Nitartha Digital Library
Tibetan
 
previousཉིན་གསུམ་པའི་ཆོས་ཁྲིད། next

ཉིན་གསུམ་པའི་ཆོས་ཁྲིད།

༡ སྔོན་དུ་འགྲོ་བའི་ཆོས་བཤད་པ།

ཇི་སྐད་དུ་ཀུན་མཁྱེན་འཇིགས་བྲལ་གླིང་པས། ཚེ་འདི་སྐྱིད་ཀྱང་དེ་རིང་ཉིན་གང་ཙམ། །ཕྱི་མའི་སྣང་བ་མི་རིང་སང་ཉིན་འོང་། །བར་དོའི་འཁྲུལ་སྣང་དོ་ནུབ་རྨི་ལམ་ཚུལ། །ད་ལྟ་ཉིད་ནས་དམ་པའི་ཆོས་ལ་འབུངས། །ཞེས་གསུངས་ཏེ། ད་ལྟའི་སྐབས་སུ་མཐོ་རིས་མིའི་ལུས་རྟེན་ཞིག་བླངས། སྐྱེ་བའི་སྡུག་བསྔལ་འདས་ཚར་ནས། ན་རྒས་ཤི་གསུམ་པོ་ད་རུང་ཐོག་ལ་མ་བབས། སྡུག་བསྔལ་རགས་པའི་ཚོར་སྣང་གཞན་པ་གནས་སྐབས་ཆུང་བའི་སྐབས་འདིར་སྐྱིད་ཐོག་ཟེར་རྒྱུའི་དུས་འདི་མགོ་ཐོག་ཏུ་ཚེས་ཡོད་ཅིང་། དེ་ཡོད་པའི་ཚེ་ན་སྐྱིད་སྣང་ཤར་ཁུལ་བྱེད་ཀྱང་འདི་རྟག་བརྟན་འགྱུར་བ་མེད་པ་ཞིག་མ་ཡིན་ལ། མི་ཚེ་ཟེར་ཡང་དེ་རིང་གི་ཉིན་གང་པོ་འདྲ་ཞིག་ཡིན་ནོ། །ལར་གང་ཟག་གཅིག་དང་གཅིག་གི་ཚེ་ཚད་མི་འདྲ་ཞིང་། དེའི་ནང་གི་སྙིགས་དུས་ཀྱི་ཚེ་ལ་ངེས་པ་མེད་ལ། གལ་ཏེ་ཡོད་པའི་དབང་དུ་བཏང་ན་ཡང་ཚེ་སྟོད་སྔ་དྲོའི་ཉི་མ་འདྲ་བོ་སོང་ཚར་ནས། ད་ཚེ་སྨད་མར་ལ་སྒུར་བའི་ལམ་སྣེ་ཕྱི་དྲོའི་ཉི་མ་འདྲ་བོ་ལ་ཐོན་ཡོད་ན་ཟད་པའི་ཆོས་ཅན་ཚང་མ་སྐད་ཅིག་སྐར་མའི་ཡུན་ལ་ཇེ་ཐུང་ཇེ་ཉུང་ཞིག་མ་གཏོགས་མེད་པས་ཕྱི་མའི་སྣང་བ་སང་ཉིན་འདྲ་བོའི་མགོ་འཛུགས་རན་པ་ལ་ཅུང་ཟད་མ་གཏོགས་མེད་དོ། །ཚེ་འདི་ཕྱི་གཉིས་ཀའི་བར་ལ་བར་དོའི་སྣང་བ་ཞེས་པ་འཇིགས་སྐྲག་ཅན་ཞིག་ཡོང་རྒྱུ་ཡོད་པ་ནི་དོ་ནུབ་ཀྱི་རྨི་ལམ་འདྲ་ཞིག་ཡིན་པས་ད་ལྟ་རང་དབང་རང་ལག་ཡོད་ཅིང་། གནད་རྒྱུ་མཚན་ཚང་མ་ཤེས་པའི་སྐབས་འདི་ལ་དོ་དགོང་གི་རྨི་ལམ་འདྲ་བའི་བར་དོ་ལ་མི་འཁྲུལ་ནས་བར་དོ་ཆོད་བྱེད། ལམ་མགོ་ཐོན་བྱེད་ཅིག་དང་། སང་ཉིན་གྱི་ཉི་མ་ཚེས་སྐབས་སུ་ཕན་ཐོགས་ཡོང་བྱེད་ཀྱི་འདང་རྒྱག་ལྟ་བུ་ཚེ་འདིའི་ཚེ་སྨད་ཐོན་ནས་དེ་རིང་གི་ཕྱི་དྲོ་ལྟ་བུ་ལ་སོང་ཉིན་ཚེས་རྒྱུ་མེད་སྣང་མི་ཤར་བར་དེའི་སྐབས་སུ་རང་གཞན་གཉིས་ཀ་སྙིང་དམར་ཐང་ཅན་གྱི་མི་ནས་བཟུང་སྟེ་ཕན་ཐོགས་ཅན་གྱི་དམ་པའི་ལྷ་ཆོས་ལ་འབད་འབུངས་གྱིས་མ་གཏོགས་འགྱོད་པ་རྗེས་ནས་འབྱུང་ཞེས་པ་ལྟ་བུ་གསུངས་པ་ཡིན་ནོ། །ད་རུང་ཁོང་གིས་དེ་ལ་མཐུད་ནས་འདི་ལྟར་གསུངས་ཡོད་དེ། སང་བྱ་གནངས་བྱས་མི་ཚེའི་བསྲེག་བརྡར་བྱེད། །ཆོས་ལ་འཇུག་ཁར་གེགས་ནི་ཅིར་ཡང་བརྫུ། །གཏན་འདུན་སློབ་མཁན་བླ་མ་མ་གཏོགས་པ། །སུ་ཡང་མི་འབྱུང་བློ་སྣ་འཕྲལ་དུ་སྟུངས། །ཞེས་གསུངས་ཤིང་། སྤྱིར་གངས་ཅན་ཆོས་ལྡན་གྱི་ཡུལ་དུ་སྐྱེས། དེའི་ནང་གི་སོར་ཐར་རིགས་བདུན་གང་རུང་གི་སྡོམ་པ་ཞུས་པར་མ་ཟད་ཆོས་སྒོ་ངོ་མ་ལ་ཞུགས་ཡོད་ཟེར་མཁན་རྣམས་ཀྱིས་རང་གཞན་འདི་ཕྱི་གཉིས་ཀ་ལ་ཕན་ཐོགས་ཅན་གྱི་དམ་པའི་ཆོས་དེ་སྒྲུབ་དགོས་སྙམ་ཁུལ་བྱེད་ཀྱང་བསམ་རྒྱུ་ཐོག་ཏུ་མི་འཁེལ་ནས་བསམ་ས་ལ་མ་སོང་། གསོད་ས་ལ་སོང་། མི་ཚེའི་ཟློས་གར་གྱི་འཁྲབ་མཇུག་གློ་བུར་དུ་རྫོགས་མཁན་གང་མང་མང་རིག་ས་བལྟ་ས་རང་གི་ཁྱིམ་དང་རང་གི་ཟུར་ནས་བུད་དེ་མི་ཚེའི་ལ་མོ་བརྒྱབ་པ་ཚང་མས་མཐོང་བཞིན་པ་དེ་ཡིན་ནོ། །དེ་ཅི་ཞིག་གིས་ལན་སོང་བསམས་ནས་གཞན་ཐོག་ལ་དཔེར་བླངས་རང་ཐོག་ལ་ཚད་བཞག་ན་རྟག་འཛིན་དེ་བྱེད་ཆེ་ནས་ཚོད་ཀྱིས་མ་ཐིག་ནས་ད་རུང་མི་ཤི་བསམ་ས་ནས་འཆི་བདག་ཚུར་ལ་ཐོན། སང་བྱ་དང་གནངས་བྱའི་འདང་རྒྱག་ད་རེས་མིན་ཡང་རྗེས་ཤིག་ནས་ཡིན་བསམ་ཁུལ་བྱེད་ས་དེ་ཉིད་དེ་རིང་ལ་ཟད་རྒྱུ་མེད་ལ། རྗེས་ནས་ཡིན་དྲན་རྒྱུའི་དུས་ཚོད་ལ་འཁེལ་རྒྱུ་མེད་ནས་མི་ཚེ་བསྲེག་བརྡར་ཞེས་གསུངས་པས་དངོས་པོ་ཞིག་མེར་བསྲེགས་ན་འབར་ནས་མེད་འགྲོ་རྒྱུ་དང་། རྩུབ་པོ་ཞིག་བརྡར་བཞག་ན་ཟད་ནས་མེད་འགྲོ་བ་ལྟར་དུ་དེ་རིང་གི་རྒྱབ་ཀྱི་སང་ཉིན། ད་ལོའི་རྒྱབ་ཀྱི་སང་ཕོད་ཀྱི་མི་ཚེ་བྲེལ་བ་དང་རྣམ་གཡེང་གི་བར་དུ་ཟད་བཞིན་ཡོད་པ་ཡིན་ནོ། །ཟད་འགྲོ་བའི་རྒྱུ་མཚན་ལ་འདང་རེ་བརྒྱབ་ན་བཤད་ཡོང་རིན་གཏན་ནས་མེད་པའི་ཆུང་ཆུང་ཞིག་ལ་མགོ་འཁོར་ནས་དོན་ཆུང་ལ་ཡེངས་ཏེ་དོན་ཆེན་ཤོར་བཞིན་ཡོད་པ་དེ་ཁབ་ཙམ་ཞིག་ལ་བལྟ་ས་ནས་སྟ་རེ་ཙམ་ཞིག་ཆད་བཞིན་ཡོད་པ་ཡིན་ཞིང་། ཆོས་ལ་འཇུག་ཁར་གེགས་ནི་ཅིར་ཡང་བརྫུ་ཞེས་གསུངས་ཏེ་ཆོས་སྒྲུབ་རན་ཁ་ཞིག་ལ་མི་ཁོམ་པའི་རྐྱེན་དེ་འདྲ་མི་འདྲ་ཡི་ཐོག་ནས་འབྱུང་བ་ཡིན་ལ། གེགས་རང་སེམས་ལ་ཞུགས་པ་དེ་ཞུགས་ལུགས་སྡུག་ཤོས་དེ་ཡིན་པ་དང་། གཉེན་གྲོགས་ལ་རྫུས་པ་དེ་འབྲིང་འབྲིང་ཞིག དགྲ་གདོན་ལ་རྫུས་པ་དེ་བགེགས་སྟོབས་ཆུང་ཤོས་དེ་ཡིན་ནོ། །དེས་ན་བགེགས་སྟོབས་ཆེན་རང་ཉིད་ཀྱི་སེམས་ཀྱི་རྣམ་རྟོག་ལ་རྫུས་ཡོང་སྐབས་སུ་འཐབ་པར་བྱེད་པའི་བདུད་ཅེས་པ་རྒྱག་རེས་བྱེད་བསམ་རྒྱུ། གཡེང་བར་བྱེད་པའི་བདུད་ཅེས་པ་ཡེངས་མ་ལམ་དུ་མི་ཚེ་གཅོད་རྒྱུ། ཆགས་པར་བྱེད་པའི་བདུད་ཅེས་པ་ཟས་ནོར་གྲོགས་ལ་སོགས་པ་ལ་ཆགས་ཞེན་གྱིས་འཆིང་རྒྱུ། འདུ་ཤེས་ལོག་པར་སྒྱུར་བའི་བདུད་ཅེས་པ་དྲན་མི་རུང་རྒྱུ་དྲན་ནས་ཕྱིན་ཅི་ལོག་གི་བློ་སྣ་མང་པོ་ཞིག་སེམས་ལ་འཚུབ་བཞིན་པ་སྟེ་དེ་ཚོ་ཚང་མ་སེམས་ལ་ཞུགས་ནས་དེའི་དབང་དུ་འགྱུར་འགྲོ་བ་ཡིན་ཞིང་། དེ་ཚོ་རང་གི་སེམས་ཀྱི་རྣམ་རྟོག་གི་ཐོག་ལ་བགེགས་འཛུལ་བ་དེ་ཡིན་ནོ། །བརྫུས་ཟེར་ཡང་འཛུལ་བ་ཡིན་ལ། བགེགས་འཛུལ་ཟེར་ན་འདྲེ་འཛུལ་བ་ཡིན་ཞིང་། ཕྱི་རོལ་ནས་ཡོང་མཁན་ཡང་ཡོད་པ་ཡིན་ནོ། །དེ་ཡང་དགྲ་ཕྱོགས་ནས་འབྱུང་བ་ཤིན་ཏུ་ཉུང་ལ། གཉེན་ཕྱོགས་ནས་འབྱུང་བ་མང་ཞིང་། ཆགས་ཞེན་འཁྲུལ་བའི་བདུད་དང་། དཔོན་གྲོགས་བདུད་ཁྱེར་གྱི་བདུད། བསོད་ནམས་འདུ་འཛིའི་བདུད། ཟས་ནོར་འཛིན་ཆགས་ཀྱི་བདུད་དེ་རྣམས་བྱུང་ནས་དུས་སྙིགས་མའི་སྐབས་ཀྱི་བདུད་སྟོབས་དེ་ཚོ་ཤུགས་དྲག་ཡིན་པས་དེའི་དབང་དུ་རིག་རིག་ལྟ་ལྟ་བཞིན་དུ་ཤོར་འགྲོ་བ་ཡིན་ནོ། །ཆོས་ཁྲིད་ཀྱི་སྐབས་ཀྱི་སྐར་མ་གཅིག་གཉིས་ཀྱི་བློ་སྦྱོང་དང་ཚེ་གཅིག་གི་མཉམ་འགྲོ་མཉམ་འདུག་གི་མི་དགེའི་བཤེས་གཉེན་གཉིས་ཀ་ཤུགས་ཆེ་ཆུང་འགྲན་སྐབས་གོམས་ཤུགས་ཆེ་བ་འགྲོགས་ཡུན་རིང་བ་དེའི་དབང་དུ་ཤོར་ལོས་འགྲོ་སྟེ་དུད་འཐེན་ངན་ལོབས་མཁན་ངན་པ་དང་འདྲ་འདྲར་ངན་གོམས་ཀྱི་ཕྱོགས་སུ་ཤོར་འགྲོ་བ་ཡིན་ནོ། །ཁྱིམ་ཕ་མ་གཉེན་ཉེ་དུ་བསམ་པ་མི་དཀར་བ་མ་ཡིན་ཡང་རྨོངས་པའི་གཞན་དབང་དུ་སོང་ནས་བཟང་སློབ་མི་ཤེས་ལ། བྱ་རོག་ཕྲུ་གུས་མ་ཡི་སྤུ། །འཐོག་པ་དྲིན་ལན་ཡིན་པར་སྒོམ། །ཞེས་པ་ལྟར་ལ། ཕན་འདོགས་བཞིན་ཡོད་བསམ་ས་ནས་དོན་ལ་ངན་དུ་འགྱུར་བཞིན་ཡོད་དོ། །དེ་ལྟར་ཡིན་ཕྱིར་གཏན་གྱི་འདུན་མ་བཟང་པོ་སློབ་མཁན་དེ་བླ་མ་མ་གཏོགས་མེད་པར་གསུངས་ཤིང་། དེ་ཡང་མཚན་ལྡན་གྱི་བླ་མ་ལ་གསུངས་པ་ཡིན་མ་གཏོགས་མིང་དུ་བླ་མ་ཐོགས་ཚད་ང་ལྟ་བུ་ལ་གསུངས་པ་མ་ཡིན་ལ། གཏན་འདུན་སློབ་མཁན་བླ་མ་མ་གཏོགས་པར། །སུ་ཡང་མི་འབྱུང་བློ་སྣ་འཕྲལ་དུ་སྟུངས། །ཞེས་པའི་ཚིག་འདིའི་གོ་དོན་ཤིན་ཏུ་གནད་ཆེ་སྟེ། གཏན་འདུན་ཞེས་པ་ཚེ་འདི་ནས་བཟུང་བའི་སངས་རྒྱས་ཀྱི་གོ་འཕང་ཐོབ་ནས་གཞན་དོན་གྱི་ཕྲིན་ལས་རྒྱུན་མི་ཆད་པ་དང་བཅས་པ་ལ་གོ་ཆོག གཏན་འདུན་ཞེས་པ་སྐྱེས་བུ་ཆུང་འབྲིང་ཆེ་གསུམ་རང་རང་གི་ལམ་གྱི་གཏན་གྱི་འདུན་མ་ལ་སྦྱར་ཆོག་མོད་འུ་ཚོ་གྲུབ་མཐས་བློ་བསྒྱུར་ལ་མ་བསྒྱུར་ཁད་ཀྱི་གང་ཟག་ཅིག་ལ་མཚོན་ན་ཚེ་འདི་དང་ཕྱི་མའི་ཚེ་རབས་ཚེ་རྒྱུད་དུ་བདེ་བྱེད་ལ་ཇི་ལྟར་ངན་པའི་དབང་དུ་བཏང་ན་ཡང་གོ་ཞིང་། དེ་གོ་ན་གཏན་འདུན་སྟོན་མཁན་བླ་མ་མ་གཏོགས་མེད་ཅེས་པ་འདི་གཏན་འདུན་མ་འཆུག་གསུངས་པ་ལོས་ཡིན་ཡང་དེ་དང་མཉམ་དུ་བླ་མའི་བརྟག་ཐབས་ཀྱང་རང་ཤུགས་ཀྱིས་བསྟན་ཡོད་དོ། །གཏན་གྱི་འདུན་མ་བསྟན་མ་ནུས་ན་མིང་དུ་བླ་མིང་ཐོགས་ལ། ཕྱི་རོལ་ལ་བླ་མའི་རྟགས་འཆང་ཡོད་ཀྱང་དོན་གྱི་ཐོག་ནས་བླ་མའི་བྱེད་ལས་ཆ་མ་ཚང་བ་ཡིན་པས་བསྟེན་ཀྱང་བླ་གོ་མི་ཆོད་དོ། །གལ་སྲིད་གཏན་གྱི་འདུན་མ་མ་ནོར་བ་ཞིག་སྟོན་མཁན་ཡིན་ན་ཆས་ཆ་ལུགས། རིགས་རུས་མཐོ་དམན། གོ་གནས་ཆེ་ཆུང་། བཙན་ཉམས་ཞན་ལ་མ་ལྟོས་ནས་བླ་མར་བསྟེན་པར་གྱིས་དང་དེ་ནི་ཕ་མ་ལས་ཀྱང་ལྷག་པས་མི་ཚད་སུ་གཅིག་གིས་སྟོན་མི་ནུས་པའི་གཏན་བདེའི་ལམ་སྟོན་མཁན་ཡིན་པས་དེ་རིང་ཉིད་ནས་ད་ལྟ་ཉིད་ནས་དམ་པའི་ཆོས་སྒྲུབས་ཤིག་དེ་གསུངས་པ་ཡིན་ནོ།།

༢ དངོས་ཀྱི་དོན་བཤད་པ།

༢༽ རིགས་ཀྱི་གཙོ་བོ་བསྐྱེད་པ།

༡ ཤར་དུ་བཛྲ་ཧེ་རུ་ཀ་ཡབ་ཡུམ་བསྐྱེད་པ།

དེ་ལྟ་བུའི་དམ་པའི་ལེགས་བཤད་ཐུགས་ཀྱི་དཀྱིལ་དུ་འཆང་བ་དང་བཅས་ཏེ་སྐབས་ཐོབ་གང་ཞིག་གསན་པར་བྱ་བ་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ལས་བྱང་སྙིང་པོར་བསྡུས་པ་འདི་ཉིད་འཆད་པའི་སྐབས་ཡིན་ཞིང་། འདི་ལ་སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས་སྔོན་འགྲོ་སོང་ནས་དངོས་གཞིའི་སྐབས་ཡིན་ལ། དངོས་གཞི་ལ་ཡང་ལྷ་བསྐྱེད། སྤྱན་འདྲེན། བཞུགས་གསོལ། ཕྱག་འཚལ། མཆོད་པ། བསྟོད་པ། བཤགས་པ་དང་བདུན་གྱིས་བསྟན་པའི་ནང་གི་དང་པོ་ལྷ་བསྐྱེད་པའི་རིམ་པ་དེ་ཉིད་ཡིན་ནོ། །ལྷ་བསྐྱེད་པའི་རིམ་པའི་སྐབས་དེ་ཉིད་ལ་ཡང་ཞི་བ་དང་། ཁྲོ་བོ་གཉིས་ཡོད་པའི་ནང་གི་ཞི་བའི་སྐོར་ཁ་རྩང་ཞིག་ནས་བཤད་ཟིན་ཏེ་ཁྲོ་བོ་ལ་ཐུག་པ་ཡིན་ཞིང་། ཁྲོ་བོ་ལ་ཡང་སྤྱིའི་གཙོ་བོ། རིགས་ཀྱི་གཙོ་བོ། གནས་མ། ཡུལ་མ། སྒོ་མ། དབང་མོ་བཅས་ཀྱི་ནང་ནས་སྤྱིའི་གཙོ་བོ་ཆེ་མཆོག་ཧེ་རུ་ཀ་དང་གཉིས་སུ་མ་མཆིས་པའི་བུདྡྷ་ཧེ་རུ་ཀ་ཡབ་ཡུམ་བཤད་པ་སོང་ནས་དེ་རིང་རིགས་ཀྱི་གཙོ་བོ་བཤད་པ་ལ་བཞི་ཡོད་པའི་ནང་གི་དང་པོ་བཛྲ་ཧེ་རུ་ཀ་ནི།

ཧཱུྃ༔ ཤར་དུ་བཛྲ་ཧེ་རུ་ཀ༔

ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔

གཡས་དཀར་གཡོན་དམར་དབུས་མཐིང་ནག༔

རྡོ་རྗེ་བྷན་དྷ་དགྲ་སྟྭ་གཡས༔

དྲིལ་བུ་བྷན་དམར་ཐོང་གཤོལ་གཡོན༔

བཛྲ་ཀྲོ་ཏི་གཉིས་མེད་འཁྲིལ༔

ཞེས་གསུངས་ཏེ། རང་བྱུང་གི་དཀྱིལ་འཁོར་ཆེན་པོའི་ཤར་ཕྱོགས་ཀྱི་དབུས་སུ་བཛྲ་ནི་རྡོ་རྗེ་སྟེ་མེ་ལོང་ཡེ་ཤེས་ཀྱི་རང་བཞིན་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་བདག་ཉིད་བཅོམ་ལྡན་འདས་བཛྲ་ཧེ་རུ་ཀ་ཞལ་གསུམ། ཕྱག་དྲུག ཞབས་བཞི་བསྒྲད་པ་ལ་སོགས་པའི་དག་སྦྱོར་བུདྡྷ་ཧེ་རུ་ཀ་ལྟར་དུ་ཡིན་ཞིང་། སྐུ་མདོག་མཐིང་ནག་ཡིན་པའི་རྒྱུ་མཚན་ནི་རིག་སྟོང་ཐུགས་ཀྱི་ཡེ་ཤེས་མཚོན་བྱེད་དུ་མཐིང་ཁ་དང་། མཐིང་ནག་ཅེས་པ་ཁྱད་པར་དུ་འགྱུར་བ་མེད་པའི་མཚོན་བྱེད་ཡིན་ལ། མཐིང་སྐྱ་དང་མཐིང་དཀར་དེ་ཚོ་གཉིས་འདྲེས་ཀྱི་ཁ་དོག་ཡན་ལག་གི་ཁ་དོག་ཡིན་ནོ། །མཐིང་ནག་རྩ་བའི་ཁ་དོག་དེ་བསྒྱུར་དུ་དཀའ་བའི་ཕྱིར་ན་འགྱུར་བ་མེད་པ་ཐུགས་ཀྱི་རྟགས་དང་། འདི་ནས་ཁྲོ་བོ་རྣམས་ལ་དམར་ནག་ལྗང་ནག་སེར་ནག་ཏུ་སྣང་རྒྱུ་དེ་ཚོ་ལོག་འདྲེན་འདུལ་བའི་དྲག་པོའི་ཆ་བྱད་དུ་བསྟན་པའི་དོན་ཡིན་ལ། ཡང་ལས་སྣ་ཚོགས་ཀྱི་ཕྲིན་ལས་ཀྱིས་དཀར་བོར་སྣང་བ་ཡང་མི་སྲིད་པ་མ་ཡིན་ཞིང་། ཞི་བའི་ལྷ་ཚོགས་ཀྱི་ནང་དུ་ཁྲོ་བོ་འདྲེས་པ་ལྟ་བུ་ཁྱབ་ཆེ་ཆུང་གི་གོ་བ་ཡང་དེ་དང་བསྟུན་ནས་སྐབས་དང་བསྟུན་དགོས་པ་ཡིན་ནོ། །འདིའི་ཕྱག་མཚན་རྡོ་རྗེ་བྷན་དྷ་དགྲ་སྟ་གཡས་སུ་བསྣམས་པ་དེ་ཞེ་སྡང་རྩད་གཅོད་མེ་ལོང་ཡེ་ཤེས་ཀྱི་རྡོ་རྗེ། ཆགས་སྡང་གཉིས་མེད་བདེ་སྟོང་ཟུང་འཇུག་གི་བྷན་དྷ། བདག་འཛིན་རྩད་ནས་གཅོད་པའི་རྟོག་བྲལ་ཡེ་ཤེས་ཀྱི་དགྲ་སྟ་རྣམས་དང་། ཕྱག་གཡོན་པས་དྲིལ་བུ་བྷན་དམར་ཐོང་གཤོལ་བསྣམས་པ་དེ་སྟོང་ཆེན་ཤེས་རབ་དབྱིངས་ཀྱི་དྲིལ་བུ་དང་། ཟུང་འཇུག་བདེ་བ་ཆེན་པོའི་བྷན་དམར། བྷན་དམར་ཞེས་པ་བྷན་དྷ་དམར་གྱི་ཁྲག་ཆེན་གྱིས་བཀང་བ་ཞིག་ལ་བྷན་དམར་ཟེར་ཞིང་། ཉོན་མོངས་ཐ་རྒོད་འདུལ་བའི་ཐུགས་རྗེའི་ཐོང་གཤོལ་རྣམས་ཕྱག་ན་བསྣམས་པ། ཡུམ་བཛྲ་ཀྲོ་ཏི་མ་སྐུ་མདོག་ཡབ་དང་འདྲ་བ། རྡོ་རྗེ་དུང་དམར་ཡབ་ལ་སྟོབ་པ། ཡབ་ཡུམ་གཉིས་མེད་དུ་འཁྲིལ་བ་ལ་སོགས་པ་གོང་གི་བུདྡྷ་ཧེ་རུ་ཀ་ལྟར་ཁ་རྩང་བཤད་པ་བཞིན་དུ་ཡིན་ནོ།།

༢ ལྷོ་རུ་རཏྣ་ཧེ་རུ་ཀ་ཡབ་ཡུམ་བསྐྱེད་པ།

ལྷོ་ཡི་རཏྣ་ཧེ་རུ་ཀ་ནི།

ཧཱུྃ༔ ལྷོ་རུ་རཏྣ་ཧེ་རུ་ཀ༔

ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔

གཡས་དཀར་གཡོན་དམར་དབུས་སེར་ནག༔

རིན་ཆེན་ཁ་ཊཱྃ་བེ་ཅོན་གཡས༔

དྲིལ་བུ་བྷན་དམར་རྩེ་གསུམ་གཡོན༔

རཏྣ་ཀྲོ་ཏི་གཉིས་མེད་འཁྲིལ༔

ཞེས་གསུངས་ཏེ། དཀྱིལ་འཁོར་ཆེན་པོའི་ལྷོ་ཕྱོགས་སུ་རཏྣ་སྟེ་རིན་ཆེན། མཉམ་ཉིད་ཡེ་ཤེས་ཀྱི་རང་མདངས་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་རིན་པོ་ཆེའི་བདག་ཉིད་བཅོམ་ལྡན་འདས་རཏྣ་ཧེ་རུ་ཀ་ཞལ་གསུམ་ཕྱག་དྲུག་རྣམས་སྔར་བཞིན་ལས་ཕྱག་མཚན་གཡས་ན་རིན་ཆེན་ཁ་ཊཱྃ་བེ་ཅོན་བསྣམས་པ་དེ་ནི་ང་རྒྱལ་རྩད་ནས་གཅོད་པ་མཉམ་ཉིད་ཡེ་ཤེས་ཀྱི་རིན་ཆེན། དུག་གསུམ་འཇོམས་པ་ཐུགས་རྗེའི་ཁ་ཊཱྃ། བདག་འཛིན་འཇོམས་པ་ཆོས་ཉིད་ཀྱི་བེ་ཅོན། བེ་ཅོན་ཞེས་པ་དེ་མཁྲེགས་ཤིང་གི་རྒྱུ་ལས་གྲུབ་པའི་དབྱུ་གུ་མཚོན་ཆའི་རིགས་ཤིག་ལ་གོ་དགོས་ལ། ཕྱག་གཡོན་ན་དྲིལ་བུ་བྷན་དམར་རྩེ་གསུམ་བསྣམས་པ་དེ་ནི་དྲིལ་བུ་བྷན་དམར་སྔར་བཞིན་དང་། སྲིད་པ་ཡོངས་གྲོལ་གྱི་ཐུགས་རྗེའི་ཏྲི་ཤུལ། ཏྲི་ཤུལ་ཞེས་པ་དེ་ཡང་མཚོན་ཆའི་རིགས་ཤིག་ལ་རྩེ་གསུམ་མམ་ཏྲི་ཤུ་ལ་ཡང་ཟེར་ཞིང་། ཡུམ་ཆེན་རཏྣ་ཀྲོ་ཏི་རང་རྟགས་དང་དུང་དམར་བསྣམས་ནས་ཡབ་ལ་སྟོབ་པ། ཡབ་ཡུམ་གཉིས་མེད་དུ་འཁྲིལ་བའོ།།

