Nitartha Digital Library
Tibetan
 
previousཉིན་ལྔ་བའི་ཆོས་ཁྲིད། next

ཉིན་ལྔ་བའི་ཆོས་ཁྲིད།

༡ སྔོན་དུ་འགྲོ་བའི་ཆོས་བཤད་པ།

ཇི་སྐད་དུ་སྡོམ་འབྱུང་ལས། ཅི་སྟེ་དངོས་གྲུབ་མཆོག་འདོད་ན། །སྲོག་ནི་ཡོངས་སུ་གཏོང་ཡང་སླ། །འཆི་བའི་དུས་ལ་བབས་ཀྱང་སླ། །རྟག་ཏུ་དམ་ཚིག་བསྲུང་བར་བྱ། །ཞེས་གསུངས་ལ། དེས་དོན་ཅི་ཞིག་བསྟན་ཅེ་ན། མཆོག་དང་ཐུན་མོང་གི་དངོས་གྲུབ་ཚེ་འདི་ལ་ཐོབ་ནས་རང་གཞན་གྱི་དོན་བྱེད་སེམས་མཁན་ངོ་མ་ཞིག་གིས་ཚེ་འདིའི་ཐོག་གི་འདོན་ཡོན་ལོངས་སྤྱོད་ཕར་ཞོག་སྲོག་གཏོང་དགོས་ན་ཡང་ཧ་ལས་རྒྱུ་ཅི་ཞིག་ཡོད་དེ། དེ་སྔོན་དོན་མེད་དོན་ཆུང་གི་ཆེད་དུ་སྲོག་ཅི་འདྲ་མང་པོ་ཞིག་བཏང་མ་མྱོང་། འཆི་བའི་དུས་ལ་ད་བབས་སོང་ན་སླ་ལ། ནམ་ཞིག་ལ་འཆི་དགོས་ཤིང་། མི་ཤི་བར་སུ་གཅིག་འདུག་ས་མེད་དོ། །དམ་ཚིག་སྲུང་དགོས་མ་གཏོགས་དེ་མ་བསྲུངས་ནས་ཉམས་ཤོར་ན་ཚེ་རབས་མང་པོ་ལ་སྡུག་བསྔལ་ཉམས་སུ་མྱོང་ནས་འདོད་དོན་བརླག་འགྲོ་བ་ཡིན་ཞིང་། དམ་ཚིག་ཉམས་ཤོར་བ་དེ་ཉིད་ཐེངས་གཅིག་ལ་སྲོག་འདོར་དགོས་ཐུག་པ་དང་ཐེངས་གཅིག་ཤི་བ་ལས་ཚབས་ཆེ་བ་ལས་ཆེ་ཡིན་ལ། དམ་ཚིག་བསྲུང་རྒྱུ་གལ་ཆུང་མི་བྱེད་རྒྱུར་སྲོག་བས་གནད་ཆེ་བ་ཡིན་པའི་འདང་རྒྱོབ་ཅེས་གསུངས་པ་ཡིན་ནོ། །འུ་ཚོ་མི་འདིས་འདང་ཕོག་པ་མ་ཡིན་ཞིང་། སོ་སོར་སྐྱེ་བོ་བྱིས་པའི་བློ་ཅན་ཡིན་ལ། མི་ཆེན་ཞིག་གིས་བལྟས་ན་བྱིས་པ་བསམ་མེད་ཚོས་འདི་ཅིའི་ཕྱིར་བྱེད་སྙམ་པའི་ལས་བྱེད་པ་ཡིན་པ་དང་། མི་ཆེན་ཞིག་གིས་སྲུང་བཞིན་མ་བསྡད་ན་ཐ་ན་རང་སྲོག་གི་ཉེན་ཁར་འཛེམས་མི་ཤེས་སོ། །དེ་དང་འདྲ་བར་འཕགས་པ་ཞིག་གིས་གཟིགས་ན་སོ་སྐྱེ་ཡི་བསམ་སྤྱོད་ཅི་ལས་གང་ལས་ཐམས་ཅད་པོ་རང་གིས་རང་ལ་གནོད་སྐྱེལ་བཞིན་ཡོད་པ་དང་འདྲ་བར་ཡིན་ཤག་ཤག་ངེས་ཤིང་། འུ་ཚོ་ཞེས་ཟེར་བ་མ་ཡིན་ཏེ་རང་དང་རང་འདྲ་བའི་རིགས་འདྲ་ལ་ཆ་མཚོན་ནས་བཤད་པ་ཡིན་ལ། ཅོལ་ཆུང་བ་ཡིན། མིག་ཐག་ཐུང་བ་ཡིན། སྔུན་གང་གི་འདང་རྒྱག་ཅིག་མ་གཏོགས་མཐའ་རིང་བོ་དང་དོན་ཆེན་པོ་ལ་ལྟ་མི་ཤེས་སོ། །བདེ་རྒྱུ་འཚོལ་མི་ཤེས་ནས་བདེ་འབྲས་ཤིག་ཨེ་ཐོབ་བལྟ་ས་ནས་རྒྱུ་མེད་ཀྱི་འབྲས་བུ་ཞིག་ཡོད་མ་སྲིད་ནས་ཁམས་གསུམ་འཁོར་བའི་སེམས་ཅན་གྱི་སྡུག་བསྔལ་མྱོང་བཞིན་པ་འདི་ཡིན་ལ། འཁོར་བའི་སེམས་ཅན་ཞིག་ཡིན་ཚེ་རང་ཅི་འདྲ་རོགས་ཡིན་ཞིང་། ཐམས་ཅད་ཀྱི་བསམ་རྒྱུ་ལས་རྒྱུ་ཕལ་ཆེར་གཅིག་ཡིན་ནོ། །འགྲོ་བ་མིའི་རིགས་ཤིག་ལ་མཚོན་ན་སོ་སོ་སྐྱེ་བོ་ཡིན་ནས་བཟུང་སྟེ་གཉེན་ལ་ཆགས་ནས་དེའི་ཕྱོགས་འཛིན་ཁུལ་བྱེད། དགྲ་ལ་སྡང་ནས་དེ་དང་དེའི་ཕྱོགས་ལ་གནོད་སེམས་འཆང་ཁུལ་བྱེད། གཉིས་མཉམ་གྱི་གཏི་མུག་ཡོད་ལ། ཆགས་སྡང་གང་བྱས་ན་རྨོངས་ནས་འཁྲུལ་བཞིན་ཡོད་ཅིང་། དེ་སྔོན་དེ་ལྟར་བྱས་ནས་འདི་ལས་མ་ཐར་བ་ཡིན་ནོ། །ད་རུང་དེར་མུ་མཐུད་ན་ཁམས་གསུམ་གྱི་གནས་སུ་དེ་སྔོན་བཞིན་འཁོར་ནས་སྡུག་བསྔལ་མྱོང་བ་ལས་ཕན་ན་མེད་ཤག་ཤག་གི་ཁ་ཕྱོགས་རིག་བཞིན་པ་འདི་ཡིན་ཞིང་། ད་ནི་དེ་སྔོན་གྱི་ལམ་ལ་འགྲོ་རྒྱུ་མེད་ལ། དེའི་ལམ་དེ་ལམ་ནོར་ཡིན་ཞེས་བཤད་དེ་ཁ་ཚུར་འཁོར་ནས་རྟགས་བསྣོག་པ་དང་ཆས་བསྒྱུར་ནས་གཅིག་ན་ཆོས་ལམ་ལ་ཞུགས་ཏེ་ཐེག་ཆེན་མདོ་སྔགས་གཉིས་ཀྱི་ཆོས་ཞུས། གཉིས་ན་ཚངས་པར་སྤྱོད་པའི་བརྟུལ་ཞུགས་འཆང་བ་དང་གསང་སྔགས་རིམ་གཉིས་ཀྱི་ལམ་ནས་སེམས་ཁྱད་པར་ཅན་བསྐྱེད། མན་ངག་མ་འདྲ་བ་ཞུས་ནས་ཚེ་འདིའི་ཐོག་ནས་ཐོད་རུས་མགོ་ལ་མི་ལེན་པར་སངས་རྒྱས་པ་ཞིག་བྱེད་རྒྱུའི་འདུན་པ་དེ་ལ་གཏད་ནས་ཆོས་ལམ་དེ་འདྲ་ཞིག་ལ་ཞུགས་ཡོད་དུས་ད་རུང་མི་སྐྱ་ཕོ་མོ་ལྟར་དུ་མནོག་ཆུང་ཚེ་འདིའི་ཁེ་གྲགས་ཀྱི་དོན་དུ་ལུས་པོ་བཙོངས་ནས་གཉེན་ལ་ཆགས། དགྲ་ལ་སྡང་། སྙན་གྲགས་འདྲ་ཞིག་དོན་གཉེར་བྱེད་ཁུལ་བྱས། རྒྱུ་འདྲ་ཞིག་ཨེ་སོག་ལྟ་ཁུལ་བྱས། དེའི་དོན་དུ་ཚོང་བརྒྱབ། མནའ་ཟོས། རྫུན་བཤད། གནོད་སེམས་བཅངས། དེ་མིན་ཡང་ལོག་འཚོའི་འཚོ་བ་དཀོན་མཆོག་གི་ཕག་ནས་གཅིག་ཨེ་རྙེད་ལྟ་ཁུལ་བྱས། ཡོད་པ་ཟད་དོགས་བྱས། མེད་པ་འཚོལ་དགོས་ཀྱིས་བྲེལ་ནས་འཁོར་ངན་གྱི་ལག་འོག་ཏུ་མི་ཚེ་འཛད་པ་དེ་འདྲར་འགྱུར་ཤོར་མི་ཉན། གོན་རྒྱུའི་ཁ་མདོག་ཙམ་མིན་པའི་བསམ་རྒྱུ་ལས་རྒྱུ་བྱེད་རྒྱུ་ཚང་མ་མི་སྐྱ་ཕོ་མོ་དང་ཨ་ན་མ་ནར་གྱུར་སོང་དུས་བླ་སེར་ལ་ཁྱད་ཆོས་ཁ་ཁ་ཞིག་མེད་སོང་བ་ཡིན་ནོ། །དེ་ལྟ་བུ་གཅིག་རྒྱུས་གཅིག་གིས་མི་ལེན་རྒྱུ་མེད་ཅིང་། ཤི་ཁར་སྔས་མགོ་ལ་དྲངས་ཡོང་ན་གཅིག་ཤོས་ཀྱིས་དད་པ་མི་ཞོག ཤི་ཁར་མ་དགོས་གསོན་པོའི་གནས་སྐབས་ཡིན་ན་ང་དང་ཁོ་ཡི་འདང་ཞིག་མ་གཏོགས་མེད་ལ། དེའི་ཐོག་ཏུ་ཁྱིམ་པ་བས་ཀྱང་སྡུག་པའི་ཆགས་སྡང་འཐབ་མོ་འཁོན་རྩོད་ཀྱི་ནང་དུ་ཞུགས་ན་གཞན་རྒྱུད་སྲེག་པའི་དགེ་སྦྱོང་ལུས་སྤོང་ཤོག་ཅེས་པའི་མཚན་གཞི་ང་ཡིན་ཞེས་པ་ལྟ་བུར་འགྱུར་བ་ཡིན་ནོ། །གཅིག་དང་མ་འདྲ་བའི་ཆོས་བསྒྲུབས་པའི་འབྲས་བུ་ཞིག་ཐོབ་དགོས་དུས་གཅིག་དང་མ་འདྲ་བའི་བསམ་སྤྱོད་བཟང་པོ་ཞིག་ཡོད་ལོས་དགོས་ཏེ། ལྟ་སྤྱོད་གཉིས་ཀ་ཡ་བྲལ་མི་ཉན་ལ། ཐུན་མིན་སྔགས་ཀྱི་བསྐྱེད་རྫོགས་ཉམས་ལེན་བྱེད་བཞིན་ཡོད་པ་ཞིག་ལ་སྣང་སྲིད་དག་མཉམ་གྱི་ལྟ་བ་ཡོད་ལོས་དགོས་ཏེ་སྨོས་མེད་ཡིན་ཡང་དང་པོ་སྔོན་དུ་མི་དགེ་བའི་རྣམ་རྟོག་སྐྱེས་མ་ཐག་ཏུ་དེའི་དབང་དུ་མི་ཤོར་བར་དེ་ལ་དགྲ་བཞིན་དུ་འབྲོས་ཤེས་པའི་བློ་ཞིག་དགོས་པ་དང་། ཁྱད་པར་དུ་བསླུ་བྲིད་སྒྱུ་མའི་ནོར་རྫས་ད་ཡོད་ད་མེད་གནོད་སྐྱེལ་བྱེད་འདིའི་གསོག་འཇོག་དང་བདག་འཛིན་དེ་ཇེ་ཆུང་དུ་བཏང་ནས་རང་ནུས་དང་བསྟུན་ནས་མཆོད་སྦྱིན་རེ་བྱེད་དགོས་ཤིང་། དེ་སྦྱིན་པ་ཡིན་ནོ། །ཁྲེལ་དང་ངོ་ཚ་ཡི་སྒོ་ནས་སྡོམ་དམ་ཚིག་སྲུང་དགོས་ཤིང་། དེ་ཚུལ་ཁྲིམས་ཡིན་ནོ། །གནོད་པ་ལ་ལན་མི་བྱེད་པ་དང་དེའི་ཐོག་ཏུ་ཁོང་ཁྲོ་ཞེ་སྡང་མི་སྐྱེ་ནས་བྱང་ཆུབ་སེམས་དཔའི་མཛད་སྤྱོད་རླབས་པོ་ཆེ་རྣམས་སེམས་ལ་ལོངས་དང་བཟོད་པ་ཡིན་ནོ། །རྣམ་གཡེང་འདུ་འཛི་ལ་དགའ་སྣང་ཤར་བ་དེ་ཉིད་ཆོས་ལ་ལེ་ལོ་བྱེད་པའི་དོན་ཡིན་པས་ད་ཤི་ན་བློ་གཏད་ཆོག་སའི་ཆོས་ཅི་ཞིག་ཡོད་བསམས་ནས་འདང་རང་ལ་བསྐོར་ཏེ་ཆོག་ཤེས་མེད་པའི་དགེ་སྦྱོར་ལ་འབད་པར་གྱིས་དང་དེ་བརྩོན་འགྲུས་ཡིན་ནོ། །བསྐྱེད་རྫོགས་ཀྱི་ཆོས་ཟབ་མོ་དང་རང་གི་སེམས་རྒྱུད་གཉིས་ཀ་བསྲེས་ནས་དུས་ནམ་ཡང་ཐ་མལ་དུ་མ་ལུས་པ་ཞིག་གྱིས་དང་དེ་བསམ་གཏན་ཡིན་ནོ། །གཤིས་རིག་པའི་རང་ངོ་སྤྲད་པའི་ཐོག་ཏུ་རྣམ་རྟོག་དང་རྐྱེན་ངན་གང་ཡོང་ན་རིག་པ་རྗེན་པ་དེའི་ངང་མ་ཤོར་བར་གློད་བྲལ་གྱི་ཤེས་པ་འཁུ་འཕྲིག་མེད་པ་ཞིག་གི་ཐོག་ཏུ་འདུག་ཐུབ་ན་དེ་ཤེས་རབ་ཡིན་ནོ། །དེ་ལྟ་བུའི་ཉམས་ལེན་གྱི་གནད་དང་མི་འབྲལ་བར་ཐ་མལ་གྱི་སྐྱེ་བོ་དང་མི་འདྲ་བའི་ཁྱད་ཆོས་རང་རྒྱུད་ནས་འདོན་རྒྱུ་དེ་གལ་ཆེན་ནང་གི་དོན་ཆེན་ཡིན་ཞུ་བའི་ཐུགས་གསོས་དང་ལྷན་ཏུ་གང་ཞིག་གསན་པར་བྱ་བ་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ལས་བྱང་ཚོར་བ་རང་གྲོལ་གྱི་སྙིང་པོ་འཆད་ཁྲིད་བྱེད་པའི་སྐབས་ནས་སྔོན་འགྲོ་སྦྱོར་བའི་ཆོས་ལེའུ་གསུམ། དངོས་གཞི་ཆོ་གའི་བབས་ལེའུ་བདུན་སོང་སྟེ། དེ་དང་སྙིང་པོ་འཛབ་དགོངས་ཀྱི་སྐོར་ནས་ཀྱང་བསྙེན་སྒྲུབ་ཡན་ལག་བཞིའི་སྐོར་བཤད་ནས། རྗེས་ཀྱི་ལེའུ་བདུན་གྱི་དང་པོ་ཚོགས་ལས་ཀྱི་སྐབས་ནས་ཚོགས་བྱིན་རླབས། ཚོགས་ཞིང་སྤྱན་འདྲེན། དང་པོ་ཚོགས་ཕུད་འབུལ་བ་རྣམས་སོང་སྟེ། བར་བ་བཤགས་པའི་སྐབས་ལ་ཐུག་ཡོད་ཅིང་། བར་བ་བཤགས་པའི་སྐབས་ཀྱི་གང་བཤགས་པར་བྱ་བ་དམ་ཚིག་ཉམས་ཆགས་ལས་འཕྲོས་ཏེ་དམ་ཚིག་གི་རྣམ་གཞག་ཅུང་ཟད་ཅིག་ཞུ་བཞིན་པའི་སྐབས་ཀྱི་སྒྱུ་འཕྲུལ་གྱི་ལུགས་ཀྱི་རྩ་བའི་དམ་ཚིག་སྟེ། རྩ་བ་ཞེས་པ་ལྗོན་ཤིང་གི་རྩ་བ་ལྟ་བུ་དེ་ཉིད་བསྲུངས་ཤིང་བསྐྱེད་ན་ཡོན་ཏན་གྱི་འབྱུང་གནས་ཡིན་པ་དང་། མ་བསྲུངས་ན་མི་འབྱུང་བ་དེ་ལྟ་བུའི་རྩ་བའི་དམ་ཚིག་ལྔ་སྟེ། བླ་མེད་མི་སྤོང་བླ་མ་བཀུར་ཞེས་གསུངས་པའི་བླ་མེད་ཇི་ལྟར་མི་སྤོང་བར་སྒྲུབ་དགོས་པའི་ཚུལ་ནི། དཀོན་མཆོག་གསུམ་པོ་ནམ་ཡང་མི་སྤོང་བ་དེ་ཉིད་ཡིན་ཞིང་། དེ་ཡང་གཞི་ལམ་འབྲས་གསུམ་གྱི་ཐོག་ནས་གཞི་སེམས་ཅན་ཐམས་ཅད་ཡེ་ནས་དཀོན་མཆོག་གསུམ་དུ་གནས་པས་དེ་མི་སྤོང་། ལམ་བསྐྱེད་རྫོགས་གཉིས་མེད་ཀྱི་རང་བཞིན་བདེན་གཉིས་ཀྱིས་བསྡུས་པའི་བྱང་ཆུབ་སེམས་གཉིས་མི་སྤོང་། འབྲས་བུ་བླ་ན་མེད་པའི་བྱང་ཆུབ་བམ་སངས་རྒྱས་སྐུ་གསུམ་མི་སྤོང་བ་དང་། མདོ་རྒྱུད་ལུང་རྟོགས་ཀྱི་ཆོས། དེ་ལ་སློབ་པའི་དགེ་འདུན་དཀོན་མཆོག་ཐམས་ཅད་མི་སྤོང་བ་རྣམས་བཤད་ཟིན་ཏོ།།

