Nitartha Digital Library
Tibetan
 
previousཉིན་བཞི་བའི་ཆོས་ཁྲིད། next

ཉིན་བཞི་བའི་ཆོས་ཁྲིད།

༡ སྔོན་དུ་འགྲོ་བའི་ཆོས་བཤད་པ།

ད་ཡང་རྣམ་པ་ཚང་མས་ཐུགས་དགོངས་པས་གསལ་འདེབས་བྱེད་རྒྱུ་ལ་ད་རེས་མི་ལུས་ལན་གཅིག་ཐོབ་པ་འདི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བསམ་དགུ་ཐམས་ཅད་འགྲུབ་པ་ཞིག་རྙེད་པ་བས་ལྷག་ཡིན་རྒྱུ་དང་། དམ་པའི་ལྷ་ཆོས་དང་མཇལ་བ་འདི་ཚེ་སྔོན་བསོད་ནམས་བསགས་པའི་འབྲས་བུ་ཡིན་རྒྱུ་དེ་གོ་ལོ་ཐོས་ལོ་དང་ཡིན་དར་རྒྱུ་རེད་བསམ་པ་ཙམ་མ་ཡིན་པར་ཐུགས་གདིང་གི་ངེས་ཤེས་འདྲོང་དགོས་ཤིང་། དེ་ནི་ཐུན་མོང་གི་བློ་སྦྱོང་གི་སྐོར་གྱི་བཤད་དར་བའི་བཤད་སྒྲོས་ཙམ་ཞིག་རེད་དགོངས་མི་ཉན་ལ། དལ་འབྱོར་རྙེད་པར་དཀའ་ལུགས་དང་ཆོས་དང་འཕྲད་པ་དེ་སྐལ་བ་བཟང་ཚུལ་གདིང་གི་ངེས་ཤེས་ཤིག་མེད་ན་མིན་ཟེར་ཡང་རྟག་འཛིན་ཕྱི་ཚིས་དང་འཇིག་རྟེན་ཚེ་འདིའི་གཡེང་བ་ཤུགས་ཆེར་མི་འགྲོ་ཐབས་མེད་དོ། །དམ་པའི་སྐྱེས་བུ་མིའི་ཟོལ་དུ་ཕེབས་པ་རེ་རེ་གཉིས་རེ་ཡིས་ཐབས་མཁས་གང་འདུལ་གྱི་མཛད་ཕྲིན་དམིགས་བསལ་བ་སྲིད་པ་ཙམ་ཟེར་མི་ཤེས་མ་གཏོགས་དེ་མིན་གྱི་ཕལ་བའི་བསམ་སྤྱོད་ལས་མ་འདས་པའི་ལམ་པ་ཞིག་གིས་ནི་ཆོས་འཇིག་རྟེན་གཉིས་ཀ་འདྲེས་ཐབས་མི་ཐོན་ལ། བུ་ལུགས་ལྷ་ལུགས་གཉིས་ཀ་ཡོད། ཆོས་འཇིག་རྟེན་གཉིས་ཀའི་མཛད་པ་བཟང་ཟེར་ན་སྲང་མདའི་མཐོ་དམན་དང་འདྲ་བར་གཅིག་ཤོས་མཐོ་ཚེ་གཅིག་ཤོས་དམའ་བཞིན་ཡོད་པའི་རྟགས་ཡིན་ནོ། །དེས་ན་ཚེ་འདིའི་བྱ་བ་ཞིག་ལས་ཚེ་རབས་ཚེ་རྒྱུད་མང་པོའི་འདང་རྒྱག་གལ་ཆེ་ལ། རང་དོན་ཉི་ཚེ་བ་ཞིག་ལས་རང་གཞན་གཉིས་དོན་མཉམ་དུ་སྒྲུབ་པ་རླབས་དང་ཕན་ཐོགས་ཆེའོ། །ཟུར་དེ་ནས་ཉམ་ཆུང་མང་པོ་ཞིག་གིས་སྡུག་མྱོང་བཞིན་ཡོད་ས་ཞིག་ནས་རང་གཅིག་པུ་བདེ་ཐབས་ཤིག་ཡོད་ཀྱང་སྐྱིད་ཅིག་མེད་ཅིང་། ཚང་མ་མཉམ་སྡུག་བྱས་ན་དེ་ཐབས་ཤིག་མ་ཡིན་ལ། རང་གཞན་ཐམས་ཅད་བདེ་དགོས་པ་དང་། དེའི་ནང་ནས་ཀྱང་དང་པོར་འདི་རྣམས་བདེ་ཐབས་བྱུང་ན་དེའི་འཕྲོས་ང་གཅིག་པུ་བཟོད་སྙམ་སྟེ་འདང་རྒྱག་དེ་འདྲའི་ཐོག་ནས་རྙེད་དཀའི་མི་ལུས་འདིའི་སྟེང་གི་ཐོབ་དཀའ་བའི་དམ་པའི་ལྷ་ཆོས་ངོ་མ་ཞིག་དང་འཕྲད་པ་འདི་སྐྱོན་དང་གེགས་ཀྱི་དབང་དུ་ཤོར་བཅུག་མི་ཉན་ཞིང་། དེ་མི་ཤོར་བའི་ཐབས་ནི་གཅིག་རང་ཉིད་ཀྱི་སྒོ་གསུམ་གྱི་ཐོག་ནས་གཟབ་རྒྱུ་དེ་ཉིད་གལ་ཆེ་ལ། གཉིས་སུ་བློ་ཆོས་སུ་འགྲོ་ཆོས་ལམ་དུ་འགྲོ་བའི་དོན་དུ་ཚོགས་གསོག་སྒྲིབ་སྦྱོང་ཡང་བྱེད་དགོས་སོ། །ཉམས་ལེན་པ་དཀྱུས་མ་ཞིག་ཡིན་པའི་དབང་དུ་བཏང་ན་བོགས་འདོན་གྱི་ཆེད་དུ་དམ་པ་གོང་མས་ཞབས་ཀྱིས་བཅགས་བྱིན་གྱི་བརླབས་པའི་སྒྲུབ་གནས་སྒྲུབ་ཕུག་ཁྱད་པར་ཅན་འདི་ཚོའི་ནང་ལ་ལོ་མཚམས་མིན་ན་ཟླ་མཚམས། ཅི་ཡང་མ་ཐུབ་ན་ཞག་བདུན་ཕྲག་གཉིས་གསུམ་རེ་ཙམ་དང་། ཞག་བདུན་ཕྲག་རེ་ཙམ་ལ་གནས་འབྲེལ་རེ་བཞག་ནས་རིག་པ་གཏད་མེད། སྐྱིད་སྡུག་རོ་སྙོམས། ན་དགའ་ཤི་སྐྱིད་ཀྱི་ཉམས་ལེན་གནད་སྨིན་རེ་མཛད་ན་མཛད་པ་རིན་ཐང་ཅན་ཡིན་ནོ། །དུས་དང་རྒྱུན་པ་རྣམ་དྲུག་ལ་དགེ་སྦྱོར་ཐམས་ཅད་ཀྱི་ནང་གི་གཙོ་བོ་དེ་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་གཅིག བླ་མའི་རྣལ་འབྱོར་བསྒོམ་རྒྱུ་དང་གཉིས། ལྟ་བ་བློ་འདས་ཀྱི་རྩི་དང་མི་འབྲལ་བ་གསུམ་པོ་ལ་འབད་ན་ཆོས་བརྒྱུད་འདི་ལ་ཞུགས་མཁན་ཞིག་གི་ཉམས་ལེན་གྱི་སྙིང་པོ་དེས་ཆོག་ཅིང་། དེ་ཟེར་ནས་ནམ་རྒྱུན་དུ་བཤད་ཀྱིན་ཡོད་ལ། ཡར་ཀ་ཐོབ། མར་ཀ་ཐོབ། མང་པོ་ཞིག་ཐོབ་ནས་ཉམས་ལེན་གནད་ཐོག་ལ་ཁེལ་བ་ཞིག་ནི་གཅིག་ཀྱང་མེད་ན་མཐར་ཐུག་གི་བློ་གཏད་ས་འདི་རེད་ཟེར་རྒྱུ་ཞིག་མེད་པས། ད་ཡིན་ཟེར་དུས་ལག་སྟོང་ཡིན་ནོ། །དེས་ན་མན་ངག་ཉམས་ལེན་གནད་ཐོག་ཏུ་ཁེལ་བ་གཅིག་ཀྱང་མེད་ན་མི་རུང་། མན་ངག་མང་པོ་ཞིག་ཡར་མར་ཚང་མ་ལ་འགྲམ་ཆུ་ལྡང་མི་འདུག་པར་གང་ལ་མོས་པ་དང་འདུན་པ་ཡོད་པའི་ལས་འབྲེལ་ཅན་དེ་ཉིད་བསྒྲུབ་དགོས་སོ། །ཟག་བཅས་སྡུག་བདེན་གྱིས་བསྡུས་པའི་ཉེར་ལེན་གྱི་ཕུང་པོ་འདི་དང་མ་བྲལ་བའི་ཚེ། ལུས་ལ་ན་ཚ། སེམས་ལ་སྡུག་བསྔལ། གློ་བུར་གྱི་ཡེ་འདྲོག་ཚིག་རྩུབ་མཚང་འབྲུ་ལ་སོགས་པ་ལེགས་པ་མི་ལེགས་པ་མང་པོ་ཡོང་རྒྱུ་ཡོད་ཅིང་། དེ་མི་གཅིག་དང་གཉིས་ཙམ་ལ་ཚུལ་དང་མི་མཐུན་པས་སྡུག་གཏད་པ་ཞིག་ཅི་ཡང་མ་ཡིན་ལ། དེ་ཁོ་རང་འཁོར་བའི་ཆོས་ཉིད་ཡིན་ནོ། །འོན་ཀྱང་དེའི་གནས་སྐབས་སུ་ཆོས་པ་ཡིན་པའི་རང་གཤིས་མི་ཤོར་བར་བཟོད་པའི་གོ་ཆ་གྱོན། དྲན་ཤེས་བཞིན་དང་མ་བྲལ་བའི་ཐོག་ནས་གནོད་ལན་ཕན་གྱིས་འཇལ་བའི་གོ་སྐབས་བཟང་པོ་བེད་སྤྱད་དགོས། དེའི་བེད་སྤྱད་ཤེས་ན་རྐྱེན་ངན་གྲོགས་སུ་བཀུག ལྟས་ངན་གཡང་དུ་སྒྱུར་ཆོག་ཅིང་། དོན་ངོ་མའི་ཐོག་ནས་རྐྱེན་ངན་ཆོས་སྒྲུབ་པའི་མཐུན་རྐྱེན་བཟང་ཤོས་དེ་ཡིན་ནོ། །རང་རེའི་འཇིག་རྟེན་གཏམ་གྱི་ཁ་དཔེ་ལ། ཕོ་གསར་དགྲ་ལ་མ་ཐུག་པའི་ངར་བ། །ཁྱི་གསར་རྡོ་ལ་མ་ཐུག་པའི་བཙན་པོ་ཟེར་ཞིང་། ཆོས་པ་གསར་བ་རྐྱེན་དང་འཕྲད་མ་མྱོང་བ་ལ་ཕུག་ཅི་ཡོད་གཞན་གྱིས་ཤེས་མ་དགོས་རང་གིས་ཤེས་དཀའ་འོ། །དེའི་ཕྱིར་ན་ཆོས་སྦྱངས་པ་དེ་ཉིད་དངོས་སུ་རྐྱེན་དང་འཕྲད་ཚེ་སྤྱོད་སྒོ་ལག་ལེན་འདེབས་ས་ལ་ཐུག་ཡོད་ལ། དེ་དུས་རང་རྒྱུད་ཅི་འདྲ་ཞིག་གི་ཚད་དུ་སླེབས་ཡོད་རང་གིས་ཤེས་ཐུབ་ཅིང་། དེ་སྔོན་གྱི་སྐྱེ་བ་ཚེ་རབས་ཐོག་མེད་ནས་ད་ལྟའི་བར་དུ་འཁོར་བའི་གནས་སུ་འཁྱམ་ཡུན་རིང་བ་དེ་ཉིད་ཀྱི་ངན་གོམས་ལོག་པའི་བག་ཆགས་དེ་གཏིང་ཟབ་པས་ཆོས་ཕྱོགས་ལ་འབད་པ་རྩལ་འདོན་བྱེད་དགོས་ས་ལ་ཐུག་སྐབས་དང་པོའི་སྣ་རྒྱག་ལ་དཀའ་མོ་ཞིག་དང་འཚེར་མོ་ཞིག་གི་སྣང་བ་ཤར་ཡང་འཕྲང་འགག་སྒོ་རེ་རེ་གཉིས་གཉིས་ཀྱི་ཐོག་ནས་སྙིང་ཤོར་ནས་ཕྱི་གྱེད་མ་བྱེད་དང་ཇེ་སླ་ཇེ་སླར་འགྱུར་རྒྱུ་ཡོད་དེ། གོམས་ན་སླ་བར་མི་འགྱུར་བའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་གསུངས་སོ། །འདང་བརྒྱབ་ན་འཇིག་རྟེན་གྱི་བྱ་བ་ཚེ་འདིའི་དོན་དག་ཆུང་ཆུང་རེར་སྡུག་དཀའ་ལས་ཇི་འདྲ་ཞིག་རྒྱག་དགོས། ལུས་སྲོག་འབེན་ལ་བཙུགས་ནས་ལས་དགོས་རྒྱུ་ཅི་འདྲ་མང་། ལས་དེ་འདྲ་བསྒྲུབས་ན་ཕྱི་མར་དམྱལ་བའི་གཏིང་རྡོར་འགྱུར་རྒྱུ་ཤེས་བཞིན་དུ་སྒྲོན་འབུ་མེ་འོད་ལ་ལྕེབས་འདྲའི་ཤེས་བཞིན་དུག་འཐུང་ཇི་འདྲ་ཞིག་བྱེད་བཞིན་ཡོད་པས་ཆོས་ཕྱིར་དཀའ་སྤྱད་རེ་བྱས་ནས་འབད་པ་དོན་ཡོད་བྱས་ན་བྱས་རིན་ཡོད་པ་ཞིག་ཡིན་ནོ། །ཆོས་ཀྱི་ཕྱིར་དཀའ་སྤྱད་འབད་བརྩོན་གྱི་སྐབས་སུ་ན་ཚ་སྡུག་བསྔལ་རེ་བྱུང་ན་དེས་བསྐལ་བར་བསགས་པའི་སྡིག་སྒྲིབ་འདག་ཅིང་། དེ་བཞིན་དུ་བསོད་ནམས་དཔག་མེད་སོག་པ་རེད་དྲན་ནས་རང་གིས་རང་ལ་འདང་ཕོག་བསམ་བློ་ཐོང་བའི་ལྕག་འདེད་བྱེད་དགོས་སོ། །རྣམ་རྟོག་སྣ་ཚོགས་ཀྱི་འཆར་སྒོ་དེ་རི་མོ་མཁན་དང་འདྲ་བས་བསམ་པ་དགེ་བའི་རྣམ་པ་ཅན་ཞིག་གི་ཐོག་ཏུ་ཡོད་ཡོད་ཁར་སྔོན་གྱི་ལས། འཕྲལ་གྱི་རྐྱེན། ཁྱད་པར་དུ་ཡུལ་གྱི་གཞན་དབང་། གྲོགས་ངན་གྱི་རྒྱུ་རྐྱེན་ལ་བརྟེན་ནས་བློ་སྣ་ལོག་སྟེ་ངན་པའི་ལམ་ལ་སྙོག་རྒྱུ་མེད་པ་ཞིག་མ་ཡིན་པར་མ་ཟད་དུས་སྙིགས་མའི་སྐབས་སུ་ལྷག་པར་དུ་གྲོགས་ངན་བདུད་དབང་དུ་འགྲོ་རྒྱུ་མང་སྟེ། སྐྱེས་རབས་ལས། གང་ཚེ་ཐར་པའི་ལམ་མཆོག་གསལ་གྱུར་པ། །དེ་ཚེ་བདུད་རྣམས་ཟུག་རྔུ་ལྡང་གྱུར་ཏེ། །རིན་ཆེན་རིན་ཐང་མེད་པ་རྙེད་གྱུར་པ། །དེ་ལ་དགྲ་བྱེད་མང་འདི་ཆོས་ཉིད་ཡིན། །ཞེས་གསུངས་པ་དང་མཚུངས་པར་རང་གཞན་འདི་ཕྱིའི་དོན་ཆེན་འགྲུབ། ཁྱད་པར་སྙིགས་དུས་མུན་པའི་སྨག་རུམ་གྱི་ནང་ནས་ལུང་རྟོགས་ཀྱི་བསྟན་པ་ཉིན་བྱེད་ཀྱི་སྣང་བ་དང་འདྲ་བ་ཞིག་གང་ཟག་ཅིག་གི་རྒྱུད་ལ་འཆར་རོ་སྙམ་ཚེ་འབྱུང་བྱ་འུག་པ་དང་འདྲ་བའི་བདུད་དང་བདུད་ཀྱི་སྡེ་རིས་སུ་གཏོགས་པའི་མི་དང་མི་མིན་ཐམས་ཅད་མི་དགའ་ལ། དཔེར་བཞག་ན་མི་ཞིག་གིས་རིན་ཆེན་རིན་ཐང་ཅན་གྱི་རྒྱུ་ཆེན་པོ་ཞིག་ཁུར་ནས་འགྲོ་བའི་སྐབས་སུ་དེ་ལ་དགྲ་རྐུན་མ་ལྷག་པར་དུ་ལྡང་བ་ཡིན་ཞིང་། དེ་དང་འདྲ་བར་གང་ཟག་གཅིག་གི་རྒྱུད་ནས་ཐར་བའི་ལམ་མཆོག་ཅིག་གསལ་ཡོང་ངོ་སྙམ་ཚེ་དེའི་སྐབས་སུ་བདུད་རིགས་ཐམས་ཅད་ཀྱིས་བར་ཆད་སྣ་ཚོགས་སུ་བརྫུས་ཏེ་གནོད་སྐྱལ་བ་ཡིན་པས་དེའི་སྐབས་སུ་མི་འཇིགས་པའི་བཟོད་པའི་གོ་ཆ་གྱོན་ནས་ཆོས་ཕྱིར་དཀའ་སྤྱད་བཟོད་པའི་སྙིང་རུས་སུ་བཟང་ལ་ཐ་མའི་རྒྱལ་ཁ་ཐོབ་པ་ཡིན་པས་དང་པོའི་དམ་བཅའ་མི་འདོར་རྒྱུ་དེ་སྐྱེས་བུ་དམ་པའི་རང་རྟགས་ཡིན་ནོ། །དེས་ན་དེའི་ཐོག་ཏུ་གསང་སྔགས་ཀྱི་ལམ་ནས་དངོས་གྲུབ་ཚེ་འདིའི་ཐོག་ཏུ་ཐོབ་དང་མི་ཐོབ་གཙོ་བོ་དམ་ཚིག་གཅིག་པུ་ལ་རག་ལས་པས་དེ་སྔོན་ཉེས་ལྟུང་བྱུང་ཚད་ཚང་མ་ལ་སྙིང་ནས་འགྱོད་སེམས་དང་བཤགས་པ། དེའི་ཐོག་ཏུ་ཕྱིན་ཆད་སྡོམ་སེམས་བརྟན་པོ་དང་བཅས་ཏེ་སྡོམ་དམ་ཚིག་དག་རྒྱུ་དེ་ཉིད་ནི་གནད་ཆེ་ཚུལ་བཤད་ཅི་དགོས། དེ་ལྟ་བུའི་རང་དྲིན་རང་ལ་ཆེ་བ་ཞིག་མཛད་རྒྱུའི་དགོངས་བཞེས་ཀྱི་ཐོག་ནས་སྐབས་སུ་བབས་པ་གང་ཞིག་གསན་པར་བྱ་བ་སྔ་འགྱུར་གཏེར་སྟོན་བརྒྱ་རྩའི་ནང་གི་གཏེར་སྟོན་གླིང་པ་བརྒྱད་ཀྱི་ཡ་གྱལ་སྤྲུལ་སྐུ་ཀརྨ་གླིང་པའི་གཏེར་བྱོན་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ལས་བྱང་ཚོར་བ་རང་གྲོལ་གྱི་སྙིང་པོ་འདི་ཉིད་འདུས་པ་མང་ཚོགས་ཀྱི་བསྙེན་སྒྲུབ་ཀྱི་དགོས་མཁོ་ལ་བཤད་ཁྲིད་དང་སྦྲེལ་ནས་དབང་ལུང་ཁྲིད་གསུམ་བསྙེན་སྒྲུབ་ལས་སྦྱོར་དང་བཅས་པ་སྟབས་གཅིག་ལ་ཚང་བའི་བཀའ་གཏེར་བཀའ་བབས་ཀྱི་ཆུ་བོ་བཞིའི་གདམས་པ་གཞིར་བཞེངས་སུ་སློང་བའི་ད་སྐབས་ཀྱི་གྲུབ་དབང་རྫོགས་ཆེན་པའི་བསྟན་པའི་བདག་པོ་གཞོན་རབས་པའི་ཐུགས་བཞེད་མཛད་པ་དང་བསྟུན་ཏེ་བཤད་ཁྲིད་བྱེད་པའི་སྐབས་ནས་ཁ་རྩང་ཡན་ཆད་ཆོ་གའི་སྔོན་འགྲོ་དང་དངོས་གཞིའི་རིམ་པ་ལེའུ་བཅུའི་ཁོངས་སུ་བསྡུས་པའི་ས་བཅད་ཀྱི་དང་པོ་སྔོན་འགྲོའི་ལེའུ་གསུམ་བཀའ་བསྒོ། མཚམས་གཅོད། བྱིན་རླབས་གསུམ། དེ་ནས་དངོས་གཞིའི་ལེའུ་བདུན་ལྷ་བསྐྱེད་སྤྱན་འདྲེན་བཞུགས་གསོལ་ཕྱག་མཆོད་བསྟོད་བཤགས་བདུན་གྱིས་བསྟན་པ་ཚང་མ་སོང་ཟིན་ཏོ།།