༣ ནུབ་ཏུ་པདྨ་ཧེ་རུ་ཀ་ཡབ་ཡུམ་བསྐྱེད་པ།

ནུབ་ཀྱི་པདྨ་ཧེ་རུ་ཀ་ནི།

ཧཱུྃ༔ ནུབ་ཏུ་པདྨ་ཧེ་རུ་ཀ༔

ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔

གཡས་དཀར་གཡོན་སྔོ་དབུས་དམར་ནག༔

པདྨ་ཁ་ཊཱྃ་དབྱུག་ཏོ་གཡས༔

དྲིལ་བུ་བྷན་དམར་རྔེའུ་ཆུང་གཡོན༔

པདྨ་ཀྲོ་ཏི་གཉིས་མེད་འཁྲིལ༔

ཞེས་གསུངས་ཏེ། རང་བྱུང་དཀྱིལ་འཁོར་ཆེན་པོའི་ནུབ་ཀྱི་དབུས་སུ་སོར་རྟོག་ཡེ་ཤེས་ཀྱི་རང་བཞིན་སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེའི་བདག་ཉིད་བཅོམ་ལྡན་འདས་པདྨ་ཧེ་རུ་ཀ་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད་པ་ཕྱག་གཡས་ན་པདྨ་ཁ་ཊཱྃ་དབྱུག་ཏོ་བསྣམས་པ། དེའི་རྒྱུ་མཚན་ནི་འདོད་ཆགས་རྩད་གཅོད་སོར་རྟོག་ཡེ་ཤེས་ཀྱི་རང་རྟགས་པདྨ། སྲིད་གསུམ་གདུག་པ་འདུལ་བའི་ཐུགས་རྗེའི་ཁ་ཊཱྃ། ཞེན་རྟོག་རྩད་ནས་གཅོད་པའི་རྟོག་མེད་ཀྱི་དབྱུག་ཏོ། གཡོན་པས་དྲིལ་བུ་བྷན་དམར་རྔེའུ་ཆུང་བསྣམས་པ་ནི་དྲིལ་བུ་བྷན་དམར་གཉིས་ཀ་གོང་ལྟར་དང་། ཉོན་མོངས་གཉིད་ལས་སློང་བའི་ཕྲིན་ལས་ཀྱི་རྔེའུ་ཆུང་བསྣམས་པ། ཡུམ་ཆེན་པདྨ་ཀྲོ་ཏི་རང་རྟགས་དང་། དུང་དམར་བསྣམས་ནས་ཡབ་ལ་སྟོབ་པ། ཡབ་ཡུམ་གཉིས་མེད་དུ་འཁྲིལ་བའོ།།

༤ བྱང་དུ་ཀརྨ་ཧེ་རུ་ཀ་ཡབ་ཡུམ་བསྐྱེད་པ།

བྱང་གི་ཀརྨ་ཧེ་རུ་ཀ་ནི།

ཧཱུྃ༔ བྱང་དུ་ཀརྨ་ཧེ་རུ་ཀ༔

ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔

གཡས་དཀར་གཡོན་དམར་དབུས་ལྗང་ནག༔

རྒྱ་གྲམ་རལ་གྲི་ཁ་ཊཱྃ་གཡས༔

དྲིལ་བུ་བྷན་དམར་ཐོང་གཤོལ་གཡོན༔

ཀརྨ་ཀྲོ་ཏི་གཉིས་མེད་འཁྲིལ༔

ཞེས་གསུངས་ཏེ། རང་བྱུང་གི་དཀྱིལ་འཁོར་ཆེན་པོའི་བྱང་གི་དབུས་ཕྱོགས་སུ་བྱ་གྲུབ་ཡེ་ཤེས་ཀྱི་རང་བཞིན་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་བདག་ཉིད་བཅོམ་ལྡན་འདས་ཀརྨ་ཧེ་རུ་ཀ་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད་པ་ཕྱག་གཡས་ན་རྒྱ་གྲམ་རལ་གྲི་ཁ་ཊཱྃ་བསྣམས་པ་དེ་ཕྲག་དོག་རྩད་ནས་གཅོད་པ་བྱ་གྲུབ་ཡེ་ཤེས་ཀྱི་རང་རྟགས་རྒྱ་གྲམ་དང་། རལ་གྲི་ཁ་ཊཱྃ་གོང་བཞིན། ཕྱག་གཡོན་པས་དྲིལ་བུ་བྷན་དམར་ཐོང་གཤོལ་རྣམས་བསྣམས་པ། ཀརྨ་ཀྲོ་ཏི་སྐུ་མདོག་རྒྱན་ཆས་ཡབ་དང་ཆ་འདྲ་བ་ཡིན་པའི་ནང་གི་ཡུམ་ལ་གཟིག་ཤམ་སྟེ། བདེ་ཆེན་ལྷན་སྐྱེས་ཀྱི་ཡེ་ཤེས་མཚོན་བྱེད་དུ་ཡུམ་ཐམས་ཅད་ཀྱིས་གཟིག་ཤམ་མནབས་ཡོད་ལ། ཀརྨ་ཀྲོ་ཏི་གཡས་རང་རྟགས་དང་། གཡོན་དུང་དམར་ཡབ་ལ་སྟོབ་པ་དང་བཅས་ཡབ་ཡུམ་གཉིས་མེད་དུ་འཁྲིལ་བའོ། །དེ་ཡན་ཆད་ཀྱི་ཁྲག་འཐུང་གཙོ་བོ་ཡབ་ཡུམ་བཅུའི་སྐུ་མདོག་ཕྱག་མཚན་བསྟན་ནས་འདི་ནས་ཁྲོ་བོའི་རྒྱན་ཆས་དང་གདན་སོགས་བསྡུས་ཏེ་བསྟན་པ་ནི།

ཁྲག་འཐུང་གཙོ་བོ་ཡབ་ཡུམ་བཅུ༔

ཁྲོ་བོའི་ཆ་ལུགས་རྫོགས་པར་ལྡན༔

བྱོལ་སོང་གཙོ་བོ་རིན་ཆེན་བྲག༔

པདྨ་ཉི་སྟེང་གསལ་བར་བསྒོམ༔

ཞེས་གསུངས་ཏེ། ཁྲོ་བོའི་ཆ་ལུགས་ཁ་རྩང་ཞིག་ནས་ཧ་ལམ་བཤད་ཟིན་མོད་ཀྱང་ཁྲོ་བོའི་ངེས་ཚིག་གི་སྟེང་ནས་རྣམ་པ་བཞི་རུ་འགྲེལ་རྒྱུ་ཡོད་ཅིང་། དེ་ལ་བདག་མེད་རྟོགས་པའི་ཤེས་རབ་ནི་ཆོས་ཉིད་ངང་གིས་ཁྲོ་བ་སྟེ། རྣམ་རྟོག་གམ་མཚན་མ་འཇོམས་པར་བྱེད་པས་ན་འཇོམས་བྱེད་ཁྲོ་བོ་ཞེས་ཟེར་རོ། །རང་རིག་པའི་ཡེ་ཤེས་ནི་རྟོགས་པ་ངང་གིས་ཁྲོ་བ་སྟེ། འཁོར་བའི་ས་བོན་དྲུངས་ནས་འབྱིན་པའི་ཕྱིར་ན་ཁྲོ་བོ་ཞེས་ཟེར་རོ། །ཐུགས་རྗེ་ཤུགས་ཀྱི་ཡེ་ཤེས་ནི་ཤུགས་ཀྱིས་ཁྲོ་བ་སྟེ། འགྲོ་བའི་རྒྱུད་ཀྱི་མི་མཐུན་པའི་ཕྱོགས་འཇོམས་པའི་ཕྱིར་ཁྲོ་བོ་ཞེས་ཟེར་རོ། །ཕྲིན་ལས་ཕྱག་རྒྱའི་ཁྲོ་བོ་ཞེས་པ་ནི་གདུལ་བྱའི་དབང་གིས་ཁྲོ་བོར་སྣང་བ་ཞིག་ཡིན་ཞིང་། གང་ལ་གང་འདུལ་གྱིས་གདུལ་བྱ་མི་འདོར་བར་འདུལ་བ་ཡིན་ལ། འདི་ནས་གསུངས་པ་ནི་ཕྲིན་ལས་ཕྱག་རྒྱའི་ཁྲོ་བོ་དེ་ཉིད་ལ་གཙོ་བོར་སྨྲས་པ་ཞིག་ལ་གོ་དགོས་སོ། །ཁྲོ་བོ་འདི་དག་གི་སྐུ་མདོག་ཕྱག་མཚན་སྣ་ཚོགས་སུ་སྣང་བ་ནི། ལས་བཞི་མཆོག་དང་ལྔ་ཡི་ཕྲིན་ལས་དང་སྦྱར་ནས་དེ་ཡང་དམར་ནག་སོགས་སྣང་བ་ནག་པོའི་སྒྲ་གོང་ནས་བཤད་མ་ཐག་པ་ལྟར་གྱི་ཁྱད་པར་དུ་དྲག་པོའི་མཛད་པ་མཐར་ཕྱིན་པའི་རྟགས་སོ། །ཡབ་རྣམས་ཀྱི་དབུ་གསུམ་དེ་སྐུ་སྟོང་པ་ཉིད། གསུང་སྨོན་པ་མེད་པ། ཐུགས་མཚན་མ་མེད་པ་སྟེ་རྣམ་ཐར་གསུམ་མཚོན་བྱེད། ཕ་རོལ་ཏུ་ཕྱིན་པ་དྲུག་མཐར་ཕྱིན་པའི་རྟགས་སུ་ཕྱག་དྲུག་དང་ལྡན་ཞིང་། ཕྱག་དྲུག་གིས་ཡེ་ཤེས་ལྔ་དང་རང་བྱུང་གི་ཡེ་ཤེས་དང་དྲུག་གི་རྟགས་ཀྱི་ཕྱག་རྒྱ་འོད་འབར་བའི་ཕྱག་མཚན་དྲུག་བསྣམས་པ། དུས་རྒྱུན་དུ་ཡེ་ཤེས་ལྔ་གསུངས་ཀྱང་འདི་ནས་ཡེ་ཤེས་དྲུག་གསུངས་པ་ནི་ཨ་ནུའི་སྒོས་ཆོས་ཡིན་ཞིང་། ཨ་ནུ་ཡོ་གའི་སྒོས་ཆོས་ལ་ཡེ་ཤེས་དྲུག་གསུངས་ཡོད་པ་ཡིན། ཞབས་བཞི་རྫུ་འཕྲུལ་གྱི་རྐང་བཞི། རྫུ་འཕྲུལ་གྱི་རྐང་བཞི་འདི་དུས་རྒྱུན་གྱི་འདུན་བརྩོན་སེམས་པ་དཔྱོད་པ་དེ་ཉིད་མ་ཡིན་ལ། ཆོས་ཀྱི་དབྱིངས་ཀྱི་རྫུ་འཕྲུལ། ཡེ་ཤེས་ཀྱི་རྫུ་འཕྲུལ། ཚོགས་གཉིས་རྫོགས་པའི་རྫུ་འཕྲུལ། སྤྲུལ་བའི་རྫུ་འཕྲུལ་དང་བཞི་བོ་ལ་གསུངས་པ་ཡིན་ནོ། །ཁྲག་འཐུང་ཁྲོ་བོ་དེ་རྣམ་པ་ཐུགས་ཞི་བའི་ངང་ལས་གདུག་པ་འདུལ་བའི་ཕྱིར་དུ་ཁྲོ་གཉེར་དང་། སྤྱན་སྡང་མིག་ཏུ་བསྒྲད་པ། འཁོར་བར་མི་ལྟུང་བའི་མཚོན་བྱེད་དུ་དབུ་སྐྲ་གྱེན་དུ་བརྫེས་པ། ཤངས་ནས་རྡོ་རྗེའི་རླུང་ནག་འཚུབ་པ། ཞལ་ནས་དུག་གསུམ་ཟད་པར་རྔུབ་བཞིན་ཡོད་པ། ལྗགས་གློག་དམར་ལྟར་འཁྱུག་པས་ཁམས་གསུམ་མྱོས་པ། མཆེ་བ་ཟླ་ཚེས་ལྟར་གཙིགས་པས་སྐྱེ་ཤི་རྩད་ནས་གཅོད་པ་ལ་སོགས་པ་དེ་ལྟར་གསུངས་ཡོད་དོ། །སྒེག་པ་དཔའ་བ་མི་སྡུག་སྟེ་སྐུ་ཡི་ཉམས་ཡིན་ལ། སྒེག་པ་ཞེས་པ་མཛེས་ཉམས་འཕྱོར་སྒེག་དང་ལྡན་པ་ཞིག་ལ་གོ་ཞིང་། དཔའ་ཉམས་སྟོབས་དང་ལྡན་པ་གཞན་གྱིས་མི་ཐུབ་པ། མི་སྡུག་ཁྲོ་གཏུམ་སྐྲག་པར་བྱེད་པའི་སྐུའི་ཉམས་གསུམ་མོ། །དགོད་གཤེ་དྲག་ཤུལ་གསུམ་དེ་གསུང་གི་ཉམས་ཡིན་ཞིང་། དགོད་པ་དགྱེས་ཤིང་དྲག་པའི་བཞད་སྒྲ་ཞིག་ལ་གོ་བ་དང་། གཤེ་བ་ཞེས་པ་གཤེ་ཚིག་ལ་གོ་ལ། དྲག་ཤུལ་ཞེས་པ་དེ་སྟོང་ཁམས་བཤིག་པའི་ངར་སྒྲའོ། །སྙིང་རྗེ་དང་། སྟོབས་ཀྱིས་འདུལ་བའི་རྔམ་པ། མཚན་འཛིན་དབྱིངས་སུ་ཞི་བའི་ཞི་ཉམས་ཏེ་ཐུགས་ཀྱི་ཉམས་གསུམ་ཡིན་ལ། སྐུ་གསུང་ཐུགས་ཀྱི་ཉམས་གསུམ་གསུམ་གྱིས་དགུ་སྟེ་གར་གྱི་ཉམས་དགུ་དང་ལྡན་པའོ། །རྒྱན་ཆས་ནི་སེམས་བྱུང་གནས་སུ་དག་པའི་བརྡ་རུ་ཐོད་པ་སྐམ་རློན་རྙིད་གསུམ་གྱི་དོ་ཤལ་རིམ་པ་གསུམ། ཚལ་བུ་ཡི་དཔུང་རྒྱན་དང་། གདག་པའི་རྒྱན་གཉིས་ནི་སྟོབས་ཀྱིས་གཏི་མུག་འཇོམས་པའི་བརྡ་རུ་གླང་ཆེན་གྱི་ཀོ་རློན་མནབས་པ། བྱང་ཆུབ་སེམས་ཀྱིས་འདོད་ཆགས་འཇོམས་པའི་བརྡ་རུ་ཞིང་ལྤགས་མནབས་པ་སྟེ། དེ་ཡང་ཕྲག་པའི་སྟེང་ནས་མར་ལག་པ་གཉིས་ཀ་ཐུར་དུ་འཕྱང་ནས་མགོ་གཡས་ས་ལ་བསྟན་ཡོད་པ། དཔའ་གཏུམ་གཏུམ་པོའི་རྟགས་ཀྱི་མཚོན་བྱེད་ཀྱི་ལས་ཀྱི་ཞེ་སྡང་འཇོམས་པའི་བརྡ་རུ་ཡབ་རྣམས་ཀྱིས་སྟག་ལྤགས་ཀྱི་ཤམ་ཐབས་དང་། ཡུམ་རྣམས་ཀྱིས་འདོད་ཆགས་དག་པའི་བརྡ་རུ་གཟིག་ཤམ་མནབས་པ་སྟེ་དེ་ལྟར་བགོ་བའི་གོས་གསུམ་མོ། །དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ། སྨིན་མཚམས་སུ་རཀྟའི་ཐིག་ལེ། མགྲིན་པར་ཞག་གི་ཟོ་རིས་ཏེ་བྱུག་པའི་རྫས་གསུམ་སྟེ། དེ་རྣམས་ལ་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱང་ཟེར་ཞིང་། སྔོན་གྱི་དུས་ན་དཔལ་ཆེན་པོས་རུ་ཏྲ་བསྒྲལ་བའི་དཔའ་རྟགས་སུ་བཞེས་པའི་རྒྱན་ཆས་ཡིན་ནོ། ད་རུང་ཀླུ་རྒྱལ་རིགས་དཀར་བོའི་སྐྲ་ཆིངས། རྗེ་རིགས་སེར་བོའི་སྙན་ཆ། བྲམ་ཟེ་དམར་མོའི་སེ་མོ་དོ་དང་མགུལ་ཆིངས། དམངས་རིགས་ལྗང་གུའི་སྐ་རགས་དང་ནི་དོ་ཤལ། གདོལ་བ་ནག་པོའི་གདུ་བུ་སྟེ་དེ་རྣམས་གསུངས་ཡོད། གདན་གྱི་ཁྱད་པར་ནི་བྱོལ་སོང་གཙོ་བོ་རིན་ཆེན་བྲག་གསུངས་ན་བྱོལ་སོང་གཙོ་བོ་ནི་ཁྱུ་མཆོག་དང་། མ་ཧེ། གཟིག སྟག དོམ་རྣམས་ཡིན་ཞིང་། དྲེགས་པའི་ལྷ་བརྒྱད་ནི་ཤར་ཕྱོགས་དྲི་ཟ་ཕོ་མོ། ལྷོ་ཕྱོགས་ཀྱི་གཤིན་རྗེ་ཕོ་མོ། ནུབ་ཕྱོགས་ཀྱི་སྲིན་པོ་ཕོ་མོ། བྱང་ཕྱོགས་ཀྱི་གནོད་སྦྱིན་ཕོ་མོ་དང་། དབུས་ཕྱོགས་ཀྱི་རུ་ཏྲ་ཕོ་མོ་རྣམས་བསྣོལ་བའི་སྟེང་ན་ཞི་བའི་སྐབས་ཀྱི་སེང་གེ་ལ་སོགས་པ་ཚུར་གནས་གྱུར་ནས་ཁྱུ་མཆོག་ལ་སོགས་པར་གནས་གྱུར་པའི་སྟེང་ན་ཉི་ཟླ་པདྨའི་གདན་གྱི་སྟེང་དུ་ཁྲག་འཐུང་ཡབ་ཡུམ་གསལ་འདེབས་དགོས་སོ། །ཁྱུ་མཆོག གཟིག སྟག དོམ་རྣམས་ཤར་ནས་བཟུང་སྟེ་ཕྱོགས་བཞིའི་བྱོལ་སོང་གི་གཙོ་བོ་ལ་རིམ་པ་བཞིན་དུ་སྦྱར་རྒྱུ་ཡིན་ཞིང་། ཤར་ན་འགྲོ་བ་ཟིལ་གྱིས་གནོན་པ་གཏི་མུག་དག་པ་ཁྱུ་མཆོག་གི་གདན་ཏེ། ཁྱུ་མཆོག་ཅེས་པ་སྲོག་ཆགས་གང་ཡིན་ཞེ་ན། འདུལ་བ་ལུང་གི་ནང་ན་བ་གླང་གི་ཕྲུ་གུ་སེང་གེའི་འོ་མས་གསོས་པ་ལ་བཤད་ཡོད་ཅིང་། གཟི་བརྗིད་ཆེ་བ་ང་རྒྱལ་དག་པ་མ་ཧེ་དེ་ལྷོར། གདུག་པ་ཆེ་བ་ཕྲག་དོག་དག་པ་གཟིག དཔའ་རྟུལ་ཆེ་བ་ཞེ་སྡང་དག་པ་དེ་སྟག རང་བཞིན་གྱིས་གཏུམ་པ་འདོད་ཆགས་དག་པ་དོམ། བྱོལ་སོང་གི་གཙོ་བོ་དེ་དག་གསུངས་ཤིང་། རྒྱུད་སོ་སོའི་ནང་ན་འདྲ་མི་འདྲ་ཅུང་ཟད་རེ་ཡོད་ཀྱང་རྒྱུད་དོན་བཀྲལ་ལུགས་ཀྱི་ཁྱད་པར་མ་གཏོགས་གནད་ཀྱི་གོ་བ་གཅིག་ཡིན་ལ། བྱོལ་སོང་གཙོ་བོ་འདི་ཚོ་ཞབས་མནན་མིན་པར་འདི་རྣམས་ཀྱིས་པད་ཉི་ཡར་བཏེག་ཡོད་པ་བསྒོམ་དགོས་སོ། །དེས་ན་མཁའ་ལྡིང་ལ་སོགས་པ་བྱོལ་སོང་གཙོ་བོ་ཟུང་ཞེས་པ་གཉིས་རེས་བཏེག་པའི་གདན་གྱི་སྟེང་ན་དྲེགས་པའི་ལྷ་བརྒྱད་ཕོ་མོ་དེ་སྤྱི་ཆིངས་ཀྱི་ཚུལ་དུ་ཡོད་ཅིང་། སྤྱི་ཆིངས་ཞེས་པ་གན་རྐྱལ་ཞེས་པའི་དོན་ཡིན་ནོ། །དེའི་མཚམས་སུ་རྡོ་རྗེའི་བྲག་ཆེན་གྱི་སྟེང་ན་ཐུགས་རྗེའི་ཆགས་པ་ཆེན་པོའི་པདྨ་དང་། མཁྱེན་གཉིས་ཟུང་དུ་འཇུག་པའི་ཉི་ཟླའི་གདན་གྱི་ཐོག་ཏུ་ཞེས་གསུངས་ཤིང་། རྡོ་རྗེའི་བྲག་ཆེན་ནི་རྟོག་མེད་ལྷུན་གྱིས་གྲུབ་པའི་རྡོ་རྗེའི་བྲག་ཆེན། ཐུགས་རྗེའི་ཆགས་པ་ཆེན་པོའི་པདྨ་དང་། མཁྱེན་གཉིས་ཟུང་དུ་འཇུག་པའི་ཉི་ཟླའི་གདན་གྱི་ཐོག་ན་སྐུ་དང་ཡེ་ཤེས་སྣ་ཚོགས་འདུ་འབྲལ་མེད་པའི་འཇའ་འོད་དང་མེ་དཔུང་གི་ཀློང་ན་གསལ་བར་བསྒོམ་པར་གསུངས་ཏེ་རང་སྣང་ཡེ་ཤེས་ཀྱི་ལྷ་སྐུ་དེ་ཚོ་གསལ་སྟོང་དབྱེར་མེད་པར་བསྒོམ་དགོས་སོ། །བསྐང་བཤགས་སོགས་ཀྱི་དགོས་པ་དང་བསྟུན་ནས་འདིའི་མཚམས་སུ་མཚམས་བཞི་ལ་ལུང་གི་ཧེ་རུ་ཀ་ཡབ་ཡུམ་བརྒྱད་བསྒོམ་ཆོག་ཅིང་། ལུང་གི་ཧེ་རུ་ཀ་ཡབ་ཡུམ་བརྒྱད་ནི་སྟོང་ཉིད་ཡེ་ཤེས། འདའ་ཀ་ཡེ་ཤེས། དབྱིངས་སྒྲོལ་ཡེ་ཤེས། ཀློང་གྱུར་ཡེ་ཤེས་རྣམས་ཀྱི་རང་བཞིན་རཀྵ་ཧེ་རུ་ཀ་ཡབ་ཡུམ། ས་ནུ་ཧེ་རུ་ཀ་ཡབ་ཡུམ། གུ་ཧྱ་ཧེ་རུ་ཀ་ཡབ་ཡུམ། ཡཀྵ་ཧེ་རུ་ཀ་ཡབ་ཡུམ་རྣམས་བསྒོམ་ཆོག་གོ །རཀྵ་ཞེས་པ་སྲིན་པོ་སྟེ་སྲིན་པོ་ཧེ་རུ་ཀ་ཡབ་ཡུམ། ས་ནུ་ཞེས་པ་དམ་ཚིག་སྟེ་དམ་ཚིག་ཧེ་རུ་ཀ་ཡབ་ཡུམ་ལ་སོགས་པ་དེ་ལྟ་བུའི་གོ་དོན་ཡིན་ནོ།།

༣༽ གནས་མ་བསྐྱེད་པ།

ད་ནི་གནས་ཀྱི་མ་མོ་ཀོའུ་རི་བརྒྱད་ཡིན་ཞིང་། ཀོའུ་རི་བརྒྱད་བསྒོམ་པ་དེ་ཉིད་ལ་ཐུག་པ་ཡིན་ལ། འདི་ལ་གནས་ཀྱི་མ་མོ་ཟེར་བའི་རྒྱུ་མཚན་ཅི་ཞེ་ན། རྣམ་ཤེས་ཚོགས་བརྒྱད་དེ་འཁོར་བ་བསྐྱེད་པའི་གནས་ཡིན་པ་དང་། དེ་རྣམས་དག་པར་བྱེད་པའི་ལྷའི་ཕྱག་རྒྱར་སྣང་བས་ན་གནས་ཀྱི་མ་མོ་བརྒྱད་གསུངས་ཏེ།