༢ དངོས་དོན་བཤད་པ།

༼༢ རྩ་བའི་དམ་ཚིག་གཉིས་པ་བཤད་པ།

དེ་རིང་བླ་མ་བཀུར་ཞེས་པའི་རྩ་བའི་དམ་ཚིག་གཉིས་པ་ནས་བཤད་པ་ཡིན་ཞིང་། བླ་མ་ཞེས་པ་དེ་ཡང་བླ་མ་ཟེར་ཚད་ཐམས་ཅད་མི་འདྲ་ལ། རྣམ་གྲངས་འདྲ་མི་འདྲ་མང་པོ་ཡོད་པ་དང་། དེ་ལ་དབྱེ་བ་བྱས་ན་ལྔའམ་དྲུག་གི་ཐོག་ནས་བཤད་དགོས་སོ། །ལྔ་བོ་གང་ཡིན་ན་འདྲེན་པའི་བླ་མ་དང་གཅིག ཤེས་རྒྱུད་འགྲོལ་བའི་བླ་མ་དང་གཉིས། མན་ངག་སྟོན་པའི་བླ་མ་དང་གསུམ། ཉམས་ཆག་སྐོང་བའི་སློབ་དཔོན་དང་བཞི། དམ་ཚིག་དབང་གི་བླ་མ་དང་ལྔ་བོ་དེ་ཡིན་ནོ། །དེའི་སྟེང་དུ་སྤྱིའི་བླ་མ་དང་དྲུག་ཏུ་བརྩི་ས་ཡང་ཡོད་དོ། །འདྲེན་པའི་བླ་མ་ནི་དང་པོར་ཆོས་སྒོ་ལ་འདྲེན་པའི་རབ་བྱུང་གི་མཁན་པོ་ལྟ་བུ་དེ་ཡིན་ཞིང་། དགེ་བསྙེན་ཕོ་མོ་ཞིག་ལ་མཚོན་ན་དགེ་བསྙེན་གྱི་སྡོམ་པ་སྦྱིན་མཁན་དེ་ཡིན་ལ། དགེ་ཚུལ་ཞིག་ཡིན་ན་ཀཱ་རི་ཀཱའི་ནང་ན། བླ་མ་གནས་པའི་སྒོ་གླེགས་ལ། །ལག་པས་དལ་གྱིས་བརྡུང་བར་བྱ། །ནང་ཞུགས་གུས་པས་བླ་མ་ལ། །ཁམས་བདེ་མི་བདེ་ལ་སོགས་འདྲི། །ཞེས་གསུངས་པ་ལྟ་བུ་དེ་ཡིན་ནོ། །ཤེས་རྒྱུད་འགྲོལ་བའི་བླ་མ་ནི་ཆོས་འཆད་མཁན་གྱི་སློབ་དཔོན་ལ་ཟེར་ཆོག་སྟེ། མདོ་སྡེ་ཐར་བ་ཆེན་པོ་ལས། ཆོས་སྨྲ་བའི་དགེ་སློང་ལ་གུས་པས་བླ་མར་བྱ་སྟེ། ཞེས་གསུངས་པ་དེ་ཡིན་ནོ། །མན་ངག་སྟོན་ཞིང་ལུང་འབོག་པའི་བླ་མ་ནི་མན་ངག་ཐམས་ཅད་ཀྱི་རྩ་བ་བྱང་ཆུབ་ཀྱི་སེམས་ནས་བཤད་རྒྱུ་དེ་ཉིད་ཡིན་ཞིང་། དེས་ན་བྱང་ཆུབ་སེམས་ཀྱི་སྡོམ་པ་སྦྱིན་མཁན་ལ་མན་ངག་འདོན་ཞིང་ལུང་འབོག་པའི་བླ་མ་དེ་ལ་ཟེར་ཆོག་སྟེ། མདོ་སྡོང་པོ་བཀོད་པ་ལས། དེ་ནི་བདག་གིས་ཐོག་མ་མེད་པ་ནས་སེམས་བསྐྱེད་པའི་དགེ་བའི་བཤེས་གཉེན་ཡིན་ཏེ། ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ཡོད་དོ། །དེ་ཡིས་འདྲེན་པའི་བླ་མ། ཤེས་རྒྱུད་འགྲོལ་བའི་བླ་མ། མན་ངག་ལུང་གི་བླ་མ་གསུམ་སོང་ནས། བཞི་བ་ཉམས་ཆག་སྐོང་བའི་སློབ་དཔོན་དེ་ནི་སྡིག་པ་བཤགས་ས་དེ་ཉིད་ཡིན་ཏེ། བཤགས་པའི་ཡུལ་དུ་གང་གྱུར་པ། །དེ་ཡང་དེ་ཡི་བླ་མ་ཡིན། །ཞེས་གསུངས་སོ། །ལྔ་བ་དམ་ཚིག་དབང་གི་བླ་མ་ཞེས་པ་དེ་ནི། དབང་བསྐུར་མཆོག་ཐོབ་རྡོ་རྗེ་ཡི། །བླ་མ་ལ་ནི་དེ་བཞིན་གཤེགས། །ཞེས་གསུངས་པ་དེ་ཉིད་ཡིན་ནོ། །དེའི་ཐོག་ཏུ་དྲུག་བྱེད་དུས་སྤྱིའི་བླ་མ་ཟེར་བ་དེ་ཡིན་ཞིང་། དགེ་བའི་བཤེས་གཉེན་ཐམས་ཅད་དམ་ཡང་ན་རང་ཉིད་ཀྱིས་ཆོས་འབྲེལ་ཙམ་གྱི་བཀའ་དྲིན་ཐོབ་མྱོང་ཚད་པོ་སྤྱིའི་བླ་མ་ཟེར་ཆོག་གོ །ཡང་བླ་མ་འདི་ལ་སུམ་ལྡན་གཉིས་ལྡན་གཅིག་ལྡན་གྱི་དབྱེ་བ་ཡང་གསུང་ཚུལ་ཡོད་ལ། དེ་ཇི་ལྟར་ཡིན་ན་དབང་བསྐུར་རྒྱུད་བཤད་གདམས་པ་བསྟན་རྒྱུ་གསུམ་པོ་དེ་བླ་མ་གཅིག་གིས་མཛད་ཡོད་ན་དེ་ལ་སུམ་ལྡན་ཞེས་དེའི་ཡན་གྱི་བླ་མ་མེད་རྒྱུ་ཅན་དེ་ཉིད་ཡིན་ཞིང་། དབང་བསྐུར་ལ་སོགས་པ་གང་རུང་གཉིས་གནང་མཁན་དེ་ཉིད་གཉིས་ལྡན་འབྲིང་པོ་ལྟ་བུ་ཡིན་ལ། གང་རུང་རེ་རེ་ཐོབ་ས་དེ་ཉིད་གཅིག་ལྡན་གོང་མ་གཉིས་ཀ་ལས་བཀའ་དྲིན་ཆུང་ཤོས་ཡིན་ནོ། །ཡང་གཉིས་ལྡན་དང་གཅིག་ལྡན་ལྟ་བུ་ལ་མཚོན་ན་དབང་དང་བཤད་པ་མན་ངག་གསུམ་པོའི་ནང་གི་མན་ངག་ཐམས་ཅད་ཀྱི་ནང་གི་གནད་ཆེ་བ་དང་། དེའི་འཕྲོས་བཤད་པ། དེའི་འཕྲོས་དབང་འཇོག་པ་ཡིན་ནོ། །དབང་ཡིན་ན་དབང་ཟེར་ཚད་པོ་གཅིག་མ་ཡིན་ཞིང་། ཚང་མ་དབང་མཆོག་མ་ཡིན་པ་དང་། དབང་གོང་མ་འཐོབ་ཡུལ་གྱི་བླ་མ་ཡང་དེ་ལྟར་དུ་གཉན་པ་ཡིན་ལ། མཆོག་དབང་གོང་མ་རྣམ་གསུམ་འཐོབ་སའི་བླ་མ་དེ་བཀའ་གཉན་པ་ཡིན་ནོ། །རྩ་བའི་དམ་ཚིག་གཉིས་པ་བླ་མ་བཀུར་ཞེས་པའི་དང་པོ་བླ་མ་གང་ཡིན་དེ་འུ་ཚོས་དེ་ལྟར་བཤད་ནས་བཀུར་ལུགས་ཇི་ལྟར་བྱས་ནས་བཀུར་དགོས་ཤེ་ན། མདོ་སྡོང་པོ་བཀོད་པའི་ནང་ནས་གསུངས་པ་འུ་ཚོས་དུས་རྒྱུན་དུ་བཤད་པའི་བདག་ཉིད་ལ་ནད་པ། གདམས་པ་ལ་སྨན། དགེ་བའི་བཤེས་གཉེན་ལ་སྨན་པ་མཁས་པ། གདམས་ངག་ཉམས་ལེན་བྱེད་པ་དེ་ཉེ་བར་འཚོ་བའི་འདུ་ཤེས་ཏེ་དེ་ལྟ་བུའི་འདུ་ཤེས་བཞི་དེ་བསྟེན་དགོས་པའི་ཐོག་ཏུ་གསང་སྔགས་ཀྱི་རྡོ་རྗེ་སློབ་དཔོན་ལ་དཀོན་མཆོག་བཞི་བ་ཡིན་པར་ཤེས་པའི་སྟེང་ནས་བཀུར་དགོས་ཏེ། སངས་རྒྱས་ཆོས་དང་དགེ་འདུན་དང་། །སློབ་དཔོན་ཡང་ནི་བཞི་པ་ཡིན། །ཞེས་གསུངས་ལ། སངས་རྒྱས་ཀུན་དང་བླ་མ་མཉམ་ཞེས་སྒྱུ་འཕྲུལ་དྲ་བ་ལས་ཀྱང་དེ་ལྟར་གསུངས་ཤིང་། སངས་རྒྱས་ཀུན་དང་བླ་མ་འདྲ་འདྲ་ཡིན་ཞེས་སངས་རྒྱས་ཀུན་དང་བླ་མ་མཉམ་གསུང་རྒྱུ་དང་། སངས་རྒྱས་ལས་ཀྱང་བསོད་ནམས་གསག་པའི་ཡུལ་དུ་ད་རུང་བླ་མ་གཉན་རབས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་པས་བླ་མའི་བ་སྤུའི་ཁུང་བུ་གཅིག་མཆོག་ཅེས་གསང་བ་འདུས་པ་ལས་དེ་ལྟར་གསུངས་སོ། །བཀའ་དྲིན་གྱི་ངོས་ནས་སངས་རྒྱས་ལས་ཀྱང་ལྷག་པ་ཡིན་པ་དང་། དུས་ཐ་མའི་སེམས་ཅན་གདུལ་ཐབས་སུ་སངས་རྒྱས་བླ་མའི་ཚུལ་དུ་བྱོན་པ་ཡིན་ཏེ། བླ་མའི་གཞན་ཕན་གྱི་མཛད་པ་སངས་རྒྱས་ཀྱི་ཕྲིན་ལས་ཡིན་ན་དེའི་བདག་རྐྱེན་ཐུགས་སངས་རྒྱས་མིན་པའི་ཐབས་མེད་ཅིང་། དེ་ལྟར་ན་སྐུ་ཡང་སངས་རྒྱས་ཀྱི་རྣམ་སྤྲུལ་ཡིན་པར་རང་ཤུགས་ཀྱིས་གྲུབ་པ་ལ་སོགས་པ་དུས་རྒྱུན་དུ་འུ་ཚོས་བཤད་བཞིན་པ་ལྟར་དུ་ཡིན་ནོ། །མདོར་ན་གསང་སྔགས་ཀྱི་ལམ་ནས་དངོས་གྲུབ་ཐོབ་པ་དེ་ཉིད་རྡོ་རྗེ་སློབ་དཔོན་གྱི་དབང་དང་མན་ངག་ལ་མ་བརྟེན་ཐབས་མེད་ཅིང་། དེ་མེད་ན་མི་འབྱུང་བའི་དངོས་རྒྱུ་ཞིག་ཡིན་ན་དབང་དང་མན་ངག་སྟོན་པའི་བླ་མ་དེ་ཡིད་ཀྱིས་སྤངས་ཤིང་ལུས་ངག་གི་སྒོ་ནས་ཐུགས་དང་འགལ་བར་བྱེད་པ་དེ་ནི་རྩ་ལྟུང་བཅུ་བཞི་བརྩི་བའི་ལུགས་ལྟར་དུ་བྱས་ན་རྩ་བའི་ལྟུང་བ་དང་པོ་སྟེ་དེ་དང་འགལ་ན་ཤིན་ཏུ་ལྕི་བའི་ཚུལ་བཤད་པ་དེ་ཉིད་ཡིན་པ་དང་། རྩ་བ་བླ་མའི་སྐུ་གསུང་ཐུགས་གསུམ་ལས་དགུ་དགུར་ཕྱེ་བ་ཉི་ཤུ་རྩ་བདུན་འདི་ནས་འཕྲོས་པ་ཡིན་པ་དང་། དུས་ཚོད་འདས་ན་གསོར་མི་རུང་བ་དང་། རྣམ་སྨིན་ངན་སོང་ངན་འགྲོའི་གནས་དང་། ཁྱད་པར་དུ་དམྱལ་བ་མནར་མེད་ལས་ཡར་ཐར་མེད་རྒྱུ་ཐམས་ཅད་འདི་ནས་བྱུང་བ་ཡིན་ལ། རིགས་ཆད་འདོད་པ་མ་ཡིན་ཡང་ཐར་དཀའ་བ་ལ་དགོངས་ནས་དེ་ལྟར་གསུངས་པ་ཡིན་ནོ།།