༢ དངོས་དོན་བཤད་པ།

༼ཁ འཕྲོས་དོན་འཛབ་བཟླས་ཚངས་པའི་སྒྲ་དབྱངས་འཁོར་འདས་རང་གྲོལ་གྱི་དགོས་གནད་བཤད་པ།

ཀ༽ སྔགས་དོན་བཤད་པ།

དེ་རིང་དངོས་གཞིའི་བསྙེན་སྒྲུབ་ལ་གལ་འགངས་ཆེ་བའི་འཛབ་དགོངས་གྲུབ་དབང་རྫོགས་ཆེན་པའི་ཞལ་བསྐང་ཕྱག་རྒྱུན་ལ་ཁྲིགས་ཆགས་སུ་ཡོད་པའི་འཛབ་བཟླས་ཚངས་པའི་སྒྲ་དབྱངས་འཁོར་འདས་རང་གྲོལ་གྱི་སྟེང་ནས་མདོ་མཚམས་མདོ་མཚམས་ཀྱི་དགོས་གནད་དེ་གསལ་འདེབས་ཤིག་ཞུ་འཆར་ཡིན་ནོ། །ལྷ་ཚོགས་ཞི་བ་རྣམས་ཀྱི་ཐུགས་ཀར་ཟླ་བ་དང་། ཁྲོ་བོ་རྣམས་ཀྱི་ཐུགས་ཀར་ཉི་མའི་གདན་ལ་རང་སྲོག་ས་བོན་གྱི་མཐར་ཞི་བ་ལ་བྷོ་དྷི་ཙིཏྟ་དང་ཁྲོ་བོ་ལ་རུ་ལུའི་སྔགས་སམ་རང་སྔགས་རྣམས་ཀྱིས་བསྐོར་བ་ལས་ཞེས་པ་འདི་ཡན་ཆད་དམིགས་པ་འདི་བཞིན་དུ་གསལ་ནས། འོད་ཟེར་འཕྲོས་ཞེས་པ་ནས་མདུན་བསྐྱེད་ཀྱི་ལྷ་ལ་ཕོག དེའི་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས། དུས་གསུམ་བདེ་གཤེགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། བྱིན་རླབས་ཐམས་ཅད་འོད་ཕུང་གི་རྣམ་པར་སྔགས་ཕྲེང་ལ་ཐིམ། འོད་ཟེར་འབར་ཞེས་པ་འདི་ཡན་ཆད་ནི་བདག་དོན་བྱིན་རླབས་བསྡུ་བའི་དམིགས་པ་ཡིན་ལ། སླར་ཡང་ཐུགས་ཀའི་འོད་ཟེར་བཀའ་སྲུང་དམ་ཅན་རྣམས་ལ་ཕོག སྔོན་གྱི་དམ་བཅའ་དྲན་པས་ཅི་བསྒོ་བའི་ལས་ཐམས་ཅད་ཐོགས་མེད་དུ་བསྒྲུབ་པར་བསམ་ཞེས་པ་འདི་བཀའ་སྲུང་ལས་ལ་བཀོལ་བའི་དམིགས་པ་ཡིན་ཞིང་། དེའི་འཕྲོས་ནས་སེམས་ཅན་ཐམས་ཅད་ལ་འོད་ཟེར་ཕོག་པས་སྣང་སྲིད་དག་པ་ལྷ་ཡི་ཞིང་དང་རྩ་བ་གསུམ་གྱི་རང་བཞིན་དུ་གྱུར་པར་བསམ་ལ་ཞེས་པ་འདི་གཞན་དོན་ཕྲིན་ལས་ཀྱི་དམིགས་པ་ཡིན་ནོ། །འདིའི་སྐབས་སུ་འཛབ་ཁང་དབྱེ་བའི་ཕྱག་ལེན་ལྟར་དུ་བྱས་ན་བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཕཊཿཛཿབརྗོད་སྐབས་བྷྲཱུྃ་ཡིག་འདི་རྣམ་སྣང་དང་། བུམ་པ། གཞལ་ཡས་ཁང་། གཙུག་གཏོར་འཁོར་ལོས་སྒྱུར་བ་སྟེ་དེ་ཚང་མའི་ས་བོན་ཡིན་ཞིང་། གཙུག་གཏོར་འཁོར་ལོས་སྒྱུར་བ་ཞེས་པ་འདིའི་གཏམ་བརྒྱུད་དང་སྦྲེལ་ནས་བཤད་ན་སྔར་འདས་པའི་དུས་ཤིག་ལ་བྲམ་ཟེ་གང་པོའམ་གང་ཤི་ཟེར་བ་ཞིག་འཇིག་རྟེན་ན་ཡོད་མྱོང་ལ། དེའི་སྐབས་སུ་ཡུལ་ཐམས་ཅད་གདོན་བགེགས་དང་འབྱུང་པོའི་གནོད་འཚེ་ཆེ་བས་བྲམ་ཟེ་གང་པོ་ལ་བུ་བརྒྱད་ཡོད་པ་རྣམས་ཀྱིས་སེམས་ཅན་ཐམས་ཅད་གདོན་བགེགས་ལས་སྐྱོབ་པའི་ཆེད་དུ་སེམས་བསྐྱེད་བརྟན་པོར་བྱས། ཡབ་ཡུམ་གཉིས་ཀ་སྲས་བརྒྱད་པོ་དང་བཅུ་བོ་དེ་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ཕྱོགས་བཅུ་ཡི་ཁྲོ་བོར་གྱུར་སོང་བ་ཡིན་ནོ། །དེ་ཐམས་ཅད་དེ་ལྟར་གྱུར་པའི་རྒྱུ་མཚན་ནི་སྟེང་ཕྱོགས་ཀྱི་ཁྲོ་བོ་དང་ངོ་བོ་གཅིག་པ་དེ་ཉིད་ཀྱི་སྨོན་ལམ་གྱི་སྟོབས་ཀྱིས་བྷྲཱུྃ་ཡིག་ཡིག་འབྲུ་གཅིག་དེ་ཅིར་ཡང་འགྱུར་བའི་སྨོན་ལམ་གྱི་མཐུ་གྲུབ་སྟེ་གཞལ་ཡས་ཁང་དང་ཁྲོ་བོ་བཅུ་བྱུང་བ་ཡིན་ལ། འཛབ་ཁང་དབྱེ་བ་འདིའི་སྐབས་སུ་མདུན་བསྐྱེད་དམ་བུམ་བསྐྱེད་ལོགས་སུ་ཕྱེ་བའི་སྐབས་ལ་བུམ་པ་ཡང་གཞལ་ཡས་ཁང་དུ་བྷྲཱུྃ་གྱིས་བསྐྱེད་པའི་དོན་ཡིན་ཞིང་། དཀྱིལ་འཁོར་སྣ་ཚོགས་བྷྲཱུྃ་དུ་འཕྲོ། །ཡོངས་གྱུར་ཡེ་ཤེས་གཞལ་ཡས་ཁང་། །ཞེས་གསུངས་པ་དང་། དེ་ཡང་ཕྱི་ལྷ་ཡི་ཁང་པ། ནང་ལྷ་ཡི་ས་བོན། གསང་བ་ཡུམ་གྱི་མཁའ་དབྱིངས་ལ་གོའོ། །བི་ཤྭ་བི་ཤུདྡྷེ་ཞེས་པ་བི་ཤྭ་སྣ་ཚོགས། འཁོར་འདས་ཀྱི་ཆོས་སུ་སྣང་བ་ཐམས་ཅད་ལ་གསུངས་ཤིང་། བི་ཤུདྡྷེ་རང་བཞིན་གྱིས་དག་པ་ལ་གོ་ལ། འཁོར་འདས་རང་བཞིན་གྱིས་དག་པ་དེ་ཆོས་ཀྱི་དབྱིངས་ཡིན་ནོ། །ཆོས་དབྱིངས་སྤྲོས་པ་དང་བྲལ་བ་དེ་སངས་རྒྱས་ཀྱི་བཞུགས་གནས་ཡིན་པས་འདི་ནས་དེ་མཚོན་པར་བྱེད་པའི་དོན་བསྟན་པའོ། ཕཊཿནི་ཐབས་ཤེས་འབྲེལ་བའི་ཡི་གེ ཛཿཞེས་པས་གནས་ནས་འདྲེན་པའམ་དབྱིངས་ནས་བསྐུལ་བའི་དོན་གྱིས་གསལ་འདེབས་པ་ཡིན་ནོ། །དུས་རྒྱུན་གྱི་ཕྱག་ལེན་ལ་འཛབ་ཁང་དབྱེ་བ་དེ་སྒྱུ་འཕྲུལ་ལ་སོགས་པའི་ལུགས་གཞན་དང་འབྲེལ་བའི་གནད་ཀ་རྒྱུ་མཚན་ལ་བརྟེན་ནས་མཛད་པའི་གཞན་ཕན་མཐའ་ཡས་ཀྱི་ཕྱག་སྲོལ་དང་། མི་དབྱེ་བ་དེ་ནི་པདྨ་རིག་འཛིན་གྱི་ཞལ་རྒྱུན་ནམ་མཁའ་འོད་གསལ་སོགས་ཀྱི་ཕྱག་ལེན་ལ་འདེབས་པའི་གདན་ས་འདིའི་རྩ་བའི་ཕྱག་བཞེས་ཡིན་ནམ་སྙམ། བདག་མདུན་དམ་ཡེ་དབྱེར་མེད་དང་འཇུག་པ་ཐ་དད་དུ་སྒྲུབ་པ་ལ་སོགས་པ་རྣལ་འབྱོར་བའི་རྟོགས་རིགས་ཀྱི་ཁྱད་པར་ལ་ཐུག་ཡོད་ཅིང་། ཁྱད་པར་དུ་གང་ཟག་གཅིག་གི་དཔེ་ཡིས་ཚང་མ་ཡོངས་རྫོགས་ལ་འགེབས་རྒྱུ་མེད་དོ། །གང་ལྟར་ཡང་འདི་ནས་བཟླ་བྱའི་སྔགས་དེ་ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱརྟུ་ཨཱཿ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃཿཞེས་པའི་སྤྱི་དྲིལ་གྱི་སྔགས་འདི་ཞི་ཁྲོའི་རྩ་བའི་སྔགས་ཡིན་ཞིང་། འདིའི་སྔགས་དོན་ཨོ་རྒྱན་ཆེན་པོས་འགྲེལ་ཡོད་དེ། ཨོཾ་དང་ཨཱཿདང་ཧཱུྃ་དང་གསུམ། །དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས། །བོ་དྷི་ཙིཏྟ་བྱང་ཆུབ་སེམས། །ཞེས་གསུངས་ཏེ། ཨོཾ་དང་ཨཱཿདང་ཧཱུྃ་གསུམ་པོ་དེ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ངོ་བོ་ཡིན་ཞིང་། ཡིག་འབྲུ་གསུམ་དེ་སྐུ་གསུང་ཐུགས་ཀྱི་སྙིང་པོར་གྱུར་ཡོད་ལ། བོ་དྷི་ཙིཏྟ་བྱང་ཆུབ་ཀྱི་སེམས་སོ། །མ་ཧཱ་སུ་ཁ་བདེ་བ་ཆེ། །ཛྙཱ་ན་དྷཱརྟུ་ཡེ་ཤེས་དབྱིངས། །ཨཿནི་སྐྱེ་བ་མེད་པའོ། །ཞེས་གསུངས་ཏེ་མ་ཧཱ་སུ་ཁ་ཞེས་པ་བདེ་བ་ཆེན་པོའི་དོན་ཡིན་ལ། ཛྙཱ་ན་དྷརྟུ་ཡེ་ཤེས་དབྱིངས་སམ་ཆོས་ཀྱི་དབྱིངས། ཨཱཿནི་སྐྱེ་བ་མེད་པའི་དོན་ཏེ། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག་གསུངས་པ་ལྟར་དུ་ཡིན་ནོ། །ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱརྟུ་ཨཱཿཞེས་པ་འདི་ཡན་ཆད་ཞི་བའི་སྙིང་པོ་ཡིན་ཏེ། ཞི་བ་ལྷུན་གྲུབ་ཡེ་ཤེས་ལྷ། །བཞི་བཅུ་རྩ་གཉིས་སྙིང་པོའོ། །ཞེས་གསུངས་སོ། །ཁྲོ་བོའི་སྔགས་དོན་དེ་ལ་མཐུད་ནས། ཨོཾ་ནི་སྐུ་ལྔ་ཡེ་ཤེས་ལྔ། །རུ་ལུ་གནས་ལུགས་ཆོས་ཀྱི་དབྱིངས། །ཞེས་གསུངས་ཏེ། ཨོཾ་ནི་སྐུ་ལྔ་ཡེ་ཤེས་ལྔ་ལ་འཇུག་ཅིང་། རུ་ལུ་གནས་ལུགས་ཆོས་ཀྱི་དབྱིངས་ཡིན་གསུངས་ལ། རུ་ལུ་རུ་ལུ་གཉིས་ཡོད་པའི་གོང་མ་དེ་གནས་ལུགས་ཆོས་ཀྱི་དབྱིངས་ཀྱི་མཚོན་དོན་དང་། འོག་མ་དེ་གནས་ལུགས་ཆོས་ཀྱི་སྐུ་ཡི་མཚོན་དོན་ཡིན་གསུངས་ཏེ། འོག་མ་གནས་ལུགས་ཆོས་ཀྱི་སྐུ། །ཧཱུྃ་ནི་འགགས་མེད་ཐིག་ལེ་ཉིད། །བྷྱོ་ནི་སྐྱེ་མེད་མཁའ་ལ་འཁྱིལ། །ཧཱུྃ་ནི་སྐྱེ་འགག་གཉིས་སུ་མེད། །ཁྲག་འཐུང་ཁྲོ་བོའི་རང་བཞིན་རྩལ། །དྲུག་ཅུ་ཐམ་པའི་སྙིང་པོའོ། །ཞེས་གསུངས་སོ། །དེ་ལྟར་ན་ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱརྟུ་ཨཱཿཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃཿའདི་ཞི་ཁྲོ་འདུས་པའི་ལྷ་ཚོགས་སྤྱི་དྲིལ་གྱི་སྔགས་ཞི་ཁྲོ་གཉིས་ཀའི་སྔགས་ཡིན་ནོ། །དེའི་མཚམས་སུ་ལྷ་ཚོགས་སོ་སོའི་སྔགས་ཧཱུྃ་བཛྲ་ཙིཏྟ་འགག་མེད་ཐུགས་རྡོ་རྗེ་ཡིན་ཞིང་། ཨཱཿསྐྱེ་མེད་ཡབ་ཀྱི་ས་བོན། སྐྱེ་འགག་བྲལ་བའི་ཐུགས་མི་ཤིགས་པ་ཀུན་ཏུ་བཟང་པོའོ། །བཛྲ་ས་མནྟ་བྷ་དྲ་རྡོ་རྗེ་ཀུན་ཏུ་བཟང་མོ། མཐའ་མའི་ཨོཾ༔དེ་ཡེ་ཤེས་ལྔ་ཡི་དོན་གོང་ནས་ཞུས་པ་ལྟར་ཡིན་ནོ། །སྤྱིར་བཏང་གིས་བཤད་ན་ཨོཾ་ཡབ་དང་ཨཱཿཡུམ་གྱི་ས་བོན་ཡིན་གསུངས་ཡོད་ཀྱང་འདི་ནས་གཏེར་གཞུང་གི་ཁྱད་ཆོས་གཞི་ཆོས་དབྱིངས་སྐྱེ་བ་མེད་པ་ལྷ་ཚོགས་ཀུན་གྱི་འཕྲོ་གཞི་ཡིན་པའི་ཆ་ནས་ཐབས་ཤེས་ཟུང་དུ་འབྲེལ་བ་ལས་ཤེས་རབ་སྟོང་པ་ཉིད་བདེ་ཆེན་གྱི་ཡེ་ཤེས་དང་གཉིས་སུ་མེད་པ་རྩལ་འདོན་མཛད་པ་ནི་ཨ་ནུའི་ལུགས་གཙོ་བོར་བསྟན་པའི་གོ་བ་རེད་སྙམ་པ་ང་རང་ཉིད་ཀྱི་གོ་བ་ཡིན། འདི་མན་ཆད་སྔགས་ཀྱི་མགོར་ས་བོན་གྱི་སྔགས་ཡོད་པ་ནི་རྒྱུ་མ་ནོར་བ་རྩ་བའི་སྔགས་ཞེས་ཟེར་ལ། སྔགས་འདི་ལ་རྒྱུ་མ་ནོར་བ་རྩ་བའི་སྔགས་དང་གཅིག བསྐྱེད་པ་རྐྱེན་གྱི་སྔགས་དང་གཉིས། བཟླས་པ་ལས་ཀྱི་སྔགས་དང་གསུམ་ཡོད་པ་དེ་ཉིད་ངེས་དགོས་སོ། །དེ་ལྟ་བུ་གསུམ་ཡོད་ན་ལྷ་རང་རང་གི་ས་བོན་གྱི་སྔགས་མགོར་ཡོད་པ་ནི་རྒྱུ་མ་ནོར་བ་རྩ་བའི་སྔགས་ཡིན་ལ། དེའི་འཕྲོས་སུ་རང་སྔགས་ཡོད་པ་ནི་བསྐྱེད་པ་རྐྱེན་གྱི་སྔགས། དེ་གཉིས་ཀ་སྦྲེལ་ནས་བཟླ་རུ་རུང་བའི་སྔགས་སུ་གྲུབ་པ་དེ་བཟླས་པ་ལས་ཀྱི་སྔགས་ཡིན་ནོ། །དཔེར་ན་ཨོཾ་ཛི་ན་ཛིཀ༔ལྟ་བུ་ལ་མཚོན་ན་ཨོཾ་རྒྱུ་མ་ནོར་བ་རྩ་བའི་སྔགས་ཡིན་ཞིང་། ཀུན་བཟང་ཐུགས་ལས་ཨོཾ་ལཱཾ་གཉིས་ཀ་འཕྲོས་ནས་དཀྱིལ་འཁོར་གྱི་གཙོ་བོ་འུ་ཚོས་རྣམ་སྣང་ཡབ་ཡུམ་བསྐྱེད་པ་ཡིན་པས་ཨོཾ་སྐུ་རྡོ་རྗེ་ཡིན་ལ། རྣམ་སྣང་གི་རྒྱུ་མ་ནོར་བ་རྩ་བའི་སྔགས་ཀྱང་ཨོཾ་ཡིན་ནོ། །ཛི་ན་ཛིཀ༔རང་སྔགས་ཡིན་ཞིང་། ཛི་ན་ཛིཀ༔ནི་རྣམ་པར་རྒྱལ་བའི་དོན་ཡིན་ལ། མི་དགེ་བ་ལས་རྣམ་པར་རྒྱལ་བས་ན་རྣམ་པར་སྣང་མཛད་གསུངས། དེ་གཉིས་ཀ་སྦྲེལ་ན་བཟླས་པ་ལས་ཀྱི་སྔགས་སུ་གྱུར་པ་ཡིན་ནོ། །རིགས་ལྔ་ཡབ་ལྔའི་རྒྱུའི་ས་བོན་ནམ་རྒྱུ་མ་ནོར་བ་རྩ་བའི་སྔགས་ནི་ཨོཾ་ཧཱུྃ་སྭཱ་ཨཾ་ཧཱ་རྣམས་ཡིན་ཞིང་། དེ་རྣམས་རིགས་ལྔ་ཡབ་ལྔའི་རྒྱུའི་ས་བོན་དང་། ཡུམ་ལྔའི་ས་བོན་ནི་མཱུ་ལཱྃ་མཱྃ་པྱཾ་ཏཱཾ་རྣམས་ཡིན་ཞིང་། དེ་ལྟར་སྦྲེལ་བའི་ཚེ་ལཱྃ་ཏེ་ཤྭ་ར་ཏི་སྟྭཾ༔ཞེས་པ་རང་བཞིན་གྱིས་དག་པ་ཞེ་སྡང་རྣམ་པར་དག་པའི་དགའ་བ་མོ་སྤྱན་མ་ལ་གོ་བ་དང་། སྟྭཾ་ཞེས་པ་འདུད་ཅིང་གུས་པའི་དོན་ཏོ། །ཧཱུྃ་བཛྲ་དྷྲིཀྲ༔རྣམ་ཤེས་དག་པ་ཟུང་འཇུག་དབྱེར་མི་ཕྱེད་པའི་རྡོ་རྗེ་འཛིན་པ་མི་བསྐྱོད་པ་ཡིན་ལ། མཱུྃ་དྷཱ་ཏུ་ཤྭ་རཱི་སྟྭཾ༔ཞེས་པ་ཆོས་ཐམས་ཅད་རྣམ་པར་དག་པ་དབྱིངས་ཀྱི་དབང་ཕྱུག་མ། སྭཱ་རཏྣ་དྷྲིཀ༔ཅེས་པ་ཚོར་ཕུང་དག་པ་རིན་ཆེན་འཛིན་པ་རིན་ཆེན་འབྱུང་ལྡན། མཱྃ་མཱ་ཀའི་སྒྲ། མོ་ཧ་གཏི་མུག་ལ་འཇུག ར་ཏི་དགའ་མ་ཡིན་ཞིང་། སྟྭཾ༔གོང་ནས་ཞུས་མ་ཐག་པ་ལྟར་འདུད་པའམ་གུས་པའི་དོན་ཅན་གུས་པས་ཡབ་ལ་འདུད་པའི་གོ་དོན་ཏེ། གཏི་མུག་རྣམ་པར་དག་པས་ཡབ་ལ་འདུད་པའི་དགའ་བ་མོ་ཡུམ་ཆེན་མཱ་མ་ཀཱི་ཡིན་གསུངས་པའི་དོན་ཏོ། །དེ་བཞིན་དུ་ཨཱཾ་ཨ་རོ་ལྀཀྲ༔འདུ་ཤེས་དག་པ་སྣང་བ་མཐའ་ཡས། པྱཾ་རཱ་ག་ར་ཏི་སྟྭཾ༔འདོད་ཆགས་དག་པ་གོས་དཀར་མོ། ཧཱ་པྲ་ཛྙཱ་ཌྷྲྀཀྲ༔འདུ་བྱེད་དག་པ་ཤེས་རབ་འཛིན་པའི་དོན་ཡོད་གྲུབ་པ། ཏཱཾ་བཛྲ་ར་ཏི་སྟྭཾ༔ཞེས་པ་ཕྲག་དོག་རྣམ་པར་དག་པ་དམ་ཚིག་སྒྲོལ་མ། ཀྵཱི་ཧི་རཱ་ཙ་ཡ་སྭཱ་ཧཱ༔འདི་སེམས་དཔའ་ས་ཡི་སྙིང་པོའི་ལས་སྔགས་ཡིན་ཞིང་། འདི་ལ་མཚོན་ན་ཀྵཱི་ཡིག་དེ་རྒྱུ་མ་ནོར་བ་རྩ་བའི་སྔགས་ས་བོན་ཡིན་ལ། ཧི་ངོ་མཚར་བའི་དོན། རཱ་ཛ་རྒྱལ་པོ། ཡ་རྣམ་དབྱེ་ཡིན་ཞིང་། སྭཱ་ཧཱ་གཞི་ཚུགས་ཞེས་པའི་དོན་ཏེ། ངོ་མཚར་རྒྱལ་པོ་ས་ཡི་སྙིང་པོའོ། །རྒྱུ་མ་ནོར་བ་རྩ་བའི་སྔགས་དང་བསྐྱེད་པ་རྐྱེན་གྱི་སྔགས་གཉིས་སྦྲེལ་ཚེ་བཟླས་པ་ལས་ཀྱི་སྔགས་སུ་གྱུར་ཅེས་གོང་ནས་བཤད་པ་ལྟར་ཐམས་ཅད་དེ་ལྟར་ཡིན་ནོ། །མེེ་ཏྲི་དྷཱ་ར་ནི་སྭཱ་ཧཱ༔བྱམས་པ། ཧཱུྃ་ལཱ་སྱེ་ས་མ་ཡ་སྟྭཾ༔སྒེག་པ་མ། ཧཱུྃ་པུཤྤེ་ཨ་ཝེ་ཤ་ཡ་སྟྭཾ༔མེ་ཏོག་མ། སྭཱ་ཧཱ་གང་གི་སྐབས་སུ་ཡིན་ན་ཡང་གཞི་ཚུགས་པའམ་རྗེས་སུ་འཛིན་པ་དང་། སྟྭཾ་ཞེས་པ་ཡབ་ལ་གུས་པས་འདུད་པ་གོ་དོན་གཅིག་མཚུངས་ཡིན་ནོ། །ཧཱུྃ་སྭ་རཱ་ཙ་ཡ་སྭཱ་ཧཱ༔ཞེས་པ་ཀུན་བཟང་རྒྱལ་པོ། ཏྲཱཾ་ཨ་གརྦྷ་ཡ་སྭཱ་ཧཱ༔ཞེས་པ་ནམ་མཁའི་སྙིང་པོ། ཏྲཱཾ་མ་ལེ་ས་མ་ཡ་ཧོཿའདི་ལྟ་བུ་ལ་མཚོན་པ་ཡིན་ན་ཏྲཱཾ་རིན་ཆེན་རིགས་ཀྱི་ས་བོན། མ་ལེ་ཕྲེང་བ་མ། ས་མ་ཡ་ཧོ་དམ་ཚིག་དུས་ལ་བབ་པའི་དོན་ཏེ། ཕྲེང་བ་མོས་ཡབ་ལ་འཁྱུད་པར་རྩོམ་པའི་དོན་ཡིན་པར་དེ་ལྟར་གསུངས་ཡོད་དོ། །ཛཿདྷཱུ་པེ་པྲ་ཝེ་ཤ་ཡ་སྟྭཾ༔བདུག་སྤོས་མ། ཧྲཱིཿཧཱ་ཧཱུྃ་པདྨ་བྷ་ཏ་མ་སྭཱ་ཧཱ༔པདྨའི་ཕྱག མཱུྃ་ཤྲཱི་ཨ་རཾ་གྷཱ་ཡ་སྭཱ་ཧཱ༔ཞེས་པ་འཇམ་དབྱངས་ཡིན་ཞིང་། ཧྲཱིཿགྷཱིརྟི་རཱ་ག་ཡ་ཧོ་ཧཾ༔ཞེས་ཧྲཱིིཿགྷཱིརྟི་ནི་གླུ་མ་སྟེ་རཱ་ག་ཡ་ཧོ་ཆགས་པས་བསྐུལ་བ། པཾ་དྷཱི་པཾ་སུ་ཀི་ནི་ས་མ་ཡ་སྟྭཾ༔མར་མེ་མས་དམ་ཚིག་གི་དུས་ལ་བབ་བོ་ཞེས་བསྐུལ་བའོ། །ཐི་ལྷིཾ་ནི་ས་རཾ་པཱ་ཡ་སྭཱ་ཧཱ༔སྒྲིབ་པ་རྣམ་སེལ། ཛྷིཾ་ཀུ་རུ་པཱ་ཎི་ཧྲཱིཿསྭཱ་ཧཱ༔ཕྱག་ན་རྡོ་རྗེ། ཧོ་གྷནྡྷེ་ཙིཏྟ་དྲི་ཆབ་མ། ཡ་ཧོ་༔ཞེས་པ་དགྱེས་པར་བྱེད་པའོ། །ཨ་ནཱིརྟི་རཱ་ག་ཡ་མི་སྟྭཾ༔གར་མ་ཡིན་ཞིང་གར་མས་ཆགས་ཕྱིར་ཡབ་ལ་འདུད་པ་ཞེས་པ་གོང་ལྟར་ཡིན་ནོ། །ཨོཾ་མུ་ནེ་ཀྲེཾ་སྭཱ་ཧཱ༔ཞེས་པ་འདིའི་ཨོཾ་རྣམས་སྤྱིར་བཏང་གིས་བཀྲ་ཤིིས་པའམ་རབ་ཏུ་བསྔགས་པའི་དོན་ཡིན་ལ། འདི་ནས་ཕྱག་འཚལ་བའི་དོན་དང་ས་བོན་ལ་ཡང་གོ་ཆོག མུ་ནེ་རྣམས་ཐུབ་པ་ཡིན་ཞིང་ཀྲེཾ་ང་རྒྱལ་ལྷ་ཡི་ས་བོན། སྭཱ་ཧཱ་གཞི་ཚུགས་པ་ཡིན་ནོ། །ཅི་ཞིག་གི་གཞི་ཚུགས་པ་ཡིན་ན་འདིའི་སྐབས་སུ་འགྲོ་བ་དེ་དང་དེའི་བག་ཆགས་ཞི་བའི་གཞི་ཚུགས་པ་དེ་ལྟ་བུ་ཞིག་ལ་གོ་དགོས་སོ། །བྲེཾ་དེ་ཕྲག་དོག་ལྷ་མིན་གྱི་ས་བོན། ཏྲུྃ་མིའི་ས་བོན། གོ་ཆ་བཀོད་པ་ཞེས་པ་ལྟ་བུ་ལ་གསུངས་ཡོད། ཀྵཾ་ཞེས་པ་དངོས་སྣང་འགྱུར་བའམ་བློ་གྲོས་རྟུལ་བ་ཞིག་ལ་གོ་བ་ཡིན་པས་གཏི་མུག་བྱོལ་སོང་གི་ས་བོན། སྲུཾ་འཁྱིལ་བ་སྟེ་བཀྲེས་སྐོམ་གྱིས་ཉམས་ཉེས་པར་གྱུར་པ་ཡི་དྭགས་ཀྱི་ས་བོན། ཡེ་ཁྲིད་པ་མ་རུང་བར་གྱུར་པའི་གོ་དོན་ཡིན་གསུངས་པས་དམྱལ་བའི་ས་བོན་ལ་དེའི་ཕྱིར་ན་འཇོག་པ་ཡིན་ཞིང་། ས་མ་ཡ་སྟྭཾ་ཞེས་པ་འགྲོ་དྲུག་སྐྱོབ་པའི་ཐུབ་དྲུག་གི་འགྲོ་དོན་དམ་ཚིག་གི་དུས་ལ་བབ་བོ་ཞེས་འགྲོ་དོན་སྐུལ་བར་བྱེད་པའི་དོན་ཅན་ཞིག་ཡིན་ནོ། །ཨོཾ་བཛྲ་ཀྲོ་ཏ་བི་ཛ་ཡ་ཧཱུྃ༔སྟེ་འདིའི་ཨོཾ་རྣམས་ཀྱང་རབ་ཏུ་བསྔགས་པའི་དོན་ཡེ་ཤེས་ལྔ་དང་ལྡན་པའི་དོན་ལ་འཇུག་ཅིང་། བཛྲ་རྣམས་རྡོ་རྗེ། ཀྲོ་ཏ་རྣམས་ཁྲོ་བོ། དེའི་ནང་གི་དམིགས་བསལ་གྱི་བི་ཛ་ཡ་རྣམ་པར་རྒྱལ་བ། ཧཱུྃ་ས་བོན་ནོ། །ཨཾ་ཀུ་ཤཱ་ལྕགས་ཀྱུ། ཛཿའགུག་པར་བྱེད་པའི་དོན་ཅན་ས་བོན་གྱི་སྔགས། ཨོཾ་བཛྲ་ཀྲོ་ཏ་ཡ་མཱནྟ་ཀ་ཧཱུྃ༔གཤིན་རྗེའི་གཤེད། བཛྲ་པཱ་ཤ་ཞགས་པ། འདིའི་ཧཱུྃ༔འདི་འཆིང་བྱེད་ཀྱི་ས་བོན། ཨོཾ་པདྨ་ཞེས་པ་སྐད་སོར་བཞག ཧྱ་གྲྀ་ཝ་ཞེས་པ་ནི་རྟ་མགྲིན། བཛྲ་སྥོ་ཊ་ལྕགས་སྒྲོག བཾཿསྡོམ་བྱེད་ཀྱི་ས་བོན། ཨ་མྲྀ་ཏ་བདུད་རྩི་ཀུཎྜ་ལཱི་འཁྱིལ་བ་སྟེ་བདུད་རྩི་འཁྱིལ་བ། བཛྲ་གྷནྡྷེ་དྲིལ་བུ། ཧོ༔ཞེས་པ་འབེབས་པར་བྱེད་པའི་ས་བོན། དེ་ལྟར་བྱས་ནས་སྒོ་བ་ཡབ་ཡུམ་བརྒྱད་ཀྱི་བཟླས་སྔགས་ཨོཾ་བཛྲ་ཀྲོ་ཏ་བི་ཛ་ཡ་ཧཱུྃ༔ བཛྲ་ཨཾ་ཀུ་ཤཱ་ཛཿ ཨོཾ་བཛྲ་ཀྲོ་ཏ་ཡ་མཱནྟ་ཀ་ཧཱུྃ༔ བཛྲ་པཱ་ཤ་ཧཱུྃ༔ ཨོཾ་པདྨ་ཀྲོ་ཏ་ཧྱ་གྲྀ་ཝ་ཧཱུྃ༔ བཛྲ་སྥོ་ཊ་བཾཿ ཨོཾ་བཛྲ་ཀྲོ་ཏ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༔ བཛྲ་གྷནྡྷེ་ཧོ༔སྟེ་དེ་ཡིས་ཞི་བ་བཞི་བཅུ་རྩ་གཉིས་སོང་ཟིན་ཏོ། །ད་ནི་ཁྲོ་བོ་ལ་ཐུག་པ་ཡིན་ཞིང་། ཨོཾ་མ་ཧཱ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔འདི་ཆེ་མཆོག་གི་བཟླས་སྔགས་ཡིན་ལ། ཨོཾ་ཡེ་ཤེས་ལྔ་ལྡན་སྐུ་ལྔའི་བདག་ཉིད་ཡིན། སྤྱིར་བཏང་གི་ཨོཾ་སྔགས་ཀྱི་མགོར་སྦྱར་བ་དེ་བཀྲ་ཤིས་ཤིང་བྱིན་གྱིས་རློབ་པའི་ཚིག་དང་། སྭཱ་ཧཱ་མཇུག་ཏུ་སྦྱར་བ་ནི་གཞི་ཚུགས་པའམ་དེ་བཞིན་བརྟན་པར་གྱུར་པའི་ཚིག་ཅིག་ཡིན་པར་གོང་ནས་བཤད་མ་ཐག་པ་ལྟར་ཅུང་ཟད་ཅུང་ཟད་ཀྱི་གོ་བའི་ཁ་སྒྱུར་བྱེད་རྒྱུ་དེ་ལྟར་ཡིན་ནོ། ཨོཾ་སྐུ་ལྔའི་བདག་ཉིད་ཡེ་ཤེས་ལྔ་ལྡན་ཞེས་གསུངས་ཚེ་ཡེ་ཤེས་ལྔ་དང་སྐུ་ལྔ་ཚོགས་པའི་མཚོན་བྱེད་དེའི་ཡི་གེའི་གཟུགས་ཇི་ལྟར་ཡོད་པ་རྒྱུད་ཀྱི་ལུང་ཡང་ཡོད་ལ། དེ་ཉིད་ཇི་ལྟ་བུ་ཞིག་ཡིན་ན་ཨ། ན་རོ། ཟླ་ཚེས། བིནྡྷུ། འ་ཆུང་དང་བཅས་པའི་ཨཱོྃ་ཡིག་ཅིག་ཡིན་ཞིང་། འགའ་རེས་ཚེག་དྲག་དང་སྦྱར་ཚེ་ཨ་ནུའི་ལུགས་ལྟར་དུ་བྱས་ན་ཡེ་ཤེས་དྲུག་གི་མཚོན་བྱེད་དུ་གསུང་རྒྱུ་ཡོད་དོ། །དེ་ལྟ་བུ་ལ་ཨོཾ་རྒྱས་བསྡུས་ཇི་ལྟར་བྲིས་ན་ཡང་གསང་སྔགས་ཀྱི་ནང་གི་རྒྱུད་སྡེ་དང་འབྲེལ་བའི་སྐབས་སུ་གོ་དོན་གཅིག་པ་ཡིན་ནོ། །མ་ཧཱ་ཀྲོ་ཏ་ཁྲོ་བོ་ཆེན་པོ། མ་ཧཱ་ཤྲཱི་ཧེ་རུ་ཀ་ཞེས་པ་དཔལ་ཁྲོ་བོ་ཆེན་པོ་ཧེ་རུ་ཀ་ཞེས་པ་ལྟ་བུ་ཡིན་ཞིང་། ཧཱུྃ་རྩ་བའི་ས་བོན་དང་། ཕཊ༔གས་པར་གྱིས་ཤིག་གམ་དུམ་བུར་གཏོང་བའི་དོན་ཡིན་ནོ། །མ་ཧཱ་ཀྲོ་ཏི་ཤྭ་རི་སྟྭཾ༔ཞེས་པའི་ཤྭ་རི་དབང་ཕྱུག་མ་སྟེ་ཁྲོ་མོ་ཆེན་མོ་དབང་ཕྱུག་མ་ཞེས་པའི་དོན། སྟྭཾ་གོང་ནས་ཞུས་པ་བཞིན་འདུད་པའི་དོན་ཅན་ཞི་བའི་སྐབས་དང་གཅིག་ཡིན་ནོ། །འདི་མན་ཆད་ཀྱི་ཁྲོ་བོའི་བཟླས་སྔགས་འདི་གསང་བ་གསུམ་དང་སྦྱར་ན་ཨོཾ་རྣམས་སྐུ། སྔགས་དངོས་གཞི་རྣམས་གསུང་། ཧཱུྃ་རྣམས་ཐུགས་ཡིན་པར་གསུངས། གཙོ་བོ་བུདྡྷ་ཧེ་རུ་ཀ་ནི་ཨོཾ་བུདྡྷ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ བུདྡྷ་ཀྲོ་ཏ་ཤྭ་རི་སྟྭཾ༔ཞེས་སྔགས་དོན་བཤད་ན་བུདྡྷ་སངས་རྒྱས། དེ་མིན་པ་གོང་དང་འདྲའོ། །ལས་བྱང་ཆུང་བའི་ནང་ཆེ་མཆོག་ཧེ་རུ་ཀ་མེད་པའི་རྒྱུ་མཚན་ནི་དམ་པ་རིགས་བརྒྱར་བསྡུ་བའི་ཕྱིར་དུ་ཆེ་མཆོག་བུདྡྷ་ཧེ་རུ་ཀར་བསྡུས་པ་ཡིན་ཞིང་། དེ་འཕྲོས་ཤར་ཕྱོགས་ཀྱི་རྡོ་རྗེའི་རིགས་ནས་རིན་ཆེན་པདྨ་རྒྱ་གྲམ་ལ་སོགས་པ་ཞི་བའི་ལྷ་ཚོགས་ཁྲོ་བོར་སྣང་བ་ཙམ་གྱི་གོ་བས་རིགས་འགྲེ་དགོས་སོ། །ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ བཛྲ་ཀྲོ་ཏི་ཤྭ་རི་སྟྭཾ༔ ཨོཾ་རཏྣ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ རཏྣ་ཀྲོ་ཏི་ཤྭ་རི་སྟྭཾ༔ ཨོཾ་པདྨ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ པདྨ་ཀྲོ་ཏི་ཤྭ་རི་སྟྭཾ༔ ཨོཾ་ཀརྨ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཀརྨ་ཀྲོ་ཏི་ཤྭ་རི་སྟྭཾ༔ ད་ནི་གནས་ཀྱི་མ་མོ་བརྒྱད་ཀྱི་སྔགས་ཡིན་ཞིང་། འདི་མན་གྱི་ཨོཾ་རྣམས་གོང་བཞིན་དུ་མགོ་ལེན་གྱི་སྔགས། བཛྲ་རྣམས་རྡོ་རྗེ། འདིའི་སྐབས་སུ་བཛྲ་དབང་དྲག་གི་ལས་ལ་འཇུག སྔགས་ཀྱི་ཚིག་གཅིག་ཡིན་རུང་མཚམས་མཚམས་སུ་གོ་བའི་ཁ་སྒྱུར་དགོས་ཞུས་པ་དེ་ཉིད་ཡིན་ཞིང་། ཧ་རྣམས་རྩ་བའི་ས་བོན་ཡིན་ནོ། །ཨོཾ་བཛྲ་ཀོོ་རཱི་ཧ༔ཀོོ་རཱི་དཀར་མོ་མཛོད་བདུན་མ། ཨོཾ་བཛྲ་ཙོོ་རཱི་ཧ༔ཙོོ་རཱི་ཆོམ་རྐུན་མ། ཨོཾ་བཛྲ་པྲ་མོ་ཧཱེ་ཧ༔པྲ་མོ་ཧ་རབ་རྨོངས་མ། ཨོཾ་བཛྲ་བེ་ཏ་ལཱི་ཧ༔བེ་ཏ་ལཱི་རོ་ལངས་མ། ཨོཾ་བཛྲ་པུསྐ་སཱི་ཧ༔པུསྐ་སཱི་སྦོས་མོ། ཨོཾ་བཛྲ་ཀསྨ་རཱི་ཧ༔སྨེ་ཤ་ཅན། ཨོཾ་བཛྲ་ཙནྡྷ་ལཱི་ཧ༔གཏུམ་མོ། ཨོཾ་བཛྲ་སྨེ་ཤ་ནི་ཧ༔དུར་ཁྲོད་མ། འདི་རྣམས་ཧ་བརྒྱད་ཀྱི་ས་བོན་ལས་བསྐྱེད་པའི་གནས་ཀྱི་མ་མོ་བརྒྱད་ཡིན་ནོ། །ད་ནི་ཧེ་བརྒྱད་ཀྱི་ས་བོན་ལས་བསྐྱེད་པའི་ཡུལ་གྱི་ཕྲ་མེན་བརྒྱད་ཀྱི་སྔགས་ནི། ཨོཾ་བཛྲ་སེང་ཧ་མུ་ཁཱ་ཧེ༔སེང་གདོང་མ། ཨོཾ་བཛྲ་བྱ་ཀྲི་མུ་ཁཱ་ཧེ༔སྟག་གདོང་མ། ཨོཾ་བཛྲ་སྲི་ལ་མུ་ཁཱ་ཧེ༔ཝ་གདོང་མ། ཨོཾ་བཛྲ་ཤྭ་ན་མུ་ཁཱ་ཧེ༔སྤྱང་གདོང་མ། དེ་ཡིས་ཟ་བྱེད་མཆེ་བ་ཅན་བཞི་སོང་ལ། ཨོཾ་བཛྲ་ཀྲྀ་ཏ་མུ་ཁཱ་ཧེ༔བྱ་རྒོད་གདོང་མ། ཨོཾ་བཛྲ་ཀང་ཀ་མུ་ཁཱ་ཧེ༔དུར་བྱ་ཡི་གདོང་མ། ཨོཾ་བཛྲ་ཁ་ཁཱ་མུ་ཁཱ་ཧེ༔བྱ་རོག་གི་གདོང་མ། ཨོཾ་བཛྲ་ཧུ་ལཱུ་མུ་ཁཱ་ཧེ༔འདི་མཚམས་མཚམས་སུ་ཧུ་ལཱུ་ཀ་མུ་ཁཱ་ཧེ་གསུངས་ས་ཡང་ཡོད་ཅིང་། འདི་འུག་གདོང་མ་ཡིན་ལ། དེས་གསོད་བྱེད་གཤོག་པ་ཅན་བཞིས་ཡུལ་གྱི་ཕྲ་མེན་མ་མོ་བརྒྱད་ཡིན་ནོ། །སྒོ་མ་བཞི་ནིཨོཾ་བཛྲ་ཨཾ་ཀུ་ཤ་ཛཿསོགས་གསུངས་ཏེ་འདིའི་སྔགས་མཇུག་གི་ཛཿཧཱུྃ་བཾ་ཧོ་བཞི་བོ་ས་བོན་གྱི་སྔགས་ཡིན་ལ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿརྟ་གདོང་ལྕགས་ཀྱུ་མ། ཨོཾ་བཛྲ་པ་ཤ་ཧཱུྃ༔ཕག་གདོང་ཞགས་པ་མ། ཨོཾ་བཛྲ་སྥོ་ཊ་བཾ༔སེང་གདོང་ལྕགས་སྒྲོག་མ། ཨོཾ་བཛྲ་གྷནྡྷེ་ཧོ༔སྦྲུལ་གདོང་དྲིལ་བུ་མ་དེ་རྣམས་ཡིན་ནོ། །འདིའི་མཚམས་སུ་དབང་ཕྱུག་མ་ཉེར་བརྒྱད་ལ་ཐུག་ཡོད་ལ། དབང་ཕྱུག་མ་ཉེར་བརྒྱད་ཀྱི་སྔགས་མཇུག་གི་བྷྱོ་རྣམས་ས་བོན་གྱི་ཡི་གེ་ཡིན་ནོ། །དང་པོ་ཤར་གྱི་དཀར་མོ་མ་བདུན་ནི། ཨོཾ་མ་ནུ་རཀྵ་སཱི་བྷྱོ༔འདི་སྲིན་མོ་ཆེན་མོ་མིའི་སྲིན་མོ་ཡིན། ཨོཾ་པྲ་མ་ནཱི་བྷྱོ༔ཚངས་མ། ཨོཾ་རེའུ་ཏྲི་མ་བྷྱོ༔དབང་མོ། ཨོཾ་བྷ་ན་བྷྱ་བྷྱོ༔གཏོག་འདོད་སྲེ་གདོང་ཅན་ཁྱབ་འཇུག་གི་ཆུང་མ། ཨོཾ་ཀིའུ་རཱི་མ་བྷྱོ༔གཞོན་ནུ་དྲེད་གདོང་སྨིན་དྲུག་གི་ཆུང་མ། ཨོཾ་ཨིནྡྲ་ཡ་ནི་བྷྱོ༔བརྒྱ་བྱིན་གྱི་ཆུང་མ། དེ་ལྟར་བསྐྱེད་ཆོག་ལྟར་དུ་སྦྱར་རྒྱུ་ཡིན་ནོ། །ཨོཾ་སེང་ཧ་ཀ་ལ་ནི་བྷྱོ༔ ཨོཾ་ཨ་མྲྀ་ཏཾ་བྷྱོ༔ ཨོཾ་སིའུ་ནི་བྷྱོ༔ ཨོཾ་ཏ་ན་ཏཾ་བྷྱོ༔ ཨོཾ་རཀྴ་སི་བྷྱོ༔ ཨོཾ་བག་ཤ་སཱི་བྷྱོ༔ ཨོཾ་ར་ཏྲི་མ་བྷྱོ༔ ཨོཾ་རེ་ཏྲི་རེ་མ་ཏྲི་བྷྱོ༔ ཨོཾ་ཨེ་ཀ་ཙ་ར་མ་བྷྱོ༔ ཨོཾ་མ་ནུ་ཧ་ར་མ་བྷྱོ༔ ཨོཾ་སི་ཏི་ཀ་བྷྱོ༔ ཨོཾ་བཱ་ཡ་བཱེ་བྷྱོ༔ ཨོཾ་མ་ཧཱ་མཱ་ར་ན་བྷྱོ༔ ཨོཾ་ཨགྣེ་ཡེ་བྷྱོ༔ ཨོཾ་པཱ་ར་ཧཱི་བྷྱོ༔ ཨོཾ་ཙ་མུན་ཏྲི་བྷྱོ༔ ཨོཾ་པུ་ཏ་ནཾ་བྷྱོ༔ ཨོཾ་པ་ནཱི་བཛྲ་བྷྱོ༔ ཨོཾ་བཛྲ་མ་ཧཱ་ཀཱ་ལ་བྷྱོ༔ ཨོཾ་ཙ་ཀཱ་ལ་བཛྲ་བྷྱོ༔ ཨོཾ་བཛྲ་བུམ་པ་ཀ་ར་ན་བྷྱོ༔ ཨོཾ་བཛྲ་ལཾ་པོ་དྷ་རཱ་ན་བྷྱོ༔ ལས་བྱང་ཆུང་བའི་བསྐྱེད་ཆོག་གི་ནང་ན་ཕྱོགས་རེར་དབང་ཕྱུག་མ་དྲུག་རེ་རྡོ་རྗེ་ཁུ་བྱུག་མ་དང་ར་གདོང་མ་ལ་སོགས་པ་བཞི་ཡང་ཕྱོགས་བཞི་ལ་ཁ་ཁར་བྱས་ནས་གསུངས་པས་མདོར་ན་ཉེར་བརྒྱད་ཡིན་ལུགས་འདྲ་ལ། ཡིག་བརྒྱའི་སྔགས་དོན་ཁ་རྩང་བཤད་པ་ལྟར་ཡིན་ཞིང་། ཕྲིན་ལས་ཀྱི་ཁ་སྒྱུར་སྐབས་ལས་བཞིའི་སྔགས་ནད་གདོན་བར་ཆད་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔འདིའི་སྔགས་དོན་ཞི་བར་གྱུར་ཅིག་ཅེས་པའི་དོན་ཡིན། ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཐམས་ཅད་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔འདི་འཕེལ་བར་གྱུར་ཅིག་ཅེས་པའི་དོན། ལྷ་འདྲེ་མི་གསུམ་ཟས་ནོར་ལོངས་སྤྱོད་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔འདི་དབང་དུ་གྱུར་ཅིག་གི་དོན། གནོད་བྱེད་དགྲ་བགེགས་དུག་ལྔ་དུག་གསུམ་ཐམས་ཅད་མཱ་ར་ཡ་ཕཊ༔རྡུལ་དུ་རློག་ཅིག་ཅེས་པའི་དོན། ཅེས་པ་རྣམས་རིམ་པ་ལྟར་སྔགས་ཤམ་དུ་འདོག་ཅིང་དམིགས་རིམ་བསྒྱུར་ཏོ༔ ཞེས་ཏེ་རྩ་སྔགས་བོ་དྷི་ཙིཏྟའི་མཇུག་ལ་བཏག་ནས་ལས་བཞིའི་དམིགས་པ་སོ་སོར་ཁར་བསྒྱུར་དེ་གསུངས་པ་ཡིན་ནོ། །ཡང་ན་ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་ཀར་ཧཱུྃ་ཡིག་གསལ་བས་འོད་ཟེར་འཕྲོ་འདུ་ལ་དམིགས་ཏེ་ཧཱུྃ་གི་བཟླས་པ་བྱ་བ་རང་གཞུང་གི་དགོངས་པ་ཡིན་པས་གང་འོས་བཟླའོ༔ཞེས་གསུངས་ཏེ། ཧཱུྃ་བཟླས་འདི་ལས་བྱང་གཞུང་ནས་དམིགས་པ་འདི་ཙམ་མ་གཏོགས་མ་གསུངས་ལ། བསྙེན་ཡིག་དང་། དཀྱིལ་ཆོག རིགས་མཐུན་གྱི་ཆོ་ག་གཞན་ལ་བལྟ་རྒྱུ་མ་བྱུང་མོད་ཧཱུྃ་ཡིག་འདི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་སྲོག་གི་སྙིང་པོ་ཐུགས་རྡོ་རྗེ་འགྱུར་བ་མེད་པ་ཞི་ཁྲོ་ཀུན་འདུས་ཀྱི་ངོ་བོ་རྡོ་རྗེ་སེམས་དཔའི་ཐུགས་སྲོག་ཡིན་ཞིང་། དེས་ན་ལས་བཞི་མཆོག་དང་ལྔ་ཡི་ཕྲིན་ལས་ཐམས་ཅད་ཀྱི་འཕྲོ་གཞི་མིན་པའི་ཐབས་མེད་དོ།།