ཧཱུྃ༔ ཤར་ཕྱོགས་ཀོའུ་རཱི་ཞིང་དབྱུག་དཀར༔

ལྷོ་ཕྱོགས་ཙོའུ་རཱི་མདའ་འགེངས་སེར༔

ནུབ་ཕྱོགས་པྲ་མོ་ཆུ་སྲིན་དམར༔

བྱང་ཕྱོགས་བེ་ཏཱ་བྷན་དམར་ལྗང་༔

ཤར་ལྷོ་པུསྐ་རྒྱུ་འདྲེན་སེར༔

ལྷོ་ནུབ་ཀསྨ་བྷན་དམར་ལྗང་༔

ནུབ་བྱང་ཙན་དྷ་རྒྱུ་ཟ་སེར༔

བྱང་ཤར་སྨེ་ཤ་རོ་ཟ་མཐིང་༔

ཞིང་ཆེན་གདན་ལ་གར་སྟབས་འགྱིངས༔

མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔

ཞེས་པ་འདིས་བསྟན་པ་ཡིན་ནོ། །ཧཱུྃ་ཞེས་པའི་ཀུན་བཟང་ཐུགས་ཀྱི་ཡི་གེའི་ཆོ་འཕྲུལ་གྱི་རང་སྒྲ་དེ་ཡིས་རྒྱུ་ཡི་ཡི་གེ་དེ་འཕྲོས་ནས། དཀྱིལ་འཁོར་ཆེན་པོའི་ཤར་ཕྱོགས་ཀྱི་ཁྱམས་ན་ཀུན་གཞི་རྣམ་ཤེས་གནས་སུ་དག་པ་ཀོའུ་རཱི་དཀར་མོ། འཁོར་བའི་རྣམ་རྟོག་གཞོམ་པའི་ཕྱིར་ཞིང་དབྱུག་དང་བྷན་དམར་འཛིན་པ། ཞིང་ཞེས་པ་ནི་ཞིང་ཆེན་དང་ཞིང་ཕྲན་ཏེ། དེ་ནི་རུ་ཏྲ་ཆེ་ཆུང་གི་རོ་ལ་གསུངས་པ་ཡིན་ལ། ཞིང་དབྱུག་ཅེས་པ་ནི་མི་རོའི་དབྱུག་པ་ལ་ཟེར་ཞིང་། མི་རོའི་རྒྱལ་མཚན་ཞེས་པ་དང་ཕྱོགས་འདྲ་ཡིན་ནོ། །ལྷོ་ཕྱོགས་ན་ཡིད་ཤེས་གནས་དག་ཙོའུ་རཱི་སེར་མོ། ཙོའུ་རཱི་སེར་མོ་ཐབས་ཤེས་གཉིས་སུ་མེད་ཕྱིར་མདའ་གཞུ་འགེངས་པ། དཀྱིལ་འཁོར་གྱི་ནུབ་ཕྱོགས་ན་ཉོན་ཡིད་གནས་དག་པྲ་མོ་ཧ་དམར་མོ། ཕྱག་གཉིས་ཀྱིས་སྙིང་རྗེས་འཁོར་བ་སྟོང་པའི་ཕྱིར་དུ་ཆུ་སྲིན་གྱི་རྒྱལ་མཚན་བསྒྲེངས་པ། བྱང་ཕྱོགས་ན་རེག་ཤེས་གནས་དག་བེ་ཏཱ་ལི་ནག་མོ། ཆོས་ཉིད་འགྱུར་བ་མེད་པའི་ཕྱིར་རྡོ་རྗེ་འཕྱར་ཞིང་བྷན་དམར་ཐུགས་ཀར་འཛིན་པ། ཤར་ལྷོ་ན་མིག་གི་ཤེས་པ་གནས་དག་པུསྐ་སུ་དམར་སེར། ཉོན་མོངས་གནས་ནས་འདྲེན་པའི་ཕྱིར་དུ་བྱིས་པའི་རྒྱུ་མ་འདྲེན་པ། ལྷོ་ནུབ་ན་ལྕེ་ཤེས་གནས་སུ་དག་པ་ཀསྨ་རི་ལྗང་ནག འཁོར་བ་ཞལ་དུ་གསོལ་ཕྱིར་དུང་ཁྲག་དཀྲུག་ཅིང་གསོལ་བ། ནུབ་བྱང་ན་སྣ་ཤེས་གནས་སུ་དག་པ་ཙན་དྷ་ལི་སེར་སྐྱ། འཁོར་བ་རྟེན་དང་བྲལ་ཕྱིར་བམ་གྱི་མགོ་ལུས་འབྲལ་བ། བྱང་ཤར་ན་རྣ་བའི་རྣམ་ཤེས་གནས་དག་སྨེ་ཤ་ནི་མཐིང་ནག ལོག་རྟོག་ཕྲལ་ཕྱིར་བྱིས་པའི་སྙིང་ཟ་བ་སྟེ་དེ་རྣམས་ཡིན་ཞིང་། ཕྱོགས་བཞི་དང་མཚམས་བཞི་ན་བཞུགས་པ་དེ་རྩ་བའི་ཚིག་ལྟར་དུ་ཡིན་ནོ། །དེ་རྣམ་པ་ཐམས་ཅད་རོའི་གདན་ལ་གར་སྟབས་འགྱིང་བག་གིས་སོ་སོའི་ཉམས་དང་རྣམ་འགྱུར་ཐུན་མིན་དང་བཅས་ཏེ་མ་ཡེངས་ཡིད་ཡུལ་སྣང་ལ་རང་བཞིན་མེད་པ་གསལ་ལ་འཛིན་པ་མེད་པར་བསྒོམ་གསུངས་པའོ། །འདི་རྣམས་ཀྱི་མཚན་གྱི་སྒྲ་དོན་ནི་ཀོའུ་རཱི་ཞེས་པ་མཛོད་ལྡན་མ་ཟེར་ཞིང་། ཙོའུ་རཱི་ཞེས་པ་ཆོམ་རྐུན་མ། པྲ་མོ་ཧ་ཞེས་པ་རབ་རྨོངས་མ། བེ་ཏཱ་ལི་ཞེས་པ་རོ་ལངས་མ། པུསྐ་སི་ནི་སྦོས་མོ། ཀསྨ་རི་ཞེས་པ་སྨེ་ཤ་ཅན། ཙནྡྲ་ལི་ཞེས་པ་གཏུམ་མོ། སྨེ་ཤ་ནི་ནི་དུར་ཁྲོད་མ་ཞེས་དེ་ལྟར་གསུངས་ཡོད་དོ། །འདིའི་སྐབས་ན་ཚོགས་བརྒྱད་གནས་དག དེའི་ཐོག་ཏུ་སྣང་སྟོང་། གྲག་སྟོང་། ཚོར་སྟོང་། མྱོང་སྟོང་བཞི། དེའི་སྟེང་དུ་རིག་སྟོང་། གསལ་སྟོང་། དྲན་སྟོང་། སྟོང་གསལ་གཉིས་སུ་མེད་པའི་ཡེ་ཤེས་རྣམས་དང་སྦྱར་ནས་བརྒྱད་དུ་གསུངས་པ་ཡིན་ཞིང་། དཔེར་ན་ཀུན་གཞིའི་རྣམ་ཤེས་གནས་དག་སྣང་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་མ་མོ་ཆེན་མོ་ཀོའུ་རཱི་མའམ་མཛོད་ལྡན་མ་ཞེས་པ་ལྟ་བུ་དང་། ཐམས་ཅད་ཀྱི་རྗེས་མ་མ་མོ་ཆེན་མོ་སྨེ་ཤ་ནི་ལྟ་བུ་ཡིན་ན་སྟོང་གསལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་མ་མོ་སྨེ་ཤ་ནི་ཞེས་པ་ལྟ་བུ་དེ་ལྟར་ཡིན་ནོ། །འདི་ཐམས་ཅད་ཐོད་སྐམ་ལྔ་ཡི་དབུ་རྒྱན་ནི་སངས་རྒྱས་སྐུ་ལྔ་ཡི་མཚོན་བྱེད་ཡིན་ཞིང་། ཐོད་རློན་གྱི་ཕྲེང་བའི་དོ་ཤལ་ཡོད་པ་ནི་རྟོག་མེད་ཆོས་སྐུའི་དགོངས་པ་མཚོན་བྱེད་དང་། མི་ལྤགས་ཀྱི་གཡང་གཞིའི་ན་བཟའ། གཟིག་གི་པགས་པའི་ཤམ་ཐབས། རུས་པའི་རྒྱན་ཆ་ལྔ་ལ་སོགས་པ་དག་དྲན་སྦྱར་ནས་བསྒོམ་དགོས་སོ།།

༤༽ ཡུལ་མ་བསྐྱེད་པ།

ད་ནི་ཡུལ་མ་ལ་ཐུག་པ་ཡིན་ཞིང་། ཡུལ་མ་ཞེས་པ་ནི་སྒོ་ལྔའི་རྣམ་ཤེས་ཀྱི་ཡུལ་གཟུགས། སྒྲ། དྲི། རོ། རེག་བྱ་ལྔ། དེའི་ཐོག་ཏུ་ཡིད་ཀྱི་ཡུལ་ཆོས། ཉོན་མོངས་ཅན་གྱི་ཡིད་ཉོན་ཡིད་ཀྱི་ཡུལ་ཀུན་གཞི། ཀུན་གཞིའི་ཡུལ་ཕྱི་ནང་གི་ཆོས་སུ་གྱུར་པ་ཐམས་ཅད་མ་སྤངས་གནས་སུ་དག་པ་ནི་ཡུལ་མ་བརྒྱད་ཡིན་ནོ།།

ཧཱུྃ༔ དེ་ཡི་ཕྱི་རིམ་ཕྱོགས་མཚམས་བརྒྱད༔

སེང་ཧ་སེང་གདོང་རོ་ཟ་སྨུག༔

བྱ་ཀྲི་སྟག་གདོང་ལག་བསྣོལ་དམར༔

སྲི་ལ་ཝ་གདོང་བྱིས་ལྡག་ནག༔

ཤྭ་ན་སྤྱང་གདོང་རོ་ཐོགས་མཐིང་༔

ཀྲྀ་ཏ་བྱ་རྒོད་རྒྱུ་འདྲེན་སེར༔

ཀང་ཀ་དུར་བྱ་ཞིང་ཕྲག་དམར༔

ཁ་ཁ་བྱ་རོག་བྷན་གྲི་ནག༔

ཧུ་ལུ་འུག་གདོང་ལྕགས་ཀྱུ་མཐིང་༔

ཞིང་ཆེན་གདན་ལ་གར་སྟབས་བཞུགས༔

མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔

ཞེས་གསུངས་ཏེ། རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོའི་ཁྱམས་ཀྱི་ཤར་ཕྱོགས་ན་རྟོག་པ་ཟིལ་གྱིས་གནོན་པ་སེང་གདོང་མ་སྨུག་ནག་ཕྱག་གཉིས་ཀྱིས་ཞིང་ཆེན་བསྣམས་ཏེ་འཁོར་བ་གཏིང་ནས་དཀྲུག་ཕྱིར་རལ་བ་བསིགས་ནས་གསོལ་བར་བྱེད་པ། ལྷོ་ཕྱོགས་ན་དཔའ་ཞིང་རྟུལ་ཕོད་པ་སྟག་གདོང་དམར་མོ་ཕྱག་གཉིས་ཐུར་དུ་བསྣོལ་ཞིང་འཁོར་བ་ཞེ་ལ་གནོན་ཕྱིར་མིག་གིས་འབྲུ་ཚུགས་སུ་ལྟ་བ། ནུབ་ན་ཐབས་ལ་མཁས་པས་ཕུང་པོའི་བདུད་འཇོམས་པ་ཝ་གདོང་ནག་མོ། ལས་བྱང་ཆེ་བའི་ནང་ན་སྤུ་གྲི་བསྣམས་གསུངས་ལ། འདི་ནས་བྱིས་ལྡག་གསུངས་ཤིང་། གཡས་སྤུ་གྲི་དང་གཡོན་བྱིས་པའི་རོ་ལྕེས་ལྡག་བཞིན་རྒྱུ་མ་ཟ་བ་ཞིག་བསྒོམ་དགོས་སོ། །བྱང་ཕྱོགས་ན་ཤྭ་ན་སྤྱང་གདོང་ཞེས་མེལ་ཚེ་མཁས་ཤིང་ལྷའི་བུའི་བདུད་འཇོམས་པ་མཐིང་ནག་སྤྱང་གདོང་མ་འཁོར་བ་དོང་ནས་སྤྲུག་ཕྱིར་འབྲུ་ཚུགས་སུ་བལྟས་ནས་བམ་རོ་ཟ་བ། དེ་རྣམས་ཟ་བྱེད་མཆེ་བ་ཅན་བཞི་ཡིན་ཏེ། ལོག་རྟོག་མཚན་འཛིན་ཐམས་ཅད་མཚན་མེད་དབྱིངས་སུ་རོལ་བྱེད་ཡེ་ཤེས་བཞིའི་མཆེ་བ་ཟླ་ཚེས་ལྟར་དུ་གཙིགས་པའི་མཆེ་བ་ཅན་འབའ་ཞིག་ཡིན་ནོ། །ཤར་ལྷོ་ན་ཀྲྀ་ཏ་བྱ་རྒོད་རྒྱུ་འདྲེན་སེར་ཡིན་ལ། འདི་ལ་བཞད་གདོང་ཟེར་ས་ཡང་ཡོད་ཅིང་། མིག་རྣོ་ཞིང་ཤེས་བྱ་ལ་ཐོགས་པ་མེད་པས་ན་བཞད་ཀྱི་གདོང་ཅན་ནམ་བྱ་རྒོད་མགོ་ཅན་སྐུ་མདོག་དཀར་སེར་དུག་གསུམ་རྩད་ནས་གཅོད་ཕྱིར་རོ་ཐོགས་ནས་རྒྱུ་མ་འདྲེན་པ། ལྷོ་ནུབ་ན་དབུགས་བྲལ་ལ་སྤྱོད་ཅེས་གསུངས་ཏེ། འཆི་བདག་གི་བདུད་འཇོམས་པ་ཀང་ཀཱ་ནི་དུར་བྱ་སྟེ་དུར་བྱའི་མགོ་ཅན་འཁོར་བ་དང་དུ་ལེན་ཕྱིར་ཞིང་ཆེན་ཕྲག་ལ་གཟར་ནས་དྲི་ལ་སྣོམ་གྱིན་ཡོད་པ། ནུབ་བྱང་ན་ཉོན་མོངས་པ་ཟད་པར་བྱེད་པ་བྱ་རོག་གི་གདོང་ཅན་སྐུ་མདོག་ནག་མོ་ཡིན་པ་ཕྱག་གཡས་སུ་ཉོན་མོངས་གནས་ནས་བསྒྲལ་ཏེ་གསོལ་ཕྱིར་རལ་གྲི་དང་དུང་ཁྲག་ཐོགས་པ། བྱང་ཤར་ན་གདུལ་བྱ་ཕྲ་བ་ཡང་མི་གཏོང་བ་འུག་པའི་མགོ་ཅན་མཐིང་ནག་ལོག་རྟོག་འདྲེན་པའི་ཕྱིར་དུ་ཕྱག་གཡས་ལྕགས་ཀྱུ་དང་གཡོན་བྷན་དྷ་ཐོགས་པ་སྟེ་དེ་རྣམས་ཡིན་ལ། དེ་ཐམས་ཅད་མགོ་བརྙན་མི་འདྲ་བ་མི་སྲུན་གཏུམ་ཞིང་ཁྲོས་པའི་ཉམས་ཅན་ཡིན་ཞིང་། རྗེས་མ་འདི་བཞི་གསོད་བྱེད་གཤོག་པ་ཅན་བཞི་ཡིན་ཏེ། དུག་གསུམ་དབྱིངས་སུ་གསོད་ཅིང་འཁོར་འདས་མཉམ་ཉིད་ཀྱི་དབྱིངས་སུ་གཞུག་ཕྱིར་ཐབས་ཤེས་ཟུང་འབྲེལ་གྱི་གཤོག་པ་དང་ལྡན་པ་ཤ་སྟག་ཡིན་ནོ། །སེང་ཧ་ལ་སོགས་ཕྲ་མེན་བརྒྱད་འདིའི་རྒྱན་ཆ་ཐོད་རློན་གྱི་དོ་ཤལ་རྐྱང་པ་ཡིན་ཞིང་། བསྐང་བཤགས་ཀྱི་སྐབས་ཀྱི་གཏུམ་པའི་སྤོར་བྱེད་ཆེན་པོ་བརྒྱད་འདི་ནས་བསྒོམ་ན་འདིའི་ཁྱམས་ཕྱི་མ་ལ་བསྒོམ་རྒྱུ་ཡིན་ལ། ཤར་ཕྱོགས་ལ་སྤོར་བྱེད་ཁྱུང་ཐོགས་མ། ཤར་ལྷོ་ན་སྤོར་བྱེད་སྐར་མདའ་གདོང་། ལྷོ་ཕྱོགས་ན་སྤོར་བྱེད་མི་ཟད་མ། ལྷོ་ནུབ་ན་སྤོར་བྱེད་མདུང་ཐུང་འཕེན། ནུབ་ན་སྤོར་བྱེད་རལ་གྲི་འཛིན། ནུབ་བྱང་ན་སྤོར་བྱེད་གླག་ཤ་རྡེབ། འུ་ཚོའི་ཡི་གེའི་ནང་ན་གླག་ཤ་རྡེབ་ཅེས་བྲིས་ཡོད་ཀྱང་། སྤོར་བྱེད་གླག་ཤ་རྡེབ་མ་ཡིན་པར་སླག་ཤ་རྡེབ་ཡིན་ཞིང་། ཡང་འགའ་རེས་སློག་ཤ་རྡེབ་ཅེས་ན་རོ་སྦྱོར་གྱིན་ཡོད། སློག་པ་ནི་གོས་ཀྱི་དོན་ཡིན་ཞིང་། སླག་ཅེས་བཤད་ཀྱང་ཕལ་ཆེར་ཕྱོགས་འདྲ་ལ། དེ་ཡིན་ཤས་ཆེ་སྟེ། སྒྱུ་འཕྲུལ་གྱི་ནང་དུ། ཁྱབ་མཛད་རེ་སྐོང་རྡོ་རྗེའི་གཤོག་པའི་ཆས། །མངའ་ཐང་ཡོངས་རྫོགས་རྡོ་རྗེའི་སློག་པའི་ཆས། །སངས་རྒྱས་སར་བགྲོད་དབང་གི་བསེ་ཁྲབ་ཆས། །གནོད་གདུག་ཟློག་བྱེད་རྒྱ་གྲམ་ལྕགས་ཀྱི་ཆས། །ཞེས་གསུངས་པའི་མངའ་ཐང་རྫོགས་བྱེད་རྡོ་རྗེའི་སློག་པའི་ཆས་ཞེས་པ་འདི་དང་འགྲིག་ཡོད་པས་གླག་ཤ་རྡེག་ཅེས་པ་བཅོས་དགོས་པ་འདྲའོ། །མཚམས་མཚམས་སུ་རྒྱུད་རང་གི་ནང་ནས་མ་གོ་བ་དེ་རྒྱུད་གཞན་གྱིས་བཀྲལ་མ་ཤེས་ན་མཛངས་པ་ལྕེ་རྡུམ་གྱི་སྐྱོན་དང་། ལོང་བ་ལོང་ཐུག་གི་སྐྱོན་འབབ་ཉེ་བ་དེ་ལྟར་ཡིན་ཞིང་། དེས་ན་ནུབ་ཕྱོགས་ན་སྤོར་བྱེད་སློག་ཤ་རྡེག བྱང་ན་སྤོར་བྱེད་དྲིལ་འཁྲོལ་མ། བྱང་ཤར་ན་སྤོར་བྱེད་གློག་ཕྲེང་འཛིན་མ་དེ་རྣམས་ཡིན་ལ། དེ་རྣམས་ཀྱི་དག་དྲན་དང་ཕྱག་མཚན་གཞུང་གི་འདོན་ཆའི་ནང་ནས་འབུད་པ་བཞིན་ཡིན་ནོ།།

༥༽ སྒོ་མ་བསྐྱེད་པ།

སྒོ་མ་བཞི་ནི།

ཧཱུྃ༔ ཤར་དུ་རྟ་གདོང་ལྕགས་ཀྱུ་དཀར༔

ལྷོ་རུ་ཕག་གདོང་ཞགས་པ་སེར༔

ནུབ་ཏུ་སེང་གདོང་ལྕགས་སྒྲོག་དམར༔

བྱང་དུ་སྦྲུལ་གདོང་དྲིལ་བུ་ལྗང་༔

ཚད་མེད་བཞི་ལྡན་སྒོ་མ་བཞི༔

ཞིང་ཆེན་གདན་ལ་གསལ་བར་བསྐྱེད༔

ཅེས་གསུངས་ཏེ། གོང་གི་སྤོར་བྱེད་ཆེན་མོ་བརྒྱད་དེ་བཞུགས་ས་ཞིང་ཆེན་གདན་ལ་གར་སྟབས་ཀྱི་འགྱིང་བག་གིས་བཞུགས་དགོས་པ་དེ་ལྟར་ཡིན་ཞིང་། སྒོ་མ་བཞི་འདི་ཕྱིན་ཅི་ལོག་གི་བདུད་བཞི་འཇོམས་ཤིང་ཡེ་ཤེས་བཞིའི་ཕྱག་རྒྱས་རྒྱས་འདེབས་པའི་ཚུལ་ཅན་གྱི་ཐུགས་རྗེ་ཞི་བ་ཆེན་པོའི་ཡེ་ཤེས་བྱམས་པའི་ངོ་བོར་ཤར་བ་ཤར་སྒོ་ན་རྟ་གདོང་དཀར་མོ་ཡིན་ལ། ཕྱག་ན་འཁོར་བར་མི་གཏོང་བའི་ལྕགས་ཀྱུ་བསྣམས་པ། ཐུགས་རྗེ་རྒྱས་པ་ཆེན་པོའི་སྙིང་རྗེའི་ངོ་བོ་ལྷོ་སྒོ་ན་ཕག་གདོང་སེར་མོ་ཞགས་པ་བསྣམས་པ་ཡིན་ཞིང་། ལོག་རྟོག་ཡེ་ཤེས་དབྱིངས་སུ་འཆིང་གྲོལ་བྱེད་པའི་ཞགས་པ་བསྣམས་པ། ཐུགས་རྗེ་དབང་མཛད་ཆེན་མོའི་དགའ་བ་ཡི་ངོ་བོ་ནི་ནུབ་སྒོར་སེང་གདོང་དམར་མོ་ཡིན་ལ། ཉོན་མོངས་འཇོམས་པར་བྱེད་པའི་ཐུགས་རྗེའི་རང་གནས་ཀྱི་ལྕགས་སྒྲོག་བསྣམས་པ། ཐུགས་རྗེ་དྲག་པོ་ཆེན་པོའི་ཡེ་ཤེས་བཏང་སྙོམས་ཀྱི་ངོ་བོ་བྱང་སྒོར་སྦྲུལ་གདོང་ལྗང་གུ་ཡིན་ལ། ཕྱག་ན་དྲིལ་བུ་བསྣམས་པ་སྟེ། དུག་ལྔ་ཡེ་ཤེས་སུ་འབེབས་པར་བྱེད་པའི་ཐུགས་རྗེ་ལྷུན་གྲུབ་ཀྱི་དྲིལ་བུ་བསྣམས་པར་གསུངས་ཡོད་དོ། །སྒོ་མ་བཞི་འདིའི་གཡས་རང་རྟགས་ཀྱི་ཕྱག་མཚན་དང་། གཡོན་འཁོར་འདས་ཟུང་འཇུག་གི་བྷན་དམར་ཐོགས་པ། ཞིང་ཆེན་རོ་ཡི་གདན་ལ་གར་སྟབས་འགྱིང་བག་གི་ཚུལ་གྱིས་བཞུགས་པ་ལ་མ་ཡེངས་ཡིད་ཡུལ་དུ་མངོན་སུམ་བཞིན་དུ་གསལ་བར་བསྐྱེད་ཅེས་གསུངས་པའོ།།

༦༽ དབང་ཕྱུག་མ་བསྐྱེད་པ།

འདིའི་མཚམས་ནས་དབང་ཕྱུག་ཉེར་བརྒྱད་ཡིན་ཞིང་། དེ་ཡང་སླས་ཏེ་ཆུང་མ་དང་། བྱི་མོ་སྟེ་མཛའ་མོ་དང་། བྲན་མོ་ཏེ་ལས་བྱེད་པའི་ཆ་ནས་བཏགས་པའི་དབང་ཕྱུག་ཉེར་བརྒྱད་དེ། ཞི་རྒྱས་དབང་དྲག་གི་ལས་བཞིའི་ཕྲིན་ལས་དང་སྦྱར་ནས་ཤར་དུ་ཞི་བའི་ལས་བྱེད་དྲུག ལྷོ་རུ་རྒྱས་པའི་ལས་བྱེད་དྲུག ནུབ་ཏུ་དབང་གི་ལས་བྱེད་དྲུག བྱང་དུ་དྲག་པོའི་ལས་བྱེད་དྲུག་གིས་དྲུག་བཞི་ཉི་ཤུ་རྩ་བཞི་ཡིན་ལ། དེའི་ཐོག་ཏུ་སྒོ་མ་བཞི་བསྣན་པས་ཉི་ཤུ་རྩ་བརྒྱད་ཡིན་ནོ། །དཀྱིལ་འཁོར་གྱི་ཕྱི་ཁྱམས་ལ་ཤར་ཕྱོགས་ནས་བརྩམས་ཏེ།

ཧཱུྃ༔ ཤར་དུ་ཞི་བའི་ལས་མཛད་དྲུག༔

སྲིན་མོ་གཡག་གདོང་རྡོ་རྗེ་སྨུག༔

ཚངས་པ་སྦྲུལ་གདོང་པདྨ་སེར༔

ལྷ་ཆེན་གཟིག་གདོང་ཏྲི་ཤུལ་ལྗང་༔

གཏོག་འདོད་སྲེ་གདོང་འཁོར་ལོ་སྔོ༔

གཞོན་ནུ་དྲེད་གདོང་མདུང་ཐུང་དམར༔

བརྒྱ་བྱིན་དོམ་མགོ་རྒྱུ་ཞགས་དཀར༔

ཞིང་རྐྱང་གདན་ལ་གར་སྟབས་བཞུགས༔

ཞེས་གསུངས་ཏེ། དབང་ཕྱུག་མ་འདི་རྣམས་ཁྱོ་ཡི་མིང་ཆུང་མ་ལ་ཐོགས་མཁན་མང་ཞིང་། མིང་པོའི་མིང་སྲིང་མོ་ལ་ཐོགས་པ་ཡང་ཡོད་ལ། དེའི་འབོད་ཚུལ་གྱི་སྟེང་ནས་ཐ་སྙད་འདི་རྣམས་གསུངས་པ་ཡིན་ནོ། །དང་པོ་ཤར་ཕྱོགས་ཀྱི་ཞི་བའི་ལས་བྱེད་དྲུག་ཡིན་ལ། དེའི་ནང་གི་སྲིན་མོ་གཡག་གདོང་རྡོ་རྗེ་སྨུག་ཅེས་གསུངས་ཡོད་ཅིང་། སྲིན་མོ་གཡག་གདོང་མ་འདི་སྲིན་པོ་དྷ་ཤ་གྲཱི་ཝའི་ཆུང་མ་ཡིན་གསུངས་ལ། ཚངས་པའི་ཆུང་མ་ཚངས་མ་ལ་སོགས་པ་གཞུང་ཚིག་གིས་བུད་པའི་སྐུ་མདོག་ཀྱང་དེ་བཞིན་དུ་ཡིན་ནོ། །ཕྱག་མཚན་ལ་ཤར་གྱི་དབང་ཕྱུག་དྲུག་གིས་གཡས་ན་རྡོ་རྗེ་དང་། གཡོན་ན་རང་རྟགས་ཀྱི་ཕྱག་མཚན་གཞུང་གི་རྩ་བའི་ཚིག་གིས་བུད་པ་དེ་ཉིད་ཡིན་ལ། ལྷོའི་དབང་ཕྱུག་རྣམས་ཀྱིས་རིན་ཆེན། ནུབ་ཀྱིས་པདྨ། བྱང་གིས་རྒྱ་གྲམ་བསྣམ་རྒྱུ་ཡིན་གསུངས་པའོ། །དེ་བཞིན་དུ།

ཧཱུྃ༔ ལྷོ་རུ་རྒྱས་པའི་ལས་མཛད་དྲུག༔

རྡོ་རྗེ་ཕ་ཝང་སྤུ་གྲི་སེར༔

ཞི་བ་ཆུ་སྲིན་བུམ་པ་དམར༔

བདུད་རྩི་སྡིག་གདོང་པདྨ་དམར༔

ཟླ་བ་ཁྲ་མགོ་རྡོ་རྗེ་དཀར༔

བེ་ཅོན་ཝ་གདོང་དབྱུག་ཏོ་ལྗང་༔

སྲིན་མོ་སྟག་གདོང་ཐོད་ཁྲག་ནག༔

ཞིང་རྐྱང་གདན་ལ་གར་སྟབས་བཞུགས༔

ཞེས་གསུངས་ཏེ། འདིའི་ནང་གི་ཞི་བ་ཞེས་པ་དེ་ཟླ་བའི་ཆུང་མ་ཞི་བ་ཡིན་ཞིང་། ཉི་མའི་སྲིང་མོ་བདུད་རྩི། ཡང་ཟླ་བའི་སྲིང་མོ་ཁྲ་མགོ་ཅན། སྤེན་པའི་སྲིང་མོ་བེ་ཅོན། སྲིན་པོ་ལངྐ་མགྲིན་བཅུའི་ཆུང་མ་སྲིན་མོ་དེ་རྣམས་ཡིན་ནོ།།

ཧཱུྃ༔ ནུབ་ཏུ་དབང་གི་ལས་མཛད་དྲུག༔

ཟ་བ་བྱ་རྒོད་བེ་ཅོན་ལྗང་༔

དགའ་བ་རྟ་གདོང་ཁོག་ཆེན་དམར༔

སྟོབས་ཆེན་ཁྱུང་གདོང་དབྱུག་ཏོ་དཀར༔

སྲིན་མོ་ཁྱི་གདོང་རྡོ་རྗེ་དམར༔

འདོད་པ་པུ་ཤུད་མདའ་འགེངས་དམར༔

ནོར་སྲུང་ཤ་མགོ་བུམ་པ་ལྗང་༔

ཞིང་རྐྱང་གདན་ལ་གར་སྟབས་བཞུགས༔

ཞེས་གསུངས་ཏེ། ཟ་བ་ཆེན་པོ་ལྷའི་དམག་དཔོན་མ་ཧཱ་ཀཱ་ལའི་ཆུང་མ་བྱ་རྒོད་ཀྱི་གདོང་ཅན་སྐུ་མདོག་དམར་ལྗང་། དགའ་བ་མ་ནི་རྣམ་ཐོས་སྲས་སམ་དགའ་བྱེད་དབང་ཕྱུག་གི་ཆུང་མའི་ཚུལ་ཅན་རྟ་གདོང་ཅན་སྐུ་མདོག་དམར་མོ། སྟོབས་ཆེན་ཁྱུང་གདོང་ལྷ་སྟོབས་བཟང་གི་ཆུང་མའི་ཚུལ་སྐུ་མདོག་དཀར་ལ་དམར་བའི་མདངས་ཅན། གཤིན་རྗེ་ཁྱི་གདོང་དེ་གཤིན་རྗེའི་སྲིང་མོ་སྐུ་མདོག་དམར་མོ། འདོད་པ་པུ་ཤུད་མགོ་ཅན་འདོད་པའི་ལྷ་ཀ་མ་དེ་བའི་སྲིང་མོའི་ཚུལ་འཆང་བ་སྐུ་མདོག་དམར་མོ། ནོར་སྲུང་ཤ་བའི་མགོ་ཅན་ནོར་སྲུང་གི་སྲིང་མོའི་ཚུལ་ཅན་དམར་ལྗང་། རང་རྟགས་ཀྱི་ཕྱག་མཚན་དང་བྷན་དམར་བསྣམས་པ་ཐམས་ཅད་ཞིང་རྐྱང་རོའི་གདན་ལ་གར་སྟབས་ཀྱིས་བཞུགས་པར་བསྒོམ་མོ།།