༼༣ རྩ་བའི་དམ་ཚིག་གསུམ་པ་བཤད་པ།

རྩ་བའི་ལྟུང་བ་གསུམ་པ་སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད་པ་དེ་ཡིན་ཞིང་། སྔགས་ནི་གསུང་དང་སྐུ་ཡི་མཚན་མར་གྱུར་པ་ལྷ་སོ་སོའི་དངོས་གྲུབ་སྒྲུབ་པའི་ཐབས་ཀྱི་རིམ་པ་ཁ་རྩང་བཤད་པ་ལྟར་ཡིན་ནོ། །དེ་ཁོ་ན་ཉིད་ལྔ་དང་ལྡན་པའི་སྔགས་ཀྱི་བཟླས་པའི་རྒྱུན་གཅད་མི་ཉན་ལ། དེ་ཉིད་ལྔ་གང་ཡིན་ཞེ་ན། བདག་དང་ལྷ་དང་གསང་སྔགས་དང་། །བཟླས་བརྗོད་འཕྲོ་འདུ་ཡན་ལག་ལྔ། །ཞེས་གསུངས་སོ། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད་ཅེས་པའི་ཕྱག་རྒྱ་ཞེས་པ་དེ་ནི་དངོས་གྲུབ་སྒྲུབ་པའི་གྲོགས་ཀྱི་ཡན་ལག་གཙོ་བོ་ཞིག་ཡིན་ཞིང་། བསམ་པ་ཆོས་ཀྱི་ཕྱག་རྒྱ། བརྗོད་པ་དམ་ཚིག་གི་ཕྱག་རྒྱ། སྦྱོར་བ་ལས་ཀྱི་ཕྱག་རྒྱ། ལྷའི་སྐུར་གསལ་བ་དེ་ཉིད་ཕྱག་རྒྱ་ཆེན་པོ་ཡིས་ཕྱག་རྒྱ་བཞི་ཡིན་ལ། སྔགས་དང་ཕྱག་རྒྱ་གཉིས་པོ་དེ་དེ་ལྟ་བུ་ཞིག་ཡིན་ནོ། །དེའི་ནང་གི་སྔགས་འདི་རྒྱུ་ཐབས་ཤེས་ཀྱི་ཡི་གེ་ལས་བཟླ་བྱའི་སྔགས་ཀྱི་ངོ་བོར་གྱུར་པ་གྲུབ་པ་བཞི་དང་ལྡན་པའི་ཚུལ་ཁ་རྩང་གོང་ནས་ཞུས་པ་ལྟར་དུ་སྔགས་ཞེས་པ་འདི་ལྷ་དང་དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱུ་དང་ངོ་བོ་གཉིས་ཀ་ཡིན་པས་མ་ཚད་པར་སྒྲུབ་པ་མཆོད་པ་ཕྲིན་ལས་ཐམས་ཅད་ཀྱི་ཐབས་མཆོག་ཏུ་གྱུར་པ་སྙིང་པོར་གྱུར་པའི་ཆོས་གཅིག་པུ་ཡིན་པ་དང་། གསུང་རྣམ་པ་ཐམས་ཅད་པ་ལྷུན་གྱིས་གྲུབ་པའི་རྒྱུ་ཡང་སྔགས་དེ་ཉིད་ཡིན་ནོ། །ཕྱག་རྒྱ་ཡང་དེ་ལྟར་དུ་ལྷ་མཉེས་པ་དང་ལས་སྒྲུབ་པ་སྔགས་ཀྱི་སྟོབས་བསྐྱེད་པ་ལ་སོགས་པའི་བླ་ན་མེད་པའི་ཐབས་གཅིག་པུ་ཡིན་ལ། ཕྱག་རྒྱ་འདི་ལ་སྤྱི་དང་། བྱེ་བྲག ཁྱད་པར་གསུམ་གྱི་ཐོག་ནས་བཤད་ན་སྤྱིའི་ཐད་ཀྱི་གཞི་ལམ་འབྲས་གསུམ་གྱི་ཐོག་ནས་བཤད་རྒྱུ་ཡོད་ཅིང་། དེ་ཇི་ལྟར་ཡིན་ཞེ་ན། གཞི་གནས་ལུགས་ཀྱི་ཕྱག་རྒྱ་དེ་སྣང་གྲག་རིག་གསུམ་ལྷ་སྔགས་ཆོས་ཉིད་ཀྱི་ངང་དུ་དག་པ། ལམ་གནས་སྐབས་རྩལ་སྦྱངས་ཏེ་སྒོ་གསུམ་གསང་བ་གསུམ་གྱི་རོལ་བར་སྒྲུབ་པ། འབྲས་བུ་མཐར་ཐུག་ཡེ་ཤེས་ཀྱི་ཕྱག་རྒྱ་དེ་གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོས་ནམ་མཁའ་ཇི་སྲིད་སེམས་ཅན་གྱི་དོན་བྱེད་པ་སྟེ་གཞི་ལམ་འབྲས་གསུམ་ལ་སྦྱར་བ་དེ་ལྟ་བུ་ཞིག་ཡིན་ནོ། །བྱེ་བྲག་གི་ཐོག་ནས་བཤད་ན་བསྐྱེད་རིམ་དང་སྦྱར་བ། རྫོགས་རིམ་དང་སྦྱར་བ་རྣམ་པ་གཉིས་ཡོད་ལ། བསྐྱེད་རིམ་དང་སྦྱར་ན་སྐུ་ཕྱག་རྒྱ་ཆེན་པོ་དང་གཅིག གསུང་ཆོས་ཀྱི་ཕྱག་རྒྱ་དང་གཉིས། ཐུགས་དམ་ཚིག་གི་ཕྱག་རྒྱ་དང་གསུམ། ཕྲིན་ལས་ལས་ཀྱི་ཕྱག་རྒྱ་དང་བཞི་བོ་དེ་རྣམས་ཡིན་ནོ། །རྫོགས་རིམ་དང་སྦྱར་ན་རྟེན་དང་ལམ་འབྲས་བུའི་ཆ་ནས་སྦྱར་ཚུལ་མང་ཡང་འབྲས་བུ་ཡེ་ཤེས་བཞི་ལ་སྦྱར་སྐབས་ལྟ་བུ་ལ་མཚོན་ན་སྣང་སྟོང་སྐུ་རྡོ་རྗེ་དེ་ལས་ཀྱི་ཕྱག་རྒྱ། གསལ་སྟོང་གསུང་རྡོ་རྗེ་དེ་ཆོས་ཀྱི་ཕྱག་རྒྱ། བདེ་སྟོང་ཐུགས་རྡོ་རྗེ་དེ་དམ་ཚིག་གི་ཕྱག་རྒྱ། དེ་ཐམས་ཅད་དབྱེར་མེད་མཉམ་པ་ཉིད་དུ་གྱུར་པའི་རིག་སྟོང་ཡེ་ཤེས་ཀྱི་རྡོ་རྗེ་དེ་ཕྱག་རྒྱ་ཆེན་པོ་རུ་བརྩི་རྒྱུ་དེ་ལྟར་ཕྱག་རྒྱ་བཞི་ཡི་རྣམ་གྲངས་རྫོགས་རིམ་ལ་སྦྱར་བའོ། །དེ་ལྟ་བུའི་ཡེ་ཤེས་པའི་ལྷའི་སྐུ་གསུང་ཐུགས་མཛད་པ་དང་བཅས་པ་ཅི་རིགས་པ་མཚོན་བྱེད་ཀྱི་སྒོར་གྱུར་པའི་ལག་པའི་སྟངས་སྟབས་ཀྱིས་བཅའ་རྒྱུའི་ཕྱག་རྒྱ་འདི་ཡང་དེ་ཚོ་ལས་མི་འདའ་བ་ཞིག་ཡིན་པས་ན་སྤྱི་དང་བྱེ་བྲག་ལ་བཏགས་ནས་ཐམས་ཅད་ལ་ཕྱག་རྒྱའི་སྒྲ་འཇུག་པ་ཡིན་ནོ། །འདི་ལ་ཕྱག་རྒྱ་བཞི་ཁ་ཚང་ཞིང་། བཅའ་བའི་ཕྱག་རྒྱ་འདིའི་ཐད་ནས་ཡིན་ན་ཁོ་རང་གི་ངོ་བོ་དམ་ཚིག་གི་ཕྱག་རྒྱ། དེ་ལ་པད་སྐོར་བྱེད་པ་སེ་གོལ་གཏོགས་པ་སོགས་ལས་ཀྱི་ཕྱག་རྒྱ། དེ་དང་སྦྲེལ་ནས་སྔགས་བརྗོད་པ་དེ་ཉིད་ཆོས་ཀྱི་ཕྱག་རྒྱ་ཡིན་ལ། ཅི་བསམ་འདི་དྲན་མེད་ནས་སྔགས་ཕྱག་རྒྱ་ཅི་ལ་བྱེད་བཞིན་ཡོད་དེ། རང་ཉིད་ལྷའི་གསལ་སྣང་ལ་སོགས་པའི་དམིགས་པ་དང་ལྡན་པ་དེ་ཉིད་ཕྱག་རྒྱ་ཆེན་པོའོ། །དེས་ན་གསང་སྔགས་ལ་ཞུགས་མཁན་ཞིག་ཡིན་དུས་སྔགས་དང་ཕྱག་རྒྱ་རྒྱུན་བཅད་ན་རྩ་བའི་དམ་ཚིག་གསུམ་པ་དང་འགལ་སོང་བ་ཡིན་ཞིང་། དེའི་ཕྱིར་ན་རབ་ཆུ་བོའི་རྒྱུན། འབྲིང་ཉིན་མཚན་གྱི་ཐུན། ཐ་མ་ཡིན་ན་ཡང་ཉ་སྟོང་བརྒྱད། དེ་མིན་ཡང་ཡར་མར་གྱི་ཚེས་བཅུ་ལ་སོགས་པའི་ཟླ་བ་དང་ལོ་ལ་མི་ཆགས་པ་ཞིག་བྱས་ནས་སྔགས་དང་ཕྱག་རྒྱ་དང་དུ་ལེན་དགོས་སོ།།

༼༤ རྩ་བའི་དམ་ཚིག་བཞི་བ་བཤད་པ།

རྩ་བའི་དམ་ཚིག་བཞི་བ་དེ་ཡང་དག་པའི་ལམ་ལ་ཞུགས་མཁན་ཚོ་ལ་བྱམས་པ་བྱེད་རྒྱུ་དེ་ཡིན་ལ། ཡང་དག་ལམ་ལ་ཞུགས་མཁན་དེ་སུ་ཡིན་ཞེ་ན། མཆེད་དང་ལྕམ་དྲལ་རྣམས་ཡིན་ཞིང་། འདིའི་དབྱེ་བའི་ཐོག་ནས་བཤད་ན་སྤྱི་རིང་ཉེ་དང་ནང་འདྲེས་བཞིའམ་དེའི་ཁར་མཛེས་པའི་མཆེད་དང་ཉེ་བའི་མཆེད་བསྣན་ནས་དྲུག་ཏུ་བརྩི་ཚུལ་ཡང་ཡོད་དོ། །འདིའི་ནང་གི་སྤྱིའི་མཆེད་དེ་སུ་ཡིན་ཞེ་ན་སེམས་ཅན་ཐམས་ཅད་ཡིན་ཞིང་། སེམས་ཅན་ཐམས་ཅད་སྤྱིའི་མཆེད་ཡིན་པའི་རྒྱུ་མཚན་ནི་ཆོས་ཉིད་བདེ་གཤེགས་སྙིང་པོ་གཅིག་གིས་བསྡུས་པས་ཡིན་ལ། ཡེ་གདོད་མ་ནས་སྤུན་མིན་པའི་སེམས་ཅན་གཅིག་ཀྱང་མེད་པས་ན་སྤྱིའི་མཆེད་དུ་གྱུར་པ་ཡིན་ནོ། །སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་ཚད་པོ་རིང་བའི་མཆེད་ཟེར་ཏེ། བསྟན་པ་གཅིག་གིས་བསྡུས་པའི་ཆོས་ཀྱི་མཆེད་ཡིན་པས་ན་རིང་བའི་མཆེད་དོ། །ཉེ་བའི་མཆེད་ནི་དེའི་ནང་གི་ལྟ་སྤྱོད་མཐུན་པའམ་གཅིག་པ་རྣམས་ཡིན་ལ། སྤྱིར་ན་ལྟ་བ་སྟོང་ཉིད། སྤྱོད་པ་གཞན་ཕན་བསྒྲུབས་ནས་གཞན་གནོད་སྤོང་བའི་ཐད་ནས་སྤྱིར་བཏང་གིས་ཚང་མ་གཅིག་ཡིན་པ་སྨྲོས་མ་དགོས་ཀྱང་དམིགས་བསལ་གྱིས་མདོ་སྔགས་དང་ཐེག་རིམ་ལ་སོགས་པའི་ཐད་ནས་གཅིག་པས་ན་ཉེ་བའི་མཆེད་ཅེས་གསུངས་པའོ། །ནང་འདྲེས་པའི་མཆེད་ནི་དཀྱིལ་འཁོར་གཅིག་ལ་བསྟེན་ནས་དབང་ཞུས་པ་དང་གཞན་དང་མ་འདྲ་བ་ཞིག་གིས་སྙིང་ཉེ་ས་སྙིང་འདྲིས་ཤ་ཁྲག་གི་སྤུན་བས་ཀྱང་གནད་ཆེན་དུ་གྱུར་སོང་བ་དེ་ཉིད་ཡིན་ལ། དེའི་ཁར་བླ་མ་གཅིག་པ་དེ་མཛེས་པའི་མཆེད་དུ་བརྩི་ཞིང་། ཆོས་ལྷན་གཅིག་ཏུ་ཞུས་པ་དེ་ཉེ་བའི་མཆེད་དུ་བརྩི་བ་དང་། ད་ལྟ་གོང་ནས་ཉེ་བའི་མཆེད་དང་མཐུན་པའི་མཆེད་ཅེས་དྲུག་བརྩི་སྐབས་འདི་ལ་ཉེ་བའི་མཆེད་ཅེས་གསུངས་པ་ཞིག་ཡིན་ནོ། །རྡོ་རྗེའི་སྤུན་སྲིང་སྐལ་ལྡན་རྡོ་རྗེའི་མཆེད་ལྕམ་ཞེས་པ་དེ་འདི་ནས་བྱང་ཆུབ་མ་ཐོབ་པའི་བར་དུ་མར་མེའི་འོད་དང་སྡོང་བུ་བཞིན་དུ་མི་འབྲལ་འགྲོགས་པའི་གྲོགས་མཆོག་ཡིན་ཞིང་། རང་གི་ལུས་དང་སྲོག་ལ་ཡང་མི་ལྟ་བར་རྡོ་རྗེའི་སྤུན་གྱི་དགོས་པ་སྒྲུབ་དགོས་པ་ཞིག་ཡིན་ལ། གལ་ཏེ་བྱམས་པའི་སེམས་བཏང་བར་བྱས་ན་རང་ཉིད་རྩ་བའི་དམ་ཚིག་བཞི་བ་དང་འགལ་སོང་བ་ཡིན་ནོ། །རྩ་བའི་དམ་ཚིག་ཅེས་པ་ཇི་ལྟ་བུ་ཞིག་ཡིན་ཞེ་ན། ཤིང་ཞིག་ཡིན་ན་སྡོང་པོ་ལ་སྐྱོན་ཞུགས་ཤོར་ན་ཡལ་ག་དང་ལོ་མ་མེ་ཏོག་འབྲས་བུ་ལྟ་ཡོང་ས་ཞིག་མེད་ཅིང་། དེ་དང་འདྲ་བར་རྩ་བའི་དམ་ཚིག་ལ་སྐྱོན་ཞུགས་ཚར་དུས་གསང་སྔགས་བསྒྲུབས་པའི་ཡོན་ཏན་གྱི་དངོས་གྲུབ་འབྲས་བུ་ལྟ་བུ་ཨེ་ཡོད་བསམ་རྒྱུ་མེད་པར་འབྲས་བུ་འཐོབ་རྒྱུ་མེད་ལ། དེ་ཡིས་ཡང་དག་ལམ་དུ་ཞུགས་ལ་བྱམས་ཞེས་པ་དེ་སོང་བ་ཡིན་ནོ།།

