་བཞག་སྟངས་དེ་ཆོས་ཚན་ནང་གསེས་ལ་ཁྱད་པར་ཡོད་པ་ཞིག་ཡིན་ལ། དཔེར་བཞག་ན་ཡིག་འབྲུའི་ས་བོན་ལས་བསྐྱེད་པ་འབྲུ་བསྐྱེད་གཙོ་བོར་བྱས་པ་དེ་ཐབས་བསྐྱེད་རིམ་གཙོ་བོར་བསྟན་པ་རྒྱུད་མ་ཧཱ་ཡོ་ག་ལྟར་དུ་བསྟན་པ་ལས་བྱང་ཆེ་བ་འདི་དང་། རྡོ་རྗེའི་ལུས་ཀྱི་རྩ་ཐིག་རླུང་གསུམ་གྱི་ངོ་བོ་ལ་མ་བསྐྱེད་ཡེ་རྫོགས་ཀྱི་ཚུལ་གྱིས་ཤེས་རབ་རྫོགས་པའི་རིམ་པ་ལྟར་དུ་གཙོ་བོར་བསྟན་པ་ཆོས་སྤྱོད་བག་ཆགས་རང་གྲོལ་ལྟ་བུ། སྤྱི་ཁྱབ་ཀྱི་འཁོར་བའི་རྟོག་ཚོགས་མ་སྤངས་གནས་དག་གི་ཚུལ་དུ་བསྒོམ་བྱ་སྒོམ་བྱེད་གཉིས་མེད་ལྷ་སྐུ་རིག་རྩལ་དུ་རྫོགས་པ་མ་ཧཱའི་ཨ་ཏི་ཞེས་པའམ་ཨ་ཏིའི་མ་ཧཱ་ལྟར་མན་ངག་རྫོགས་པ་ཆེན་པོའི་ལུགས་ལྟར་དུ་བྱས་པ་སྟེ་དེ་ལྟར་གསུམ་ཡོད་པའི་ནང་གི་སྐབས་འདིའི་ལས་བྱང་ཆུང་བ་འདི་ལ་དེ་གསུམ་ཁ་ཚང་བའི་ཐོལ་བསྐྱེད་གཙོ་བོར་བྱས་པ་ཞིག་ཡིན་ནོ། །དེ་གསུམ་ཇི་ལྟར་ཚང་ན། དབྱིངས་ལས་ས་བོན་ཤར་བ་དེ་རྒྱུད་མ་ཧཱ་ཡོ་གའི་དགོངས་པ་དང་མཐུན་ལ། དབྱིངས་དང་ཡེ་ཤེས་གཉིས་མེད་ཀྱི་ལྟ་བས་ཟིན་པ་དེ་ལུང་ཨ་ནུ་ཡོ་གའི་ལམ་དང་འབྲེལ་ཞིང་། དེ་ཡང་རིག་རྩལ་དུ་ཤེས་པ་མན་ངག་ཨ་ཏི་ཡོ་གའི་དགོངས་གནད་དང་མཐུན་པའི་ཐུན་མིན་གྱི་མན་ངག་ཡིན་ནོ། །དེའི་ཕྱིར་ན་མགོ་ཞིག་ནས་རྒྱུད་ལུང་མན་ངག་གི་ནང་བཅུད། ཡོ་ག་གསུམ་གྱི་བཅུད་འདྲིལ། སྙིང་པོའི་ཡང་ཞུན་ཡིན་ཞེས་བཤད་པ་དང་འདི་གཉིས་དོན་གཅིག་ཏུ་གྲུབ་བོ།།

ཁ སྒོམ་པའི་རིམ་པ་དངོས་བཤད་པ།

༼༡༽རྟེན་གཞལ་ཡས་ཁང་འབྱུང་བ་རིམ་བརྩེགས་དང་བཅས་པ་བསྐྱེད་པ།

དེ་ཡན་ཆད་ཀྱིས་ཇི་ལྟར་སྒོམ་པའི་ཚུལ་བཤད་ནས་ད་ནི་སྒོམ་པའི་རིམ་པ་དངོས་ལ་ཐུག་པ་ཡིན་ལ། འདིའི་བརྟེན་པ་དཀྱིལ་འཁོར་གྱི་ལྷ་ཚོགས་བསྐྱེད་པའི་སྔོན་དུ་རྟེན་གཞལ་ཡས་ཁང་། དེའི་སྔོན་དུ་འོག་གཞི་འབྱུང་བ་རིམ་བརྩེགས་བསྐྱེད་པ་དེ་ཉིད་འབྱུང་ཞིང་། ཨཿལས་ཨེ་ཡྃ་བྃ་ལྃ་འཕྲོས༔ ནམ་མཁའ་རླུང་ཆུ་ས་གཞི་བརྡལ༔ཞེས་པ་འདིས་འོག་གཞི་བསྐྱེད་པ་བསྟན་ཏོ། །གོང་ནས་གསལ་འདེབས་རྒྱུའི་སྟོང་གསལ་རང་བབ་གདོས་བཅས་དང་བྲལ་བའི་ཨ་ཡིག་མཐིང་ཁ་རང་བཞིན་གྱིས་མ་གྲུབ་པ་འཇའ་ཚོན་ལྟ་བུ་ཞིག་ནམ་མཁར་གནས་པའི་རྒྱུའི་ཨ་ཡིག་ཅིག་ཡོད་ཅེས་བཤད་པའི་རྒྱུའི་ཨ་ཡིག་དེ་ལས། ཨེ་ཡིག་མཐིང་ནག་ཅིག་ཆད་ནས་དེ་ཉིད་ནམ་མཁའ་མཐིང་ནག་རྣམ་པ་ཆོས་འབྱུང་སྣོལ་མ་ཟུར་དྲུག་ཅན་ཞིག་འཕེལ་ཁ་གྱེན་དུ་བསྟན་ནས་རྩ་བ་གཉིས་ཀའི་ཕྲ་བ་གཉིས་ཀ་ཟུར་དུ་མར་ཟུག་ཡོད་པ། དོན་ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མའི་མཁའ་ཀློང་རྣམ་པར་དག་པ། དེ་ཡང་རྒྱ་ཆེན་པོ་ཆོས་ཀྱི་དབྱིངས་དང་མཉམ་པ། ཆོས་འབྱུང་སྣོལ་མར་བྱས་པའི་འོག་མ་ཤེས་རབ་དང་། སྟེང་མ་ཐབས་ཀྱི་རང་བཞིན་ནོ། དེ་བཞིན་དུ་ཨ་ལས་ཨེ་ཡྃ་བྃ་ལྃ་རིམ་པ་བཞིན་དུ་འཕྲོས་ནས། མཁའ་ལ་རླུང་བརྟེན་དེ་ལ་ཆུ་ཡི་ཕུང་པོ་བརྟེན། །དེ་ལ་ས་ཆེན་འདི་བརྟེན་དེ་ལ་འགྲོ་བའང་བརྟེན། །ཞེས་གསུངས་པའི་སྣོད་བཅུད་ཆགས་པའི་འགྲོས་ལྟར་དུ་སྦྱང་གཞི་སྦྱོང་བྱེད་དག་རྫོགས་སྨིན་གསུམ་ཚང་བའི་ཐོག་ནས་བསྐྱེད་རིམ་འདི་བཤད་དགོས་སོ། །འཁོར་བ་དང་རྣམ་པ་མཐུན་པས་སྲིད་པ་སྦྱངས་ཤིང་དག མྱ་ངན་ལས་འདས་པ་དང་བཞུགས་ཚུལ་མཐུན་པས་འཁོར་བ་གཞི་ལ་རྫོགས། ཐམས་ཅད་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བས་ན་དེ་ལྟར་དག་རྫོགས་སྨིན་གསུམ་ཚང་བ་ཡིན་ནོ། །ལས་བྱང་ཆུང་བའི་སྐབས་ཐོལ་བསྐྱེད་གཙོ་བོ་བྱེད་རྒྱུ་ཡིན་ཞིང་། ཚིག་སྣ་ཡང་བསྟུངས་ནས་སྙིང་པོ་དྲིལ་ཡོད་ལ། ཡོ་གའི་རྣལ་འབྱོར་གྱི་རྒྱུད་གསུམ་པོ་དང་འབྲེལ་སྐབས་བསྐྱེད་རིམ་གྱི་རྟེན་དང་བརྟེན་པའི་གོ་རིམ་ཡང་ངེས་དགོས་པ་ཡིན་ནོ། །བསྐྱེད་པའི་སྐབས་སུ་བསྐྱེད་རིམ་གྱི་གནད་མ་ཤོར་བ་ཞིག་དགོས་པས་ཅུང་ཟད་ཞིབ་ཆ་ཞིག་མ་བྱས་ཐབས་མེད་ཡིན་ལ། འོ་ན་འོག་གཞི་རླུང་ཆུ་ས་དཀྱིལ་གསུམ་མཁའ་ལ་བརྟེན་ནས་ཆགས་པ་ཡིན་ཞིང་། མཁའ་ཀློང་བདེ་བ་ཆེན་པོ་ཆོས་འབྱུང་གི་རྣམ་པ་ལས་ཡྃ་འཕྲོས་ནས་རླུང་གི་དཀྱིལ་འཁོར་རྡོ་རྗེ་རྒྱ་གྲམ་གྱི་རྣམ་པ་ཅན་ཁ་དོག་སྣ་ལྔ་འོད་ལྔའི་མུ་ཁྱུད་ཀྱིས་བསྐོར་བ་དམ་ཚིག་སྒྲོལ་མའི་མཁའ་ཀློང་རྣམ་པར་དག་པ་དེ་ཡིན་ནོ། །དེའི་སྟེང་དུ་བྃ་ལས་ཆུའི་དཀྱིལ་འཁོར་མཱ་མ་ཀཱའི་མཁའ་དབྱིངས་རྣམ་པར་དག་པ། དེའི་སྟེང་དུ་ལྃ་ལས་རིན་པོ་ཆེའི་གསེར་གྱི་ས་གཞི་ཆགས་པ་ཡིན་ནོ། འདི་འབྱུང་བ་རིམ་བརྩེགས་ཞེས་པ་ཡིན་པས་མེ་མེད་པའི་རྒྱུ་མཚན་གང་ཡིན་ཞེ་ན། དེའི་དོན་ནི་རྒྱུད་ཀློང་གསལ་ལས། མཁའ་ལ་རླུང་ཆགས་རྒྱ་གྲམ་ཚུལ། །རླུང་ལས་ཆུ་ཆགས་རྒྱ་མཚོར་འཁྱིལ། །ཆུ་ལས་ས་ཆགས་ད་ལའི་ཚུལ། །མེ་ནི་རླུང་གི་རྩལ་ཡིན་ནོ། །ཞེས་གསུངས་ཡོད་ལ། དེའི་དོན་ནི་མེ་རླུང་གི་རྩལ་ཡིན་ཞིང་རང་ཤུགས་ཀྱིས་ཡོད་པས་ཁྱད་པར་དུ་བྱས་ནས་མ་བསྟན་པ་ཡིན་ནོ། །དེ་སྤྱིར་བཏང་འུ་ཚོས་མཐོང་ཆོས་མངོན་གྱུར་གྱིས་ཤེས་རྒྱུ་ཞིག་ཀྱང་ཡིན་ལ། དེང་སང་མིའི་རིགས་ཀྱི་འཕྲུལ་རིགས་ཀྱི་ཆུ་ཚད་གོང་མཐོར་སོང་ནས་འཇིག་རྟེན་འཕུར་གྲུ་མཁའ་དབྱིངས་སུ་མངགས་ནས་ཕྱིར་ས་གཞི་ལ་ཤུགས་ཀྱིས་ལྷུང་ནས་འབབ་དུས་ལྕགས་སྤྱིར་བཏང་བ་ཞིག་ཡིན་ན་ཞུ་འགྲོ་བའི་མེ་ཚ་མོ་ཞིག་དེའི་བར་དུ་རླུང་ཤུགས་ཀྱིས་ཡོང་བ་ཡིན་ཞིང་། དེ་མིན་ན་ཡང་དངོས་པོ་གཉིས་དྲག་ཏུ་བརྡར་ཞིང་གཙུབས་པས་བར་ནས་དྲོད་དང་མེ་འབྱུང་བ་དེ་རླུང་གི་ནུས་པའམ་རྩལ་ལས་ཐོན་པ་ཡིན་ནོ། །ཀློང་གསལ་གྱི་ལུང་གི་མེ་ནི་རླུང་གི་རྩལ་ཡིན་ནོ་ཞེས་པ་འདི་ཡང་རྩལ་ཞེས་པ་རིག་རྩལ་ལ་སོགས་པ་ནམ་བཤད་ཀྱི་སྐབས་སུ་ནུས་པ་ལ་གོ་དགོས་ལ། ངོ་མས་བཤད་ན་རླུང་དེ་ཡང་འབྱུང་བ་གཞན་གསུམ་གྱི་གྲོགས་ཡིན་ནོ། །རླུང་རྒྱ་གྲམ་གྱི་ལྟེ་བ་ལ་ཡེ་ཤེས་ཀྱི་དྲོད་བག་ཙམ་ཞིག་བྱུང་། དེ་ཆུ་ལ་ཕོག་ནས་རླངས་པ་མཐོངས་ཁུང་གི་དུ་བ་འདྲ་བ་ཞིག་བྱུང་། དེ་ས་དཀྱིལ་ལ་ཕོག་ནས་ཆན་ལ་ཕབ་བཏབ་པ་དང་འདྲ་བའི་དྲོད་ཅིག་འབྱུང་ཞིང་། རྒྱུད་ཀློང་གསལ་ལས། རླུང་ནི་ཀུན་གྱི་གྲོགས་ཡིན་ནོ། །འབྱུང་བ་གསུམ་ལ་མཉམ་པར་ཁྱབ། །ཅེས་གསུངས་ལ། དེ་ཚོའི་ཁུངས་དང་གཏུགས་ནས་བཤད་ཆོག་གོ། །འབྱུང་བའི་ས་བོན་དེ་རྣམས་ཀྱི་ཡི་གེའི་ཁ་དོག་ཨེ་མཐིང་ཁ། ཡྃ་ལྗང་གུ། བྃ་ངོ་མས་བཤད་ན་ཡེ་ཤེས་ལྔ་ཡི་རང་མདོག་ལས་མཚོན་ན་དཀར་བོ་ཡིན་ཆོག་ཀྱང་འདིའི་བསྐྱེད་རིམ་གྱི་སྐབས་སུ་མ་ངེས་པ་ཞིག་ལ་བཞག་ཡོད་ལ། ལས་བྱང་ཆེ་བའི་ནང་དུ་ཁ་དོག་མ་ངེས་རྒྱ་མཚོ་འཁྱིལ་ཞེས་གསུངས་ཡོད་ཅིང་། གླིང་བཞིའི་རང་ཕྱོགས་ཀྱི་རི་རབ་དང་རྒྱ་མཚོ་དེ་དེ་དང་མཚུངས་པའི་ཁྱད་པར་ཡོད་ཚུལ་གསུངས་པ་དང་མཐུན་ནོ། །ལྃ་སེར་བོ་ཡིན་ཞིང་། རྒྱུའི་ས་བོན་ཨ་ཡིག་ལས་འབྱུང་བཞིའི་ས་བོན་འཕྲོ་འཕྲོར་མཆེད་སྐབས་འབྱུང་བ་དེ་དང་དེར་འཛིན་གྱི་རྟོག་པ་དང་བྲལ་བའི་འབྱུང་བའི་དྭངས་མ་ཡེ་ཤེས་ལྔའི་ཡོན་ཏན་བསྡུས་ནས་ཡི་གེའི་རྣམ་པར་འོད་དུ་ཞུ་བ་ལས་འབྱུང་དཀྱིལ་རིམ་པར་བརྩེགས་པ་དེ་ལྟར་ཡིན་ནོ། །འདིའི་སྦྱང་བྱ་ནི་དཔལ་ལྡན་ཟླ་བས། སེམས་ཉིད་ཀྱིས་ནི་སེམས་ཅན་འཇིག་རྟེན་དང་། །སྣོད་ཀྱི་འཇིག་རྟེན་ཤིན་ཏུ་སྣ་ཚོགས་བཀོད། །འགྲོ་བ་མ་ལུས་ལས་ལས་སྐྱེས་པར་གསུངས། །སེམས་སྤངས་ནས་ནི་ལས་ཀྱང་ཡོད་མ་ཡིན། །ཞེས་གསུངས་པ་ལྟར་དུ་འཁྲུལ་ངོར་སྣང་བའི་འབྱུང་བཞི་རི་གླིང་དང་བཅས་པ་རང་སེམས་ལས་སྣང་བ་དེ་སྦྱང་བྱ་ཡིན་ལ། སྦྱོང་བྱེད་ཡེ་ཤེས་ལྔའི་རང་མདངས་འབྱུང་ལྔའི་ས་བོན་ལས་འོག་གཞི་འབྱུང་བ་རིམ་བརྩེགས་སུ་སྒོམ་པ། འདིའི་སྦྱངས་འབྲས་ནི་ཆོས་ཉིད་དོན་དམ་པའི་རང་སྣང་གི་ཡེ་ཤེས་བདེ་སྟོང་རྣམ་པར་དག་པའི་མཁའ་ཀློང་དུ་དྲིལ་བ་དང་། དགོས་པ་འབྱུང་ལྔའི་བག་ཆགས་མ་སྤངས་གནས་སུ་དག ཡུམ་ལྔའི་མཁའ་ཀློང་དག་པའི་རྟེན་འབྲེལ་མ་བཙལ་ངང་གིས་རྫོགས། རྩ་ཁམས་རྣམ་པར་དག་པའི་འབྲས་བུ་མ་བྱས་ལྷུན་གྲུབ་ཏུ་སྨིན་པ་དེ་ལྟ་བུ་ཡིན་ནོ།།