ཧཱུྃ༔ བྱང་དུ་དྲག་པོའི་ལས་མཛད་དྲུག༔

རླུང་ལྷ་སྤྱང་གདོང་བ་དན་ལྗང་༔

མེ་མོ་སྐྱིན་གདོང་གསལ་ཤིང་དམར༔

ཕག་མོ་ཕག་གདོང་མཆེ་ཞགས་ནག༔

རྡོ་རྗེ་ཁྭ་གདོང་ཞིང་ཆུང་དམར༔

སྣ་ཆེན་གླང་ཆེན་བམ་ཆེན་ལྗང༔

ཆུ་ལྷ་སྦྲུལ་གདོང་སྦྲུལ་ཞགས་ལྗང་༔

ཞིང་རྐྱང་གདན་ལ་གར་སྟབས་བཞུགས༔

ཞེས་གསུངས་ཏེ། རླུང་ལྷ་སྤྱང་གདོང་རླུང་ལྷའི་སྲིང་མོ་སྐུ་མདོག་ལྗང་སྔོན་ཅན་ཞིག་ཡིན་ནོ། །མེ་མོ་སྐྱིན་གདོང་མ་ནི་མེ་ལྷའི་ཆུང་མའི་ཚུལ་ཅན་སྐུ་མདོག་དམར་ལྗང་ཡིན་ལ། འདི་མི་མོ་ཞེས་ཟེར་བ་དེ་མི་དག་པ་ཡིན་ཞིང་། དཔེ་ངན་རྒྱུན་འབྱམས་པ་ཡིན་གསུངས་སོ། །སྐྱིན་གདོང་གཤིན་གདོང་གང་ཟེར་ཡང་དེ་ནི་གཡག་གདོང་ཞེས་ས་ཆ་འགའ་རེས་གཡག་གི་མིང་ལ་དེ་ལྟར་འབོད་ཚུལ་ཡོད་ཟེར་མཁན་ཡང་ཡོད་ཀྱང་དེ་ཡིན་པར་ངེས་པ་མི་ཆེ་ཞིང་། སྐྱིན་གོར་དང་སྐྱིན་བུ་གསུངས་དུས་གངས་སྦལ་ཡིན་ནོ། །དེས་ན་རིགས་མཐུན་གྱི་རྒྱུད་གཞུང་ཚོའི་ནང་ན་ཡང་སྐྱིན་བུ་གསུང་ས་ཡོད་པས་འདི་གངས་སྦལ་གྱི་གདོང་ཅན་དུ་ངོས་འཛིན་རྒྱུ་ཡིན་གསུངས་སྲོལ་ཡོད་ཅིང་། སྐྱིན་གདོང་མ་གསལ་ཤིང་མེ་སྒྲོན་གཟུང་བ་སྐུ་མདོག་དམར་ལྗང་ཅན། ཕག་མོ་ས་བདག་ཕག་ཅན་གྱི་ཆུང་མའི་ཚུལ་མཆེ་ཞགས་འཛིན་པ། མཆེ་ཞགས་ནི་ཞགས་པའི་སྣེ་གཉིས་མཆེ་བས་བརྒྱན་པ་ལ་གསུངས་སོ། །རྡོ་རྗེ་ཁྭ་ཏའི་གདོང་ཅན་གཤིན་རྗེའི་ཆུང་མ་སྐུ་མདོག་དམར་ལྗང་། སྣ་ཆེན་གླང་ཆེན་གདོང་ཚོགས་བདག་གི་ཆུང་མ་སྐུ་མདོག་ལྗང་གུ། ཆུ་ལྷ་སྦྲུལ་གདོང་ཅན་ཆུ་ལྷའི་ཆུང་མའི་ཚུལ་སྐུ་མདོག་ལྗང་གུ། དེ་ཐམས་ཅད་རང་རྟགས་ཀྱི་ཕྱག་མཚན་དང་རིགས་ཀྱི་ཕྱག་མཚན་རྒྱ་གྲམ་བསྣམས་པ། ཞིང་རྐྱང་པའམ་མི་རོའི་གདན་རྐྱང་གི་སྟེང་ལ་གར་སྟབས་ཀྱིས་བཞུགས་པ་ཡིན་ནོ།།

ཧཱུྃ༔ དཀྱིལ་འཁོར་ཕྱི་རིམ་སྒོ་བཞི་རུ༔

ཤར་དུ་ཁུ་བྱུག་ལྕགས་ཀྱུ་དཀར༔

ལྷོ་རུ་ར་གདོང་ཞགས་པ་སེར༔

ནུབ་ཏུ་སེང་གདོང་ལྕགས་སྒྲོག་དམར༔

བྱང་དུ་སྦྲུལ་གདོང་དྲིལ་བུ་ལྗང་༔

ཞིང་རྐྱང་གདན་ལ་གར་སྟབས་བཞུགས༔

ཞེས་གསུངས་ཏེ། དཀྱིལ་འཁོར་ཆེན་པོའི་ཕྱིའི་རིམ་པའི་ཤར་སྒོ་ན་སྲིན་པོ་རྣམ་འཇིག་གི་ཆུང་མའི་ཚུལ་འཛིན་པའི་ཁུ་བྱུག་གི་གདོང་ཅན་རྡོ་རྗེ་དང་ལྕགས་ཀྱུ་བསྣམས་པ་སྐུ་མདོག་དཀར་བོ། སྙིང་རྗེ་ཚད་མེད་ཀྱི་ལྕགས་ཀྱུ་སྲིད་པ་གསུམ་ལ་འདེབས་པ། སྲིན་པོ་ལངྐ་མགྲིན་བཅུའི་ཆུང་མའི་ཚུལ་ཅན་ལྷོ་སྒོར་རྡོ་རྗེ་ར་གདོང་མ་རིན་པོ་ཆེ་དང་ཞགས་པ་བསྣམས་པ་བྱམས་པ་ཚད་མེད་ཀྱི་ཞགས་པས་འཁོར་བ་འཆིང་བ། དཀྱིལ་འཁོར་ནུབ་སྒོ་ལ་རྡོ་རྗེ་སེང་གདོང་མ་སྲིན་པོ་བུམ་སྣའི་ཆུང་མའི་ཚུལ་ཅན། ཕྱག་ན་པདྨའི་སྡོང་བུ་དང་ལྕགས་སྒྲོག་བསྣམས་པ། དགའ་བ་ཚད་མེད་ཀྱི་ལྕགས་སྒྲོག་གིས་ཉོན་མོངས་པ་སྡོམ་པ། དེའི་སྐུ་མདོག་དམར་མོ། བྱང་སྒོ་ན་རྡོ་རྗེ་སྦྲུལ་གདོང་མ་སྲིན་པོ་འབོད་སྒྲོག་གམ་འདི་ལ་གསུས་པོ་ཆེ་ཡང་ཟེར་ཏེ་གསུས་པོ་ཆེའི་ཆུང་མའི་ཚུལ་ཅན་རྒྱ་གྲམ་དང་དྲིལ་བུ་བསྣམས་པ་བཏང་སྙོམས་ཚད་མེད་ཀྱི་དྲིལ་བུས་སྟོང་ཁམས་ཀྱི་སྲིད་པ་མྱོས་པར་བྱེད་ཅིང་ཞི་བར་གཞོལ་བ། སྐུ་མདོག་ལྗང་ནག་གོ །གནས་ཡུལ་སྒོ་སྐྱོང་དབང་མོ་རྣམས་ཀྱི་རྒྱན་གྱི་བྱེ་བྲག་དེ་འདིའི་གཏེར་གཞུང་ནས་གསལ་ཁ་ཡོད་མེད་སྣ་ཚོགས་ཡིན་ཡང་རྒྱུད་རྡོ་རྗེ་མེ་ལོང་ལས། སླས་དང་བྱི་མོ་བྲན་མོའི་ཚུལ། །སྐུ་མདོག་ཕྱག་མཚན་བཞུགས་ཚུལ་ཉིད། །རིམ་པ་བཞིན་དུ་དགོད་པར་བྱ། །རིན་ཆེན་ཐོད་པའི་དབུ་རྒྱན་དག །གནས་སྐབས་དག་དང་འཚམ་པར་བྱ། །ཞེས་གསུངས་པས་རལ་བ་དང་ཐོད་སྐམ་གྱི་རྒྱན་ཆ་ཡོད་མེད་སྐབས་དང་བསྟུན་ནས་རིགས་པས་དཔྱད་བྱ་ཡིན་ལ། ཡང་མིན་ན་བྲིས་རྙིང་ཁུངས་དག་གི་ཐང་ག་སོགས་ལ་བལྟས་ན་ཤེས་ཐུབ་བོ། །མགོ་བརྙན་དེ་ཚོ་ཁྲོ་མོའི་བཞིན་ལ་སྣ་ཚོགས་པའི་གདོང་ཅན་དཔེར་ན་བྱ་སྦྲུལ་གྱི་མགོ་ཅན་ཞིག་ཡིན་ན་ཁྲོ་མོའི་སྤྱན་གསུམ་སྨིན་མ་མེ་ལྟར་འབར་བ་དེ་ཚོ་ཡིན་ཆོག་ཅིང་། མགོ་ཕྲེང་དང་གཡང་གཞི་མ་གཏོགས་པའི་རྒྱན་གཞན་མེད་པ་དང་རོ་གདན་རྐྱང་པ་མ་གཏོགས་པའི་རྒྱན་གཞན་མེད་པ་ཡིན་ནོ། །གར་སྟབས་ཀྱིས་བཞུགས་ཞེས་པ་དེ་ཡང་ཁྲོ་མོའི་འཇིགས་པའི་རྔམ་སྟབས་ཀྱི་གར་རང་རང་གི་ཕྱག་རྒྱ་དང་མཚུངས་པའི་ཉམས་འགྱུར་ཅན་མ་གཏོགས་གཅིག་ཁོ་ན་ཡིན་པའི་ངེས་པ་མེད་དོ།།

དཀྱིལ་འཁོར་མུ་རན་སྐྱོང་བ་ཡི༔

དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཀྱང་༔

མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔

སྣང་ལ་རང་བཞིན་མེད་པར་གསལ༔

ཞེས་གསུངས་ཏེ། རང་བྱུང་རང་ལས་ཤར་བའི་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་གྱི་ཕྱིའི་མུ་རན་སྐྱོང་ཞིང་བཀའ་ཡི་བྱ་ར་དང་ལེགས་ཉེས་ཀྱི་སྟངས་འཛིན་བྱེད་པའི་དབང་ཕྱུག་མ་སྒོ་སྲུང་སྒོ་མ་བཞི་དང་བཅས་པ་ཤར་གྱི་དཀར་མོ་བདུན། ལྷོ་ཡི་སེར་མོ་བདུན། ནུབ་ཀྱི་དམར་མོ་བདུན། བྱང་གི་ལྗང་མོ་བདུན་དང་བཅས་པ་ཉི་ཤུ་རྩ་བརྒྱད་མ་ཡེངས་ཡིད་ཀྱི་ཡུལ་དུ་མངོན་སུམ་བཞིན་དུ་གསལ་བར་བསྒོམ་མོ། །བསྒོམ་རྒྱུ་དེ་ཡང་གསལ་སྟོང་ཟུང་དུ་འཇུག་པ་སྣང་ལ་རང་བཞིན་མེད་པ་ལྷ་ཉིད་རང་དང་རང་ཉིད་ལྷ་རུ་གསལ་བའི་ཟུང་འཇུག་དབྱེར་མེད་བདེ་བ་ཆེན་པོའི་རང་བཞིན་དུ་བསྒོམ་ཞིང་གསལ་དགོས་སོ། །ཞི་ཁྲོ་དམ་པ་རིགས་བརྒྱ་ཡི༔ སྒོམ་ཁོག་འདུས་པའི་སྒྲོན་མེའོ༔ ཞེས་པ་འདི་བསྐྱེད་རིམ་བསྒོམ་ཁོག་གི་མཇུག་སྡུད་ཀྱི་ཚིག་ཡིན་ཞིང་། ས་མ་ཡ༔དམ་ཚིག་གི་རྒྱ་ཡིན་ནོ། ། རྒྱ་རྒྱ་རྒྱ༔ཟབ་རྒྱ་སྦས་རྒྱ་གསང་རྒྱ་ཡི་རྒྱ་གསུམ་མམ་ཡང་ན་སྐུ་གསུམ་ཐུགས་ཀྱི་རྒྱ་རིམ་པ་གསུམ་གྱིས་བཏབ་ནས་དངོས་གཞིའི་ལེའུ་དང་པོ་ལྷ་བསྐྱེད་ཀྱི་རིམ་པ་བསྟན་ཟིན་ཏོ།།

༼ཁ༽ གཉིས་པ་ལྷ་ཚོགས་སྤྱན་འདྲེན་པ།

གཉིས་པ་ལྷ་ཚོགས་སྤྱན་འདྲེན་ནི༔ཞེས་མཚམས་སྦྱར་ཏེ།

ཧཱུྃ༔ དཔེ་མེད་བསམ་བརྗོད་བྲལ་བའི་དཀྱིལ་འཁོར་འདིར༔

བླ་མ་རིན་ཆེན་ཀུན་བཟང་ཆོས་ཀྱི་སྐུ༔

ལོངས་སྤྱོད་རྫོགས་སྐུ་བཅོམ་ལྡན་རིགས་ལྔ་ཡབ༔

འབྱུང་ལྔ་རྣམ་དག་ཡུམ་མཆོག་ལྔ་དང་སྦྱོར༔

སྐུ་གསུམ་ཡོན་ཏན་གསལ་ལ་འགག་པ་མེད༔

འགྲོ་དོན་ཡིད་སྣང་དག་པའི་གནས་མཆོག་འདིར༔

ཀུན་བཟང་རིགས་ལྔ་ཡབ་ཡུམ་གཙོ་འཁོར་རྣམས༔

རྣལ་འབྱོར་བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔

ཅེས་གསུངས་ཏེ། ཐོག་མར་ཚིག་གི་མགོ་ལེན་ལ་ཧཱུྃ་ཞེས་པའི་བདེ་གཤེགས་དཔེ་མེད་བརྗོད་འདས་ཀྱི་ཐུགས་ཀྱི་སྙིང་པོས་ཐུགས་རྒྱུད་སྐུལ་བའི་ཡི་གེའི་སྒྲ་ཆེན་པོ་དེས་སྣ་དྲངས་ནས། མཚོན་པར་བྱེད་པའི་དཔེ་མེད་ཅིང་བསམ་པའི་ཡུལ་ལས་འདས་པ་དེ་ལྟ་བུ་མཚོན་བྱེད་ཀྱི་དཔེ་མེད་པ་དང་བློས་བསམ་པའི་ཡུལ་མིན་ཞིང་སྒྲ་ཚིག་ངག་གི་ལམ་ལས་འདས་པ་ཡེ་ནས་ཡིན་ལ། དེ་ཡིན་པར་ངེས་ན་བརྗོད་མེད་བརྗོད་པ་དང་བྲལ་བའི་ཕྱོགས་མེད་ཕྱོགས་བྲལ་གྱི་དཀྱིལ་འཁོར་ཆེན་པོ་ནས་མཆོག་གསུམ་སྐུ་གསུམ་བླ་མ་ལ་འདུས་ཤིང་། ཡི་དམ་ཞི་ཁྲོའི་ལྷ་ཚོགས་ཀྱང་བྱིན་རླབས་ཀྱི་རྩ་བ་བླ་མ་ལ་འདུས་པ་བདེ་གཤེགས་གཅིག་སྒྲུབ་ཐམས་ཅད་འགྲུབ་པའི་བླ་མ་མཚོན་བྱ་དོན་གྱི་ཡེ་ཤེས་རིག་པ་སྟོང་གསལ་སྐྱེ་འགག་དང་བྲལ་བའི་གནས་ལུགས་མ་བཅོས་པ་རིགས་རྣམས་ཀུན་གྱི་གཙོ་བོ་རིག་འཛིན་འདུས་པའི་ཁྱབ་བདག་བླ་མ་རིིན་པོ་ཆེ་ཀུན་བཟང་ཆོས་ཀྱི་སྐུ་ནང་གསལ་སྐུ་གསུམ་འཕྲོ་གཞིར་བཞུགས་པ་དེ་ཉིད་དང་། ཕྱི་གསལ་ལོངས་སྤྱོད་རྫོགས་སྐུ་ཕུང་ལྔ་གནས་དག་བཅོམ་ལྡན་རིགས་ལྔ་ཡབ་ལྔ་དང་། འབྱུང་ལྔ་རྣམ་པར་དག་པ་ཡུམ་མཆོག་ལྔ་དང་། ཁ་སྦྱོར་ཡོན་ཏན་བདུན་ལྡན་གྱིས་བཞུགས་པ། འགྲོ་འདུལ་སྤྲུལ་བའི་སྣང་བརྙན་སྣ་ཚོགས་སུ་ཤར་བ། ཆོས་སྐུའི་ནམ་མཁའ་ལ་ལོངས་སྐུའི་ཟླ་བ་ཤར་ནས་གདུལ་བྱའི་ཆུ་ནང་ལ་སྤྲུལ་སྐུར་ཤར་བའི་དཔེས་མཚོན་པའི་གཞི་གནས་ཀྱི་ཡེ་ཤེས་ངོ་བོ་སྟོང་ལ་རང་བཞིན་གསལ་བ་ཐུགས་རྗེ་འགག་མེད་ཀྱི་ཡོན་ཏན་གསལ་ལ་འགག་མེད་མ་དག་མ་དག་དག་པ་དང་སོགས་ཀྱི་ལུང་དོན་ལྟར་དུ་འགྲོ་དོན་དུ་འགྲོ་བའི་ཡིད་སྣང་དག་པའི་གནས་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་མ་བསྐྱེད་ཡོངས་གྲུབ་གདན་གསུམ་ཚང་བའི་གནས་འདིར་གཤེགས་བྱ་གཤེགས་བྱེད་དང་བྲལ་བར་གཤེགས་སུ་གསོལ་གསུངས་ཤིང་། དཀྱིལ་འཁོར་སྤྱི་དང་བྱེ་བྲག་གི་གཙོ་བོ་ཡབ་ཡུམ་སྤྱན་དྲངས་པ་ཡིན་ནོ།།

ཧཱུྃ༔ ཚོགས་བརྒྱད་གནས་དག་བྱང་ཆུབ་སེམས་དཔའ་བརྒྱད༔

ཡུལ་བརྒྱད་གནས་དག་བྱང་ཆུབ་སེམས་མ་བརྒྱད༔

འགྲོ་དོན་རྫོགས་མཛད་སྤྲུལ་སྐུ་ཐུབ་པ་དྲུག༔

ཕྲིན་ལས་འགྲོ་དོན་སྒོ་བ་ཡབ་ཡུམ་བརྒྱད༔

ཞི་བ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར༔

ཞི་བ་བཞི་བཅུ་རྩ་གཉིས་གཤེགས་སུ་གསོལ༔

ཅེས་གསུངས་ཏེ། རྣམ་ཤེས་ཚོགས་བརྒྱད་མ་སྤངས་གནས་སུ་དག་པ་བྱང་ཆུབ་སེམས་དཔའ་བརྒྱད་དང་། མིག་ལ་སོགས་པའི་རྣམ་ཤེས་ཚོགས་བརྒྱད་ཀྱི་ཡུལ་གཟུགས་ལ་སོགས་པ་བརྒྱད་གནས་སུ་དག་པ་བྱང་ཆུབ་སེམས་མ་བརྒྱད། རིགས་དྲུག་འགྲོ་བའི་གནས་སུ་སེམས་ཅན་རང་རང་གི་ངོ་སྐལ་དུ་འགྲོ་དོན་མཛད་པའི་སྤྲུལ་སྐུ་ཐུབ་པ་དྲུག ཚད་མེད་རྣམ་བཞིའི་ཞི་རྒྱས་དབང་དྲག་གི་ལས་དང་འགུག་འཆིང་སྡོམ་མྱོས་ཀྱི་ཕྲིན་ལས་ཀྱིས་འགྲོ་དོན་མཛད་པའི་སྒོ་བ་ཡབ་ཡུམ་བརྒྱད་དེ་ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་རང་སྣང་དག་པའི་གནས་འདིར་ཞི་བ་བཞི་བཅུ་རྩ་གཉིས་ཀྱི་ལྷ་ཚོགས་སྤྱན་འདྲེན་པ་ཡིན་པས་འགྲོ་བའི་སྒོ་གསུམ་སངས་རྒྱས་སྐུ་གསུམ་གྱི་རང་བཞིན་དུ་བྱིན་གྱིས་བརླབ་པའི་ཕྱིར་གཤེགས་སུ་གསོལ་གསུངས་པའོ། །དེ་ཡིས་ཞི་བ་སྤྱན་དྲངས་ནས་ཁྲོ་བོའི་ལྷ་ཚོགས་སྤྱན་འདྲེན་པ་ནི།

ཧཱུྃ༔ སངས་རྒྱས་ཀུན་གྱི་རང་བཞིན་སྐུ་གསུང་ཐུགས༔

ཡོན་ཏན་ཕྲིན་ལས་ཡོངས་སུ་རྫོགས་པའི་དཔལ༔

བཅོམ་ལྡན་དཔལ་ཆེན་རིགས་ལྔ་ཧེ་རུ་ཀ༔

གཉིས་མེད་ཡུམ་ཆེན་ཀྲོ་ཏི་ལྔ་དང་འཁྲིལ༔

དུག་ལྔ་འཇོམས་ཕྱིར་ཁྲག་འཐུང་སྤྲུལ་འཁོར་བཅས༔

འགྲོ་དོན་ཡིད་སྣང་དག་པའི་གནས་འདིར་བྱོན༔

ཅེས་གསུངས་ཏེ། ཕྱོགས་བཅུ་དུས་བཞིའི་གནས་དང་དུས་སུ་གཤེགས་ཤིང་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་ཆེན་པོ་དཔལ་ཀུན་ཏུ་བཟང་པོ་ཡིན་པས་དཔལ་ཀུན་ཏུ་བཟང་པོ་དེ་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོའམ་རང་བཞིན་ཉིད་ཀྱི་ཆོས་སྐུ་སྤྲོས་པ་དང་བྲལ་བའི་ངང་ལས་མ་གཡོས་བཞིན་དུ་སྣང་བའི་ཁྲོ་བོའི་དཀྱིལ་འཁོར་རམ་ལྷ་ཚོགས་ཞེས་འགྲེལ་དགོས་ལ། ཁྲོ་བོ་འདི་ལ་ལོངས་སྐུ་དང་སྤྲུལ་སྐུ་གཉིས་སུ་སྣང་བའི་དབྱེ་བ་ཕྱེ་རྒྱུ་ཡོད་ཅིང་། ལྷུན་སྟུག་པོ་བཀོད་པའི་ཞིང་ཁམས་ན་རང་སྣང་ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་ཁྲོ་བོའི་སྐུ་ཡིས་མངོན་པར་འདུ་མཛད་དེ། དེ་ལས་སྤྲུལ་སྐུའི་ཁྲོ་བོ་གདུལ་བྱ་ལ་སྣང་བ་ཡིན་ནོ། །དེ་ཡང་སྔར་ཞི་བའི་རང་བཞིན་ཕྱིས་ཤིག་ནས་ཁྲོ་བོའི་རང་བཞིན་དུ་བསྒྱུར་བ་མ་ཡིན་པར་ཡེ་ནས་དེ་ལྟར་གྲུབ་ཅིང་གནས་པ་ཞི་ཁྲོ་གཉིས་ཀ་དུས་ཐ་དད་མེད་ལ། རྗོད་བྱེད་ཀྱི་དབང་དུ་བྱས་ན་དང་པོར་ཞི་བ་བཤད་པ་དང་། དེ་ནས་ཁྲོ་བོ་མི་བཤད་ཐབས་མེད་ཅིང་། རྗོད་བྱེད་ཚིག་གིས་དེ་ལྟར་བསྙད་དགོས་དུས་འཕྲོས་འཕྲོར་མི་བཤད་ཐབས་མེད་དུ་གྱུར་ཡོད་དོ། །དེའི་ཕྱིར་ན་དེ་ལྟར་དུ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡོངས་སུ་རྫོགས་པའི་དཔལ་བཅོམ་ལྡན་དཔལ་ཆེན་རིགས་ལྔ་རུ་སྣང་བའི་ཧེ་རུ་ཀ་ཡབ་ཡུམ་ཐམས་ཅད་འདོད་ཆགས་ཞེ་སྡང་ལ་སོགས་པ་ཉོན་མོངས་པ་དུག་ལྔ་འཇོམས་པར་བྱེད་པའི་ཕྱིར་དུ་ཁྲག་འཐུང་སྤྲུལ་འཁོར་དང་བཅས་འགྲོ་བ་གདུལ་དཀའ་འདུལ་བའི་ཕྱིར་དུ་བདག་རྣལ་འབྱོར་བའི་ཡིད་སྣང་རྣམ་པར་དག་པའི་གཞི་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ལ། ལམ་ཏིང་འཛིན་སྒོམ་པའི་དཀྱིལ་འཁོར་གྱིས་དེ་ལྟར་གསལ་བཏབ་པའི་གནས་འདིར་འབྱོན་པར་མཛོད་གསུངས་ནས་རིགས་ཀྱི་གཙོ་བོ་ཁྲག་འཐུང་ཡབ་ཡུམ་སྤྱན་དྲངས་པ་ཡིན་ནོ།།