ཁ༽ སྤྱི་དོན་དམིགས་གནད་བཤད་པ།

དེ་ལྟར་ན་ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་ཀར་ཧཱུྃ་ཡིག་གསལ་ནས་འོད་ཟེར་འཕྲོ་འདུ་བྱེད་པའི་སྐབས་སུ་སྲོག་སྡོམ་གཟེར་བཞི། རྫོང་འཕྲང་སྲོག་གསུམ་གྱི་བསྐྱེད་རྫོགས་ཀྱི་གནད་འདུས་པའི་དགོངས་དོན་བཅང་ས་ལ་ལྷག་པར་དུ་ཁེལ་བ་ཡིན་ལ། དེས་ན་འདི་དང་འབྲེལ་ནས་སྤྱིའི་གོ་དོན་གྱི་ཐོག་ནས་ཕྲན་བུ་ཞིག་ཞུས་ན་བསམ། གསང་སྔགས་རྡོ་རྗེའི་ཐེག་པའི་ལམ་ནས་ཚེ་ལུས་གཅིག་གིས་རྣམ་གྲོལ་སངས་རྒྱས་ཀྱི་སར་བགྲོད་ཐུབ་ཅིང་། དེ་ལྟར་བགྲོད་ཐུབ་པའི་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་དེ་ཐམས་ཅད་ཚུར་བསྡུས་ན་བསྐྱེད་རྫོགས་ཟུང་འཇུག་རྡོ་རྗེའི་ལམ་ལ་འདུས་སོ། །དེས་ན་བསྐྱེད་རྫོགས་ཟུང་འཇུག་ཅེས་པ་ཐབས་ཤེས་ཟུང་དུ་འཇུག་པ་ཞིག་ཡིན་པས་ཐབས་བསྐྱེད་པའི་རིམ་པ་དང་། ཤེས་རབ་རྫོགས་པའི་རིམ་པ་གཉིས་ཀ་ཡིན་ལ། དེའི་ནང་གི་ཐབས་བསྐྱེད་པའི་རིམ་པ་དེ་ལ་མཚོན་ན་སྲོག་སྡོམ་གཟེར་བཞིའི་ནང་དུ་མ་འདུས་པ་ཞིག་མེད་ཅིང་། བསྐྱེད་རིམ་གྱི་ལམ་ཐམས་ཅད་སྲོག་སྡོམ་གཟེར་བཞིའི་ནང་དུ་འདུས་པ་དང་། དེ་ཐམས་ཅད་མ་ཤེས་ན་བསྐྱེད་རིམ་གཏན་ནས་མ་ཤེས་པ་ཡིན་ཟེར་ཆོག་གོ། །བསྐྱེད་རིམ་བཤད་སྐབས་མར་གྱི་འཁོར་བ་དང་གནས་ཚུལ་མཐུན་པ་ཞིག་གི་སྒོ་ནས་གསུངས་ཡོད་ཅིང་། བདག་སྲས་དང་གཞན་སྲས་ལ་སོགས་པ་སྐྱེ་གནས་རྣམ་པ་བཞི་དང་སྒོ་བསྟུན་ནས་གསུངས་ལ། དེ་ལོས་གསུངས་འུ་ཚོ་འཁོར་བ་ན་གནས་པའི་སེམས་ཅན་གྱིས་འཁོར་བའི་བག་ཆགས་སྦྱང་ཞིང་དག་དགོས་པས་སོ། །དེ་དག་པའི་ཐོག་ནས་ཡར་མྱང་འདས་དང་བཞུགས་ཚུལ་མཐུན་པར་གསུངས་ཡོད་ཅིང་། དེ་གསུངས་ལོས་དགོས་སངས་རྒྱས་ཀྱི་མཛད་པ་ལམ་དུ་བྱས་ནས་འབྲས་བུ་གཞི་ལ་རྫོགས་དགོས་པས་ཡིན་ལ། དེ་དང་མཉམ་དུ་བསྐྱེད་རིམ་དེ་ཡང་རྫོགས་རིམ་དང་མཐུན་པར་ཆོས་ཉིད་སྐྱེ་མེད་ཀྱི་ཀློང་དུ་ལ་བཟླ་དགོས་པས་རྫོགས་སྨིན་སྦྱངས་གསུམ་དེ་ལྟར་ཚང་དགོས་ན་རིམ་གཉིས་ཟུང་འཇུག་གི་ལམ་གྱི་སྨིན་བྱེད་དེ་ལ་བརྟེན་ཏེ་དེ་ལྟ་བུའི་དག་རྫོགས་སྨིན་བྱེད་ཚང་བའི་ཐོག་ནས་གཟེར་བཞི་དང་པོར་བཤད་ནས་དེའི་རྗེས་སུ་སྲོག་སྡོམ་ལུགས་དེ་ཤེས་དགོས་སོ། །གཟེར་བཞི་གང་ཡིན་ཞེ་ན། ཏིང་འཛིན་ལྷའི་གཟེར། སྙིང་པོ་སྔགས་ཀྱི་གཟེར། དགོངས་པ་མི་འགྱུར་བའི་གཟེར། འཕྲོ་འདུ་ཕྲིན་ལས་ཀྱི་གཟེར་རྣམས་ཡིན་ནོ། །གཟེར་ཞེས་པ་ཡིག་སྐད་ཡིན་ལ་དོན་ལ་འུ་ཚོའི་ཁ་སྐད་ལ་འཛེར་ཞེས་པའི་དོན་ཡིན་ཞིང་། མདོར་ན་མི་འགྱུར་བ་བརྟན་པར་བྱས་པའི་དོན་ཡིན་ནོ། །དེ་ལྟར་ན་གཟེར་བཞིའི་ནང་གི་ཏིང་འཛིན་ལྷ་ཡི་གཟེར་ཞེས་པ་ནི་ཏིང་འཛིན་རྣམ་པ་གསུམ་རང་རེས་གོང་ནས་བཤད་ཟིན་པའི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། ཀུན་སྣང་གི་ཏིང་ངེ་འཛིན། རྒྱུའི་ཏིང་ངེ་འཛིན་དང་གསུམ་ལ་གཞིར་བྱས་ནས་སྐྱེ་གནས་བཞིའི་བག་ཆགས་སྦྱངས་པ་དང་མཉམ་དུ་ཕྱི་སྣོད་གཞལ་ཡས་ཁང་དང་ནང་བཅུད་ལྷ་རུ་གསལ་དགོས་ཤིང་། དེ་ལྟར་གསལ་བ་ཡང་སྣང་སྟོང་ཟུང་དུ་འཇུག་པ་མ་འདྲེས་ཡོངས་རྫོགས་སུ་གསལ་དགོས་པ་དེ་ཡིན་ནོ། །སྙིང་པོ་སྔགས་ཀྱི་གཟེར་ཞེས་པ་ནི་ལྷ་ཚོགས་གང་གསལ་ཡང་སེམས་དཔའ་སུམ་བརྩེགས་ཏེ་བདག་དམ་ཚིག་སེམས་དཔའ། ཐུགས་ཀར་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཏིང་འཛིན་སེམས་དཔའ་ཐུགས་སྲོག་ཡི་གེའི་རིམ་པ་བསྒོམས་ཏེ་བཟླས་པ་ངག་གི་སྔགས་བཟླས་སྐབས་ཐུགས་སྲོག་གི་སྔགས་ཕྲེང་འཁོར་བ་ལ་དམིགས་དགོས་སོ། །དེ་ཡང་གྲངས། དུས། མཚན་མ་དང་སྦྱར་ཏེ་འབྲུ་འབུམ་དང་བྱེ་ཆུང་ལ་སོགས་པ་ལྟ་བུའི་གྲངས། ལོ་དང་ཟླ་བ་ཞག་ལ་སོགས་པའི་ཁ་གྲངས་ངེས་པ་ལྟ་བུ་དུས། ལྷ་འགྲུབ་པའི་རྟགས་ཞལ་གཟིགས་པ་ལ་སོགས་པ་གྲུབ་པའི་མཚན་མ་མཐོང་བ་མཚན་མ་སྟེ་དེ་ལྟ་བུའི་བར་དུ་སྒྲུབ་རྒྱུ་ལ་སོགས་པ་དེ་ཡིན་ནོ། །དགོངས་པ་མི་འགྱུར་བའི་གཟེར་དེ་ནི་ཆོས་ཉིད་ཀྱི་ལྟ་བས་རྩིས་ཟིན་པར་བྱེད་པ་དེ་ཡིན་ཞིང་། སྣང་གྲག་སྣོད་བཅུད་ཐམས་ཅད་ལྷ་དང་གཞལ་ཡས་སུ་ལྷུན་གྱིས་གྲུབ་པར་གསལ་བ་དེ་ཡང་ཆོས་ཉིད་དག་མཉམ་ཆེན་པོའི་རང་རྩལ་སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར་དམ་ཡེ་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་གཉིས་འཛིན་སྤངས་པའི་གཉིས་མེད་མཉམ་པ་ཆེན་པོའི་འཁོར་འདས་ཡེ་སངས་རྒྱས་པའི་དཀྱིལ་འཁོར་དུ་ཤེས་པ་དེ་ཡིན་ནོ། །དེའི་སྟེང་དུ་འཕྲོ་འདུ་ཕྲིན་ལས་ཀྱི་གཟེར་ནི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས་དོན་གཉིས་བསྒྲུབས་པ་སྟེ། ཕྱོགས་བཅུ་རྒྱལ་བ་སྲས་བཅས་ཀྱི་ཞིང་ཁམས་ན་བཞུགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ལ་མཆོད་བྱ་དང་མཆོད་བྱེད་གཉིས་སུ་མེད་པའི་བདེ་སྟོང་ཡེ་ཤེས་ཀྱི་མཆོད་པ་ཕུལ། གཞན་སྣང་གནས་དོན་ལུས་སུ་ཨ་འཐས་ནས་འཁྲུལ་བའི་དབང་དུ་གྱུར་པའི་འགྲོ་བའི་དོན་བྱས། དེ་དག་གི་སྡིག་སྒྲིབ་སྦྱངས། སྲིད་པ་མིང་མེད་དུ་དག་ནས་སངས་རྒྱས་ཀྱི་སར་འགོད་རྒྱུའི་དོན་གཉིས་ལྷུན་གྲུབ་ཀྱི་རྣལ་འབྱོར་དེ་ལྟ་བུ་ཞིག་ཡིན་ནོ། །དེ་ལྟ་བུའི་གཟེར་བཞི་དེ་ལྟ་སྒོམ་སྤྱོད་འབྲས་བཞི་ཡང་ཡིན་ཏེ། དགོངས་པ་མི་འགྱུར་བའི་གཟེར་ལྟ་བ་ཡིན། དེ་ཡིན་པས་ན་གཞི་ལམ་འབྲས་གསུམ་ཡང་དེ་བཞིན་དུ་ཡིན་ལ། ཏིང་འཛིན་ལྷ་ཡི་གཟེར་དེ་སྒོམ་པ་ཡིན་པ་དང་། སྙིང་པོ་སྔགས་ཀྱི་གཟེར་དེ་སྒོམ་པ་དང་སྤྱོད་པ་གཉིས་ཀ་ཡིན་ཞིང་། དེ་ལམ་ཡང་ཡིན་ནོ། །འཕྲོ་འདུ་ཕྲིན་ལས་ཀྱི་གཟེར་དེ་འབྲས་བུ་ཡིན་ལ། འབྲས་བུ་ཡིན་པའི་རྒྱུ་མཚན་ནི་མཆོག་ཐུན་གྱི་ཕྲིན་ལས་བསྒྲུབས་ནས་སངས་རྒྱས་ཀྱི་ཕྲིན་ལས་ད་ལྟ་ནས་ལམ་དུ་བྱེད་པས་ཡིན་ནོ། །སྲོག་སྡོམ་གཟེར་བཞི་ལྟ་སྒོམ་སྤྱོད་གསུམ་གཞི་ལམ་འབྲས་གསུམ་གང་ནས་བཤད་ཀྱང་དེ་རྣམས་ཐ་དད་དང་ཡ་བྲལ་རེས་འཇོག་ཅན་མ་ཡིན་པར་དབྱེར་མེད་ཟུང་འཇུག་ཏུ་ཤེས་དགོས་སོ། །དེས་ན་སྲོག་སྡོམ་གཟེར་བཞི་ཟེར་ན་གཟེར་དེ་ལྟར་ཡིན་ན་སྲོག་ཇི་ལྟར་སྡོམ་ཞེ་ན། གཞི་ལྟ་བས་འཁོར་འདས་མཉམ་ཉིད་དུ་རྟོགས་ནས་སྲིད་དང་ཞི་བ་གཉིས་ཀའི་སྲོག་ལ་དབང་བསྒྱུར། ལམ་སྒོམ་པས་ལྷ་སྔགས་ཆོས་ཉིད་ཀྱི་འཁོར་ལོའི་སྒོ་ནས་བསྐྱེད་རྫོགས་གཉིས་ཀྱི་སྲོག་ལ་དབང་བསྒྱུར། འབྲས་བུ་དོན་གཉིས་ལྷུན་གྲུབ་ཀྱི་སྤྱོད་པས་ཐབས་ཆེན་བསམ་གྱིས་མི་ཁྱབ་པའི་སྲོག་འཕྲོག་པ་དེ་དཔེར་བཞག་ན་གཟའ་སྒྲ་གཅན་གྱིས་ནམ་མཁའི་ཟླ་བ་གཅིག་ཟིན་ཚེ་ཆུ་ནང་གི་ཟླ་གཟུགས་ཇི་སྙེད་པོ་རང་ཤུགས་ཀྱིས་ཟིན་པ་དང་འདྲ་བར་སྲོག་སྡོམ་གཟེར་བཞིའི་མན་ངག་གི་གནད་གཅིག་ཤེས་དུས་མདོ་རྒྱུད་མན་ངག་གི་དགོངས་གནད་མང་པོ་ཞིག་མཉམ་དུ་ཟིན་ཡོད་དོ། །དེ་བཞིན་དུ་རྫོང་འཕྲང་སྲོག་གསུམ་གྱི་ཐོག་ནས་བཤད་ན་ཡང་བདག་ཉིད་ལྷ་ཡི་རྣལ་འབྱོར་དུ་གསལ་ཐེབས་པའི་བསྐྱེད་རིམ་གྱི་རྫོང་ཟིན་པར་བྱེད་པ་ལ་བྱིངས་རྒོད་དང་དམན་སེམས་ཀྱི་འཕྲང་ལས་གྲོལ་ནས་སྣང་སྟོང་ཟུང་འཇུག་ཆོས་ཉིད་འདུས་མ་བྱས་ཀྱི་གནས་ལུགས་ཇི་བཞིན་དུ་རྫོགས་རིམ་གྱིས་སྲོག་མཁར་དེ་ཚུགས་དགོས་ཤིང་། དེ་ཚུགས་པ་དེ་གལ་ཆེན་དོན་ཆེན་ཡིན་ལ། དེའི་ཕྱིར་ན་འདིའི་བསྐྱེད་རྫོགས་ལ་བསྐྱེད་རྫོགས་ཀྱི་གནད་དང་། བཟླས་པ། ཁྱད་པར་དུ་བཟླས་པའི་སྐོར་འདི་ནས་སྔོན་ཆད་སྒོམ་རིམ་གྱི་ཡིག་ཆ་འདྲ་མི་འདྲ་དང་། རིགས་མཐུན་གྱི་རྒྱུད་སྡེ་གཞན་དག་གི་ཕྱག་བཞེས་འདྲེས་སོང་བ་ལྟ་བུ་དེ་འདྲ་མང་པོ་ཡོད་པའི་རྒྱུ་མཚན་གྱིས་ཀཿཐོག་པ་ཀུན་གཟིགས་ཚེ་དབང་མཆོག་གྲུབ་ལ་སོགས་པའི་གསུང་ལས་དཔོག་ཐུབ་བོ། །གནད་ཀ་དེ་ལྟ་བུ་ལ་བརྟེན་ནས་ཞི་ཁྲོ་རང་རྐང་གི་བསྙེན་སྒྲུབ་ཡན་ལག་བཞིའི་གནད་ཚང་བའི་འཛབ་བཟླས་ཚངས་པའི་སྒྲ་དབྱངས་འཁོར་འདས་རང་གྲོལ་འདི་ཁམས་གྲུབ་དབང་རྫོགས་ཆེན་པའི་གདན་ས་འདིའི་ཕྱག་བཞེས་འཆུག་མེད་རྐང་ཐུབ་འཁྱེར་བདེ་བའི་ཆེད་དུ་ཚིག་ཉུང་དོན་འདུས་ཀྱི་ཐོག་ནས་དམ་པ་གོང་མ་ཚོས་གཏན་ལ་ཕབ་པས་མི་ཚད་ཡབ་སྲས་བརྒྱུད་པ་དང་བཅས་པས་བྱིན་གྱིས་བརླབས་པའི་བྱིན་རླབས་ཅན་ཡིན་ནོ། །དེས་ན་བྱིན་རླབས་མ་ཉམས་པའི་བརྒྱུད་པའི་ཕྱག་བཞེས་འདི་ལ་ད་ལྟའི་བར་དུ་ཕྱག་ལེན་དུ་འདེབས་པ་འདི་བཞིན་ཡིན་ལ། དེ་ལྟར་ན་ས་ཆ་གཞན་པའི་མི་རྣམས་ཀྱིས་ཐོས་གྲོལ་འདི་ལ་ཀཿཐོས་རེད་དམ་རྫོགས་ཐོས་རེད་ཅེས་དབྱེ་བ་ཕྱེ་བ་འདི་འདི་ཚོའི་ཐད་ནས་ཡིན་པ་དང་། སྤྱིར་བཏང་གི་མི་མང་ཆེ་བ་མ་དགོས་དང་གྲྭ་བ་མང་ཆེ་བ་སྡེ་སྣོད་གསུམ་གྱི་སྤོང་ཀློག་བྱེད་མཁན་ཤ་སྟག་མ་ཡིན་ཞིང་། མཐོང་བརྒྱུད་ཀྱི་ཕྱག་ལེན་འདིའི་ཐད་ནས་ཆོས་བརྒྱུད་ཀྱི་དབྱེ་བ་ཕྱེ་བྱེད་བྱེད་ཀྱིན་ཡོད་པས། དེ་ཡང་རྒྱུ་མཚན་མེད་པ་མ་ཡིན་ནོ། །སྔ་འགྱུར་བཀའ་གཏེར་གྱི་བརྒྱུད་པ་དེ་ལ་བཀའ་མ་ལ་མཚོན་ན་བརྒྱུད་པ་གསུམ་ལྡན་ཟེར་ཞིང་། གཏེར་མ་ལ་བརྒྱུད་པ་དྲུག་ལྡན་དང་དགུ་ལྡན་ལ་སོགས་པ་ཟེར་རོ། །དེས་ན་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ཀ་མི་འབྲེལ་བ་ཞིག་མ་ཡིན་ཏེ། རྒྱུད་སྒྲུབ་ཐབས་དང་འབྲེལ། སྒྲུབ་ཐབས་མན་ངག་དང་འབྲེལ། མན་ངག་ཆོག་ཁྲིགས་དང་འབྲེལ། ཆོག་ཁྲིགས་ཕྱག་བཞེས་དང་འབྲེལ་ཞེས་ནམ་རྒྱུན་ཞུ་བཞིན་པ་དེ་ཡིན་ནོ། །མཐོང་བརྒྱུད་ཀྱི་ཕྱག་ལེན་ཆོས་བརྒྱུད་རང་གི་ལུགས་མི་འཕྱུག་པ་ནི་ཁུངས་བརྒྱུད་པའི་བྱིན་རླབས་མི་འཁྱར་བ་ལ་ཐུག་ཡོད་དོ། །དེ་ཅི་ཕྱིར་དུ་བཤད་ཅེ་ན། འཛབ་བཟླས་ཀྱི་སྐབས་སུ་ཐོན་དུས་ལྷ་ཚོགས་ཞི་བ་ཟེར་མཁན་ཡོད་ཚད་རྫོགས་ལུགས་ཀྱི་བརྒྱུད་པ་ལས་མཆེད་པ་ཡིན་པའི་རྟགས་བསྟན་པ་ཡིན་ལ། ཕྱག་ལེན་ཅུང་ཟད་འདྲ་མི་འདྲ་རེ་ཉེ་བའི་དགོན་ལག་ངོ་མ་ཡིན་ཡང་དར་སྲོལ་གྱི་དབང་གིས་ཁྱད་པར་ཆུང་ཙམ་རྒྱུགས་ཡོད་ཅིང་། གཙོ་ཆེ་བ་བརྒྱུད་སྲོལ་གྱི་རིམ་པ་དང་། བསྐྱེད་རྫོགས་ཀྱི་འགྲོས། ཆོ་གའི་སྙིང་པོ་འཛབ་བཟླས་བསྙེན་སྒྲུབ་ཡན་ལག་བཞིས་གཞུང་སྲོང་ལུགས་དེ་ཚོ་གལ་ཆེའོ། །ཆུང་ས་ནས་བྱང་འདྲེན་པས་ཚིག་མགོ་ལེན་ལུགས་ལ་ས་ཆའི་སྐད་གདངས་ཀྱི་ངག་གཤིས་ཀྱིས་འདྲ་མི་འདྲ་ཡོད་རྒྱུ་དང་། ཕྱག་ལེན་གྱི་ཐད་ནས་དཔེར་བཞག་ན་ཕྱག་འཚལ་སའི་རིགས་ཤིག་ཡིན་ན་ས་ཆ་གཅིག་ནས་ཐལ་སྦྱར་མཛད་རྒྱུ་ཡོད་ན་ས་ཆ་གཅིག་ནས་ལས་རྡོར་ཡར་ལངས་ནས་ཕྱག་འཚལ་རྒྱུ་དེ་ཚོ་སྤྲོས་པ་ཆེ་ཆུང་དང་གྲྭ་ས་ཆེ་ཆུང་གི་ཚོགས་སྒྲིགས་ལ་ལྟོས་ས་ལྟོས་འཇོག་གི་ཁྱད་པར་ཙམ་རེ་རེད་མ་གཏོགས་པའི་གཞན་གྱི་ཁྱད་པར་ཆེན་པོ་རྩ་བའི་དོན་དག་འཕྱུགས་སོང་བ་ཞིག་མ་ཡིན་ནོ། །དེས་ན་སྐབས་ཐོབ་ཀྱི་བཤད་བྱ་གང་ཡིན་ན་བཟླས་པའི་སྐབས་སུ་བསྙེན་སྒྲུབ་ཡན་ལག་བཞི་བོ་བཟླས་དམིགས་འཁོར་འདས་རང་གྲོལ་འདི་ལ་ཚང་བ་ཡིན་ཞིང་། བསྙེན་ཡིག་གཞན་དག་ལག་ལ་ཡོང་ཡང་མ་ཡོང་ལ། དགོས་ཀྱང་མི་དགོས་སྙམ། གཞན་པ་ཞིག་ཁྱེར་ནས་འགེབས་མི་དགོས་པ་དང་། འདི་རང་ལུགས་བརྒྱུད་པའི་ཕྱག་བཞེས་ཆ་ཚང་གནད་འདུས་ཡིན་པས་འདིའི་ཐོག་ནས་གོ་དོན་འཇག་དགོས་སོ། །བསྙེན་པ། ཉེ་བསྙེན། སྒྲུབ་པ། སྒྲུབ་ཆེན་ཏེ་བསྙེན་སྒྲུབ་ཡན་ལག་བཞི་ཡིན་ལ། ལྷ་ཚོགས་ཞི་བ་རྣམས་ཀྱི་ཐུགས་ཀར་ཟླ་བ་དང་ཁྲོ་བོ་རྣམས་ཀྱི་ཐུགས་ཀར་ཉི་མའི་གདན་ལ་རང་སྲོག་ས་བོན་གྱི་མཐར་ཞི་བ་ལ་བོ་དྷི་ཙིཏྟ་དང་ཁྲོ་བོ་ལ་རུ་ལུའི་སྔགས་སམ་རང་སྔགས་རྣམས་ཀྱིས་བསྐོར་ཞེས་པ་ཡན་ཆད་ཀྱིས་བསྙེན་པ་བསྟན་ལ། འུ་ཚོས་གཞུང་ཤིང་ངོས་ལ་དམིགས་རིམ་ཁོང་རྣམ་པས་ཆེད་དུ་བྲིིས་ཡོད་ས་ཡོད། དེའི་དམིགས་པ་དེ་དང་ལྡན་པའི་ཐོག་ནས་འུ་ཚོས་བསྙེན་པ་ཞག་བདུན་དུ་བྱེད་འཆར་ཡིན་པ་དང་། དེ་རིང་ཉིན་ལྔ་བ་ཡིན་ཞིང་། ཞག་བཞི་བ་ཡིན། དེ་ལྟ་བུའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ལྷ་ལ་ཕོག དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། དུས་གསུམ་བདེ་གཤེགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། བྱིན་རླབས་ཐམས་ཅད་འོད་ཕུང་གི་རྣམ་པ་སྔགས་ཕྲེང་ལ་ཐིམ་འོད་ཟེར་འབར་ཞེས་པ་འདི་ཡན་ཆད་དམིགས་པ་དང་སྦྲེལ་ནས་བཟླ་རྒྱུ་དེ་ལ་ཉེ་བསྙེན་ཟེར་རོ། །འདི་བདག་དོན་དུ་བྱིན་རླབས་བསྡུ་བའི་དམིགས་པ་ཡང་ཡིན་ཞིང་། འདི་ང་ཚོས་ཉི་མ་དྲུག་བྱས་ན་སྙམ་གྱིན་ཡོད། སླར་ཡང་ཐུགས་ཀའི་འོད་ཟེར་བཀའ་སྲུང་དམ་ཅན་རྣམས་ལ་ཕོག་འདི་ཁྱེད་རྣམ་པས་གསུངས་དུས་དེ་ཡན་ཆད་མ་གཏོགས་འདོན་མི་དགོས་པ་མ་ཡིན་ཡང་གཙོ་ཆེ་བའི་དམིགས་པའི་ཁ་བསྒྱུར་དེ་དེའི་མཚམས་མཚམས་སུ་ཚིག་ལྷུག་གི་དབྱེ་བ་ཕྱེ་མཚམས་དེའི་ཐོག་ཏུ་མདོ་མཚམས་ལྟ་བུ་ཕྱེ་དགོས་སོ། །སླར་ཡང་ཐུགས་ཀའི་འོད་ཟེར་བཀའ་སྲུང་དམ་ཅན་རྣམས་ལ་ཕོག་སྔོན་གྱི་དམ་བཅའ་དྲན་པས་ཅི་བསྒོ་བའི་ལས་ཐམས་ཅད་ཐོགས་མེད་དུ་སྒྲུབ་པར་བསམ་ཞེས་གསུངས་པ་འདི་ཡན་ཆད་བཀའ་སྲུང་ལས་ལ་བསྐུལ་བའི་དམིགས་པ་ཡིན་ནོ། །དེ་དང་སྦྲེལ་ནས་སེམས་ཅན་ཐམས་ཅད་ལ་འོད་ཟེར་ཕོག་པས་ཞེས་པ་དེ་གཞན་དོན་ཕྲིན་ལས་ཀྱི་དམིགས་པ་ཡིན་ཞིང་། སྣང་སྲིད་དག་པ་ཞེས་པ་ནས་བདག་གཞན་གཉིས་མེད་ཀྱི་བཟླས་དམིགས་ཡིན་ནོ། །གོང་གི་སླར་ཡང་ཐུགས་ཀའི་འོད་ཟེར་གསུངས་ས་ནས་སྣང་སྲིད་དག་པ་ལྷ་ཡི་ཞིང་དང་རྩ་བ་གསུམ་གྱི་རང་བཞིན་དུ་གྱུར་ཅེས་པའི་བར་དེ་སྒྲུབ་པ་སྟེ་བསྙེན་སྒྲུབ་ཡན་ལག་བཞིའི་ནང་གི་གསུམ་པ་དེ་ཡིན་ནོ། །སྒྲུབ་པ་འདི་ལ་ང་ཚོས་ཉི་མ་ལྔར་བྱས་ན་སྙམ་གྱིན་ཡོད། འདིའི་རྗེས་ནས་དངོས་གྲུབ་བསྐུལ་བའི་བཟླས་དམིགས་དང་སྦྲེལ་ནས་དངོས་གྲུབ་ལེན་པ་དེ་སྒྲུབ་ཆེན་ཡིན་ཞིང་། འདི་ཉི་མ་གསུམ་བྱས་ན་བདུན་གསུམ་ཉི་ཤུ་རྩ་གཅིག་གི་རིང་རང་རེའི་ད་རེས་ཀྱི་བསྙེན་སྒྲུབ་དབུ་འཛུགས་པའི་དུས་ཚོད་མི་རིང་མི་ཐུང་ལ། སྤྱིར་བཏང་གིས་བསྙེན་ཚད་ཚད་མཐུན་རྒྱས་པ་ཞིག་ལ་དེ་ཙམ་གྱིས་ག་ན་ཡོང་སྟེ་འབྲིང་དང་ཐ་མའི་བཟླས་གྲངས་ཀྱང་འགྲོ་དཀའ་ཡང་། འོན་ཀྱང་འདུས་པའི་བྱིན་རླབས། སྒྲུབ་གནས་ཀྱི་ཁྱད་པར། རྒྱུན་གྱི་ཉམས་ལེན་པ་ཐུགས་དམ་ཆགས་མེད་ཅན་ཡང་མང་པོ་ཡོད་པའི་ཚོམ་བུ་ཚོགས་སྒྲུབ་ཅིག་ཉིན་ཞག་བདུན་ལ་བསྙེན་སྒྲུབ་ཡན་ལག་བཞི་བོ་འགྲོ་བ་མ་ཟད་ཆོ་ག་ཉིན་ཆོག་ཅིག་ལ་ཡང་གནད་དང་དམིགས་པ་ཤེས་ན་ཚང་བ་ཡིན་ལ་ཚང་ཡང་དགོས་སོ། །དེ་ལྟར་ཡིན་ཕྱིར་ཁྱད་པར་དུ་དེ་རིང་ཁ་རྩང་དུས་ཀྱི་དབང་གིས་དབང་ཁྲིད་དང་ཉམས་ལེན་ཕར་ཞོག བསྙེན་ཚད་བཞག་མ་དགོས་དང་འཇོག་རྒྱུ་ཡོད་པ་ཙམ་ཡང་མི་ཤེས་པར་ཞི་ཁྲོའི་དཀྱིལ་འཁོར་ཟ་ཆོག་གིི་འུར་འདོན་ཞིག་ལ་བརྩི་བའི་དུས་ཚོད་འདི་ལ་འདི་ལྟ་བུ་བསྙེན་སྒྲུབ་ཀྱི་མཚམས་ལ་བདུན་གསུམ་ཉི་ཤུ་རྩ་གཅིག་གི་ཞག་གྲངས་ལ་དགེ་འདུན་མང་ཚོགས་ཐུན་བཞི་བཅད་ནས་བཞུགས་རྒྱུ་འདི་ངོ་མཚར་ཆེན་པོ་ཡིན་ཞིང་། རྗེས་སུ་ཡི་རང་དང་བཅས་པས་ནམ་ཡིན་ན་བཀའ་དྲིན་ཆེ་ཞུ་རྒྱུ་དེ་ཉིད་བསྟན་འགྲོ་སྤྱིའི་ངོས་ནས་རྟོགས་པའི་བསྟན་པ་སྒྲུབ་པས་བཟུང་བ་དེ་ཉིད་བཀའ་དྲིན་ཆེ་བ་ངོ་མས་ཞེ་སྙིང་གིས་བསམས་ནས་ཞུས་པ་དེ་ལྟ་བུ་ཡིན་ནོ། །འདི་ལྟར་བྱས་ནས་བསྙེན་སྒྲུབ་ཀྱི་ཐུན་ལ་ཞུགས་ཏེ་བཟླས་པ་བྱེད་པའི་སྐབས་སུ་རང་གར་རྒད་པོ་རྒན་མོས་གོ་ཁ་ནས་མ་ཎི་བཏོན་པ་དང་འདྲ་བར་ལུས་ཀྱིས་དགྱེ་བ་དགུ་བ་ཀྱོག་པ་བསྙེས་པ་དེ་འདྲ་མི་བྱེད་པར་ལུས་ཚུགས་དྲང་མོ་མདའ་འདྲ་ཞིག་བསྲངས་ནས་བཞུགས་དགོས་ཤིང་། ངག་གིས་བཟླས་པ་འདོན་སྐབས་སྒྲ་དག་སྒྲོས་གཙང་ཆད་ལྷག་མི་ཤོར་བར་ཕྲེང་བ་སྟོང་འདྲེན་བྱེད་མི་ཉན་ལ། སེམས་ཀྱིས་ཡར་མར་ཐམས་ཅད་མི་དྲན་པར་ཏིང་འཛིན་དམིགས་གནད་བསྙེན་སྒྲུབ་ཡན་ལག་བཞི་བོའི་སྐབས་དང་བསྟུན་དགོས་སོ། །དུས་རྒྱུན་དུ་ཡིན་ཡང་བསྙེན་སྒྲུབ་ལས་བྱང་གི་ཡིག་སྣ་ལ་ཞིབ་ཏུ་བལྟས་ནས་ཆོས་ཁྲིད་ཀྱི་ནང་ནས་བཤད་པ་དང་གཉིས་ཀ་ར་སྦྲགས་ནས་དེང་སང་གི་སྐད་ལུགས་བྱས་ན་ངས་བཤད་པ་ལ་ཁྱོད་ཚོས་ཞིབ་འཇུག་གྱིས་ལ། འགལ་འབྲེལ་ཅི་འདྲ་རེད་ལྟོས་དང་ཆོག དཔྱད་པ་བཟང་པོས་མ་དྲངས་ན། །ངེས་ཤེས་བཟང་པོ་ག་ལ་སྐྱེ། །ངེས་ཤེས་བཟང་པོ་མ་སྐྱེས་ན། །སྒྲོ་འདོགས་ངན་པ་ག་ལ་ནུབ། །སྒྲོ་འདོགས་ངན་པ་མ་ནུབ་ན། །ལས་རླུང་ངན་པ་ག་ལ་འགག །ལས་རླུང་ངན་པ་མ་འགགས་ན། །འཁོར་བ་ངན་པ་ག་ལ་སྤོང་། །འཁོར་བ་ངན་པ་མ་སྤངས་ན། །སྡུག་བསྔལ་ངན་པ་ཅི་ལ་འཛད། །འཁོར་དང་མྱ་ངན་འདས་པ་ལ། །དོན་དུ་བཟང་ངན་ཡོད་མ་ཡིན། །བཟང་ངན་མེད་པར་མཉམ་ཉིད་དུ། །རྟོགས་པ་ངེས་ཤེས་བཟང་པོ་ཡིན། །ཞེས་མི་ཕམ་ཚང་གིས་གསུངས་པ་ལྟར་དུ་ཡིན་ནོ། །དེས་ན་འུ་ཚོས་བསྐྱེད་རིམ་ཞི་ཁྲོ་སྦྲགས་མར་བྱེད་དགོས་པ་བཤད་མ་དགོས་པ་ཡིན་ཞིང་། ལུས་དཀྱིལ་དང་མཐུན་པར་བསྐྱེད་རིམ་གྱི་ལུས་དཀྱིལ་ལྷ་ཡི་ཕོ་བྲང་བསྒོམ་སྐབས་ཕོ་བྲང་གི་གདན་ལ་ཞི་བའི་དཀྱིལ་འཁོར་གསལ་བཏབ། ཁྲོ་བོ་སྒོམ་པའི་གནས་སྐབས་ན་གཞལ་ཡས་ཁང་དུང་ཁང་ཕྱུར་བུར་གཏམས་པ་ཐོག་ཕུབ་མཆོད་རྟེན་གྱི་ལུགས་སུ་བྱས་ཡོད་པ་ཞིག་གི་ཐོག་ཕུབ་ཡོད་པའི་བུམ་དབྱིབས་ལྟ་བུའི་ནང་ན་ཞི་བའི་དཀྱིལ་འཁོར་ཡར་ནམ་མཁར་བཏེག་ནས་འཁོར་ལོ་རྩིབས་བཞིའི་གདན་ལ་ཞི་བ་རིགས་ལྔའི་ཚོམ་བུ། སྟེང་འོག་གཉིས་དང་མཚམས་བཞི་ལ་ཐུབ་པ་དྲུག་ཡོད་པ། བུམ་པའི་སྒོ་བཞི་ལ་སྒོ་བ་ཡབ་ཡུམ། འོག་ཁང་གི་དཀྱིལ་འཁོར་དངོས་ལ་ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་གསལ་བཏབ་ན་རྒྱུད་ལུང་ཐམས་ཅད་དང་མི་འགལ་བར་མ་ཟད་ལས་བྱང་གི་རང་གཞུང་དངོས་བསྟན་ཡང་ཡིན་ལ། རང་ལུགས་དམ་པ་གོང་མའི་ཕྱག་བཞེས་ཀྱང་དེ་ཡིན་ནོ། །དེ་ལྟར་བྱས་ན་དམིགས་པ་སྒོམ་དུས་རང་ལུས་རྒྱལ་བའི་དཀྱིལ་འཁོར་དུ་བསྒོམ་དགོས་ཤིང་། རང་ལུས་རྒྱལ་བའི་དཀྱིལ་འཁོར་དེ་ཞི་ཁྲོ་དམ་པ་རིགས་བརྒྱའི་ལྷ་ཚོགས་རྟེན་བརྟེན་པ་དང་བཅས་པ་སྟེ། དེ་ཡང་སེམས་དཔའ་སུམ་བརྩེགས་དམ་ཚིག་དང་ཡེ་ཤེས་དབྱེར་མེད་དུ་བསྒོམ་ལ། དེ་དང་བསྟུན་ནས་སྐབས་ཐོབ་ཀྱི་འོད་ཟེར་སྤྲོ་བསྡུ་ལ་སོགས་པའི་དམིགས་རིམ་རང་རང་གི་སྐབས་ཐོབ་ཅི་བདེར་ཁ་བསྒྱུར་རྒྱུ་དེ་ལྟར་ཡིན་ནོ། །འཛབ་བཟླ་རྒྱུ་འདིའི་སྦྱང་བྱ་འཁོར་བའི་མིང་ཚིག་གཉིས་ཀའི་བརྗོད་པ་དུ་མ་དང་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་དེ་ཚོ་སྦྱང་ཞིང་། སྦྱོང་བྱེད་བཟླས་པའི་རྣལ་འབྱོར་དེ་ཡིས། སྦྱངས་འབྲས་སངས་རྒྱས་ནས་གདུལ་བྱ་ལ་ཆོས་འཁོར་བསྐོར་བ་ལ་སོགས་པ་མདོར་ན་གསུང་རྡོ་རྗེས་འགྲོ་དོན་མཛད་པའི་རྟེན་འབྲེལ་སྒྲིག་པ་ཡིན་ནོ། །བསྙེན་སྒྲུབ་ཡན་ལག་བཞི་འདི་གསང་སྔགས་ལམ་རིམ་ནང་ན། འདི་ཡང་ལམ་སྒྲུབ་སྦྱོར་བ་ཡི་ཞེས་གསུངས་ཡོད་ལ། འདིའི་ཚིག་གཅིག་གི་ནང་ན་ཅི་ཞིག་བསྡུས་ཡོད་ཅེ་ན། འདིའི་དབྱེ་བ་ལམ་དུས་ཀྱི་བསྙེན་སྒྲུབ་ཡན་ལག་བཞི་ལྡན། སྒྲུབ་པའི་དུས་ཀྱི་བསྙེན་སྒྲུབ་ཡན་ལག་བཞི་ལྡན། སྦྱོར་བའི་དུས་ཀྱི་བསྙེན་སྒྲུབ་ཡན་ལག་བཞི་ལྡན་དེ་ལྟར་གསུངས་ཡོད་ཅིང་། རིམ་པ་སོ་སོར་ཕྱེས་ཡོད་དོ། །ལམ་དུས་འདྲ་ཡིན་ན་ཟག་བཅས་ལམ་གྱི་རྣལ་འབྱོར་ལྔ་བོ་མོས་སྒོམ་ཙམ་ཞིག་གིས་མི་ཚད་པར་ངེས་རྫོགས་ཀྱི་ཚུལ་དུ་སྒོམ་པ་ཞིག་ལ་སྟོང་པ་ཆེན་པོའི་རྣལ་འབྱོར་དང་། སྙིང་རྗེ་སྒྱུ་མའི་རྣལ་འབྱོར་གཉིས་ཀ་བསྙེན་པ་ལ་བཞག་ཅིང་། ཕྱག་རྒྱ་གཅིག་པ་དང་ཕྱག་རྒྱ་སྤྲོས་བཅས་གཉིས་ཀ་ཉེ་བསྙེན། ཚོམ་བུ་ཚོགས་སྒྲུབ་སྒྲུབ་པ། དེའི་འབྲས་བུ་མཐོང་ལམ་ཐོབ་མ་རག་པ་དེ་སྒྲུབ་པ་ཆེན་པོ་དེ་ལྟར་བཞག་གོ །ཐབས་ལམ་པའི་སྦྱོར་བའི་དུས་ཀྱི་ཡན་ལག་བཞི་ཡིན་ན་ཐབས་མཚན་བཅས་ཀྱི་རྫོགས་རིམ་གྱི་ནང་ནས་མ་ཀྵེ་ཀའི་སྦྱོར་བས་ལྕགས་ཁམས་གསེར་དུ་བསྒྱུར་བ་ལྟ་བུ་དེ་ཉིད། དགའ་བ་བཞི་དང་སྦྱར་ནས་བསྙེན་སྒྲུབ་ཡན་ལག་བཞི་ཚང་ཚུལ་ཡང་ཡོད་དོ། །དབྱེ་བ་དེ་ལྟར་ཡོད་ན་ད་རེས་ཀྱི་སྐབས་སུ་བབ་པ་སྒྲུབ་དུས་ཀྱི་བསྙེན་སྒྲུབ་ཡན་ལག་བཞི་བཤད་པའི་སྐབས་ཡིན་པས་འདི་ནས་དགོས་དོན་ངོ་མ་དེ་ཉིད་ཅི་ཞིག་ཡིན་ན་གཞི་བསྙེན་ལས་རུང་ཞིག་གི་བསྙེན་པ། གཞི་བསྙེན་གྱི་ནང་གི་ལས་རུང་ཙམ་ཞིག དེ་ཡང་མོས་སྒོམ་དང་བསྟུན་པ་ཞིག་གིས་ཆོག་ཀྱང་གདན་ས་ཆེན་པོའི་གྲྭ་ཚང་ཆེན་པོའི་ཆོ་གའི་འགྲོས་ལ་གཟིགས་པའི་སྐབས་ཡིན་པས་ན་སྐབས་འདི་དང་བསྟུན་ནས་ཚོགས་སྒྲུབ་མ་ཡིན་ཡང་ཚོགས་སྒྲུབ་དང་འབྲེལ་བའི་བསྙེན་སྒྲུབ་ཡན་ལག་བཞིའི་སྐོར་ནས་མདོ་ཙམ་ཞིག་ཞུས་ན་སྙམ། དེས་ན་དེ་ལྟ་བུའི་ཚོམ་བུ་ཚོགས་ཀྱི་སྒྲུབ་པ་འདི་ལ་ངོ་བོ། དབྱེ་བ། སྒྲུབ་ཚུལ། དགོས་པ་དང་བཞི་ཡི་ཐོག་ནས་བཤད་དགོས་པ་ཞིག་ཡིན་ནོ། །སྤྱིར་སྒྲུབ་པ་ཞེས་པ་འདི་ལ་སཾ་སྐྲི་ཏའི་སྐད་དུ་ས་དྷ་ན་ཟེར་ཞིང་། ས་དྷ་ནའི་སྒྲ་ལས་དྲངས་ན་བོད་སྐད་དུ་ཐད་བསྒྱུར་བྱས་ན་ཀུན་ཏུ་ལེན་པ་ཟེར་ལ། འདོད་པའི་དོན་ལེན་ཞིང་ཐོབ་པར་བྱེད་པའམ་སྒྲུབ་པར་བྱེད་པས་ན་སྒྲུབ་པ་ཞེས་གསུངས་ཏེ་ཐ་སྙད་ཀྱི་རྣམ་བཞག་དེ་མཛད་དོ། །ཡང་སིདྡྷིའི་སྒྲ་ལས་དྲངས་ན་དངོས་གྲུབ་ལ་འཇུག་ན་གང་བསྒྲུབ་པའི་དངོས་གྲུབ་ཀྱི་ཐད་ནས་ཀྱང་སྒྲུབ་པ་ཞེས་པའི་མིང་དེ་བྱུང་ཞིང་། འདིའི་ངོ་བོ་ནི་གསང་སྔགས་ཀྱི་ཐབས་ཁྱད་པར་ཅན་ཞིག་གི་སྒོ་ནས་གང་དོན་དུ་གཉེར་བྱ་མཆོག་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་པར་བྱེད་པ་བསྙེན་སྒྲུབ་ཀྱིས་བསྡུས་པ་ཞིག་ཡིན་ལ། དབྱེ་བ་ལ་སྤྱི་དང་ཁྱད་པར་གཉིས་ཀྱི་ཐད་ནས་བཤད་རྒྱུ་ཡོད་དོ། །སྤྱིའི་ཐད་ནས་བསྒྲུབ་བྱའི་སྒོ་ནས་དབྱེ་བ་ཞིག་དང་། ཐུན་མོང་དང་མཆོག་གི་ཐོག་ནས་དབྱེ་རྒྱུ་ཞིག ཐུན་མོང་ཡིན་ན་ལས་ཕྲ་མོ་དང་ཆེན་པོ་གཉིས་ཀྱི་ཁྱད་པར། མཆོག་ལ་དབྱེ་ན་གནས་སྐབས་དང་མཐར་ཐུག་གི་དབྱེ་བ། རྟེན་གྱི་སྒོ་ནས་ཕྱེས་ན་ཕྱི་རྫས་ཀྱི་སྒོ་ནས་སྒྲུབ་ལུགས་ཤིག་དང་། ནང་ལུས་ཀྱི་ལྟ་སྟངས། ངག་གི་བཟླས་པ། ཡིད་ཀྱི་ཏིང་འཛིན་རྣམས་ཀྱི་སྒྲུབ་ལུགས་དབྱེ་བ། ངོ་བོའི་སྒོ་ནས་དབྱེ་ན་བསྐྱེད་རིམ་ལ་བརྟེན་ནས་སྒྲུབ་པ། རྫོགས་རིམ་ལ་བརྟེན་ནས་སྒྲུབ་པ་སྟེ་དེ་ལྟར་སྒྲུབ་ཚུལ་གྱི་ཐོག་ནས་དབྱེ་བ་མང་ངོ་། །བསྙེན་པ་དང་སྒྲུབ་པ་གཉིས། དེ་རེ་རེ་ལ་ཡང་རྒྱུ་འབྲས་ཀྱིས་ཕྱེས་ནས་བསྙེན་པ་ཉེ་བསྙེན་སྒྲུབ་པ་སྒྲུབ་ཆེན་ཏེ་བསྙེན་སྒྲུབ་ཡན་ལག་བཞི་རུ་དབྱེ་རྒྱུ་སྤྱིར་བཏང་གི་དབྱེ་བ་ཕྱོགས་བསྣན་བྱས་ན་དེ་འདྲ་ཞིག་གི་དབྱེ་ཚུལ་གསུངས་ཡོད་དོ། །བྱེ་བྲག་ཁྱད་པར་ཅན་ཚོགས་སྒྲུབ་ཀྱི་ཐད་ནས་བཤད་ན་འདི་ལ་ཁྱད་པར་ཅན་ཟེར་དགོས་པའི་རྒྱུ་མཚན་ནི་རྒྱུ་དང་ངོ་བོ་འབྲས་བུ་གསུམ་གྱི་ཐད་ནས་ཁྱད་པར་དུ་འཕགས་པས་ཁྱད་པར་ཅན་ཡིན་གསུངས་ལ། རྒྱུ་ཡི་ཁྱད་པར་ཇི་ལྟར་དུ་འཕགས་ཤེ་ན། ཕྱི་ཡོ་བྱད་ཚང་བ་དང་། ནང་གི་ནུས་པ་ཐོབ་པའི་རྣལ་འབྱོར་ཕོ་མོ་རྡོ་རྗེའི་མཆེད་ལྕམ་ལྷན་གཅིག་ཏུ་འཚོགས་པའི་སྟོབས་ཀྱིས་དངོས་གྲུབ་སྒྲུབ་པ་ལ་བྱིན་རླབས་ལྷག་ཅིང་། ངོ་བོ་དེ་བསྙེན་སྒྲུབ་ཡན་ལག་བཞི་ལྡན་ལ་རྒྱུན་ཆགས་སུ་བརྩོན་དུས་འབྲས་བུ་བར་ཆད་མེད་པར་ཐོབ་པ་དེ་ཡིན་པ་དང་། འབྲས་བུ་ཚོམ་བུ་ཚོགས་སྒྲུབ་ལ་བརྟེན་ནས་ཟག་མེད་རིག་འཛིན་གྱི་གོ་འཕང་ཐོབ་པ་དེ་ཡིན་ནོ། །དེ་ལྟ་བུའི་ཁྱད་ཆོས་ཁྱད་པར་ཅན་གྱི་ཚོམ་བུ་ཚོགས་ཀྱི་སྒྲུབ་པ་དེ་ཕུན་སུམ་ཚོགས་པ་ལྔས་གཞི་བཟུང་། བསྙེན་སྒྲུབ་ཡན་ལག་བཞིས་གཞུང་བསྲང་དུས་འབྲས་བུ་རིག་འཛིན་རྣམ་བཞིའི་གོ་འཕང་ཞག་ཁ་གྲངས་ཅན་གྱིས་ཐོབ་པ་དེ་ལྟ་བུ་ཞིག་ཡིན་ནོ། །འདི་ནས་ཕུན་སུམ་ཚོགས་པ་ལྔ་ཟེར་དུས་དུས་རྒྱུན་གྱི་གནས་དུས་སྟོན་འཁོར་ཆོས་ཕུན་སུམ་ཚོགས་པ་དེ་དང་མི་འདྲ་ལ། གནས་དུས་སྟོན་འཁོར་རྫས་དང་ལྔ་བོ་ལ་གོའོ། །གནས་ལ་མཚོན་ན་སའི་དཔྱད་དང་དཔལ་ཕུན་སུམ་ཚོགས་པ་ཞི་རྒྱས་དབང་དྲག་གི་ལས་བཞི་དང་མཐུན་པའི་གནས། དུས་ཡིན་ན་སྒྲུབ་པ་ལ་འཇུག་པའི་དུས་བཟང་པོ་ཚེས་གྲངས་སྦྱོར་བ་ལ་སོགས་པ་བཀྲ་ཤིས་པའི་སྐབས། སྟོན་པ་ལ་མཚོན་ན་སློབ་དཔོན་རྡོ་རྗེ་རྒྱལ་པོར་འོས་པ་གསང་སྔགས་ཀྱི་དེ་ཉིད་བཅུ་ལ་རང་བྱན་ཆུད་པའི་རང་བཞིན་བརྒྱད་དང་ལྡན་པ་ཡིན་དགོས་ཤིང་། འཁོར་རྒྱལ་ཐེབས་དང་གཟུངས་མ་གིང་དང་གར་མ་ཤན་པ་ཕྱག་ཚང་བ་ལ་སོགས་པ། དེ་ལྟར་སོ་སོའི་ཐད་ནས་དགོས་པའི་ཡོན་ཏན་ཡོད་པ་དང་། དཀྱིལ་འཁོར་ཟབ་མོ་དེའི་ནང་དུ་འདུ་བར་འོས་པའི་རྣལ་འབྱོར་ཕོ་མོ་ཚོམ་བུའི་ལྷ་གྲངས་དང་མཉམ་པ་དགོས་དེ་ལྟར་གསུངས་སོ། །རྣལ་འབྱོར་ཟེར་རྒྱུ་དེ་ཡང་སྔགས་ལ་ཞུགས་ནས་སྒྲུབ་པ་ཉམས་ལེན་བྱེད་ཚོད་ལ་འདིའི་མིང་གིས་འཛིན་རྒྱུའི་སྲོལ་ཞིག་ཆགས་སོང་བ་རེད་མ་གཏོགས་དོན་ངོ་མས་རྣལ་འབྱོར་གྱི་ཆུ་ཚད་སྒྲ་དོན་མཚུངས་པ་ཞིག་དཀའ་མོ་ངོ་མ་ཞིག་ཡིན་ནོ། །གནས་དུས་སྟོན་འཁོར་རྫས་ཏེ་དེའི་ནང་གི་རྫས་ཀྱི་ཐད་ནས་ཇི་ལྟ་བུ་ཞིག་ཡིན་ན་འཚོ་བ་ཟས་ཀྱི་ཡོ་བྱད། ནད་ཟློག་སྨན་གྱི་ཡོ་བྱད། དགོས་པ་ཆས་ཀྱི་ཡོ་བྱད། སྒྲུབ་པ་རྫས་ཀྱི་ཡོ་བྱད་དེ་དེ་ལྟར་དུ་གསུངས་ཡོད་ཅིང་། དེ་བཞི་མ་ཚང་བ་མེད་པ་ཞིག་འདུ་བར་བྱ་དགོས་སོ། །དེ་ལྟ་བུ་ཕུན་སུམ་ཚོགས་པ་ལྔ་ཚང་བ་ཞིག་གི་ཐོག་ནས་བསྙེན་སྒྲུབ་ཡན་ལག་བཞིས་གཞུང་ཇི་ལྟར་བསྲང་དགོས་ཤེ་ན། དང་པོ་བསྙེན་པ་ནི་ལྷ་མཉེས་པའི་ཐབས་སུ་བསྙེན་ཞིང་བསྐུལ་ནས་ཐུགས་སྲོག་གི་བཟླས་པ་བྱ་བ་ལ་དེའི་མིང་དུ་བསྙེན་པ་ཞེས་ཟེར་ཞིང་། དེའི་འཕྲོས་ཉེ་བསྙེན་ནི་དངོས་གྲུབ་འགྲུབ་པ་ལ་མངོན་པར་ཕྱོགས་པ་དངོས་གྲུབ་ཐོབ་པ་ལ་ཉེ་བ་ཡིན་པས་ན་ཉེ་བསྙེན་ཞེས་གསུངས་པ་དང་། བསྙེན་པ་ཉེ་བསྙེན་གཉིས་ཀ་རྒྱུ་འབྲས་ཡིན་ནོ། །ལྷ་མཉེས་པར་བྱས་ནས་དངོས་གྲུབ་འགྲུབ་དགོས་ཤིང་། དེའི་མཚམས་སུ་སྒྲུབ་པ་ཡིན་ལ། སྒྲུབ་པས་ཅི་ཞིག་སྒྲུབ་ན་དངོས་གྲུབ་སྒྲུབ་བོ། །དེའི་སྟེང་དུ་སྒྲུབ་ཆེན་ཡིན་ཞིང་། དངོས་གྲུབ་གྲུབ་པ་དེ་བླངས་ནས་ཡོངས་སུ་གྲུབ་པ་སྒྲུབ་ཆེན་ཁོ་རང་གི་མཚན་ཉིད་ཡིན་ནོ། །དེ་ལྟ་བུའི་ཚོམ་བུ་ཚོགས་སྒྲུབ་དེ་ལ་ཕྱིའི་ཕྱི་མཚམས་གཅད་པ་དང་། དམ་སྲི་མནོན་པ། ནང་གི་ནང་མཚམས་གཅད་པ་དང་། སྒོ་བྱང་ཕྱི་ནང་དུ་མ་ཏྲཾ་བསྒྲལ་བ། དཀྱིལ་འཁོར་འབྲི་བ། སྒྲུབ་རྫས་བཀོད་པ། ཡོ་བྱད་བཀོད་བཤམས་བྱེད་པ། བྱིན་གྱིས་བརླབ་པ། དངོས་གཞིའི་མཆོད་པ་བཟླས་དམིགས་ལ་སོགས་པ་ནས་བདག་འཇུག་ལ་སོགས་པ་ཡན་ཆད་དེ་བསྙེན་པ་ཡིན་ནོ། །དེ་ནས་སྒྲུབ་པའི་གཞུང་ཚུལ་བཞིན་དུ་བསྲངས་ནས་བཟླས་སྒོམ་གྱི་ཕྱོགས་ལ་འབད་པ་དེ་ཉིད་ཀྱིས་དངོས་གྲུབ་ལ་ཉེ་བའི་མཚན་མ་མཐོང་བ་ནི་གོང་ནས་ཞུས་པ་ལྟར་དུ་ཉེ་བསྙེན། དེ་ལྟར་བསྒྲུབས་བསྒྲུབས་ནས་དངོས་གྲུབ་ཀྱི་མཚན་མ་བརྟན་པོར་མངོན་དུ་གྱུར་པ་ནི་སྒྲུབ་པ། དངོས་གྲུབ་དངོས་སུ་ལེན་པ་དེ་ཉིད་སྒྲུབ་ཆེན་ནོ། །དེ་ཡིས་འུ་ཚོས་སྒྲུབ་པའི་དབྱེ་བའི་ཐད་ཀྱི་ཁྱད་པར་ཅན་ཚོམ་བུ་ཚོགས་སྒྲུབ་ཞོར་དུ་བཤད་ཟིན་ཅིང་། གོང་ཞིག་ནས་སྒྲུབ་པ་འདི་ལ་ངོ་བོ་དབྱེ་བ་སྒྲུབ་ཚུལ་དགོས་པ་དང་བཞི་ཡིས་བཤད་དགོས་ཞེས་བཤད་པ་ཡིན་ལ། སྒྲུབ་ཚུལ་གྱི་དབང་དུ་བྱས་ན་ཇི་ལྟར་སྒྲུབ་པའི་ཚུལ་ཞིག་དང་། དེ་བསྒྲུབས་ནས་གྲུབ་པའི་འབྲས་བུ་ཞིག་སྟེ་གཉིས་ཡོད་དགོས་སོ། །ཇི་ལྟར་སྒྲུབ་པའི་ཚུལ་ནི་བསྐྱེད་རྫོགས་གཉིས་ཀྱི་སྒོ་ནས་བསྒྲུབ་དགོས་ཤིང་། དེའི་ལུང་ནི་མགོན་པོ་ཀླུ་སྒྲུབ་ཀྱིས། བསྐྱེད་པའི་རིམ་ལ་ལེགས་གནས་ཤིང་། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་གསུངས་སོ། །དབང་རྣོན་ཞིག་ཡིན་ན་དང་པོ་ཉིད་ནས་བསྐྱེད་རྫོགས་ཟུང་འཇུག་སྒོམ་ཆོག་ལ། དེ་མ་ཡིན་ན་དང་པོར་བསྐྱེད་རིམ་ལ་བརྟན་པ་ཐོབ་ཏུ་བཅུག་ནས་དེ་ནས་རིམ་པས་རྫོགས་རིམ་ལ་འཇུག་དགོས་སོ། །བསྐྱེད་རིམ་ཁྱད་ཆོས་བཞི་ལྡན། རྫོགས་རིམ་ཁྱད་ཆོས་གསུམ་ལྡན་དེ་ལྟར་གསུངས་ཡོད་ལ། བསྐྱེད་རིམ་གྱི་ཁྱད་ཆོས་བཞི་ནི་ཆོ་གའི་ཁྱད་པར་རྒྱུད་དོན་དང་འབྲེལ་བའི་བསྐྱེད་ཆོག་ཚང་བ། རང་འབྲས་ཀྱི་ཁྱད་པར་སྔགས་ཀྱི་མཐུ་སྐྱེད་ནུས་པ། ངོ་བོའི་ཁྱད་པར་ཞུ་བདེ་དང་སྟོང་ཉིད། བྱེད་ལས་ཀྱི་ཁྱད་པར་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བ་སྟེ་དེ་རྣམས་ཚང་བ་ཞིག་དང་། རྫོགས་རིམ་གྱི་ཁྱད་ཆོས་གསུམ་ཞེས་པ་ནི་རྒྱུའི་ཁྱད་པར་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ། བྱེད་ལས་ཀྱི་ཁྱད་པར་རྩ་ཐིག་རླུང་གསུམ་དག་ནས་དབུ་མར་དག་པར་བྱེད་པ། རྣམ་པའི་ཁྱད་པར་ལྷན་སྐྱེས་ཀྱི་བདེ་བ་བདེ་སྟོང་ཟུང་འཇུག་སྟེ་སྔགས་ཀྱི་སྤྱི་ཁྱབ་གསུང་སྲོལ་དེ་ལྟར་ཡིན་ཞིང་། བསྐྱེད་རྫོགས་རང་རང་གི་སྐབས་ཀྱི་བསྙེན་སྒྲུབ་ཡན་ལག་བཞི་རང་རང་ལ་སྦྱོར་རྒྱུ་དེ་ལྟར་ཡོད་དོ། །མདོར་ན་རིམ་གྱིས་པའི་ལམ་ཐམས་ཅད་བརྒྱུད་ནས་མཐར་ཐུག་པ་སྟེ་དེའི་ནང་གི་རྫོགས་རིམ་ལ་མཚོན་ན་རིམ་གྱིས་པའི་ལམ་ཐམས་ཅད་བརྒྱུད་ནས་མཐར་ཐུག་རྫོགས་པ་ཆེན་པོ་ལ་ཐུག་པ་མ་གཏོགས་སངས་རྒྱས་སྒྲུབ་པའི་ལམ་གཞན་ཞིག་མེད་དོ། །རྫོགས་རིམ་ཡིན་ན་ཐབས་མཚན་བཅས་ཀྱི་རྫོགས་རིམ་གྱིས་ཐབས་བྱུང་མཚན་མེད་ཀྱི་རྫོགས་རིམ་དེ་འདྲེན་ཐུབ་དགོས་ཤིང་། དབང་རྣོན་གཅིག་ཆར་བ་རྫོགས་ཆེན་གྱི་ཆེད་དུ་བྱ་བའི་གདུལ་བྱ་ཡིས་ཐབས་གཞན་ལ་མི་ལྟོས་ནས་བླ་མའི་མན་ངག་དང་བྱིན་རླབས་འཕོ་བའི་སྟོབས་ཁོ་ན་ཡིས་ཚུལ་དེ་ལ་འཇུག་ཐུབ་བོ། །སེམས་ཉིད་རིག་སྟོང་རྗེན་པ་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་ཐད་ཀ་ཐད་ནས་ངོ་སྤྲད་ནས་དེའི་སྟེང་ལ་དགག་སྒྲུབ་བཅོས་ལྷད་མེད་པར་བཞག་སྐབས་དང་པོ་ངོ་སྤྲོད་ཀྱི་མན་ངག་ཐོས་པ་དེ་ཉིད་བསྙེན་པའི་ཚད་ཡིན་ལ། དེ་དཔེ་ཇི་ལྟར་ཡིན་ན་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ལ་ཞུགས་པ་ལ་མིག་ཕྱེས་བཏང་བ་ལྟ་བུ་ཡིན་ནོ། །དེ་འཕྲོས་ངོ་སྤྲོད་ཀྱི་མན་ངག་དེ་ལ་མཐོང་ཞིང་ཐོས་པས་བསྟན་པ་དེ་ཉིད་ཐོས། ཐོས་དོན་དབང་གིས་གོ་བ་དེ་ཉིད་ཉེ་བར་བསྙེན་པ་སྟེ། དཀྱིལ་འཁོར་ངོ་མ་རིག་པ་ལྟ་བུ་ཡིན་ནོ། །བསྟན་པ་དེ་ཉིད་གོ གོ་བ་བཞིན་དུ་གོམས་པར་བྱས། རང་གནས་ཀྱི་ཡེ་ཤེས་ལ་མྱོང་བ་ཐོན་པ་དེ་ཉིད་སྒྲུབ་པ་ཡིན་ཞིང་། དཀྱིལ་འཁོར་རིག་པ་ཙམ་གྱིས་མི་ཚད་པར་དཀྱིལ་འཁོར་གྱི་ནང་དུ་ཞུགས་པ་ལྟ་བུ་ཡིན་ནོ། །གོམས་པ་དེ་ཡང་ཇེ་བརྟན་དུ་གྱུར་ནས་ལམ་གྱི་བྱ་རྩོལ་དང་ཐེག་བརྒྱད་གྲུབ་མཐའི་ཞེ་འདོད་ཀྱི་འཛིན་པ་ཞིག་ནས་རྫོགས་ཆེན་གྱི་དོན་ལ་གདེང་ཐོབ་པ་དེ་ཉིད་སྒྲུབ་པ་ཆེན་པོ་ཡིན་ལ། དཀྱིལ་འཁོར་མཐོང་། མཐོང་བར་ཞུགས། ཞུགས་པས་མི་ཚད་དབང་ཐོབ་པ་ལྟ་བུ་ཡིན་ནོ། །དེས་ན་རང་བཞིན་གྱི་དཀྱིལ་འཁོར་ཆེན་པོར་འཇུག་པ་ལ་མཐར་གཏུགས་ན་རང་རིག་རྩོལ་མེད་ཀྱི་ལམ་ལ་འཇུག་ནུས་དགོས་ཤིང་། གཞི་ལམ་འབྲས་བུའི་སྐོར་ལ་སོགས་པ་རྫོགས་པ་ཆེན་པོའི་ཁྲིད་ཡིག་རྣམས་ཀྱི་སྐབས་ནས་ཤེས་ཐུབ་བོ། །སྒྲུབ་པ་འདི་ལ་དགོས་པ་ཅི་ཞིག་ཡོད་ཅེ་ན། གནས་སྐབས་དང་མཐར་ཐུག་གི་འདོད་དོན་འདིས་འགྲུབ་ནུས་ལ། ལྟ་བས་གཏན་ལ་ཕབ་པའི་དོན་མངོན་དུ་གྱུར་ནས་མཐར་ཐུག་གི་གཏན་སྲིད་ཟིན་པར་བྱེད་པ་དེ་སྒྲུབ་པའི་དགོས་པ་ཡིན་ནོ། །བསྐྱེད་རྫོགས་ཀྱི་སྐབས་སུ་གསལ་སྣང་དང་ཆོས་ཉིད་གཉིས་ཀ་ཟུང་དུ་འཇུག་མི་ཐུབ་པ་ལྟ་བུ་སྟོང་པ་སྒོམ་ན་གསལ་ཁར་མི་ཉན་ལ། གསལ་བ་བསྒོམས་ན་སྟོང་ཁར་མི་ཉན་ཞིང་། གསལ་སྟོང་ཟུང་དུ་འཇུག་པ་སྣང་སྟོང་གཉིས་ཀ་ཡ་མ་བྲལ་བ་ཞིག་མི་ཐུབ་པ་དེ་བརྟན་པ་མ་ཐོབ་པའི་རྟགས་ཁག་མེད་པ་ཞིག་ཡིན་ནོ། །ལྷ་དང་སྣང་བ་ཆོས་ཉིད་གསུམ་འདྲེས་པ་དེ་རྣམ་སྨིན་རིག་འཛིན་གྱི་སྐབས་ཡིན་པས་ལོ་དང་ཟླ་བ་ཞག་མ་ཆ་རེ་ཡིས་ཐད་ཀར་དང་པོ་ཉིད་ནས་དེ་ལྟར་ཞིག་འབྱུང་བ་དཀའ་ཞིང་། དེས་ན་དེ་ལ་སུན་དུ་མི་འཇུག་ནས་ཞུམ་པ་སྤོངས་དང་དཀའ་ཁག་མེད་དོ། །འོན་ཀྱང་ལམ་ཁྱེར་ལ་ལྷའི་སྣང་ཆ་བཀྲ་ས་ལེ་བའི་ངང་དེ་ནས་དྲན་པ་བརྗེད་འབྱམས་སུ་མ་སོང་ཚེ་སྟོང་ཉིད་ཅེས་པ་ལོགས་ཤིག་ནས་སྒོམ་མི་དགོས་ཤིང་། ལྷར་སྣང་དུ་གསལ་བ་ཁོ་རང་གནས་ལུགས་ཡིན་ལ། དེའི་ཕན་དུ་གནས་ལུགས་བཙལ་མི་དགོས་སོ། །དེ་བརྗེད་སླ་མོ་ཞིག་ཡིན་པ་དེ་ད་ལྟའི་སྐབས་སུ་ལྷག་མཐོང་ཤུགས་ཆུང་བས་ཡིན་ཡང་དེའི་སྐབས་སུ་མཚམས་རེར་ལྷའི་གསལ་སྣང་ལ་ཤུགས་བསྐྱེད། མི་གསལ་བའི་སྐབས་སུ་ལྷའི་ང་རྒྱལ་དང་དྲན་རིག་ཟུང་དུ་སྦྲེལ། ཡང་མཚམས་རེར་དག་དྲན་ལ་ཐུགས་གཏད་རྒྱུ་ལ་སོགས་པ་དུབ་པ་སེལ་ཐབས་དེ་ལྟར་བྱེད་དགོས་སོ། །སྤྱིར་ན་བསྐྱེད་རིམ་འདི་ལ་ཡུལ་སྣང་བདེན་མེད་དུ་ཤེས་པ་སྒྱུ་མའི་བསྐྱེད་རིམ་ཞེས་པ་ཞིག་དང་། ལྷུན་གྲུབ་སྣང་སྟོང་དུ་ཤར་བ་ཟབ་མོའི་བསྐྱེད་རིམ་ཞེས་པ། ལྷ་སྐུ་ཞལ་ཕྱག་དང་བཅས་པ་སྤྲུལ་བའི་བསྐྱེད་རིམ་སྟེ་དེ་ལྟར་གསུམ་དུ་རིག་འཛིན་གོང་མ་རྣམ་པས་གསུངས་ཡོད་ལ། རྟོགས་པ་ཀློང་དུ་གྱུར་པ་ཞིག་ཡིན་ན་ཀུན་བརྟགས་བློས་བྱས་ཀྱི་བསྐྱེད་རིམ་ལ་མི་ལྟོས་པར་ལྷུན་གྲུབ་འདུས་མ་བྱས་པའི་བསྐྱེད་རིམ་རང་ཤར་ལྷུན་རྫོགས་ཀྱི་ངང་དུ་རྣམ་བཞིའི་ཕྲིན་ལས་རབ་འབྱམས་ལ་དབང་འབྱོར་བ་ཡིན་ནོ། །འོན་ཀྱང་ལས་དང་པོ་བས་དེ་ཙམ་ཞིག་མི་འབྱོར་བའི་སྐབས་འདིར་སྟོང་ཉིད་ཤེས་རབ་ཀྱི་གསལ་སྣང་ཐབས་ཀྱི་ལྷ་སྐུར་འཆར་བ་ཞིག་ལ་ཡུན་ཅི་གནས་སུ་བསྒོམས་ན་མི་འཆར་བའི་སྐབས་སུ་གོང་ནས་བཤད་པ་ལྟར་གྱི་ལྷ་སྐུའི་བརྡ་དོན་གྱི་དག་དྲན་དང་གསལ་སྣང་གི་ང་རྒྱལ་རེས་འཇོག་སྤེལ་མར་བྱས་ཏེ་བསྒོམས་ན་བར་ཞིག་གཡོ་ཐོབ་གོམས་བརྟན་མཐར་ཕྱིན་ནས་རྩལ་རིམ་པ་བཞིན་དུ་རྫོགས་ཏེ་དྲན་རྫོགས་ཀྱི་ལྷ་སྐུར་ལྡང་ནུས་པ་ཞིག་འགྱུར་རྒྱུ་ཡོད་དོ། །ངང་ཐུང་བྲེལ་ཚུབ་ཀྱིས་བཙན་ཐབས་ཀྱིས་ཨེ་ཡོང་གི་རེ་བ་བྱེད་མི་ཉན་ཡང་སྒྱིད་ལུག་བྱེད་མི་ཉན་ལ། ཐུན་རེར་བསྒོམས་ན་དོན་ཆེན་པོ་དང་ལྡན་ཞིང་། བཀའ་བརྒྱད་ཡོངས་འདུས་ཀྱི་ནང་དུ། དང་པོ་ལྷ་ཡི་རྣམ་པར་བསྒོམ། །རྣམ་པ་སེམས་སུ་ཤར་ཙམ་ན། །ཐ་མལ་རྟོག་པ་འཇིག་པར་འགྱུར། །ཞེས་དང་། བར་དུ་ལྷ་ཡི་མོས་པ་བསྒོམ། །མོས་གུས་བརྟན་པར་གྱུར་ཙམ་ན། །རང་དབང་རང་གིས་ཐོབ་པར་འགྱུར། །ཞེས་དང་། མཐར་ནི་ལྷ་ཡི་བྱིན་རླབས་བསྒོམ། །བྱིན་རླབས་ནུས་པས་གཞན་སྣང་སྒྱུར། །རང་རིག་དོན་དང་མཇལ་བར་འགྱུར། །ཞེས་དེ་ལྟར་གསུངས་ཡོད་པས་འུ་ཚོ་རྫོགས་པ་ཆེན་པོ་ཉམས་ལེན་པར་ཁས་འཆེ་བ་ཞིག་གིས་ལྟ་བ་བརྗོད་མེད་བློ་འདས་ཀྱི་གསལ་སྣང་ལྷ་སྐུར་འཆར་བ་ཞིག་ཏུ་བསྒོམ་དགོས་ཤིང་། མཚམས་རེར་ཁམས་དུབ་ན་དག་དྲན་སོགས་དང་རེས་མོས་གོང་ནས་བཤད་པ་ལྟར་དུ་བྱེད་དགོས་པ་དེ་ལྟར་ཡིན་ནོ། །སྐབས་འདིར་བཟླས་པ་བཤད་པའི་སྐབས་ཡིན་པས་བཟླས་པ་སྔགས་ཡིན་ཞིང་སྐབས་འདིའི་བཤད་བྱའི་སྔགས་ཀྱི་ངོ་བོ་ནི་རྒྱུ་ཐབས་དང་ཤེས་རབ་ཀྱི་ཡི་གེ་ལས་བཟླ་བྱའི་སྔགས་ཀྱི་ངོ་བོར་གྲུབ་པ་གང་ཞིག གྲུབ་པ་བཞི་དང་ལྡན་པས་དངོས་གྲུབ་སྒྲུབ་པ་ལ་ནུས་པ་ཐོགས་མེད་དུ་ལྡན་པ་སྟེ་སྔགས་ཞེས་པ་དེ་ལྟ་བུ་ཞིག་ཡིན་དགོས་སོ། །དེ་ལྟར་བཤད་ན་སྔགས་ཀྱི་རྒྱུ་ཡི་གེ་ཡིན་པ་དང་། ངོ་བོ་གྲུབ་པ་བཞི་ལྡན་ཡིན་པ་དང་། འབྲས་བུ་ནུས་པ་ཐོགས་མེད་ལྡན་པ་ཞིག་ལ་སྔགས་ཞེས་ཟེར་ན་དེ་ཡིན་པའི་ཡིན་ལུགས་ཇི་ལྟར་ཞེ་ན། རྒྱུ་ཡི་གེའི་ཐད་ནས་བཤད་ན་ཨ་ལ་སོགས་པའི་ཤེས་རབ་ཀྱི་དབྱངས་ཡིག་དང་། ཀ་ལ་སོགས་པ་ཐབས་གསལ་བྱེད་ཀྱི་ཕྱི་མོ་རྣམས་འཛོམས་པའི་དུས་སུ་ཨོཾ་ལ་སོགས་པའི་སྔགས་སུ་གྲུབ་པ་ཡིན་ཞིང་། དེ་ཡིན་ན་དེའི་ཡི་གེ་ལ་ཡང་དབྱེ་བ་དང་ནང་གསེས་ཀྱི་ཁྱད་པར་ཡོད་དོ། །ལུས་གནས་རྩ་ཡི་ཡི་གེ ཕོ་བྲང་ལྷ་ཡི་ཡི་གེ ཆོ་འཕྲུལ་སྤྲུལ་བའི་ཡི་གེ མཚོན་བྱེད་སྒྲ་ཡི་ཡི་གེ་སྟེ་བཞི་ཡོད་གསུངས་ཤིང་། དེ་ཡོད་ན་ལུས་གནས་རྩ་ཡི་ཡི་གེ་དེ་ལུས་གནས་ཀྱི་རྩ་འདབ་ན་དག་མ་དག་སྦྱང་བྱ་དང་སྦྱོང་བྱེད་ཀྱི་ཡི་གེ་རང་བཞིན་གྱིས་གནས་པར་གསུངས་ཡོད་རྒྱུ་དེ་ཚོ་ཡིན་ལ། རིགས་དྲུག་གི་ས་བོན་དང་ཨོཾ་ཨཱཿཧཱུྃ་ལ་སོགས་པ་རྣམས་ལྟ་བུ་ཡིན་ནོ། །ཕོ་བྲང་ལྷ་ཡི་ཡི་གེ་ནི་ལྷ་སྒོམ་སྐབས་དཀྱིལ་འཁོར་གྱི་ལྷ་གནས་སོ་སོ་ལ་ཀྲིཾ་བྲེཾ་ཏྲུཾ་ཀྵཾ་སྲུཾ་ཡེ་འཕྲོས། དེ་དྲུག་ཞི་བས་ཐུབ་དྲུག་སྐུ་ལ་སོགས་པ་དང་། ཆོ་འཕྲུལ་སྤྲུལ་བའི་ཡི་གེ་ནི་སངས་རྒྱས་ལོངས་སྤྱོད་རྫོགས་སྐུའི་སྐུ་གསུང་ཐུགས་ལས་ཡི་གེའི་སྤྲིན་འཕྲོས་ནས་སྤྲུལ་བ་མཛད་པ་ལྟ་བུ། མཚོན་བྱེད་སྒྲ་ཡི་ཡི་གེ་ནི་སྔགས་ཀྱི་སྒྲ་སོ་སོར་ངག་ནས་བརྗོད་རྒྱུ་དེ་ཉིད་ཡིན་ནོ། །རྒྱུ་ཡི་ཡི་གེ་དེ་ལྟར་ཡིན་ན་ངོ་བོ་གྲུབ་པ་བཞི་ལྡན་ཇི་ལྟར་ཚང་ཞེ་ན། ཆོས་ཉིད་ངོ་བོས་གྲུབ་པ། ཆོས་ཅན་རང་བཞིན་གྱིས་གྲུབ་པ། བྱིན་གྱིས་རླབས་ཀྱིས་གྲུབ་པ། ནུས་པ་མཐུ་ཡིས་གྲུབ་པ་སྟེ་གྲུབ་པ་བཞི་ལྡན་ཡིན་ལ། ཆོས་ཉིད་ངོ་བོས་གྲུབ་པ་ནི་ཡི་གེ་ཐམས་ཅད་སྟོང་ཆེན་མཉམ་ཉིད་ཀྱི་ངོ་བོ་གཅིག་ལ་ཡེ་ནས་གྲུབ་པ་ཞིག་ཡིན་པ་ནི་ཆོས་ཉིད་ངོ་བོས་གྲུབ་པ་ཡིན་ལ། ཆོས་ཅན་རང་བཞིན་གྱིས་གྲུབ་པ་ནི་ཆོས་ཉིད་ཅི་ཡང་མ་ཡིན་པ་ལས་ཅིར་ཡང་འཆར་དུ་རུང་བའི་རྟེན་འབྲེལ་བསླུ་མེད་ཡིན་པ་དེ་ཡིན་ཞིང་། བྱིན་གྱིས་རླབས་ཀྱིས་གྲུབ་པ་ནི་ཆོས་ཐམས་ཅད་ལ་མངའ་དབང་འབྱོར་བའི་རྫོགས་པའི་སངས་རྒྱས་དང་གྲུབ་པའི་དབང་ཕྱུག་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྣམ་པར་འཕྲུལ་བ་སྔགས་སུ་བཏབ་ནས་བྱིན་གྱིས་བརླབས་པ་དེ་ཉིད་བྱིན་གྱིས་རླབས་ཀྱིས་གྲུབ་པ་ཡིན་པ་དང་། ནུས་པ་མཐུ་ཡིས་གྲུབ་པ་ཞེས་པ་ནི་སྨན་ཞིག་ཡིན་ན་ནད་སེལ་བའི་ནུས་པ་དང་ལྡན་པ་དང། ནོར་བུ་ཡོན་ཏན་དང་ལྡན་པ་ཞིག་ཡིན་ན་ཁོ་རང་ལས་འོད་འབྱུང་བ་དང་གསོལ་བ་བཏབ་ན་དགོས་འདོད་འབྱུང་བའི་ནུས་པ་ཡོད་པ་ལྟར་དུ་སྔགས་ལ་དངོས་གྲུབ་སྒྲུབ་པའི་ནུས་པ་མི་བསླུ་བ་ཡོད་དེ། དཔེར་བཞག་ན་སིདྡྷི་ཧཱུྃ་ཞེས་པ་དངོས་གྲུབ་སྩོལ་ཞེས་པའི་དོན་ཡིན་ནོ། །ང་ཚོས་བོད་སྐད་ཀྱི་སྟེང་ནས་དངོས་གྲུབ་སྩོལ་དང་དངོས་གྲུབ་སྩོལ་ཅེས་བརྗོད་ན་ཇི་ལྟ་བུ་ཞིག་ཡིན་ཞེ་ན། དོན་རྣམས་གཅིག་པ་ཡིན་ཡང་བྱིན་གྱིས་བརླབས་པའི་ནུས་པ་དང་ལྡན་མི་ལྡན་གྱི་སྔགས་ཡིན་མིན་གྱི་ཁྱད་པར་ཆེན་པོ་རྒྱུགས་ཡོད་ཅིང་། དེ་བཞིན་དུ་ད་ལྟའི་སྐབས་སུ་དཔེར་བཞག་ན་སྐད་རིགས་གཞན་གྱི་ཐོག་ནས་ཆོས་བཤད་ཁུལ་བྱས་ན་སྒྱུར་སྟངས་ལེགས་པོ་ཡིན་རྒྱུ་ལོས་ཡིན་ཡང་དང་པོ་བོད་སྐད་དང་བོད་ཡིག་གི་ཐོག་ནས་ཐོབ་པ་དེ་ཉིད་དོན་ཕྱོགས་འདྲ་རེས་གོ་བརྡ་སྤྲད་པའི་རྗེས་སུ་དེ་ངོ་མ་ཐོབ་ཡོད་ཟེར་དགོས་ན་ཅུང་ཟད་དཀའ་མོ་རེད་སྙམ་གྱིན་ཡོད། འོ་ན་དགའ་རབ་རྡོ་རྗེས་བོད་སྐད་སྦྱངས་ནས་བོད་སྐད་ཀྱི་ཐོག་ནས་གསུངས་པ་ཡིན་ནམ། འུ་ཚོ་ལ་ཐོབ་པ་རྣམས་བོད་སྐད་ཀྱི་སྟེང་ནས་ཐོབ་པ་ཞིག་རེད་སྙམ་ན། དེ་མི་འདྲ་སྟེ། ཆོས་སྐུ་ཀུན་ཏུ་བཟང་པོ་ལ་བླ་མ་ཞེས་པ་ཞིག་མ་དགོས་ལ། བོད་ཀྱི་སྒྲུབ་བརྒྱུད་ཀྱི་བཀའ་བབས་རྣམས་ལ་དོན་དབང་རིག་པ་རྩལ་དུ་ཐོབ་ནས་བརྒྱུད་པ་གསུམ་ཁ་རྫོགས་སོང་བའི་ལོ་རྒྱུས་མང་པོ་ཡོད་ཅིང་། དཔེར་ན་ཀུན་མཁྱེན་འཇིགས་མེད་གླིང་པ་ཡི་བླ་མ་ངོ་མས་བཤད་ན་གུ་རུ་རིན་པོ་ཆེ་དང་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་གཉིས་ཀ་ཡིན་ལ། བླ་མ་བཟང་པོ་ཨོ་རྒྱན་ཆོས་རྗེ་ལ་ཞུས་པས། །བྱིན་རླབས་ཟབ་མོ་དགོངས་བརྒྱུད་སྤྲོས་བྲལ་དེ་བབས་བྱུང་། །ལྟ་སྒོམ་ཡེ་བབས་སྐུ་གསུམ་ལྷུན་གྲུབ་དེ་དགའ་འོ། །ཉམས་ལེན་བྱར་མེད་བློ་འདས་ཡེ་གྲོལ་དེ་སྐྱིད་དོ། །ཞེས་གསུངས་ཤིང། ཡང་། དོན་དབང་ཟབ་མོ་དྲི་མེད་འོད་ཟེར་ལ་ཞུས་པས། །ཐུགས་སྲས་ལས་ཅན་རྟོགས་གྲོལ་དུས་མཉམ་ལ་ལངས་སོང་། །དཀའ་སྤྱད་དུས་ལྟར་ཞེ་འདོད་མ་དགོས་པ་སྐྱིད་དོ། །ཞེས་གསུངས་པ་དང་འདྲ་བར་དེ་ལྟ་བུ་ཡིན་ན་རིག་རྩལ་ཆོས་རབ་རྣམ་འབྱེད་ཀྱི་མཁྱེན་པའི་ཀློང་བརྡོལ་ནས་ཤེས་བྱའི་མཁའ་ལམ་ལ་ཐོགས་མེད་དུ་གནམ་འཕང་གཅོད་པ་མ་གཏོགས་དཔྱིད་ཁའི་ཡར་ངན་ལ་ལ་འགོས་པ་དང་འདྲ་བར་ལྟ་སྤྱོད་གང་གི་ཐད་ནས་སྣ་བཙུགས་ཁུར་བ་མ་ཡིན་ནོ། །དེ་ཚོ་དོན་མེད་དུ་བཤད་བཞིན་འདུག