༼༥ རྩ་བའི་དམ་ཚིག་ལྔ་བ་བཤད་པ།

ལྔ་བ་ནི་གསང་བའི་དོན་ཕྱིར་སྨྲ་མི་བྱ་ཞེས་གསུངས་ཏེ། གསང་བ་འདི་ལ་སྤྱིར་གསང་བཞི། བར་གསང་བཞི་ཡིས་བརྒྱད། གསང་བར་འོས་པ་དང་གསང་བ་གཉེར་གཏད་པ་ཞེས་པ་གཉིས་ཀྱིས་བཅུ་ཐམ་པ་ཡོད་དོ། །སྤྱིར་གསང་བཞི་ནི་སྔགས་ཀྱི་ལྟ་བ་ཟབ་མོ། སྤྱོད་པ་བརླང་པོ། ལྷའི་མིང་གཟུངས། གྲུབ་པའི་རྟགས་དང་མཚན་མ་ཐམས་ཅད་གསང་དགོས་ཤིང་། བར་གསང་བཞི་ནི་སྒྲུབ་པའི་གནས། དུས། གྲོགས། རྫས་དང་བཞི་བོ་དེ་སྒྲུབ་པ་མ་ཚར་གྱི་བར་དུ་གསང་དགོས་པ་ཉིད་ཡིན་པ་དང་། དུས་རྒྱུན་གྱི་ཡིད་དམ་བསྒྲུབ་རྒྱུ་དེ་ཚོ་ཁྲོམ་བསྒྲག་བྱེད་དགོས་པ་མ་ཡིན་ལ། གསང་བར་འོས་པ་ནི་གསང་སྔགས་ཀྱི་དཀྱིལ་འཁོར་ལ་ཞུགས་མ་མྱོང་བ་དང་བློ་དམན་ཐེག་དམན་གྱི་རིགས་ཅན་གྱི་དད་ལོག་བཟློག་པའི་ཕྱིར་དུ་སྔགས་ཀྱི་དམ་རྫས་དང་ཡོ་བྱད་སྦས་ནས་སྤྱད་རྒྱུ་དེ་ཉིད་ཡིན་ནོ། །གསང་བ་གཉེར་གཏད་པ་ཞེས་པ་ནི་བླ་མ་དང་མཆེད་གྲོགས་ཀྱིས་དེ་མ་ཟེར་གསུངས་པ་དེ་ཉིད་མ་ཟེར་གསུངས་བྱུང་ཞེས་བཤད་མི་ཉན་ལ། བརྐུས་ནི་མ་བྱས་ཅིའི་ཕྱིར་གསང་བསམ་རྒྱུ་མེད་དེ། གསང་སྔགས་སྣོད་མིན་ལ་བཤད་ན་སེང་གེའི་འོ་མ་བླུག་ས་དེ་གསེར་སྣོད་མིན་ན་གས་འགྲོ་བ་ཡིན་ཞིང་། གསང་སྔགས་སྣོད་མིན་གྱི་བློ་ལ་མི་ཤོང་བར་ལོག་ལྟས་དམྱལ་བར་འཕེན་པ་ཡིན་ལ། གསང་བ་མ་གསང་བའི་སྐྱོན་གྱིས་རང་གི་དམ་ཚིག་ཉམས། དངོས་གྲུབ་ལ་བར་ཆད་ཡོང་བ་ཡིན་ནོ། །དེ་ལྟར་བྱས་ན་ཆོས་དད་བྱས་ཏེ་གསང་སྔགས་ཀྱི་ཆོས་སྒོར་ཞུགས་མཁན་རྣམས་ལ་མི་འདོད་འཕྲལ་རྐྱེན་ཡོང་བ་འདི་ཚོ་མང་ཆེ་བ་དམ་ཚིག་ཉམས་ཆག་གི་སྐྱོན་ཡིན་ཞིང་། མི་ན་བྱུང་། ཟོག་ཤི་སོང་། ཁ་ཆག སྣ་རལ། གོམ་གསུམ་གྱེན་དུ་སྤོས་ན་རྡོག་དྲུག་ཐུར་དུ་གཏོད་བཞིན་འདུག་རྒྱུ་འདི་མོ་བཏབ་ནས་བརྒྱ་བཞི། ཀླུ་མདོས། མོ་འདྲེ་གཟའ་མདོས། བསང་རླུང་རྟ་བཅའ་བཞིན་སྒྲུབ་བཞིན་ཡོད་ཀྱང་གཙོ་བོ་དམ་ཚིག་ཉམས་ཆག་གི་བཤགས་སྦྱངས་ཚོགས་བསགས་སྒྲིབ་སྦྱོང་གནད་སྨིན་རེ་བྱས་ན་ནད་བརྒྱ་སྨན་གཅིག་གི་སྐུ་རིམ་དེའི་དྲག་ཅིག་མེད་པ་དེ་ཡིན་སྙམ། དེ་ཡིས་རྩ་བའི་དམ་ཚིག་ལྔ་དེ་ཞིབ་ཆ་འདྲ་ཞིག་བྱས་ཏེ་བཤད་པ་ཡིན་ནོ།།