ཧཱུྃ༔ ཀོའུ་རཱི་ལ་སོགས་གནས་བདག་མ་མོ་བརྒྱད༔

སེང་ཧ་ལ་སོགས་ཡུལ་བདག་ཕྲ་མེན་བརྒྱད༔

རྟ་གདོང་ལ་སོགས་ཡེ་ཤེས་སྒོ་མ་བཞི༔

དཀྱིལ་འཁོར་མུ་རན་དབང་ཕྱུག་ཉི་ཤུ་བརྒྱད༔

བཀའ་སྲུང་གཏེར་བདག་དམ་ཅན་ཆོས་སྐྱོང་ཚོགས༔

ཞི་ཁྲོ་དམ་པ་རིགས་བརྒྱའི་ལྷ་ཚོགས་རྣམས༔

འགྲོ་དོན་ཡིད་སྣང་དག་པའི་གནས་འདིར་བྱོན༔

རྣལ་འབྱོར་བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔

ཅེས་གསུངས་ཏེ། རྣམ་པར་ཤེས་པ་ཚོགས་བརྒྱད་དེ་འཁོར་བ་བསྐྱེད་པའི་གནས་ཡིན་ལ། དེ་དག་གནས་སུ་དག་པར་བྱེད་པའི་ཕྱག་རྒྱར་ཤར་བ་ལ་འདི་ནས་དེ་དང་དེའི་བདག་པོ་ཞེས་གསུངས་ཏེ་ཀོའུ་རཱི་ལ་སོགས་གནས་ཀྱི་མ་མོ་བརྒྱད། ཡུལ་གཟུགས་སྒྲ་ལ་སོགས་པ་གནས་སུ་དག་པར་བྱེད་པའི་ཕྱག་རྒྱར་ཤར་བ་ལ་ཡང་དེ་དང་དེའི་བདག་པོ་ཞེས་གསུངས་ཏེ་ཡུལ་བདག་སེང་ཧ་ལ་སོགས་མ་མོ་བརྒྱད། ཕྱིན་ཅི་ལོག་གི་བདུད་བཞི་འཇོམས་ཤིང་ཡེ་ཤེས་བཞི་ཡི་རྒྱས་འདེབས་པ་རྟ་གདོང་དཀར་མོ་ལ་སོགས་པ་སྒོ་མ་བཞི་དང་བཅས་པའི་དཀྱིལ་འཁོར་ཆེན་པོའི་མུ་རན་ལ་གནས་པའི་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད། ད་རུང་བཀའ་ཡི་སྲུང་མ། གཏེར་གྱི་བདག་པོ། དམ་ལ་གནས་ཤིང་བཀའ་ལས་མི་འདའ་བའི་ཆོས་སྐྱོང་གི་ཚོགས་དང་བཅས་པ་མདོར་ན་ཞི་ཁྲོ་དམ་པ་རིགས་བརྒྱའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་འགྲོ་བ་འདུལ་བའི་དོན་དུ་རྣལ་འབྱོར་ཡིད་སྣང་དག་པ་སྣང་སྲིད་རྒྱལ་བའི་དཀྱིལ་འཁོར་རང་བྱུང་ལྷུན་གྲུབ་ཆེན་པོར་གསལ་བའི་གནས་འདིར་བྱོན་པར་དགོངས་ཏེ་ཞེས་ཐུགས་རྒྱུད་སྤྱི་ཁྱབ་ཀྱིས་བསྐུལ་ཏེ། འགྲོ་དོན་ལ་རིངས་པའི་ཆེད་དུ་ཐུགས་རྒྱུད་ནན་གྱིས་བསྐུལ་ནས་གཤེགས་སུ་གསོལ་ཅེས་པའི་ཚིག་གིས་དངོས་སུ་སྤྱན་དྲངས་པ་ཡིན་ནོ། །དོན་དམ་པར་ཆོས་སྐུའི་རང་བཞིན་དང་བདེ་བར་གཤེགས་པའི་ཡེ་ཤེས་ཀྱི་སྐུས་ཀུན་ལ་ཁྱབ་པའི་རང་བཞིན་ལ་རྟག་ཏུ་བཞུགས་པ་ཞིག་ཡིན་པས་གཞན་ནས་གཞན་དུ་སྤྱན་དྲང་མི་དགོས་ཀྱང་ཡེ་ཤེས་ཀྱི་ལྷ་ལ་དབང་མི་ཟ་བའི་ཆེད་དང་སྲི་ཞུའི་ཚུལ་དུ་རང་བཞིན་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་སྙན་གསན་དབབ་ནས་འགྲོ་བ་འདུལ་བའི་དོན་དུ་རྣལ་འབྱོར་བྱིན་གྱིས་བརླབ་ཕྱིར་གནས་འདིར་གཤེགས་སུ་གསོལ་ཅེས་པའི་དགོས་པས་ཆེད་དུ་བསྐུལ་བའི་བསྐུལ་བ་གསུམ་གྱི་སྒོ་ནས་སྤྱན་དྲངས་པ་ཡིན་ནོ།།

༼ག༽ གསུམ་པ་ལྷ་ཚོགས་བཞུགས་སུ་གསོལ་བ།

གསུམ་པ་ལྷ་ཚོགས་བཞུགས་སུ་གསོལ་བ་ནི༔

ཧཱུྃ༔ སྒྱུ་མ་གཟུགས་བརྙན་ཆུ་ཟླ་འཇའ་ཚོན་ལྟར༔

འོད་ཟེར་ཡེ་ཤེས་ལྔ་ལྡན་གཞལ་ཡས་ཁང་༔

སྟོབས་ལྡན་རིན་ཆེན་པདྨ་ཉི་ཟླའི་གདན༔

ཆོས་སྐུ་ཀུན་བཟང་སྐུ་གསུང་ཐུགས་ཡོན་ཏན༔

ཕྲིན་ལས་ལྔ་ཡི་རིག་རྩལ་ཆོ་འཕྲུལ་ལས༔

བཅོམ་ལྡན་དཔལ་ཆེན་རིགས་ལྔ་ཡབ་ཡུམ་བཅུ༔

སེམས་དཔའ་སེམས་མ་ཡབ་ཡུམ་བཅུ་དྲུག་བཅས༔

རང་སྣང་དག་པའི་གནས་འདིར་བཞུགས་སུ་གསོལ༔

ཅེས་གསུངས་ཏེ། མཚོན་བྱ་དོན་གྱི་དཀྱིལ་འཁོར་མཚོན་བྱེད་རྟགས་ཀྱི་དཀྱིལ་འཁོར་དུ་ཤར་བ་སྒྱུ་མ་མཁན་གྱིས་སྤྲུལ་བའི་འཕྲུལ་དང་། མེ་ལོང་དུ་སྣང་བའི་གཟུགས་བརྙན། ཆུ་ནང་དུ་ཤར་བའི་ཟླ་གཟུགས། སྣང་བཞིན་སྟོང་པ་ནམ་མཁའི་འཇའ་ཚོན་ལྟར་དུ་ཡེ་ཤེས་ཀྱི་འོད་ཟེར་མཐའ་ཡས་མུ་མེད་པར་འཕྲོ་བའི་རང་སྣང་དག་པར་གྲུབ་པའི་རང་བཞིན་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་གི་ནང་ན་སྟོབས་དང་ལྡན་པ་མི་འཇིགས་པ་སེང་གེའི་ཁྲི། རྫུ་འཕྲལ་རྟའི་ཁྲི་ལ་སོགས་པ་དང་། རིན་ཆེན་ཁྲི་རྐང་གི་སྟེང་ན་འཁོར་བའི་ཉེས་སྐྱོན་གྱིས་མ་གོས་པའི་བརྡར་པདྨ་དང་། ཐབས་ཤེས་ཟུང་འབྲེལ་མཚོན་བྱེད་ཀྱི་ཉི་ཟླའི་གདན་གྱི་སྟེང་ན་གང་བཞུགས་སུ་གསོལ་བའི་ཆོས་སྐུ་ཀུན་ཏུ་བཟང་པོ་གཅིག་ཉིད་དེ་རིགས་ལྔའི་སངས་རྒྱས་སུ་སྣང་བ་དེ་བཞིན་གཤེགས་པའི་རིགས། རྡོ་རྗེའི་རིགས། རིན་པོ་ཆེའི་རིགས། པདྨའི་རིགས། ལས་ཀྱི་རིགས་ཏེ་ལྔ་རུ་སྣང་ཞིང་། དེ་ཐམས་ཅད་ཀྱང་རེ་རེ་བཞིན་དུ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རིགས་ལྔ་སྟེ། དེ་ཡང་དཔག་ཏུ་མེད་པར་སྣང་ཆོག་པས་རིགས་ལྔ་ཡབ་ཡུམ་བཅུ། གནས་ཡུལ་རྣམ་དག་སེམས་དཔའ་སེམས་མ་ཡབ་ཡུམ་བཅུ་དྲུག་དང་བཅས་པ་རང་སྣང་དག་པའི་གནས་འདིར་བཞུགས་སུ་གསོལ་ཅེས་གསུངས་པའོ།།

ཧཱུྃ༔ རྣམ་ཐར་བརྒྱད་ལྡན་སྒོ་བ་ཡབ་ཡུམ་བརྒྱད༔

རིགས་དྲུག་དོང་སྤྲུགས་བཅོམ་ལྡན་ཐུབ་པ་དྲུག༔

ཞི་བའི་ལྷ་ཚོགས་སངས་རྒྱས་བཞི་བཅུ་གཉིས༔

རང་སྣང་གནས་ཡུལ་དག་པའི་དཀྱིལ་འཁོར་དུ༔

ཕྱོགས་མཚམས་རང་རང་བཞུགས་པའི་གདན་ཁྲི་ལ༔

གཉིས་མེད་རང་བཞིན་བརྟན་པར་བཞུགས་སུ་གསོལ༔

ཅེས་གསུངས་ཏེ། རྣམ་ཐར་བརྒྱད་ལྡན་བདུད་བཞི་འཇོམས་པའི་ཁྲོ་བོ་གཤིན་རྗེ་གཤེད་དང་། ཁྲོ་མོ་ལྕགས་ཀྱུ་མ་ལ་སོགས་པ་ཡབ་ཡུམ་བརྒྱད། རིགས་དྲུག་འཁོར་བ་དོང་ནས་སྤྲུག་ཅིང་འདྲེན་པར་བྱེད་པའི་སྤྲུལ་སྐུ་ཐུབ་པ་དྲུག་སྟེ་ཞི་བའི་ལྷ་ཚོགས་སངས་རྒྱས་བཞི་བཅུ་རྩ་གཉིས་པོ་ཐམས་ཅད་ཅེས་ཐམས་ཅད་ཀུན་བཟང་གཅིག་ལས་ཤར་བ་ཡིན་པས་སངས་རྒྱས་བཞི་བཅུ་གཉིས་གསུངས་ཤིང་། ཕྱོགས་མཚམས་རང་རང་བཞུགས་པའི་གདན་ཁྲིའི་དབུས་སུ་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་དང་གཉིས་སུ་མེད་པའི་རིགས་ཀྱི་གཙོ་བོ་རྣམ་པར་སྣང་མཛད། ཤར་ནས་མི་བསྐྱོད་རིན་འབྱུང་སོགས་ནས་བསྐྱེད་ཆོག་གི་སྐབས་སུ་ཇི་ལྟར་འབྱུང་བ་བཞིན་དུ་རང་རང་གི་བབ་ཐོབ་ཀྱི་གདན་ཁྲི་ལ་གཉིས་མེད་རང་བཞིན་བརྟན་པར་བཞུགས་ཞེས་པའོ། །སུ་ཇི་ལྟར་བྱས་ནས་གང་དང་གཉིས་མེད་དུ་བསྟིམ་དགོས་ཤེ་ན། དམ་ཚིག་གི་འཁོར་ལོ་ལ་ཇི་ལྟར་བཞུགས་པ་བཞིན་དུ་ཡེ་ཤེས་ཀྱི་འཁོར་ལོ་རྣམས་དེ་ལ་དེ་ལྟར་དུ་གཉིས་སུ་མེད་པའི་རང་བཞིན་དུ་མི་གཡོ་བརྟན་པར་བཞུགས་སུ་གསོལ་ཅེས་གསུངས་ནས་དེ་ཡན་ཆད་ཀྱིས་ཞི་བའི་ལྷ་ཚོགས་བཞུགས་སུ་གསོལ་བ་ཡིན་ནོ།།

ད་ཁྲོ་བོའི་ལྷ་ཚོགས་ཀྱི་བཞུགས་གསོལ་ནི།

ཧཱུྃ༔ ཞི་བ་ལོངས་སྐུའི་རིག་རྩལ་ཆོ་འཕྲུལ་ལས༔

དུག་ལྔ་འཇོམས་པའི་ལྷ་ཚོགས་དཔག་མེད་འཕྲོས༔

བཅོམ་ལྡན་ཁྲག་འཐུང་རིགས་ལྔ་ཧེ་རུ་ཀ༔

ཤེས་རབ་དབྱིངས་ཕྱུག་ཀྲོ་ཏི་ལྔ་དང་སྦྱོར༔

ཡབ་ཡུམ་སྲས་དང་བཀའ་སྡོད་སྤྲུལ་འཁོར་བཅས༔

རང་སྣང་དག་པའི་གནས་འདིར་བཞུགས་སུ་གསོལ༔

ཅེས་གསུངས་ཏེ། ཞི་བ་དང་ཁྲོ་བོ་ངོ་བོར་དབྱེར་མེད་དུ་བཞུགས་པ་གོང་ནས་ཀྱང་བཤད་ལ། སྙིང་ཁའི་ཞི་བའི་ལྷ་ཚོགས་ཀྱི་གདངས་སམ་རྩལ་དེ་དུང་ཁང་ཁྲོ་བོའི་ལྷ་ཚོགས་སུ་ཤར་བ་ཙམ་ཞིག་ཡིན་པ་དང་། དེ་ཡང་རྒྱལ་བ་རིགས་ལྔ་ཁྲག་འཐུང་རིགས་ལྔ། དབྱིངས་ཀྱི་ཡུམ་ལྔ་ཀྲོ་ཏི་ལྔར་གནས་གྱུར་པ་ཙམ་ཞིག་ཡིན་ནོ། །དེས་ན་སྤྱིར་བཏང་ཀྲོ་དྷ་ཞེས་པའི་སྒྲ་ལས་ཁྲོ་བོ་ཞེས་གསུངས་ན་འདི་མི་མཐུན་པའི་ཕྱོགས་ལས་རྣམ་པར་རྒྱལ་བའི་འགྲོ་བའི་དོན་རྔམ་པའི་ཕྲིན་ལས་དྲག་པོའི་སྒོ་ནས་མཛད་པ་ཞིག་ལ་ཁྲོ་བོ་གསུངས་ཤིང་། འདིའི་དབྱེ་བ་ཕྱེས་ན་གཞི་ཆོས་ཉིད་ཀྱི་ཁྲོ་བོ། གནས་ལུགས་དོན་གྱི་ཁྲོ་བོ། ཐུགས་རྗེ་སྤྲུལ་བའི་ཁྲོ་བོ་དང་གསུམ་གྱི་དབྱེ་བ་ཕྱེ་ཆོག་ལ། གཞི་ཆོས་ཉིད་ཀྱི་ཁྲོ་བོ་ནི་དངོས་པོ་དང་མཚན་མར་འཛིན་པ་འཇོམས་པར་བྱེད་པའི་ཆོས་སྐུ་སྤྲོས་པའི་མཐའ་དང་བྲལ་བ་དེ་ཉིད་ཡིན་པ་དང་། གནས་ལུགས་དོན་གྱི་ཁྲོ་བོ་ནི་དེའི་ངང་ལས་ལོངས་སྤྱོད་རྫོགས་པའི་གནས་སྐབས་ན་ཁྲག་འཐུང་ཧེ་རུ་ཀའི་དཀྱིལ་འཁོར་དུ་སྣང་བ་དེ་དང་། ཐུགས་རྗེ་སྤྲུལ་བའི་ཁྲོ་བོ་ནི་ཐུགས་རྗེ་ལྷུན་གྲུབ་ཀྱི་ཆ་དེ་ཉིད་ལས་གང་ལ་གང་འདུལ་གྱི་ཁྲོ་བོར་སྣང་བར་མཛད་པ་ཕྲིན་ལས་ཀྱི་རང་བཞིན་སྤྲུལ་བའི་སྐུར་སྣང་བ་དེ་ཡིན་ཏེ། མཉམ་ཉིད་ངང་གིས་ཁྲོ་ལ་ཕྱག་འཚལ་ལོ། །ཁྲོ་བས་ལོངས་སྤྱོད་མཛད་ལ་ཕྱག་འཚལ་ལོ། །རྡོ་རྗེ་འདུ་འཕྲོ་མཛད་ལ་ཕྱག་འཚལ་ལོ། །ཞེས་རྒྱུད་ཐབས་ཀྱི་ཞགས་པའི་ལུང་ལས་གསུངས་པ་དེ་ཚོ་དེའི་དོན་ཡིན་ནོ། །དེ་ལྟ་བུའི་ཆོས་སྐུའི་དབྱིངས་ལས་མ་གཡོས་བཞིན་དུ་ལོངས་སྐུའི་སྤྲུལ་གཞི་ཁྲོ་བོའི་ཆོ་འཕྲུལ་དེ་ལས་དུག་ལྔ་འཇོམས་པར་བྱེད་པའི་ལྷ་ཚོགས་དཔག་མེད་འཕྲོས་ཤིང་། དེ་འཕྲོ་དགོས་པའི་རྒྱུ་མཚན་ནི་སེམས་ཅན་གྱི་རྣམ་རྟོག་གྲངས་མང་བ་དང་བསྟུན་ཏེ་དེའི་གནས་ལུས་ལོངས་སྤྱོད་ཕུང་ཁམས་སྐྱེ་མཆེད་སྦྱོང་བར་བྱེད་པའི་ལྷ་ཚོགས་དཔག་མེད་འཕྲོས་ནས་རིགས་སམ་གཙོ་བོའི་ཆ་ནས་བུདྡྷ་བཛྲ་རཏྣ་པདྨ་ལ་སོགས་པ་ཁྲག་འཐུང་རིགས་ལྔ། བུདྡྷ་ཀྲོ་ཏི་ལ་སོགས་པ་ཤེས་རབ་ཀྱི་ཆར་གྱུར་པའི་ཀྲོ་ཏི་ལྔ་དང་སྦྱོར་བའི་ཡབ་ཡུམ་སྲས་དང་བཀའ་སྡོད་སྤྲུལ་འཁོར་དང་བཅས་པ་སྟེ། འདིའི་སྐབས་ཀྱི་སྲས་ཞེས་པ་ལུང་གི་ཧེ་རུ་ཀ་ལ་འགྲེལ་མཁན་ཡང་ཡོད་དོ། །ཡང་རང་སྣང་དག་པ་རབ་འབྱམས་ལྷུན་གྲུབ་རྒྱལ་བའི་དཀྱིལ་འཁོར་དུ་ཡེ་ནས་གྲུབ་པ་ལ་དེ་ལྟར་གསལ་བཏབ་ནས་རང་ངོ་ཤེས་པའི་གནས་འདིར་གཤེགས་ནས་བཞུགས་སུ་གསོལ་ཅེས་གསུངས་པའོ།།

ཧཱུྃ༔ ཀོའུ་རཱི་ལ་སོགས་གནས་བདག་མ་མོ་བརྒྱད༔

སེང་ཧ་ལ་སོགས་ཡུལ་བདག་ཕྲ་མེན་བརྒྱད༔

ཚད་མེད་བཞི་ལྡན་ཡེ་ཤེས་སྒོ་མ་བཞི༔

སྤྲུལ་བའི་ལས་མཛད་དབང་ཕྱུག་ཉི་ཤུ་བརྒྱད༔

ཁྲག་འཐུང་ལ་སོགས་འབར་བ་ལྔ་བཅུ་བརྒྱད༔

དུ་མ་རོ་གཅིག་བརྟན་པར་བཞུགས་སུ་གསོལ༔

ཅེས་གསུངས་ཏེ། ཁྲོ་བོའི་ལྷ་ཚོགས་འདི་གོང་ནས་བཤད་མ་ཐག་པ་ལྟར་གྱི་གདུལ་བྱའི་དབང་གིས་དེ་ལྟར་དུ་སྣང་བ་ཡིན་ནོ། །དེ་ཡང་གཞི་ལམ་འབྲས་གསུམ་དང་སྦྱར་ནས་བཤད་ན་གཞི་ཁྲོ་བོ་ཁྲག་འཐུང་གི་དཀྱིལ་འཁོར་ལ་ཡེ་ནས་ལྷུན་གྱིས་གྲུབ་ཅིང་། མགོའི་སྤྱི་བོ་ཀླད་པ་དུང་ཁང་གི་ཕོ་བྲང་ན་བཞུགས་པ་ནི། རྒྱུད་ལས། བྷནྡྷ་སྨུག་ནག་འབར་བའི་གཞལ་ཡས་ན། །མཐུ་ཆེན་བདུད་ཀྱི་རྒྱལ་པོའི་མགོ་བཅད་བརྩིགས། །རྔམ་པའི་ཁྲོ་བོ་རྣམས་ཀྱི་གཟེར་གྱིས་བཏབ། །ཅེས་གསུངས་ལ། དུང་ཁང་གི་མཚོག་གསང་གཉིས་དང་ལྟག་གསང་གཉིས་ན་སྒོ་མ་བཞིའི་རང་བཞིན་རྩ་དང་ཐིག་ལེའི་དྭངས་མར་གནས་པ་དེ་ཉིད་སྒོ་སྲུང་གི་ཚུལ་དུ་ཡོད་ཅེས་གསུངས་པའོ། །ལམ་གྱི་ཐད་ནས་བཤད་ན་ལམ་མངོན་པར་སྒྲུབ་པའི་ཆེད་དུ་ཁྲོ་བོའི་དཀྱིལ་འཁོར་བསྒོམ་པ་དང་། འབྲས་བུའི་སྐབས་སུ་འབྲས་བུ་ལྷུན་གྱིས་གྲུབ་པའི་ཁྲོ་བོ་དྲི་མ་དབྱིངས་སུ་དག་ཚེ་རང་སྣང་ལྷུན་གྲུབ་སྟུག་པོ་བཀོད་པའི་ཞིང་ལ་ཁྲོ་བོའི་དཀྱིལ་འཁོར་དུ་གྲོལ་ནས་སྣང་བ་དེ་ཉིད་ཡིན་ནོ། །དེ་ལྟ་བུའི་སྤྲུལ་བའི་ཁྲོ་བོའི་བྱེ་བྲག་ལས་ཀོའུ་རཱི་ལ་སོགས་གནས་བདག་གི་མ་མོ་བརྒྱད་དང་། སེང་ཧ་ལ་སོགས་ཡུལ་བདག་གི་ཕྲ་མེན་མ་བརྒྱད། ཕྲ་མེན་ཞེས་པ་ལུས་གཅིག་ཏུ་མ་ངེས་ཅིར་ཡང་སྣང་དུ་རུང་བའི་ཆོ་འཕྲུལ་ཅན་ཞིག་ལ་སྐབས་འདིར་ཕྲ་མེན་གསུངས། ཚད་མེད་བཞི་ལྡན་ཡེ་ཤེས་ཀྱི་སྒོ་མ་བཞི། སྤྲུལ་བའི་ལས་མཛད་དབང་ཕྱུག་ཉི་ཤུ་རྩ་བརྒྱད་དེ་འདི་དག་ཐུན་མོང་གི་ལུགས་ལ་འཇིག་རྟེན་པ་ལྟར་སྣང་ཞིང་འཇིག་རྟེན་པའི་ལྷ་ཆེན་དྲག་ཤུལ་ཅན་དེ་ཚོའི་མིང་གི་ཐོག་ནས་སླས་དང་བྲན་མོ་མཆིས་བྲང་ལ་སོགས་པའི་མཚན་ནས་སྨོས་ན་ཡང་དོན་གྱི་ཐོག་ནས་ཐུན་མིན་གྱིས་བཤད་ན་འཇིག་རྟེན་ལས་འདས་པ་དང་། ཤིན་ཏུ་ཐུན་མིན་གྱི་ཐོག་ནས་བཤད་ན་རྡོ་རྗེའི་ལུས་ཀྱི་རྩ་གནས་ཀྱི་འཁོར་ལོའི་ནང་ན་ཡོད་པ་སངས་རྒྱས་པའི་སྐབས་སུ་དེ་ལྟར་དུ་སྣང་བ་དེ་ལྟ་བུ་ཞིག་ཡིན་ནོ། །ཁྱིམ་ཚང་ཞིག་གི་ཨ་མཆོད་ཀྱིས་ཐོས་གྲོལ་ཞིག་ཉིན་བཞིན་དུ་གསུངས་པར་མཛད་པས་དེའི་ནང་གི་ཀོའུ་རཱི་མ་ཞེས་པ་དེ་དེ་ཚང་གི་གཡོག་མོས་རྒྱུན་དུ་གོ་བས་ཞི་ཁྲོ་དམ་པ་རིགས་བརྒྱའི་ནང་གི་དེ་ཉིད་ཞེ་ལ་ངེས་ནས་མོ་རང་ཉིད་ལ་དད་པ་བརྟན་པོ་ཡོད་པའི་རྐྱེན་གྱིས་གཡོག་མོ་ཤི་དུས་ཆོས་ཉིད་བར་དོའི་གནས་སྐབས་སུ་ཞི་ཁྲོའི་སྐུ་ཤར་ཚེ་ཀོའུ་རཱི་དཀར་མོ་ངོ་ཤེས་དད་པ་བཞག་པས་དེའི་ངང་དུ་གྲོལ་བའི་ཚུལ་དམ་པའི་སྐྱེས་བུ་ཞིག་གིས་མངོན་ཤེས་ཀྱིས་གཟིགས་རབས་བཤད་རྒྱུ་ཡོད་པ་ལྟར་དུ་ཡིན་ནོ། །དེ་ལྟ་བུ་བསྐྱེད་ཅིང་སྤྱན་དྲངས་པའི་འབར་བ་ཁྲག་འཐུང་གི་ལྷ་ཚོགས་ལྔ་བཅུ་རྩ་བརྒྱད་པོ་བདག་དམ་ཚིག་པ་ཡེ་ནས་ཕུང་ཁམས་ལྷའི་རང་བཞིན་དུ་གྲུབ་ཅིང་གསལ་བཏབ་པ་དེར་དབྱིངས་ནས་སྤྱན་དྲངས་པའི་ཡེ་ཤེས་པ་དམ་ཡེ་དབྱེར་མེད་གཉིས་མེད་ཟུང་འཇུག་ཆེན་པོར་དུ་མ་རོ་གཅིག་ཅེས་གསུངས་ཏེ་མཚོན་བྱེད་རྟགས་ཀྱི་ལྷ་ཚོགས་ཀྱི་དབང་དུ་བྱས་ན་འབར་བ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཡོད་ཀྱང་མཚོན་བྱ་དོན་གྱི་དབང་གིས་ཡེ་ཤེས་གཅིག་གི་རང་བཞིན་དུ་རོལ་བ་ལས་མ་འདས་པ་ཡིན་པས་ཡིན་པ་ལ་ཡིན་པར་ཤེས་པའི་ཏིང་འཛིན་གྱི་སྟོབས་ཀྱིས་དབྱེར་མེད་བརྟན་པར་བཞུགས་སུ་གསོལ་ཅེས་གསུངས་པའོ། །དུ་མ་རོ་གཅིག་ཅེས་པ་གོ་སོང་ངམ། དུ་མ་ཞེས་པ་མང་ཚིག་ཡིན་ལ་མང་པོ་གཅིག་ཏུ་ཇི་ལྟར་གྱུར་ཅེ་ན། མཚོན་བྱེད་རྟགས་ཀྱི་ལྷ་ཚོགས་དབྱིངས་ནས་སྤྱན་དྲངས་པའི་ཡེ་ཤེས་པ་ཁྲོ་བོ་ལྔ་བཅུ་རྩ་བརྒྱད་པོ་མཚོན་བྱ་དོན་གྱི་ཡེ་ཤེས་བདག་དམ་ཚིག་སེམས་དཔའི་ཕུང་ཁམས་ཡེ་ནས་སངས་རྒྱས་པའི་ཆོས་ཉིད་ཐིག་ལེ་ཉག་གཅིག་ལ་རོ་གཅིག་ཏུ་བཟླུམས་པ་ལ་དུ་མ་རོ་གཅིག་ཅེས་གོ་དགོས་སོ། །ས་མ་ཡ༔ རྒྱ་རྒྱ་རྒྱ༔ཞེས་ཏེ་བཞུགས་གསོལ་གྱི་ལེའུའི་མཚམས་སུ་དམ་ཚིག་གི་རྒྱ་དང་གསང་བ་གསུམ་མམ་རྡོ་རྗེ་གསུམ་གྱི་རྒྱ་རྟགས་ཀྱིས་རྒྱས་གདབ་པ་ཡིན་ནོ།།

༼ང༽ བཞི་བ་གུས་པས་ཕྱག་འཚལ་བ།

བཞི་བ་གུས་པས་ཕྱག་འཚལ་བ་ནི༔ཞེས་མཚམས་སྦྱར་ཏེ། འདི་ལ་ཞི་བའི་ལྷ་ལ་ཕྱག་འཚལ་བ་དང་། ཁྲོ་བོའི་ལྷ་ལ་ཕྱག་འཚལ་བ་གཉིས་ཀྱི་ནང་གི་དང་པོ་ཞི་བའི་ལྷ་ལ་ཕྱག་འཚལ་བ་ནི།