ཨཿལས་བྷྲཱུྃ་འཕྲོས་གཞལ་ཡས་ཁང༔

ཟུར་བཞི་ལོགས་བཞི་སྒོ་བཞི་ལྡན༔

སྟོང་བའི་དབྱིངས་སུ་འཇའ་ལྟར་ཤར༔

ཕྱི་དང་ནང་མེད་ཟང་ཐལ་གསལ༔

ཡིད་འོང་མཛེས་ལྡན་གཞལ་ཡས་ཁང་༔

རྒྱལ་བ་ཞི་ཁྲོའི་བཞུགས་གནས་སོ༔

ཞེས་པ་འདིས་རྟེན་གཞལ་ཡས་ཁང་བཤད་ལ། རྒྱུའི་ཨ་ཡིག་དེ་ཉིད་ལས་འབྱུང་བཞི་རི་རབ་དང་བཅས་པའི་དྭངས་མ་འདུས་པའི་ཆོས་དབྱིངས་ཡེ་ཤེས་ཀྱི་རང་རྩལ་བྷྲཱུྃ་ཡིག་ཁ་དོག་ལྔ་དང་ལྡན་པ་ཞིག་ལས་ཐར་བ་ཆེན་པོའི་གཞལ་ཡས་ཁང་བསྒོམ་དགོས་སོ། །བྷྲཱུྃ་ཡིག་ཁ་དོག་ལྔ་ལྡན་ལས་ཐར་བ་ཆེན་པོའི་གཞལ་ཡས་ཁང་ཇི་ལྟར་བསྒོམ་དགོས་ཤེ་ན། ལས་བྱང་ཆུང་བའི་ཚིག་འདི་ཤིན་ཏུ་བསྡུས་པ་ཡིན་ཞིང་། བསྡུས་པའི་རྒྱུ་མཚན་ནི་བསྐྱེད་རིམ་ཤིན་ཏུ་བྱང་ཆ་ཡོད་པའི་རྣལ་འབྱོར་བས་ཐོལ་བསྐྱེད་ཀྱི་དགོས་པ་དང་བསྟུན་པ་ཡིན་ལ། འདི་ནས་ལས་དང་པོ་པ་ལ་ཕན་པའི་ཆེད་དུ་ཞིབ་ཆ་བྱས་ན་གོང་གི་ས་དཀྱིལ་གྲུ་བཞི་སེར་བོ་ཆགས་པའི་སྟེང་དུ། རིན་པོ་ཆེ་སྣ་ཚོགས་ཀྱི་རི་རབ་ཟུར་བཞི་ལོགས་བཞི་དང་བརྒྱད་ཅན་འདིའི་སྐབས་སུ་ཆུ་མཚམས་ཡན་ཆད་དུ་བསྒོམ་རྒྱུ་ཡིན་པ་དང་། ཆུ་མཚམས་ཡན་ཆད་ཀྱི་ཕྱེད་ཀྱི་སྨད་ཆ་དེ་བང་རིམ་བཞི་བརྩེགས་དང་། ཕྱེད་ཀྱི་སྟོད་ཆ་དེ་གཞལ་ཡས་ཁང་གི་འོག་གཞི་རུ་གསལ་འདེབས་དགོས་སོ། །དེ་ལྟ་བུའི་འོག་གཞིའི་སྟེང་ལ་ཕྲིན་ལས་རྣམ་བཞིས་ཡོངས་སུ་ཁྱབ་པའི་བརྡ་རུ་འོག་གཞི་པདྨ་འདབ་མ་སྟོང་ལྡན། དེའི་ལྟེ་བར་ཡོན་ཏན་ལྷུན་གྱིས་གྲུབ་པའི་བརྡ་རུ་ཉི་མའི་དཀྱིལ་འཁོར་བཀྲག་ལ་འཚེར་བ། དེའི་སྟེང་དུ་རྣམ་རྟོག་གི་འགྱུ་དྲན་རིག་སྟོང་དུ་གྲོལ་བའི་རྟགས་སུ་སྣ་ཚོགས་རྡོ་རྗེ་སྟེ། རྡོ་རྗེ་རྒྱ་གྲམ་ཕྱོགས་མདོག་ཅན། རྡོ་རྗེའི་ལྟེ་བ་གྲུ་བཞི་ཡིན་པ། འགྱུར་བ་མེད་པའི་བརྡ་རུ་མདོག་མཐིང་ཁ་ཡིན་པ། དེའི་སྟེང་དུ་གདུལ་བྱའི་དགོས་འདོད་ཡིད་བཞིན་དུ་སྐོང་བའི་བརྡ་རུ་རིན་པོ་ཆེའི་གཞལ་ཡས་ཁང་། ནང་ནས་ཕྱི་རུ་རིམ་པ་བཞིན་དུ་ཁ་དོག་ནི། སྔོ་དང་དཀར་དང་སེར་དང་དམར། །ཀུན་གྱི་ཐ་མ་ལྗང་གུ་སྟེ། །ཞེས་ཧེ་རུ་ཀ་འདུས་པའི་རྒྱུད་ཀྱི་ལུང་ལས་གསུངས་པ་ལྟར་བེེཌཱུརྱ་དང་། ཤེལ། གསེར། པདྨ་རཱ་ག མརྒད་དང་ལྔ་སྟེ་རིམ་པ་བཞིན་དུ་ཡོད་དོ། །ཡང་མཐིང་དཀར་དམར་སེར་ལྗང་གུའི་རིམ་པ་དེ་ལྟར་སྒྲིག་རྒྱུའི་དགོངས་པ་ཡང་ཡོད་ལ། བཀའ་བརྒྱད་བདེ་འདུས་ལས་རིགས་ལྔའི་རང་མདོག་གི་ཐོག་ནས་བཤད་ཡོད་ཅིང་། དེ་དག་ཐམས་ཅད་འགལ་བ་མེད་དོ། །གཞལ་ཡས་ཁང་དེ་ཉིད་ཆེ་བའི་ཡོན་ཏན་ལྡན་པས་གྲུ་བཞི་བ་ཡིན་ཞིང་། ཚད་མེད་པས་སྒོ་བཞི་དང་ལྡན་པ་ཡིན་ལ། སྔགས་ཀྱི་སྐབས་སུ་ཚད་མེད་བཞི་དང་སྒོ་བསྟུན་པའི་རྣམ་ཐར་ཡང་སྒོ་བཞིར་གསུངས་སོ། །སྒོའི་ནང་འགྲམ་རྣམ་ཤེས་ཚོགས་བརྒྱད་རྣམ་པར་དག་པའི་ལྷ་ཆེན་བརྒྱད་ཀྱི་ཀ་བ། ལྷ་བརྒྱད་ནི་ཁྱབ་འཇུག་དང་། མ་ཧཱ་དེ་བ། བྷྲྀངྒི་རི་དྷི་སོགས་ཡིན། བྷྲྀངྒི་རི་དྷི་ཞེས་པ་བྲམ་ཟེ་ཏམ་བུ་རའི་མིང་ཡིན་ཟེར་སྲོལ་ཡོད། དེ་ཐམས་ཅད་དག་པ་དང་སྦྱར་ན་ཉེ་ཉོན་ཉི་ཤུ་དག་པ་ལྷ་བྲན་གྱི་དྲལ་ཕྱམ། ཡོན་ཏན་ལྷུན་གྱིས་གྲུབ་པའི་རིན་པོ་ཆེ་སྣ་ཚོགས་ཀྱིས་ཐོག་ཕིབས་པ། རྣམ་ཤེས་ཡུལ་བརྒྱད་དང་བྲལ་བའི་རུས་སྦལ་བརྒྱད། ཐུགས་རྗེས་མི་གཏོང་བའི་བརྡ་རུ་ཆུ་སྲིན་གྱི་ཀ་གདན། བཀྲ་ཤིས་པའི་རྟགས་སུ་མུ་ཏིག་དང་རིན་པོ་ཆེའི་ཀ་རྒྱན། རྣམ་ཐར་བརྒྱད་དང་ལྡན་པའི་རྟགས་སུ་ཉི་མ་ལ་སོགས་པའི་གཟའ་བརྒྱད་དང་རྒྱུ་སྐར་གྱི་ཀ་གཞུ། ཆེ་བའི་ཡོན་ཏན་དང་ལྡན་པའི་རྟགས་སུ་རྩིག་པའི་སྟེང་གི་ཕ་གུ་སེར་བོ་རིན་པོ་ཆེའི་ཕྲ་ཡིས་བརྒྱན་པ། སྐྱོན་བྲལ་ཡོན་ཏན་དང་ལྡན་པའི་རྟགས་སུ་ཕ་གུའི་སྟེང་དུ་ཆུ་སྲིན་ཀ་མ་རུའི་ཁ་ནས་དྲ་བ་དང་དྲ་ཕྱེད་ཀྱི་མིག་ཚགས་དང་ལྡན་པ། ད་རུང་དཀོན་མཆོག་གསུམ་གྱི་ཆོས་སྒྲ་སྒྲོག་པའི་དྲིལ་བུ་རྩ་བརྒྱད་ཅེས་པ་དང་། མཚན་དཔེ་བརྒྱ་དང་རྩ་བརྒྱད་མཚོན་པའི་མཆོད་རྟེན་བརྒྱ་དང་རྩ་བརྒྱད་ཀྱིས་བསྐོར་བ། འདིའི་མཆོད་རྟེན་ཞེས་པ་པུ་ཤུ་རྟ་རྐན་རིས་ལ་གོ་བ་ཡང་གསུངས་ཡོད། བསྟན་པ་མི་ནུབ་པའི་རྟགས་སུ་མི་ནུབ་པའི་རྒྱལ་མཚན་བཅུ་ཡིས་བསྐོར་བ། མི་ནུབ་རྒྱལ་མཚན་བཅུ་ཡིས་བསྐོར་ཞེས་དུས་རྒྱུན་འདོན་བཞིན་པ་དེ་ཡིན་ལ། རྒྱལ་མཚན་དེ་ཡང་རྒྱལ་མཚན་འདྲ་འདྲ་རྡོག་མ་བཅུ་ལ་གསུངས་པ་མ་ཡིན་ཞིང་། རྒྱལ་མཚན་གྱི་རིགས་བཅུ་ལ་གསུངས་པ་སྟེ། དེ་ཡང་དཔའ་བོ་སྟག་གི་རྒྱལ་མཚན། གཅན་གཟན་གཟིག་གི་རྒྱལ་མཚན། གཏུམ་ཆེན་དོམ་གྱི་རྒྱལ་མཚན། རྩལ་ཆེན་སེང་གེའི་རྒྱལ་མཚན། གཟི་མདངས་མི་ཡི་རྒྱལ་མཚན། དམར་གསལ་ཁྲག་གི་རྒྱལ་མཚན། སྤྲུལ་བ་རྡོ་རྗེའི་རྒྱལ་མཚན། རྒྱ་སྟེའུ་ལྕགས་ཀྱི་རྒྱལ་མཚན། གདུལ་བྱ་ཤ་བའི་རྒྱལ་མཚན། རིན་ཆེན་སྦྲུལ་ནག་གི་རྒྱལ་མཚན་ནོ། །ད་རུང་རི་དྭགས་ཆོས་ཉན་ཆོས་འཁོར་ཡོད་ལ། རི་དྭགས་ཆོས་ཉན་ཆོས་འཁོར་ནི་རི་དྭགས་ཀྲིཥ་ཎ་སཱ་ར་ཕོ་མོས་ཆོས་ཉན་བཞིན་ཡོད་པ། ཆོས་འཁོར་རིམ་པ་བཅུ་གསུམ་དང་ལྡན་པ། གདུགས་དང་དར་དཔྱངས་བཀྲ་ཤིས་པའི་རྫས་སྣ་ཚོགས་པ་དེ་ཚོ་བརྡ་རྟགས་མཚོན་པའི་དག་དྲན་རེ་རེ་བཞིན་དུ་ཡོད་དོ། །ཕྱི་རོལ་ལ་རྣམ་ཤེས་ཚོགས་བརྒྱད་གནས་སུ་དག་པའི་བརྡ་རུ་དུད་ཁྲོད་བརྒྱད་ཀྱིས་བསྐོར་བ། རྡོ་རྗེ་མཚོན་ཆ་མེ་རིས་བསྐོར་བ་ལ་སོགས་པ་འདི་ནས་བསྙེལ་གསོས་ཙམ་མམ་ཐུགས་གསོས་ཙམ་དུ་ཞུས་པ་ཡིན་མ་གཏོགས་རྒྱས་པར་རྒྱུད་སྡེ་ཆེན་མོའི་ནང་དུ་གསལ་བ་ལྟར་དུ་ཡིན་ནོ། །ལྷའི་དཀྱིལ་འཁོར་སྒོམ་པའི་སྐབས་སུ་ཟག་མེད་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་ཡངས་དོག་གི་མཐའ་ལས་འདས་ཤིང་། མ་འགགས་འཇའ་ཚོན་བཞིན་དུ་ཤར་བ། ཕྱི་ནང་སྒྲིབ་གཡོགས་མེད་པའི་ཟང་ཐལ། རྒྱ་ཆེན་ཆོས་ཀྱི་དབྱིངས་དང་མཉམ་པ། ནམ་མཁས་གར་ཁྱབ་ལ་ཁྱབ་པའི་དེ་ལྟར་གཞལ་ཡས་ཁང་རྒྱ་ཆེན་པོ་བསྒོམ་དགོས་སོ། །གོང་དུ་མགོ་ཞིག་ནས་བཤད་པ་ལྟར་དུ་དམིགས་པ་རྒྱ་ཆེ་དགོས་ཤིང་། མི་ཟད་རིན་ཆེན་གྱི་གཏེར་ཞེས་པ་ལྟར་དུ་སེམས་ཀྱི་བསམ་པའི་རྒྱ་ཆེན་གཞལ་དུ་མེད་པས་དང་པོ་ནས་རྒྱ་ཆེ་དགོས་པས། རྒྱ་ཆེན་ཆོས་དབྱིངས་དང་མཉམ་པ་དེ་ལྟར་བསྒོམ་དགོས་སོ། །ད་རུང་གོང་ནས་མ་གླེང་བའི་གཞལ་ཡས་ཁང་གི་ཤར་བུ། མདབ་ཡབ། འདོད་སྣམ། སྒོ་དང་། སྒོ་ཁྱུད། རྟ་བབས། སྣམ་བུ། ཀ་བའི་སྟེང་གི་རྡོ་རྗེའི་གདུང་མ་དང་། གདུང་ཆེན། རྩེ་མོའི་རྡོ་རྗེའི་རིན་པོ་ཆེའི་ཏོག་ལ་སོགས་པ་ཞིབ་ཏུ་བློས་བསླངས་ལག་ཁྲིད་ཀྱི་ཐོག་ནས་མཁྱེན་པར་མཛད་དགོས་ཤིང་མ་མཁྱེན་ཐབས་མེད་ཡིན་ནོ། །འདིའི་སྦྱང་བྱ་ནི་སེམས་ཅན་ཐམས་ཅད་ཀྱིི་ལོངས་སུ་སྤྱད་རྒྱུའི་ཡུལ་དང་ཁང་ཁྱིམ་ལ་སོགས་པའི་ཞེན་རྟོག སྦྱོང་བྱེད་ཡེ་ཤེས་རིན་པོ་ཆེའི་གཞལ་ཡས་ཁང་བསྒོམས་པས། སྦྱངས་འབྲས་ཆོས་དབྱིངས་ཡེ་ཤེས་ཀྱི་རྟེན་གནས་གཞལ་ཡས་ཁང་ཡུམ་ལྔ་ཡི་མཁའ་དབྱིངས་རྣམ་པར་དག་པ་གཙུག་གཏོར་འཁོར་ལོས་བསྒྱུར་བའམ་རྣམ་སྣང་གི་ངོ་བོར་རྟོགས་པ་དེ་ཉིད་སྦྱངས་འབྲས་ཡིན་ནོ། །འདིའི་དགོས་པ་ནི་དག་རྫོགས་སྨིན་གསུམ་གྱི་དགོས་པ་ཚང་ཞིང་། ཇི་ལྟར་ཚང་ན་ཕྱི་ནང་གི་རྟེན་རི་ར་བ་ཁང་ཁྱིམ་ཕུང་ཁམས་ལ་སོགས་པ་མ་སྤངས་གནས་སུ་དག སངས་རྒྱས་རང་སྣང་གི་ཞིང་དང་གཞལ་ཡས་ཁང་གི་རྟེན་འབྲེལ་མ་བཙལ་ངང་གིས་རྫོགས། རྩ་རླུང་ཐིག་ལེའི་འདུ་བ་སྟོང་གསལ་བདེ་བའི་རང་བཞིན་དེ་མ་བྱས་ལྷུན་གྲུབ་ཏུ་སྨིན་པ་སྟེ་དག་རྫོགས་སྨིན་གསུམ་དེ་ལྟར་ཡིན་ནོ། །ཞི་ཁྲོ་དམ་པ་རིགས་བརྒྱ་ལ་ཞི་བ་དང་ཁྲོ་བོའི་རིགས་གཉིས་ཡོད་ཅིང་། བཞུགས་གནས་གཞལ་ཡས་ཁང་སོ་སོ་དང་བསྲེས་ནས་བཞུགས་པ་གང་ཡིན་ཞེས་ལས་དང་པོ་པས་བསམ་མི་སྲིད་པ་མ་ཡིན་ཡང་གཞལ་ཡས་ཁང་སྟེང་འོག་ཉིས་བརྩེགས་མེད་པ་དང་། ཁྲོ་བོའི་བཞུགས་གནས་སོ་སོར་བྱེད་པ་དེ་ལྟར་འདིའི་སྐབས་སུ་མི་དགོས་ལ། འདི་གཞི་ལམ་འབྲས་གསུམ་གྱི་ཐོག་ནས་བཤད་ན་གཞིའི་སྐབས་སུ་རྡོ་རྗེའི་ལུས་གཅིག་ལ་སྙིང་ཁར་ཞི་བ་དང་དུང་ཁང་ཁྲོ་བོའི་ལྷ་ཚོགས་བཞུགས་རྒྱུ་དང་། ལམ་གྱི་སྐབས་སུ་གཞིའི་བཞུགས་ཚུལ་གྱི་རྣམ་པ་དེ་ལྟར་དུ་ལྷུན་གྲུབ་ལུས་དཀྱིལ་ལ་བསྒོམ་དགོས་པ། འབྲས་བུའི་སྐབས་སུ། ཁམས་དང་སྐྱེ་མཆེད་གནས་དག་པའི། །ཞི་བའི་ལྷ་ཚོགས་ཐུགས་དམ་བསྐང་། །ཉོན་མོངས་རྟོག་ཚོགས་གནས་གྱུར་པའི། །ཁྲོ་བོའི་ལྷ་ཚོགས་ཐུགས་དམ་བསྐང་། །ཞེས་གསུངས་པ་ལྟར་དུ་ཕྱིའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་མ་སྤངས་གནས་སུ་དག་པས་ཞི་བ་དང་། ནང་གི་ཉོན་མོངས་པའི་རྟོག་ཚོགས་ཐམས་ཅད་མ་སྤངས་གནས་གྱུར་དེ་ཁྲག་འཐུང་ཁྲོ་བོའི་སྐུའི་རྣམ་པ་ཡིན་ནོ། །ངོ་བོ་དང་གདངས་ཀྱི་རྣམ་པ་ཡིས་གདུལ་བྱའི་སྣང་ཚུལ་ལ་ཞི་བ་དང་ཁྲོ་བོ་གཉིས་སུ་སྣང་ཡང་དོན་ལ་གཅིག་ཡིན་ལ། སེང་གེ་རྩལ་རྫོགས་ཀྱི་རྒྱུད་ལས། གསང་འདུས་རིན་ཆེན་ཟུར་བརྒྱད་མཛོད། །རིག་པའི་ཡེ་ཤེས་ཡབ་ཡུམ་ཚུལ། །ཞེས་དང་། དོན་འཁྱིལ་བྷན་དྷའི་གཞལ་ཡས་མཛོད། །རིག་པའི་ཡེ་ཤེས་ཁྲོ་སྐུར་གནས། །ཞེས་གསུངས་སོ། །འདི་ལ་མཚམས་མཚམས་སུ་དཔེ་མར་མེ་དང་དེའི་འོད་མདངས་ཀྱི་ཚུལ་དུ་བཞག་པ་ཡང་ཡོད་ཅིང་། མར་མེ་དང་འོད་མདངས་ལྟར་འོག་ཏུ་ཞི་བའི་འོད་ལས་སྟེང་དུ་ཁྲོ་བོའི་མདངས་ཤར་གསུང་ཚུལ་ཡང་ཡོད་ལ། ཡང་འགའ་རེས་བུམ་པ་དང་ཁ་རྒྱན་གྱིས་གོ་བརྡ་སྤྲོད་ལུགས་ཀྱང་ཡོད་དོ། །མདོར་ན་ཇི་ལྟར་བཤད་ཀྱང་ངོ་བོ་གཅིག་གི་སྣང་ཚུལ་དང་ཤར་ལུགས་ཡིན་པས་གཞལ་ཡས་ཁང་ཡང་ཁ་ཁར་བྱས་ནས་བསྒོམ་མི་དགོས་ལ། སྣོད་ཀྱི་འཇིག་རྟེན་ཞིང་དང་གཞལ་ཡས་ཁང་དུ་གདོད་ནས་གྲུབ་པ་དག་པ་ལྷུན་གྲུབ་ཀྱི་ཞིང་ཁམས་སུ་ཤར་བའི་ཕ་རོལ་ན་འོག་མིན་ཞེས་པ་ཁ་ཁ་ཞིག་མེད་ཀྱང་དེ་ལ་ཞི་ཁྲོ་ཐ་དད་པའི་གཞལ་ཡས་ཁང་དང་ཡངས་དོག་དང་གཉིས་འཛིན་གྱི་བློ་གུ་དོག་མི་དགོས་སོ། །གོང་ནས་བཤད་པའི་གཞལ་ཡས་ཁང་གི་བཀོད་པའི་ནང་ན་ལྷ་ཆེན་གྱི་ཀ་བ། ལྷ་བྲན་གྱི་དྲལ་ཟེབ། མཐའ་སྐོར་གྱི་དུར་ཁྲོད་རོ་ལངས་ལ་སོགས་པ་དྲག་པོའི་གཞལ་ཡས་ཁང་གི་བཀོད་པ་ཡང་རང་ཤུགས་ཀྱིས་གྲུབ་ཀྱང་ངོ་བོ་དང་དེའི་གདངས་ཞེས་བཤད་པའི་སྐབས་སུ་ཞི་ཁྲོ་གཉིས་ཀ་འདྲེས་མར་བྱས་ནས་རྡོ་རྗེ་གྲོ་ལོད་དང་གྲོ་ཕྲུག་གཉིས་ཀ་མཉམ་དུ་འཆམ་པ་དང་འདྲ་བ་དེ་ལྟ་བུའི་འདང་རྒྱག་མི་དགོས་སོ། །བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་མཎྜལ་བྷྲཱུྃ༔ཞེས་གསུངས་ཏེ། བྷྲཱུྃ་ཆོས་ཀྱི་དབྱིངས་གཞལ་ཡས་ཁང་གི་ས་བོན་ཡིིན་ལ། བི་ཤྭ་སྣ་ཚོགས། བི་ཤུདྡྷེ་རྣམ་པར་དག་པ། ཛྙཱ་ན་ཡེ་ཤེས། ཙཀྲ་འཁོར་ལོ། མཎྜལ་དཀྱིལ་འཁོར། དེའི་མཇུག་ཏུ་བྷྲཱུྃ་གཅིག་འབྱུང་བ་ནི་འགག་མེད་གསལ་བརྟན་དག་པའི་རང་བཞིན་དུ་གསལ་འདེབས་པའི་དོན་ཡིན་ནོ། །དེ་ཡན་ཆད་ཀྱིས་རྟེན་གཞལ་ཡས་ཁང་བཤད་ཟིན་ཏོ།།