བླ་བརྡོལ་སྨྲ་བའི་གཏམ་ཞེས་པ་དེ་ཡིན་ལ། དོན་མེད་ཀྱི་ངག་འཆལ་ཅི་ཞིག་གིས་བཤད་ཡོང་མ་ཤེས་སོ། །སྔགས་ལ་བྱིན་རླབས་ཡོད་པ་ཡིན་ཞིང་། ནུས་པ་མཐུ་ཡིས་གྲུབ་པ་ཟེར་བ་དེ་ཡིན། རང་གར་བཤད་པའི་ངག་ཚིག་དང་མི་འདྲའོ། །བརྒྱུད་པའི་བྱིན་རླབས་དེ་ཚོ་བླ་མས་གསུངས་པའི་སྐད་ཡིག་གི་ཐོག་ནས་གཞན་ལ་ལུང་ལ་སོགས་པ་བཏོན་ན་ཐོབ་ཤག་ཤག་མགོ་ངན་མེད་པ་དེ་རེད་སྙམ། དེ་འཕྲོས་དོན་ལ་ཅི་ཞིག་བཤད་བཞིན་ཡོད་ན་སྔགས་ལ་སྔགས་ཡིན་པར་མ་ཤེས་ནས་ཕལ་བ་དང་འདྲ་བར་བཟུང་ན་ཡང་བྱེད་ལས་མི་བྱེད་གསུངས་ཤིང་། སྔགས་ཡིན་རྒྱུའི་ནུས་པ་ཡོད་པ་དང་དེ་ལ་དད་པ་དང་འདུན་པ་ཡོད་ན་སྔགས་ཀྱི་བྱེད་ལས་ཡོད་མ་གཏོགས་སྔགས་ཡིན་པར་མ་ཤེས་ནས་རང་གར་ཁ་ལ་བབས་ནས་སྔགས་ཤིག་འགྱུར་བས་ནུས་པ་མེད་གསུངས་སོ། །སྔགས་ཞེས་པ་རྟོག་མེད་ཡིད་བཞིན་གྱི་ནོར་བུའི་ཚུལ་ཅན་ཞིག་ཡིན་པས་དེའི་བྱིན་རླབས་དེ་ཟླ་གཟུགས་ཆུ་ནང་དུ་ཤར་བ་དང་འདྲ་བ་ཡིན་ན་ཟླ་གཟུགས་ནམ་མཁའ་ན་ཡོད་ཀྱང་ཤར་སའི་ཆུ་ས་གཞི་ལ་མེད་ན་གཟུགས་བརྙན་ཤར་ཐབས་མེད་ལ། དེ་དང་འདྲ་བར་སྔགས་ཀྱི་བྱིན་རླབས་འཇུག་དགོས་བསམས་ནས་དངོས་གྲུབ་ཐོབ་པར་འདོད་ན་རྐྱེན་དད་པ་ལ་སོགས་པ་ཡོད་དགོས་སོ། །སྔགས་འདི་རྒྱུ་ཡི་གེ་ཡིན་ཞིང་། ངོ་བོ་གྲུབ་པ་བཞི་ལྡན་ཡིན་ལ། བྱེད་ལས་དེ་ནུས་པ་ཐོགས་མེད་ཡིན་ཞེས་དེ་ལྟར་བཤད་དོ། །གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་སྔགས་ཀྱིས་སྒྲུབ་མི་ཐུབ་པ་ཞིག་མེད་ལ། མེད་པའི་རྒྱུ་མཚན་ནི་སྔགས་ལྷ་ཡི་ངོ་བོ་ཡིན་པས་སྒྲུབ་ཐུབ་ཅིང་། གང་ཟག་ཐ་མལ་པ་ཞིག་ལ་ཆ་མཚོན་ན་ད་ལྟ་སོ་སོའི་སྐྱེ་བོ་ནུས་པ་མེད་པ་ཞིག་ཡིན་ཡང་སངས་རྒྱས་དང་བྱང་སེམས་རིག་འཛིན་གྲུབ་པ་ཕོ་མོ་གྲོགས་སུ་བཀུག་ནས་ཞི་རྒྱས་དབང་དྲག་གི་ལས་བཞི་བསྒྲུབ་རྒྱུ་ཡོད་པས་མི་ཚད་འགྲུབ་རྒྱུ་ཡང་ཡོད་དོ། །ལར་འབྲོག་པའི་མི་སྐྱ་ཕོ་མོ་ཡིན་ཡང་རྟ་ཟོག་བདེ་འཚམས་མ་གྱུར་ན་རྟ་གཟུངས་ནོར་གཟུངས་རྒྱབ་ཆོག་བྱེད་དགོས་པ་དེ་ཉིད་ཤེས་བཞིན་ཡོད་ཅིང་། ཐུན་མོང་གི་སྤྱོད་ཡུལ་དུ་གྱུར་པ་ནུས་པ་ཅན་སྔགས་ལྟ་བུ་ཞིག་མེད་ལ། ཡང་འབྲོག་པ་རྣམས་ཀྱིས་ཁ་བ་ཆེན་པོ་འབབ་བོ་དྲན་དུས་གླ་ཆེན་པོ་བྱིན་ནས་ཁ་བ་འགོག་ཁར་བཅུག་པ་དང་། རོང་བའི་ས་ཆ་ཡིན་ན་དབུས་གཙང་གི་ཕྱོགས་སུ་སེར་བ་སྲུང་མཁན་ཁང་བའི་ཐོག་ཏུ་ཐུག་ནག་བཙུགས་ཡོད་པ་དེ་འདྲ་ཡོད་དར། དེ་ཚོས་སྔགས་བཟླས་ནས་དེའི་ནུས་པ་འདོན་ཁུལ་བྱེད་པ་རེད་མ་གཏོགས་གཞན་མིའི་ནུས་པ་ཞིག་ཅི་ཡང་མ་ཡིན་ནོ། །གྲུབ་པའི་རིག་འཛིན་གྱིས་བྱིན་གྱིས་བརླབས་པའི་སྔགས་ཀྱི་ནུས་པ་ལ་བརྟེན་པ་ཡིན་ཞིང་། ཡང་དེ་འདྲ་བའི་ནང་ལ་ནུས་པ་མི་འབྱིན་པ་མང་པོ་ཡོད་ལ། སྔགས་ལ་ནུས་པ་མེད་པ་ཅི་ཡིན་ཏེ་མིས་བཟླས་དམིགས་བསྐྱེད་རྫོགས་ཀྱི་གང་ཞིག་གི་ཕྱོགས་ནས་མ་ནུས་པ་ཡིན་ན་གཞན་ཕྱོགས་ཤིག་ནས་མ་ནུས་པའི་རྟགས་ཡིན་ནོ། །ཆོས་ཀྱི་སྐྱོན་མ་ཡིན་ཡང་གང་ཟག་གི་སྐྱོན་ཡིན་ལ། གང་ཟག་གི་སྐྱོན་ལ་ལོག་པའི་ལམ་ལ་མཐའ་མེད་པས་དེ་བཤད་ཚོད་ཅི་ཡོད། ཆོས་ཀྱི་གྲགས་པ་ཅིའི་ཕྱིར་མིི་བདེན་ཏེ་བདེན་པ་ཡིན་ནོ། །སྔགས་འདིའི་དབྱེ་བའི་སྟེང་ནས་བསམ་བློ་བཏང་ན་སྤྱི་དང་བྱེ་བྲག་ཁྱད་པར་གྱི་དབྱེ་བ་མང་ཞིང་། སྤྱིའི་དབྱེ་བའི་ཐད་ཀྱི་གཞི་ལམ་འབྲས་གསུམ། བྱེ་བྲག་སྔགས་ཀྱི་སྒྲ་འཇུག་ས་དེ་ལྟ་བུ་ཡོད་ལ། ཁྱད་པར་གྱི་དབྱེ་བ་ནི་དཔེར་ན་ཟློས་པའི་སྔགས་སྐབས་ཀྱི་བཤད་བྱ་འདི་ཡིན་ན་འདི་ལ་གསང་སྔགས། རིག་སྔགས། གཟུངས་སྔགས་གསུམ་གྱི་དབྱེ་བ། དེ་གསུམ་སླ་མོ་ཞིག་གིས་བཤད་ན་རྒྱུ་གཟུངས་ཐོབ་པ་ལས་སྔགས་བྱིན་གྱིས་བརླབས་པ་ཡིན་པས་གཟུངས་སྔགས། ངོ་བོ་རིག་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ཡིན་པས་ན་རིག་སྔགས། ཐབས་གསང་བས་བཟླ་བར་བྱ་བ་ཡིན་པས་ན་གསང་སྔགས། དེ་ཡང་ལྡོག་པའི་དབྱེ་བ་ཙམ་མ་གཏོགས་ངོ་བོ་ལ་ཁྱད་པར་མེད་པ་ལ་སོགས་པ་སྦྱར་ཚུལ་སྣ་ཚོགས་པ་ཡོད་རྒྱུ་ཅན་དེ་ལྟ་བུ་ཞིག་ཡིན་ནོ། །བྱེ་བྲག་ཏུ་དཀྱིལ་འཁོར་གང་ཡང་རུང་བ་དང་འབྲེལ་བའི་སྔགས་ལ་མཚོན་ན་གོང་ནས་བསྐྱེད་ཆོག་གི་སྐབས་ནས་ཀྱང་བཤད་མྱོང་ཡང་རྒྱུ་མ་ནོར་བ་རྩ་བའི་སྔགས་ས་བོན་གྱི་སྔགས་ལྟ་བུ། བསྐྱེད་པ་རྐྱེན་གྱི་སྔགས་ལྷ་བསྐྱེད་དང་དབང་བསྐུར་སྤྱན་འདྲེན་མཆོད་པ་རྣམས་ཀྱི་སྐབས་སུ་བརྗོད་རྒྱུ་རྣམས་ལྟ་བུ། བཟླས་པ་ལས་ཀྱི་སྔགས་ལྷའི་སྙིང་པོ་བཟླ་རྒྱུ་ཅན་དང་གསུམ་མོ། །དེའི་ནང་གི་བཟླས་པ་ལས་ཀྱི་སྔགས་འདི་ཡིན་ན་ཡང་ནང་གསེས་ཀྱི་གཙོ་བོའི་སྔགས། འཁོར་གྱི་སྔགས། སྤྱི་དྲིལ་གྱི་སྔགས། ལས་ཀྱི་ཤམ་བུའི་སྔགས་ལ་སོགས་པ་དང་། ད་རུང་བསྙེན་སྒྲུབ་ལས་གསུམ་གྱི་སྔགས། རྩ་སྔགས་དང་སྙིང་པོ་ཉེ་སྙིང་ལ་སོགས་པ་ནང་གི་དབྱེ་བ་མང་པོ་ཡོད་དོ། །རྒྱུད་དང་སྒྲུབ་ཐབས་སོ་སོའི་ནང་གི་སྔགས་ཀྱི་དབྱེ་བསྡུ་མཐའ་གཅིག་ཏུ་གཅིག་ལྟ་བུ་ཡིན་པའི་ངེས་པ་ཡང་མེད་ཅིང་། སྤྱིར་བཏང་དེ་ལྟར་ཡིན་ནོ། །སྔགས་ལ་འཇུག་པ་ལ་འཇུག་ལུགས་གསུམ་ཡོད་ལ། ཤེས་རབ་དང་གཅིག ཏིང་འཛིན་དང་གཉིས། བརྩོན་འགྲུས་དང་གསུམ་ཡོད་པ་ཞིག་གིས་འཇུག་དགོས་སོ། །དེ་ཇི་ལྟར་ཡིན་ཞེ་ན། ཤེས་རབ་ཟབ་མོས་སྔགས་ལ་ཡིད་ཆེས་ཡོད་དགོས་ལ། དོན་དམ་པར་ཆོས་ཐམས་ཅད་དག་མཉམ་ཆོས་སྐུ་ཆེན་པོའི་ཀློང་ན་རིས་སུ་མ་ཆད་པ་དང་། ཀུན་རྫོབ་ཏུ་ལྷའི་སྐུ་དངོས་དང་སྔགས་གཉིས་ཀ་གདུལ་བྱའི་དོན་དུ་ཡེ་ཤེས་རྣམ་པར་འཕྲུལ་བ་ཡིན་པ་དེ་ཉིད་ཚང་མར་ཁྱད་མེད་དུ་རྟོགས་པ་ཞིག་གིས་སྔགས་དེ་ལྷ་རུ་འཛིན་ཤེས་དགོས་ཤིང་། དེའི་ཐོག་ཏུ་དེའི་གེགས་དང་བར་ཆད་དུ་འགྱུར་བའི་ཀུན་རྟོག་བསལ་ནས་མེད་པར་བྱེད་དགོས་པ་དང་། ལྷ་སྔགས་ལ་བཟང་ངན་བལྟས་ནས་དོན་ལ་ཐ་དད་དོ་སྙམ་པའི་དོགས་པ་བསལ་དགོས་སོ། །སངས་རྒྱས་དེ་གདུལ་བྱའི་ངོ་ལ་རྣམ་པ་འདྲ་དང་མི་འདྲར་བྱས་ཏེ་སྣང་བ་ཡིན་ཞིང་། སངས་རྒྱས་རྣམས་ཕལ་བའི་ངོར་སྔགས་ཀྱི་རྣམ་པར་སྟོན་བཞིན་ཡོད་པ་དང་། སྔགས་གྲུབ་དུས་ལྷ་མངོན་སུམ་དུ་སྣང་ཐུབ་ལ། ལྷ་ཉིད་སྔགས་སུ་སྣང་བར་བསྒྲུབས་པས་སྔགས་ཉིད་ལྷར་སྣང་བའི་ཚུལ་དུ་གདུལ་བྱ་ལ་དངོས་གྲུབ་སྩོལ་བར་བྱེད་ཐུབ་བོ། །ཡང་སྔགས་དེ་ཡི་གེའི་ཐོག་ཏུ་བྲིས་ཡོད་པ་དེ་ངས་རྗོད་ཀྱིན་ཡོད་པ་ཡིན་ཞིང་། དེ་ལྷ་མ་ཡིན་སྙམ་ནས་རྣམ་པ་ཐ་དད་པས་དོན་ལ་ཐ་དད་དུ་འཛིན་པའི་བློ་དེ་ཡང་བསལ་དགོས་ལ། བསམ་བློ་ཐོངས་དང་འུ་ཚོའི་འཁྲུལ་རྟོག་གི་རྣམ་པ་ཐ་དད་དུ་སྣང་བ་དེ་ཐ་དད་དུ་ཡིན་པའི་རྒྱུ་མཚན་དང་གཅིག་ཏུ་སྣང་ན་གཅིག་ཡིན་པའི་རྒྱུ་མཚན་མེད་དེ། དཔེར་ན་སེམས་གཅིག་པུ་འདི་ཉིད་རྨི་ལམ་རྨིས་པའི་གནས་སྐབས་ན་བག་ཆགས་ཀྱི་དབང་གིས་བེམ་པོར་སྣང་ལ། དེའི་གནས་སྐབས་ན་བེམ་ཤེས་གཉིས་སུ་སྣང་ཞིང་། བེམ་ཤེས་གཉིས་ཀ་གཅིག་ཡིན་ན་གཅིག་ཡིན་ས་མི་འགྲོ་ཡང་འཁྲུལ་རྟོག་ལ་དེ་ལྟར་སྣང་ངོ་། །ཡང་ཐ་དད་ཡིན་པ་དེ་ཉིད་གཅིག་ཏུ་ཡིན་སྣང་ཤར་ཞིང་། འུ་ཚོར་ཐ་དད་ཡིན་པའི་ལུས་རྡུལ་ཕྲན་ཕུང་པོ་བསགས་པ་འདི་ཉིད་ཀྱང་གཅིག་གི་སྣང་བ་ཤར་ལ། སངས་རྒྱས་གཅིག་ཉིད་ཞི་བ་དང་ཁྲོ་བོའི་ཚུལ་གྱིས་བསམ་ཡས་སྒྱུ་འཕྲུལ་དྲ་བའི་རོལ་བར་སྣ་ཚོགས་འཆར་བ་ཡིན་པས་རྣམ་པ་ཐ་དད་པ་ཙམ་ཞིག་གིས་ལྷ་མིན་པར་འཛིན་རྒྱུ་མེད་པ་དང་། ད་རུང་རང་རྒྱུད་དང་གཞན་རྒྱུད་ཀྱིས་བསྡུས་མ་བསྡུས་ཀྱི་ཐད་ནས་ཐ་དད་དོ་སྙམ་རྒྱུ་མེད་དོ། །ངེས་པ་དོན་གྱི་ལྷ་ཞེས་པ་ཆོས་ཐམས་ཅད་ཀྱི་གནས་ལུགས་ཟུང་འཇུག་གཞི་ཡི་དེ་བཞིན་ཉིད་གློ་བུར་དྲི་བྲལ་གྱི་གནས་སྐབས་ཀྱི་རང་བྱུང་ཡེ་ཤེས་ཀྱི་བདག་ཉིད་ཅན་དེ་ཡིན་ཞིང་། དེའི་ཡེ་ཤེས་སྒྱུ་འཕྲུལ་དྲ་བ་སྣ་ཚོགས་སུ་ཤར་བ་དེ་ཉིད་མི་ཤེས་ནས་གཞན་རྒྱུད་ཀྱིས་བསྡུས་པའི་ལྷ་ཞིག་ག་ཤེད་ཅིག་ན་ཡོད་སྙམ་བྱས་ན་དེ་རྡུལ་དང་སྐད་ཅིག་མའི་ཆ་ཤས་ཅན་ཞིག་མིན་ཐབས་མེད་ལ། ཕྱོགས་དུས་ཀུན་ན་ཁྱབ་པའི་རྣམ་པ་ཐམས་ཅད་པའི་སྐུར་གྱུར་ཐུབ་མེད་དོ། །དེས་ན་ཐ་མལ་བའི་བློ་ལ་སྣང་ཚུལ་ཙམ་གྱིས་ཆོས་ཐམས་ཅད་ལ་མངའ་དབང་འབྱོར་བའི་སངས་རྒྱས་ཀྱི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པ་དཔོག་མི་ཐུབ་སྟེ། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །ལྕེ་དང་ལུས་དང་ཡིད་ཀྱང་ཚད་མ་མིན། །གལ་ཏེ་དབང་པོ་འདི་དག་ཚད་ཡིན་ན། །འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་བྱ། །ཞེས་གསུངས་པ་ལྟ་བུ་ཡིན་ནོ། །རང་སེམས་ཀྱི་དྲི་མ་དག་རིམ་དང་བསྟུན་ནས་སངས་རྒྱས་ཀྱི་ཆོ་འཕྲུལ་དང་བྱིན་རླབས་ཇེ་མངོན་ཇེ་མངོན་དུ་གྱུར་ཡོང་ཞིང་། མཐར་ཐུག་དྲི་མ་ཡོངས་སུ་དག་ནས་གནས་ལུགས་མངོན་དུ་གྱུར་པའི་གནས་སྐབས་ན་སངས་རྒྱས་ཐམས་ཅད་རང་ཉིད་དང་། རང་ཉིད་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང་གཉིས་སུ་མེད་པའི་ཆོས་ཉིད་ཡེ་ཤེས་ཀྱི་སྐུ་བརྙེས་ཡོང་ལ། ད་ལྟའི་གནས་སྐབས་ན་རང་གི་ངོ་ལ་སངས་རྒྱས་ཐམས་ཅད་སྔགས་ཀྱི་རྣམ་པར་ཤར་ནས་གནས་སྐབས་དང་མཐར་ཐུག་གི་དོན་སྒྲུབ་པར་མཛད་པ་ཡིན་སྙམ་ནས་སྔགས་ལ་ཡིད་ཆེས་བསྐྱེད་རྒྱུ་དེ་ཉིད་སྔགས་སྒྲུབ་པའི་རྒྱུའི་གཙོ་བོ་ཡིན་ནོ། །དེས་ན་སྔགས་ལ་ཞུགས་དུས་ཤེས་རབ་ཏིང་འཛིན་བརྩོན་འགྲུས་གསུམ་ཡོད་དགོས་ཞེས་བཤད་པ་ཡིན་ལ། ཤེས་རབ་ཀྱི་ཐད་ནས་དེ་ལྟར་ཡིན་ཞིང་། ཏིང་འཛིན་གྱི་ཐད་ཀྱི་དངོས་གཞི་ཏིང་འཛིན་གསལ་བ་ཡིན་པ་དང་གྲོགས་ལྟ་བས་ཟིན་པ་གཉིས་ཀ་གནད་ཆེའོ། །སྐུ་དང་ཐུགས་སྲོག་སྔགས་ཕྲེང་འཕྲོ་འདུ་དེ་ཚོ་རྣམ་པ་ཤིན་ཏུ་གསལ་བ་ཡིན་པ་དེ་ཡང་ཡིད་ངོར་ཤར་བ་ཙམ་མ་ཡིན་ལ། དེ་འདྲ་ཡོད་པ་ཡིན་སྙམ་པ་ཙམ་ཡང་མ་ཡིན་པར་བདག་ཉིད་ལྷའི་ང་རྒྱལ་དུ་བྱ་བ་དང་། ལྷ་དེ་ཡང་མིང་གཟུགས་མཚན་མའི་རྣམ་པ་ཅན་གྱི་རང་རྒྱུད་པ་ཞིག་ཏུ་མི་གཟུང་བར་སྤངས་རྟོགས་མཐར་ཕྱིན་འབྲས་བུའི་ཡེ་ཤེས་རྣམ་པ་ཐམས་ཅད་པ་དེ་ལྷ་སྔགས་ཀྱི་རྣམ་པར་ཤར་བའི་དག་དྲན་དེ་ལྟར་བྱེད་དགོས་སོ། །དེ་ལ་གྲོགས་ལྟ་བས་ཟིན་པར་བྱ་བ་ལ་ཇི་ལྟར་ཟིན་དགོས་ཤེ་ན། ལྷ་སྔགས་ཀྱི་གསལ་སྣང་དེ་ཐམས་ཅད་ཀྱང་དག་མཉམ་བདེན་པ་དབྱེར་མེད་ཡེ་ནས་ཆོས་སྐུ་ཐིག་ལེ་ཉག་གཅིག་གི་ངང་ཚུལ་ལས་མ་འདས་པར་ཤེས་པར་བྱས་ནས་དམིགས་པ་གཞན་གྱིས་བར་མ་ཆོད་པ་ཞིག་གི་ཐོག་ནས་རྩེ་གཅིག་ཏུ་གནས་དགོས་ལ། དེ་ལྟར་ཞི་གནས་སྒྲུབ་པའི་སྐབས་སུ་ལྷག་མཐོང་རང་ཤུགས་ཀྱིས་འབྱུང་ཞིང་། གསལ་བརྟན་དག་གསུམ་ཇི་སྙེད་པའི་ལྷག་མཐོང་དང་། ལྟ་བས་ཟིན་པ་དེ་ཇི་ལྟ་བའི་ལྷག་མཐོང་དུ་འགྲོའོ། །ཤེས་རབ་དང་ཏིང་འཛིན་གྱིས་སྔགས་ལ་ཞུགས་པ་དང་མཉམ་དུ་བརྩོན་འགྲུས་ཡོད་དགོས་ཤིང་། བརྩོན་འགྲུས་མེད་ན་མཐར་ཕྱིན་མི་ཐུབ་ལ། དང་པོ་སྔོན་འགྲོ་དབང་ཐོབ་དམ་ཚིག་ལ་གནས། སྔགས་དག་པ་དང་བཟླ་ལུགས་ཤེས་པ། དངོས་གཞི་སྔགས་བཟླ་བའི་གནས་སྐབས་ན་དྲན་ཤེས་བག་ཡོད་དང་ལྡན་པས་སྒོ་གསུམ་གྱི་གཡེང་བ་ཐམས་ཅད་སྤངས་ནས་ཚུལ་བཞིན་དུ་བཟླ་དགོས་སོ། །བཟླས་པ་ངོ་མ་ལ་བཟླ་ལུགས་ཀྱི་རྣམ་གྲངས་མང་པོ་ཡོད་པ་དང་། སྔོན་མ་ཞིག་ནས་ཀྱང་བཤད་མྱོང་ཞིང་། རྒྱས་བཤད་བྱས་མ་བྱས་མི་འདུག་ལ། ཧ་ལམ་ཕྱོགས་མགོ་ཙམ་ཞིག་བཤད་ན་ཡིད་བཟླས་ཞེས་པ། ཤུབ་བུར་བཟླས་པ་ཞེས་པ། དབྱངས་བཟླས་ཞེས་པ། དེ་རེ་རེ་ལ་ནང་གསེས་ཀྱི་དབྱེ་བ་མང་པོ་ཡོད་དོ། །དེའི་ནང་གི་ཡིད་བཟླས་རྐྱང་པ་ལ་མཚོན་ན་ཡིད་བཟླས་ཙམ་ཞེས་པ་དང་། འགོག་བཟླས་ཞེས་པ་རྣམ་པ་གཉིས་ཀྱི་དབྱེ་བ་སྟེ། ཡིད་བཟླས་ཙམ་ནི་སྙིང་ཁའི་སྔགས་ཕྲེང་དང་ས་བོན་ལ་དམིགས་པ་གཏད་ནས་དེས་རང་སྒྲ་སྒྲོག་པའི་ཚུལ་གྱིས་ཡིད་ཀྱིས་ཡང་ནས་ཡང་དུ་བཟླ་རྒྱུ་མ་གཏོགས་མཆུ་འགུལ་བ་སོགས་ཀྱི་རྩོལ་བ་མི་དགོས་པ་དེ་ལྟ་བུ་ཡིན་ལ། དེ་རླུང་དང་སྦྱར་ན་ཡང་འགོག་བཟླས་སུ་འགྱུར་རོ། །དེ་ལ་ཡང་ནང་གསེས་ཀྱི་འགོག་བཟླས་དང་། རྡོར་བཟླས། བུམ་ཅན་གྱི་བཟླས་པ་ཞེས་པ་དེ་ལྟར་ཡོད་ལ། དེའི་ནང་གི་འགོག་བཟླས་ལྟ་བུ་ཡིན་ན་སྲོག་རྩོལ་ནང་དུ་བསྡོམས་ཤིང་ཡིད་ཀྱིས་བཟླ་རྒྱུ་དེ་ལྟ་བུ་ཡིན་པ་དང་། སྲོག་རྩོལ་ཞེས་པ་ནི་སྲོག་ནི་རླུང་དང་རྩོལ་བ་དྲན་པའམ་ཡིད་ཀྱི་རྒྱུ་བ་ཡིན་གསུངས་ཡོད་ཅིང་། དེ་བསྡོམས་ནས་ཡིད་བཟླས་བྱེད་དུས་ལུས་ངག་གི་རྩོལ་བ་ཤུགས་ཀྱིས་ཁེགས་ནས་ཡོན་ཏན་ཁྱད་པར་ཅན་འགྲུབ་པའི་དགོས་པ་དེ་ལྟ་བུ་ཡོད་དོ། །རྡོར་བཟླས་ལྟ་བུ་ཡིན་ན་རླུང་འབྱུང་འཇུག་གནས་གསུམ་སྔགས་དང་སྦྱར་ནས་དམིགས་པ་མ་ཡེངས་པར་བྱེད་རྒྱུ་དེ་ཡིན་ཞིང་། བུམ་ཅན་བཟླས་པར་འདོད་ན་རླུང་སྦྱོར་བ་བཞི་ལྡན་གྱིས་བུམ་ཅན་དང་སྦྲགས་ནས་ཡིད་བཟླས་བྱེད་རྒྱུ་དེ་ཡིན་ནོ། །དེ་བཞིན་དུ་ཤུབ་བུར་བཟླས་པ་ཞེས་པ་ནི་སྒྲ་མེད་ཅིང་མཆུ་དང་མགྲིན་པའི་བྱེད་རྩོལ་གྱིས་སྒྲ་མ་གྲག་ན་ཡང་མཆུ་དང་མགྲིན་པའི་བྱེད་རྩོལ་དགོས་པ། དབྱངས་བཟླས་སྒྲ་མི་ཆེ་མི་ཆུང་ལ་སོགས་པ་ཡོན་ཏན་བཅུ་དང་ལྡན་པའི་ཐོག་ནས་དེ་ཡང་མཁུར་བར་དབུགས་ཀྱི་རླུང་འབྱིན་པའི་དབྱངས། ཚངས་པའི་དབྱངས་ཀྱི་འགྲན་ཚུལ་གྱི་དབྱངས་ལ་སོགས་པ་རྒྱུད་གཞུང་ནས་མང་པོ་གསུངས་ཡོད་པ་དེ་ལྟར་ཡིན་ནོ། །ད་ལྟ་རང་རེས་བཟླ་རྒྱུ་འདི་དབྱངས་བཟླས་ཀྱི་ཁོངས་སུ་གཏོགས་པའི་བཟླ་ཚུལ་ཞིག་ཡིན་ནོ། །དེ་ལྟར་ན་སྤྱིར་བཏང་གིས་བསྙེན་པ་འདི་ལ་གཞི་བསྙེན་དང་ལས་བསྙེན་རྣམ་པ་གཉིས་ཡོད་ལ། ད་ལྟའི་སྐབས་ཀྱི་རང་རེའི་བསྙེན་པ་འཇོག་རྒྱུ་འདི་གཞི་བསྙེན་ཡིན་ནོ། །དབང་དང་སྦྱིན་སྲེག་ལ་སོགས་པའི་ཆེད་དུ་བསྙེན་པའི་ཁ་གསོ་བྱེད་རྒྱུ་དེ་ཉིད་ལས་བསྙེན་ཡིན་ཞིང་། བསྙེན་པའི་ཁ་གསོ་དང་སྦྲེལ་ནས་དབང་རྫས་སོ་སོ་བསྒྲུབས་ཏེ་བྱིན་གྱིས་བརླབ་པ་ཡིན་ནོ། །དེ་གཉིས་ཀ་གང་ཡིན་ཡང་བསྙེན་སྒྲུབ་ཡན་ལག་བཞི་ཁ་ཚང་དགོས་པར་མ་ཟད་སྲོག་སྡོམ་གཟེར་བཞིའི་མན་ངག་གི་གནད་ཚང་བ་ནི་གལ་ཆེ་བ་ཡིན་ཞིང་། སྲོག་སྡོམ་གཟེར་བཞིའི་སྐོར་དེ་གོང་ནས་མང་པོ་བཤད་ཀྱང་། ཤིན་ཏུ་དོན་དང་ལྡན་པ་ལ། །ཚིག་གཅིག་ལན་གཉིས་བརྗོད་པར་བྱ། །ཞེས་གསུངས་པས་ད་རུང་ཡང་བཤད་བྱས་ན་འདི་ལྟ་སྒོམ་སྤྱོད་འབྲས་བཞིའི་དབང་དུ་བྱས་ན་དགོངས་པ་མི་འགྱུར་བའི་གཟེར་རམ་ཆོས་ཉིད་མི་འགྱུར་བའི་གཟེར་དེ་སྔོན་ལ་བཤད་ན་ཆོག་ཀྱང་ལྷ་སྔགས་ཆོས་ཉིད་ཕྲིན་ལས་ཀྱི་རིམ་པ་བརྒྱུད་སྐབས་དང་པོ་ཏིང་འཛིན་ལྷའི་གཟེར་དེ་བཤད་དགོས་པ་ཞིག་ཡིན་ལ། དེ་བཤད་ན་གནད་དུ་ཁེལ་བ་ཞིག་ཡིན་ནོ། །གོང་ནས་བསྐྱེད་ཆོག་གི་སྐབས་ན་བཤད་པ་བཞིན་ཏིང་འཛིན་གསུམ་བསྐྱེད་དེ་ཐོལ་བསྐྱེད་འབྲུ་བསྐྱེད་གང་ཡིན་ན་བསྐྱེད་རིམ་གསལ་བརྟན་གྱི་ཚད་བརྒྱད་དང་ལྡན་དགོས་སོ། །གསལ་བའི་ཚད་བཞི་སྟེ་སལ་ལེ་སང་ངེ་ལྷག་གེ་ལྷང་ངེ་བ་ཞེས་ཟེར་ལ། བརྟན་པའི་ཚད་བཞི་ཡོད་དགོས་ཤིང་། མི་གཡོ་མི་འགྱུར་མངོན་པར་མི་འགྱུར་བ་སོགས་བཞི་དང་བརྒྱད་ཀྱིས་སྒོམ་སྐབས་གོམས་ནས་ཡུལ་གསུམ་གྱད་དུ་གྱུར་པ་ཞེས་པ་དང་པོ་ཡིད་ཀྱི་ཡུལ། གཉིས་པ་དབང་པོའི་ཡུལ། གསུམ་པ་རེག་པའི་ཡུལ་དུ་གྱུར་པ་ཞིག་བྱེད་དགོས་སོ། །དེ་དུས་རྣམ་དག་དྲན་པ་དང་ང་རྒྱལ་རྩོམ་པ་གོང་ནས་ཀྱང་ཞུས་པ་ལྟར་དུ་ལྷ་ཐ་དད་དང་། ང་ཐ་དད། ངས་ལྷ་བསྒོམས་པ་ལྟ་བུ་མ་ཡིན་པར་རང་རིག་སྣང་སྟོང་གཉིས་སུ་མེད་པའི་བདག་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་དང་རོ་གཅིག་པ་དེ་ཡེ་ནས་ཆོས་ཉིད་དོན་གྱི་ལྷ་ཡིན་པ་དེ་དེའི་རང་རྩལ་འགག་མེད་རྟེན་དང་བརྟེན་པའི་འཁོར་ལོར་ཤར་བ་ཡིན་པ་དེ་ལྟ་བུའི་ངང་དུ་དྲན་པ་ཉེ་བར་བཞག་དགོས་ལ། འདིའི་དག་རྫོགས་སྨིན་གསུམ་བསྐྱེད་རིམ་གྱི་སྐབས་ལ་སོགས་པ་ནས་མང་པོ་བཤད་ཟིན་ཏོ། །སྙིང་པོ་སྔགས་ཀྱི་གཟེར་ཞེས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་གསང་བ་ཟབ་མོ་སྙིང་པོ་སྔགས་ཀྱི་བཟླས་པ་ལ་བརྟེན་ནས་སྒྲ་གྲག་སྔགས་ཀྱི་རང་བཞིན་གྲག་སྟོང་བརྗོད་བྲལ་ཤེས་པའི་ཐོག་ནས་འབྱུང་འཇུག་གནས་གསུམ་སྔགས་སུ་བཟླས་པས་ན་རྡོ་རྗེའི་བཟླས་པ་བྱེད་རྒྱུ་ལ་སོགས་པ་གོང་ནས་བཤད་པ་ལྟར་རོ། །འདིས་མར་འཁོར་བའི་གནས་སྐབས་ན་བརྗོད་པ་སྒྲ་ཡི་རང་བཞིན་དེ་འགྲོ་བའི་ངག་གི་བག་ཆགས་དག་པར་བྱེད་པ། ཡར་སངས་རྒྱས་ཀྱི་དུས་ན་གསུང་རྣམ་པ་ཐམས་ཅད་པ་ཐེག་པ་བསམ་གྱིས་མི་ཁྱབ་པ་འཆར་བའི་འབྲས་བུ་གཞི་ལ་རྫོགས་པ། བར་ཉམས་ལེན་གྱི་གནས་སྐབས་ལ་མཚོན་ན་ངག་རླུང་གི་རང་བཞིན་སྙིང་པོ་སྔགས་ཀྱི་རོལ་བར་སྦྱངས་པས་རླུང་ལ་བརྟེན་པའི་རྫོགས་རིམ་ཐམས་ཅད་ཀྱི་སྨིན་བྱེད་དུ་འགྲོ་བ་དེ་ལྟར་དག་རྫོགས་སྨིན་གསུམ་ཚང་བའོ། །དགོངས་པ་མི་འགྱུར་བའི་གཟེར་ཞེས་པ་དེ་གཉིས་མེད་མཉམ་པ་ཆེན་པོའི་འཁོར་འདས་ཡེ་སངས་རྒྱས་པའི་དཀྱིལ་འཁོར་ལ་བསླབ་པར་བྱ་བ་དེ་ཉིད་ཡིན་ལ། འདིས་མར་འཁོར་བའི་གནས་སྐབས་ལ་སེམས་ཀྱི་རྟོག་ཚོགས་ཐམས་ཅད་དག་པར་བྱེད་ལ། ཡར་སངས་རྒྱས་ཀྱི་དུས་ན་ཐུགས་རྣམ་པ་ཐམས་ཅད་པའི་མངོན་ཤེས་བསམ་གྱིས་མི་ཁྱབ་པའི་འབྲས་བུ་གཞི་ལ་རྫོགས། བར་ཉམས་ལེན་གྱི་གནས་སྐབས་ན་སྟོང་པ་ཉིད་ཀྱི་རྫོགས་རིམ་སྒོམ་པའི་སྨིན་བྱེད་དུ་འགྲོ་བ་དེ་ལྟར་དག་རྫོགས་སྨིན་གསུམ་ཚང་ངོ་། །འཕྲོ་འདུ་ཕྲིན་ལས་ཀྱི་གཟེར་ལ་མཚོན་ན་ལྷ་སྔགས་ཆོས་ཉིད་གསུམ་པོ་དང་འབྲེལ་བའི་སྒོ་ནས་མཆོག་ཐུན་མོང་གི་ཕྲིན་ལས་སྒྲུབ་པའི་བྱེ་བྲག་ལ་འཕྲོ་འདུ་ཕྲིན་ལས་ཀྱི་གཟེར་ཞེས་ཟེར་ལ། སྤྱིར་ན་གཟེར་ཞེས་པ་མི་འགྱུར་བརྟན་པའི་ཐོག་ནས་དེ་དང་དེའི་དགོས་དོན་མངོན་དུ་གྱུར་པ་འཛེར་མ་བརྒྱབ་པ་དང་འདྲ་བར་གོང་ནས་བཤད་པ་ལྟར་ཡིན་པས་གཉིས་འཛིན་གྱི་ཆ་ཐམས་ཅད་གཉིས་མེད་ཡེ་ཤེས་ཆེན་པོར་གཅིག་ཏུ་བཟླུམས་པ་དེ་ལྟ་བུའི་གཟེར་བཞི་ཐེབས་པས་འཁོར་འདས་ཀྱི་སྟོང་སྲོག་ལ་དབང་ཐོབ་པས་ན་དེ་ལྟར་སྲོག་སྡོམ་གཟེར་བཞིའི་མན་ངག་གནད་དུ་བསྣུན་པ་དེ་ལྟ་བུ་ཡིན་ནོ།།