ཧཱུྃ༔ ཡིད་ཆོས་གནས་དག་ཀུན་བཟང་ཡབ་ཡུམ་ལ༔

རང་སྣང་གནས་ཡུལ་དག་པས་ཕྱག་འཚལ་ལོ༔

ཧཱུྃ༔ ཕུང་ལྔ་གནས་དག་ཡེ་ཤེས་ལྔ་དང་ལྡན༔

ལོངས་སྐུ་རིགས་ལྔའི་ཚོགས་ལ་ཕྱག་འཚལ་ལོ༔

ཧཱུྃ༔ འབྱུང་ལྔ་གནས་དག་བདེ་ཆེན་ཡེ་ཤེས་ངང་༔

དབྱིངས་ཀྱི་ཡུམ་ཆེན་ལྔ་ལ་ཕྱག་འཚལ་ལོ༔

ཞེས་གསུངས་ཏེ། ཧཱུྃ་ཞེས་པ་འདི་བདེ་གཤེགས་ཀུན་གྱི་གསང་ཆེན་རྨད་དུ་བྱུང་བའི་གསང་བ་ཐུགས་ཀྱི་ངོ་བོ་ཡིན་ཞིང་། དེ་ཉིད་མཚོན་པའི་མི་འགྱུར་རྟགས་ཀྱི་རྡོ་རྗེ་དང་ཆོས་མཚུངས་པའི་འགྱུར་མེད་ཐུགས་ཀྱི་ཡི་གེས་སྣ་དྲངས་ནས། ཡིད་དང་ཡིད་ཀྱི་ཡུལ་དུ་གྱུར་པའི་ཆོས་ཁམས་གནས་སུ་དག་པ་དཀྱིལ་འཁོར་སྤྱི་ཡི་གཙོ་བོ་སངས་རྒྱས་ཀུན་གྱི་སྤྱི་མེས་ཆོས་སྐུ་ཀུན་ཏུ་བཟང་པོ་དང་ཆོས་ཉིད་ཀུན་ཏུ་བཟང་མོ་སྟེ་ཀུན་བཟང་ཡབ་ཡུམ་གཉིས་ལ་རང་སྣང་གནས་ཡུལ་དག་པས་ཕྱག་འཚལ་ལོ། །ཇི་ལྟར་འཚལ་ཞེ་ན། བསྐྱེད་རྫོགས་ལྷའི་ཏིང་འཛིན་དང་སྣང་སྲིད་ཀུན་ཏུ་བཟང་པོའི་ཕྱག་རྒྱར་ཤེས་པའི་སྒོ་ནས་ལྟ་བ་དོན་ཕྱག་གིས་རང་སྣང་ཐམས་ཅད་ཡེ་ནས་དག་པ་ཀུན་བཟང་ཡབ་ཡུམ་གྱི་ཐུགས་ཆོས་དབྱིངས་ཆེན་པོ་གཅིག་ལས་མ་འདས་པར་ཤེས་པས་ཕྱག་འཚལ་བ་དང་། དེ་བཞིན་དུ་རྣམ་ཤེས་གནས་དག་རྣམ་པར་སྣང་མཛད། གཟུགས་ཕུང་གནས་དག་རྡོ་རྗེ་མི་བསྐྱོད་པ་ལ་སོགས་པ་མེ་ལོང་ཡེ་ཤེས་ལ་སོགས་ཡེ་ཤེས་ལྔའི་རང་བཞིན་དང་ལྡན་པ་ལོངས་སྐུ་རིགས་ལྔའི་ཚོགས་དང་། ནམ་མཁའ་གནས་དག་དབྱིངས་ཀྱི་དབང་ཕྱུག ས་ཁམས་གནས་དག་སངས་རྒྱས་སྤྱན་མ་སོགས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ངང་ལས་ཤར་བའི་དབྱིངས་ཀྱི་ཡུམ་ཆེན་ལྔ་ལ་ཕྱག་འཚལ་ལོ་གསུངས་ནས་གཙོ་བོའི་ལྷ་ཚོགས་ཡབ་ཡུམ་ལ་ཕྱག་འཚལ་བ་ཡིན་ནོ།།

ཧཱུྃ༔ ཚོགས་བརྒྱད་གནས་དག་སེམས་དཔའ་ཆེན་པོ་བརྒྱད༔

ཡུལ་བརྒྱད་གནས་དག་སེམས་མ་ཆེན་མོ་བརྒྱད༔

ཉེ་བའི་སྲས་མཆོག་བྱང་སེམས་བཅུ་དྲུག་ལ༔

རང་སྣང་གནས་ཡུལ་དག་པས་ཕྱག་འཚལ་ལོ༔

ཞེས་གསུངས་ཏེ། མིག་གི་རྣམ་ཤེས་ཀྱིས་གཟུགས་མཐོང་བ་ལས་ཀྱང་ཁྱད་པར་དུ་འཕགས་པ་སངས་རྒྱས་ཀྱི་སྤྱན་དེ་ཡུལ་ལྔ་ཁ་ལ་འཇུག་ཀྱང་ཆོས་ཉིད་རོ་གཅིག་ཏུ་གཟིགས་པའི་ཆ་ནས་ནི་རྡོ་རྗེ་མཐོང་བ་སྟེ་ས་ཡི་སྙིང་པོ། དེ་བཞིན་དུ་རྣ་ཤེས་ཀྱིས་སྒྲ་ཐོས་པ་ཙམ་གྱིས་མི་ཚད་པར་དེ་ལས་ཁྱད་པར་དུ་འཕགས་པའི་སངས་རྒྱས་ཀྱི་སྙན་གྱིས་ཡུལ་ལྔ་ཁ་ལ་འཇུག་ཀྱང་དེ་བཞིན་དུ་རོ་གཅིག་པར་གསོན་པའི་ཆ་ནས་རྡོ་རྗེ་ཐོས་པ་སྟེ་ཕྱག་ན་རྡོ་རྗེ། དེ་ལྟར་ཚོགས་བརྒྱད་དང་སྦྱར་བའི་རྡོ་རྗེ་སྣོམ་པ་སྟེ་ནམ་མཁའི་སྙིང་པོ་ལ་སོགས་པ་སེམས་དཔའ་བརྒྱད་དང་། དེ་དག་གི་ཡུམ་མམ་བཙུན་མོ་འདས་པའི་དུས་མེད་པ་ལས་ཁྱད་པར་དུ་འཕགས་པ་སྔ་མའི་ཆོས་ལ་མ་ཆགས་མ་ཐོགས་པའི་གཟིགས་པ་འཇུག་པའི་མཚོན་བྱེད་བདུག་སྤོས་མར་སྣང་བ་དང་། དེ་བཞིན་དུ་མེ་ཏོག་མ། སྣང་གསལ་མ་ལ་སོགས་པ་ཡུལ་བརྒྱད་མ་སྤངས་གནས་སུ་དག་པ་སེམས་མ་ཆེན་མོ་བརྒྱད་དེ་ཉེ་བའི་སྲས་མཆོག་བྱང་ཆུབ་སེམས་དཔའ་ཡབ་ཡུམ་བཅུ་དྲུག་ལ་རང་སྣང་གནས་ཡུལ་དག་པས་ཡང་གོང་བཞིན་དུ་ཕྱག་འཚལ་ལོ་ཞེས་གསུངས་པའོ།།

ཧཱུྃ༔ རིགས་དྲུག་དོང་སྤྲུགས་སྤྲུལ་སྐུ་ཐུབ་པ་དྲུག༔

ཚད་མེད་བཞི་ལྡན་སྒོ་བ་ཡབ་ཡུམ་བརྒྱད༔

ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་ལ༔

རང་སྣང་གནས་ཡུལ་དག་པས་ཕྱག་འཚལ་ལོ༔

ཞེས་གསུངས་ཏེ། སྟོན་པ་ཀུན་ཏུ་བཟང་པོ་ཉིད་ཆོས་སྐུ་ལས་མ་གཡོས་པར་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་པའི་ཐུགས་རྗེའི་ངང་དེ་ལས་ཕྱོགས་བཅུའི་འཇིག་རྟེན་ན་སྤྲུལ་བ་བསམ་གྱིས་མི་ཁྱབ་པར་སྣང་བ་དང་། ཁྱད་པར་དུ་འགྲོ་དྲུག་དོང་ནས་སྤྲུག་པའི་ཕྱིར་དུ་ལྷའི་ཐུབ་པ་བརྒྱ་བྱིན། ལྷ་རྣམས་ལ་ཆོས་ཀྱི་སྡོམ་བཞི་བསྟན་པའི་ཕྱག་མཚན་པི་ཝང་བསྣམས་པ། ཐགས་བཟང་རིས་ཀྱིས་ལྷ་མ་ཡིན་འཐབ་རྩོད་འདུལ་བའི་ཆེད་དུ་གོ་མཚོན་བསྣམས་པ། ཤཱཀྱ་ཐུབ་པ་མི་རྣམས་ལ་དགེ་བཅུ་སྟོན་པའི་ཕྱིར་དུ་འཁར་གསིལ་ལྷུང་བཟེད་བསྣམས་པའི་ཚུལ་ཅན་ལ་སོགས་པ་སྤྲུལ་སྐུ་ཐུབ་པ་དྲུག ཚད་མེད་བཞིས་འགྲོ་ཀུན་ཐར་ལམ་ལ་འགོད་པའི་སྒོ་བ་ཡབ་ཡུམ་བརྒྱད་དེ་མདོར་ན་ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་ལ་རང་སྣང་གནས་ཡུལ་དག་པས་ཕྱག་འཚལ་ལོ་ཞེས་གསུངས་པའོ།།

ད་ནི་ཁྲོ་བོའི་ལྷ་ཚོགས་ལ་ཕྱག་འཚལ་བ་ནི།

ཧཱུྃ༔ དུག་ལྔ་འཇོམས་མཛད་ཁྲག་འཐུང་ཁྲོ་བོ་ལྔ༔

དབྱིངས་ཀྱི་ཡུམ་ཆེན་ཀྲོ་ཏི་ལྔ་དང་སྦྱོར༔

ཁྲག་འཐུང་ཁྲོ་བོ་ཡབ་ཡུམ་བཅུ་རྣམས་ལ༔

རང་སྣང་གནས་ཡུལ་དག་པས་ཕྱག་འཚལ་ལོ༔

ཞེས་གསུངས་ཏེ། ཉོན་མོངས་པ་གཏི་མུག་གནས་སུ་དག་པས་ན་གཙོ་བོ་བུདྡྷ་ཧེ་རུ་ཀ ཞེ་སྡང་དག་པས་བཛྲ་ཧེ་རུ་ཀ ང་རྒྱལ་དག་པས་རཏྣ་ཧེ་རུ་ཀ འདོད་ཆགས་དག་པས་པདྨ་ཧེ་རུ་ཀ ཕྲག་དོག་དག་པས་ཀརྨ་ཧེ་རུ་ཀ་སྟེ་དེ་ལྟར་སྦྱར་རྒྱུ་ཡིན་ཞིང་། ཁྲག་འཐུང་ཁྲོ་བོ་ཡབ་ཡུམ་བཅུ་རྣམས་ལ་ཡང་རང་སྣང་གནས་ཡུལ་དག་པས་ཕྱག་འཚལ་ལོ་ཞེས་གསུངས་པའོ།།

ཧཱུྃ༔ ཀོའུ་རཱི་ལ་སོགས་གནས་ཀྱི་མ་མོ་བརྒྱད༔

སེང་ཧ་ལ་སོགས་ཡུལ་གྱི་ཕྲ་མེན་བརྒྱད༔

རྟ་གདོང་ལ་སོགས་ཡེ་ཤེས་སྒོ་མ་བཞི༔

བཀའ་ཡི་ལས་བྱེད་དབང་ཕྱུག་ཉི་ཤུ་བརྒྱད༔

ཁྲག་འཐུང་ལྷ་ཚོགས་ལྔ་བཅུ་རྩ་བརྒྱད་ལ༔

རང་སྣང་གནས་ཡུལ་དག་པས་ཕྱག་འཚལ་ལོ༔

ཞེས་གསུངས་ཏེ། ཀུན་གཞིའི་རྣམ་ཤེས་གནས་དག་ཀོའུ་རཱི་དཀར་མོ། ཡིད་ཀྱི་རྣམ་ཤེས་གནས་དག་ཙོའུ་རཱི་སེར་མོ། ཉོན་མོངས་པ་ཅན་གྱི་ཡིད་གནས་སུ་དག་པ་པྲ་མོ་ཧ་དམར་མོ་ལ་སོགས་པ་གནས་ཀྱི་མ་མོ་བརྒྱད་དང་། དེའི་ཡུལ་བརྒྱད་གནས་སུ་དག་པ་ཕྲ་མེན་སེངྷ་བྱ་ཀྲི་ལ་སོགས་པ་བརྒྱད། རྟ་གདོང་དཀར་མོ་ལྕགས་ཀྱུ་ཅན། ཕག་གདོང་ནག་མོ་ཞགས་པ་ཅན་ལ་སོགས་པ་སྒོ་མ་བཞི། དུར་ཁྲོད་དབང་ཕྱུག་གི་ཆུང་མ་སྲིན་མོ་ཆེན་མོ་མིའི་སྲིན་མོ་དང་། ཚངས་པའི་ཆུང་མ་ཚངས་མ་ལ་སོགས་པ་ཤར་ཕྱོགས་ཀྱི་ཞི་བའི་ལས་བྱེད་དྲུག འདོད་པ་དམར་མོ་དང་བདུད་རྩི་དམར་མོ་ལ་སོགས་པ་ལྷོ་ཕྱོགས་ཀྱི་རྒྱས་པའི་ལས་བྱེད་དྲུག དགའ་བ་དང་མྱོས་མ་ལ་སོགས་པ་ནུབ་ཕྱོགས་ཀྱི་དབང་གི་ལས་བྱེད་དྲུག གསོད་བྱེད་མ་དང་མེ་མོ་ལ་སོགས་པ་ལྗང་མོ་དྲག་པོའི་ལས་བྱེད་དྲུག སྒོ་མ་བཞི་དང་བཅས་པའི་དབང་ཕྱུག་ཉེར་བརྒྱད་དེ་ཁྲག་འཐུང་ཁྲོ་བོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལྔ་བཅུ་རྩ་བརྒྱད་ལ་རང་སྣང་གནས་ཡུལ་རྣམ་པར་དག་པ་སྟེ། ཇི་ལྟར་རྣམ་པར་དག་ཅེ་ན། གཞི་ཡེ་དག་གི་ཁྲོ་བོ་མི་འབྲལ་དུང་ཁང་གི་གཞལ་ཡས་ན་བཞུགས་ཤིང་། ལམ་མངོན་པར་སྒྲུབ་པའི་ཁྲོ་བོ་དེ་དཀྱིལ་འཁོར་དུ་བསྐྱེད་ནས་བསྒོམས་ཚེ། འབྲས་བུ་ལྷུན་གྲུབ་ཀྱི་ཁྲོ་བོ་དེ་རང་སྣང་བའི་ཆེད་དུ། ཕྲིན་ལས་སྤྲུལ་བའི་ཁྲོ་བོ་དེ་ཉིད་གདུལ་བྱ་ལ་མངོན་དུ་སྣང་བ་དེ་འདྲའི་སྒོ་ནས་རྒྱུ་འབྲས་སྦྱོར་ཤེས་དགོས་སོ། །དེ་ཡང་ཚུལ་ཇི་ལྟར་ཡིན་ན་གཞི་ཡེ་དག་གི་ཁྲོ་བོ་དེ་མི་འབྲལ་དུང་ཁང་ན་བཞུགས་དུས། ལམ་མངོན་པར་སྒྲུབ་པའི་ཁྲོ་བོ་དེ་དཀྱིལ་འཁོར་དུ་བསྐྱེད་ནས་བསྒོམས་ན། འབྲས་བུ་ལྷུན་གྲུབ་ཀྱི་ཁྲོ་བོ་དེ་རང་སྣང་བའི་ཆེད་དུ། ཕྲིན་ལས་སྤྲུལ་བའི་ཁྲོ་བོ་དེ་གདུལ་བྱ་ལ་མངོན་དུ་སྣང་བ་རྒྱུ་འབྲས་གཉིས་སུ་མེད་པར་སྦྱོར་ཤེས་པའི་རྣམ་པར་དག་པའི་ཡིད་ཀྱིས་གནས་ལུགས་ལྟ་བ་མཇལ་བའི་ཕྱག་འཚལ་ལོ་གསུངས་པའི་དོན་ཡིན་ནོ། །ས་མ་ཡ༔ རྒྱ་རྒྱ་རྒྱ༔ཞེས་ཏེ་དམ་ཚིག་སྔགས་ཀྱི་རྒྱ་དང་མི་འདའ་རྡོ་རྗེའི་རྒྱ་ཡིས་མནན་པའོ།།

༼ཅ༽ ལྔ་བ་མཆོད་པ་འབུལ་བ།

༼ཀ ཕྱི་ནང་གསང་གསུམ་གྱི་མཆོད་པ་འབུལ་བ།

ཀ༽ དང་པོ་ཕྱི་ཡི་མཆོད་པ།

ལྔ་བ་ཕྱི་ནང་གསང་མཆོད་ནི༔ དང་པོ་ཕྱིའི་མཆོད་པ་འདི་སྐད་དོ༔

ཧཱུྃ༔ བླ་མ་ཀུན་བཟང་རྒྱལ་བ་ཞི་ཁྲོའི་ཚོགས༔

དཔག་མེད་ནམ་མཁའ་གང་བའི་ལྷ་ཚོགས་ལ༔

དག་པ་རྣམ་གསུམ་ཡིད་ཀྱིས་མཆོད་པའི་སྤྲིན༔

གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔

སྣང་སྟོང་རིག་སྟོང་གསལ་སྟོང་བདེ་སྟོང་དང་༔

དྲན་སྟོང་གྲགས་སྟོང་ཚོར་སྟོང་མཆོད་པའི་ཚོགས༔

མེ་ཏོག་བདུག་སྤོས་དྲི་ཞལ་རོལ་མོར་བཅས༔

བླ་མ་ཞི་ཁྲོའི་དཀྱིལ་འཁོར་ལྷ་ལ་འབུལ༔

ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ༔

ཅེས་གསུངས་ཏེ། མཆོད་པའི་ཡུལ་གང་ཞིག་ལ་གུས་པས་བཀུར་ཞིང་མཆོད་པའི་བསམ་པས་ཕྱི་ནང་གི་དངོས་པོ་སྟོབ་པའི་སྒོ་ནས་འབུལ་ཡུལ་མཉེས་པར་བྱེད་པའི་ལས་ཀྱི་བདག་ཉིད་དེ་མཆོད་པ་ཡིན་ནོ། །འདིའི་སྐབས་སུ་ཧཱུྃ་ཞེས་རྒྱལ་བའི་ཐུགས་ཀྱི་ཡི་གེ་སྣ་ཚོགས་སྤྲུལ་བའི་སྤྲིན་འཕྲོ་བའི་ས་བོན་དེས་མགོ་བླངས་ནས། མཆོད་པ་འབུལ་ཡུལ་ནི། ཕྱོགས་བཅུ་དུས་བཞི་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་པས། །སངས་རྒྱས་གཞན་ནས་མ་འཚོལ་ཅིག །ཅེས་རྒྱུད་ཀྱི་ནང་ནས་གསུངས་པ་བཞིན་དུ་མཚོན་བྱ་དོན་གྱི་བླ་མ་ཁྱབ་བདག་རིགས་དྲུག་པ་ཀུན་ཏུ་བཟང་པོ་སྤྲོ་གཞིར་བཞུགས་པའི་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་དཔག་མེད་རྡུལ་སྙེད་ཀྱི་གྲངས་དང་མཉམ་པའི་ནམ་མཁའ་གང་བའི་ལྷ་ཚོགས་ལ། དག་པ་རྣམ་གསུམ་ཞེས་ཐུན་མིན་གྱི་སྐབས་རྩ་དག་པ། རླུང་དག་པ། ཐིག་ལེ་དག་པ་གསུམ་ཁ་རྩང་ང་ཚོས་ཡན་ལག་བཅུ་བའི་སྐབས་སུ་འགྲེལ་བ་ལྟར་དུ་ཡིན་ལ། འོན་ཀྱང་ཕྱི་མཆོད་ཀྱི་སྐབས་སུ་དེ་ལྟར་མ་ཡིན་པར་འབུལ་ཡུལ་དག་པ། དངོས་པོ་དག་པ། བསམ་པ་དག་པའི་ཞིང་བསམ་དངོས་པོ་གསུམ་ཁ་དག་པའི་དག་པ་རྣམ་གསུམ་དང་ལྡན་པ་འདི་ཉིད་ཀྱིས། གང་དབུལ་བར་བྱ་བ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཆོད་པ། བླ་ན་ཡོད་པའི་མཆོད་པ། བླ་ན་མེད་པའི་མཆོད་པ། དངོས་བཤམས་དང་ཡིད་སྤྲུལ་ལ་སོགས་པའི་རྣམ་གྲངས་མང་པོ་ཡོད་ན་ཕྱི་འདོད་ཡོན་གྱི་མཆོད་པ་གཟུགས་མཛེས། སྒྲ་སྙན། དྲི་ཞིམ། རོ་མངར། ཡིད་ཀྱི་ཡུལ་དུ་གྱུར་བའི་ཆོས་ཁམས་དགེ་བ་དང་བཅས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཆོད་པའི་སྤྲིན་ལྷུན་གྲུབ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་བསམ་གྱིས་མི་ཁྱབ་པར་སྤྲུལ་ཏེ་གཟུགས་སྣང་སྟོང་། སྒྲ་གྲག་སྟོང་། དྲི་རིག་སྟོང་། རོ་ཚོར་སྟོང་། རེག་བྱ་བདེ་སྟོང་། ཆོས་གསལ་སྟོང་དང་དྲན་སྟོང་གི་ངོ་བོ་ཡིན་ཞིང་། ལོངས་སྤྱོད་རྒྱན་གྱི་རོལ་བ་བསམ་གྱིས་མི་ཁྱབ་པར་སྤྲུལ་ཏེ་མེ་ཏོག་བདུག་སྤོས་དྲི་ཞལ་རོལ་མོ་དང་བཅས་པས་མཚོན་པའི་མཆོད་རྫས་དེ། བླ་མ་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ལ་བསམ་པ་དག་པ་དམིགས་མེད་འཛིན་པ་དང་བྲལ་བས་འབུལ་བ་ཡིན་པས་བཞེས་སུ་གསོལ་ཅེས་གསུངས་པའོ། །དོན་ངོ་མའི་ཐོག་ན་འབུལ་ཡུལ་དང་འབུལ་མཁན་ཁ་ཁ་ན་མེད་པར་གཉིས་མེད་མཉམ་པ་ཆེན་པོའི་ཟུང་འཇུག་གི་ཡེ་ཤེས་རོ་གཅིག་ཏུ་ཡིན་ཡང་ཐ་སྙད་ཚིག་གི་ལམ་ནས་དོན་གྱི་གོ་བའི་བསྣོལ་མཚམས་རྙེད་དགོས་པ་ཡིན་པས་ལྷ་ལ་ལྷ་རོལ་བའི་ཚུལ་གྱིས་ཐུགས་རྗེས་འགྲོ་བའི་དོན་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པའི་སླད་དུ་བཞེས་སུ་གསོལ་ཅེས་པའི་དོན་དེ་ལྟ་བུ་ཞིག་ཡིན་ནོ།།

ཁ༽ གཉིས་པ་ནང་གི་མཆོད་པ།

གཉིས་པ་ནང་མཆོད་འབུལ་བ་ནི༔

ཧཱུྃ༔ བླ་མ་ཀུན་བཟང་ཞི་ཁྲོའི་ཚོགས༔

རྒྱལ་བ་རྒྱ་མཚོའི་ཚོགས་བཅས་ལ༔

ལྷ་རྫས་ནང་མཆོད་འབུལ་བ་ནི༔

སྣོད་བཅུད་སྣང་སྲིད་ཐམས་ཅད་ཀུན༔

རྡོ་རྗེ་གཟུགས་སྒྲ་དྲི་རོ་རེག༔

རྡོ་རྗེ་ཆོས་མའི་ཚོགས་སྤྲུལ་ནས༔

དངོས་འབྱོར་ཡིད་སྤྲུལ་མཆོད་པའི་ཚོགས༔

ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་ལ༔

གུས་པའི་སེམས་ཀྱིས་འབུལ་ལགས་ན༔

འགྲོ་བའི་དོན་དུ་བཞེས་སུ་གསོལ༔

ཅེས་གསུངས་ཏེ། བླ་མ་ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་ལ་ལྷ་རྫས་སམ་ཞིང་ཁམས་རྣམ་པར་དག་པ་རྣམས་ཀྱི་རྒྱན་དང་སྤྱོད་ཡུལ་དུ་གྱུར་པའི་དངོས་པོ་སྤྱི་དང་ཁྱད་པར་དུ་ནང་གི་མཆོད་པ་སྣོད་བཅུད་ཀྱི་སྣང་ཞིང་སྲིད་པའི་དངོས་པོ་ཐམས་ཅད་དག་པ་ཏིང་ངེ་འཛིན་གྱི་རོལ་བར་ཤར་བའི་སྣང་སྲིད་གཞི་བཞེངས་ཀྱི་མཆོད་པ་ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་ལ་གུས་པའི་སེམས་ཀྱིས་གཉིས་འཛིན་དང་བྲལ་བར་དམིགས་མེད་ཀྱི་ངང་ནས་འབུལ་བ་ལགས་ན་འགྲོ་བ་ཀུན་རང་བྱུང་གདོད་མའི་གནས་ལུགས་མ་བཅོས་དོན་གྱི་ཞི་ཁྲོའི་སྐུར་མངོན་པར་སངས་རྒྱ་བའི་ཕྱིར་དུ་འབུལ་བ་ཡིན་པས་བཞེས་སུ་གསོལ་ཅེས་གསུངས་པའོ།།

ག༽ གསུམ་པ་གསང་བའི་མཆོད་པ།

གསུམ་པ་གསང་མཆོད་འབུལ་བ་ནི༔

ཧཱུྃ༔ སྣང་བ་ཡབ་ལ་སྟོང་བ་ཡུམ༔

གསལ་བ་ཡབ་ལ་འོད་ཟེར་ཡུམ༔

བདེ་བ་ཡབ་ལ་སྟོང་བ་ཡུམ༔

སྒྲ་གྲགས་ཡབ་ལ་གྲགས་སྟོང་ཡུམ༔

དྲན་པ་ཡབ་ལ་རིག་སྟོང་ཡུམ༔

སྐུ་གསུང་ཐུགས་ཡོན་ཕྲིན་ལས་བདེ༔

རིག་མ་དཀར་སེར་དམར་ལྗང་མཐིང་༔

བདེ་བ་ཡེ་ཤེས་ཀུན་ལྡན་དུ༔

བདེ་བའི་རོ་སྙོམས་མཆོད་པ་འབུལ༔

སྐུ་གསུང་ཐུགས་ཡོན་དགྱེས་ཕྱིར་བཞེས༔

ཞེས་གསུངས་ཏེ། གསང་མཆོད་འདི་འདིའི་ཤོ་ལོ་ཀ་གཉིས་དང་ཕྱེད་འདིས་བསྟན་པས་སྣང་གྲག་དྲན་རིག་བྱུང་ཚོར་ཐམས་ཅད་ཐབས་དང་ཤེས་རབ་འབྲེལ་བ་བདེ་ཆེན་བདེ་བའི་ངོ་བོར་སྣང་བ་ཐབས་ཀྱི་རང་བཞིན་ཡབ་ཡིན་པ་ལ་སྟོང་པ་དེ་དང་གཉིས་སུ་མ་མཆིས་པ་ཡུམ་གྱི་ངོ་བོ་སྣང་སྟོང་ཟུང་འཇུག་ཐབས་ཤེས་ཡབ་ཡུམ་གྱི་བདག་ཉིད་ཅན་དང་། ཡང་གསལ་བ་ཡབ་ཀྱི་རང་བཞིན་ལ་གསལ་བའི་འོད་ཟེར་དེ་དང་གཉིས་སུ་མེད་པ་ཡུམ་གྱི་ངོ་བོ། བདེ་བ་ཐབས་ཀྱི་རང་བཞིན་ལ་དེའི་ངོ་བོ་སྟོང་པ་ཤེས་རབ་ཡུམ་དང་གཉིས་སུ་མེད་པ་ཐབས་ཤེས་ཟུང་དུ་འབྲེལ་བ་དང་། སྒྲ་གྲག་པའི་ངོ་བོ་དེ་ཐབས་ཀྱི་རང་བཞིན་ཡབ་ཡིན་ན་གྲག་བཞིན་དུ་སྟོང་པ་དེ་ཤེས་རབ་ཡུམ་དང་གཉིས་སུ་མེད་ཅིང་ཟུང་དུ་འབྲེལ་བ། དྲན་པ་དེ་ཐབས་ཀྱི་རང་བཞིན་ཡབ་ཡིན་ན་དྲན་པའི་ངོ་བོ་རིག་ཅིང་སྟོང་པ་ཤེས་རབ་ཡུམ་དང་ཟུང་དུ་འབྲེལ་བ། སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི་བདེ་བའི་རིག་མ་ཞེས་གསུངས་ཏེ། གཟུགས་རྡོ་རྗེ་མ་སྐུ་མདོག་དཀར་མོ་མེ་ལོང་ཐོགས་པ། སྒྲ་རྡོ་རྗེ་མ་སྔོན་མོ་པི་ཝང་སྦྲེང་ཞིང་སྙན་པའི་གླུ་ལེན་པ། དྲི་རྡོ་རྗེ་མ་སེར་མོ་དུང་ཕོར་དྲི་ཞལ་འཛིན་པ་ལ་སོགས་པ་མཆོད་པའི་ལྷ་མོ་བརྒྱད་དང་བཅུ་དྲུག་དཔག་མེད་ཀྱིས་མཚོན་པའི་དཀར་སེར་དམར་ལྗང་མཐིང་ཁའི་མདོག་ཅན་གྲངས་དཔག་ཏུ་མེད་པ་མང་པོས་དགའ་བཞིས་དྲངས་པའི་སྟོང་བཞིའི་ཡེ་ཤེས་བདེ་སྟོང་མཆོག་གི་རོལ་མོའི་ཚུལ་དུ་བདེ་བའི་རོ་སྙོམས་ཀྱི་མཆོད་པ་མི་བདེའི་སྡུག་བསྔལ་མིང་ཡང་མི་གྲགས་པ་གསང་མཆོག་བདེ་བའི་མཆོད་པ་འབུལ་བ་ཡིན་པས་བཞེས་སུ་གསོལ་ཞེས་གསུངས་པའོ།།