༼༢༽བརྟེན་པ་ལྷ་ཚོགས་བསྐྱེད་པ།

ད་ནི་བརྟེན་པ་ལྷ་ཚོགས་བསྐྱེད་པ་དེ་ཉིད་ཡིན་ཞིང་། འདིའི་སྔོན་དུ་གཞལ་ཡས་ཁང་གི་ས་གཞི་དང་གདན་བསྐྱེད་པ་དེ་ཤུགས་ལ་གོ་དགོས་པས། གཞི་ཆོས་སྐུ་འགྱུར་མེད་མཚོན་བྱེད་དུ་མཐིང་གསལ་བེེཌཱུརྱ་ཞུན་མའི་མདོག་ཅན་གྱི་གཞི་ཡི་སྟེང་ལ། ལོངས་སྐུ་འགག་མེད་མཚོན་བྱེད་ཀྱི་པདྨ་འདབ་བཞི་ལྟེ་བ་དང་བཅས་པའི་ལྔ་ཚོམ། དེའི་ཕྱི་རོལ་དུ་སྤྲུལ་སྐུའི་ཐུགས་རྗེ་སྣ་ཚོགས་སུ་འཆར་བ་མཚོན་བྱེད་འདབ་དྲུག་ཁ་དོག་སྣ་ཚོགས་སུ་བཀྲ་བ། སྐུ་གསུམ་འདུ་འབྲལ་མེད་པའི་པདྨ་མུ་ཁྱུད་གསུམ་ཅན། ཡེ་ཤེས་ལྔ་ལྷུན་གྲུབ་ཀྱི་བརྡ་རུ་མུ་ཁྱུད་ཀྱི་དབུས་དང་མཐའ་བརྩིས་ན་ཁ་དོག་ལྔ་ཅན། གདན་དེ་ནི་མངོན་རྟོགས་རྒྱས་བསྡུས་ཀྱི་ལུགས་གང་ལྟར་བྱས་ན་ཆོག་གོ།།

༼༡ ཞི་བའི་ལྷ་ཚོགས་བསྐྱེད་པ།

༡༽ སྤྱིའི་གཙོ་བོ་བསྐྱེད་པ།

དེ་ལྟར་ལྷ་བསྐྱེད་འདི་ལ་ཞི་ཁྲོ་གཉིས་ལས་དང་པོ་ཞི་བ་ཡིན་ཞིང་། ཞི་བའི་ལྷ་ཚོགས་ལ་ཡང་གཙོ་འཁོར་ཡོད་ལ། གཙོ་བོ་ལ་ཡང་སྤྱིའི་གཙོ་བོ་ཞེས་པ་དང་། རིགས་ཀྱི་གཙོ་བོ་ཞེས་པ་གཉིས། འཁོར་ལ་ཡང་རྒྱལ་སྲས་སེམས་དཔའི་འཁོར་དང་། འགྲོ་འདུལ་སྤྲུལ་བའི་འཁོར་དང་། འཇོམས་བྱེད་ཁྲོ་བོའི་འཁོར་ཞེས་དེ་ལྟར་ནང་གསེས་ཀྱི་དབྱེ་བ་ཡོད་དོ། །འདི་ནས་དང་པོ་སྤྱིའི་གཙོ་བོ་ཡབ་ཡུམ་བསྟན་པ་ནི།

ཧཱུྃ༔ བདག་ཉིད་ཐ་མལ་རང་སེམས་འདི༔

རྟོག་མེད་སྐད་ཅིག་དྲན་རྫོགས་སུ༔

ཀུན་ཏུ་བཟང་པོ་སྐུ་མདོག་མཐིང་༔

ཆོས་ཉིད་བཟང་མོ་སྐུ་མདོག་དཀར༔

མཉམ་བཞག་སྐྱིལ་ཀྲུང་གཉིས་མེད་འཁྲིལ༔

དལ་དབུས་པད་ཉིའི་གདན་ལ་བཞུགས༔

ཞེས་གསུངས་ཏེ། ཧཱུྃ་བདག་ཉིད་ཐ་མལ་རང་སེམས་འདི་ཞེས་པའི་ཧཱུྃ་ནི་ཐུགས་རྡོ་རྗེ་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྙིང་པོའི་ཡིག་འབྲུའི་སྒྲ་ཡིས་བསྐུལ་ནས་བདག་ཉིད་ཅེས་བསྐྱེད་པའི་གཞི་བསྟན་པ་ཡིན་ནོ། །ཐ་མལ་ཞེས་པ་འདི་རྫོགས་ཆེན་བཤད་པའི་སྐབས་སུ་འཁྲུལ་རྟོག་ཐ་མལ་གྱི་ཤེས་པ་དང་། ཉམས་ཐ་མལ་གྱི་ཤེས་པ་ཞེས་པ་དེ་འདྲའི་ཐ་མལ་མ་ཡིན་པར་འཇིགས་མེད་ཡོན་ཏན་མགོན་པོས། ཐ་མལ་ཤེས་པ་རྗེན་པ་འདི། །རང་བབས་ཐད་ཀར་སྐྱོང་བའི་ཚེ། །ངོས་གཟུང་རྡུལ་ཙམ་མེད་མོད་ཀྱང་། །རྟོག་བྲལ་གསལ་ལ་མི་རྟོག་པའི། །རང་བཞིན་བར་སྣང་དག་པ་བཞིན། །སྟོང་སང་འཛིན་པ་བྲལ་བ་འདི། །བློ་ལས་འདས་པའི་ཡེ་ཤེས་ཡིན། །ཞེས་གསུངས་པ་ལྟར་དུ་ཡིན་ཞིང་། རྟོག་མེད་སྐད་ཅིག་དྲན་རྫོགས་སུ། ཀུན་ཏུ་བཟང་པོ་སྐུ་མདོག་མཐིང་། །ཆོས་ཉིད་བཟང་མོ་སྐུ་མདོག་དཀར། །མཉམ་བཞག་སྐྱིལ་ཀྲུང་གཉིས་མེད་འཁྲིལ། །ཞེས་གསུངས་ཡོད་ལ། ཆོས་སྐུ་ཀུན་ཏུ་བཟང་པོ་དེ་ཆོས་དབྱིངས་འགྱུར་བ་མེད་པའི་སྐུ་མདོག་ནམ་མཁའི་མདོག་ཏུ་སྣང་བའི་མཐིང་ག ཆོས་ཉིད་སྟོང་པའི་རང་བཞིན་ཡུམ་ཀུན་ཏུ་བཟང་མོ་དེ་ཀ་དག་གི་ངོ་བོ་མཚོན་པའི་སྐུ་མདོག་ཟླ་བ་ཆུ་ཤེལ་གྱི་མདོག་ལྟར་དཀར་ལ་འཚེར་བ་ཞིག་ཡིན་ཞིང་། ཆོས་དབྱིངས་ཐིག་ལེ་ཉག་གཅིག་མཚོན་བྱེད་དུ་ཀུན་བཟང་ཡབ་ཡུམ་གཉིས་ཀ་ཞལ་གཅིག་རང་མདོག་ཏུ་འཚེར་བ། ཀུན་ཏུ་བཟང་པོས་འཁོར་འདས་མཉམ་ཉིད་དུ་གཟིགས་པའི་བརྡར་ཕྱག་མཉམ་བཞག་ཏུ་མཛད་པ། དེ་ཡང་ཕྱག་གཡས་པ་སྟེང་མར་མཛད་པའི་མཉམ་བཞག་དང་། ཡུམ་ཀུན་ཏུ་བཟང་མོས་ཀུན་ཁྱབ་ཀྱི་ཡེ་ཤེས་མཚོན་བྱེད་དུ་ཕྱག་གཡོན་སྟེང་དུ་བཀོད་པའི་མཉམ་བཞག་ཅན་གྱིས་ཡབ་ཀྱི་གཡོན་ཕྱོགས་ནས་འཁྲིལ་ཏེ་ཞབས་གཉིས་རྫོགས་པའི་སྐྱིལ་ཀྲུང་གིས་བཞུགས་སོ། །དལ་ནི་དཀྱིལ་འཁོར་གྱི་མིང་ཡིན་ལ། འདི་རྒྱས་པར་བྱས་ན་ད་ལ་དང་། བསྡུས་ན་དལ་ཞེས་འབྲི་ཆོག་པའི་བརྡ་སྦྱོར་ཞིག་ཡིན་ཞིང་། པདྨ་དང་ཉི་མ་བཞུགས་སའི་གདན་ནོ། །ཤུགས་བསྟན་ཟླ་གདན་དང་རིན་ཆེན་ཁྲི་རྐང་ཡང་གོ་དགོས་ཤིང་། པདྨ་འཁོར་བར་མ་ཆགས་པ་མཚོན་བྱེད་དང་། ཐབས་ཟླ་བ་ཤེས་རབ་ཉི་མ་གཉིས་ཀ་ཐབས་ཤེས་ཟུང་འཇུག་གི་ཡེ་ཤེས་མཚོན་བྱེད། དཀྱིལ་འཁོར་གྱི་དབུས་སུ་གཙོ་བོ་ཀུན་བཟང་ཡབ་ཡུམ་བསྒོམ་ཚུལ་དེ་ལྟར་ཡིན་ནོ། །གདན་གྱི་ཐད་ནས་མི་འཇིགས་པ་སེང་གེའི་ཁྲི། སྟོབས་གླང་ཆེན་གྱི་ཁྲི། རྫུ་འཕྲུལ་རྟ་ཡི་ཁྲི། དབང་རྨ་བྱའི་ཁྲི། ཕྲིན་ལས་ཤང་ཤང་གི་ཁྲི། དེའི་ཐོག་ཏུ་ཐོགས་པ་མེད་པ་ནམ་མཁའ་ལྡིང་གི་ཁྲི་སྟེ་དེ་དག་རྣམས་སྲོག་ཆགས་བརྒྱད་རེས་བཏེག་པ་ཞིག་ཡིན་ལ། དེ་བཞིན་དུ་ཁྱུང་དང་ནམ་མཁའ་ལྡིང་གིས་བཏེག་པའི་གདན་ཁྲི། ཤེས་རབ་ཉི་མ། ཐབས་ཟླ་བ། སྐྱོན་གྱིས་མ་གོས་པ་པདྨ། འདོད་དགུ་འབྱུང་བའི་རིན་ཆེན་ཁྲི་རྐང་། དེ་ཡང་གཙོ་བོ་དང་འཁོར་གྱི་ཁྱད་པར་གྱིས་ལྔ་བརྩེགས། བཞི་བརྩེགས། སུམ་བརྩེགས། ཐུབ་པ་དྲུག་ལ་པདྨའི་གདན་རེ་རེ། སྒོ་བ་རྣམས་ལ་ཉི་རྐྱང་རེ་རེར་གསུངས་པ་ལྟར་དུ་ཡིན་ནོ། །བཞུགས་ཚུལ་ཡང་ཀུན་བཟང་ཡབ་ཡུམ་དང་དེ་བཞིན་གཤེགས་པ་ཐམས་ཅད་དོན་གཉིས་ལྷུན་གྲུབ་རྫོགས་པའི་སྐྱིལ་ཀྲུང་གིས་བཞུགས་པ་རྒྱལ་པོའི་ཚུལ་ཅན། སེམས་དཔའ་ཡབ་ཡུམ་རྣམས་བློན་པོའི་ཚུལ་གྱིས་གཙོ་བོ་ལ་ཞལ་ཕྱོགས་ནས་རང་དོན་མཐར་ཕྱིན་ནས་གཞན་དོན་མཛད་པའི་བརྡ་རུ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། སེམས་དཔའི་སྐྱིལ་ཀྲུང་དེ་གཡས་བརྐྱངས་གཡོན་བསྐུམས་ཀྱི་ཚུལ་ཅན་ཞིག་ཡིན་ལ། ཐུབ་པ་དྲུག་ནི་འགྲོ་དོན་ལ་རྟག་ཏུ་བརྩོན་པ་རང་རང་གི་འགྲོ་བའི་གཙོ་བོའི་གཟུགས་ཀྱིས་གཞན་དོན་མཛད་པ་ཡིན་པས་རྒྱལ་ཕྲན་ལྟར་དུ་བཞེངས་པའི་རྣམ་པ་ཅན་ཞིག་ཡིན་ཞིང་། སྒོ་བ་རྣམས་དམག་དཔོན་གྱི་ཚུལ་གྱིས་བགེགས་དང་ལོག་འདྲེན་ཚར་གཅོད་པའི་ཚུལ་གྱིས་ཞལ་ཕྱིར་གཟིགས་ནས་གྱད་ཀྱི་དོར་སྟབས་ཀྱིས་བཞུགས་པ་དེ་ལྟ་བུ་ཞིག་ཡིན་ནོ། །འདིའི་བསྐྱེད་རིམ་ཡོ་ག་གསུམ་པོ་གཅིག་དྲིལ་གྱི་དགོངས་པ་ཡིན་པར་སྔར་ཡང་ཞུས་ཀྱང་ད་རུང་གསལ་འདེབས་བྱས་ན་འདི་ཨ་ཏི་ལྟར་གྱི་སྐད་ཅིག་དྲན་རྫོགས་ཡིན་ལ། ཨ་ནུ་ལྟར་གྱི་མངོན་བྱང་ལྔ་བསྐྱེད་ཚང་ཞིང་། མ་ཧཱ་ལྟར་དུ་ཏིང་འཛིན་གསུམ་བསྐྱེད་དམ་ཆོ་ག་གསུམ་བསྐྱེད་ཀྱང་འདི་ལ་ཚང་ངོ་། །སྐད་ཅིག་དྲན་རྫོགས་ཡིན་པར་ལས་བྱང་ཆེ་ཆུང་གཉིས་ཀའི་ཚིག་གིས་དངོས་སུ་ཟིན་ཡོད་ཅིང་། མངོན་བྱང་ལྔ་ཚང་ཚུལ་ནི་ཆོས་ཐམས་ཅད་དེ་བཞིན་ཉིད་དུ་སྒོམ་དུས་དེ་མངོན་བྱང་དང་པོ་སྟོང་པ་ཉིད་ལ་མངོན་པར་བྱང་ཆུབ་པ་ཡིན་ལ། ཡེ་ཤེས་ལྔའི་ནང་གི་ཆོས་དབྱིངས་ཡེ་ཤེས། རིགས་ལྔའི་ནང་གི་དེ་བཞིན་གཤེགས་པའི་རིགས་ཀྱང་ཡིན་ནོ། །པདྨ་དང་ཉི་མ་གསལ་བ་འདི་གདན་ཉི་མ་ལས་མངོན་པར་བྱང་ཆུབ་པ་ཡིན་ལ། མེ་ལོང་ཡེ་ཤེས་དང་། རྡོ་རྗེའི་རིགས་ཀྱང་ཡིན་ནོ། །རྒྱུའི་ས་བོན་ཨ་ཡིག་དེ་གསུང་ཡིག་འབྲུ་ལས་མངོན་པར་བྱང་ཆུབ་པ་ཡིན་ལ། མཉམ་ཉིད་ཡེ་ཤེས་དང་། རིན་ཆེན་རིགས་ཀྱང་དེ་ལ་ཚང་ངོ་། ལས་བྱང་ཆུང་བའི་ཤུགས་བསྟན་ཆེ་བའི་དངོས་བསྟན་ལ་བྱུང་བའི་རྡོ་རྗེ་མཐིང་ནག་བསྒོམ་རྒྱུ་ནི་ཐུགས་ཕྱག་མཚན་ལས་མངོན་པར་བྱང་ཆུབ་པ་ཡིན་པས་འདི་སོར་རྟོག་ཡེ་ཤེས་དང་པདྨའི་རིགས་ཡིན་ནོ། །རྒྱུའི་ཕྱག་མཚན་ནམ་ཡི་གེ་ཡོངས་གྱུར་ལས་བདག་ཉིད་ཀུན་བཟང་ཡབ་ཡུམ་བསྐྱེད་པ་ནི་སྐུ་ཡོངས་སུ་རྫོགས་པ་ལས་མངོན་པར་བྱང་ཆུབ་པ་ཡིན་ལ། འདི་ལ་བྱ་གྲུབ་ཡེ་ཤེས་དང་ལས་ཀྱི་རིགས་ཀྱང་འདུས་སོ། །ཆོ་ག་གསུམ་ཡང་འདི་ལ་ཚང་ཞིང་། ཚང་ལུགས་ནི་སྐུ་ཡོངས་སུ་རྫོགས་པའི་ཆོ་ག གསུང་ཡིག་འབྲུའི་ཆོ་ག ཐུགས་ཕྱག་མཚན་གྱི་ཆོ་ག་སྟེ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོ་འདུས་པ་ཡིན་ནོ། །འདིའི་སྐད་ཅིག་དྲན་རྫོགས་དང་། མངོན་བྱང་ལྔ་བསྐྱེད། ཆོ་ག་གསུམ་བསྐྱེད་འདི་རྣམས་དང་འབྲེལ་བའི་སྦྱང་བྱ། སྦྱོང་བྱེད། སྦྱངས་འབྲས་དང་བཅས་པ་རྒྱུད་དོན་གྱི་དགོངས་པ་ཤིན་ཏུ་རྒྱ་ཆེ་བའི་རྣམ་དབྱེ་ཤིན་ཏུ་མང་ཡང་། མདོར་བསྡུས་ན་སྦྱོང་བྱེད་གཙོ་བོ་ཀུན་ཏུ་བཟང་པོ་བསྒོམས་པས། སྦྱང་བྱ་བར་དོའི་སེམས་ཅན་གྱི་རྣམ་ཤེས་ཕ་མའི་ས་བོན་གྱི་དབུས་སུ་ཞུགས་ནས་རིམ་གྱིས་ལུས་རྫོགས་ནས་ཕྱི་རོལ་དུ་བཙས་པའི་བར་གྱི་བག་ཆགས་དེ་ཐམས་ཅད་སྦྱང་རྒྱུ་དང་། སྦྱངས་འབྲས་སངས་རྒྱས་རྣམས་སྤྲུལ་བའི་སྐུར་བཞེངས་པའི་དུས་སུ་ལྷུམས་སུ་ཞུགས་པ་ནས་བལྟམས་ཚུལ་བསྟན་པའི་བར་གྱི་མཛད་པ་ཐོབ་རྒྱུ་ལ་སོགས་པ་རིགས་འདི་དག་འདི་མན་ཆད་ལ་འགྲེ་དགོས་པའི་འགྲེས་རྐང་སྦྱར་རྒྱུ་ཅན་ཡིན་ནོ། །སྲིད་པ་སྦྱངས་ཤིང་དག མྱང་འདས་ཀྱི་བཞུགས་ཚུལ་རྫོགས། གཉིས་ཀ་རྫོགས་རིམ་ལ་སྨིན་པ་སྟེ། དག་རྫོགས་སྨིན་པའི་གོ་དོན་དང་དེ་ལྟར་སྦྲེལ་ནས་འགྲོ་དགོས་སོ།།