༼༢༽ ཡན་ལག་གི་དམ་ཚིག་བཤད་པ།

ཡན་ལག་གི་དམ་ཚིག་བཅུ་ནི། གཏི་མུག་ཆགས་དང་ཞེ་སྡང་དང་། །ང་རྒྱལ་ཕྲག་དོག་མི་སྤང་ངོ་། །དཀར་རྩི་དམར་རྩི་དྲི་ཤ་ཆེན། །དག་པའི་སྣོད་ཆུ་མི་འདོར་རོ། །ཞེས་གསང་སྙིང་ལས་གསུངས་ཏེ། གཏི་མུག་ཆགས་དང་ཞེ་སྡང་དང་། །ང་རྒྱལ་ཕྲག་དོག་མི་སྤང་ངོ་། །ཞེས་པ་མི་སྤང་བའི་དམ་ཚིག་ལྔ་ཡིན་ལ། དཀར་རྩི་དམར་རྩི་དྲི་ཤ་ཆེན། །དག་པའི་སྣོད་ཆུ་མི་འདོར་རོ། །ཞེས་པ་དང་དུ་བླང་བའི་དམ་ཚིག་ལྔ་སྟེ་བཅུ་ཡིན་ནོ། །ཉོན་མོངས་དུག་ལྔ་མི་སྤང་སྟེ་སྤངས་ན་དམ་ཚིག་ཉམས་འགྲོ་ཟེར་ན་དེ་ནི་ཅི་ཞིག་སྟེ་ཟེར་རུང་རྒྱུ་ཞིག་ཡིན་ནམ་སྙམ་ན། ད་ལྟ་གོང་ནས་བཤད་མ་ཐག་པ་གསང་བར་འོས་པ་གསང་དགོས་ཞེས་པ་དེ་ལྟ་བུ་ལ་གསུངས་པ་ཡིན་ལ། ཉོན་མོངས་ལྔ་མི་སྤོང་བ་འདི་མི་སྤོང་བའི་ལུགས་ཡོད་དེ། ཉོན་མོངས་རང་མཚན་པ་མ་སྤོང་གསུངས་པ་མ་ཡིན་ལ། དེ་ནི་གསུང་དགོས་པ་ཞིག་མ་ཡིན་ནོ། །སྤྱིར་བཤད་ན་ཉོན་མོངས་དུག་ལྔ་འདི་ཉན་ཐོས་པས་སྤང་བྱར་འཛིན། བྱང་ཆུབ་སེམས་དཔས་སྦྱང་བྱར་འཛིན། གསང་སྔགས་ཀྱི་སྐབས་སུ་ལམ་དུ་བྱེད་པ་ཡིན་ཞིང་། དུག་ལ་བཙོག་ལྟ་བྱས་ཏེ་འཛེམས་པ་དང་། དུག་སྨན་དུ་སྒྱུར་བ་དང་ཕྱོགས་ཙམ་འདྲ་བ་ཡིན་ནོ། །དེའི་ཁྱད་པར་གྱིས་གོང་མ་གོང་མ་ལ་མ་རྨོངས་པ་དང་ཐབས་ཀྱི་ཁྱད་པར་གྱིས་འཕགས་པའི་འཕགས་ཆོས་ཡོད་དོ། །ཉོན་མོངས་དུག་ལྔ་མི་སྤང་བ་འདི་ལ་རང་བཞིན་ཤེས་པས་མི་སྤང་བ་ཞིག་དང་། ཐབས་ཀྱིས་ཟིན་ན་ལམ་གྱི་གྲོགས་སུ་འགྲོ་བས་མི་སྤང་བ་ཞིག སྐུ་དང་ཡེ་ཤེས་ཡིན་པས་ན་སྤང་མི་དགོས་པ་སྟེ་མི་སྤང་ལུགས་རྣམ་པ་གསུམ་གྱི་ཐོག་ནས་གསུངས་ཡོད་དོ། །དེའི་ནང་གི་ཉོན་མོངས་ཀྱི་རང་བཞིན་ཤེས་པས་མི་སྤང་བ་དེ་ཇི་ལྟ་བུ་ཞིག་ཡིན་ན་རང་བཞིན་གྱིས་རྣམ་པར་དག་པ་ཡིན་པས་ན་སྤང་བླང་མེད་པའི་ཕྱིར་ན་ཡང་མི་སྤང་བ་ཡིན་ཏེ། ཉོན་མོངས་རྣམས་ནི་སྒྱུ་འདྲ་ངོ་བོས་སྟོང་། །རང་གིས་མི་རྟག་རང་བཞིན་ཤེས་པས་གྲོལ། །ཞེས་གསུངས་ཤིང་། ཀུན་རྫོབ་ཏུ་ཉོན་མོངས་པ་སྨིག་རྒྱུའི་ཆུ་དང་འདྲ་ལ། རང་བཞིན་མེད་པས་རང་གི་ངོ་བོས་རང་སྤངས། དོན་དམ་ལ་གང་གི་དངོས་པོར་མ་གྲུབ་ཅིང་ཀུན་ཏུ་བཙལ་ན་ཡང་མི་རྙེད་པས་སྤང་དུ་མེད་པ་དེ་ལྟར་ཡིན་གསུངས་སོ། །ཉོན་མོངས་པ་ནི་དེ་བཞིན་གཤེགས་པའི་གདུང་ཞེས་དེ་ལྟ་བུ་ཡང་གསུང་ཚུལ་ཡོད་དེ། དྲི་མ་མེད་པར་གྲགས་པའི་མདོ་ལས། ཉོན་མོངས་པ་ནི་དེ་བཞིན་གཤེགས་པའི་གདུང་ངོ་། །ཞེས་གསུངས་ལ། དེ་ཡེ་ཤེས་ལྔ་དང་དབྱེར་མེད་ཡིན་པས་དེ་ལྟར་གསུངས་པ་ཡིན་ཞིང་། དེ་ལོས་ཡིན་ཏེ་དཔེ་གཏི་མུག་ལྟ་བུ་ལ་ཆག་བཞག་ན་གཏི་མུག་དེ་ཁོ་རང་གི་རང་བཞིན་ཇི་ལྟ་བུ་ཞིག་ཡིན་ཞེ་ན། ཡུལ་ལ་མི་ཕྱོགས་པར་མི་རྟོག་བཏང་སྙོམས་ལ་འདུག་པའི་ངང་ཚུལ་ཅན་ཞིག་ཡིན་ལ། དེ་ལྟ་བུ་ཡིན་པའི་རྩལ་སེམས་ལ་ཡོད་པའི་སྟབས་ཀྱིས་ལམ་གྱི་དུས་ན་མཚན་མར་མི་འཛིན་པ་དང་། འབྲས་བུའི་སྐབས་སུ་སྤྲོས་པའི་སྤྱོད་ཡུལ་ཐམས་ཅད་ལ་རྣམ་པར་མི་རྟོག་པ་ཆོས་དབྱིངས་ཡེ་ཤེས་ཀྱི་བདག་ཉིད་རྣམ་པར་སྣང་མཛད་དུ་གྲུབ་པ་ཡིན་ཞིང་། རང་བཞིན་ཤེས་ན་སྤང་མི་དགོས་སོ། །འདོད་ཆགས་ལ་མཚོན་ན་དཔེ་དེ་བཞིན་དུ་ཁོ་རང་སེམས་ཡུལ་ལ་འདུན་ནས་དང་དུ་ལེན་པའི་རྣམ་པ་ཅན་ཞིག་ཡིན་པས་དེའི་རྩལ་དེ་སེམས་ལ་ཡོད་པའི་སྟབས་ཀྱིས་ལམ་དུས་ཡིན་ན་ལམ་དང་འབྲས་བུའི་ཆོས་ལ་འདུན་ཞིང་མོས་པར་བྱེད་པ་དང་། འབྲས་བུའི་སྐབས་སུ་ཡང་ཆོས་ཀུན་ལ་རྒྱབ་ཀྱིས་མ་ཕྱོགས་ནས་དང་དུ་བླང་བའི་ཚུལ་གྱིས་གཟིགས་པ་དེ་ཉིད་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་སྣང་བ་མཐའ་ཡས་སུ་གྲུབ་པ་ཡིན་ནོ། །ཞེ་སྡང་ལྟ་བུ་ཡིན་ན་ཞེ་སྡང་ནི་མི་མཐུན་པའི་ཕྱོགས་དེ་ཕར་འདོར་བའི་རྣམ་པ་ཅན་ཞིག་ཡིན་པས་དེའི་རྩལ་ལམ་ནུས་པ་དེ་སེམས་ལ་ཡོད་པའི་སྟབས་ཀྱིས་ལམ་དུས་ཡིན་ན་མི་མཐུན་པའི་ཕྱོགས་རང་རྒྱུད་ལ་མི་གནས་པར་བྱེད་པ་ཞིག་ཡིན་ཞིང་། འབྲས་བུའི་སྐབས་སུ་གནས་ལུགས་ཇི་ལྟ་བུའི་རང་བཞིན་ལ་འཁྲུལ་བའི་དྲི་མ་བསལ་བ་མེ་ལོང་ཡེ་ཤེས་ཀྱི་རང་བཞིན་ཅན་བདུད་དང་བར་གཅོད་ཐམས་ཅད་འཇོམས་པ་རྡོ་རྗེ་མི་བསྐྱོད་པར་འགྲུབ་པ་ཡིན་ནོ། །ང་རྒྱལ་དེ་ཁོ་རང་མཐོ་བའི་རྣམ་པ་ཅན་དང་། མཐོ་དགའ་ཅན། མཐོ་བའི་རྣམ་པ་ཅན་ལ་འཇུག་པ་ཞིག་ཡིན་ལ། དེའི་རྩལ་དེ་སེམས་ལ་ཡོད་པའི་སྟབས་ཀྱིས་ལམ་དུས་སུ་སྒྲུབ་པ་ཐམས་ཅད་ལ་མི་ཞུམ་པར་འཇུག་པ་དང་། ཁྱད་པར་དུ་སྔགས་ཀྱི་ལམ་ལ་ཞུགས་པའི་གནས་སྐབས་སུ་དེ་བས་མཆོག་གཞན་ཞིག་མེད་པར་འཛིན་ཅིང་། འབྲས་བུའི་དུས་སུ་འབྱོར་བས་དབུལ་བ་དང་ཞུམ་པའི་རྣམ་པ་མེད་ཅིང་། མ་སླེབས་པ་དང་མི་མཉམ་པའི་ཟུག་རྔུ་མེད་པ་མཉམ་ཉིད་ཡེ་ཤེས་ཀྱི་ངོ་བོ་རིན་ཆེན་འབྱུང་ལྡན་དུ་གྲུབ་པ་ཡིན་ནོ། །ཕྲག་དོག་ཁོ་རང་གི་ངོ་བོའམ་རང་གཤིས་དེ་ཇི་ལྟ་བུ་ཡིན་ན་བདག་དང་གཞན་གཉིས་ཀ་ལ་དམིགས་ནས་མི་བཟོད་པའི་བློ་མི་མཉམ་པར་འཇུག་པ་ཞིག་ཡིན་ཞིང་། དེའི་རྩལ་དེ་སེམས་ཀྱི་སྟེང་ན་ཡོད་པའི་སྟབས་ཀྱིས་ལམ་དུས་ཡིན་ན་བསྒྲུབ་བྱ་དང་སྒྲུབ་བྱེད་ཡིན་མིན་ལ་འཇུག་ལྡོག་བྱེད་པ། འབྲས་བུའི་དུས་སུ་གདུལ་བྱའི་སེམས་ཅན་ལ་ཕན་པར་སྒྲུབ་པ་དང་གནོད་པ་སྤོང་བའི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་དོན་ཡོད་གྲུབ་པར་གྲུབ་པ་ཡིན་ནོ། །དེ་ལྟར་ཡིན་པའི་རྒྱུ་མཚན་གྱིས་དཔེ་ཞིག་བཞག་ན་སྨན་གྱི་ནུས་པ་སྨན་ཁོ་རང་ལ་ཡོད་པ་དང་། ནོར་བུའི་རང་འོད་དེ་ནོར་བུ་རང་ཉིད་ལ་རང་ཆས་སུ་ཡོད་པ་དང་འདྲ་བར་སེམས་ཅན་གྱི་སེམས་ལ་རང་རྩལ་ལྔ་བོ་དེ་ཡེ་ནས་ཡོད་པའི་སྟབས་ཀྱིས་མ་རྟོགས་པའི་གནས་སྐབས་ན་འཁོར་བའི་ལས་ཐམས་ཅད་འདི་ལྔས་བྱེད་ལ། རྟོགས་པའི་དུས་ན་མྱ་ངན་ལས་འདས་པའི་བྱ་བ་ཐམས་ཅད་འདི་ལྔས་བྱེད་པ་དེ་ལྟར་ཡིན་མ་གཏོགས་རྩལ་ཤུགས་དེ་ལྔ་བོ་དང་བྲལ་སོང་ན་ཤུགས་ཟད་པའི་མདའ་དང་། སྒུལ་ཤུགས་མེད་པའི་འཕྲུལ་འཁོར་དང་འདྲ་བར་དོན་སྒྲུབ་པའི་ནུས་པ་མེད་དོ། །དེ་ནུས་པ་མེད་ལུགས་ཀྱི་མཚན་གཞི་བཞག་ན་ཇི་ལྟ་བུ་ཞིག་ཡིན་ཞེ་ན། ཉན་ཐོས་འགོག་པ་ལ་ཞུགས་པ་དང་འདྲའོ། །དུས་རྒྱུན་དུ་འུ་ཚོས་སྒོམ་བརྒྱབ་ན་ཡང་དེ་ལྟར་ཡིན་ཞིང་། རྣམ་རྟོག་བཀག་མི་ཉན་པ་དང་། རྣམ་རྟོག་གི་དབང་དུ་འཁྲུལ་ཤོར་མི་ཉན་ལ། དེས་ན་སེམས་ཀྱི་རང་རྩལ་དགག་ཐུབ་ཀྱང་མི་ཐུབ་ལ་དགག་ཀྱང་མི་དགོས་སོ། །ཅིའི་ཕྱིར་ཞེ་ན། འཁྲུལ་བས་མ་བསླད་ན་ཡེ་ཤེས་ལྔ་འཆར་བ་ཡིན་ལ། ཡེ་ཤེས་ལྔ་མ་ཤར་ན་འཁྲུལ་བ་ཤུགས་ཆེར་སོང་བ་ཡིན་ཞིང་། ཉོན་མོངས་རང་བཞིན་ཤེས་པས་མི་སྤང་བ་དེ་དེ་ལྟ་བུ་ཞིག་ཡིན་ནོ། །གཉིས་པ་ཐབས་ཀྱིས་ཟིན་ན་ལམ་གྱི་གྲོགས་སུ་འགྲོ་བའི་ཐབས་དེ་ཅི་འདྲ་ཞིག་ཡིན་ཞེ་ན། འབུད་ཤིང་མང་ན་མེ་དེ་ཙམ་མང་བ་དང་། དུག་ཇི་ཙམ་ཟོས་ན་རྨ་བྱའི་མདངས་དེ་ཙམ་དུ་འཕེལ་བ་དང་འདྲ་བར་ཉོན་མོངས་གང་ཡིན་ན་ཐབས་ཤེས་ཀྱིས་ཟིན་ན་ཡོན་ཏན་དང་། མ་ཟིན་ན་ཉེས་སྐྱོན་གྱི་རྐྱེན་དུ་འགྱུར་བ་དེ་ལྟར་ཡིན་ཏེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ཇི་ལྟ་ཇི་ལྟར་མེས་ནི་རྩྭ་རྙེད་པ། །དེ་ལྟ་དེ་ལྟར་དེ་སྟོབས་ཕྱིར་ཞིང་འཕེལ། །ཇི་ལྟར་བྱང་ཆུབ་སེམས་དཔའ་ཉོན་མོངས་སྲིད། །དེ་ལྟ་དེ་ལྟར་ཤེས་རབ་མེ་རབ་འཕེལ། །ཞེས་གསུངས་པ་ལྟར་དུ་ཡིན་ནོ། །གསུམ་པ་སྐུ་དང་ཡེ་ཤེས་ཡིན་པས་ན་སྤང་མི་དགོས་པ་ཞིག་ཡིན་ཏེ། ཉོན་མོངས་རེ་རེ་བཞིན་དུ་བཤད་ན་འུ་ཚོ་ལ་དུས་ཚོད་ཡོད་པ་མ་ཡིན་ཡང་གང་ཤར་གྱི་རྟོག་པ་དེ་མ་བཀག་པར་སྐྱེ་ཁར་བཞག་ནས་དེ་ཁོ་ན་ཉིད་དུ་རྟོགས་པའི་བློས་ཟིན་པར་བྱས་དུས་ཡུལ་ཡུལ་ཅན་གྱི་སྣང་བ་མ་འགགས་བཞིན་དུ་གཏད་ཞེན་གྱི་དམིགས་པ་འདིའོ་ཞེས་པ་ཞིག་མེད་པར་ཟང་ཐལ་དུ་མྱོང་བ་དེ་དུག་ལྔ་ཡེ་ཤེས་ལྔ་རུ་ཤར་བ་དེ་ཉིད་ད་ལྟ་གོང་ནས་བཤད་པ་ལྟར་དོན་འདྲ་བ་ཡི་སྨིག་རྒྱུའི་ཆུ་ལ་ཆུ་རགས་བརྒྱབ་མ་དགོས་པ་དང་། དགྲ་རུ་འཁྲུལ་བའི་གཉེན་དེ་ངོ་ཤེས་སོང་བ་ལྟ་བུ་ཡིན་ནོ། །དཀར་རྩི་དམར་རྩི་དྲི་ཤ་ཆེན། །དག་པའི་སྣོད་ཆུ་མི་འདོར་རོ། །ཞེས་གསུངས་ཏེ་དེ་རྣམས་དང་དུ་བླང་བའི་དམ་ཚིག་ལྔ་ཡིན་ཞིང་། དང་དུ་བླང་བའི་དམ་ཚིག་ལྔ་དེ་དཔེར་ན་བདུད་རྩི་ལྔ་བོ་ཡིན་ལ། མཉམ་ཉིད་རྟོགས་པའི་ངོས་ནས་གཙང་དམེ་གཉིས་སུ་མེད་པའི་དོར་བྱ་མི་གནས་པར་མ་ཟད་དག་པ་ཡིན་པས་དང་དུ་བླང་དགོས་སོ། །དང་དུ་བླང་བའི་དམ་ཚིག་གསུངས་པའི་རྒྱུ་མཚན་དེ་ཡིས་ཡིན་ཞིང་། མཉམ་ཉིད་ཉམས་སུ་མྱོང་ནས་གཙང་དམེ་མེད་པར་སྤྱོད་པས་ན་མཚན་རྟོག་ཟིལ་གྱིས་གནོན། བརྟུལ་ཞུགས་ཀྱི་སྤྱོད་པ་ལ་བརྟེན་ནས་དངོས་གྲུབ་མྱུར་དུ་ཐོབ། ཐབས་ཀྱིས་ཟིན་པའི་དངོས་པོ་དེ་རྣམས་འཇིག་རྟེན་གྱི་བདུད་རྩིར་འགྱུར་བ་དང་། རང་གི་ངོ་བོ་གྲུབ་པའི་རྫས་ཡིན་པས་ན་དང་དུ་བླང་བྱ་ཡིན་གསུངས་པ་ཡིན་ནོ། །ཡིན་ན་ཡང་ཟབ་མོའི་དོན་མ་རྟོགས་བཞིན་དུ་འཆོལ་ཉོག་ཏུ་སྤྱད་ན་རང་རྒྱུད་ཆུད་ཟ་བྱེད་དུ་འགྱུར་ལ། དེ་ལྟ་བུའི་ཡན་ལག་གི་དམ་ཚིག་བཅུ་བོ་འདི་མེད་ན་ཉོན་མོངས་ལམ་དུ་འཁྱེར་ནུས་པའི་སྔགས་ཀྱི་བདེ་མྱུར་གྱི་ལམ་ཁྱད་པར་དུ་འཕགས་པ་དེ་ཉིད་དང་དུ་ལེན་རྒྱུ་ཞིག་མེད་ཅིང་། དེ་ལྟར་བྱས་ཏེ་དང་དུ་བླངས་ནས་ཉོན་མོངས་ཡེ་ཤེས་སུ་ཤར་དུས་ཀུན་འབྱུང་ལམ་བདེན་གྱི་ངོ་བོར་གྱུར། རྣམ་སྨིན་གྱི་ཕུང་པོ་དེ་དག་པའི་ཡེ་ཤེས་སུ་ཤར་སོང་ཚེ་སྡུག་བསྔལ་བྱང་ཆུབ་ཀྱི་ངོ་བོར་རང་ཤུགས་ཀྱིས་གྱུར་པ་ཡིན་ནོ། །འདིའི་རྩ་བ་དང་ཡན་ལག་གི་དམ་ཚིག་གི་དབྱེ་བ་རྒྱས་པར་བྱས་ན་སུམ་བརྒྱ་དྲུག་ཅུ་ལ་སོགས་པ་འགྱུར་བ་དེ་ཉིད་གཞུང་ངོ་མ་ནས་ཤེས་པར་བྱ་བ་དེ་ལྟར་ཡིན་ཞིང་། མཐར་ཐུག་གི་དོན་ལ་ཆོས་ཐམས་ཅད་ཡེ་ནས་དག་མཉམ་ཆེན་པོར་གནས་པས་ན་དགག་སྒྲུབ་བླང་དོར་དང་བྲལ་བ་མེད་པ། ཕྱལ་བ། གཅིག་པུ། ལྷུན་གྲུབ་ཀྱི་ཚུལ་གྱིས་རང་བཞིན་རྫོགས་པ་ཆེན་པོར་མཐར་ཕྱིན་པ་དེ་ཉིད་སྙིང་ཐིག་གི་ཁྲིད་ཡིག་ཆེན་མོ་རྣམས་ཀྱི་ནང་ནས་བཤད་པའི་དམ་ཚིག་གི་རྣམ་གཞག་དེ་ལྟར་ཡིན་ནོ། །འདི་ནས་ཚོགས་ཀྱི་བཤགས་པའི་སྐབས་སུ། རྩ་བ་ཡན་ལག་དམ་ཚིག་ཉམས་པ་རྣམས། །ཞལ་ཟས་ཚོགས་འབུལ་བསྐང་ཞིང་བཤགས་པར་བགྱི། །བཟོད་པར་བཞེས་ནས་ཚངས་པར་བསྩལ་དུ་གསོལ། །ཞེས་གསུངས་ཏེ། གོང་ནས་བཤད་པ་ལྟར་དུ་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་ཚོགས་མཆོད་ཡེ་ཤེས་ཀྱི་བདུད་རྩི་ཟག་མེད་འདོད་དགུའི་རང་བཞིན་དུ་རྣམ་པར་འཕྲུལ་བ་འདི་འབུལ་ནས་ཉམས་པ་བསྐང་ཞིང་འགལ་ཉེས་བཤགས་པ་ཡིན་པས་ཐུགས་དགོངས་པ་མ་འཁྲུལ་བའི་ཀློང་ནས་བཟོད་པར་བཞེས་ལ་བཤགས་པ་དང་ལེན་མཛད་ནས་ཚངས་པ་བསྩལ་དུ་གསོལ་ཞེས་ཏེ་ཟླ་བ་གཟའ་བྲལ་བཞིན་དུ་ཉེས་པ་དག་ནས་སྐྱོན་མེད་དུ་གྱུར་པའི་གནང་བ་བྱིན་ཞེས་པ་ལྟ་བུ་ཡིན་ནོ། །ཨོཾ་བཛྲ་ས་ཏྭ་ཨཱ༔ཞེས་གསུངས་ཏེ། ཨོཾ་བཛྲ་ས་ཏྭ་རྡོ་རྗེ་སེམས་དཔའ་ཡིན་ལ། ཨཱ༔ཆོས་ཉིད་སྐྱེ་བ་མེད་པའི་དོན་ཏེ། རྡོ་རྗེ་སེམས་དཔའི་ཐུགས་སྐྱེ་མེད་ཆོས་དབྱིངས་ཆེན་པོའི་ཀློང་དུ་སྒྲིབ་པ་དང་ཉེས་ལྟུང་མི་དམིགས་པར་གྱུར་པའི་དོན་ཡིན་ཞིང་། དེ་ཡན་ཆད་བཤགས་པའི་ཆེད་དུ་ཚོགས་མཆོད་འབུལ་བ་བཤད་ཟིན་ཏོ།།