༼ཁ སྨན་རཀ་གཏོར་གསུམ་གྱི་མཆོད་པ།

ཀ༽ དང་པོ་སྨན་མཆོད་འབུལ་བ།

ཀ སྨན་མཆོད་འབུལ་བ་དངོས་བཤད་པ།

དེ་ཡན་ཆད་ཀྱིས་ཕྱི་ནང་གསང་བའི་མཆོད་པ་གསུམ་སོང་ནས་འདི་ནས་ཐུན་མིན་ནང་གི་མཆོད་པའམ་སྐབས་འགའ་རེར་སྦྱོར་སྒྲོལ་གསང་བའི་མཆོད་པ་ཞེས་པ་དེ་དང་འབྲེལ་བའི་སྨན་རཀ་གཏོར་གསུམ་གྱི་མཆོད་པ་འབུལ་བ་ནི། སྨན་རག་གཏོར་གསུམ་འབུལ་བ་ལ༔ དང་པོ་སྨན་མཆོད་འབུལ་བ་ནི༔ཞེས་མཚམས་སྦྱར་ཏེ།

ཧཱུྃ༔ རིགས་ལྔ་ཡབ་ཡུམ་གཉིས་ཀྱི་རྒྱུ་བྱས་ཏེ༔

སྐུ་ལྔ་ཡེ་ཤེས་ལྔ་ཡི་རྐྱེན་བྱས་ནས༔

ཐབས་ཤེས་རྒྱུ་ལ་མ་འགགས་རྐྱེན་སྦྱར་བའི༔

དམ་པ་རིགས་བརྒྱའི་འབྲུ་བཅུད་བདུད་རྩི་འདི༔

བླ་མ་ཀུན་བཟང་ཞི་ཁྲོའི་ཚོགས་ལ་འབུལ༔

ཐུགས་རྗེའི་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔

ཅེས་གསུངས་ཏེ། འདི་ནས་ཧཱུྃ་ཞེས་གསང་གསུམ་གཅིག་ཏུ་འདུས་པའི་གསང་ཆེན་རྨད་དུ་བྱུང་བའི་ཡི་གེས་མགོ་བླངས་ནས། རིགས་ལྔ་ཡབ་ཡུམ་གཉིས་ཀྱིས་རྒྱུ་བྱས། སྐུ་ལྔ་ཡེ་ཤེས་ལྔ་ཡིས་རྐྱེན་བྱས་ཞེས་གསུངས་ཏེ། འདིའི་ངེས་ཚིག་རྒྱུ་དྲུག་རྐྱེན་བཞིས་བསྐྲུན་པའི་སྨན་མཆོག་བདུད་རྩི་ར་ས་ཡཱ་ན་ཞེས་རྒྱུ་དྲུག་དེ་ཕྱི་ནང་གསང་གསུམ་གྱི་ཐོག་ནས་དབྱེ་ན་ཕྱི་ལྟར་དུ་བདུད་རྩི་ཛ་གད་དམ་མ་ད་ནའི་རྒྱུ་དྲུག ནང་ལྟར་ན་བདུད་རྩིའི་ཆོས་སྨན་སྦྱོར་བའི་སྨན་རྩ་བ་དང་སྡོང་བུ་ལ་སོགས་པ་དྲུག གསང་བ་ལྟར་ན་ཡབ་ཀྱི་རྒྱུ་གསུམ་ཡུམ་གྱི་རྒྱུ་གསུམ་སྟེ་དྲུག་གོ །འདིའི་ཕྱི་ནང་གཉིས་ཀའི་ཐུན་མོང་གི་རྐྱེན་བཞི་ནི་རྒྱུའི་རྐྱེན། བདག་རྐྱེན། དམིགས་རྐྱེན། དེ་མ་ཐག་རྐྱེན་ཏེ་བཞི་ཡིན་ཞིང་། དེ་ལྟ་བུའི་རྒྱུ་དྲུག་རྐྱེན་བཞི་ལས་གསང་ཆེན་རྨད་བྱུང་གི་རྫས་ར་ས་ཡཱ་ན་གྲུབ་ལུགས་ཁ་རྩང་སྔོན་ནས་བཤད་པ་བཞིན་དུ་ཡིན་ནོ། །འོ་ན་སྨན་རྫས་དེ་ཉིད་ཀྱི་བྱིན་གྱིས་བརླབ་པའི་སྐབས་སུ་ཁྱོད་ཀྱིས་རྒྱུ་དྲུག་རྐྱེན་བཞི་ཞེས་བཤད་ལ་འདི་ནས་རྒྱུ་ལྔ་དང་རྐྱེན་ལྔ་གསུངས་པས་དེ་གཉིས་ཀྱི་དོན་ཇི་ལྟར་ཡིན་ཞེ་ན། རྫས་དང་བྱིན་རླབས་གཉིས་ཀ་ཁ་ཁ་ཡིན་ལ། དམ་ཚིག་གི་བདུད་རྩི་དང་ཡེ་ཤེས་ཀྱི་བདུད་རྩི་གཉིས་ཀ་ཁ་ཁ་ཡི་གོ་བ་ལེན་དགོས་ཤིང་། ཡེ་ཤེས་ཀྱི་བདུད་རྩི་དེས་དམ་ཚིག་གི་བདུད་རྩི་ལ་བྱིན་གྱིས་བརླབས་ནས་དམ་ཡེ་དབྱེར་མེད་དུ་འགྱུར་དགོས་སོ། །དེས་ན་དེ་ལྟ་བུའི་སྨན་རྫས་དེ་ཉིད་བྱིན་གྱིས་བརླབ་པའི་སྐབས་སུ་སྨན་སྣོད་ཀྱི་བྷན་དྷའི་ནང་ན་རིགས་ལྔ་ཡབ་ཡུམ་ལྔ་ཚོགས་སྐད་ཅིག་དྲན་རྫོགས་སུ་གསལ་བཏབ་ནས་རྒྱུ་རིགས་ལྔ་ཡབ་ལྔ། རྐྱེན་སྐུ་ལྔ་ཡེ་ཤེས་ལྔ་འདུས་པའི་ཐབས་ཤེས་ཀྱི་རྒྱུ་ལ་མ་འགགས་པའི་རྐྱེན་སྦྱར་ནས་རིགས་ལྔ་ཡབ་ཡུམ་སྙོམས་པར་ཞུགས་པའི་རྗེས་ཆགས་ལྷག་པར་སྦྱོར་བའི་སྦྱོར་མཚམས་ནས་ཡེ་ཤེས་བདུད་རྩིའི་རྒྱུན་བབས་ཏེ་སྨན་བཅུད་ཐམས་ཅད་རིགས་ལྔའི་རོལ་བ་དམ་པ་རིགས་བརྒྱའི་བྱིན་རླབས་ཀྱིས་ཐམས་ཅད་བདུད་རྩིའི་རང་བཞིན་ཡེ་ཤེས་ཀྱི་བདུད་རྩི་དམ་ཚིག་གི་བདུད་རྩི་དང་དབྱེར་མེད་དུ་གྱུར་པའི་འབྲུ་བཅུད་ཆང་ལ་ཉིང་ཁུ་སྦྱར་བའི་བདུད་རྩི་འདི་བླ་མ་ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་ལ་འབུལ་བ་ཡིན་པས་ཟག་མེད་ཀྱི་ཐུགས་རྗེའི་བརྩེ་བ་ཆེན་པོས་ཉེ་བར་དགོངས་ཏེ་གསང་བ་བདེ་སྟོང་གི་དབང་དང་ཐུན་མོང་མ་ཡིན་པ་མཆོག་གི་དངོས་གྲུབ་དམ་པ་སྩོལ་ཅིག་ཅེས་གསུངས་པའོ། །སརྦ་པཉྩ་ཨ་སྨྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ཞེས་པའི་སྔགས་དོན་ནི་སརྦ་ཐམས་ཅད། པཉྩ་ཨ་མྲྀ་ཏ་སྨན་བཅུད་ཀྱི་བདུད་རྩི། ཁ་རཾ་སྟོབ་པ། ཁཱ་ཧི་དགྱེས་པར་བཞེས་ཤིག་ཡིན་ལ། ཐམས་ཅད་བསྡོམས་ན་སྨན་དང་བཅུད་ཐམས་ཅད་བདུད་རྩི་ལྔའི་རང་བཞིན་དུ་གྱུར་པ་སྟོབ་པ་ཡིན་པས་དགྱེས་པར་བཞེས་ཤིག་ཅེས་པའི་དོན་ཡིན་ནོ།།

ཁ སྨན་མཆོད་ཀྱི་ཁ་སྐོང་བཤད་པ།

སྨན་མཆོད་ཀྱི་ཁ་སྐོང་ནི།

རྒྱལ་ཀུན་སྤྱི་མྱེས་ཀུན་བཟང་རྡོ་རྗེ་འཆང་༔

རྡོ་རྗེ་སེམས་དཔའ་དགའ་རབ་ཤྲཱི་སེང་༔

ཨོ་རྒྱན་ཡབ་ཡུམ་རྗེ་འབངས་ལོ་པཎ་དང་༔

ཀརྨ་གླིང་པའི་ཞལ་དུ་ཨོཾ་ཨཱཿཧཱུྃ༔

ཉི་ཟླ་ཆོས་རྗེ་ཉི་ཟླ་འོད་ཟེར་མཚན༔

ནམ་མཁའི་མཚན་སོགས་བཀའ་བབས་བརྒྱུད་ལྡན་གྱི༔

རྩ་བརྒྱུད་བླ་མ་སྐྱབས་མཆོག་ཀུན་འདུས་དངོས༔

དྲིན་ཆེན་བླ་མའི་ཞལ་དུ་ཨོཾ་ཨཱཿཧཱུྃ༔

འཁོར་འདས་དམིགས་མེད་སྒྱུ་འཕྲུལ་རྡོ་རྗེའི་སྤྲིན༔

ཞི་བ་རྡོར་དབྱིངས་འབར་བ་ཁྲག་འཐུང་དང་༔

དག་པ་རིག་འཛིན་མཁའ་འགྲོ་ཆོས་སྐྱོང་བཅས༔

མཆོད་པར་འོས་རྣམས་ཞལ་དུ་ཨོཾ་ཨཱཿཧཱུྃ༔

ཞེས་གསུངས་ཏེ། འདི་གོ་སླ་བས་འདིའི་ཚིག་གི་དོན་འགྲེལ་མི་དགོས་ལ། ཐབས་ཤེས་རོལ་བའི་བདུད་རྩི་བྷན་དྷའི་སྣོད་དུ་འཁྱིལ་བ་དེ་ཉིད་མཐེབ་སྲིན་ཉི་ཟླའི་སྐྱོགས་ཀྱིས་བཅུས་ནས་ཕུལ་བས་ལྷ་ཚོགས་ཐམས་ཅད་བདེ་བའི་རོས་མཉེས་པར་བསམ་དགོས་སོ།།

ཁ༽ གཉིས་པ་རཀྟ་འབུལ་བ།

གཉིས་པ་རཀྟ་འབུལ་བ་ནི༔

ཧཱུྃ༔ དུག་ལྔ་ཡེ་ཤེས་ལྔ་རུ་བསྒྲལ་བའི་ཁྲག༔

མ་ཆགས་ཆགས་བྲལ་ཆགས་པ་ཆེན་པོའི་ཁྲག༔

གཉིས་མེད་འཛིན་བྲལ་གསང་པའི་ཁྲག་ཆེན་འདི༔

བླ་མ་ཀུན་བཟང་ཞི་ཁྲོའི་ཚོགས་ལ་འབུལ༔

ཞེས་གསུངས་ཏེ། རཀྟ་འདི་ལ་རྣམ་གྲངས་མང་ཡང་དོན་གྱི་ཐོག་ནས་བཤད་ན་འཁོར་བའི་རྒྱུ་ཆགས་སྡང་གཉིས་ཀ་ཡིན་པས་དེ་མཚོན་པར་བྱེད་པ་རཀྟ་ཡིན་ཞིང་། རཀྟ་ཞེས་པ་རྒྱ་གར་གྱི་གནའ་བོའི་སྐད་སཾ་སྐྲི་ཏའི་སྐད་ཡིན་ལ། བོད་སྐད་ཀྱི་ཐོག་ནས་ངོ་བོའི་སྐབས་སུ་འདོད་ཆགས། དངོས་པོའི་སྐབས་སུ་ཁྲག ཁ་དོག་གི་སྐབས་སུ་དམར་བོ་ལ་འཇུག་པ་ལ་སོགས་པ་ཁ་རྩང་གོང་ཞིག་ནས་བཤད་པ་ལྟར་ཡིན་ནོ། །རྫས་འདི་ཚོ་མན་ངག་གི་ངེས་པས་རྫས་སོ་ལྔ་ལ་སོགས་པ་བསྡུས་ནས་ཕྱི་ནང་གསང་བའི་རཀྟ་ཐམས་ཅད་ཚང་བར་བྱ་བ་ཡིན་ལ། སྨན་རཀ་གཉིས་ཀ་ལ་རྫས་ངོ་མ་ཚོགས་རྒྱུ་གལ་ཆེན་ཡིན་ཞིང་། གལ་ཏེ་མ་འབྱོར་ནས་ཐབས་མེད་དུ་གྱུར་ན་སྨན་སྣོད་དུ་བདུད་རྩིའི་རིགས་དང་སྨན་སིནྡྷུ་ར་ལ་སོགས་པ་དྲི་རོ་བཅུད་ལྡན་གྱི་རྫས་དེ་སྨན་སྣོད་ལ་བཏབ་ནས་སྨན་གྱི་ཚབ་བྱེད་པ་དང་། རཀྟའི་ཚབ་ཏུ་ཁྲག་གཙང་དང་ཇ་ཁུ་ལ་སིནྡྷུ་ར་འདེབས་པ་དག་ཀྱང་མི་རུང་བ་མ་ཡིན་ནོ། །དེའི་རྒྱུ་མཚན་ནི་སྤྱིར་རཀྟ་དེ་ལ་ཀུན་རྫོབ་རྫས་ཀྱི་རཀྟ། གུ་ཧྱ་མུ་ལ་རཀྟ། ཡན་ལག་བརྟན་པའི་རཀྟ། མཁའ་དབྱིངས་པདྨ་རཀྟ། ཉོན་མོངས་འཁོར་བའི་རཀྟ་དང་ལྔ་ཡོད་པའི་དང་པོ་ཀུན་རྫོབ་རྫས་ཀྱི་རཀྟ་ནི། སྲོག་མ་བཅད་པའི་རཀྟ་ཉེར་ལྔ་ཡིན་ཏེ། རྡོའི་རཀྟ་ལྔ། ཤིང་གི་རཀྟ་ལྔ། རྩིའི་རཀྟ་ལྔ། འབྲུའི་རཀྟ་ལྔ། མེ་ཏོག་གི་རཀྟ་ལྔའོ། །འོ་ན་རཀྟ་འདི་ཁྲག་རིགས་ཡིན་དགོས་པའི་ངེས་པ་མེད་དམ་ཞེ་ན། མིན་ཏེ་རཀྟ་ཐམས་ཅད་མཐར་གཏུགས་ན་ཁྲག་ལ་ཐུག་ཡོད་པའི་ཕྱིར་། དེ་ཡང་ཀུན་རྫོབ་རྫས་ཀྱི་རཀྟ་ཉི་ཤུ་བོ་ཡང་རཀྟ་ཡིན་པའི་རྒྱུ་མཚན་ཞེ་སྡང་རྡོ་རྗེས་རུ་ཏྲ་སྒྲོལ་བའི་གནས་སྐབས་ན་ཁྲག་ཐིགས་ས་ལ་ལྷུང་བ་སྟེ། སྔར་བསྐལ་བ་དང་པོའི་གནས་སྐབས་ན་ཞེ་སྡང་རྡོ་རྗེའི་ངོ་བོ་ཡིས་རུ་ཏྲ་བསྒྲལ་བའི་གནས་སྐབས་ན་ཁྲག་ཐིགས་གཅིག་ས་ལ་ལྷུང་ནས་དེ་ས་ལ་ལྷུང་བ་ལས་བྱུང་བའི་སྲོག་མ་བཅད་པའི་རཀྟ་ཉེར་ལྔ་རྡོ་རིགས་ཤིང་རིགས་ལ་སོགས་པ་དེ་ལྟར་གྲུབ་པ་ཡིན་པ་དང་། གཞན་ཡང་སྣང་བ་བརྡའི་རཀྟ་ཁ་དོག་དམར་པོར་གྱུར་ཚད་དང་། འཁོར་བ་རྒྱུའི་རཀྟ་ཁྲག་གི་རིགས་མཐའ་དག སྲིད་པ་གཞིའི་རཀྟ་ནི་ལྟེ་བའི་ཁྲག་ཅེས་རྒྱུད་དང་མན་ངག་རྣམས་ལས་འབྱུང་བའི་ཕྱིར་རོ། །གཉིས་པ་གུ་ཧྱ་མུ་ལ་རཀྟ་དེ་རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་དུ་ཚང་བའི་མིའི་སྙིང་ཁྲག་ལ་ངོས་བཟུང་བས་མ་རིག་པ་ནས་རྒ་ཤིའི་བར་དུ་ཚང་བ་དེ་མི་རྒན་པོ་ཞིག་གི་སྲོག་པ་རྩ་ལ་གོས་པའི་ཁྲག་ཡིན་པ་དང་། གསུམ་པ་ཡན་ལག་བརྟན་པའི་རཀྟ་ནི། ལོང་རྩའི་ཁྲག་ལ་ངོས་འཛིན་བྱེད་པ་ཡིན་པ་དང་། བཞི་པ་མཁའ་དབྱིངས་པདྨ་རཀྟ་ནི། མཚན་ཉིད་ཚང་བའི་མུ་ཏྲ་སྐྱེས་པས་མ་བརྩེགས་པའི་གསང་བའི་རཀྟ་དང་། ལྔ་པ་ཉོན་མོངས་འཁོར་བའི་རཀྟ་ནི། ཞིང་བཅུ་ཚང་བའི་དགྲ་བོ་བསྒྲལ་བའི་རཀྟའོ། །འདི་ནས་རཀྟ་འབུལ་བའི་གནས་སྐབས་ན་ཧཱུྃ་ཞེས་བདག་མེད་རྟོགས་པའི་ཐུགས་སྲོག་རྡོ་རྗེའི་ངོ་བོ་ཧཱུྃ་གིས་མཚོན་པས་ཚིག་སྣ་དྲངས་ནས། ཉོན་མོངས་དུག་ལྔ་ཡེ་ཤེས་ལྔ་རུ་བསྒྲལ་བའི་ཁྲག་འདོད་ཆགས་སོར་རྟོག་ཡེ་ཤེས། ཞེ་སྡང་མེ་ལོང་ཡེ་ཤེས། གཏི་མུག་ཆོས་དབྱིངས་ཡེ་ཤེས་ལ་སོགས་པ་མ་ཆགས་ཆགས་བྲལ་ཆགས་པ་ཆེན་པོའི་ཁྲག་ཅེས་གསུངས་ཏེ་མ་ཆགས་ཞེས་པ་སྲིད་ལ་མ་ཆགས། ཆགས་བྲལ་ཞེས་པ་ཞི་ལ་མི་གནས། ཆགས་པ་ཆེན་པོ་ཞེས་པ་གཉིས་ཀའི་མཐའ་ལས་འདས་པའི་བདེ་ཆེན་ཡེ་ཤེས་ཀྱི་ཁྲག་འཁོར་འདས་གཟུང་འཛིན་གཙང་སྨེ་ལ་སོགས་པའི་གཉིས་འཛིན་གྱི་མཐའ་ཐམས་ཅད་ལས་འདས་པའི་གཉིས་མེད། གཉིས་མེད་ཙམ་དུའང་འཛིན་པ་དང་བྲལ་བའི་གསང་བའི་ཁྲག་ཆེན་འདི་བླ་མ་ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་ལ་འབུལ་བ་ཡིན་པས་བཞེས་སུ་གསོལ་ཅེས་པ་སྔགས་ཀྱིས་བསྟན་པ་ཡིན་ནོ། །མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ཞེས་པའི་སྔགས་དོན་ནི་མ་ཧཱ་ཆེན་པོ་རཀྟ་ཁྲག་སྟེ་ཁྲག་ཆེན། ཁ་རཾ་བསྟབ་པ། ཁཱ་ཧི་བཞེས་ཤིག་གི་དོན་ཡིན་ནོ།།

ག༽ གསུམ་པ་གཏོར་མ་འབུལ་བ།

གསུམ་པ་གཏོར་མ་འབུལ་བ་ནི༔

ཧཱུྃ༔ ཕྱི་སྣོད་འཇིག་རྟེན་གཏོར་གཞོང་དུ༔

ནང་བཅུད་སེམས་ཅན་གཏོར་མར་བཤམས༔

རྩི་བཅུད་འབྲས་བུ་སྨན་གྱིས་བརྒྱན༔

ཞི་ཁྲོའི་ལྷ་ཚོགས་རྣམས་ལ་འབུལ༔

ཞེས་གསུངས་ཏེ། གཏོར་མའི་རྒྱུ་དང་གཏོར་མའི་དབྱེ་བ་སོགས་ཀྱི་ཐོག་ནས་གོང་ནས་ཁ་རྩང་སྔོན་མར་བཤད་པ་ལྟར་དུ་ཡིན་ཞིང་། འདིར་སྒྲུབ་གཏོར་ལ་དམིགས་ཀྱིས་བཀར་ནས་བསམ་བློ་བཏང་ན་བྱིན་རླབས་བླ་མའི་གཏོར་མ། དངོས་གྲུབ་ཡི་དམ་གྱི་གཏོར་མ། ཕྲིན་ལས་མཁའ་འགྲོའི་གཏོར་མ། དྲེགས་པ་སྡེ་བརྒྱད་ཀྱི་གཏོར་མ། ཐམས་ཅད་འདུས་པའི་གཏོར་མ་ལ་སོགས་པ་ཡིན་ན་འདིའི་བཟོ་དབྱིབས་དང་བཤམས་བཀོད་ལ་སོགས་པ་མཐོང་བ་བརྒྱུད་པའི་ཕྱག་ལེན་ལ་དར་རྒྱུ་འདི་ཚོ་བརྒྱུད་པའི་སྲོལ་མ་ཉམས་པར་བྱེད་པ་ནི་གལ་ཆེའོ། །དེ་ལ་བློ་བཟོ་དང་སླ་བཅོས་བྱེད་མི་ཉན་ལ། ཁ་རྩང་ཡང་ཞུས་པ་ལྟར་དུ་ཡིན་ཞིང་། སྐབས་འདི་དང་འབྲེལ་ན་སྲིད་པ་རང་གྲོལ་འདོད་ཡོན་རྒྱན་ཤར་གྱི་གཏོར་མ་མཆོད་རྫས་སུ་དམིགས་ནས་འབུལ་བའི་སྐབས་ཡིན་ནོ། །ཧཱུྃ་ཞེས་དཔལ་གྱི་རྔམ་པའི་བཞད་སྒྲས་བསྐུལ་ནས། ཕྱི་སྣོད་ཀྱི་འཇིག་རྟེན་གཏོར་གཞུང་གི་ནང་ན་ནང་བཅུད་ཀྱི་སེམས་ཅན་གཏོར་མའི་ཚུལ་དུ་རྩི་བཅུད་འབྲས་བུ་སྨན་སྣ་དང་འདོད་ཡོན་བདོག་པ་རྒྱུ་ཡི་འབྱོར་བ་དངོས་རྫས་དེ་ཉིད་གཏོར་རྫས་སུ་བཤམས་ཏེ་ལུས་སྣང་བའི་གྲོང་ཁྱེར་འདོད་པའི་ཁམས། ངག་ཕྱེད་སྣང་གི་གྲོང་ཁྱེར་གཟུགས་ཀྱི་ཁམས། ཡིད་མི་སྣང་བའི་གྲོང་ཁྱེར་གཟུགས་མེད་ཀྱི་ཁམས་ཏེ་སྲིད་གསུམ་ཀ་དག་གི་གཏོར་ཆེན་བཤམས་ནས་ཡང་ཞི་ཁྲོའི་ལྷ་ཚོགས་རྣམས་ལ་འབུལ་བ་ཡིན་ཞེས་པའོ། །མ་ཧཱ་བ་ལིང་ཏ་ལ་ཁ་རཾ་ཁཱ་ཧི༔ཞེས་གསུངས་ཏེ། སྔགས་དོན་ནི་མ་ཧཱ་བ་ལིང་ཏ་གཏོར་ཆེན། ཁ་རཾ་བསྟབ་པ། ཁཱ་ཧི་བཞེས་ཞེས་པའི་དོན་ནོ། དེ་ཡན་ཆད་ཕྱི་ནང་གསང་བ་སྨན་གཏོར་རཀྟའི་མཆོད་པ་དང་བཅས་པ་སོང་ནས་ས་མ་ཡ༔ རྒྱ་རྒྱ་རྒྱ༔ཡིས་འདའ་དཀའ་དམ་ཚིག་གི་རྒྱ་གསང་བ་རྡོ་རྗེ་གསུམ་གྱི་བཀའ་རྟགས་ཀྱི་རྒྱས་མནན་པའོ།།

༼ཆ༽ དྲུག་པ་བསྟོད་པ་བྱ་བ།

དྲུག་པ་བསྟོད་པ་བྱ་བ་ནི༔

ཧཱུྃ༔ སྐུ་ནི་མི་འགྱུར་ཀ་དག་ཟང་ཐལ་སྐུ༔

གསུང་ནི་མི་འགགས་རང་བྱུང་ཡེ་ཤེས་གསུང་༔

ཐུགས་ནི་མི་གཡོ་བསམ་བརྗོད་བྲལ་བའི་ཐུགས༔

ཀུན་བཟང་སྐྱེ་འགགས་མེད་ལ་ཕྱག་འཚལ་བསྟོད༔

ཅེས་གསུངས་ཏེ། འདི་ཀུན་ཏུ་བཟང་པོའི་དོན་བསྟོད་ཡིན་ཞིང་། ཧཱུྃ་འགག་མེད་ཆོས་ཉིད་རང་སྒྲས་བསྐུལ་ནས། ཆོས་སྐུ་ཀུན་ཏུ་བཟང་པོའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དང་སྦྱར་ནས་འགྲེལ་ན་སྐུ་མི་འགྱུར་ཀ་དག་ཟང་ཐལ་ངོ་བོ་ལ་ཡོད་མེད་ཡིན་མིན་སོགས་སྤྲོས་མཚན་ཀུན་གྱི་མཐའ་དང་བྲལ་བས་ཆོས་ཉིད་གང་དུ་ཡང་མ་ཕྱེས་པའི་ཀ་དག གསུང་མི་འགག་རང་བྱུང་གི་ཡེ་ཤེས་རང་བཞིན་འགག་པ་མེད་པས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ལྷུན་གྲུབ། ཐུགས་མི་གཡོ་བསམ་བརྗོད་དང་བྲལ་བ་སྨྲ་བསམ་བརྗོད་པ་ཀུན་ལས་འདས་ཤིང་ཐུགས་རྗེ་ཕྱི་གསལ་གྱི་མཁྱེན་ཆའི་གོ་མ་འགགས་པ་ཤིན་ཏུ་ཕྲ་བའི་ཡེ་ཤེས་གཞོན་ནུ་བུམ་པ་སྐུའི་བདག་ཉིད་སྣང་བ་གསུམ་དང་ཐབས་གཅིག་གི་རང་བཞིན་ལས་འདུ་འབྲལ་མེད་པའི་བདག་ཉིད་ཅན་དུ་བཞུགས་པ་ཀུན་བཟང་སྐྱེ་འགག་མེད་པ་མཐའ་བྲལ་མཉམ་པའི་ཆོས་ཉིད་དེ་ལ་ཕྱག་འཚལ་བསྟོད་ཅེས་པའོ།།