༢༽ རིགས་ཀྱི་གཙོ་བོ་བསྐྱེད་པ།

༡ རིགས་ལྔ་སྤྱིར་བསྐྱེད་པ།

ད་ནི་རིགས་ཀྱི་གཙོ་བོ་ལྔ་བསྐྱེད་པ་ལ་ཐུག་པ་ཡིན་ཞིང་། འདི་ལ་རིགས་ཀྱི་གཙོ་བོ་ལྔ་སྤྱིར་བསྐྱེད་པ་དང་། གཙོ་བོ་ཡབ་ཡུམ་ཚོམ་བུ་དང་བཅས་པ་བྱེ་བྲག་སོ་སོར་བསྐྱེད་པ་སྟེ་མདོ་རྒྱས་གཉིས་སམ་བསྟན་བཤད་གཉིས་ཀྱིས་གསུངས་ཡོད་ལ། དང་པོ་གཙོ་བོ་རིགས་ལྔ་བསྐྱེད་པ་ནི།

ཧཱུྃ༔ དཀྱིལ་འཁོར་ཕྱོགས་བཞི་དབུས་དང་ལྔར༔

སེང་གེ་གླང་ཆེན་རྟ་མཆོག་དང་༔

རྨ་བྱ་ཤང་ཤང་ཁྲི་སྟེང་དུ༔

ལོངས་སྐུ་རིགས་ལྔ་ཡབ་ཡུམ་གསལ༔

ཞེས་གསུངས་ཏེ། དཀྱིལ་འཁོར་གྱི་དབུས་སུ་གོང་དུ་ཀུན་བཟང་ཡབ་ཡུམ་བསྐྱེད་པ་ཡིན་ཞིང་། འདི་ནས་ཕྱོགས་བཞི་དབུས་དང་ལྔར་ཞེས་རིགས་ལྔ་བསྐྱེད་སྐབས་ས་ཁོངས་ཇི་ལྟར་ཡིན་ཞེ་ན། ལས་བྱང་ཆེ་བའི་མཆན་གྱི་ནང་དུ་ཀུན་བཟང་ཡབ་ཡུམ་གྱི་ཐུགས་ཀ་ནས་རྣམ་སྣང་ཡབ་ཡུམ་བསྐྱེད་པ་དང་། ཀུན་བཟང་ཡབ་ཡུམ་རྣམ་སྣང་ཡབ་ཡུམ་གཉིས་ཀྱི་སྤྱི་བོར་བཏེག་ལ་བཞུགས་སུ་གསོལ་ཞེས་གསུངས་ཡོད་ལ། འདིའི་མཆན་འདི་ལ་གཏེར་ཚེག་བརྒྱབ་འདུག་པས་གཏེར་གཞུང་ཡིན་ཤས་ཆེ་བས་དགོངས་པ་ལེན་དགོས་ཤིང་། གང་ལྟར་ཡང་ཀུན་བཟང་ཡབ་ཡུམ་གྱི་ཐུགས་ཀ་ལས་རྣམ་སྣང་བསྐྱེད་ཅེས་པ་ནི་བདག་བསྐྱེད་ཀྱི་སྐབས་སུ་ཐུགས་ཀའི་ཐད་ཀྱི་བར་སྣང་ལ་བསྐྱེད་པ་དང་། ཀུན་བཟང་ཡབ་ཡུམ་རྣམ་སྣང་ཡབ་ཡུམ་གྱི་སྤྱི་བོར་བཏེག་ཅེས་པ་དེ་མདུན་བསྐྱེད་ལ་དགོངས་ནས་གསུངས་པ་ཡིན་པར་དེ་ཉིད་གོ་དགོས་སོ། །འདི་གོ་ལྡོག་ནས་གསུང་མཁན་ཡང་ཡོད་མོད་ཀྱང་བརྟགས་ཤིང་དཔྱད་པའི་གཞི་ཞིག་རེད་སྙམ། རྣམ་སྣང་གི་སྤྱི་བོར་ཀུན་བཟང་ཡབ་ཡུམ་སྒོམ་སྐབས་སེང་ཁྲི་ལོགས་སུ་མི་དགོས་ལ། གཏེར་གཞུང་གི་ནང་དུ་ཡང་གསལ་སྟོང་པདྨ་ཉི་ཟླའི་གདན་ལ་བཞུགས་གསུངས་པ་དང་དགོངས་པ་གཅིག་པ་ཡིན་ནོ། །དང་པོ་དཀྱིལ་འཁོར་གྱི་དབུས་སུ་སྒོམ་སྐབས་ཁྲི་ཡོད་པའི་རྟགས་ཅི་ཡོད་ཅེ་ན། སྒྱུ་འཕྲུལ་ཐལ་བའི་ནང་དུ། འཁོར་ལོའི་ལྟེ་བར་མི་འཇིགས་སྟེང་། །ཞེས་གསུངས་ཡོད་ཅིང་། ཀུན་མཁྱེན་ཆེན་པོས་ཐེག་པ་འོག་མས་ཉམས་མི་ང་ཞིང་མི་འཇིགས་པ་བཞི་མཚོན་པའི་དབུས་སུ་སེང་གེའི་ཁྲི་ཞེས་དངོས་བསྟན་དུ་གསུངས་ཡོད་དོ། །འདིའི་སྐབས་སུ་ཐེ་ཚོམ་སྐྱེ་སྲིད་པའི་དོགས་གནས་ཤིག་ལ་དཀྱིལ་འཁོར་གྱི་གཙོ་བོ་ཀུན་བཟང་ཡབ་ཡུམ་ཡང་ཡིན་པ་ལྟ་བུ། སྒོམ་ཁོག་གི་ནང་ན་རྣམ་སྣང་དུ་ཡང་གྱུར་ཡོད་པ་ལྟ་བུ། གནས་འདྲེན་གྱི་སྐབས་སུ་རྡོར་སེམས་ཡིན་པ་འདྲ་བ་འདི་མི་འདྲ་བ་འབྱུང་བའི་རྒྱུ་མཚན་ཅི་ཡིན་སྙམ་པའི་རྟོག་པ་སྐྱེ་སྲིད་མོད། སྤྱིར་ན་སངས་རྒྱས་སྐུ་གསུམ་གྱི་རོལ་བ་ལ་རྣམ་པ་གཅིག་ཏུ་ངེས་དགོས་པ་དང་བཟང་ངན་དུ་བལྟ་རྒྱུ་དེ་ལྟར་མ་ཡིན་ཞིང་། ཀུན་ཏུ་བཟང་པོ་བཟང་ངན་མེད་པ་ལ། །བཟང་ངན་གཉིས་སུ་ལྟ་བ་ཐང་རེ་ཆད། །ཅེས་གསུངས་པ་ལྟར་དུ་ཡིན་ལ། ཁྱད་པར་དུ་གདུལ་བྱའི་དབང་གིས་འདུལ་བྱེད་དེ་དང་དེར་སྣང་བ་ཡིན་ན་ཆོས་སྐུའི་གནས་སྐབས་ན་ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུའི་གནས་སྐབས་ན་ལོངས་སྐུ་རྒྱལ་བ་རིགས་ལྔའི་གཙོ་བོ་རྣམ་པར་སྣང་མཛད། སྤྲུལ་སྐུས་འགྲོ་དོན་མཛད་པའི་གནས་སྐབས་ན་རྡོ་རྗེ་སེམས་དཔར་སྣང་བ་ལ་སོགས་པ་རྒྱལ་བའི་ཕྲིན་ལས་དང་སྤྲུལ་བའི་རོལ་གར་བསམ་གྱིས་མི་ཁྱབ་པ་ཡིན་པས་འདི་ལ་འགལ་བ་ཡོད་པ་མ་ཡིན་ནོ། །དེ་ལྟར་ན་དཀྱིལ་འཁོར་གྱི་དབུས་སུ་རིན་པོ་ཆེའི་ཁྲི་མི་འཇིགས་སེང་གེ་བརྒྱད་ཀྱིས་བཏེག་པ་པདྨ་ཉི་ཟླས་བརྒྱན་པའི་གདན་གྱི་སྟེང་ན་རྣམ་པར་སྣང་མཛད་ཡབ་ཡུམ། ཤར་ཕྱོགས་སུ་སྟོབས་གླང་ཆེན་གྱིས་བཏེག་པའི་ཁྲི་གོང་བཞིན་དུ་པདྨ་ཉི་ཟླས་བརྒྱན་པའི་སྟེང་ན་མི་བསྐྱོད་པ་ཡབ་ཡུམ། ལྷོ་ཕྱོགས་ན་རྫུ་འཕྲུལ་རྟའི་ཁྲི་པདྨ་ཉི་ཟླས་བརྒྱན་པའི་སྟེང་ན་རིན་ཆེན་འབྱུང་ལྡན། ནུབ་ཕྱོགས་ན་དབང་རྨ་བྱའི་ཁྲིའི་སྟེང་ན་སྣང་བ་མཐའ་ཡས། བྱང་ཕྱོགས་ན་ཐོགས་པ་མེད་པ་ཤང་ཤང་གི་ཁྲིའི་སྟེང་ན་དོན་ཡོད་གྲུབ་པ་ཡབ་ཡུམ་གསལ་འདེབས་ཞེས་སྤྱིར་བསྟན་པ་ཡིན་ནོ།།

༢ དབུས་ཕྱོགས་ཀྱི་ཚོམ་བུའི་དཀྱིལ་འཁོར་བསྐྱེད་པ།

བྱེ་བྲག་རིགས་ཀྱི་གཙོ་བོ་ཚོམ་བུའི་འཁོར་དང་བཅས་པ་གསལ་འདེབས་པ་དེ་ཉིད་བཤད་པའི་སྐབས་ལས་དཀྱིལ་འཁོར་གྱི་གཙོ་བོ་དབུས་སུ་རྣམ་སྣང་ཡབ་ཡུམ་གསལ་འདེབས་པ་ནི།

ཧཱུྃ༔ རྣམ་སྣང་དབྱིངས་ཕྱུག་སྐུ་མདོག་དཀར༔

འཁོར་ལོ་དྲིལ་འཛིན་གཉིས་མེད་འཁྲིལ༔

རང་སྣང་དཀྱིལ་འཁོར་དབུས་ཕྱོགས་སུ༔

སྣང་ལ་རང་བཞིན་མེད་པར་གསལ༔

ཞེས་གསུངས་ཏེ། རྣམ་སྣང་དང་དབྱིངས་ཕྱུག་གི་སྐུ་མདོག་ཅེས་རྣམ་སྣང་གཏི་མུག་མ་སྤངས་གནས་སུ་དག་པའི་སྐུ་མདོག་དཀར་བོ། འདི་ཡང་སྒྱུ་འཕྲུལ་དང་ཁྱད་པར་ཅུང་ཟད་ཡོད་ལ། ཡུམ་ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ་ཡང་དེ་བཞིན་དུ་ནང་གི་སེམས་དང་ཕྱིའི་ནམ་མཁའ་མ་སྤངས་གནས་སུ་དག་པའི་སྐུ་མདོག་དཀར་མོ། ཡབ་ཀྱི་ཕྱག་གཡས་པས་དབང་སྒྱུར་གྱི་འཁོར་ལོ་རྩིབས་བརྒྱད་པ་ཐུགས་ཀར་འཛིན་ཅིང་། ཕྱག་མཚན་འདི་ཚོ་ཡང་སྒྱུ་འཕྲུལ་དང་ཁྱད་པར་མི་འདྲ་བ་ཅུང་ཟད་རེ་ཡོད་ཀྱང་ཁྱད་པར་ཆེན་པོ་དོན་ལ་མེད་དོ། །གཡོན་སྟོང་འཛིན་དག་པའི་ཤེས་རབ་ཀྱི་དྲིལ་བུ་དང་བཅས་ཏེ་ཡུམ་ལ་འཁྱུད་པ། ཡུམ་གྱི་ཕྱག་མཚན་ཡབ་དང་འདྲ་བར་གཡས་གཡོན་གོ་ལྡོག་སྟེ་བསྣམས་པ་འོག་མ་རྣམས་ཀྱང་འདྲ་ལ། སྒྱུ་འཕྲུལ་གྱི་ནང་དུ་ཕྱག་མཚན་བསྣམ་ལུགས་ཡབ་དང་འདྲའོ། །གསལ་འདེབས་ལུགས་སྣང་ལ་རང་བཞིན་མེད་པ་མ་འགགས་འཇའ་ཚོན་བཞིན་དུ་སྣང་ཞིང་། སྟོང་གསལ་སྒྲིབ་གཡོགས་དང་བྲལ་བ་འོད་ལུས་ཡེ་ཤེས་ཀྱི་སྙིང་པོ་ཅན་འདིའི་འོག་ནས་ཀྱང་ཐམས་ཅད་དེ་ལྟར་དུ་གསལ་འདེབས་དགོས་སོ། །བསྐྱེད་ཆོག་རྒྱས་པ་ལྟར་དུ་བྱས་ན་འདིའི་སྐབས་སུ་ས་བོན་སོ་སོར་བསྐྱེད་པ་རྐྱེན་གྱི་སྔགས་དང་སྦྲེལ་ནས་འབྱུང་བ་ཞིག་ཡིན་ཡང་འདི་ནས་མི་འབྱུང་བའི་རྒྱུ་མཚན་ནི་ལས་བྱང་ཆུང་བ་འདི་གཙོ་བོ་ཐོལ་བསྐྱེད་ཡིན་ཞེས་བཤད་ཟིན་པའི་རྒྱུ་མཚན་གྱིས་ཡིན་ནོ།།