༼ག༽གསུམ་པ་རྗེས་ཀྱི་ལེའུ།

༼ཀ༽ དང་པོ་ཚོགས་ལས་བཤད་པ།

དེ་ལྟ་བུའི་དངོས་གཞིའི་ཉམས་ལེན་གྱི་ཐུན་དང་སྦྲེལ་ནས་ད་ནི་གསུམ་པ་རྗེས་ཀྱི་ལེའུ་བདུན་གྱི་དོན་གཞུང་དོན་ངོ་མ་ལ་འཇུག་པ་ནི། སྤྱིའི་ཆིངས་གསུམ་པ་རྗེས་ཀྱི་ཆོ་ག་འདི་ལ་ལེའུ་བདུན་གྱིས་བསྟན༔ཞེས་གསུངས་ཏེ་བདུན་གང་ཡིན་ན་དེ་མ་ཐག་ཏུ་ཚོགས་ལས་བསྐུལ་དང་ཆད་མདོ་གཏོར་སྐྱོང་དང་༔ གཏོར་བྲོ་བཀྲ་ཤིས་སྨོན་ལམ་བདུན་ཡིན་ནོ༔ཞེས་གསུངས་ཏེ་དེའི་ནང་གི་ཚོགས་ལས་ཡིན་ལ། ཚོགས་ཞེས་པ་འདི་མང་པོ་མཉམ་དུ་ཚོགས་པའི་དོན་ཡིན་ཞིང་། ཚོགས་ཀྱི་སྒྲ་ཐད་ཀ་ཐད་དུ་བྱས་ན་དེ་ཡིན་ནོ། །སྤྱི་ཁྱབ་ཀྱིས་འདི་ལ་མཚན་ཉིད། དབྱེ་བ། ཇི་ལྟར་བྱ་བའི་ཐབས་དང་བཅས་པའི་ཐོག་ནས་གསུང་རྒྱུ་ཞིག་ཡིན་ཞིང་། ཚོགས་ཞེས་པ་གྷ་ན་ཙཀྲ་ཡི་སྒྲ་ལས་དྲངས་ན་བོད་སྐད་དུ་ཚོགས་ཀྱི་འཁོར་ལོ་ཞེས་བྱའོ། །འདིའི་མཚན་ཉིད་གསང་སྔགས་ཀུན་ཏུ་སྤྱོད་པའི་སྐབས་གང་ཞིག རྟེན་རྡུལ་ཚོན་རས་བྲིས་ཚོམ་བུ་རྣལ་འབྱོར་བའི་ལུས་དཀྱིལ་སྒོམ་པ་གང་རུང་གི་དཀྱིལ་འཁོར་དང་ལྟ་སྤྱོད་རྣམ་པར་དག་པའི་གང་ཟག་ཚད་མཐུན་ཕྱི་ནང་གསང་བའི་ཡོ་བྱད་ཁྱད་པར་ཅན་ཚོགས་པ་དེ་ཚོགས་ཀྱི་མཚན་ཉིད་ཡིན་ཏེ། རྟེན་དང་གང་ཟག་ཡོ་བྱད་ཚོགས། །ཐབས་ཆེན་གསང་བས་ཚོགས་ཞེས་བྱ། །ཞེས་གསུངས་སོ། །ཚོགས་ཀྱི་དབྱེ་བ་ལ་དངོས་དང་། ལས་རིམ་གཉིས། གང་གི་དོན་དུ་བྱ་བ་དང་གསུམ་གྱིས་གསུངས་ཡོད་ལ། དངོས་ཞེས་པ་ནི་སྐལ་ལྡན་འདུས་པའི་ཚོགས། འབྱོར་ལྡན་ཡོ་བྱད་ཀྱི་ཚོགས། དངོས་གྲུབ་ལྷའི་ཚོགས། བསོད་ནམས་ཡེ་ཤེས་ཀྱི་ཚོགས་དང་བཞི་ཙམ་གྱི་དབྱེ་བ་ཡོད་དོ། །སྐལ་ལྡན་འདུས་པའི་ཚོགས་ཞེས་པ་ནི་དམ་ལྡན་རྣལ་འབྱོར་ཕོ་མོ་ཟུང་ཚོགས་པ་དེ་ཐབས་ཤེས་གཉིས་ཀྱི་མཚོན་བྱེད་ཡིན་ལ། འདི་ལ་འདུས་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་དབྱེ་བ་དེ་ལྟར་ཡོད་ཅིང་། འདིའི་འདུས་པ་མང་ཉུང་གསུངས་པ་ནི་གང་ཟག་གི་ཞལ་གྲངས་མང་ཉུང་རྐྱང་པ་ལ་གསུངས་པ་ཞིག་མ་ཡིན་ཏེ། འདུས་པ་ཆུང་ངུ་ལ་མཚོན་ན་གཙོ་བོ་ཡབ་ཡུམ་དང་། ཡང་མིན་ན་སྐུ་གསུང་ཐུགས་ཀྱི་རང་བཞིན་མཚོན་བྱེད་ཟུང་གསུམ་ལྟ་བུ་དང་། ཡང་མིན་ན་རིགས་ལྔའི་མཚོན་བྱེད་ཀྱི་ཟུང་ལྔ་ཚོགས་དགོས་པ་དེ་ལྟ་བུ་གསུངས་ཡོད་པ་དང་། ཞལ་གྲངས་ཀྱི་ཐོག་ནས་གཉིས་དང་དྲུག་དང་བཅུ་ཚང་བ་ཞིག་ལ་གསུངས་ཡོད་དོ། །འདུས་པ་འབྲིང་ལ་དཀྱིལ་འཁོར་གྱི་ལྷ་གྲངས་དང་མཉམ་པར་གསུངས་ཡོད་ལ། འུ་ཚོའི་ཞི་ཁྲོའི་དཀྱིལ་འཁོར་འདིའི་སྐབས་ཡིན་ན་ཞི་ཁྲོ་དམ་པ་རིགས་བརྒྱའི་ལྷ་གྲངས་བརྒྱ་ཐམ་པ་ཡིན་ཞིང་། འདུས་པ་ཆེན་པོའི་ཚོགས་འཁོར་ལ་དེའི་ཡན་གྱི་གང་མང་མང་གསུང་ས་དེ་ལྟ་བུ་ཡང་ཡོད་དོ། །འོན་ཀྱང་གྲངས་རྐྱང་པས་མིན་པར་རྣལ་འབྱོར་ཕོ་མོ་མང་པོ་ཚོགས་ཀྱང་ཟུང་དུ་མ་འབྲེལ་ན་དཔའ་བོའི་དགའ་སྟོན་དང་དཔའ་མོའི་དགའ་སྟོན་ལས་ཚོགས་འཁོར་ངོ་མའི་མིང་མེད་གསུངས་པ་དེ་ལྟ་བུ་ཡང་ཡོད་དོ། །འོན་ཀྱང་ཀུན་ཏུ་བཟང་པོའི་ཚོགས་མཆོད་བཤད་པའི་སྐབས་སུ་དག་པ་གསུམ་དང་མཉམ་པ་བཞིས་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པ་ཀུན་ཏུ་བཟང་པོའི་ཞིང་མཚོན་པ་ཡིན་ལ། དག་པ་གསུམ་གང་ཡིན་ཞེ་ན། ཕྱི་སྣོད་འབྱུང་ལྔའི་ངོ་བོ་ཡུམ་ལྔའི་རང་བཞིན་དུ་དག ནང་བཅུད་འབྱུང་ལྔས་བསྡུས་པ་རིགས་ལྔ་ཡབ་ལྔའི་རང་བཞིན་དུ་དག དབང་ཡུལ་རྣམ་ཤེས་སེམས་དཔའ་སེམས་མ་དང་སྒོ་བ་སྒོ་མར་དག་པ་ཡིན་ནོ། །སྣོད་བཅུད་རྒྱུད་རྣམས་དག་རུང་ཞིང་མཉམ་གཉིས་ལྷག་པའི་ལྷར་མཉམ་པར་གསང་སྙིང་གི་ནང་ན་གསུངས་ཏེ། སྣོད་བཅུད་རྒྱུད་རྣམས་དག་རྟོགས་ཤིང་། །མཉམ་གཉིས་ལྷག་པའི་མཉམ་གཉིས་ཀྱིས། །ཞེས་གསུང་སྐབས་ཆོས་ཐམས་ཅད་དོན་དམ་པར་མ་སྐྱེས་པར་མཉམ། ཀུན་རྫོབ་ཏུ་སྒྱུ་མ་ལྟ་བུར་མཉམ་པའི་མཉམ་གཉིས་ཡིན་ལ། དེའི་ཐོག་ཏུ་ལྷག་པའི་མཉམ་གཉིས་ཞེས་པ་ནི་ཕུང་པོ་སངས་རྒྱས་སུ་མཉམ། རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་སུ་མཉམ་པའི་མཉམ་པ་བཞི་ཚོགས་དུས་དཀྱིལ་འཁོར་ཀུན་ཏུ་བཟང་པོའི་ཞིང་དང་། བྱེད་སྤྱོད་ཚོགས་ཆེན་གཉིས་གྱུར་ནས་ཞེས་གསུངས་ཏེ། ཆོས་ཉིད་དོན་གྱི་དཀྱིལ་འཁོར་ལ་སྒོམ་པ་ཀློང་དུ་གྱུར་པའི་རྫོགས་ཆེན་རྟོགས་པའི་རྣལ་འབྱོར་བ་ཞིག་གིས་སྒོ་ལུས་ངག་ཡིད་གསུམ་བྱེད་སྤྱོད་གང་བྱས་ན་ཚོགས་གཉིས་རྫོགས་གསུངས་ལ། དེ་ལས་ལྷག་པའི་ཚོགས་ཀྱི་འཁོར་ལོའི་ཆ་རྐྱེན་ཞིག་གང་ན་འཛོམས་དགོས། དེ་མ་ཡིན་ནས་གསང་སྔགས་མོས་པ་ཡིད་བྱེད་ཀྱི་དག་སྣང་ཙམ་ཞིག་ལས་མེད་ན་རྣལ་འབྱོར་ཕོ་མོའི་གཟུགས་བརྙན་ཇི་ཙམ་ཞིག་ཚོགས་ཀྱང་ཚོགས་ཀྱི་འཁོར་ལོ་མཚན་ཉིད་པའི་མིང་ཡོད་དཀའོ། །འོན་ཀྱང་བསམ་པ་དག་ན་ཚོགས་ཀྱི་མཆོད་པ་ཙམ་དུ་འགྲོ་བ་དེ་ལྟ་བུ་ཞིག་ཡིན་ལ། དེས་སྐལ་ལྡན་འདུས་པའི་ཚོགས་བཤད་ཟིན་ཏོ། །གཉིས་པ་འབྱོར་ལྡན་ཡོ་བྱད་ཀྱི་ཚོགས་ཞེས་པ་ནི་ཕྱི་ནང་གསང་བའི་ཡོ་བྱད་ཐམས་ཅད་ཚོགས་དགོས་ལ། ཕྱི་ཉེར་སྤྱོད་འདོད་ཡོན། ནང་སྨན་རཀ་གཏོར་མ། གསང་བ་ཕྱག་རྒྱའི་ཡོ་བྱད་ཐམས་ཅད་ཚོགས་དགོས་ཤིང་། ཁྱད་པར་དུ་ཐབས་ཤེས་ཀྱི་རྫས། མ་ཧཱ་མཾ་ས་བདུད་རྩིར་བཅས། །མེད་དུ་མི་རུང་དངོས་གྲུབ་རྫས། །ཞེས་གསུངས་པས་མ་ཧཱ་ཞེས་པ་ཆེན་པོ། མཾ་ས་ཞེས་པ་ཤ་ཡིན་པས་ཤ་ཆེན་ལ་གསུངས་པ་ཡིན་ནོ། །དེ་ལྟ་བུའི་གཙང་སྨེ་གཉིས་འཛིན་དང་བྲལ་བའི་རྟོགས་པ་ཀློང་དུ་གྱུར་པའི་ཚེ་ན་དམ་ཚིག་གི་རྫས་དེ་མཚོན་བྱེད་ཙམ་གྱིས་ཀྱང་རུང་བ་ཡིན་པ་དང་། ཐབས་ཤེས་ཀྱི་རྫས་གཞན་དག་ཀྱང་དེ་དང་འདྲ་མཚུངས་ཡིན་པས་ཚོགས་ཤ་ཤ་ཆེན་གྱི་ཚབ་ཡིན་པ་དང་། ཟོག་ལུག་གི་ཤ་མིན་ན་ཚབ་གཞན་གྱིས་ཡོང་རྒྱུ་རེད་སྙམ་ལ། གོ་བ་དེ་ན་ཡོད་ཅིང་། ཆང་ཡང་དེ་བཞིན་ཡིན་ནོ། །གསུམ་པ་དངོས་གྲུབ་ལྷ་ཡི་ཚོགས་ཞེས་པ་ནི་ཞི་ཁྲོ་དམ་པ་རིགས་བརྒྱའི་དཀྱིལ་འཁོར་ཞལ་ཕྱེས་ནས་བདག་མདུན་དབྱེར་མེད་དུ་བསྒྲུབ་རྒྱུ་ཚོམ་བུའི་དཀྱིལ་འཁོར་དངོས་སུ་བཞུགས་པ་དེ་ཡིན་ལ། དེ་བསོད་ནམས་བསག་པའི་ཞིང་ས་ཡིན་ནོ། །བཞི་བ་བསོད་ནམས་ཡེ་ཤེས་ཀྱི་ཚོགས་ཞེས་པ་ནི་སྤྱིར་བཏང་གིས་རྒྱུན་དུ་ཚོགས་གཉིས་བསགས་པའི་དགེ་སྦྱོར་སྤྱི་དང་། ཁྱད་པར་དུ་ཚོགས་འཁོར་གྱི་སྐབས་སུ་ཐབས་བསྐྱེད་རིམ་དང་འབྲེལ་བའི་ཀུན་སྤྱོད་སྣང་བཅས་ཐམས་ཅད་བསོད་ནམས་ཀྱི་ཚོགས་ཡིན་ཞིང་། ཤེས་རབ་རྫོགས་རིམ་གྱི་ནང་དུ་འདུས་པའི་ཟབ་མོ་སྐྱེ་མེད་ཀྱིས་བསྡུས་པའི་སྒོམ་པ་ཐམས་ཅད་ཡེ་ཤེས་ཀྱི་ཚོགས་ཡིན་ནོ། །དེ་ལྟ་བུའི་ཚོགས་གཉིས་རྫོགས་ལུགས་ཀྱི་རིམ་པ་ནི། འདིའི་ལམ་རིམ་དང་འདིའི་བྱ་སྤྱོད་ཀྱི་རིམ་པ་ལ་སོགས་པའི་ནང་ནས་འབྱུང་རྒྱུ་དེ་ཉིད་གཞུང་ནས་གསུངས་པ་ལྟར་ཡིན་ནོ། །སྤྱིར་བཏང་གིས་བཤད་ན་ཚོགས་འདི་ཡང་མཆོད་པ་ཡིན་ཞིང་། འདི་ལ་ཐུན་མོང་ཚོགས་ཀྱི་མཆོད་པ་ཞེས་གསུངས་ལ། བསོད་ནམས་ནང་ནས་ཚོགས་འཁོར་མཆོག་གསུངས་ཏེ་མཆོད་པ་ཀུན་གྱི་མཆོག་ཡིན་གསུངས་སོ། །དེའི་རྒྱུ་མཚན་དང་སྤྱིར་འདི་ཐུན་མོང་ཡིན་པའི་རྒྱུ་མཚན་ནི་མཆོད་པ་ལ་རིགས་མང་པོ་ཡོད་པ་ཡིན་ན་ཕྱི་ཉེར་སྤྱོད་ཀྱི་མཆོད་པ། ནང་དམ་རྫས་ཀྱི་མཆོད་པ། གསང་བ་སྦྱོར་སྒྲོལ་གྱི་མཆོད་པ། དེ་ཁོ་ན་ཉིད་མཉམ་པ་ཆེན་པོའི་མཆོད་པ་ལ་སོགས་པ་ཡོད་པ་ཡིན་ལ། དེའི་ནང་ལ་བསམ་བློ་བཏང་ན་ཕྱག་རྒྱ་གར་གྱི་མཆོད་པ་ཞེས་པ། བསྟོད་དབྱངས་གླུ་ཡི་མཆོད་པ་ཞེས་པ། ཏིང་ངེ་འཛིན་ཡིད་ཀྱི་མཆོད་པ་ཞེས་པ། སྣ་ཚོགས་འདོད་ཡོན་གྱི་མཆོད་པ་ལ་སོགས་པ་ཡོད་པ་དེ་རྣམས་ཐམས་ཅད་ཚོགས་ཀྱི་འཁོར་ལོ་འདིའི་ནང་ལ་མ་འདུས་པ་མེད་པས་ན་ཐུན་མོང་གི་མཆོད་པ་གསུངས་པའི་རྒྱུ་མཚན་དེ་ཡིན་ནོ། །འདིའི་ཐུན་མོང་གི་གོ་བ་འདི་འདི་བས་ལྷག་པའི་ཐུན་མིན་ཞེས་པ་ཟུར་དུ་ཡོད་པའི་གོ་བ་མ་ཡིན་ལ། མཆོད་པ་གཞན་འདིའི་ནང་ན་འདུས་པས་མ་ཚད་འདི་ཉིད་ཁྱད་དུ་འཕགས་པ་ཡིན་ཞེས་པའི་གོ་བ་དེ་ལྟ་བུ་ཡིན་ནོ། །གསང་བ་བླ་མེད་ཀྱི་མཆོད་པ་འོག་མའི་མཆོད་སྦྱིན་ལས་ཀྱང་ཁྱད་དུ་འཕགས་པ་དེ་ཉིད་རྣམ་པ་བཞི་ཡི་སྟེང་ནས་འཕགས་པ་ཡིན་གསུངས་ཤིང་། ཡུལ། བསམ་པ། དངོས་པོ། དགོས་པ་བཞི་ཡི་ཐོག་ནས་འཕགས་པ་ཡིན་ནོ། །ཡུལ་གྱི་ཐད་ནས་བསོད་ནམས་ཀྱི་ཞིང་མཐར་ཐུག་སངས་རྒྱས་ཡིན་པས་སྣང་སྲིད་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་པོ་ཡེ་ནས་དག་པའི་དཀྱིལ་འཁོར་ཆེན་པོ་གཅིག་ཏུ་ལྷུན་གྱིས་གྲུབ་པར་ཤེས་ཚེ་ལྷ་གཅིག་ལ་མཆོད་པས་སྲིད་ཞི་མཉམ་ཉིད་ཐམས་ཅད་ཚིམས་པ་དང་། དེའི་དུས་ན་སྒོ་གསུམ་གྱི་རྣམ་པར་རྟོག་པ་དང་བྲལ་བའི་སྒོ་ནས་སྒོ་གསུམ་གྱི་རྣམ་པའི་ཡུལ་ལ་རོལ་བཞིན་ཡོད་པས་སངས་རྒྱས་ངོ་མ་དེ་ཉིད་དངོས་སུ་མཆོད་པ་དང་ཁྱད་པར་མེད་དོ། །སངས་རྒྱས་ཐམས་ཅད་མཉམ་ཉིད་ཡེ་ཤེས་ཀྱི་སྐུ་ཅན་ཡིན་པས་དེ་ལ་མཉེས་དང་མི་མཉེས་ཞེས་པའི་རྟོག་པ་ཞིག་མེད་ཀྱང་ཡེ་ཤེས་ཀྱི་སྐུ་རྣམ་པ་ཐམས་ཅད་པའི་བདག་ཉིད་ཅན་དེ་གདུལ་བྱའི་བློ་མོས་པ་དང་འཚམས་པར་འཇུག་པ་ཡིན་པས་ཁྱད་པར་ཅན་གྱི་ཚོགས་ཀྱི་འཁོར་ལོའི་མཆོད་པ་ཕུལ་ན་སྔགས་ཀྱི་ལྷ་ཤིན་ཏུ་མཉེས་པའི་ཚུལ་གྱིས་དངོས་གྲུབ་རྣམ་པ་གཉིས་ཐོབ་པའི་རྒྱུ་མཚན་དེ་ལྟར་ཡིན་ཞིང་། དེ་ཡུལ་གྱི་ཁྱད་པར་ཡིན་ནོ། །བསམ་པའི་ཁྱད་པར་གྱི་ཐད་ནས་ཡིན་ན་ཆོས་ཉིད་དག་མཉམ་ཆེན་པོའི་ངང་དེ་ལས་འཛིན་ཞེན་གྱི་རྣམ་རྟོག་ཐ་མལ་པ་མེད་པའི་ཐོག་ནས་ཚོགས་ལ་རོལ་ན་ཕ་རོལ་ཏུ་ཕྱིན་པ་བཅུ་དང་ལྡན་པ་དང་། དད་དང་སྙིང་རྗེ་ལ་སོགས་པ་བྱང་ཆུབ་ཆེན་པོ་ཐོབ་པར་བྱེད་པའི་རྒྱུའི་ཆོས་ཐམས་ཅད་མ་ཚང་བ་མེད་པ་ཞིག་ཡིན་ནོ། །རྒྱུ་མཚན་ཅི་ཡིན་ཞེ་ན། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དང་བདེ་བ་ཆེན་པོར་རོ་གཅིག་པའི་བདག་ཉིད་ཅན་དུ་གྱུར་པས་ཡིན་ནོ། །གསུམ་པ་དངོས་པོའི་ཐད་ནས་ཡིན་ན་ཚོགས་རྫས་ཀྱི་དངོས་པོ་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིར་བསྒྱུར་བར་བྱས་པས་ཐ་མལ་པ་མ་ཡིན་ཞིང་། རང་བཞིན་དག་མཉམ་ཡིན་པས་ཆོས་ཉིད་ཅིར་ཡང་མ་ཡིན་པ་ལས་ཅིར་ཡང་འཆར་དུ་རུང་བའི་ཕྱིར་ན་དམིགས་པ་དང་སྔགས་དང་ཕྱག་རྒྱ་རྣམས་ཀྱིས་ཇི་ལྟར་དུ་བསྒྱུར་ན་དེ་ལྟར་དུ་རྡུལ་གཅིག་གི་ཁྱོན་ན་ཡིན་ཡང་མཁའ་ཁྱབ་ཀྱི་ཞིང་གི་བཀོད་པ་ཚང་བའི་འབྱོར་བ་རབ་འབྱམས་མཐའ་ཡས་པ་ཟད་པ་མེད་པའི་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་རྒྱ་མཚོའི་གཏེར་དུ་འགྱུར་ཐུབ་བོ། །དགོས་པའི་ཐད་ནས་ཡིན་ན་གསང་སྔགས་ཀྱི་ལྷ་མཉེས་བྱེད་ཀྱི་ཐབས་ཁྱད་པར་ཅན་འདིའི་སྒོ་ནས་ལས་དང་ཡེ་ཤེས་དངོས་གྲུབ་ཐམས་ཅད་འབད་མེད་དུ་འགྲུབ་ཅིང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པའི་སྒོ་དམ་པ་ཡང་དེ་ཡིན་ནོ། །སྒྲུབ་པའི་མཆོད་པ་དང་ཟང་ཟིང་གི་མཆོད་པ་ལུས་ངག་གི་གུས་འདུད་ཀྱི་མཆོད་པ་ཐམས་ཅད་ཀྱི་ནང་དུ་མ་འདུས་པའི་སྔགས་ཀྱི་ལམ་ཞིག་མེད་ལ། དེ་ཡིན་ན་གཞི་དཀྱིལ་འཁོར་དབང་དང་དམ་ཚིག་གསུམ། ལམ་ལྟ་བ་སྒོམ་པ་སྤྱོད་པ་གསུམ། ཉམས་ལེན་སྒྲུབ་པ་མཆོད་པ་ཕྲིན་ལས་གསུམ་གྱིས་དགུ་དང་། ཐབས་སྔགས་དང་ཕྱག་རྒྱ་སྟེ་བསླབ་པའི་གནས་བཅུ་གཅིག་པོ་ཚོགས་འཁོར་གྱི་ནང་དུ་འདུས་པར་བཤད་ཐུབ་པ་ཞིག་ཡིན་ཞིང་། དེ་ཡང་རང་གི་ངོ་བོའི་ལྡོག་ཆ་ནས་བསླབ་པའི་མཐའ་གཞན་དང་མ་འདྲེས་པར་འཆད་ཐུབ་པ་དེ་ལྟ་བུ་ཡིན་ནོ། །དེ་ལྟ་བུའི་ཚོགས་དེ་ལ་འདི་ནས་ཚོགས་ལས་ཞེས་པའི་ཡིག་ཆུང་གི་ས་བཅད་རྗེས་ཀྱི་ལེའུ་བདུན་གྱི་དང་པོ་འདིས་བསྟན་པ་ཡིན་པས་འདི་ལ་ནང་གསེས་ཀྱི་ཚོགས་ལ་བགེགས་བསྐྲད་པ་ནས་ལྷག་མ་ཡན་ཆོད་ལ་བགེགས་བསྐྲད། བསངས་སྦྱང་། བྱིན་རླབས། ཚོགས་ལ་སྤྱན་འདྲེན་པ། ཚོགས་ཕུད་མཆོད་པ་གོང་འོག་གཉིས་ལྟ་བུ་ཞིག་ཡོད་ཅིང་། བར་བ་བཤགས་པའི་ཆེད་དུ་ཡང་ཚོགས་ཕུལ་ནས་བསྐང་ཞིང་བཤགས་པ་དང་། བཤགས་པ་དངོས་ཤིག་དང་གཉིས། ཚོགས་ཐ་མར་བསྒྲལ་ཞིང་བསྟབ་པ་ལ་བསྒྲལ་བ་དང་བསྟབ་པ་ལེའུ་ཚན་གཉིས་སོ། །འདི་ནས་ཡིག་ཆུང་གི་ས་བཅད་ལ་ཨང་གྲངས་སྒྲིག་པ་དེ་ཧ་ཅང་ཐོ་ཐུག་ཁར་ཉན་ཨེ་ཐལ་ཏེ་མདོར་ན་ཚོགས་ལས་ཀྱི་རིམ་པ་དེ་ཚང་མ་ཡོངས་རྫོགས་བསྐང་བ་དང་ཟུར་ནས་སྦྲེལ་རྒྱུ་ཕྱག་བཞེས་ལྟར་དུ་ཡིན་ནོ།།