ཁ༽ བདུན་པ་བཤགས་པ་དངོས་བཤད་པ།

བདུན་པ་བཤགས་པ་བྱ་བ་ནི༔ཞེས་པ་འདི་ནས་བཤགས་ཚིག་ངོ་མ་དེ་ཉིད་གསུངས་པ་ཡིན་ལ།

ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་དམ་ཅན་དགོངས༔

བདག་ཅག་མ་རིག་འཁྲུལ་པའི་རང་བཞིན་གྱིས༔

ཉོན་མོངས་དབང་གྱུར་སྐུ་གསུང་ཐུགས་ལ་སོགས༔

རྩ་བ་ཡན་ལག་དམ་ཚིག་ཉམས་པ་ཀུན༔

གནོང་འགྱོད་དྲག་པོས་མཐོལ་བཤགས་བཟོད་པར་བཞེས༔

ཚངས་པ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔

ཞེས་གསུངས་ཏེ། ལེའུ་ཚན་སྔ་མ་དེ་ཉིད་ཀྱིས་ཚོགས་འབུལ་གྱི་བསྐང་བཤགས་བསྐང་ཚིག་གིས་བསྟན་ནས། རྗེས་མ་འདིས་གནོང་འགྱོད་བཤགས་ཚིག་ལ་དམིགས་བསལ་ནན་གྱིས་སྤྱད་ནས་ཡང་བསྐྱར་གྱིས་བཤགས་པ་ཡིན་ནོ། །ཞེས་པ་དང་ཡི་གེ་བརྒྱ་པ་བཟླ་བར་བྱའོ༔ སྐབས་འདིར་ཞི་ཁྲོའི་མདངས་བསྐང་སོགས་དང་༔ ལྟ་བའི་ཀློང་བཤགས་ལ་སོགས་ཅི་རིགས་བྱ༔ཞེས་གསུངས་ཏེ་མཐོང་བརྒྱུད་ཀྱི་ཕྱག་བཞེས་ཀྱི་རྒྱུན་ཡོད་པ་འདི་ལ་གསུངས་པ་ཡིན་ནོ།།

༼ཆ དྲུག་པ་བསྒྲལ་ཞིང་བསྟབ་པ།

ཀ༽ བསྒྲལ་བ་བཤད་པ།

ཐ་མ་ཚོགས་ཕུད་བསྒྲལ་ཞིང་བསྟབ་པ་ནི༔ཞེས་གསུངས་ཏེ། འདི་ཕུད་ཅིའི་ཕྱིར་ཡིན་ཏེ་ཐ་མ་མ་ཡིན་ནམ་སྙམ་ན། ཚོགས་ཕུད་རིམ་པ་གསུམ་གྱི་དང་པོ་བར་དང་ཐ་མ་གསུམ་ཕྱེས་པའི་ནང་གི་ཐ་མ་ཡིན་མ་གཏོགས་ཚོགས་ཕུད་གསུམ་པོ་ཡིན་ཆོག་ལ། ལྷག་མ་མིན་དུས་ཕུད་ཡིན་ཆོག་གོ།