༣ ཤར་ཕྱོགས་ཀྱི་ཚོམ་བུའི་དཀྱིལ་འཁོར་བསྐྱེད་པ།

ད་ནི་ཤར་ཕྱོགས་ཀྱི་ཚོམ་བུའི་དཀྱིལ་འཁོར་ནི།

ཧཱུྃ༔ རྡོར་སེམས་སྤྱན་མ་སྐུ་མདོག་མཐིང་༔

རྡོ་རྗེ་དྲིལ་འཛིན་གཉིས་མེད་འཁྲིལ༔

གཡས་སུ་ས་སྙིང་མྱུ་གུ་དཀར༔

གཡོན་དུ་བྱམས་པ་ཀླུ་ཤིང་དཀར༔

མདུན་དུ་ལཱ་སྱེ་མེ་ལོང་དཀར༔

རྒྱབ་ཏུ་པུཥྤེ་མེ་ཏོག་དཀར༔

རྡོ་རྗེ་རིགས་ཀྱི་གཙོ་འཁོར་དྲུག༔

མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔

ཞེས་གསུངས་ཏེ། ཤར་ཕྱོགས་ཀྱི་དཀྱིལ་འཁོར་གྱི་གཙོ་བོ་རྡོར་སེམས་སམ་མི་བསྐྱོད་པ་ཞེ་སྡང་མ་སྤངས་གནས་སུ་དག་པའི་འགྱུར་བ་མེད་པའི་སྐུ་མདོག་མཐིང་ཁ་ནམ་མཁའི་མདོག་ཅན། ཕྱག་གཡས་པས་ཐབས་འགྱུར་བ་མེད་པའི་རྡོ་རྗེ་རྩེ་ལྔ་བ་བསྣམས་པ། ཕྱག་གཡོན་པས་སྟོང་པ་ཉིད་ཀྱི་དྲིལ་བུ་དང་བཅས་ཏེ་ཡུམ་ལ་འཁྱུད་པ། ཡུམ་སངས་རྒྱས་སྤྱན་མ་ཆ་ལུགས། སྐུ་མདོག ཕྱག་མཚན་ཡབ་དང་འདྲ་བར་མཉམ་པར་སྦྱོར་ཞིང་གཉིས་མེད་དུ་འཁྲིལ་བ་དེ་རིགས་ཀྱི་གཙོ་བོ་ཡིན་ནོ། །འདི་འཁོར་གྱི་ནང་དུ་བསྡུ་དུས་རང་བཞིན་གཉིས་སུ་མེད་པའི་འཁོར་ཞེས་པ་དེ་ཡིན་ལ། གཙོ་བོ་ལ་ལྟོས་ན་རང་བཞིན་ཐ་མི་དད་པ་དང་འཁོར་ལ་ལྟོས་ན་རིགས་ཀྱི་གཙོ་བོ་ཡིན་ཞིང་། ཡིན་ན་ཡང་གཙོ་འཁོར་ཡོངས་རྫོགས་དཀྱིལ་འཁོར་གཅིག་ཏུ་འདུས་པ་ནི་ངེས་དོན་རྫོགས་རིམ་ལྟར་ན་རིག་པ་གཅིག་གི་སྤྲོ་བསྡུ་ལས་མ་འདས་པའི་སྟབས་ཀྱིས་ཡིན་ནོ། །རྒྱལ་སྲས་སེམས་དཔའ་སེམས་མའི་འཁོར་གཡས་སུ་ས་སྙིང་མྱུ་གུ་དཀར་ལ་སོགས་པས་བསྟན་ན་གཡས་སུ་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་ཡིན་ཞིང་། འདི་ནས་མཐོང་། ཐོས། སྣོམ། མྱོང་བ་བཞི་བོ་དེ་ས་སྙིང་། བྱམས་པ། ཀུན་ཏུ་བཟང་པོ། ནམ་སྙིང་བཞི་བོ་དང་སྦྱར་ནས་བཤད་སྐབས་མིག་གི་རྣམ་ཤེས་མ་སྤངས་གནས་སུ་དག་པས་མཐོང་བ་རྣམ་པར་དག་པ་ས་སྙིང་སྐུ་མདོག་དཀར་པོ། ཡེ་ཤེས་ཀྱི་མྱུ་གུ་སྐྲུན་པར་བྱེད་པའི་བརྡ་རུ་རིན་པོ་ཆེའི་མྱུ་གུ་འཛིན་པ་ཞིག་ཡིན་ལ། གཡོན་དུ་རྣ་བའི་རྣམ་ཤེས་མ་སྤངས་གནས་སུ་དག་པ་བྱང་ཆུབ་སེམས་དཔའ་བྱམས་པ། དེ་ཉིད་ཐོས་པ་རྣམ་པར་དག་པ་ཕྱག་ན་ཉོན་མོངས་པའི་ཚ་གདུང་སེལ་བར་བྱེད་པའི་ཀླུ་ཤིང་བསྣམས་པ་སྐུ་མདོག་དཀར་པོ་ཅན། བྱང་ཆུབ་སེམས་དཔའ་གཉིས་ཀའི་ཕྱག་གཡོན་པས་སྟོང་ཉིད་ཤེས་རབ་ཀྱི་སྒྲ་དབྱངས་སྒྲོག་པའི་དྲིལ་བུ་འཛིན་པ། འཁོར་འདས་མཉམ་པར་རོལ་བའི་བརྡ་རུ་པད་ཉི་ཟླ་བའི་གདན་ལ་བཞུགས་པ་དང་། སྲིད་དང་ཞི་བའི་མཐའ་གཉིས་དག་པའི་ཞབས་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། འདི་མན་ཆད་སེམས་དཔའ་ཐམས་ཅད་གཅིག་མཚུངས་ཡིན་ནོ། །གཙོ་བོའི་མདུན་དུ་གཟུགས་སྣང་མ་སྤངས་གནས་སུ་དག་པ་སེམས་མ་ལཱ་སྱེ་མ་སྐུ་མདོག་དཀར་བོ་ཕྱག་ན་གཟུགས་ཀྱི་གསལ་སྣང་དག་པའི་ཕྱིར་དུ་མེ་ལོང་བསྣམས་པ། རྒྱབ་ཏུ་སེམས་མ་པུཥྤེ་མ་ཕྱག་ན་མེ་ཏོག་བསྣམས་པ། པཥྤེ་མ་ནི་འདས་པའི་རྟོག་པ་དག་ཅིང་བྱང་ཆུབ་ཀྱི་ཡན་ལག་མཚོན་པའི་མེ་ཏོག་ཕྱག་ན་བསྣམས་པ་སྐུ་མདོག་དཀར་པོ། པད་ཉི་ཟླ་བའི་གདན་ལ་སེམས་མའི་སྐྱིལ་ཀྲུང་གིས་བཞུགས་པ། འདིའི་སེམས་དཔའ་དང་སེམས་མའི་སྐྱིལ་ཀྲུང་གི་ཁྱད་པར་ནི་གཡས་བརྐྱངས་གཡོན་བསྐུམས་ཀྱི་ཁྱད་པར་ཡོད་ཅིང་། གཡས་གཡོན་བརྐྱངས་བསྐུམས་ཀྱི་ཁྱད་པར་ནི་ཡབ་རྣམས་ཀྱིས་གཡས་དང་ཡུམ་རྣམས་ཀྱིས་གཡོན་བརྐྱངས་པའི་ཕྱེད་སྐྱིལ། འདི་ད་རུང་གཞན་དོན་གྱི་མཛད་པ་མ་རྫོགས་པའམ་གཞན་དོན་གྱི་མཛད་པ་ལྷུར་བཞེས་པའི་བརྡ་རྟགས་སུ་སེམས་དཔའ་དང་སེམས་མའི་སྐྱིལ་ཀྲུང་གིས་བཞུགས་པ་ཡིན་ནོ། །དེ་ལྟ་བུ་ཐུགས་རྡོ་རྗེ་རིགས་ཀྱི་གཙོ་འཁོར་དྲུག་གཙོ་བོ་ཡབ་ཡུམ་གཉིས་འཁོར་སེམས་དཔའ་སེམས་མ་ཡབ་ཡུམ་བཞི་དང་དྲུག་པོ་དེ་མ་ཡེངས་ཡིད་ཀྱི་ཡུལ་དུ་གདོས་བཅས་ཟག་པ་ཅན་གྱི་སྙིགས་མ་ལྔ་དག་ནས་དྭངས་གསལ་འགག་པ་མེད་པའི་ཡེ་ཤེས་ལྔའི་གདངས་སྣ་ཚོགས་འོད་ལྔར་གསལ་ཞིང་འཚེར་བའི་ཀློང་ན་སྐུ་སྣང་སྟོང་གསུང་གྲག་སྟོང་ཐུགས་བདེ་སྟོང་ཡེ་ཤེས་ཀྱི་ངོ་བོར་འདུག་པའི་གཟུགས་སྐུ་མཚན་དཔེའི་བདག་ཉིད་སྣང་ལ་རང་བཞིན་མེད་པར་གསལ་བར་བསྒོམ་དགོས་གསུངས་སོ། །ལས་བྱང་ཆེ་བ་དང་འདྲ་བར་ཡབ་ཡུམ་གྱི་ཐུགས་ཀ་ནས་རྒྱུའི་ས་བོན་གྱི་ཡི་གེ་འཕྲོས་ནས་དེ་ཡོངས་སུ་གྱུར་པ་མེད་པ་ནི་སྐད་ཅིག་དྲན་རྫོགས་སུ་ཐོལ་བསྐྱེད་ཀྱི་བསྐྱེད་རིམ་གསལ་འདེབས་ཀྱི་ཁྱད་པར་ཡིན་ཚུལ་གོང་ནས་ཞུས་པ་ལྟར་དུ་ཡིན་ནོ།།

༤ ལྷོ་ཕྱོགས་ཀྱི་ཚོམ་བུའི་དཀྱིལ་འཁོར་བསྐྱེད་པ།

དཀྱིལ་འཁོར་གྱི་རིགས་ཀྱི་ཚོམ་བུ་གཉིས་པ་ནི།

ཧཱུྃ༔ རིན་འབྱུང་མཱ་ཀི་སྐུ་མདོག་སེར༔

རིན་ཆེན་དྲིལ་འཛིན་གཉིས་མེད་འཁྲིལ༔

གཡས་སུ་ཀུན་བཟང་སྙེ་མ་སེར༔

གཡོན་དུ་ནམ་སྙིང་རལ་གྲི་སེར༔

མདུན་དུ་མཱ་ལེ་ཕྲེང་འཛིན་སེར༔

རྒྱབ་ཏུ་དྷཱུ་པེ་སྤོས་ཕོར་སེར༔

རིན་ཆེན་རིགས་ཀྱི་གཙོ་འཁོར་དྲུག༔

མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔

ཞེས་གསུངས་ཏེ། ཚོར་བའི་ཕུང་པོ་དག་པ་རིན་ཆེན་འབྱུང་ལྡན། ང་རྒྱལ་མ་སྤངས་གནས་སུ་དག་པ་སྐུ་མདོག་སེར་བོ། ཕྱག་གཡས་པས་རང་རྟགས་ནོར་བུ་རིན་པོ་ཆེ་དང་། གཡོན་པས་དྲིལ་བུ་སྤྱི་མཚུངས་ཀྱིས་བསྣམས་པ། ཡུམ་མཱ་མ་ཀཱི་ཡང་རིན་པོ་ཆེ་དང་དྲིལ་བུ་འཛིན་པ་དང་གཉིས་མེད་དུ་འཁྲིལ་བའོ། །སྣོམ་བྱེད་སྣ་ཡི་རྣམ་ཤེས་མ་སྤངས་གནས་སུ་དག་པ་གཡས་སུ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་སེམས་ཅན་གྱི་རེ་བ་སྐོང་བའི་རིན་པོ་ཆེའི་སྙེ་མ་འཛིན་པ། གཡོན་དུ་མྱོང་བྱེད་ལྕེ་ཡི་རྣམ་ཤེས་མ་སྤངས་གནས་སུ་དག་པ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ཉོན་མོངས་དུག་གསུམ་གྱི་རྒྱུན་གཅོད་པའི་རལ་གྲི་འཛིན་པ། སེམས་མ་མཱ་ལེ་དང་དྷཱུ་པེ་གཉིས་ཏེ་ཆོས་ཅན་གྱི་རྟོག་པ་དག་པའི་ཕྲེང་བ་དང་དྲིའི་ཞེན་པ་དག་པའི་སྤོས་ཕོར་བསྣམས་པ། དེ་ལྟ་བུའི་རིན་ཆེན་རིགས་ཀྱི་གཙོ་འཁོར་རྣམ་པ་དྲུག་པོ་དེ་ཡང་དེ་ལྟར་དུ་མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ་གསུངས་སོ།།

༥ ནུབ་ཕྱོགས་ཀྱི་ཚོམ་བུའི་དཀྱིལ་འཁོར་བསྐྱེད་པ།

ཡང་ནུབ་ཕྱོགས་ཀྱི་ཚོམ་བུའི་ལྷ་ཚོགས་ནི།

ཧཱུྃ༔ མཐའ་ཡས་གོས་དཀར་སྐུ་མདོག་དམར༔

པདྨ་དྲིལ་འཛིན་གཉིས་མེད་འཁྲིལ༔

གཡས་སུ་སྤྱན་གཟིགས་པད་འཛིན་དམར༔

གཡོན་དུ་འཇམ་དཔལ་རལ་གྲི་དམར༔

མདུན་དུ་གཱིརྟི་པི་ཝང་དམར༔

རྒྱབ་ཏུ་ཨཱ་ལོ་མར་མེ་དམར༔

པདྨ་རིགས་ཀྱི་གཙོ་འཁོར་དྲུག༔

མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔

ཞེས་གསུངས་ཏེ། འདུ་ཤེས་ཀྱི་ཕུང་པོ་དག་ཅིང་འདོད་ཆགས་མ་སྤངས་གནས་སུ་དག་པ་སྣང་བ་མཐའ་ཡས་ཡིན་ལ། ཕྱག་གཡས་པས་མ་ཆགས་པདྨའི་རང་རྟགས་ཀྱི་ཕྱག་མཚན་དང་གཡོན་ན་དྲིལ་བུ་བསྣམས་པ། ཡུམ་ཆེན་གོས་དཀར་མོ་དང་མཉམ་པར་སྦྱོར་བ། གཡས་སུ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་སྐྱོན་གྱིས་མ་གོས་པའི་བརྡ་རུ་པདྨ་བསྣམས་པ། གཡོན་དུ་འཇམ་དཔལ་གཏི་མུག་རྨོངས་པ་སྐྱོབ་པའི་རལ་གྲི་བསྣམས་པ། མདུན་དུ་ཡུམ་སེམས་མ་གཱིརྟི་མ་སྒྲ་གནས་སུ་དག་པའི་པི་ཝང་དང་། རྒྱབ་ཏུ་ཨཱ་ལོ་མའམ་མར་མེ་མ་ནི་མ་འོངས་པའི་རྟོག་པ་གནས་སུ་དག་པའི་མར་མེ་བསྣམས་པ་སྟེ་པདྨ་རིགས་ཀྱི་གཙོ་འཁོར་དྲུག་པོ་ཡིན་ནོ།།

༦ བྱང་ཕྱོགས་ཀྱི་ཚོམ་བུའི་དཀྱིལ་འཁོར་བསྐྱེད་པ།

བྱང་ཕྱོགས་ཀྱི་ཚོམ་བུའི་དཀྱིལ་འཁོར་དུ།

ཧཱུྃ༔ དོན་གྲུབ་སྒྲོལ་མ་སྐུ་མདོག་ལྗང་༔

རྒྱ་གྲམ་དྲིལ་འཛིན་གཉིས་མེད་འཁྲིལ༔

གཡས་སུ་སྒྲིབ་སེལ་པོ་ཏི་ལྗང་༔

གཡོན་དུ་ཕྱག་རྡོར་རྡོར་འཛིན་ལྗང་༔

མདུན་དུ་གྷན་དྷེ་དུང་ཕོར་ལྗང་༔

རྒྱབ་ཏུ་ནིརྟི་ཞལ་ཟས་ལྗང་༔

ལས་ཀྱི་རིགས་ཀྱི་གཙོ་འཁོར་དྲུག༔

མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔

ཞེས་གསུངས་ཏེ། འདུ་བྱེད་ཀྱི་ཕུང་པོ་དག་ཅིང་ཕྲག་དོག་མ་སྤངས་གནས་སུ་དག་པ་དོན་ཡོད་གྲུབ་པ། ཕྱག་གཡས་པས་ལས་བཞི་ལྷུན་གྱིས་གྲུབ་པའི་རང་རྟགས་རྡོ་རྗེ་རྒྱ་གྲམ་གྱི་ཕྱག་མཚན་དང་གཡོན་པས་དྲིལ་བུ་བསྣམས་པ། ཡུམ་ཆེན་དམ་ཚིག་སྒྲོལ་མ་དང་མཉམ་པར་སྦྱོར་བ། གཡས་སུ་སེམས་དཔའ་སྒྲིབ་པ་རྣམ་སེལ་ཉོན་མོངས་ཆོས་ཉིད་དུ་མཁྱེན་པའི་པོ་ཏི་བསྣམས་པ། གཡོན་དུ་ཕྱག་ན་རྡོ་རྗེ་བདུད་དང་ཉོན་མོངས་འཇོམས་པའི་རྡོ་རྗེ་བསྣམས་པ། མདུན་དུ་སེམས་མ་གྷན་དྷེ་མ་ད་ལྟའི་རྟོག་པ་དག་པའི་དྲི་ཡིས་གང་བའི་དུང་ཕོར་བསྣམས་པ། རྒྱབ་ཏུ་ནིརྟི་མ་རོ་དག་པའི་ཞལ་ཟས་བསྣམས་པ། དེ་ལྟ་བུའི་ལས་ཀྱི་རིགས་ཀྱི་གཙོ་འཁོར་དྲུག་པོ་དེ་ཡང་མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ་པའི་གསལ་འདེབས་བརྗོད་པ་ཚིག་གི་སྒོ་ཡིན་ནོ། །འདིའི་ཤར་ལྷོ་ནུབ་བྱང་གི་ཚོམ་བུ་བཞིའི་ལྷ་ཚོགས་ཀྱི་སྐུ་མདོག་གཞུང་ཚིག་ཏུ་བུད་པ་ལྟར་ལས་བཞིའི་ཁ་དོག་གམ་ཡེ་ཤེས་ཀྱི་རང་འོད་དང་འབྲེལ་བའི་དཀར་སེར་དམར་ལྗང་བཞི་ཡིན་ཞིང་། དེའི་སྟེང་དུ་དབུས་མཐིང་ཁ་བསྣན་ན་ལྔ་ཡིན་ལ། འདི་རིགས་ཀྱི་མཚན་མར་གྱུར་པ་སྤྱིའི་ཁ་དོག་ཡིན་ནོ། །ཆོས་ཉིད་མི་འགྱུར་བའི་བརྡར་ཆོས་དབྱིངས་ཡེ་ཤེས་དང་རྡོ་རྗེའི་རིགས་མཐིང་ཁ། ཉེས་པའི་སྐྱོན་གྱིས་མ་གོས་པའི་བརྡ་རུ་མེ་ལོང་ཡེ་ཤེས་དང་དེ་བཞིན་གཤེགས་པའི་རིགས་དེ་དཀར་པོ། ཆེ་བའི་ཡོན་ཏན་རྒྱས་པའི་བརྡ་རུ་མཉམ་ཉིད་ཡེ་ཤེས་དང་རིན་ཆེན་གྱི་རིགས་དེ་སེར་པོ། གདུལ་བྱར་རྗེས་སུ་ཆགས་པའི་བརྡ་རུ་སོར་རྟོག་ཡེ་ཤེས་དང་པདྨའི་རིགས་དེ་དམར་པོ། སེམས་ཅན་གྱི་དོན་འབད་མེད་ལྷུན་གྱིས་གྲུབ་པའི་བརྡ་རུ་བྱ་གྲུབ་ཡེ་ཤེས་དང་ལས་ཀྱི་རིགས་ཀྱི་ཁ་དོག་དེ་ལྗང་གུ་ཡིན་ནོ། །ལྗང་གུ་སྣ་ཚོགས་མདོག་ཅན་ལས་བཞི་ལྷུན་གྱིས་གྲུབ་པའི་བརྡ་ཡིན་ལ། ཡང་རིགས་འདྲེས་ཀྱི་ཁ་དོག་ཀྱང་ཡོད་དོ། དབྱིངས་ཕྱུག་དཀར་དམར་ཞེས་པ་ལྟ་བུ་དང་། སྤྱན་མ་མཐིང་སྐྱ་ཞེས་པ་ལྟ་བུ་དང་། མཱ་ཀི་སེར་སྐྱ། ཀུན་བཟང་མ་དམར་སེར་ཏེ་དེ་དག་རྣམས་ཡིན་ནོ། །འདི་ངོ་མས་བཤད་ན་ཡན་ལག་གི་ཁ་དོག་ཡིན་ཞིང་། དཀར་དམར་ལ་མཚོན་ན་དཀར་བོ་དང་དམར་བོ་འདྲེས་སོང་བ་དང་། མཐིང་སྐྱ་ཞེས་པ་མཐིང་ཁ་དང་དཀར་བོ་འདྲེས་སོང་བ་དེ་ལྟར་ཡིན་ལ། འདི་ཚོ་ཞིབ་ཏུ་སྒོམ་ཁོག་རྒྱས་པ་དང་། དབང་གི་ངོ་སྤྲོད་དང་། དག་སྦྱོར་རྣམས་ཀྱི་ནང་ན་གསལ་བོ་ཡོད་དོ།།

ཞི་བའི་ལྷ་ཚོགས་དེ་རྣམས་ཀྱང་༔

ལོངས་སྤྱོད་རྫོགས་སྐུའི་ཆས་རྣམས་རྫོགས༔

སྣང་ལ་རང་བཞིན་མེད་པར་གསལ༔

འཛིན་མེད་མ་བཅོས་རང་གསལ་བསྒོམ༔

ཞེས་གསུངས་ཏེ། དེ་ལྟར་ཀུན་བཟང་ཡབ་ཡུམ་ལ་སོགས་པ་རིགས་ལྔ་ཞི་བའི་ལྷ་ཚོགས་སེམས་དཔའ་སེམས་མ་དང་བཅས་པ་དེ་དག་ཐམས་ཅད་ཀྱང་ལོངས་སྤྱོད་རྫོགས་སྐུའི་རྒྱན་ཆས་བཅུ་གསུམ་གྱིས་བརྒྱན་ཏེ་སྐུ་ལ་རྫོགས་ཤིང་། རྒྱན་ཆས་བཅུ་གསུམ་དེ་ལ་བརྩི་ལུགས་འདྲ་དང་མི་འདྲ་ཅུང་ཟད་རེ་ཡོད་ཀྱང་རང་ལུགས་ལྟར་དུ་རང་རེས་བློ་ལ་འཛིན་བདེ་བའི་ཆེད་དུ་སྡོམ་ཚིག་བྱས་ན། དར་གྱི་སྟོད་གཡོག་སྨད་དཀྲིས་དང་། །ཅོ་པན་ཟི་ལྡིར་གར་དུང་མ། །ཞེས་དར་གྱི་ཆས་གོས་ལྔ་དང་། མགུལ་རྒྱན་དོ་ཤལ་སེ་མོ་དོ། །ཕྱག་གདུབ་ཞབས་གདུབ་སྐ་རགས་བརྒྱད། །ཅེས་རིན་པོ་ཆེའི་རྒྱན་བརྒྱད་དང་དེའི་སྟེང་དུ་དར་གྱི་ཆས་གོས་ལྔ་ཡིས་ལོངས་སྐུའི་རྒྱན་ཆས་བཅུ་གསུམ་བརྩིའོ། །ཟི་ལྡིར་ཞེས་པ་དེ་རྣ་ལྟག་གི་དར་དཔྱངས་ལ་ཟེར། སེ་མོ་དོ་དང་དོ་ཤལ་གཉིས་ཀྱི་ཁྱད་པར་ནི་རིན་པོ་ཆེའི་ཕྲེང་བས་མགུལ་ནས་ལྟེ་འོག་ཡན་ཆད་སླེབས་པ་དེ་དོ་ཤལ། ནུ་མའི་བར་དུ་སླེབས་པ་དེ་སེ་མོ་དོ་ཡིན་ནོ། །བཞུགས་ཚུལ་གྱི་ཐད་ཀྱི་རིགས་ལྔ་ཡབ་ཐམས་ཅད་ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་མཉམ་པར་བཞུགས་པ་ཡིན་ལ། ཡུམ་རྣམས་ཀྱིས་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་དང་། སེམས་དཔའ་སེམས་མ་རྣམས་གོང་ནས་ཀྱང་བཤད་པ་བཞིན་དེ་ལྟར་ཡིན་ནོ། །ཞི་བའི་ལྷ་ཚོགས་དེ་ཐམས་ཅད་ཞི་བའི་ཚུལ་དགུ་དང་ལྡན་པར་བསྒོམ་དགོས་ཤིང་། ཞི་བའི་ཚུལ་དགུ་ནི། མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། །གསལ་འཚེར་ལྷུན་སྡུག་གཟི་བརྗིད་འབར། །ཞེས་པ་འུ་ཚོའི་བློ་ལ་ཡོད་པ་བཞིན་ཞི་བའི་ཚུལ་དགུ་དེ་ལྟར་ཡིན་ལ། སྐྱེ་བ་གནས་སུ་དག་པས་སྐུ་ཤ་མཉེན་ཤ་ཆགས་པ། ན་བ་གནས་སུ་དག་པས་དཀུ་སྐབས་ཕྱེད་ཅིང་རིམ་པ་འཚམས་ཤིང་ལྕུག་པ། འཆི་བ་གནས་སུ་དག་པས་སྐུ་ལྷོད་པོར་མ་གྱུར་པར་འཁྲིལ་བག་ཆགས་པ་དྲང་ཞིང་ལྡེམ་པ། རྒ་བ་གནས་སུ་དག་པས་ན་སྐུ་འཇམ་ཞིང་གཞོན་ཤ་ཆགས་པའི་ངང་ཚུལ་ཅན། མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ལྔ་བོ་ལ་ངོ་བོའི་ཡོན་ཏན་ལྔ་ཞེས་བྱ་ལ། དེའི་ཐོག་ཏུ་མཚན་བཟང་གི་མེ་ཏོག་ལ་དཔེ་བྱད་ཀྱི་འབྲས་བུས་བརྒྱན་པའི་སྐུ་གཙང་ཞིང་ཁ་དོག་གསལ་བ་དང་། ཟད་པ་ཡི་ཏིང་ངེ་འཛིན་རྫོགས་པས་བཀྲག་ཅིང་འཚེར་བ། བརྗིད་ཅིང་ཡིད་དུ་འོང་བས་ལྷུན་སྟུག་པ། གདུལ་བྱ་ང་རྒྱལ་ཅན་རྣམས་ཟིལ་གྱིས་གནོན་པའི་གཟི་བརྗིད་དེ་རྣམ་པའི་ཡོན་ཏན་བཞི་དང་དགུ་བོ་དེ་ཞི་བའི་ཚུལ་དགུ་ཡིན་ནོ། །འདིའི་སྐབས་སུ་གོ་བ་གལ་ཆེན་ཞིག་ལ་ཕུང་ལྔ་གནས་དག་རྒྱལ་བ་རིགས་ལྔ་ཡིན་ཞིང་། འབྱུང་ལྔ་གནས་དག་དབྱིངས་ཀྱི་ཡུམ་ལྔ་ལ་སོགས་པ་དག་སྦྱོར་དང་སྦྲེལ་ནས་བཤད་པའི་སྐབས་སུ་མ་དག་འཁོར་བའི་ཆོས་ཅན་གྱི་ཕུང་ལྔ་ལ་སོགས་པ་རིགས་ལྔའི་རྒྱལ་བ་སོགས་ཡིན་གསུངས་པ་མ་ཡིན་ལ། མེད་སྣང་འཁོར་བའི་རྟོག་ཚོགས་གློ་བུར་གྱི་འཁྲུལ་སྣང་དེ་སྦྱང་བྱ་ཡིན་པ་དང་། དེ་སྦྱང་བའི་ཆེད་དུ་སྦྱང་བྱ་སྦྱོང་བྱེད་འབྲེལ་ནས་གསུངས་པ་དེ་མངོན་ཞེན་ལྷ་རྟོག་དབྱེར་མེད་ཀྱི་ཤེས་རབ་སྐྱེས་པ་ལ་ཁ་དྲང་བའི་ཐབས་སུ་གསུངས་པ་ཡིན་ནོ། །འོན་ཀྱང་ཕུང་སོགས་མིན་པའི་རིགས་ལྔ་ཟུར་ན་ཡང་མེད་ལ། རང་བཞིན་གཉུག་མའི་ཕུང་པོ་ཡེ་ནས་རིགས་ལྔའི་སངས་རྒྱས་སུ་རྣམ་པར་དག་པ་དེ་ཉིད་ལམ་བསྒོམས་ནས་མངོན་དུ་གྱུར་པ་དེ་ལ་འབྲས་བུ་ཞེས་པ་ལས་གཞན་དུ་བཙོག་པ་ཞེས་པ་ཞིག་སོ་སོ་བ་མེད་དོ། །དཔེར་བཞག་ན་མིག་ནད་ཅན་གྱིས་མིག་ནད་སྦྱངས་ནས་དྲག་ཚར་རྗེས་དུང་རིག་ཚད་ཐམས་ཅད་དཀར་བོ་ཡིན་ལ། དང་པོར་འཁྲུལ་ཤེས་སེར་པོར་སྣང་བ་ལས་ཁ་ཁ་ཞིག་ན་སྡུག་པོ་ཞིག་ཟུར་དུ་ལྷག་མེད་པ་དེ་འདྲ་བའི་གོ་དོན་ཡིན་ནོ། །སྐུ་དང་རྒྱན་གྱི་རྣམ་པ་བྱེ་བྲག་པ་དང་ལྡན་པ་དེ་དག་ཐམས་ཅད་ངོ་བོ་ཆོས་སྐུའི་ཡེ་ཤེས། རོལ་བ་ཐུགས་རྗེའི་འཆར་སྒོ་སྣ་ཚོགས་མ་འགགས་པ་སྣང་ལ་རང་བཞིན་མེད་པར་གསལ་ཞིང་། བློས་ཆེད་འཛིན་གྱི་རྟོག་པ་མེད་པར་སྣང་སྟོང་ཟུང་འཇུག་གི་རང་བཞིན་མ་བཅོས་བློ་འདས་ཀྱི་ངང་ནས་རང་ཤར་བ་གསལ་བརྟན་གྱི་ཚད་བརྒྱད་ན་ནིང་སྔོན་མ་ཞིག་ནས་མང་དུ་བཤད་མྱོང་བ་དེ་བཞིན་དུ་གསལ་བརྟན་གྱི་ཚད་བརྒྱད་དང་ལྡན་པས་སྐུའི་བ་སྤུ་རེ་རེ་དང་སྤྱན་གྱི་དཀར་ནག་ཚུན་ཆད་མ་འདྲེས་པར་གསལ་ཞིང་སྐུ་ལས་འོད་ཟེར་དྲུག་ཕྲག་དྲུག་ཕྱོགས་བཅུར་འཕྲོས་པའི་སྣང་བས་ཕྱོགས་བཅུ་རབ་འབྱམས་ཞིང་ཁམས་ཁྱབ་པར་བསྒོམ་དགོས་སོ།།

༣༽ འགྲོ་འདུལ་སྤྲུལ་བའི་འཁོར་བསྐྱེད་པ།

འགྲོ་འདུལ་སྤྲུལ་བའི་འཁོར་ཐུབ་པ་དྲུག་བསྒོམ་པ་ནི།

ཧཱུྃ༔ སྟེང་དུ་བརྒྱ་བྱིན་པི་ཝང་དཀར༔

འོག་ཏུ་ཆོས་རྒྱལ་མེ་ཆུ་ནག༔

ཤར་ལྷོར་ཐགས་བཟང་གོ་མཚོན་ལྗང་༔

ལྷོ་ནུབ་ཤཀ་ཐུབ་གསེག་ཤང་སེར༔

ནུབ་བྱང་སེང་གེ་པོ་ཏི་མཐིང་༔

བྱང་ཤར་ཁ་འབར་སྒྲོམ་བུ་དམར༔

འགྲོ་དོན་མཛད་པའི་ཐུབ་པ་དྲུག༔

པད་རྐྱང་སྟེང་ན་བཞེངས་སྟབས་གསལ༔

ཞེས་གསུངས་ཏེ། འདིའི་སྟེང་འོག་གཉིས་ཀ་ཤར་ནུབ་གཉིས་དང་དེ་མིན་བཞི་མཚམས་བཞི་ལ་བཞག་དགོས་སོ། །སྟེང་ངམ་ཤར་གྱི་པད་འདབ་ལ་ང་རྒྱལ་མ་སྤངས་གནས་སུ་དག་པ་ལྷའི་ཐུབ་པ་དབང་པོ་བརྒྱ་བྱིན། ལྷའི་འཕོ་ལྟུང་གི་སྡུག་བསྔལ་དག་པའི་ཆེད་དུ་ཕྱག་ན་པི་ཝང་བསྣམས་པ། པི་ཝང་གི་སྒྲ་ཆོས་ཀྱི་སྡོམ་བཞི་རུ་གྲག་སྟེ་ལྷའི་ང་རྒྱལ་འཇོམས་པ། གཡེང་བའི་དྲི་མ་དག་པས་ན་སྐུ་མདོག་དཀར་བོ་ཡིན་ནོ། །འོག་ཏུ་ཞེ་སྡང་མ་སྤངས་གནས་སུ་དག་པ་དམྱལ་བའི་ཐུབ་པ་ཆོས་ཀྱི་རྒྱལ་པོ། དམྱལ་བ་ཚ་གྲང་གི་སྡུག་བསྔལ་སེལ་ཆེད་མེ་ཆུ་གཉིས་ཀ་ཕྱག་ན་བསྣམས་པ། ཚ་གྲང་གི་ཉེས་དམིགས་བསྟན་ནས་ཞེ་སྡང་དག་པར་མཛད་ཅིང་། སྡུག་བསྔལ་གྱི་སྡུག་བསྔལ་འཇོམས་པའི་སྐུ་མདོག་ནག་པོ་རུ་སྣང་བ། ཤར་ལྷོ་ན་ཉོན་མོངས་ཕྲག་དོག་མ་སྤངས་གནས་སུ་དག་པ་ལྷ་མིན་གྱི་ཐུབ་པ་ཐགས་བཟང་རིས། ལྷ་མིན་གསོད་གཅོད་ཀྱི་སྡུག་བསྔལ་སེལ་ཆེད་གོ་མཚོན་ཕྱག་ན་བསྣམས་པ། བཟོད་པའི་གོ་ཆས་ཕྲག་དོག་སྦྱོང་བར་མཛད་པའི་ཆོས་སྟོན་པ། འཐབ་རྩོད་ཀྱི་སྡུག་བསྔལ་མཐའ་དག་དག་པའི་སྐུ་མདོག་ལྗང་གུ་ཡིན་ནོ། །ལྷོ་ནུབ་ཏུ་འདོད་ཆགས་མ་སྤངས་གནས་སུ་དག་པ་མིའི་ཐུབ་པ་ཤཱཀྱ་ཐུབ་པ། མིའི་སྐྱེ་རྒ་ན་འཆི་དང་བྲེལ་ཞིང་ཕོངས་པའི་སྡུག་བསྔལ་བསལ་བའི་ཆེད་དུ་གསེག་ཤང་དང་པར་བུ་བསྣམས་གསུངས་ཡོད་ལ། གསེག་ཤང་ཞེས་པ་འཁར་གསིལ་དང་པར་བུ་ཞེས་པ་ལྷུང་བཟེད་ཡིན་ཞིང་། མདོ་སྔགས་ཀྱི་ཆོས་བསྟན་པས་ཆགས་སོགས་ཉོན་མོངས་དང་ལྟ་བ་ངན་པ་དག་པ། རྒ་ན་འཆི་བའི་སྡུག་བསྔལ་དག་པས་སྐུ་མདོག་གསེར་བཙོ་མ་ལྟར་དྭངས་ཤིང་གསལ་བའོ། །ནུབ་བྱང་ན་གཏི་མུག་མ་སྤངས་གནས་སུ་དག་པ་བྱོལ་སོང་གི་ཐུབ་པ་སེང་གེ་རབ་བརྟན། དུད་འགྲོ་གླེན་ལྐུགས་ཀྱི་སྡུག་བསྔལ་དག་བྱེད་དུ་ཆོས་ཀྱི་པོ་ཏི་བསྣམས་ཡོད་པ། ཤེས་རབ་ཀྱི་སྣང་བ་སྤྲོས་པས་རྨོངས་པའི་མུན་པ་འཇོམས་པ། བཀོལ་སྤྱོད་སྡུག་བསྔལ་སོགས་དག་པས་སྐུ་མདོག་མཐིང་ཁ་འགྱུར་བ་མེད་པའི་ཆ་བྱད་དོ། །བྱང་ཤར་དུ་སེར་སྣ་མ་སྤངས་གནས་སུ་དག་པ་ཡི་དྭགས་ཀྱི་ཐུབ་པ་ཁ་འབར་མ། ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་སེལ་བྱེད་རིན་པོ་ཆེའི་སྒྲོམ་བུ་བསྣམས་ཡོད་པ། གང་འདོད་ལོངས་སྤྱོད་ཀྱི་གཏེར་ཁ་ཕྱེས་པས་མི་ཟད་འདོད་ཡོན་ལ་སྤྱོད་པ། འཇུར་འགེགས་ཀྱི་སེམས་ཞི་ཞིང་ཕོངས་པའི་སྡུག་བསྔལ་ལས་གྲོལ་བའི་སྐུ་མདོག་དམར་བོར་སྣང་བ་དེ་ལྟར་ཡིན་ནོ། །དེ་ལྟར་འགྲོ་བ་རིགས་དྲུག་གི་གནས་སུ་ཕར་ཕྱིན་དྲུག་གིས་སེམས་ཅན་གྱི་དོན་མཛད་པའི་སྤྲུལ་སྐུ་ཐུབ་པ་དྲུག་པོ་དེ་འགྲོ་བ་སོ་སོའི་གཙོ་བོ་ལ་སོགས་པ་གང་འདུལ་དེར་སྟོན་གྱི་རྣམ་པར་བསྟན་པ་ནི་རྣམ་འགྱུར་ཆ་ལུགས་གཅིག་ཏུ་མ་ངེས་ཀྱང་གདུལ་བྱའི་སྣང་ངོ་ལ་སྤྲུལ་སྐུའི་ཆ་ལུགས་ཅན་དུ་རང་གར་བྲིས་ཆ་ལ་གང་ལ་གང་འདུལ་གྱི་ཐབས་ཀྱིས་བྲིས་པ་ཡིན་ཞིང་། འཁོར་བར་མ་ཆགས་པའི་དབུ་རེག་ཞབས་རྗེན་ངུར་སྨྲིག་གི་ཆས་ཅན་དུ་གསལ་འདེབས་དགོས་ལ། ཚངས་པར་སྤྱོད་པའི་ཆ་ལུགས་སུ་སྣང་བ་དང་། འཁོར་བའི་སྐྱོན་གྱིས་མ་གོས་པའི་བརྡ་རུ་འུ་ཚོ་སྒོམ་མཁན་མི་ཡིན་པས་མིའི་སྣང་ངོ་ལ་སྤྲུལ་སྐུའི་ཆ་བྱད་དུ་བྱོན་པའི་སྤྲུལ་སྐུ་ཤཱཀྱ་ཐུབ་པ་ལྟར་དུ་རིགས་དྲུག་གི་ཐུབ་པ་གཞན་ཡང་དེ་ལྟར་དུ་གསལ་བདེ་བའི་ཆེད་དུ་གསལ་དགོས་སོ། །དེ་རྣམ་པ་པདྨ་རྐྱང་པའི་གདན་གྱི་སྟེང་དུ་འགྲོ་དོན་ལ་སྐྱོ་དུབ་མེད་པར་ཉིན་མཚན་དུས་དྲུག་ཏུ་སེམས་ཅན་ལ་གཟིགས་པའི་བརྡ་རུ་བཞེངས་སྟབས་སུ་མཛད་པའི་ཡེ་ཤེས་སྒྱུ་མའི་སྐུ་ཅན་གྱི་གཟུགས་སྐུར་གསལ་འདེབས་དགོས་སོ། །སངས་རྒྱས་སྤྲུལ་པའི་སྐུའི་ཆ་བྱད་ཅན་ཞིག་ལ་ཕྱག་ན་མཚོན་ཆ་བསྣམས་པ་དེ་ཚོ་གཏན་ནས་མི་འཐད་ཅེས་ལོག་རྟོག་ཅན་དེ་ལྟར་ཡོད་མྱོང་བ་ཡིན་ལ། དེ་ཚོའི་བརྒལ་ལན་ཟུར་ནས་གཟིགས་དང་མཁྱེན་པར་འགྱུར་རོ། །མདོར་བསྡུས་ནས་བཤད་ན་རྫོགས་པ་ཆེན་པོའི་ལུགས་ལ་སངས་རྒྱས་སྤྲུལ་པའི་སྐུ་ལ་རང་བཞིན་སྤྲུལ་པ། འགྲོ་འདུལ་སྤྲུལ་པ། དེའི་སྟེང་དུ་བཟོ་དང་། སྐྱེ་བ། མཆོག་གི་སྤྲུལ་པའི་སྐུ་ཐུན་མོང་གི་བཤད་ཚུལ་ལྟར་དུ་ཡོད་ཅིང་། རང་བཞིན་སྤྲུལ་པ་དེ་ཕྱེད་སྤྲུལ་ལོངས་སྐུ་ལས་དག་པ་སར་གནས་ཀྱི་སེམས་དཔའི་ངོ་ལ་སྣང་བ། འགྲོ་འདུལ་སྤྲུལ་པ་དེ་འགྲོ་དྲུག་གི་གནས་སུ་རང་སྣང་གི་སྟོན་པར་སྣང་ནས་ངོ་བོ་དག་ཅིང་རྣམ་པ་གདུལ་བྱའི་སྣང་བ་ལྟར་དུ་དག་དང་མ་དག་སྣ་ཚོགས་ཀྱི་ཚུལ་དུ་ཐུགས་རྗེའི་རོལ་བར་ཤར་བ་དེ་ཉིད་འདི་ཚད་མེད་ཐུགས་རྗེའི་སྤྲུལ་བ་ཡིན་ཞིང་སྲིད་པ་ཇི་སྲིད་དུ་རྒྱུན་མི་ཆད་པ་དེ་ལྟར་ཡིན་ནོ།།