༼ཀ དང་པོ་བགེགས་བསྐྲད་པ།

འདི་ནས་རྩ་བའི་གཞུང་གཏེར་གཞུང་གི་ཚིག་དེད་ནས་སོང་ན་དང་པོ་ཚོགས་འཁོར་བཤམས་ལ་འདི་སྐད་དོ༔ཞེས་མཚམས་སྦྱར་ཏེ་དང་པོ་བགེགས་བསྐྲད་པ་ནི།

ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔

ཚོགས་ལ་བར་ཆད་བྱེད་པའི་བགེགས༔

ལན་ཆགས་གནས་འདིར་མ་འདུག་པར༔

སོ་སོ་རང་རང་གནས་སུ་དེངས༔

ཞེས་གསུངས་ཏེ། གཏུམ་ཆེན་ཁྲོས་པའི་ཧཱུྃ་སྒྲ་དྲག་པོའི་ཧཱུྃ་གི་བཞད་པ་ཡིས་མགོ་བླངས་ནས། ཉོན་ཅིག་ཅེས་བགེགས་དང་ལོག་པར་འདྲེན་པ་སྤྱི་དང་། ཁྱད་པར་དུ་བགེགས་ཐམས་ཅད་ཀྱི་རྩ་བ་ཉོན་མོངས་དུག་ལྔ་དུག་གསུམ་གྱིས་བསྐྱེད་པའི་གདོན་གྱི་ཚོགས། ཚོགས་ཀྱི་འཁོར་ལོ་བསྐོར་བའི་གསང་སྔགས་ཀྱི་གཞི་དཀྱིལ་འཁོར་ཆེན་པོ་སྒྲུབ་པ་ལ་བར་ཆད་བྱེད་པའི་བགེགས་དང་ལན་ཆགས་ཐམས་ཅད་སྒྲུབ་པའི་གནས་འདི་ན་མ་འདུག་པར་སོ་སོ་རང་རང་གི་གནས་སུ་སོང་ཞེས་པའོ། །བགེགས་ཞེས་བགེགས་ཀྱི་རྒྱལ་པོ་བི་ན་ཡ་ག་ལ་སོགས་པ་ལ་རང་རང་གི་གནས་དང་འཁྲི་ས་དེ་ལྟར་ཡོད་རབས་གསུང་ས་ཡོད་ལ། འོན་ཀྱང་འདི་ནས་གཙོ་ཆེ་བ་ཉོན་མོངས་འཁྲུལ་བའི་གདོན་ཚོགས་གཞི་ཆོས་དབྱིངས་སྐྱེ་བ་མེད་པ་མ་འཁྲུལ་བའི་ཀློང་དུ་དེངས་ཤིག་ཅེས་པའི་དོན་ཡིན་ནོ། །ཧཱུྃ་ཧཱུྃ་ཨུ་ཙ་ཏ་ཡ་ཕཊ༔ཅེས་གསུངས་པའི་ཧཱུྃ་དང་པོ་རྡོ་རྗེ་ཁྲག་འཐུང་གི་ཐུགས་སྲོག་ས་བོན་གྱིས་བཞེངས་སུ་གསོལ་བར་བསྐུལ་ནས། ཧཱུྃ་གཉིས་པ་དེ་དྲག་པོ་ལས་ལ་བསྐུལ་བའི་ཚོམ་རྔམས་དང་བཅས་ཏེ། ཨུ་ཙ་ཏ་ཡ་ཚར་གཅོད་ཅིག་ཅེས་པའི་དོན་ཡིན་ཞིང་། ཕཊཿཅེས་པ་བསྐྲད་ཅིང་བརླག་པར་གྱིས་ཤིག་ཅེས་པའི་དྲག་པོའི་ཕཊཿསྒྲ་ཡིན་ནོ།།

༼ཁ གཉིས་པ་བྱིན་གྱིས་བརླབ་པ།

གཉིས་པ་བསང་སྦྱངས་བྱིན་རླབས་ནི༔

ཧཱུྃ༔ བདག་ཉིད་རྡོར་སེམས་ཐུགས་ཀ་ནས༔

ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་འཕྲོས༔

ཞལ་ཟས་དངོས་པོ་ཐམས་ཅད་ཀུན༔

ཨོཾ་ཨཱཿཧཱུྃ་གསུམ་ངོ་བོར་གྱུར༔

འབྲུ་གསུམ་མེ་ཆུ་རླུང་གསུམ་འཕྲོས༔

ཚོགས་ཀྱི་རྣམ་རྟོག་བསྲེགས་གཏོར་བཀྲུས༔

མེ་ཆུ་རླུང་གསུམ་འོད་དུ་ཞུ༔

སྐུ་གསུང་ཐུགས་ཀྱི་བདུད་རྩིར་གྱུར༔

ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་རྣམས༔

དགྱེས་མཆོད་བདུད་རྩི་ཆེན་པོར་གསལ༔

ཞེས་གསུངས་ཏེ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་གསང་བ་གསུམ་གྱི་ནུས་བྱིན་གཅིག་ཏུ་བསྡུས་པ་ཐུགས་སྲོག་གི་སྙིང་པོ་ཧཱུྃ་ཡིག་དེས་སྣ་དྲངས་ནས། བདག་ཉིད་དམ་ཚིག་སེམས་དཔའ་ཞི་ཁྲོ་ཀུན་འདུས་ཀྱི་ངོ་བོ་རྡོར་སེམས་སུ་གསལ་བའི་ལྷའི་ང་རྒྱལ་བརྟན་པའི་ཐུགས་ཀ་ནས་ཞེས་ཁ་རྩང་སྔོན་མ་དང་པོ་མགོ་ནས་ང་ཉིད་ལྷ་ཡི་ང་རྒྱལ་གྱིས་གསུངས་པ་ལྟར་དུ་ཡིན་ལ། རྒྱལ་བ་ཐམས་ཅད་ཀྱི་སྐུའི་བྱིན་རླབས་འདུས་པའི་ཨོཾ་ཡིག་དཀར་བོ། གསུང་གི་བྱིན་རླབས་འདུས་པ་ཨཱཿཡིག་དམར་པོ། ཐུགས་ཀྱི་བྱིན་རླབས་འདུས་པའི་ཧཱུྃ་ཡིག་མཐིང་ཁ་རྣམས་འཕྲོས་ནས་ཞལ་ཟས་ཚོགས་རྫས་ཀྱི་དངོས་པོ་ཐམས་ཅད་འབྲུ་གསུམ་གྱི་ངོ་བོར་གྱུར། དེའི་ཡི་གེ་འབྲུ་གསུམ་ལས་མེ་ཆུ་རླུང་གསུམ་འཕྲོས་ནས་ཚོགས་ལ་དངོས་པོར་འཛིན་པའི་རྣམ་རྟོག་དང་དམེ་ཡུགས་ཉམས་གྲིབ་ལ་སོགས་པས་གློ་བུར་དུ་སྦགས་པར་བྱས་པའི་ཉམས་གྲིབ་བཙོག་གྲིབ་མ་དག་པ་ཐམས་ཅད་མེས་བསྲེགས། རླུང་གིས་གཏོར། ཆུས་བཀྲུས་ནས་ཀུན་རྫོབ་མཚན་མའི་རྫས་དོན་དམ་ཡེ་ཤེས་ཀྱི་མེ་ཆུ་རླུང་གསུམ་གྱིས་སྦྱངས་ཏེ་མེ་ཆུ་རླུང་གསུམ་ཡང་འོད་དུ་ཞུ་ནས་སྐུ་གསུང་ཐུགས་ཀྱི་བདུད་རྩི་སྣོད་བཅུད་ཚོགས་ཀྱི་འཁོར་ལོའི་རོལ་བ་འབའ་ཞིག་ཏུ་བལྟ་རྒྱུ་དང་། འཇིག་རྟེན་གྱི་ཁམས་ཀྱི་འདོད་ཡོན་གྱི་བཅུད་ཐམས་ཅད་བདག་གི་འོད་ཟེར་གྱིས་བསྡུས་ནས་ཚོགས་ལ་བསྟིམས་པའི་དམིགས་པ་བྱེད་རྒྱུ་དེ་རང་ལུགས་བརྒྱུད་པའི་མན་ངག་ཡིན་ཞིང་། ཤིན་ཏུ་ཟབ་པའང་ཡིན་ནོ། །དེ་ལྟ་བུའི་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ཡིན་པ་ལ་རྣམ་པ་འདོད་ཡོན་སྣ་ཚོགས་སུ་སྤྲོ་བ་ཅན་ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་རྣམས་དགྱེས་མཆོད་ཀྱི་བདུད་རྩི་ཆེན་པོར་གསལ་གདབ་བོ། །ཨོཾ་ཨཱཿཧཱུྃ་ཧྲཱིཿཧ་ཧོ༔ཞེས་གསུངས་ཏེ། ཨོཾ་གྱིས་སྦྱངས། ཨཱཿཡིས་སྤེལ། ཧཱུྃ་གིས་མང་པོར་བསྒྱུར། ཧྲཱིཿཡིས་དགྱེས་པར་སྐྱེད་པའི་ནུས་མཐུ་ཅན་དུ་བྱས། ཧ་ཡིས་ཐུགས་དམ་བསྐངས། ཧོ་ཡིས་དགྱེས་པར་རོལ་བར་གྱུར་པ་དེ་ལྟར་དམིགས་འདུན་བྱེད་དགོས་སོ། །འདིའི་མཚམས་སུ་སྟོང་གསུམ་འདིའམ་ལ་སོགས་པའི་བསྐང་བ་འུ་ཚོས་འདོན་དར་བ་ལྟར་ཡིན་ལ། བསྐང་བ་ཞེས་པ་མཐོང་བརྒྱུད་ཕྱག་ལེན་ཤིན་ཏུ་གལ་ཆེ་བ་རྒྱུ་མཚན་དང་ལྡན་པ་ཡིན་ཞིང་། འདིའི་བསྐང་བའི་རྫས་དེ་ཚོ་ངེས་པར་ཚོགས་དགོས་པ་ཅན་ཡིན་ནོ། །ཕྱོགས་རྒྱས་པ་བཅའ་རྒྱུ་དེ་ཚོ་བསྐང་བ་འདིའི་དོད་འབའ་ཞིག་ཡིན་པ་དང་། དེ་མིན་ཡང་སྨན་གཏོར་རཀྟ་མར་མེ་ཐམས་ཅད་ཚོགས་རྒྱུ་གནད་ཆེ་ཞིང་། གཉེན་པོའི་སྒོ་ནས་བྱ་བའི་བསགས་སྦྱང་གི་ཐབས་གཙོ་བོ་འདི་ཚོ་ཡིན་པས་འདི་ཡོད་ན་ཆོག་རྒྱུ་དང་མེད་ན་ཆོག་རྒྱུའི་གནད་ཆུང་རེད་ཤོར་མི་ཉན་ལ། སྤྱིར་བཤད་ན་ཕྱི་ཐུན་མོང་མཆོད་པས་བསྐང་བ། ནང་ཐུན་མིན་རྫས་ཀྱིས་བསྐང་བ། གསང་བ་ཁྱད་པར་བླ་མེད་ཚོགས་ཀྱི་མཆོད་པས་བསྐང་བ་དང་གསུམ་གྱི་ཐོག་ནས་བཤད་རྒྱུ་ཡོད་ཅིང་། དེའི་ནང་གི་ཐུན་མིན་རྫས་ཀྱི་བསྐང་བའི་ཐད་ཀྱི་བདུད་རྩི་སྨན་གྱི་བསྐང་བ། དམར་ཆེན་རཀྟའི་བསྐང་བ། རྨད་བྱུང་གཏོར་མའི་བསྐང་བ། སྣང་གསལ་མར་མེའི་བསྐང་བ་དེ་ཚོ་བཞི་བོ་ཡིན་ནོ། །ཁྱད་པར་དུ་མར་མེའི་བསྐང་བ་དང་སྦྲེལ་ནས་དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ་ལ་སོགས་པ་མར་མེའི་སྨོན་ལམ་གྱི་སྐབས་སུ་འདུན་པ་རྩེ་གཅིག་ཏུ་གཏད་ནས་སྨོན་ལམ་བཏབ་ན་ཤི་གསོན་ཐམས་ཅད་ལ་ཕན་ཡོན་གྱི་ནུས་པ་ཆེན་པོ་དང་ལྡན་པ་དེ་ལྟ་བུ་ཡིན་ནོ།།

༼ག གསུམ་པ་ཚོགས་ལ་སྤྱན་འདྲེན་པ།

གསུམ་པ་ཚོགས་ལ་སྤྱན་འདྲེན་པ་ནི༔ ཚོགས་ཞིང་སྤྱན་འདྲེན་འདི་མདུན་བསྐྱེད་དང་མ་འབྲེལ་བ་ལ་དགོས་མ་གཏོགས་མདུན་བསྐྱེད་དང་འབྲེལ་ཚེ་དམིགས་བསལ་མི་དགོས་གསུང་མཁན་ཡང་ཡོད་དོ། །འོན་ཀྱང་འདི་ནས་མདུན་བསྐྱེད་དང་འབྲེལ་མ་འབྲེལ་ཞིག་གིས་མ་ཡིན་ལ། ཚོགས་ཞིང་སྤྱིའི་དཀྱིལ་འཁོར་ལ་རྩ་གསུམ་ཆོས་སྐྱོང་དང་བཅས་པ་སྤྱན་འདྲེན་གྱི་ཆེད་དུ་དགོས་པ་ཡིན་ཞིང་། དམིགས་བསལ་དུ་སློབ་དཔོན་ཆེན་པོས་ཡང་ཕུར་སྦྲགས་མའི་ཚུལ་དུ་གསུངས་པ་ཡིན་པ་དང་། རྡོ་རྗེ་ཕུར་བའི་ལྷ་ཚོགས་ཀྱང་མགྲོན་ཐབས་ཀྱི་ཚུལ་དུ་སྤྱན་འདྲེན་པ་ཡང་འཐུས་པ་ཡིན་ཞེས་དེ་ལྟར་ཞལ་འཕྲོས་ཡོད་པ་ཡིན་ནོ།།

ཧཱུྃ༔ མ་བཅོས་ཆོས་དབྱིངས་ཞིང་ཁམས་ནས༔

བླ་མ་ཀུན་བཟང་ཡབ་ཡུམ་དང་༔

རྒྱལ་བ་ཞི་ཁྲོའི་ཚོགས་ཀྱིས་བསྐོར༔

ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔

ཞེས་གསུངས་ཏེ། ཧཱུྃ་གིས་ཐུགས་བརྒྱུད་བསྐུལ་བ་ཡིན་ཞིང་། མ་བཅོས་ཆོས་དབྱིངས་དོན་གྱི་འོག་མིན་ལ་གསུངས་པ་ཡིན་ལ། འོག་མིན་ཞེས་པ་འདི་ཇི་ལྟ་བུ་ཞིག་ཡིན་ཞེ་ན། གནས་སུ་གྱུར་པ་གང་ཞིག དེའི་ཡན་ན་ཆེས་འཕགས་པའི་གནས་གཞན་མེད་པ་དེ་ཉིད་འོག་མིན་གྱི་མཚན་ཉིད་ཡིན་ནོ། །དེ་ལྟར་ན་ཡང་སྐུ་གསུམ་གྱི་འོག་མིན་ལ་དབྱེ་བ་ཡོད་ཅིང་། ཆོས་སྐུའི་འོག་མིན་ཞེས་པ་ནི། རྒྱུད་ཀུན་བྱེད་ལས། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་སྟེ། །ཡང་དག་དོན་གྱི་འོག་མིན་དེ་རུ་བཤད། །ཅེས་གསུངས་ཏེ། མཐའ་དང་དབུས་ཕྱོགས་དང་ཆ་གང་དུ་གཞག་མི་བཏུབ་པའི་སྤྲོས་པ་དང་བྲལ་བའི་ངོ་བོ་སངས་རྒྱས་ཀྱི་མཐར་ཐུག་གི་བསྒྲུབ་བྱ་དེ་ལ་གསུངས་ཡོད་ལ། དེ་ཆོས་སྐུའི་འོག་མིན་ཡིན་ནོ། །ལོངས་སྐུའི་འོག་མིན་ནི་ཆོས་སྐུའི་དབྱིངས་དེ་ལས་ཡེ་ཤེས་ཆེན་པོའི་སྣང་བ་རང་བྱུང་བ་རྟེན་འོད་ཀྱི་གཞལ་ཡས་ཁང་དང་བརྟེན་པ་ལྷ་ཚོགས་གཙོ་འཁོར་དུ་སྣང་བའི་ཡེ་ཤེས་ལྔའི་རིགས་ལྷུན་གྱིས་གྲུབ་ཅིང་དུས་ཐམས་ཅད་དུ་འཕོ་འགྱུར་མེད་པ་ཉིད་དེ། གཙང་མའི་རིགས་དག་སྤངས་པ་ཡི། །འོག་མིན་ཆེན་པོའི་གནས་མཆོག་ན། །ཞེས་གསུངས་པ་དེ་ལྟ་བུ་ཡིན་ཞིང་། གཙང་མའི་གནས་སྤངས་པ་ཡིན་དུས་འཇིག་རྟེན་གྱི་སྣང་བ་ལས་འདས་པ་ཞིག་ཡིན་དགོས་ལ། འགའ་རེས་མི་མངོན་ནམ་མཁའི་དབྱིངས་ནས་ཞེས་ཟེར་ཁུལ་བྱས་ཏེ་ཀླད་ཅིག་གི་གྱེན་དུ་གྱེར་འདུག་ཁུལ་བྱས་ནས་གནམ་གྱི་སྟེང་མཐོ་ས་ཞིག་ལ་ཡོད་ལས་ཆེ་སྙམ་པར་བྱེད་ཀྱང་དེ་ལྟ་བུ་ཞིག་མ་ཡིན་ནོ། །འོག་མིན་ཡར་ལ་ཡིན་དགོས་པའི་ངེས་པ་མེད་དེ། སྟེང་དང་འོག་ཏུ་བལྟ་བ་ཐང་རེ་ཆད། །མཐོ་དམན་གཉིས་སུ་འཛིན་པ་ཉོན་རེ་མོངས། །ཞེས་གསུངས་ཡོད་ལ། སངས་རྒྱས་ཀྱི་རང་སྣང་ཡིན་པས་གང་ན་བཞུགས་ན་དེ་ན་ཡོད་པ་དང་། སངས་རྒྱས་ཕྱོགས་བཅུ་ན་བཞུགས་ཡོད་ཅིང་། ཐོག་ཁོ་ན་ལ་ཡོད་པའི་ངེས་པ་མེད་དོ། །འོན་ཀྱང་དེའི་ཕྱོགས་དེ་ཡང་ཕྱོགས་མེད་ཕྱོགས་དང་བྲལ་བའི་ཕྱོགས་མཚམས་ཆེན་པོ་ལ་གོ་དགོས་མ་གཏོགས་ཉི་མ་ཤར་ས་ལ་ངོས་རྟགས་བྱེད་ས་དེ་འདྲ་བའི་ཕྱོགས་ནི་མ་ཡིན་ལ། རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་སངས་རྒྱས་ཞེས་གསུངས་པས་རྡུལ་ཕྲ་རབ་གཅིག་གི་ནང་ན་ཡང་སངས་རྒྱས་བསམ་གྱིས་མི་ཁྱབ་པའི་ཞིང་དང་བཀོད་པ་ཡོད་ཆོག་ཅིང་། དེས་ན་གནས་ཀྱི་ཕྱོགས་ཆར་མི་གཅད་པར་ཆོས་དབྱིངས་དག་པའི་དབང་གིས་ཡོན་ཏན་གྱི་ཁྱད་པར་གང་ན་སྣང་ན་དེ་ན་འོག་མིན་ཆེན་པོ་ཡོད་དོ། །སྤྲུལ་སྐུའི་འོག་མིན་ལ་མཚོན་ན་རང་བཞིན་སྤྲུལ་བའི་ཞིང་ཁམས་དང་། གཙང་མ་རིས་ཀྱི་འོག་མིན་ཞེས་པ་གཉིས་སུ་གསུངས་ཤིང་། གདུལ་བྱ་སར་གནས་ཀྱི་སེམས་དཔའི་དོན་དུ་རང་བཞིན་སྤྲུལ་བའི་ཞིང་ཁམས་སྟུག་པོ་བཀོད་པ་ལ་སོགས་པ་དང་། གདུལ་བྱ་འདྲེས་མའི་དོན་དུ་གཙང་མའི་རིས་ཀྱི་འོག་མིན་དྭངས་མ་འོད་ཀྱི་རང་བཞིན་དུ་གྲུབ་པའི་གནས་སངས་རྒྱས་འཇིག་རྟེན་དུ་འབྱུང་བའི་སྐབས་སུ་སྤྲུལ་བའི་དང་པོ་ལོངས་སྐུ་མཚན་རྫོགས་ཀྱི་ཚུལ་དུ་སྔགས་ཕྱི་བ་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དུ་མ་གསུངས་ས་ཞིག་ཡོད་པ་དེ་ཡིན་ནོ། །མདོར་ན་འོག་མིན་འདི་ལ་དོན་གྱི་འོག་མིན། རྟགས་ཀྱི་འོག་མིན། རིག་པའི་འོག་མིན། རྟོགས་པའི་འོག་མིན། ད་རུང་གསང་བའི་འོག་མིན། གནས་ཀྱི་འོག་མིན་དེ་ལྟ་བུའི་དབྱེ་བ་དྲུག་ཙམ་ཡོད་དོ། །འདི་ནས་མཚོན་བྱ་དོན་གྱི་འོག་མིན་ཏེ་མཚོན་བྱེད་རྟགས་ཀྱི་འོག་མིན་ཡང་དེའི་ནང་དུ་འདུ་བའི་ཞིང་ཁམས་དེ་ནས་བླ་མ་ཀུན་བཟང་ཡབ་ཡུམ་ལ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཀྱིས་བསྐོར་བ་གཙོ་འཁོར་དགོངས་པ་དབྱེར་མེད་ཀྱི་དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་ཐམས་ཅད་ཚོགས་ཀྱི་ལོངས་སྤྱོད་ཟག་མེད་ཀྱི་བདུད་རྩིའི་མཆོད་པ་འབུལ་བའི་གནས་འདིར་གཤེགས་སུ་གསོལ་ཞེས་པ་དེ་ལྟ་བུའི་དོན་ཡིན་ནོ།།