ཧཱུྃ༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་༔

ཐབས་ཀྱི་ཆོ་འཕྲུལ་རྒྱལ་བ་ཞི་ཁྲོའི་ཚོགས༔

ཁྲག་འཐུང་རྔམ་བརྗིད་འབར་བའི་སྐུར་བཞེངས་ལ༔

ཉོན་མོངས་མ་རིག་དུག་ལྔ་ཕུང་པོ་ལྔ༔

བསྟན་པ་བཤིག་པའི་དགྲ་བགེགས་མ་ལུས་པ༔

མྱུར་དུ་ཁུག་ལ་བསྒྲལ་བའི་ལས་མཛོད་ཅིག༔

ཅེས་གསུངས་ཏེ། འདིའི་མགོ་ལ་དང་པོར་དགུག་གཞུག་དགོས་ཤིང་། ན་མོ་དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མའི་བདེན་པས་གནོད་བྱེད་དགྲ་བགེགས་ཐམས་ཅད་ཚོགས་ཐ་མ་དམིགས་པའི་རྟེན་འདི་ལ་མཆིས་པར་གྱུར་ཅིག་ཅེས་འུ་ཚོས་འདོན་བཞིན་ཡོད་པའི་དུས་རྒྱུན་རྒྱུན་ལྡན་ལྟར་ཡིན་ནོ། །འདིའི་སྐབས་སུ་འདོན་རྒྱུ་རྐྱང་པས་མི་ཚད་པར་དམིགས་པ་ཕྱག་རྒྱ་དང་བཅས་པ་ར་སྦྲགས་དགོས་པ་ཡིན་གྱིས། རྡོར་དྲིལ་དང་བཅས་པའི་ཕྱག་གཉིས་ཀྱིས་དང་པོར་ཁྲོ་བོ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་དང་བཅས་ཏེ་དགུག་པ་ལྕགས་ཀྱུའི་ཕྱག་རྒྱ། འཆིང་བ་ཞགས་པའི་ཕྱག་རྒྱ། སྡོམ་པ་ལྕགས་སྒྲོག་གི་ཕྱག་རྒྱ། མྱོས་པ་དྲིལ་བུའི་ཕྱག་རྒྱ་དང་བཅས་ཏེ། དེའི་སྐབས་སུ་དམིགས་པ་ཅི་ཞིག་དགོས་ན་བདག་མདུན་གྱི་ཐུགས་ཀའི་འོད་ཟེར་གྱིས་དཀྱིལ་འཁོར་ཆེན་པོའི་ཁྱམས་ན་གནས་པའི་འགུག་བྱེད་སྤྲུལ་བའི་ཕོ་ཉ་དཔག་ཏུ་མེད་པས་འགུག་པར་བྱེད་པའི་ལས་ལ་རྔམ་ཞིང་རིངས་པའི་སྒོ་ནས་ཞིང་བཅུ་ཚང་བའི་གཟས་པོ་དེའི་བླ་སྲོག་རྟེན་ལ་བཀུག་པར་དམིགས་དགོས་སོ། །འདི་ལ་བསྒྲལ་བ་དངོས་དང་ཞལ་བསྟབ་སྟེ་རྣམ་པ་གཉིས་ཡོད་པ་དེ་ཉིད་འདི་ནས་ལེའུ་ཚན་ཁ་ཁར་བྱས་ནས་བསྟན་ཡོད་ན་དང་པོ་བསྒྲལ་བ་ཡིན་ཞིང་། བསྒྲལ་བ་འདི་ལ་དམིགས་པའི་བྱེ་བྲག ཕུར་བའི་རྣམ་དབྱེ་དང་། ཚེ་ཁྲུས་གནས་གསུམ་གྱི་དགོངས་པས་ཚར་གཅད་པ་དང་གསུམ་གྱིས་བསྒྲལ་བའི་དོན་གོ་དགོས་སོ། །དེའི་ནང་གི་དང་པོ་དམིགས་པའི་བྱེ་བྲག་འདི་གསུམ་ཚན་བཞི་ཡི་ཐོག་ནས་བཤད་དགོས་ཤིང་། འདི་ལ་འུ་ཚོས་སྡོམ་བྱས་ན། གསལ་བ་གསུམ་དང་ལྷ་གསུམ་དང་། །ལྟ་སྒོམ་སྤྱོད་གསུམ་རྫོང་འཕྲང་སྲོག །ཅེས་འཛིན་བདེ་བའི་ཆེད་དུ་སྐྱོར་ཆོག་ལ། གསལ་བ་གསུམ་ནི་མི་ལྡོག་པའི་ཕྱིར་དུ་སྒྲོལ་མཁན་གྱི་རྣལ་འབྱོར་པ་རང་ཉིད་ལྷར་གསལ། མི་རྡུགས་པའི་ཕྱིར་དུ་སྒྲོལ་བྱེད་ཀྱི་ཕུར་བ་ཀཱི་ལ་ཡར་གསལ། མི་འབྱམ་པའི་ཕྱིར་དུ་བསྒྲལ་བྱ་རཱུ་ཏྲ་དངོས་སུ་གསལ་བ་དེ་ལྟར་དགོས་ལ། དེ་གསུམ་དེ་གསལ་བ་གསུམ་ཡིན་ནོ། །ལྷ་གསུམ་ནི་སྟོང་ཉིད་གྱད་ཀྱི་ལྷ། གཉེན་པོ་ཡེ་ཤེས་ཀྱི་ལྷ། སྤྱོད་པ་ལས་ཀྱི་ལྷ་གསུམ་པོ་ཡིན་ནོ། །ལྟ་བའི་གདེང་གིས་ཟིན་པ་དེ་ཉིད་སྟོང་ཉིད་གྱད་ཀྱི་ལྷ། བསྐྱེད་རིམ་གྱི་ངར་དང་ལྡན་པ་དེ་ཉིད་གཉེན་པོ་ཡེ་ཤེས་ཀྱི་ལྷ། བསྐྱེད་རྫོགས་ཟུང་འཇུག་གི་ངང་ནས་ཕོ་ཉ་ལས་ལ་འགྱེད་པ་དེ་ཉིད་སྤྱོད་པ་ལས་ཀྱི་ལྷ་ཡིན་ལ། དེ་ཡིས་གསལ་བ་གསུམ་དང་ལྷ་གསུམ་གྱིས་གསུམ་ཚན་གཉིས་བཤད་ཟིན་ཏོ། །རྗེས་མ་གཉིས་ཀ་ལྟ་སྒོམ་སྤྱོད་གསུམ་རྫོང་འཕྲང་སྲོག་ཅེས་པ་དེ་ཡིན་ཞིང་། ལྟ་སྒོམ་སྤྱོད་པ་གསུམ། རྫོང་འཕྲང་སྲོག་གསུམ་སྟེ་དེ་ཡིས་གསུམ་ཚན་བཞི་བསྟན་པ་ཡིན་ནོ། །ལྟ་སྒོམ་སྤྱོད་གསུམ་དེ་བསྒྲལ་བ་དང་བསྟུན་ནས་བཤད་དགོས་ཤིང་། དུས་རྒྱུན་གྱི་ལྟ་སྒོམ་སྤྱོད་གསུམ་དང་འདྲ་བ་ལ་འདི་ནས་དམིགས་བསལ་གྱི་བསྒྲལ་བའི་རྒྱབ་རྟེན་ལྟ་སྒོམ་སྤྱོད་གསུམ་དེ་ཇི་ལྟར་ཡིན་ན་རང་བཞིན་གྱིས་སྒྲོལ་བའི་ལྟ་བ། སྙིང་རྗེས་སྒྲོལ་བའི་སྒོམ་པ། དབང་པོ་ཡུལ་དུས་ཀྱིས་སྒྲོལ་བའི་སྤྱོད་པ་དང་གསུམ་པོ་དེ་ཡིན་ནོ། །ལྟ་སྒོམ་སྤྱོད་གསུམ་དེ་ལ་ཚད་མེད་བཞིའི་དག་སྦྱོར་ཇི་ལྟར་བྱེད་དགོས་ཟེར་ན། ཚད་མེད་བཞི་དེ་བྱམས་དང་སྙིང་རྗེ་དགའ་བ་བཏང་སྙོམས་བཞི་ཡིན་ལ། སྐབས་འདིའི་ཐུན་མོང་མ་ཡིན་པའི་ཚད་མེད་བཞི་དེ་སྙིང་རྗེ་ཁྲོས་པའི་ཚུལ་གྱིས་སྡིག་ཅན་རྗེས་སུ་འཛིན་པ་བྱམས་པ། ཤིན་ཏུ་བརྩེ་བ་ཆེན་པོས་མྱུར་དུ་སྒྲོལ་བའི་སྙིང་རྗེ། ཤེས་པ་གནས་སུ་སྤར་ཞིང་ཕུང་པོ་ཚོགས་སུ་སྟོབ་པའི་དགའ་བ། གདུལ་བྱ་ཡལ་བར་མི་འདོར་བའི་བཏང་སྙོམས་ཏེ་དེ་ལྟ་བུའི་སྒྲོལ་བ་མངོན་སྤྱོད་ཀྱི་ལས་འདི་ལ་མཆོག་ཏུ་བསྔགས་པའི་ཚད་མེད་བཞི་ཚང་དགོས་སོ། །གསུམ་ཚན་བཞི་བ་དེ་རྫོང་འཕྲང་སྲོག་གསུམ་ཡིན་ཞིང་། ལྟ་བ་བློ་འདས་ཀྱི་རྫོང་། སྒོམ་པ་ཡེངས་མེད་ཀྱི་འཕྲང་། སྤྱོད་པ་ངེས་མེད་ཀྱི་སྲོག་དང་གསུམ་པོ་དེ་ཚང་དགོས་སོ། །བསྒྲལ་བ་འདི་ལ་དམིགས་པའི་བྱེ་བྲག་ཕུར་བའི་རྣམ་དབྱེ་ཚེ་ཁྲུས་གནས་གསུམ་གྱི་དགོངས་པས་ཚར་གཅད་པ་དང་གསུམ་ཡོད་ཅེས་བཤད་པ་ཡིན་ལ། གསལ་བ་གསུམ་གྱིས་གསལ་འདེབས་རྒྱུ་དང་ལྷ་གསུམ་གྱི་ང་རྒྱལ་བཟུང་ནས་ལྟ་སྒོམ་སྤྱོད་གསུམ་གྱི་རྒྱབ་རྟེན་དང་ཚད་མེད་བཞིའི་དག་སྦྱོར་དང་བཅས་པ་རྫོང་འཕྲང་སྲོག་གསུམ་གྱིས་གཞི་འཛིན་དགོས་རྒྱུ་དེ་ཚོ་དམིགས་པ་ཡིན་ནོ། །སྒྲོལ་བྱེད་ཕུར་བའི་རྣམ་དབྱེ་འདི་ལ་ཕུར་བའི་དབྱེ་བ་དུ་ཡོད་ཟེར་ན་ཚད་མེད་སྙིང་རྗེའི་ཕུར་བ། བྱང་ཆུབ་སེམས་ཀྱི་ཕུར་བ། མཚན་མ་རྫས་ཀྱི་ཕུར་བ་དང་གསུམ་ཡོད་ཅིང་། དེའི་ནང་གི་ཚད་མེད་སྙིང་རྗེའི་ཕུར་བ་ཞེས་པ་ནི་བསྟན་པའི་སྤྱི་དགྲ། རྣལ་འབྱོར་བའི་སྒོས་དགྲ། དཀོན་མཆོག་གི་སྐུ་དགྲར་གྱུར་པའི་ཞིང་བཅུ་ཚང་བའི་ལས་ངན་གྱི་དགྲ་བོ་དེ་ཐབས་ཁྱད་པར་ཅན་གྱིས་འཕྲལ་དུ་མ་བསྒྲལ་ན་ལས་ངན་ཚབས་ཆེན་ད་རུང་མང་པོ་བསགས་ནས་དེའི་འབྲས་བུ་ངན་སོང་ལ་ལྷུང་། སྡུག་བསྔལ་དོས་དྲག་ཅིག་ཡུན་རིང་དུ་མྱོང་དགོས་ཐུག་པ་ཡིན་བསམས་ནས། སྙིང་རྗེ་བཟོད་བརླག་མེད་པའི་སེམས་ཀྱིས་བསྒྲལ་ལས་བྱེད་པའི་ཀུན་སློང་དང་ལྡན་པ་དེ་ཉིད་ཡིན་ཏེ། ལོག་ལྟ་རྣམས་ལ་སྙིང་རྗེ་བསྐྱེད། །གཉིས་མེད་སྒྲོལ་བའི་སྙིང་རྗེ་སྒོམ། །དེ་ནི་སྙིང་རྗེའི་ཕུར་བ་སྟེ། །ཞེས་གསུངས་པས་ཚད་མེད་སྙིང་རྗེའི་ཕུར་བ་ཞེས་པ་དེ་ལྟ་བུ་ཞིག་ལ་གསུངས་སོ། །བྱང་ཆུབ་སེམས་ཀྱི་ཕུར་བ་ཞེས་པ་ནི་བསྒྲལ་བྱ་དང་སྒྲོལ་བྱེད་ཀྱི་གཉིས་འཛིན་ཀ་ནས་དག་སོང་བའི་གསལ་མདངས་དེ་སྒྱུ་མ་ལྟ་བུའི་རྣམ་རོལ་དུ་ཤར་ནས་རང་ཉིད་ལྷར་གསལ་བའི་ཕྱག་གཡས་གཡོན་གཉིས་ཀ་རིགས་ལྔ་ཡབ་ཡུམ་དུ་བསྒོམས་ནས་སྐྱེ་འགག་གཉིས་མེད་ལྷུན་གྲུབ་སྙིང་རྗེ་ཤར་ཞིང་བསྒྲལ་བ་བྱེད་པ་དེ་ཉིད་ཡིན་ཏེ། མན་ངག་སྙིང་གཟེར་ནག་པོ་ལས། སྐྱེ་མེད་བྱང་ལ་འགག་མེད་ཆུབ། །གཉིས་སུ་མེད་པའི་སེམས་ཞེས་བྱ། །ཞེས་གསུངས་སོ། །འདི་ནས་གཏེར་གཞུང་གི་རྩ་བའི་ཚིག་ལས་ཧཱུྃ་ཞེས་རྔམ་ཆེན་གཏུམ་དྲག་རོལ་བ་ཐུགས་སྙིང་རྗེ་འབར་བའི་ཆོ་འཕྲུལ་ཁྲོས་པའི་སྐུ་རུ་བཞེངས་པའི་ཧཱུྃ་སྒྲ་ཡིས་ལས་ལ་བསྐུལ་བའི་སྣ་དྲངས་ནས། ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་། །ཐབས་ཀྱི་ཆོ་འཕྲུལ་རྒྱལ་བ་ཞི་ཁྲོའི་ཚོགས། །ཞེས་པའི་ཚིག་རྐང་གཉིས་འདིས་གསལ་བ་གསུམ་དང་ལྡན་པའི་སྟོང་ཉིད་གྱད་ཀྱི་ལྷ་དང་། གཉེན་པོ་ཡེ་ཤེས་ཀྱི་ལྷ་བསྒོམས་ནས་རང་བཞིན་གྱིས་སྒྲོལ་བའི་ལྟ་བ་དང་། སྙིང་རྗེས་སྒྲོལ་བའི་སྒོམ་པ་ཟུང་དུ་འབྲེལ་བ་ཚད་མེད་སྙིང་རྗེའི་ཕུར་བ་དང་། བྱང་ཆུབ་སེམས་ཀྱི་ཕུར་བ་དང་ལྡན་པས། ཁྲག་འཐུང་རྔམ་བརྗིད་འབར་བའི་སྐུར་བཞེངས་ལ་ཞེས་པ་མན་ཆད་ཀྱིས་སྤྱོད་པ་ལས་ཀྱི་ལྷ་བསྟན་ཅིང་། དབང་པོ་ཡུལ་དུས་ཀྱིས་སྒྲོལ་བའི་སྤྱོད་པ་ལ་ཞུགས་ནས་རྫོང་འཕྲང་སྲོག་གསུམ་གྱི་གནད་དང་མ་བྲལ་བའི་ཐོག་ནས་དྲག་པོ་མངོན་སྤྱོད་ཀྱི་བསྒྲལ་ལས་དངོས་ལ་འཇུག་པ་དེ་ཉིད་བསྟན་ཏོ། །དེ་ཡང་སྒྲོལ་བྱེད་ཕུར་བ་རྣམ་གསུམ་གྱི་ནང་ནས་མཚན་མ་རྫས་ཀྱི་ཕུར་བ་དེ་མཚན་མ་རྟགས་ཀྱི་ཕྱག་རྒྱ་ཡིན་ཞིང་། སྐུ་ཕྱག་རྒྱའི་ཕུར་བ། ཕྲིན་ལས་ལས་བཞིའི་ཕུར་བ། བྱིན་རླབས་སྲས་མཆོག་གི་ཕུར་བ་དང་གསུམ་ཡོད་པའི་ནང་གི་སྐབས་འདིར་སྲས་མཆོག་གི་ཕུར་བ་ཡིན་ནོ། །དེ་ཡང་སྟོད་རྒྱ་མདུད་གོང་མའི་ཕྱོགས་བཞི་དབུས་ལྔ་རིགས་ལྔའི་སངས་རྒྱས་དང་ཡེ་ཤེས་ལྔའི་རང་བཞིན། བར་གྱི་གཞོགས་བརྒྱད་རྣམ་ཐར་བརྒྱད། སྨད་ཆུ་སྲིན་གྱི་ཁ་ནི་འཛིན་ཤེས་གཏོང་མི་ཤེས་པའི་ཐུགས་རྗེ། ཟུར་གསུམ་སྐུ་གསུང་ཐུགས་ཀྱི་རང་བཞིན། དེར་བྱུག་བདུག་བྲབ་གསུམ་གྱིས་གཟི་མདངས་བསྐྱེད་ནས་ཟུར་གསུམ་དབལ་གྱི་རྩེ་ཤིན་ཏུ་རྣོ་བ་མགར་གྱི་སོལ་མལ་ནས་ཕྱུང་མ་ཐག་པ་ལྟ་བུའི་མཚོན་ཆ་མེའི་ཚྭ་ཚྭ་འཕྲོ་བ་ཡི་བྱིན་གྱིས་བརླབས་པའི་འདུས་བྱས་རྫས་ཀྱི་དྲག་པོའི་ཕུར་བ་དེ་ལག་ཏུ་ཐོགས་ནས་བསྒྲལ་ལས་བྱེད་དགོས་སོ། །བསྒྲལ་ལས་བྱེད་པའི་སྐབས་སུ་དགྲ་བགེགས་ཀྱི་སྙིང་དཀར་ནག་གཉིས་ཀྱི་མཚམས་སུ་གཏད་པས་ལས་གྲུབ་པར་བྱེད་པ་འདི་ལ་བྱིན་རླབས་རྟགས་ཀྱི་ཕུར་བ་ཞེས་ཟེར་རོ། །མྱུར་དུ་ཁུག་ལ་བསྒྲལ་བའི་ལས་མཛོད་ཅིག་ཅེས་པའི་སྐབས་ཀྱི་ཚིག་དང་སྦྲགས་ནས་ཟན་གྱིས་བཅས་པའི་ཉ་བོ་ལིང་གཟུགས་ངོ་མ་ཡོད་ན་འཁོར་བ་རུ་ལོག་གི་རྟེན་འབྲེལ་དུ་མགོ་བོ་ལྷོ་ནུབ་དང་རྐང་བ་བྱང་ཤར་དུ་བསྟན་ནས་གན་རྐྱལ་དུ་བཞག་དགོས་ཤིང་། ཡང་མིན་ན་སྤྱིར་བཏང་གི་སྟབས་བདེ་དང་བསྟུན་ན་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པའི་རྟེན་འབྲེལ་དུ་མགོ་བོ་ཕྱི་ཕྱོགས་སུ་ཕར་བསྟན་ལ། མྱང་འདས་ལ་མངོན་པར་ཕྱོགས་པའི་རྟེན་འབྲེལ་དུ་གདོང་ནང་ཕྱོགས་སུ་རང་ཉིད་ལ་བསྟན་ནས་བླ་སྲོག་སྐད་ཅིག་ཆགས་པའི་རྟེན་འབྲེལ་དུ་འཁོར་བའི་རྒྱུ་རྟེན་འབྲེལ་བཅུ་གཉིས་ཀྱི་རྩ་བ་རཀྟ་བྲན། ཉ་བོའི་གཟུགས་བཅས་པ་དེ་ཉིད་གལ་སྲིད་མེད་ན་ཚོགས་ཟན་དང་ཤ་དུམ་ལ་དམིགས་རྟེན་བྱས་ནས་ཨེ་ལས་གནམ་ལྕགས་འབར་བའི་གྲུ་གསུམ་དཀྱིལ་འཁོར་སྒོ་མེད་ཀྱི་ཁང་སྒྲོམ་གྱི་ནང་དུ་ནྲྀ་དང་ཏྲི་ལས་གནོད་བྱེད་དགྲ་བགེགས་སྡིག་ཅན་རྐང་ལག་ལྕགས་སྒྲོག་གིས་བཅིངས་ནས་ཉམས་ཐག་པ་མངོན་སུམ་ལྟར་དུ་གསལ་འདེབས་དགོས་སོ། །ལྟ་དགོངས་ཏིང་འཛིན་དམིགས་གནད་ལས་སྦྱོར་གྱི་ཞལ་ཤེས་དང་བཅས་པ་མེད་ན་རང་གར་ཟན་གོང་གྲི་ཡིས་གཏུབས་པ་ཙམ་གྱིས་ས་ཆོད་ཆེ་བ་མ་ཡིན་ལ། ཡང་བསྐྱེད་རིམ་གྱི་གསལ་སྣང་ཕྲན་བུ་རེ་དང་དྲག་སྔགས་ཀྱི་བཟླས་གྲངས་ཉུང་ཉུང་རེ་ཡོད་ཀྱང་རྫོགས་རིམ་སྟོང་ཉིད་སྙིང་རྗེའི་རྩི་དང་བྲལ་སོང་ན་དགྲ་བགེགས་ཕར་བསྒྲལ་མ་དགོས་དང་གཤེད་མ་རང་གཤེད་རང་ལ་འཁོར་རྒྱུ་ཡང་ཡོད་དོ། །བཟང་ངན་གཉིས་ཀྱི་གྲལ་དུ་མི་འགྲོ་བའི་ཟན་གོང་གྲིས་གཏུབས་པར་བྱས་པས་ཕན་གནོད་གཉིས་ཀ་མི་འབྱུང་ལས་ཆེ་ཡང་གཅིག་བྱས་ན་དེ་ཡང་གསང་སྔགས་ར་ཚང་དུ་བཞེངས་པའམ་གསང་སྔགས་བོན་དུ་གྱེར་བ་དང་། ཆོ་གའི་གཟུགས་བརྙན་ཆོས་ལ་དབང་ཟ་བ་སོགས་འབྱུང་བ་འགོག་མེད་ལྟ་བུ་ཞིག་ཡིན་ནོ། །བཤད་བྱ་ངོ་མ་གང་ཡིན་ན་བསྒྲལ་བ་དངོས་ལ་འཇུག་དུས་དགོངས་པ་གསུམ་གྱི་སྒོ་ནས་ཚར་གཅད་པ་ལ་ཚེ་ལུང་ཁྲུས་ལུང་གནས་ལུང་གསུམ་པོ་དེ་ངེས་པར་དུ་ཚང་དགོས་པ་ཡིན་ཞིང་། ཕུར་རྩེས་གཟས་པོའི་སྙིང་ཁར་རེག་པ་ཙམ་གྱིས་དེའི་ཚེ་རྟེན་ཨ་དཀར་གྱི་རྣམ་པ་རང་ཉིད་ལ་བསྟིམས་པ་དེ་ཚེ་ལུང་ཡིན་པ་དང་། འཚེངས་པ་གསུམ་གྱི་ནང་ནས་རྣལ་འབྱོར་པ་ཚེ་ཡིས་འཚེངས་པ་ཞེས་བྱ་སྟེ་དེའི་ཚེ་རྟེན་དེ་རྣལ་འབྱོར་བ་རང་ཉིད་ལ་བསྟིམས་པས་རྣལ་འབྱོར་བ་ཚེ་ཡིས་འཚེངས་པ་ཡིན་ལ། དེའི་ཚེ་བསོད་དབང་ཐང་ཚང་མ་རང་གིས་ལེན་དགོས་སོ། །དེའི་མཚམས་ཀྱི་དེའི་བླ་གནས་དང་བསྟུན་ནས་གནས་སོ་སོ་ལ་ཕུར་བ་གདབ་པའི་རྗེས་སུ་དགྲ་བོའི་རྣམ་ཤེས་ཉོན་ཡིད་ཀྱི་རྟེན་ཀུན་གཞིའི་རྣམ་ཤེས་ནྲྀ་ཡིག་གི་རྣམ་པར་ཡོད་པ་ལ་ཕུར་བ་གདབ་ནས་ནག་ཐིམ་མེར་སོང་ནས་བྱུང་ཚོར་གྱི་སྒོ་འགག་ལས་ངན་གྱི་བག་ཆགས་དང་ཉོན་མོངས་ཀྱི་འཁྲུལ་བ་རྩད་ནས་ཆོད་དེ་རྒྱལ་བའི་སྐུ་གསུམ་གྱི་རང་བཞིན་དུ་གོ་འཕོས་ནས་ཕུར་རྩེའི་ཧཱུྃ་ཡིག་དང་དབྱེར་མེད་དུ་འདྲེས་པར་དམིགས་པ་དེ་ཁྲུས་ལུང་ཡིན་ཞིང་། །ཕུར་རྩེའི་ཧཱུྃ་ཡིག་ལ་སོགས་པ་བསྒྲལ་བའི་སྐོར་འདི་ན་ནིང་ཧ་ཅང་ཞིབ་ཆ་བྱས་ནས་བཤད་ཡོད། འཁོར་བའི་གནས་ནས་སྦྱངས་པ་དེ་ཉིད་ལ་ཁྲུས་ལུང་ཞེས་བྱའོ། །དེའི་མཚམས་སུ་ཕུར་རྩེ་ནམ་མཁའ་ལ་དེངས་པ་གཅིག་བྱས་པ་དང་མཉམ་དུ་རྣམ་ཤེས་མེ་རྟགས་ཡལ་བ་ལྟར་དུ་འོག་མིན་གྱི་ཞིང་ལ་ཀུན་ཏུ་བཟང་པོའི་ཐུགས་ཀློང་དུ་འཕོས་པ་དེ་ཉིད་གནས་ལུང་ཡིན་ལ། བདེ་བར་གཤེགས་པའི་སྲས་སུ་སྐྲུན་པའི་སྦྱོར་སྒྲོལ་ཟུང་འབྲེལ་གྱི་གོ་བ་ཡང་ཤུགས་ལ་བསྟན་ཡོད་ཅིང་། དེས་བསྒྲལ་བྱ་གནས་ཀྱིས་འཚེངས་པ་ཡིན་ནོ། །ཤེས་པ་འོག་མིན་དུ་བསྒྲལ་བའི་རྗེས་སུ་ཕུང་པོ་དུར་ཁྲོད་དུ་བསྒྲལ་ནས་གཟས་པོའི་ཤ་ཁྲག་རུས་གསུམ་དམ་ཅན་ཆོས་སྐྱོང་ལ་ཕུལ་བ་དང་བཅས་པས་དམ་ཅན་ཤ་ཁྲག་གིས་འཚེངས་པ་ཡིས་འཚེངས་པ་གསུམ་པོ་ཚང་བ་ཡིན་ལ། འཚེངས་པ་ལྔར་གསུང་ས་ཡང་ཡོད་ཀྱང་འདིའི་ནང་དུ་འདུས་སོ། །དེས་ན་བསྒྲལ་བ་ལ་མཚོན་ན་དང་པོར་རྟོགས་པས་བདག་སྔོན་དུ་བསྒྲལ་ནས་དེའི་རྗེས་སུ་ཐུགས་རྗེས་གཞན་སྒྲོལ་བ་དེ་ཉིད་གོ་རིམ་མ་འཁྲུགས་པ་ཡིན་ནོ།།