༤༽ འཇོམས་བྱེད་ཁྲོ་བོའི་འཁོར་བསྐྱེད་པ།

ད་ནི་འཇོམས་བྱེད་ཁྲོ་བོའི་འཁོར་བསྐྱེད་པ་ནི།

ཧཱུྃ༔ ཤར་སྒོར་རྣམ་རྒྱལ་ལྕགས་ཀྱུ་དཀར༔

ལྷོ་སྒོར་གཤིན་རྗེ་ཞགས་པ་སེར༔

ནུབ་སྒོར་རྟ་མགྲིན་ལྕགས་སྒྲོག་དམར༔

བྱང་སྒོར་བདུད་རྩི་དྲིལ་བུ་ལྗང་༔

ཚད་མེད་བཞི་ལྡན་ཡབ་ཡུམ་བརྒྱད༔

ཁྲོ་བོའི་ཚུལ་རྫོགས་འདོར་སྟབས་བཞུགས༔

ཞི་བ་བཞི་བཅུ་རྩ་གཉིས་ནི༔

མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔

ཞེས་གསུངས་ཏེ། དཀྱིལ་འཁོར་ཆེན་པོའི་ཤར་སྒོ་ན་རྟག་པར་ལྟ་བ་མ་སྤངས་གནས་སུ་དག་པ་སྒོ་སྲུང་ཁྲོ་བོ་རྣམ་པར་རྒྱལ་བ། ཁྲོ་མོ་ལྕགས་ཀྱུ་མ་དང་མཉམ་པར་འཁྲིལ་ཡོད་པ། ཡབ་ཀྱིས་འཆི་བདག་གི་བདུད་དབྱིངས་སུ་བཅོམ་པའི་ཐོད་དབྱུག་དང་དྲིལ་བུ་བསྣམས་པ། ཡུམ་གྱིས་སྙིང་རྗེས་འགྲོ་བ་འདྲེན་པའི་བརྡ་རུ་ལྕགས་ཀྱུ་དང་དུང་ཆེན་བྷན་དམར་བསྣམས་ཡོད་པ། ཞབས་འདོར་སྟབས། ཡབ་ཡུམ་གཉིས་ཀ་སྐུ་མདོག་དཀར་བོ་ཡིན་ནོ། །ལྷོ་སྒོ་ལ་ཆད་པར་ལྟ་བ་མ་སྤངས་གནས་སུ་དག་པ་ཁྲོ་བོ་གཤིན་རྗེ་གཤེད། ཁྲོ་མོ་ཞགས་པ་མ་དང་མཉམ་པར་འཁྲིལ་བ། ཡབ་ཀྱིས་ལྷ་བདུད་དབྱིངས་སུ་བཅོམ་པའི་དབྱུག་ཏོ་དང་དྲིལ་བུ་བསྣམས་པ། ཡུམ་གྱིས་བྱམས་པས་རིགས་དྲུག་འཆིང་བའི་ཞགས་པ་དང་དུང་དམར་བསྣམས་པ། ཡབ་ཡུམ་གཉིས་ཀ་སྐུ་མདོག་སེར་བོ་ཡིན་ནོ། །ནུབ་སྒོར་བདག་ལྟ་མ་སྤངས་གནས་སུ་དག་པ་ཁྲོ་བོ་རྟ་མགྲིན་རྒྱལ་པོ། ཁྲོ་མོ་ལྕགས་སྒྲོག་མ་དང་འཁྲིལ་བ། ཡབ་ཀྱིས་ཕྱག་གཡས་པས་ལྕགས་སྒྲོག་བསྣམས་ཡོད་ལ། ཉོན་མོངས་པའི་བདུད་དབྱིངས་སུ་བཅོམ་པའི་ལྕགས་སྒྲོག་ནམ་མཁའ་ལ་ཕྱར་ཡོད་པ། གཡོན་གྱིས་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་གྱིས་དགའ་བ་ཆེན་པོས་འགྲོ་བ་སྡོམ་པའི་ལྕགས་སྒྲོག་དང་དུང་དམར་བསྣམས་པས་ཡབ་ལ་འཁྱུད་པ། ཡབ་ཡུམ་གཉིས་ཀ་སྐུ་མདོག་དམར་བོ་ཡིན་ནོ། །བྱང་སྒོ་ལ་མཚན་མར་ལྟ་བ་མ་སྤངས་དབྱིངས་སུ་དག་པ་ཁྲོ་བོ་བདུད་རྩི་འཁྱིལ་བ། ཁྲོ་མོ་དྲིལ་བུ་མ་དང་མཉམ་པར་འཁྲིལ་བ། ཡབ་ཀྱིས་རྒྱ་གྲམ་བསྣམས་ཡོད་ཅིང་། ཕུང་པོའི་བདུད་དབྱིངས་སུ་བཅོམ་པའི་རྡོ་རྗེ་རྒྱ་གྲམ་དང་དྲིལ་བུ་བསྣམས་པ། ཡུམ་དྲིལ་བུ་མས་བཏང་སྙོམས་ཆེན་པོས་རིགས་དྲུག་མཉེས་པར་མཛད་པའི་དྲིལ་བུ་དང་དུང་དམར་བསྣམས་ནས་ཡབ་ལ་འཁྱུད་པ། དེ་གཉིས་ཀ་སྐུ་མདོག་ལྗང་གུ་ཡིན་ནོ། །སྒོ་བ་ཡབ་ཡུམ་བརྒྱད་འདིས་བདུད་བཞི་འཇོམས་པའི་བརྡ་རུ་ཐོད་དབྱུག་ལ་སོགས་པ་དང་། ཚད་མེད་རྣམ་བཞིས་འགྲོ་བ་ཐུགས་རྗེས་འཛིན་པ་དང་། འཆིང་བ་དང་། མི་འཆོར་བར་སྡོམ་པ། ཉོན་མོངས་པ་ཐལ་བར་རློག་པའི་བརྡ་རུ་ལྕགས་ཀྱུ་ལ་སོགས་པའི་ཕྱག་མཚན་བསྣམས་པ་དེ་ལྟར་ཡིན་ལ། སྐུ་མདོག་དཀར་སེར་དམར་ལྗང་བཞི་རུ་བསྟན་པ་ནི་སྐྱེ་བ་རྣམ་བཞི་སྦྱངས་པའི་དོན་ཡིན་ཞིང་། སྒོ་བ་ཡབ་ཡུམ་བརྒྱད་པོ་དེ་ཁྲོ་བོ་དང་ཁྲོ་མོའི་ཆས་རྫོགས་པ་ཉི་གདན་གྱི་སྟེང་ན་ཞབས་འཁོར་འདས་མཉམ་པར་རོལ་བའི་འདོར་སྟབས་སམ་དོར་སྟབས་ཀྱིས་བཞུགས་པ་དང་། བསྐལ་བའི་མེ་དཔུང་འབར་བའི་ཀློང་ན་རྔམ་པའི་ཆ་བྱད་ཅན་གྱིས་བཞུགས་པ་དེ་ལྟར་བསྒོམ་དགོས་སོ། །དེ་ཡན་ཆད་ཀྱིས་བསྟན་པའི་ཞི་བ་བཞི་བཅུ་རྩ་གཉིས་ཀྱི་ལྷ་ཚོགས་ནི་ཀུན་བཟང་ཡབ་ཡུམ་གཉིས། རིགས་ལྔ་ཡབ་ཡུམ་བཅུ་ཡིས་བཅུ་གཉིས། སེམས་དཔའ་སེམས་མ་བཅུ་དྲུག་གིས་ཉི་ཤུ་རྩ་བརྒྱད། ཉི་ཤུ་རྩ་བརྒྱད་དེའི་སྟེང་དུ་ཐུབ་དྲུག་གིས་སུམ་ཅུ་སོ་བཞི། དེའི་ཐོག་ལ་སྒོ་བ་ཡབ་ཡུམ་བརྒྱད་བསྣན་པས་བཞི་བཅུ་ཞེ་གཉིས་ཡིན་ནོ། །ཞི་བའི་སྐབས་སུ་སྒོ་སྲུང་ཁྲོ་བོ་ཡབ་ཡུམ་བརྒྱད་ཡོད་པས་ཞི་བ་རྐྱང་རྐྱང་བཞི་བཅུ་ཞེ་གཉིས་མི་ཚང་ངོ་སྙམ་ན། དཀྱིལ་འཁོར་གྱི་རྩ་བ་ཞི་བའི་ལྷ་ཚོགས་ཡིན་ལ། དེ་སྟབས་ཀྱིས་ཞི་བའི་ལྷ་ཚོགས་ཞེས་དོན་དང་མཐུན་པའི་མཚན་ཡིན་ཞིང་། ལོག་རྟོག་དང་མཚན་མར་འཛིན་པ་འཇོམས་པའི་ཕྱིར་དུ་དྲག་པོའི་ཕྲིན་ལས་བསྟན་པའི་ཆེད་དུ་སྒོ་སྲུང་ཁྲོ་བོར་སྣང་བའི་གོ་བ་དང་། སྒོམ་ཁོག་རྒྱས་པ་རྣམས་ཀྱི་འདིའི་སྐབས་སུ་ཨོཾ་ཨཱཿཧཱུྃ་ལན་གསུམ་བཟླས་ནས་ཁྲོ་བོའི་དཀྱིལ་འཁོར་ལ་དབང་བསྐུར་བ་དེ་འབྱུང་བ་ཡིན་ནོ། །འདིའི་སྐབས་སུ་ཨོཾ་ཨཱཿཧཱུྃ་ལ་འུ་ཚོས་སྤྱིར་བཏང་གིས་ཕྱག་རྒྱ་མི་མཛད་མོད་དོན་ངོ་མ་ལ་ཨོཾ་ཨཱཿཧཱུྃ་གསུམ་འདིའི་སྐབས་སུ་བརྒྱུད་པ་འདིའི་པདྨ་བཛྲ་ལ་སོགས་པ་རྫོགས་ཆེན་ཚང་གི་གདན་སའི་གོང་མ་རྣམ་པས་རྡོ་རྗེ་རྩེ་ལྔ་བའི་ཕྱག་རྒྱས་གནས་གསུམ་དབང་བསྐུར་གྱི་རྒྱ་མཛད་པ་ཡིན་ལ། དེ་དོན་ལ་ངེས་པར་དུ་དགོས་རྒྱུ་ཅན་ཞིག་ཀྱང་ཡིན་ནོ། །དབང་བསྐུར་བ་ལ་དབང་ལྷ་གདན་གསུམ་ཚང་བའི་དཀྱིལ་འཁོར་དགོས་ཤིང་། གདན་གསུམ་ཞེས་པ་གདན་སུམ་བརྩེགས་བཏིང་ཡོད་པའི་དཀྱིལ་འཁོར་ཞིག་དགོས་པའི་དོན་ཨེ་རེད་ཟེར་ན་དེ་མ་ཡིན་ལ། ཞི་བའི་དཀྱིལ་འཁོར་འདི་ཁྲོ་བཅུར་དབང་སྐུར་བྱེད་ཡིན་པས་གཤེགས་པ་དང་གཤེགས་མ། སེམས་དཔའ་དང་སེམས་མ། ཁྲོ་བོ་དང་ཁྲོ་མོ་རྣམས་དཀྱིལ་འཁོར་གཅིག་ཏུ་ཚོགས་པ་ལ་གདན་འཛོམས་གསུངས། གདན་འཛོམས་པའི་བརྡ་ཆད་ཀྱི་སྐད་ཀྱི་ཐོག་ནས་གདན་གསུམ་ཚང་བའི་དཀྱིལ་འཁོར་ཟེར་རོ། །དེ་ཡང་གཞན་དུ་མ་གྲུབ་པར་སྣོད་བཅུད་རྒྱལ་བའི་དཀྱིལ་འཁོར་རྣལ་འབྱོར་བའི་རང་ལུས་ལ་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་གཞི་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དེ་ཡེ་ནས་ཚང་ཡོད་པས་ན། ཕུང་ཁམས་དག་པ་གཤེགས་པ་གཤེགས་མའི་གདན། །དབང་ཡུལ་དག་པ་སེམས་དཔའ་སེམས་མའི་གདན། །ཡན་ལག་དག་པ་ཁྲོ་བོ་ཁྲོ་མོའི་གདན། །ཞེས་གདན་གསུམ་ཚང་བའི་དཀྱིལ་འཁོར་བཤད་པ་ཡིན་ནོ། །དབང་གི་ཕྲིན་ལས་མཛད་པའི་སྐབས་སུ་རིགས་ལྔ་ཡབ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་རྣམས་ཀྱིས་དབང་བསྐུར། སེམས་དཔའ་ཡབ་ཡུམ་གྱིས་བཀྲ་ཤིས་བརྗོད། ཁྲོ་བོ་ཁྲོ་མོས་བགེགས་བསྐྲད་ནས་ཀུན་ཀྱང་དབང་གི་བྱ་བ་ལ་དགྱེས་པར་གྱུར་ཅེས་དབང་བསྐུར་བའི་བརྡ་དོན་བླ་མེད་ཀྱི་སྔགས་རྒྱུད་མང་པོ་ནས་འབྱུང་བ་ཡིན་ཞིང་། ཞི་བའི་དཀྱིལ་འཁོར་ལ་སྒོ་སྲུང་ཁྲོ་བོ་ཡོད་པས་ཞི་བའི་དཀྱིལ་འཁོར་མིན་པ་དེ་ལྟར་མ་ཡིན་ནོ། །འདི་ནས་ཁྲོ་བོའི་ཚུལ་རྫོགས་ཞེས་དཔལ་གྱི་ཆས་བཅུ། དུར་ཁྲོད་ཀྱི་ཆས་བརྒྱད་ལ་སོགས་པ་ཁྲོ་བོའི་ཆས་སྤྱིར་བསྟན་ལ། འདི་ཁྲོ་བོའི་སྐབས་སུ་རྒྱས་པར་བཤད་དགོས་པ་ཡིན་ཡང་འདི་ནས་ཁྲོ་བོའི་ཚུལ་རྫོགས་ཞེས་པ་དང་སྒོ་བསྟུན་ནས་ཧ་ལམ་ཕྱོགས་མཚུངས་ཤིག་ཞུས་ན། དཔལ་གྱི་ཆས་གོས་ནི་བགོ་བའི་གོས་གསུམ། འདོགས་པའི་རྒྱན་གཉིས། བྱུག་པའི་རྫས་གསུམ་སྟེ། དེ་རྣམས་ལ་དཔལ་གྱི་ཆས་བརྒྱད་གསུང་ས་ཡང་ཡོད་དོ། །ཐོད་པ་སྐམ་རློན་དང་། སྦྲུལ་རྒྱན། རཀྟའི་ཐིག་ལེ་ལ་སོགས་པ་དུར་ཁྲོད་ཀྱི་ཆས་ལ་ཡང་བརྩི་རྒྱུ་ཞིག་ཡིན་ལ། བགོ་བའི་གོས་གསུམ་ནི་གླང་ཆེན་གྱི་པགས་པའི་སྟོད་གཡོག་དང་། ཞིང་ཆེན་གྱི་གཡང་གཞིའི་ན་བཟའ། སྟག་གི་པགས་པའི་ཤམ་ཐབས་ཏེ་དེ་རྣམས་ཡིན་ནོ། །འདོགས་པའི་རྒྱན་གཉིས་དེ་སྦྲུལ་སྣ་ཚོགས་དང་། ཐོད་པ་སྐམ་རློན་གཉིས་ལ་གསུངས་ཤིང་། བྱུག་པའི་རྫས་གསུམ་ནི་རཀྟའི་ཐིག་ལེ། ཞག་གི་ཟོ་རིས། ཐལ་ཆེན་གྱི་ཚོམ་བུ་རྣམས་ཏེ་ཁྲོ་བོའི་ཆས་དང་། ཁྲོ་མོ་ཡང་དེའི་ཕྱོགས་མཚུངས་ཡིན་ལ། དེ་ཐམས་ཅད་ལ་དག་དྲན་རེ་རེ་བཞིན་དུ་སྦྱར་རྒྱུ་ཡོད་པ་དེ་ལྟར་ཡིན་ནོ། །ད་རུང་གར་གྱི་ཉམས་དགུ་ནི་སྒེག་པ། དཔའ་བ། མི་སྡུག་པ་སྟེ་སྐུ་ཡི་ཉམས་གསུམ། རྒོད་པ། དྲག་ཤུལ། འཇིགས་རུང་སྟེ་གསུང་གི་ཉམས་གསུམ་སྟེ་དྲུག སྙིང་རྗེ། རྔམ་དང་། ཞི་བ་སྟེ་ཐུགས་ཀྱི་ཉམས་གསུམ་གྱིས་དགུ་དང་ལྡན་པ་དེ་ལྟ་བུའི་སྒོ་སྲུང་ཁྲོ་བོ་ཡབ་ཡུམ་དང་བཅས་པ་མདོར་ན་ཞི་བ་བཞི་བཅུ་རྩ་གཉིས་ཀྱི་ལྷ་ཚོགས་མ་ཡེངས་ཡིད་ཡུལ་དུ་གསལ་བར་བསྒོམ་ཞེས་གསུངས་པའོ། །བསྐྱེད་རིམ་གྱི་སྐབས་འདི་ལ་བདག་བསྐྱེད་དང་། མདུན་བསྐྱེད། བདག་མདུན་དབྱེར་མེད་དུ་བསྐྱེད་པ་སྟེ་གསུམ་འབྱུང་རྒྱུ་ཡོད་ལ། འདི་ལ་སྒོམ་རིམ་གཅིག་གིས་ཆོག་ཅིང་། ཟུར་བ་ཞིག་མི་དགོས་སོ། །བདག་བསྐྱེད་ཕུང་ཁམས་སྐྱེ་མཆེད་རྟོག་ཚོགས་དང་བཅས་པ་ཐམས་ཅད་ལྷའི་འཁོར་ལོ་རུ་སྒོམ་པ་དང་། མདུན་བསྐྱེད་མེ་ཏོག་དང་རས་བྲིས་རྡུལ་མཚོན་གང་ཡིན་ན་དེས་མཚོན་ནས་ལྷའི་དཀྱིལ་འཁོར་དུ་བསྐྱེད་པ། བདག་མདུན་དབྱེར་མེད་ཀྱི་སྐབས་སུ་སྣོད་བཅུད་སྣང་སྲིད་ཐམས་ཅད་ལྷ་དང་གཞལ་ཡས་ཁང་དུ་གསལ་བ་སྟེ་དེ་འདྲའི་དབྱེ་བསྡུ་དང་ཁྱད་པར་ཙམ་ཞིག་ཡིན་ནོ། །སྤྱིར་ལྷ་བསྒོམ་ཟེར་རྒྱུའི་ལྷ་འདི་ལ་ཆོས་ཉིད་དོན་གྱི་ལྷ་དང་། ཆོས་ཅན་རྟགས་ཀྱི་ལྷ་རྣམ་པ་གཉིས་ཀྱི་གོ་དོན་གྱི་ཐོག་ནས་བཤད་ན་ཆོས་ཉིད་དོན་གྱི་ལྷ་དེ་ནི་སྣང་སྟོང་གཉིས་མེད་ཀྱི་ཡེ་ཤེས་སྒྲིབ་པའི་དྲི་མ་ཕྲ་མོ་ཡང་མེད་པའི་འཁོར་འདས་རོ་མཉམ་གཅིག་དང་དུ་མ་ལ་སོགས་པའི་མཚན་མའི་སྤྱོད་ཡུལ་ལས་འདས་པ་ཡིན་ཡང་ཤེས་བྱའི་རྣམ་པ་ཐམས་ཅད་དེ་འཆར་བའི་བདག་ཉིད་ཅན་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་དང་ཐ་དད་མ་ཡིན་པ་རང་བྱུང་ཡེ་ཤེས་ཀྱི་སྐུ་རིགས་ཐམས་ཅད་ཀྱི་ཁྱབ་བདག་ཏུ་བཞུགས་པ་ནི་ཆོས་ཉིད་དོན་གྱི་ལྷ་ཡིན་ལ། དེའི་ལྷ་དེའི་ཡེ་ཤེས་ཀྱི་སྐུ་མཚན་མའི་སྤྱོད་ཡུལ་ལས་འདས་པ་དེ་ཉིད་རྣམ་པ་རྟགས་ཀྱི་ཕྱག་རྒྱར་ཤར་ནས་ཞི་བ་དང་ཁྲོ་བོ། གཙོ་དང་འཁོར། རྟེན་དང་བརྟེན་པའི་རྣམ་པ་གདུལ་བྱ་གཉིས་འཛིན་ཅན་འདུལ་བའི་ཆེད་དུ་དེ་དང་དེར་སྣང་བ་དེ་ནི་རྒྱུད་སྡེ་སོ་སོ་ནས་གསུངས་པ་འདི་དག་ཡིན་པར་གོ་དོན་ངེས་དགོས་སོ། །ཡང་ལྷ་ཞེས་གསུངས་སྐབས་ཆོས་ཉིད་ཀྱི་ལྷ། ཡེ་ཤེས་ཀྱི་ལྷ། མཚན་མའི་ལྷ་སྟེ་གསུམ་ཞེས་གསུང་སྐབས་ཀྱང་ཡོད་ཅིང་། དེའི་ཚེ་ཆོས་ཉིད་ཀྱི་ལྷ་ནི་ཆོས་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་དང་བྲལ་བ་ལ་གོ་དགོས་པ་དང་། ཡེ་ཤེས་ཀྱི་ལྷ་ནི་ཆོས་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་དང་བྲལ་བ་དེ་དང་ངོ་བོ་དབྱེར་མེད་པའི་སངས་རྒྱས་ཀྱི་ཡེ་ཤེས་སེམས་ཅན་གྱི་ཁམས་ལ་ཡེ་ནས་ཡོད་པ་དེ་ཉིད་ཡིན་ལ། མཚན་མའི་ལྷ་ནི་དེ་ལྟ་བུ་དབྱིངས་དང་ཡེ་ཤེས་ཟུང་དུ་འཇུག་པའི་ཆོ་འཕྲུལ་ལམ་དེའི་རྣམ་རོལ་ཞེས་བརྗོད་ཀྱང་ཆོག དེ་མཚན་མ་སྐུ་མདོག་ཕྱག་མཚན་ཅན་དུ་ཡོད་པའི་བསྐྱེད་རིམ་གྱི་སྐབས་སུ་བསྒོམ་རྒྱུ་དེ་ལ་གསུངས་པས་དེ་ལྟར་དབྱེ་བ་གསུམ་དུ་ཕྱེ་བ་ཡང་ཡོད་དོ།།