༼ང བཞི་བ་ཚོགས་མཆོད་འབུལ་བ།

ཀ༽ ཚོགས་མཆོད་འབུལ་བ་དང་པོ་བཤད་པ།

དེ་ནས་ཚོགས་ཕུད་གསུམ་བཅད་ལ༔ དང་པོ་མཆོད་པ་འདི་སྐད་དོ༔

ཧཱུྃ༔ བླ་མ་ཀུན་བཟང་ཐིག་ལེའི་སྐུ༔

ཉག་གཅིག་ཟང་ཐལ་ལོངས་སྤྱོད་རྫོགས༔

ཅིར་མི་དགོངས་པ་སྤྲུལ་པའི་སྐུ༔

རྒྱལ་བ་རྒྱ་མཚོ་ཞི་ཁྲོའི་ཚོགས༔

མཁའ་འགྲོ་ཆོས་སྐྱོང་སྤྲུལ་འཁོར་བཅས༔

ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔

ཞེས་གསུངས་ཏེ། ཧཱུྃ་ཞེས་པས་དུས་གསུམ་ཕྱོགས་བཅུ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཡོ་མེད་ཆོས་དབྱིངས་མཐའ་དབུས་དང་བྲལ་བར་མཚོན་པའི་ཡི་གེས་སྣ་དྲངས་ནས། བླ་མ་ཀུན་བཟང་ཐིག་ལེའི་སྐུ་ཞེས་ཆོས་ཉིད་དོན་གྱི་བླ་མ་སངས་རྒྱས་ཀུན་གྱི་སྤྱི་མེས་ཆོས་སྐུ་ཀུན་ཏུ་བཟང་པོ་ཀུན་བཟང་ཀློང་ན་མི་བཟང་གཅིག་ཀྱང་མེད་པའི་ཀུན་ཁྱབ་བདེ་བ་ཆེན་པོ་དག་མཉམ་དབྱེར་མེད་པའི་བདག་ཉིད་ཀུན་ནས་ཟླུམ་པོ་ཐིག་ལེའི་བདག་ཉིད་དྲྭ་ཟུར་སྤྲོས་པའི་མཚན་མ་དང་ཕྱོགས་ཆ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་སྐུ་ཞེས་པའོ། །ཉག་གཅིག་ཟང་ཐལ་ལོངས་སྤྱོད་རྫོགས་ཞེས་ཉག་གཅིག་དེ་ཐིག་ལེའི་རང་བཞིན་འཁོར་འདས་དབྱེར་མེད་དུ་རྫོགས་པའི་ཟང་ཐལ་མཁའ་དང་མཉམ་པའི་ནང་དབྱིངས་དེ་ལས་ཕྱི་གསལ་ངེས་པ་ལྔ་དང་ཁ་སྦྱོར་བདུན་ལྡན་གྱི་ལོངས་སྤྱོད་རྫོགས་པའི་སྐུ། དེ་ལས་ཆུ་སྣོད་ཟླ་གཟུགས་ཀྱི་དཔེ་བཞིན་དུ་གང་འདུལ་གདུལ་བྱའི་མོས་ངོར་སྤྲུལ་བའི་སྐུར་ཤར་བ་ཅིར་མི་དགོངས་པ་སྤྲུལ་བའི་སྐུ་ཞེས་པ་སྟེ་སྤྲུལ་སྐུ་ཡིན་ཚད་ཅི་ཡང་མི་ཤེས་པ་ཡིན་པས་ཁྱབ་ཅེས་པའི་དོན་མ་ཡིན་ནོ། །འདི་དུས་ཐ་མའི་སྤྲུལ་རྫུན་ལ་གསུངས་པའི་ལུང་བསྟན་དེ་མ་ཡིན་ཞིང་། ཅིར་ཞེས་པའི་ལ་དོན་གྱི་ར་སྒྲ་འདིས་ཅི་ལ་ཡང་མི་དགོངས་པ་གསུངས་པ་ཡིན་ལ། གལ་སྲིད་ར་སྒྲ་འདི་མེད་ན་ངོ་མས་ཅི་མི་དགོངས་པ་ཅི་ཡང་མི་དགོངས་པ་ཟེར་ཆོག་ཅིང་འཁྱོག་འགྲེལ་བྱས་ན་ཆོག་ཀྱང་དེ་ལྟར་མ་ཡིན་ནོ། །འོ་ན་ཇི་ལྟར་ཡིན་ཞེ་ན། དཔལ་ལྡན་ཟླ་བས། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ཅིང་། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །ཅེས་དང་། འཇིག་རྟེན་ལས་འདས་པའི་ལེའུ་ལས། སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། །རྣམ་དག་ནམ་མཁའ་ལྟ་བུ་ཡིན། །ཞེས་གསུངས་པ་ལྟར་དུ་ཆོས་སྐུའི་དབྱིངས་ལ་རྟོག་པའི་མཚན་མ་མེད་ཀྱང་སྐུ་རྣམ་པ་ཐམས་ཅད་པ་ཤེས་བྱའི་སྣང་བརྙན་ཡོད་དགུར་འཆར་བའི་ཁ་སྦྱོར་དང་། གསུང་རྣམ་པ་ཐམས་ཅད་པ་སྒྲ་ཚིག་གི་མཚན་མ་མེད་ཅིང་སྒྲིབ་པ་ཐམས་ཅད་དང་བྲལ་བའི་ལོངས་སྤྱོད་རྫོགས་པ་དང་། ཐུགས་རྣམ་པ་ཐམས་ཅད་པ་གཟུང་འཛིན་གྱི་རྟོག་པ་ལས་གྲོལ་བ་དང་མཉམ་ཉིད་གཅིག་ཏུ་འགྱུར་མེད་བདེ་ཆེན་གྱི་རོལ་བ་དེ་ཡང་རང་བཞིན་མེད་ལུགས་མེད་དགག་གི་བྱེད་པའི་མཐའ་ལས་གྲོལ་བ་སོ་སོར་རང་རིག་པའི་མཚན་ཉིད་ཅན་རང་དོན་ཕུན་ཚོགས་སྙིང་རྗེས་ཡོངས་སུ་གང་བའི་མཐུ་དེ་ཡིས་དཔག་བསམ་གྱི་ཤིང་དང་ཡིད་བཞིན་གྱི་ནོར་བུ་ལྟ་བུར་གཞན་དོན་འབད་མེད་དུ་འབྱུང་བ་དེ་ལྟ་བུ་ཡིན་ནོ། །དེས་ན་ཅིར་མི་དགོངས་པ་སྤྲུལ་བའི་སྐུ་ཞེས་ཅིར་ཡང་མི་རྟོག་པའི་དམིགས་པ་མེད་པའི་ཐུགས་རྗེ་དང་ཕྲིན་ལས་ལ་རྒྱུན་ཆད་མེད་པ་གདུལ་བྱའི་མོས་པ་དང་དབང་པོ་ལ་འཚམས་པའི་གཟུགས་སྐུའི་སྣང་བརྙན་དང་ཆོས་ཀྱི་སྒོ་མཐའ་ཡས་པ་འགོག་མེད་དུ་འཆར་རྒྱུ་ཡོད་པའི་སྤྲུལ་བའི་སྐུ་གཞན་དོན་ཕུན་སུམ་ཚོགས་པ་རང་བཞིན་ཤུགས་ཀྱིས་འབྱུང་བ་ཅན་དེ་ལྟ་བུ་ཡིན་པས་སྐུ་གསུམ་འདུས་པའི་བདག་ཉིད་དོན་གཉིས་ལྷུན་གྲུབ་སངས་རྒྱས་གཅིག་ལ་འདུས་པའི་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་མཁའ་འགྲོ་ཆོས་སྐྱོང་སྤྲུལ་བ་འཁོར་དང་བཅས་པ་ལ་ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ་ཞེས་གསུངས་ལ། འདིའི་ཚོགས་ཕུད་ཀྱི་མཆོད་པ་གོང་མ་འདི་སྙན་གསན་དབབ་པའི་རྣམ་པ་ལྟ་བུ་ཞིག་ཡིན་ནོ།།

ཁ༽ ཚོགས་མཆོད་འབུལ་བ་གཉིས་པ་བཤད་པ།

དངོས་སུ་འབུལ་བ་ནི་དྲུག་པ་ཞལ་ཟས་ཚོགས་ཀྱི་མཆོད་པ་ནི༔

ཧཱུྃ༔ བླ་མ་ཡི་དམ་ཞི་ཁྲོ་རབ་འབྱམས་དང་༔

མཁའ་འགྲོ་དམ་ཅན་མ་ནིང་ནག་པོ་དང་༔

ཨེ་ཀ་ཙ་ཏི་དཔལ་འབར་སྲོག་བདག་དང་༔

ཁྱབ་མཇུག་གནོད་སྦྱིན་དམ་ཅན་ཐིག་ལེ་རྩལ༔

བརྟན་མ་བཅུ་གཉིས་དགེ་བསྙེན་ཉེར་གཅིག་དང་༔

ཡུལ་ལྷ་གཞི་བདག་འཁོར་དང་བཅས་པ་ལ༔

ཞལ་ཟས་ཚོགས་ཀྱི་མཆོད་པ་འདི་འབུལ་བས༔

དགྱེས་པར་དགོངས་ལ་དངོས་གྲུབ་བསྩལ་དུ་གསོལ༔

ཞེས་གསུངས་ཏེ། དཀྱིལ་འཁོར་རྒྱ་མཚོ་ཐུགས་གསང་བ་བླ་མེད་ཀྱི་དཀྱིལ་འཁོར་གཅིག་ལ་འདུས་པའི་ཧཱུྃ་སྒྲ་དེ་ཡིས་སྣ་དྲངས་ནས། རྩ་གསུམ་དམ་ཅན་བསྟན་སྐྱོང་ཡུལ་རིས་ཀྱི་ཟོ་དོར་དང་བཅས་པ་དཀྱིལ་འཁོར་གཅིག་གི་གཙོ་འཁོར་བཀའ་སྡོད་དང་བཅས་པ་འདུས་པ་ལ་ཚོགས་མཆོད་འབུལ་བ་ཡིན་ཞིང་། འདིའི་ཚོགས་ཞིང་སྤྱིའི་ལྷ་ཚོགས་དང་བཅས་པ་ལ་ཚོགས་མཆོད་འབུལ་བ་ཡིན་པས་བྱིན་རླབས་ཀྱི་རྩ་བ་བླ་མ་སྟེ་རྩ་བ་དང་བརྒྱུད་པའི་བླ་མ། དངོས་གྲུབ་ཀྱི་རྩ་བ་ཡི་དམ་སྟེ་ཡི་དམ་ཞི་བ་དང་ཁྲོ་བོའི་ལྷ་ཚོགས་རབ་འབྱམས་སམ་མཐའ་ཡས་པ། ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་སྟེ་དེ་ཡང་ལས་དང་ཡེ་ཤེས་ཀྱིས་བསྡུས་པ། དམ་ཅན་ཞེས་པ་ཆོས་སྐྱོང་བའི་སྲུང་མ་བཀའ་དང་དམ་ལ་གནས་པ་སྤྱི་ལ་དམ་ཅན་གསུངས་པ་ཡིན་ཞིང་། བྱེ་བྲག་ཟབ་ཆོས་འདིའི་བཀའ་དང་གཏེར་གྱི་སྲུང་མ་དཔལ་མ་ནིང་ནག་པོ་མགོན་པོ་ཀུན་གྱི་གཙོ་བོ། ཨེ་ཀ་ཙ་ཏི་མ་མོ་ཡོངས་ཀྱི་སྤྱི་རྗེ། སྲོག་བདག་ཤན་པ་དམར་ནག ཁྱབ་འཇུག་གམ་གཟའ་བདུད་རཱ་ཧུ་ལ། གནོད་སྦྱིན་ཆེན་པོ་ཡང་ལེ་བེར། དམ་ཅན་ཐིག་ལེ་རྩལ་ལམ་དམ་ཅན་རྡོ་རྗེ་ལེགས་པ། འདིའི་དམ་ཅན་སྤྱི་སྒྲ་བྱེ་བྲག་ལ་འཇུག་དུས་ཀྱང་ཡོད་པས་ཡིན་ལ། བདུད་མོ་བཞི་དང་སྨན་མོ་བཞི་ལ་སོགས་པ་བོད་སྐྱོང་བསྟན་མ་བཅུ་གཉིས། ཇོ་བོ་སྒྱོགས་ཆེན་གདོང་ར་ལ་སོགས་པ་དགེ་བསྙེན་ཉེར་གཅིག གཞན་ཡང་རྣལ་འབྱོར་བ་གང་ན་གནས་པའི་ས་ཕྱོགས་དེའི་དཀར་ཕྱོགས་སྐྱོང་བའི་ཡུལ་རིས་ཟོ་དོར་སྤྱི་དང་། ཁྱད་པར་འགོ་ཞིང་སྲུང་བའི་ཡུལ་གྱི་ལྷ་དང་གཞི་ཡི་བདག་པོ་འཁོར་དང་བཅས་པ་ལ་ཡང་ཞལ་ཟས་ཚོགས་ཀྱི་མཆོད་པ་འདི་འབུལ་བས་དགྱེས་པ་ཆེན་པོས་དགོངས་ཏེ་དངོས་གྲུབ་བསྩལ་དུ་གསོལ་ཅེས་གསུངས་པའོ། །མ་ཧཱ་གྷ་ན་ཙཀྲ་པུ་ཙ་ལ་ཁཱ་ཧི༔འདི་ཚོགས་ཕུད་དམ་ཚོགས་མཆོད་གོང་འོག་གཉིས་ཀའི་ནང་གི་འབུལ་ཚིག་གི་སྔགས་ཡིན་ལ། སྔགས་དོན་ནི་ཚོགས་ཀྱི་འཁོར་ལོའི་མཆོད་པ་ཆེན་པོ་བཞེས་ཤིག་ཅེས་པའི་དོན་ཡིན་ནོ།།

༼ཅ ལྔ་བ་བཤགས་པར་བྱ་བ།

ཀ༽ བསྐང་ཞིང་བཤགས་པ།

ཀ དངོས་ཀྱི་དོན་བཤད་པ།

བར་པ་གཤགས་ཤིང་འབུལ་བ་ནི༔

ཧཱུྃ༔ བདག་ཅག་འཁོར་བའི་སེམས་གཞི་བླངས་པ་ནས༔

ད་ལྟའི་ལུས་འདི་བླངས་པ་ཡན་ཆད་དུ༔

རིག་དང་མ་རིག་བག་ཆགས་དབང་གྱུར་པས༔

རྩ་བ་ཡན་ལག་དམ་ཚིག་ཉམས་པ་རྣམས༔

ཞལ་ཟས་ཚོགས་འབུལ་བསྐང་ཞིང་བཤགས་པར་བགྱི༔

བཟོད་པར་བཞེས་ནས་ཚངས་པར་སྩལ་དུ་གསོལ༔

ཞེས་གསུངས་ཏེ། ཧཱུྃ་ཞེས་པ་བརྗོད་མེད་ཐུགས་ཀྱི་ཀློང་ན་བཤགས་བྱ་བཤགས་བྱེད་དང་བྲལ་བའི་དོན་གྱི་ཡི་གེས་སྣེ་དྲངས་ནས། བདག་ཅག་ཅེས་བདག་དང་བཅས་པའི་སེམས་ཅན་ཐམས་ཅད་ཀྱིས་ཞེས་པའི་དོན་བསྟན་པ་ཡིན་ལ། འཁོར་བའི་སེམས་གཞི་བླངས་པ་ན་ཞེས་པ་འཁོར་བའི་སེམས་འདི་རྒྱུ་བདག་ཉིད་གཅིག་པའི་མ་རིག་པའི་ལྷན་སྐྱེས་ཀུན་བརྟགས་ཀྱི་མ་རིག་པ་དང་རྐྱེན་བཞིའི་དབང་གིས་འཁྲུལ་བ་ཡིན་པས་དེའི་འཁྲུལ་མ་འཁྲུལ་གཉིས་ཀྱི་འདུས་མདོ་གཞི་གང་ལས་སྐྱེས་ན་གཞི་ལས་གཞི་སྣང་ཤར་བའི་གནས་སྐབས་ན་གཟུང་འཛིན་རྒྱང་ཆད་དུ་སོང་བ་སྟེ། དཔལ་ལྡན་ཟླ་བས། དང་པོ་ང་ཞེས་བདག་ལ་ཞེན་གྱུར་ཅིང་། །བདག་གི་འདི་ཞེས་དངོས་ལ་ཆགས་བསྐྱེད་པ། །ཟོ་ཆུན་འཕྱན་ལྟར་རང་དབང་མེད་པ་ཡི། །ཞེས་གསུངས་པ་ལྟ་བུའི་གཞི་ལས་གཞི་སྣང་ཤར་བའི་གནས་སྐབས་ན་འོད་སྣང་གཞན་དུ་བཟུང་། གཟུང་འཛིན་ཇེ་རགས་སུ་གྱུར་ནས་གནས་དོན་ལུས་སུ་གྲུབ་ཅིང་། སྐྱེ་ཤི་མང་པོའི་ཁ་བརྒྱུད་པ་ནས་ཐ་མལ་ད་ལྟའི་ལུས་འདི་བླངས་པ་ཡན་ཆད་དུ་ཞེས་མདོར་ན་ཐོག་མེད་ནས་ད་ལྟའི་བར་དུ་ཞེས་པ་ལྟ་བུ་ཡིན་ནོ། །ཤེས་བཞིན་དུ་སྡིག་པའི་ལས་བྱས་པ་ཤི་རྒྱུ་ཤེས་ཤེས་ཁར་དུག་འཐུང་བ་ལྟ་བུ་དང་། མ་རིག་པ་དང་རྨོངས་པའི་གཞན་དབང་དུ་སོང་ནས་བསྲུང་མཚམས་མ་ཤེས་ནས་འགལ་བར་སོང་བ་དང་། མདོར་ན་བག་ཆགས་ངན་པའི་རང་གཤིས་ཀྱི་དབང་དུ་སོང་ནས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་རྣམས་ཞལ་ཟས་ཚོགས་ཀྱི་མཆོད་པ་ཕུལ་བ་འདིས་མ་ཚང་བ་ཁ་སྐོང་། ཆད་པ་མཐུད། གས་པ་གསོས། ཉམས་པ་བཤགས་པ་ཡིན་གསུངས་ནས་གསང་སྔགས་ཀྱི་ཐབས་ཁྱད་པར་ཅན་འདི་ཚོས་བཤགས་ན་བཤགས་པའི་མཆོག་ཡིན་ཞིང་། ཚོགས་འཁོར་བསྐོར་རྒྱུ་འདི་གསང་སྔགས་ཀྱི་གསོ་སྦྱོང་དུ་རང་ཤུགས་ཀྱིས་འགྱུར་འགྲོ་ལ། དམ་ཚིག་ཉམས་སོང་བའི་དམ་ཉམས་ཟེར་བ་དེ་གནའ་ཞིག་ལ་ཡོད་མྱོང་བ་རེད་མ་གཏོགས་དེང་སང་ཅི་ལ་ཡོད་བསམ་རྒྱུ་དང་། གཞན་དག་ཅིག་དམ་ཚིག་གཙང་ས་མེད་མ་གཏོགས་ང་ནི་གཙང་མ་ཡིན། འགལ་ཉམས་འདས་རལ་ཟླས་ཉམས་ཞོར་ཉམས་ལ་སོགས་པའི་ཤན་ཞིག་ང་ལ་ཞུགས་མེད་སྙམ་ན་དེ་དཀའ་མོ་ཞིག་ཡིན་ནོ། །འགལ་ཡོད་དང་མེད། འགལ་རྒྱུ་ཅི་ཞིག་ཡིན། གང་ལ་ཇི་ལྟར་འགལ་ཡོད། འགལ་རྒྱུའི་རྣམ་གྲངས་དུ་ཙམ་ཞིག་ཡོད་མ་ཤེས་དུས་རིག་དང་མ་རིག་བག་ཆགས་དབང་གྱུར་གྱི་ནང་ལ་གཅིག་མིན་ན་གཅིག་གི་ཐད་ནས་བཤགས་དགོས་པར་གྱུར་ཡོད་རྒྱུ་དང་། སྟབས་ཉེས་ན་བཤགས་རྒྱུ་མེད་པའི་སྡིག་ཅན་དུ་འགྱུར་སྲིད་པ་དེ་ལྟར་ཡིན་ནོ།།

ཁ འཕྲོས་དོན་བཤད་པ།

༼༡༽ རྩ་བའི་དམ་ཚིག་བཤད་པ།

༼༡ རྩ་བའི་དམ་ཚིག་དང་པོ་བཤད་པ།

དམ་ཚིག་གི་རྣམ་གྲངས་འདི་ཤིན་ཏུ་མང་བ་ཡིན་ཞིང་། རྒྱུད་གཞན་པ་ཡི་ནང་ན་རྩ་ལྟུང་བཅུ་བཞི་ཡན་ལག་སྦོམ་པོ་བརྒྱད་ལ་སོགས་པ་དབྱེ་བསྡུའི་རྣམ་གྲངས་མང་ལ། སྒྱུ་འཕྲུལ་གྱི་ལུགས་གཞིར་བཟུང་ན་ཡང་རྩ་བ་ལྔ། ཡན་ལག་བཅུ་དང་བཅོ་ལྔར་བྱས་ནས་གསུངས་ཡོད་དོ། །རྩ་བའི་དམ་ཚིག་ལྔ་ལ་མཚོན་ན། བླ་མེད་མི་སྤོང་བླ་མ་བཀུར། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད། །ཡང་དག་ལམ་དུ་ཞུགས་ལ་བྱམས། །གསང་བའི་དོན་ཕྱིར་སྨྲ་མི་བྱ། །འདི་ནི་རྩ་བ་ལྔ་རྣམས་ཏེ། །བསྒྲུབ་དང་བསྲུང་བའི་དམ་ཚིག་མཆོག །ཅེས་གསུངས་ཏེ། རྩ་བའི་དམ་ཚིག་ལྔའི་ནང་གི་དང་པོ་དེ་བླ་མེད་མི་སྤོང་ཞེས་པ་ནི་བླ་མེད་ཅེས་པ་གང་ལ་ངོས་འཛིན་ན་ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་པ་དག་མཉམ་བདེན་པ་དབྱེར་མེད་ཆོས་སྐུ་ཆེན་པོ་དེ་ལ་གོ་དགོས་ཤིང་། དེའི་ཡན་ན་རྟོགས་དགོས་རྒྱུ་ཞིག་དང་ཐོབ་དགོས་རྒྱུའི་ལམ་དང་འབྲས་བུ་ཞིག་མེད་ལ། དེའི་ཕྱིར་བླ་མེད་ཅེས་གསུངས་སོ། །དེ་སྤང་མི་ཉན་ལ། དེ་མ་སྤངས་ན་དཀོན་མཆོག་གསུམ་དང་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་གཉིས་ཀ་རང་ཤུགས་ཀྱིས་སྤངས་མེད་དོ། །དཀོན་མཆོག་གསུམ་ནི་སྨྱོས་ཡོད་ན་མ་གཏོགས་སྤོང་དོན་མེད་དོ་སྙམ་ན། གཞི་ལམ་འབྲས་བུས་བསྡུས་པའི་དཀོན་མཆོག་གསུམ་མི་སྤོང་བ་མ་དགོས་དང་ངོ་ཤེས་པ་ཡང་དཀའ་ལ། ཆོས་ཉིད་དོན་གྱི་གནས་ལུགས་ཇི་ལྟ་བ་བཞིན་མངོན་དུ་གྱུར་པ་དེ་ཉིད་སངས་རྒྱས་ཡིན་པ་དང་། ཇི་ལྟ་བ་བཞིན་མངོན་དུ་མ་གྱུར་ཀྱང་ཅི་རིགས་རྟོགས་པ་དགེ་འདུན་ཡིན་ཞིང་། བླ་མེད་ལ་ཡིད་ཆེས་བྱས་ནས་མ་སྤངས་དུས་དེ་མཐོང་བའི་འཕགས་རིགས་ཀྱི་རྒྱུད་ན་བཞུགས་པའི་ཆོས་ཀྱང་སྤོང་མི་སྲིད་དོ། །དེ་ལྟ་བུའི་མཆོག་གསུམ་དེ་མ་སྤངས་དུས་དེའི་ཆོས་ཉིད་ཀྱི་ཚུལ་དུ་ཡོད་པའི་གཞི་ལམ་འབྲས་བུའི་དཀོན་མཆོག་གསུམ་གཞིའི་གནས་སྐབས་ན་སེམས་ཅན་གྱི་སེམས་ཉིད་སངས་རྒྱས་པའི་ངོ་བོར་གནས་ཡོད་པ་དང་། དེ་གནས་ན་ཆོས་ཀྱང་ཉི་མ་དང་ཟེར་བཞིན་དུ་འབྲལ་མེད་དུ་ཡོད་དགོས་ཤིང་། དེ་མིན་ཡང་ངག་ཡི་གེའི་འཁོར་ལོ་རང་བཞིན་གྱིས་གནས་ཡོད་ལ། ཆོས་ཉིད་དེ་ལྟ་བུ་དང་ལྡན་པས་སེམས་ཅན་བསོད་ནམས་སྒྲུབ་པའི་ཞིང་དུ་གྱུར་ན་དགེ་འདུན་མིན་པའི་ཐབས་གང་ན་ཡོད། གཞི་དུས་དེ་ལྟར་ཡིན་ན་ལམ་གྱི་གནས་སྐབས་ན་ལམ་ཞུགས་གང་ཟག་རང་ཉིད་ལྟ་བུ་ལ་ཆག་བཞག་ན་སྒོ་གསུམ་སྐུ་གསུང་ཐུགས་ཀྱི་ངོ་བོར་ཡེ་ནས་གནས་དུས་སངས་རྒྱས་མིན་པར་གང་དུ་འགྲོ་ས་ཡོད། ལམ་བསྐྱེད་རྫོགས་གཉིས་ཀ་ཉམས་ལེན་བྱེད་བཞིན་ཡོད་པ་འདི་ཆོས་ཡིན་ལ། ཆོས་ཉམས་ལེན་བྱེད་མཁན་དེ་དགེ་འདུན་མིན་པའི་ཐབས་མེད་ན་ལམ་དུས་ཀྱི་མཆོག་གསུམ་ཡང་དེ་ལྟར་དུ་ཚང་བ་ཡིན་ནོ། །འབྲས་བུའི་གནས་སྐབས་སུ་བསམ་བློ་བཏང་ན་ལམ་མཐར་ཕྱིན་པའི་སངས་རྒྱས་དང་། དེས་བསྟན་པའི་ཆོས། དེ་ཉམས་སུ་ལེན་པའི་དགེ་འདུན་ཏེ་ཡོངས་གྲགས་ཀྱི་མཆོག་གསུམ་མོ། །དེ་ཡང་མཐར་གཏུགས་ན་སངས་རྒྱས་གཅིག་ལ་ཐུག་པ་སྟེ། ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར་ཞེས་གསུངས་པ་ཡིན་པས་སློབ་པ་མཐར་ཐུག་འབྲས་བུའི་སྐབས་སུ་ཡིན་ན་དེ་ལྟ་བུའི་གཞི་ལམ་འབྲས་གསུམ་གྱི་དཀོན་མཆོག་ཐམས་ཅད་པོ་དག་མཉམ་བདེན་པ་དབྱེར་མེད་ཀྱི་ཚུལ་དེའི་ཕན་ན་ལོགས་སུ་མེད་པ་དེ་ཉིད་གནས་ལུགས་དོན་གྱི་དཀོན་མཆོག་ཡིན་ལ། དེའི་ངང་དུ་སྐྱབས་གནས་ཐམས་ཅད་འདུས་པ་ཡིན་ཞིང་། དེ་ལྟར་ན་བླ་མེད་དེ་བཟུང་དུས་སྐྱབས་གནས་ཐམས་ཅད་བཟུང་བ་ཡིན་ནོ། །ཡིན་ན་ཡང་གང་ཟག་གི་བློ་རིམ་གཅིག་དང་གཅིག་མི་འདྲ་ལ། བླ་མེད་མི་སྤོང་བཟུང་ལུགས་ལ་ཁྱད་པར་ཡོད་ཅིང་། འདི་ལ་མོས་པས་འཛིན་པ་དང་ངེས་པས་འཛིན་པ་ཞེས་པ་གཉིས་སུ་ཕྱེས་ཡོད་དོ། །མོས་པས་འཛིན་པ་ཡིས་འཛིན་ལུགས་དེ་ཉིད་ཧ་ཅང་ལེགས་པོ་ཞིག་མ་ཤེས་ནས་ངེས་པ་མ་རྙེད་པ་ཡིན་ཡང་རྒྱུད་སྡེ་ནས་གསུངས་པ་ལྟར་དུ་འཛིན་དགོས་སྙམ་པ་ཡིན་ལ། ངེས་པས་འཛིན་པ་གང་ཡིན་པ་དེ་ཉིད་ཀྱིས་ལྟ་བའི་དོན་གོ། དེ་ལ་ཡིད་ཆེས་ནས་དེ་འདྲ་བའི་སྒོ་ནས་ཡེ་ནས་ཡིན་པས་དེ་སྤོང་རྒྱུ་མེད་སྙམ་པའི་ངེས་ཤེས་རྙེད་ཡོད་པས་ངེས་པས་འཛིན་པ་ཡིན་ནོ། །དེ་ལྟ་བུ་དེ་ཉིད་དམན་ལམ་ལ་ལྡོག་རྒྱུ་ལ་སོགས་པ་རང་གི་ངེས་པ་དེའི་སྟོབས་ཀྱིས་འགོག་ནུས་ལ། ལྟ་བ་དེ་ལྟ་བུ་དང་ལྡན་པ་དེ་ལ་དེའི་མིང་རྡོ་རྗེ་འཛིན་པ་ཟེར་ཆོག་ཅིང་། ཆོག་པའི་རྒྱུ་མཚན་ནི་སྔགས་ཀྱི་དེ་ཁོ་ན་ཉིད་རྡོ་རྗེ་ལྟ་བུ་དེ་རང་གི་རྒྱུད་ན་བཟུང་སྟེ་སྲིད་ཞིའི་རྒུད་པ་འཇོམས་པའི་ནུས་པ་དང་ལྡན་པས་རྡོ་རྗེ་འཛིན་པར་གྱུར་ཡོད་དོ། །བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་སྤངས་པར་བྱས་མེད་དེ། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་རྒྱུད་ཀྱི་ནང་ན་གསུངས་པའི་དོན་རྟོགས་ཡོད་དོ། །དེས་ན་བླ་མེད་ཀྱི་སྔགས་ཀྱི་དེ་ཁོ་ན་ཉིད་དེ་ཆོས་ཉིད་དོན་གྱི་ལྷ་ཡིན་ན་དེ་རྣམ་པ་རྟགས་ཀྱི་ཕྱག་རྒྱར་ཤར་བའི་ལྷ་ཐམས་ཅད་ཀྱང་འདིའི་སྒོ་ནས་མི་སྤོང་བར་གྲུབ་ཡོད་ཅིང་། དེ་འདྲ་ཞིག་ཡིན་པའི་རྒྱུ་མཚན་གྱིས་དམ་ཚིག་དང་སྒོམ་སྒྲུབ་ཐམས་ཅད་ཀྱི་སྲོག་ལྟ་བ་འདིས་བཟུང་ན་མི་ཉམས་ཤིང་རྣམ་པར་དག་པར་འགྱུར་ཐུབ་བོ། །དེ་ལྟར་བྱས་ནས་སྔགས་ཀྱི་དེ་ཁོ་ན་ཉིད་དེ་གདེང་དུ་གྱུར་ནས་ལྟ་བ་ཡང་དག་ཡོད་པ་ཞིག་གིས་ནི་དམ་ཚིག་ཉམས་ཞེས་པ་མི་སྲིད་ཀྱང་དེ་ལྟ་བུའི་གདེང་ཚོད་ཡོད་པའི་ཚད་དུ་ཟིན་མ་དགོས་དང་ཟིན་ལ་ཉེ་བ་ཙམ་དུ་མ་གྱུར་ནས་མོས་པ་ཡིད་བྱེད་ཙམ་གྱིས་སྔགས་ལ་ཞུགས་ཁུལ་བྱས་པ་དེས་མཚམས་མཚམས་སུ་ལྟ་བ་ཟབ་མོ་དག་མཉམ་དབྱེར་མེད་ཀྱི་དོན་དང་གནད་མི་རྟོགས་ནས་རྩ་ལྟུང་འབྱུང་བ་ཡིན་ནོ། །དེས་ན་ལས་དང་པོ་བས་སྔགས་ཀྱི་ལྟ་སྤྱོད་ཟབ་མོ་རང་ཐད་ཀྱིས་ཉམས་འོག་ཆེན་པོ་ཞིག་མ་ཆུད་ཀྱང་ཆོས་སྤོང་གི་ཉེས་པ་དང་རྩ་ལྟུང་འབྱུང་བ་ལ་བསམས་ནས་སྨོད་མི་ཉན་ཞིང་། དབང་ཐོབ་དཀྱིལ་འཁོར་གཉན་པོ་ལ་མ་ཞུགས་པ་ཞིག་ནི་ཕལ་ཆེར་ཡོད་པ་མ་ཡིན་ལ། ཐམས་ཅད་པོ་གསང་སྔགས་ལྟ་སྤྱོད་ཟབ་མོ་ཤེས་མཁན་དང་དེ་ཉམས་སུ་ལེན་ཐུབ་མཁན་དེ་བས་ཀྱང་ད་ལྟ་ནས་དཀའ་ཡང་ནམ་ཞིག་དེ་དང་དེ་ལྟ་བུ་དང་དུ་ལེན་དགོས་སྙམ་པའི་མོས་པ་དང་དང་བ་བྱེད་དགོས་སོ། །དེ་རིང་ཚོགས་ཀྱི་བཤགས་པ་དང་སྦྲེལ་ནས་དམ་ཚིག་གི་སྐོར་འཕྲོས་དོན་ལ་བཤད་རྒྱུ་བྱུང་སོང་བ་ཡིན་ལ། འདི་རྒྱས་བཤད་བྱེད་རྒྱུ་འདི་སྐབས་སུ་བབས་ཟེར་རྒྱུ་མེད་ཀྱང་འདི་དང་མི་འབྲེལ་བ་ཞིག་མ་ཡིན་ཞིང་། དབང་ཐོབ་སྡོམ་པ་ཞུས་ཡོད་མཁན་ཞིག་གིས་སྡོམ་དམ་ཚིག་གི་རྣམ་བཞག་ཙམ་ཞིག་ཚིག་ཐོག་ནས་མ་ཤེས་དུས་དོན་ཐོག་ནས་ཇི་ལྟར་བསྲུང་སྟེ། བསྲུང་བྱ་མི་ཤེས་བསྲུང་བར་རློམ་པ་མཚར་གསུངས་པ་ལྟ་བུར་གྱུར་དུས་སོར་ཐར་གྱི་སྡོམ་པ་དེ་ན་བཟའ་ངུར་སྨྲིག་ཙམ་དང་། གསང་སྔགས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ནས་གྱེར་འདོན་བྱས་པ་ཙམ་གྱིས་ལྟར་སྣང་ཙམ་དང་གཟུགས་བརྙན་ཙམ་དུ་གྱུར་ནས་མདོ་སྔགས་གཉིས་ནས་རྟགས་ཙམ་འཛིན་པའི་བསྟན་པ་དེ་རྟགས་འཆང་མཁན་རང་ཉིད་ཀྱིས་མགོ་བཙུགས་པར་བྱས་པའི་བཞག་པ་ངན་པར་འགྱུར་འགྲོ་ཞིང་། རྗེ་མི་ལ་རས་པའི་མགུར་འབུམ་ལས། ཙནྡན་སྨན་གྱི་སྡོང་པོ་ལ། །ཤིང་རྟ་ཡུ་ནང་ནས་མ་ཤོར་ན། །ཕྱི་མོན་པ་སྟར་ཐོགས་མི་འོང་གིས། །ཤིང་ནང་སྲིད་སྡོམས་ཤིག་ནགས་མ་ལྗོངས། །གསུངས་པ་ལྟ་བུ་འདིའི་ཐད་ཀྱི་གདམས་པ་ཡིན་ནོ། །དེས་ན་དམ་ཚིག་གི་སྐོར་དེ་ད་རེས་ཞིབ་ཆ་འདྲ་ཞིག་རེད་སོང་ན་མིན་རྒྱུ་མི་འདུག་བསམ། རྩ་བའི་ལྟུང་བ་ལྔའི་ནང་གི་བླ་མེད་མི་སྤོང་གསུངས་པའི་དང་པོ་དེའི་དོན་རགས་རིམ་ཞིག་བཤད་པ་ཡིན་ལ། སང་ཉིན་བླ་མེད་མི་སྤོང་ཞེས་པའི་མཚམས་ཀྱི་བླ་མ་བཀུར། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད། །ཡང་དག་ལམ་དུ་ཞུགས་ལ་བྱམས། །གསང་བའི་དོན་ཕྱིར་སྨྲ་མི་བྱ། །ཞེས་པའི་སྒྱུ་འཕྲུལ་རྩ་བའི་དམ་ཚིག་འཕྲོ་མ་བཞི་བོ་དང་ཡན་ལག་གི་དམ་ཚིག་བཅུ་བོ་དེ་ཞུ་ཆོག དམ་ཚིག་གི་སྐོར་དེ་དེ་སྔོན་མགོ་གླེང་ཙམ་རེ་མ་གཏོགས་ཞུས་མྱོང་བ་ཕལ་ཆེར་དྲན་རྒྱུ་མི་འདུག་ལ། ད་རེས་བསྙེན་པ་གསོག་རྒྱུ་གལ་ཆེ་ཞིང་། དུས་ཚོད་འཕྲོག་བརླག་ཤོར་མི་ཉན་ཡང་དེ་རིང་ཡང་ལས་བྱང་རྔ་མ་མ་བུད་པས་སང་ཉིན་ཡོངས་སུ་གྲུབ་པ་ཞིག་དུས་ཚོད་ཀྱི་འཆར་གཞི་དང་འགྲིག་པ་ཞིག་བྱེད་ཆོག དེས་ན་ཆོས་ཁྲིད་སྣར་ཡུན་རིང་སོང་ཡང་ཕན་ཐོགས་ཀྱི་ཕྱོགས་ལ་ཅུང་ཟད་རེ་ཡོད་སྲིད་རྒྱུ་རེད་སྙམ་པའི་བསམ་པ་དེ་ལྟ་བུ་བྱས་པ་ཡིན་ནོ།། །།


previousཉིན་བཞི་བའི་ཆོས་ཁྲིད། next