ཧཱུྃ༔ ཆོས་སྐུ་ནམ་མཁའ་ལྟ་བུར་ཁྱབ་པ་ལ༔

ལོངས་སྐུ་ཉི་འོད་ལྟ་བུར་སོ་སོར་འཕྲོ༔

སྤྲུལ་སྐུ་འཇའ་ཚོན་ལྟ་བུར་འགྲོ་དོན་མཛད༔

རྒྱལ་བ་ཞི་ཁྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔

ཅེས་གསུངས་ཏེ། འདི་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་སྤྱིའི་བསྟོད་པ་ཡིན་ལ། ཆོས་སྐུའི་ངོ་བོ་ནི་རང་བྱུང་གི་ཡེ་ཤེས་ནང་གསལ་སྤྲོས་པ་ཐམས་ཅད་དང་བྲལ་ན་ཡང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་འཆར་གཞི་མཁའ་ཁྱབ་མཁའ་དང་མཉམ་པ་ནམ་མཁའ་ལྟ་བུ་ལས། གདངས་ཕྱི་གསལ་མཁྱེན་ཆ་འགག་པ་མེད་པ་ལོངས་སྤྱོད་རྫོགས་སྐུ་ཕུན་སུམ་ཚོགས་པ་ལྔ་དང་ངེས་པ་ལྔ་ལྡན་སྐུ་དང་ཞིང་ཁམས་རྒྱ་མཚོའི་བདག་ཉིད་ཅན་ཉི་མའི་འོད་ཟེར་ལྟར་སོ་སོར་འཕྲོས་པས་ན། སྤྲུལ་སྐུ་ཆུ་སྣོད་ཟླ་གཟུགས་ཀྱི་དཔེ་བཞིན་དུ་གདུལ་བྱ་སོ་སོའི་ངོ་ལ་ཞི་བ་དང་ཁྲོ་བོ་ཞི་མ་ཁྲོ་ལ་སོགས་པ་གདུལ་བྱ་དང་འདུལ་བྱེད་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པའི་སྐབས་སུ་ཤར་བ་དེ་ནམ་མཁའི་འཇའ་ཚོན་ལྟར་སོ་སོར་གསལ་བའི་སྒོ་ནས་འགྲོ་དོན་མཛད་པ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ལ་ཕྱག་འཚལ་བསྟོད་ཅེས་པའོ།།

དམིགས་བསལ་ཞི་བའི་ལྷ་ཚོགས་ལ་བསྟོད་པ་ནི།

ཧཱུྃ༔ གསལ་འཚེར་ལྷུན་སྡུག་གཟི་བརྗིད་འོད་ཟེར་འཕྲོ༔

མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཞི་བའི་ཚོགས༔

མཚན་དང་དཔེ་བྱད་རྒྱན་རྣམས་མཛེས་ཚུལ་ལྡན༔

ཞི་བ་བཞི་བཅུ་གཉིས་ལ་ཕྱག་འཚལ་བསྟོད༔

ཅེས་གསུངས་ཏེ། མ་རིག་པ་སྤངས་པས་སྐུ་ཤེལ་ལྟར་གཙང་ཞིང་གསལ་བ། ཡེ་ཤེས་རྒྱས་པས་ན་ཉི་ཟླ་བཞིན་དུ་བཀྲག་མདངས་འཚེར་བ། སྐུ་བརྗིད་ཅིང་ཡིད་དུ་འོང་བ་རི་རབ་ལྟ་བུ་ལྷུན་སྟུག་པའམ་དཔངས་མཐོ་བ། ཆེ་བའི་ཡོན་ཏན་གྱིས་ཐམས་ཅད་ཟིལ་གྱིས་གནོན་པས་གཟི་བརྗིད་དང་ལྡན་པ། སྐུའི་གནས་དྲུག་དང་བ་སྤུའི་བུ་ག་ཐམས་ཅད་ནས་འོད་ཟེར་གྲངས་མེད་དུ་འཕྲོ་བ་སྟེ། སྐུའི་གནས་དྲུག་ནི་གཙུག་གཏོར། སྨིན་མཚམས། མགུལ། ཐུགས་ཀ ལྟེ་བ། ཞབས་མཐིལ་ཏེ་དེ་རྣམས་ཡིན་ཞིང་། འོད་ཟེར་གྱི་ཁ་དོག་སྔོ་སེར་དཀར་དམར་བཞི། བཙོད་དང་ལེ་བརྒན་གྱི་ཁ་དོག་རྣམས་འཕྲོ་བའོ། །སྐྱེ་བ་གནས་སུ་དག་པས་སྐུ་ཤ་གཤོང་གཤོང་མ་ཡིན་པར་མཉེན་ཤ་ཆགས་པ། ན་བ་གནས་སུ་དག་པས་དཀུ་སྐབས་ཕྱེད་པ་སྟེ་ཕྲ་བས་རྩི་ཐུར་འདྲ་བ་དང་། སྦོམ་པས་ཟོམ་ཁྲིག་འདྲ་བ་དེ་ལྟ་བུ་མ་ཡིན་པར་ཕྲ་ས་ནས་ཕྲ་བ་དཀུ་སྐེད་རྡོ་རྗེའི་སྐེད་པ་འདྲ་བ་དང་། ཞིང་ཆེ་ས་ནས་ཆེ་བ་སྐུ་སྟོད་སེང་ཆེན་འགྱིངས་པ་ལྟ་བུ་སྟེ་ཕ་དམ་པའི་བསྟོད་པ་རྣམས་ཀྱི་ནང་ན་དེ་ལྟར་གསུངས་ཡོད་ལ། དེ་ལ་ལྕུག་པ་ཟེར་རོ། །འཁྲིལ་ཞེས་པ་ནི་འཁྲིལ་བག་ཆགས་པ་ཤ་ལྷོད་པོ་ལུག་ལུག་མ་ཡིན་པར་འཆི་བ་གནས་སུ་དག་པས་འཁྲིལ་བག་ཆགས་པ། ལྡེམ་པ་ནི་དགྱེ་དགུ་གཉིས་ཀ་བྱེད་རྒྱུ་མེད་པའི་དབྱུག་པ་ལྟ་བུ་མ་ཡིན་པ་ལྡེམ་པ། གཞོན་ཚུལ་ཞེས་པ་རྒ་བ་གནས་སུ་དག་པས་ན་ཤ་རྩུབ་པོ་དང་སྨེ་ཤ་དང་མཛེར་ནག་དང་འབུར་ཐོ་ཡིས་གང་བ་དེ་ལྟར་མ་ཡིན་པར་སྐུ་འཇམ་ཞིང་གཞོན་ཤ་ཆགས་པའི་ངང་ཚུལ་ཅན་ཏེ། དེ་རྣམས་ངོ་བོའི་ཡོན་ཏན་ཡིན་ནོ། །རྣམ་པའི་ཡོན་ཏན་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་པ། མཚན་དང་དཔེ་བྱད་འུ་ཚོས་དུས་རྒྱུན་བཤད་ཀྱིན་ཡོད་པ་བཞིན་མཚན་དང་དཔེ་བྱད་ཀྱི་སྒྲ་དོན་གྱི་ཐད་ནས་བཤད་ན་སྐྱེས་བུ་ཆེན་པོར་མཚོན་པར་བྱེད་པས་ན་མཚན་གསུངས་ཤིང་། ནང་གི་ཡོན་ཏན་གྱི་དཔེ་ལྟ་བུ་ཕྱི་རོལ་ལ་སྣང་བས་ན་དཔེ་བྱད་གསུངས་སོ། །དེ་ལྟ་བུའི་མཚན་དཔེ་ལྡན་ཞིང་ལོངས་སྐུའི་རྒྱན་ཆས་བཅུ་གསུམ་ལ་སོགས་པའི་རྒྱན་གྱིས་བརྒྱན་པས་མཛེས་ཚུལ་དང་ལྡན་པའི་ཞི་བ་བཞི་བཅུ་རྩ་གཉིས་ཀྱི་ལྷ་ཚོགས་ལ་ཕྱག་འཚལ་བསྟོད་ཅེས་པའོ།།

ཁྲོ་བོའི་ལྷ་ཚོགས་ལ་བསྟོད་པ་ནི།

ཧཱུྃ༔ སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང་༔

རྒོད་དང་གཤེ་དང་རྔམ་པར་སྟོན་པ་དང་༔

སྙིང་རྗེ་ངོ་མཚར་ཆེ་ཚུལ་གར་དགུར་ལྡན༔

ཁྲག་འཐུང་ཁྲོ་བོའི་ཚོགས་ལ་ཕྱག་འཚལ་བསྟོད༔

ཅེས་གསུངས་ཏེ། གར་གྱི་ཉམས་དགུ་དང་ལྡན་པའི་ཚུལ་གྱིས་བསྟོད་པ་ཡིན་ཞིང་། གར་གྱི་ཉམས་དགུ་གོང་ནས་ཀྱང་བཤད་མྱོང་བ་བཞིན་སྒེག་པ་དཔའ་བ་འཇིགས་རུང་གསུམ་དེ་སྐུའི་གར། རྒོད་དང་གཤེ་དང་རྔམ་པར་སྟོན་པ་གསུམ་དེ་གསུང་གི་གར། སྙིང་རྗེ་ཞེ་སྡང་གཏུམ་པ་གསུམ་དེ་ཐུགས་ཀྱི་གར་ཏེ་གར་དགུ་ཡིན་ནོ། །འོ་ན་སྙིང་རྗེ་ཞེ་སྡང་གཉིས་ཀ་མཉམ་དུ་ཇི་ལྟར་གནས་ཏེ་ལྷན་ཅིག་མི་གནས་འགལ་མ་ཡིན་ནམ་ཞེ་ན། ལས་ངན་གྱི་གདུལ་བྱ་ལ་ལྷག་པར་སྙིང་རྗེ་བའི་སྙིང་རྗེ་ཕུལ་དུ་བྱུང་བས་ཐུགས་ཞི་བ་ཆོས་ཉིད་ལས་མ་གཡོས་བཞིན་དུ་ཐབས་ལ་མཁས་པའི་དབང་གིས་དཔལ་ཧེ་རུ་ཀ་ཡེ་ཤེས་ཀྱི་སྐུ་མཆོག་འབར་བའི་ཚུལ་དུ་སྣང་བ་ལ་ཞེ་སྡང་གི་སྒྲས་བསྙད་པ་ཡིན་ནོ། །དེའི་ཕྱིར་ན་ངོ་མཚར་ཆེ་བའི་ཚུལ་གསུངས་པ་ཡིན་མ་གཏོགས་ཞེ་སྡང་རང་ག་མ་ལ་ངོ་མཚར་ཅི་ཞིག་ཆེ། དེ་ལྟ་བུའི་ཁྲག་འཐུང་ཁྲོ་བོའི་ཚོགས་ལ་བསྟོད་གསུངས་ནས་གར་དགུའི་ཉམས་ལྡན་གྱི་ཁྲོ་བོའི་དོན་བསྟོད་མཛད་པ་ཡིན་ནོ།།

ཧཱུྃ༔ ཐལ་ཆེན་རཀྟ་ཞག་གི་ཟོ་རིས་དང་༔

ཀོ་རློན་གཡང་གཞི་སྟག་གི་ཤམ་ཐབས་དང་༔

ཐོད་ཕྲེང་སྦྲུལ་ཆུན་མེ་དཔུང་ཆས་དགུས་བརྒྱན༔

དུར་ཁྲོད་ཆས་རྣམས་རྫོགས་ལ་ཕྱག་འཚལ་བསྟོད༔

ཅེས་གསུངས་ཏེ། དཔལ་གྱི་ཆས་དགུའི་རྒྱན་རྫོགས་པའི་ཆ་ནས་རྟགས་བསྟོད་ཡིན་ལ། འདུལ་བྱེད་ཕྲིན་ལས་ཀྱི་རྒྱན་དཔྲལ་བ་ན་ཐལ་ཆེན་གྱི་ཚོམ་བུ། ཐུགས་རྗེ་ཆགས་པའི་རྒྱན་སྨིན་མཚམས་ན་རཀྟའི་ཐིག་ལེ། དོན་དམ་བཅུད་ཀྱི་རྒྱན་ཨོག་མ་ན་གཟི་ཆེན་ཞག་གི་ཟོ་རིས་ཏེ་བྱུག་པའི་རྩི་གསུམ་མོ། །ཐེག་པ་མཆོག་གི་རྒྱན་སྟོབས་བཅུ་རྫོགས་པ་གླང་ཆེན་གྱི་ཀོ་རློན་དང་། ཚུལ་ཁྲིམས་གོས་ཀྱི་རྒྱན་མི་ལྤགས་ཀྱི་གཡང་གཞིའི་སྟོད་གཡོགས། དཔའ་རྟུལ་ཟ་བྱེད་ཀྱི་རྒྱན་སྟག་གི་ཤམ་ཐབས་སོ། །ཁྲོ་མོའི་གཟིག་ཤམ་ཡང་དེ་དང་གཅིག་པ་ཡིན་ཞིང་། དེ་ཡིས་བགོ་བའི་གོས་གསུམ་མོ། །དུག་གསུམ་དབང་དུ་བྱེད་པའི་མི་མགོ་སྐམ་པོའི་དབུ་རྒྱན། རློན་པ་དང་རྙིང་པའི་དོ་ཤལ། གོང་ཞིག་ནས་བཤད་པ་བཞིན་དུ་སྦྲུལ་རྒྱལ་རིགས་དཀར་ཕྲས་དབུ་སྐྲ་བཅིངས། རྗེ་རིགས་སེར་བོས་སྙན་ཆ་དང་དཔུང་རྒྱན་བྱས། བྲམ་ཟེའི་རིགས་དམར་བོས་སེ་མོ་དོ་དང་མགུལ་ཆིངས། དམངས་རིགས་ལྗང་གུས་དོ་ཤལ་བྱས་པ་དེ་སྦྲུལ་ཆུན་ཡིན་ལ། ཡེ་ཤེས་ཀྱི་མེ་རི་མེ་དཔུང་འབར་བའི་ཟེར་ཕྱོགས་བཅུར་འཕྲོ་བ་སྟེ་དཔའ་བའི་རྒྱན་གསུམ་གྱིས་དགུའོ། །འདི་ནས་གཞུང་གིས་ལྷག་ཏུ་གསལ་ཁ་མ་མཛད་ཀྱང་སྒྱུ་འཕྲུལ་བླ་མའི་ནང་དུ། ཐབས་དང་ཤེས་རབ་ལྡན་པ་ཡི། །རྡོ་རྗེ་མཐིང་གི་གཤོག་པ་བརྐྱང་། །ཞེས་གསུངས་པ་ལྟར་དུ་ཐབས་དང་ཤེས་རབ་ཟུང་འབྲེལ་དང་སྲིད་ཞི་གཉིས་ཀའི་མཐའ་ལ་མི་གནས་པའི་རྟགས་སུ་རྡོ་རྗེའི་གཤོག་པ་ཡང་རང་ཅག་གི་བྲིས་ཆ་རྣམས་ཀྱི་ནང་ན་ཡོད་པ་ལྟར་དུ་ཡིན་ལ། སྒྱུ་འཕྲུལ་གྱི་འགྲེལ་བར། ཐབས་དང་ཤེས་རབ་ཟུང་འབྲེལ་ཉི་ཟླའི་ཆས། །གདུག་པ་ཅན་སྲེག་ཡེ་ཤེས་མེ་ཡི་ཆས། །སྐྱེ་ཤི་རྩད་གཅོད་མཆེ་བ་ཟླ་ཚེས་ཆས། །ཁྱབ་མཛད་རེ་སྐོང་རྡོ་རྗེའི་གཤོག་པའི་ཆས། །ཞེས་ཀྱང་གསུངས་སོ། །དཔལ་དང་དུར་ཁྲོད་ཀྱི་ཆས་གོས་འདི་ཚོ་དཔལ་ཆེན་པོས་རུ་ཏྲ་འདུལ་སྐབས་དཔའ་རྟགས་ཀྱི་ཚུལ་དུ་བཞེས་པ་ཡིན་ཞིང་། དེ་ལྟ་བུའི་དུར་ཁྲོད་ཆས་རྣམས་རྫོགས་ལ་ཕྱག་འཚལ་བསྟོད་ཅེས་པའོ།།

ཧཱུྃ༔ རྒྱལ་བའི་བསྟན་པ་སྲུང་བའི་ལས་ལ་བརྩོན༔

རྣལ་འབྱོར་ཀུན་གྱི་དམ་ཚིག་རྗེས་གཅོད་ཅིང་༔

བཀའ་བཞིན་རྗེས་སུ་སྒྲུབ་པའི་གྲོགས་མཛད་པའི༔

དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་བསྟོད༔

ཅེས་གསུངས་ཏེ། འདི་བཀའ་སྡོད་དམ་ཅན་སྲུང་མའི་ཚོགས་ལ་བསྟོད་པ་ཡིན་ཞིང་། ཟིལ་གནོན་འཇིགས་པར་བྱེད་པ་ཐུགས་ཀྱི་ཡི་གེ་ཧཱུྃ་ཡིག་གིས་སྣེ་དྲངས་ནས། རྒྱལ་བ་ཤཱཀྱ་སེང་གེ་དེ་ཉིད་ཆོས་སྐུའི་དུས་ན་ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུའི་དུས་ན་ལོངས་སྐུ་རྒྱལ་བ་རིགས་ལྔའི་སངས་རྒྱས། སྤྲུལ་སྐུའི་དུས་ན་དེ་དང་དེར་འཚམས་པའི་སྤྲུལ་བ་དང་། ཁྱད་པར་སྐལ་བཟང་རྣམ་འདྲེན་བཞི་བའི་ལུང་རྟོགས་མདོ་སྔགས་ཀྱི་བསྟན་པ་སྲུང་བའི་ལས་ལ་བརྩོན་ཞིང་དམ་ལྡན་བུ་བཞིན་དུ་སྐྱོང་། དམ་མེད་ཚར་གཅོད་པའི་རྣལ་འབྱོར་ཀུན་གྱི་དམ་ཚིག་གི་རྗེས་གཅོད་ལ་དཀྱིལ་འཁོར་གཙོ་བོའི་བཀའ་བཞིན་རྗེས་སུ་སྒྲུབ་ཅིང་དམ་ལྡན་སྒྲུབ་པ་པོའི་གྲོགས་མཛད་པའི་དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་བསྟོད་ཅེས་པའོ། །ས་མ་ཡ༔ རྒྱ་རྒྱ་རྒྱ༔ཞེས་པས་བསྟོད་པའི་ལེའུ་གཏེར་བྱང་ཆོས་ཚན་གྱི་ཚོམ་གཅིག་རྫོགས་མཚམས་སུ་དམ་ཚིག་དང་རྡོ་རྗེའི་རྒྱས་མནན་པ་ཡིན་ནོ།།

༼ཇ༽ བདུན་པ་བཤགས་པ་བྱ་བ།

༼ཀ དངོས་བཤད་པ།

བདུན་པ་བཤགས་པ་བྱ་བ་ནི༔

ཧཱུྃ༔ བླ་མ་ཀུན་བཟང་མཐའ་བྲལ་ཆོས་ཀྱི་སྐུ༔

ཉག་གཅིག་ཟང་ཐལ་སྐྱེ་མེད་ལོངས་སྤྱོད་རྫོགས༔

ཤར་གྲོལ་འགག་མེད་སྣ་ཚོགས་སྤྲུལ་པའི་སྐུ༔

རྒྱལ་བ་ཞི་ཁྲོ་སྤྲུལ་འཁོར་དགོངས་སུ་གསོལ༔

ཞེས་གསུངས་ཏེ། ཆོས་དབྱིངས་སྤྲོས་བྲལ་ཐིག་ལེ་ཉག་གཅིག་གི་ཀློང་ནས་རང་ཤར་བའི་སྐུ་གསུམ་གང་འདུལ་གྱི་རོལ་བ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་བཤགས་པར་བྱ་བའི་ཡུལ་དུ་རྟེན་གྱི་སྟོབས་སུ་དགོངས་གསོལ་ཞུས་ནས་སྙན་གསན་དབབ་པ་ཡིན་ནོ།།

བདག་དང་འཁོར་བའི་སེམས་ཅན་ཐམས་ཅད་ཀྱིས༔

གཏི་མུག་འཁྲུལ་སེམས་དཔག་མེད་བླངས་པ་ནས༔

ད་ལྟ་ཚེ་འདིའི་ལུས་བླངས་ཡན་ཆད་དུ༔

རིག་དང་མ་རིག་འཁྲུལ་པའི་ལས་དབང་གིས༔

སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི༔

དམ་ཚིག་ཆགས་ཉམས་ནོར་འཁྲུལ་གྱུར་པ་ཀུན༔

མི་གསང་མི་སྦེད་གནོང་འགྱོད་མཐོལ་ལོ་བཤགས༔

ཀློང་ཡངས་ཆེན་པོའི་ངང་དུ་བཟོད་པར་གསོལ༔

ཅེས་གསུངས་ཏེ། བཤགས་པ་བྱེད་མཁན་བདག་རང་ཉིད་གཅིག་པུ་ཙམ་མ་ཡིན་པར་བདག་དང་བཅས་པའི་ཁམས་གསུམ་འཁོར་བ་ན་གནས་ཤིང་སྡུག་བསྔལ་ཏེ་འཁྲུལ་བར་འཕྱན་པའི་སེམས་ཅན་ཐམས་ཅད་ཀྱིས། གཏི་མུག་མ་རིག་པས་སྲིད་པའི་རྩ་བར་བྱས་ཏེ་འཁྲུལ་ནས་སྐྱེ་བ་མང་པོར་སེམས་ཀྱི་རྒྱུད་འབྲེལ་བའི་ལུས་རྟེན་དཔག་མེད་བླངས་ཏེ་སྐྱེ་ཤིའི་ཁ་བརྒྱུད་པ་ནས་ད་ལྟའི་ཚེ་འདིའི་ལུས་བླངས་པ་དེ་ཉིད་ཀྱི་ལུས་ཐོག་ཡན་ཆད་དུ་རིག་དང་མ་རིག་གིས་ཤེས་བཞིན་དུ་ཅི་མི་སྙམ་པའི་སྒོ་ནས་སྡིག་ལས་བྱས་པ་དང་། མི་ཤེས་པའི་རྒྱུ་བཞིའི་དབང་དུ་སོང་ནས་འཁྲུལ་བའི་ལས་དབང་གིས་དམ་ཚིག་གི་རྣམ་གཞག་མང་ན་ཡང་སྐུ་གསུང་ཐུགས་ཀྱི་དམ་ཚིག་གི་ནང་ན་འདུས་ཤིང་དེ་ལྟར་ནོངས་པར་གྱུར་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་ནོར་འཁྲུལ་དུ་གྱུར་པ་ཐམས་ཅད་མི་གསང་མི་སྦེད་གནོང་འགྱོད་དྲག་པོ་དང་བཅས་ཏེ་བཤགས་པ་ཡིན་པས་བཤགས་བྱ་བཤགས་བྱེད་གཉིས་མེད་ཀྱི་དགོངས་པ་ཆོས་ཉིད་ཀློང་ཡངས་ཆེན་པོའི་ངང་དུ་བཟོད་པར་གསོལ་ཅེས་བཤགས་པ་ཡིན་ལ། འདིའི་ནང་ན་ཉེས་བྱས་སུན་འབྱིན་གྱི་སྟོབས་དངོས་བསྟན་དང་། སྡོམ་པའི་རྟེན་ཤུགས་ལ་བསྟན་ནས་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཡི་གེ་བརྒྱ་བས་བསྟན་ཏོ། །འདི་དག་གི་སྐབས་སུ་བསྐྱེད་རིམ་གསལ་འདེབས་དགོས་རྒྱུ་ནི་ཆོ་གའི་སྲོག་ཡིན་ལ། བསྐྱེད་རིམ་སྒོམ་པའི་སྐབས་སུ་ཡང་ཐ་མལ་སྣང་ཞེན་ལྡོག་པའི་ཆེད་དུ་རྟེན་དང་བརྟེན་པ་ཐམས་ཅད་རིག་རྩལ་འགག་མེད་དུ་ཤར་བའི་ལྷའི་ང་རྒྱལ་ལ་སེམས་བཟུང་བ་ཡིན་ན་རྣམ་པ་གསལ་བ། རྣམ་དག་དྲན་པ་གཉིས་ཀ་ཟུང་དུ་འབྲེལ་དགོས་ཤིང་། སྦྱང་བྱ་མ་དག་པའི་སྣང་བ་རྣམ་པར་གསལ་བས་སྦྱངས་ནས་ཞེན་འཛིན་ལྷར་ཞེན་དུ་རྟོག་པ་དེ་རྣམ་དག་དྲན་པས་སྦྱང་བར་བྱའོ། །ཨོཾ་བཛྲ་ས་ཏྭ་སོགས།ཞེས་གསུངས་ཏེ། འདི་ནས་ཡི་གེ་བརྒྱ་བའི་སྔགས་དོན་ཧ་ལམ་ཞིག་བཀྲལ་ན་ཨཱོྃ་ཞེས་སྐུ་ལྔ་མཚོན་པའི་ཡི་གེས་མགོ་བླངས་ནས། བཛྲ་ས་ཏྭ་རྡོ་རྗེ་སེམས་དཔའ། ས་མ་ཡ་དམ་ཚིག མ་ནུ་པཱ་ལ་ཡ་རྗེས་སུ་སྐྱོང་ཞེས་པའི་དོན་ཡིན་ལ། བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ་རྡོ་རྗེ་སེམས་དཔའ་ཉིད་ཉེ་བར་གནས་པར་མཛོད། ཌྲི་ཌྷོ་མེ་བྷ་ཝ་བདག་ལ་བརྟན་པར་མཛད་དུ་གསོལ། སུ་ཏོཥྱོ་མེ་བྷ་ཝ་བདག་ལ་ཤིན་ཏུ་དགོངས་པར་མཛོད། སུ་པོཥྱོ་མེ་བྷ་ཝ་བདག་ལ་ཤིན་ཏུ་དགྱེས་པར་མཛོད། ས་ཆ་འདིའི་རྫོགས་ཆེན་གྱི་སྐད་ལ་སུ་ཏོས་ཡོ་དང་པོས་ཡོ་ཟེར་ལ། གཞན་དག་གིས་སུ་ཏོ་ཁ་ཡོ་ལ་སོགས་པ་ཟེར་ཡང་དོན་གྱིས་འགལ་བ་ཡོད་པ་མ་ཡིན་ནོ། །ཨ་ནུ་རཀྟོ་མེ་བྷ་ཝ་བདག་ལ་རྗེས་སུ་ཆགས་པར་མཛོད། སརྦ་སིདྡྷི་མྨེ་པྲ་ཡཙྩ་བདག་ལ་དངོས་གྲུབ་ཐམས་ཅད་སྩོལ་ཅིག སརྦ་ཀརྨ་སུ་ཙ་མེ་བདག་ལ་ལས་ཐམས་ཅད་སྩོལ། ཙིཏྟཾ་ཤྲེ་ཡ་ཀུ་རུ་སེམས་ལ་དགེ་ལེགས་སུ་ཞི་བར་མཛོད། ཧཱུྃ་ཐུགས་ཀྱི་ས་བོན། ཧ་ཧ་ཧ་ཧ་ཧོ་ནི་ཡེ་ཤེས་ལྔ་མཚོན་བྱེད། བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་གྱིས། བཛྲ་མ་མཱེ་མུཉྩ་བདག་རྡོ་རྗེ་སེམས་དཔའ་ཉིད་དུ་གྲོལ་བར་མཛོད། བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་དམ་ཚིག་སེམས་དཔའ་ཆེན་པོར་མཛོད། མཇུག་གི་ཨཱ་དེ་ཐམས་ཅད་སྐྱེ་བ་མེད་པའི་ཀློང་དུ་གཅིག་ཅེས་པའི་དོན་ཡིན་ནོ། །ཧ་ལམ་དེ་ལྟར་དུ་བསྒྱུར་ནས་གསུངས་ཡོད། ཕྲིན་ལས་དངོས་གཞིའི་ལེའུ་གཉིས་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ཞེས་གསུངས་ཏེ། ཆོ་གའི་གཏེར་གཞུང་ངོ་མའི་དངོས་གཞིའི་ལེའུ་བདུན་པོ་བསྟན་གྲུབ་པ་ཡིན་ལ། ལས་བྱང་གི་གཏེར་གཞུང་ངོ་མའི་ཐོག་ནས་རྗེས་ཆོག་ལ་ཐུག་ཡོད་ཀྱང་འདིའི་བར་གྱི་འཛབ་དགོངས་དེ་བསྙེན་སྒྲུབ་ཡན་ལག་བཞིའི་སྙིང་པོ་ལྟ་བུ་ཡིན་པས་དེའི་སྐོར་འཛབ་བཟླས་ཚངས་པའི་སྒྲ་དབྱངས་འཁོར་འདས་རང་གྲོལ་གྱི་ཐོག་ནས་གོ་དོན་གྱི་མདོ་རྩ་མདོ་རྩ་འུ་ཚོས་སང་ཉིན་ནས་བཤད་རྒྱུ་བྱེད་དོ།། །།


previousཉིན་གསུམ་པའི་ཆོས་ཁྲིད། next