༼༢ ཁྲོ་བོ་ལྷ་ཚོགས་བསྐྱེད་པ།

༡༽ སྤྱིའི་གཙོ་བོ་བསྐྱེད་པ།

དེ་ཡན་ཆད་ཀྱིས་ཞི་བའི་ལྷ་ཚོགས་བསྐྱེད་པ་སོང་ནས་འདི་མན་ཆད་ཁྲོ་བོའི་ལྷ་ཚོགས་བསྐྱེད་པ་ཡིན་ཞིང་། འདི་ལ་སྤྱིའི་གཙོ་བོ། རིགས་ཀྱི་གཙོ་བོ། གནས་མ། ཡུལ་མ། སྒོ་མ། དབང་མོ་དང་བཅས་པའི་ས་བཅད་ཀྱི་ཐོག་ནས་བསྟན་ཡོད་ལ། དེའི་ནང་གི་སྤྱིའི་གཙོ་བ་ནི།

ཧཱུྃ༔ དབུས་སུ་བུདྡྷ་ཧེ་རུ་ཀ༔

ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔

གཡས་དཀར་གཡོན་དམར་དབུས་སྨུག་ནག༔

འཁོར་ལོ་དགྲ་སྟྭ་རལ་གྲི་གཡས༔

དྲིལ་བུ་ཐོང་གཤོལ་བྷན་དྷ་གཡོན༔

བུད་དྷ་ཀྲོ་ཏི་གཉིས་མེད་འཁྲིལ༔

ཞེས་གསུངས་ཏེ། ཧཱུྃ་ཞེས་པའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་མི་འགྱུར་བའི་ངོ་བོ་ཡི་གེར་སྣང་བའི་སྒྲ་ཡིས་བསྐུལ་ནས། བདག་བསྐྱེད་ཀྱིས་དུང་ཁང་འཁོར་ལོའི་དབུས་སུ་བསྒོམ་དགོས་ཤིང་། མདུན་བསྐྱེད་ཀྱིས་ཞི་བའི་སྟེང་གི་ནམ་མཁའ་ལ་བསྒོམ་དགོས་སོ། །ཞི་བའི་སྟེང་གི་ནམ་མཁའ་ལ་སྟེང་ཕྱོགས་མེ་རི་འབར་བའི་དཀྱིལ་འཁོར་དུར་ཁྲོད་རོལ་བའི་བཀོད་པ་ཡོངས་སུ་རྫོགས་པ་གཞི་དང་རྒྱ་ཆེན་ཚད་མེད་པའི་ཡེ་ཤེས་ཀྱི་རོལ་བ་བསམ་གྱིས་མི་ཁྱབ་པའི་ཁྲོ་བོའི་དཀྱིལ་འཁོར་དེའི་དབུས་ན་བུདྡྷ་ཧེ་རུ་ཀ་སྟེ་ལས་བྱང་ཆུང་བ་འདིའི་སྐབས་ན་ཆེ་མཆོག་དང་ངོ་བོ་གཅིག་པར་བྱས་ནས་བསྡུས་ཏེ་སྙིང་པོ་དྲིལ་ནས་གསུངས་པ་ཡིན་ལ། ཁྲག་འཐུང་ལྔ་བཅུ་ང་བརྒྱད་ཀྱི་ནང་ནས་གཅིག་ཆད་ནས་གཟུད་དགོས་པ་དེ་ལྟར་ནི་མ་ཡིན་ནོ། །སྔར་ཞི་བའི་སྐབས་ཀྱི་དཀྱིལ་འཁོར་གྱི་སྤྱིའི་གཙོ་བོ་ཀུན་བཟང་ཡབ་ཡུམ་དང་རྣམ་པར་སྣང་མཛད་སྒོམ་པའི་སྐབས་སུ་རྣམ་སྣང་ཡབ་ཡུམ་ཀུན་བཟང་ཡབ་ཡུམ་གྱི་མདུན་དང་འོག་ཏུ་བདག་མདུན་གྱི་ཁྱད་པར་གྱིས་བསྒོམ་དགོས་པ་དེ་ལ་དོན་གྱིས་བཤད་ན་གདངས་དང་འཆར་གཞིའི་ཁྱད་པར་ཙམ་ལས་ཐ་དད་མིན་པ་དང་འདྲ་བར་འདི་ནས་ཀྱང་ངོ་བོ་གཅིག་པའི་རྒྱུ་མཚན་གྱིས་དཀྱིལ་ཆོག་སྙིང་པོ་བསྡུས་ནས་ཐོལ་བསྐྱེད་མཛད་པའི་དགོངས་པ་འདི་ཞི་བའི་སྐབས་ཡིན་ན་ཡང་སྦྱར་ཆོག་པའི་གོ་བ་རིགས་འགྲེ་དགོས་པ་ང་རང་ཉིད་ཀྱིས་དེ་ལྟར་བསམ་པ་ཡིན་ནོ། །སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་བདག་ཉིད་བུདྡྷ་ཧེ་རུ་ཀ སྐུ་གསུམ་ལྷུན་གྱིས་གྲུབ་པའི་ཞལ་གསུམ། ཕ་རོལ་ཕྱིན་དྲུག་ཚང་བའི་ཕྱག་དྲུག རྫུ་འཕྲུལ་རྐང་བཞི་མཚོན་པའི་ཞབས་བཞི། ས་ལམ་ཆིག་རྫོགས་གྱད་ཀྱི་འདོར་སྟབས་སུ་བསྒྲད་པ། ཞལ་གཡས་དཀར་སྣང་སྟོང་སྤྲུལ་སྐུའི་རང་བཞིན། གཡོན་དམར་བདེ་སྟོང་ལོངས་སྐུའི་རང་བཞིན། དབུས་སྨུག་པོ་རྩ་བའི་སྐུ་མདོག་ཡེ་སྟོང་ཆོས་སྐུའི་རང་བཞིན། འཇོམས་བྱེད་འབར་བའི་རང་མདོག་འཁོར་ལོ་དགྲ་སྟ་རལ་གྲི་གཡས་སུ་བསྣམས་པ་དེ་གཏི་མུག་འཁྲུལ་རྟོག་གཉིས་འཛིན་གསུམ་པོ་གཅོད་པའི་ཆེད་དང་། དྲིལ་བུ་ཐོང་གཤོལ་བྷན་དྷ་གསུམ་ཁ་གཡོན་པས་བསྣམས་པ་དེ་འཁོར་བ་སྟོང་། ཉོན་མོངས་འཇོམས། གཟུང་འཛིན་དབྱིངས་སུ་བསྒྲལ་བ་རྣམས་ཀྱི་དོན་ཡིན་ནོ། །ཡུམ་བུདྡྷ་ཀྲོ་ཏི་ཤྭ་རི་མ་ཆོས་དབྱིངས་ཐིག་ལེ་ཉག་གཅིག་མཚོན་པའི་ཞལ་གཅིག རིག་སྟོང་དབྱེར་མེད་མཚོན་པའི་ཕྱག་གཉིས། རྒྱན་ཆ་ལུགས་སྐུ་མདོག་ལ་སོགས་ཡབ་དང་འདྲ་བ་ལ་བདེ་ཆེན་ལྷན་ཅིག་ཡེ་ཤེས་མཚོན་བྱེད་ཀྱི་གཟིག་ཤམ་ཅན། ཕྱག་གཡས་ན་དགོངས་པ་མི་འགྱུར་བའི་འཁོར་ལོ་དང་། གཡོན་ན་དུང་དམར་གྱི་དབྱིངས་རིག་ཟུང་འཇུག་གི་བརྡ་རྟགས་བཟུང་ནས་ཡབ་ལ་གཉིས་མེད་དུ་འཁྲིལ་བ་དེ་ལྟར་དུ་བསྒོམ་དགོས་སོ། །བུདྡྷ་སངས་རྒྱས་ཀྱི་དོན་དང་། ཧེ་རུ་ཀ་ཞེས་པ་ནི་ཧེ་ནི་ཧེ་ལ་སྟེ་སྤྱོད་ཅིང་བརྩོན་པའི་དོན་ཡིིན་ཞེས་རྒྱུད་ཀྱི་ནང་དུ་གསུངས་ཡོད་ལ། རུ་ནི་རུ་དྷི་ར་སྟེ་ཁྲག་ཡིན་གསུངས་ཤིང་། ཀ་བདག་པོའི་དོན་ཡིན་པས་ཁྲག་ལ་རོལ་བའི་བདག་པོ་ལ་ཁྲག་འཐུང་ཞེས་གསུངས་སོ། །ཀྲོ་ཏི་ཞེས་པ་ཁྲོ་མོ། ཤྭ་རི་ནི་དབང་ཕྱུག་མ། བུདྡྷ་ཀྲོ་ཏི་གཉིས་མེད་འཁྲིལ་ཞེས་སངས་རྒྱས་ཁྲོ་མོའི་དབང་ཕྱུག་མ་དང་གཉིས་མེད་དུ་འཁྲིལ་བའི་དོན་ཡིན་ནོ། །ཕྱག་མང་པོའི་ཕྱག་མཚན་གྱི་དཀྱིལ་ཆོག་གི་སྐབས་སུ་དང་པོ་བར་བ་ཐ་མ་རྣམས་ཀྱི་བརྩི་སྟངས་དེ་ལ་འདྲ་མི་འདྲ་ཡོད་དེ། གཡས་འགྱེད་ཅེས་པ། གཡོན་འགྱེད་ཅེས་པ། མཉམ་འགྱེད། འཁོར་འགྱེད་དེ་དེ་ལྟར་གོ་བ་ལེན་སྟངས་ཁ་ཁར་ཡོད་ཅིང་། གཡས་ཀྱི་དང་པོ་ནས་ཐ་མའི་བར་དང་གཡོན་གྱི་དང་པོ་ནས་ཐ་མའི་བར་དུ་རིམ་བཞིན་འགྱེད་པ་ལ་གཡས་འགྱེད་ཟེར་བ་དང་། གཡོན་གྱི་དང་པོ་མགོ་བཟུང་ནས་དེའི་ཐ་མའི་བར་དང་དེའི་འཕྲོས་སུ་གཡས་ཀྱི་དང་པོ་ནས་ཐ་མའི་བར་དུ་འགྱེད་པ་དེ་ལ་གཡོན་འགྱེད་ཟེར་བ་དང་། མཉམ་འགྱེད་ཅེས་པ་ནི་གཡས་དང་པོ་ནས་གཡོན་དང་པོ་གཡས་བར་བ་ནས་གཡོན་བར་བ་སྟེ་དེ་འདྲའི་སྒོ་ནས་འགྱེད་པ་ལ་མཉམ་འབྱེད་ཟེར་ལ། འཁོར་འགྱེད་ནི་གཡས་ཀྱི་དང་པོ་ནས་ཐ་མའི་བར་དེ་ནས་གཡོན་གྱི་ཐ་མ་ནས་དང་པོའི་བར་འགྱེད་པ་ལ་འཁོར་འགྱེད་དམ་བསྐོར་འགྱེད་ཅེས་ཟེར་རོ། །བསྐྱེད་ཆོག་འདི་གཅིག་མཚུངས་ཁོ་ན་མ་ཡིན་ཞིང་། འདི་ནས་གཡས་འགྱེད་བྱས་ནས་གསུངས་ལ། གཡས་དང་པོ་ནས་ཐ་མའི་བར་འཁོར་ལོ་དགྲ་སྟ་རལ་གྲི་རྣམས་དང་། གཡོན་དང་པོ་ནས་ཐ་མའི་བར་དྲིལ་བུ་ཐོང་གཤོལ་བྷན་དྷ་རྣམས་རིམ་པ་བཞིན་དུ་བསྒྲིག་རྒྱུ་དེ་ཡིན་ནོ། །ཡིན་ན་ཡང་དང་པོར་སྟེང་ནས་མར་མི་བརྩི་བར་རྩ་ཕྱག་གིས་ཡུམ་ལ་འཁྱུད་སྟབས་མཛད་པ་དེ་དང་པོར་བྱེད་རྒྱུ་དགོངས་པ་ཨེ་ཡིན་སྙམ། ལར་མ་རྩར་ཕྱག་མཚན་གྱི་གོ་བ་འདི་ད་ལྟར་སངས་རྒྱས་ཀྱི་ཐུགས་ལམ་དུ་བྱེད་པ་དང་། མ་འོངས་པར་འགྲོ་བ་རྣམས་ཐབས་དུ་མས་འདུལ་རྒྱུའི་རྟེན་འབྲེལ་འགྲིག་རྒྱུའི་དགོས་པ་ཡིན་ཞེས་གསུངས་སོ། །དེ་རིང་འུ་ཚོས་མཚམས་འདི་ནས་འཇོག་ལ། དུས་ཚོད་ལ་ཡང་བསྟུན་དགོས་ཤིང་། སང་ཉིན་བཛྲ་ཧེ་རུ་ཀ་ནས་མགོ་བཟུང་སྟེ་བཤད་རྒྱུ་ཡིན། ཞི་ཁྲོ་འདི་གསང་སྔགས་འབྲེལ་བ་བཞི་ལྡན་གྱིས་གཏན་ལ་ཕབ་པའི་ཆོས་བཀའ་ཟབ་མོ་བཀའ་གཏེར་དག་སྣང་ཐམས་ཅད་ཀྱི་ཉིང་ཁུ་འདིས་རེག་པ་ཙམ་གྱིས་ངན་སོང་དུ་མི་མངག་པའི་ཆོས་ཟབ་མོ་བཀའ་གཉན་པོ་ཡིན་ངེས་ཀྱང་ཆོས་ཟབ་པ་ལྟར་དུ་གང་ཟག་ཀྱང་ཟབ་དགོས་པ་ཡིན་ཞིང་། ཟབ་དགོས་པ་ཡིན་ཡང་ལོ་བརྒྱད་ཀྱི་ཐོག་ནས་ཞི་ཁྲོའི་འདོན་ཆ་ཁ་ཐོག་འཁོར་ལོར་བྱས་ན་དོན་ཞིབ་ཏུ་སྒྲོ་འདོགས་བཅད་ནས་བསམ་བློ་གཏང་རྒྱུ་ལ་གནས་དུས་ཡུལ་དབང་གིས་མཐུན་རྐྱེན་མ་ཚང་བ་ཡིན་ཡང་། ད་རུང་ཡིན་ན་མ་སྔ་མ་ཕྱི་འདི་འདྲའི་བསྙེན་སྒྲུབ་དང་བསྐྱེད་རྫོགས་ལ་ཐུགས་གཞོལ་རྒྱུ་ནི་དུས་འདི་ལ་བསམ་ན་དགུན་ཁའི་མེ་ཏོག་ཡིིན་ལ། གང་ན་ཡིན་ན་དཀོན་རྒྱུའི་ངོ་མཚར་ཅན་ཞིག་ཡིན་ནོ། །དེས་ན་རྣམ་པ་ཐམས་ཅད་ལ་བཀའ་དྲིན་ཆེ་ཡང་བསྐྱར་ཞུས་པ་ཡིན་ལ། རྟོགས་པའི་བསྟན་པ་འཛིན་ཞེས་པ་དེ་རེད་སྙམ་ནས་ཡི་རང་བྱེད་བཞིན་ཡོད་ཅིང་། དེ་ལྟར་དགོས་ཀྱང་དགོས་པ་ཡིན་ཏེ། ཚོན་པོ་བཤས་ཤུལ་རེད། །སྐ་མོ་བསྐོལ་ཤུལ་རེད། །འཇའ་ལུས་འོད་སྐུར་གྲོལ་བའི་གཤེགས་ཤུལ་ཡིན་ཞིང་། གྲུབ་གཉིས་རིག་འཛིན་བྱོན་པའི་གདན་ས་ཡིན་པས་འདྲ་འདྲའི་ནང་གི་མི་འདྲ་བའི་ཁྱད་ཆོས་དོན་གྱི་བསྟན་པ་བཤད་སྒྲུབ་ཀྱིས་འཛིན་རྒྱུ་ལ་ད་རུང་ཐུགས་སྟོབས་བསྐྱེད་མཛོད་ཞུ་བ་དང་ལྷན་དུ་དེ་རིང་གི་ཆོས་མཚམས་འདི་ནས་འཇོག་རྒྱུ་བྱེད་དོ།། །།


previousཉིན་གཉིས་པའི་ཆོས་ཁྲིད། next