ཁ༽ ཞལ་བསྟབ་བཤད་པ།

གཉིས་པ་ཕུང་པོ་ཞལ་དུ་བསྟབ་པ་ནི༔ འདིའི་ས་བཅད་བསྒྲལ་བ་ལ་ཡང་དང་པོ་དང་གཉིས་པ་གཉིས་སུ་ཕྱེས་པའི་ནང་གི་གཉིས་པ་ཞལ་བསྟབ་ཡིན་ནོ།།

ཧཱུྃ༔ བླ་མ་ཀུན་བཟང་ཞི་ཁྲོ་སྤྲུལ་འཁོར་བཅས༔

མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཞལ་ཕྱེས་ཤིག༔

དུག་ལྔ་དུག་གསུམ་བསྒྲལ་བའི་ཤ་ཁྲག་རུས༔

ཡེ་ཤེས་ལྔ་ལྡན་མི་འགྱུར་ཞལ་དུ་བསྟབས༔

རྣམ་རྟོག་བག་ཆགས་ཆོས་ཉིད་ཀློང་དུ་རོལ༔

བསྟབ་བོ་བཞེས་ཤིག་རོལ་ཞིག་ཁ་རཾ་ཁཱ་ཧི༔

ཞེས་གསུངས་ཏེ། ཞི་ཁྲོ་རྒྱལ་བའི་དཀྱིལ་འཁོར་རྩ་གསུམ་སྲུང་མ་དང་བཅས་པའི་ཞལ་དུ་དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་དུག་ལྔ་དུག་གསུམ་དང་བཅས་པ་བསྟབས་པས་རྣམ་རྟོག་བག་ཆགས་ཆོས་ཉིད་ཀྱི་ཀློང་དུ་རོལ་ལ་བཞེས་ཤིག་ཅེས་གསུངས་པའི་དོན་ཡིན་ནོ། །འདི་ཡང་སྦྱོར་སྒྲོལ་གཉིས་མེད་ཀྱི་མཆོད་པའི་དམིགས་གནད་ཟབ་མོ་ཡིན་པར་གསུངས། དེའི་འཕྲོས་ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊཿཕཊཿཕཊཿཅེས་གསུངས་ཏེ། ཨོཾ་ཨཱཿཧཱུྃ་དུག་གསུམ་སྐུ་གསུམ་ཆོས་ཉིད་ཀྱི་ཀློང་དུ་རོལ་ཞིང་། ཧཱུྃ་ཧཱུྃ་ཧཱུྃ་ཚེ་ཁྲུས་ཀྱི་དགོངས་པ་དང་མཐུན་པའི་སྐུ་གསུམ་གྱི་རྣམ་པར་གནས་པ་ཕུར་རྩེའི་ཧཱུྃ་གསུམ་གྱི་མཚོན་བྱེད་དང་། ཕཊཿཕཊཿཕཊཿཅེས་གསུམ་གསུངས་པའི་ཕཊཿདང་པོ་ནི་དཔལ་ཀུན་ཏུ་བཟང་པོའི་ཐུགས་སྲོག་གི་ཡི་གེ་དང་བསྲེས། ཕཊཿགཉིས་པ་དེས་སྐུའི་དབྱིབས་བསྐྱེད། ཕཊཿགསུམ་པས་བདེ་བར་གཤེགས་པའི་སྲས་སུ་བསྐྲུན་པའི་ཚེ་ཁྲུས་གནས་གསུམ་གྱི་དགོངས་པ་དེ་ཡིས་ཚང་བ་ཡིན་ལ། དེ་ཡིས་བསྒྲལ་མཆོད་ཀྱི་རྣམ་བཞག་ཆ་ཚང་སོང་བ་ཡིན་ནོ། །འདིའི་མཚམས་སུ་བསྐང་བ་ལ་སོགས་པའི་བཤད་པ་མང་ལ། དཔེ་མཚོན་ཙམ་དུ་ཉམས་ཆགས་བསྐང་བ་རྐྱང་པའི་ཐད་ནས་བསམ་བློ་བཏང་ན་ཉམས་ཆག་གི་སྐོང་ཆེན་ལྔ་ཞེས་པ་མཆོད་པ་ཕུད་ཀྱིས་སྐོང་། དམ་རྫས་མདངས་ཀྱིས་སྐོང་། སྲོག་ཆགས་རྒྱུ་ཡིས་སྐོང་། རྣམ་བཞི་མདོས་ཀྱིས་སྐོང་། འགྱོད་ཚངས་བཤགས་པས་སྐོང་བ་དང་ལྔ་ཡི་དབྱེ་བ་ལྟ་བུ་སྐོང་བཤགས་ཀྱི་སྐོར་འདི་ཤིན་ཏུ་རྒྱས་ཤིང་། འདིའི་སྐབས་སུ་རང་གཞུང་གི་སྐབས་ལྟར་དུ་བྱས་ན་ཕྱི་ཐུན་མོང་མཆོད་རྫས་ཀྱི་སྐོང་བ་ཡོན་ཆབ། མེ་ཏོག བདུག་སྤོས། སྣང་གསལ་མར་མེ་ལ་སོགས་པ་དང་། ནང་ཐུན་མིན་རྫས་ཀྱི་སྐོང་བ་སྨན་དང་། རཀྟ། གཏོར་མའི་མཆོད་པ། གསང་བ་ཁྱད་པར་བླ་མེད་ཚོགས་ཀྱི་སྐོང་བ་ཕུད། བཤགས། བསྒྲལ་གསུམ་ཞི་ཁྲོའི་ལྷ་ཚོགས་ཀྱི་མདངས་སྐོང་དང་བཅས་པ། དེ་ཁོ་ཉིད་དོན་དམ་བྱང་ཆུབ་སེམས་ཀྱི་སྐོང་བ་ལ་མཚོན་ན་དངོས་པོ་ཆོས་ཉིད་ཡངས་པའི་ཀློང་དུ་བསྐང་བ། སྣང་བ་ཡེ་ཤེས་ཆེན་པོའི་ཀློང་དུ་བསྐང་བ་སོགས་འདོན་ཆའི་ནང་དུ་བུད་ཡོད་པ་ལྟར་དང་། དངོས་འཛིན་མཚན་མ་ཅན་གྱི་མཆོད་པ་ལས་འདས་སོང་བའི་གཉིས་མེད་རོལ་བ་ཆེན་པོས་མཆོད་པར་བྱ་བ་བསྐང་བྱ་སྐོང་བྱེད་ཀྱི་འཛིན་པ་བྲལ་བའི་སྐྱེ་མེད་ཀྱི་སྐོང་བས་བསྐངས་ནས་ཤེས་རབ་རྨད་དུ་བྱུང་བས་རླུང་སེམས་དབུ་མར་འཆང་བའི་མན་ངག་ཟབ་མོ་དེ་ཚོས་གཟུང་འཛིན་དང་བྲལ་བའི་མི་རྟོག་ཡེ་ཤེས་བདེ་བ་ཆེན་པོ་རང་ཤར་བ་བདག་དོན་ལྷུན་གྲུབ་སྦྱོར་བའི་མཆོད་པ་དང་། གཞན་དོན་ལྷུན་གྲུབ་སྒྲོལ་བའི་མཆོད་པ་རྟོགས་པས་བདག་བསྒྲལ། ཐུགས་རྗེས་གཞན་བསྒྲལ་བའི་ཡེ་སྦྱོར་ཡེ་སྒྲོལ་ཆེན་པོའི་ཟུང་འཇུག་གཉིས་མེད་ཀྱི་མཆོད་པར་འགྱུར་འགྲོ་བ་ཡིན་ནོ། །དེ་ཡང་ཇི་ལྟར་ཡིན་ན་ལྟ་བ་དག་མཉམ་ཆེན་པོ་སྣང་སྲིད་གཞིར་བཞེངས་ཀྱི་བསྐྱེད་རིམ་དང་། རྩོལ་བྲལ་མཚན་མ་མེད་པའི་རྫོགས་རིམ་ལས་རླུང་དབུ་མར་སྟོངས་ནས་དག་པའི་ཡེ་ཤེས་མངོན་དུ་འཆར་བ་ཐབས་ཤེས་དབྱེར་མེད་ཀྱི་ལྟ་སྒོམ་སྤྱོད་གསུམ་འབྲེལ་བའི་བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་ལམ་དེ་ནས་འབྲས་བུ་རང་གནས་ཀྱི་ཡེ་ཤེས་མངོན་དུ་བྱེད་པ་ཡིན་ནོ། །དེས་ན་སྔགས་བླ་མེད་ཀྱི་ཁྱད་པར་ཅན་གྱི་ལམ་འདི་ངོ་བོའི་ཆ་ནས་བསྐྱེད་རྫོགས་གཉིས་ཀ་ལ་བཤད་ན་ཡང་ཉམས་སུ་ལེན་ཚུལ་གྱི་ཐོག་ནས་ཐབས་གྲོལ་གཉིས་ལ་འདུས། བསྐྱེད་རིམ་འདི་ཚོ་སྲིད་པ་རིམ་པར་སྨིན་ཚུལ་དང་བསྟུན་ནས་སྟོང་པ་ཆེན་པོ། སྙིང་རྗེ་སྒྱུ་མ། ཕྱག་རྒྱ་གཅིག་པ། ཕྱག་རྒྱ་སྤྲོས་བཅས། ཚོམ་བུ་ཚོགས་སྒྲུབ་ཀྱི་རིམ་པ་ལ་དག་རྫོགས་སྨིན་གསུམ་སྦྱོར་རྒྱུ་དང་། རྫོགས་རིམ་ལ་རྩ་རླུང་ཐིག་ལེ་ལམ་དུ་བསླངས་ནས་ཀུན་རྟོག་བཞོན་པ་དང་བཅས་པ་བདེ་སྟོང་དྷུ་ཏིའི་དབྱིངས་སུ་ཐིམ་པ་དང་ཆབས་ཅིག་ཁམས་དང་རྩ་ཡི་འགྲོས་དག་ནས་འཁོར་ལོ་བཞིའི་རླུང་སེམས་ལས་སུ་རུང་ཞིང་། དབུ་མའི་རྩ་འདབ་གྲོལ་དུས་དགའ་བཞིའི་འགྲོས་ཀྱི་ཡེ་ཤེས་ཀྱི་སྣང་བ་རིམ་པ་བཞིན་དུ་མཆེད་ནས་འཕོ་བའི་བག་ཆགས་ཐམས་ཅད་ལོག་སོང་བའི་བདེ་ཆེན་རྡོ་རྗེའི་སྐུ་འགྲུབ་པ་དེ་ལྟར་ཡིན་ནོ། །དེ་ལམ་འདི་དང་བསྟུན་ན་ཡེ་ནས་དག་མཉམ་ཆེན་པོ་ཡིན་པ་དེ་ཉིད་རིམ་གཉིས་ལམ་གྱིས་དྲི་མ་བསལ་སྟོབས་ཀྱིས་དག་པ་མངོན་དུ་གྱུར་ཅེས་པ་དེ་ཡིན་ཞིང་། དེས་ན་ཉམས་ལེན་གྱི་ཐོག་ནས་ཐབས་གྲོལ་གྱི་ལམ་གཉིས་བསྟན་པ་འདི་ཐབས་ཤེས་ཀྱི་བྱེད་པ་གཙོ་ཆེ་ཆུང་གི་སྒོ་ནས་ཐབས་གྲོལ་གྱི་ལམ་ཞེས་ཁ་ཁར་བཞག་པ་ཡིན་མ་གཏོགས་གཅིག་གི་ནང་ན་གཅིག་གི་དོན་མི་ཚང་བ་དེ་ལྟར་མ་ཡིན་ལ། གཅིག་ལ་གཅིག་མི་འདུ་བ་ཡང་མ་ཡིན་པ་དང་། གནས་ལུགས་མ་སྐྱེས་པའི་དོན་མཐོང་བ་ལ་གཅིག་པ་ཡིན་ནོ། །སྐབས་དོན་འུ་ཚོས་སྐོང་བའི་ཐད་ནས་སྐད་ཆ་འཕྲོས་པ་ཡིན་ཞིང་། སྤྱིར་ན་འགྱོད་ཚངས་བཤགས་པའི་རིམ་པ་དང་། ཐུགས་དམ་སྐོང་བའི་རིམ་པ་གཉིས་ཀྱིས་ཞི་ཁྲོའི་ཆོས་ཚན་འདིའི་ཆ་ཤས་མང་ཆེ་ས་བཟུང་ཡོད་ལ། འགྱོད་ཚངས་བཤགས་པའི་རིམ་པ་ལ་མཚོན་ན་ལུས་ཀྱི་སྒོ་ནས་མོས་གུས་ཕྱག་གི་བཤགས་པ་བརྒྱ་ཕྱག་སྡིག་སྒྲིབ་རང་གྲོལ་ལྟ་བུ། ངག་གི་སྒོ་ནས་བྱིན་རླབས་སྔགས་ཀྱི་བཤགས་པ་དེ་ཡེ་ཤེས་སྐུ་མཆོག་མ་ལྟ་བུ། ཡིད་ཀྱི་སྒོ་ནས་རྟོག་ཚོགས་ལྟ་བའི་བཤགས་པ་དེ་ལྟ་བའི་ཀློང་བཤགས་ལྟ་བུ། སྒོ་གསུམ་ཐུན་མོང་གི་སྒོ་ནས་སྨེ་ངག་འགྱོད་ཚིག་གི་བཤགས་པ་རུ་ཏྲའི་སྨེ་བཤགས་ལྟ་བུ་དང་། ཀློང་བཤགས་བརྗོད་པ་རང་གྲོལ་རྣམས་ལྟ་བུ་ཡིན་ནོ། །ཐུགས་དམ་སྐོང་བའི་རིམ་པ་ལ་མཚོན་ན་གོང་ནས་བཤད་མ་ཐག་པ་ལྟར་དུ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་སྐོང་བའི་རྣམ་བཤད་རྒྱུད་དོན་དང་འབྲེལ་ན་ཤིན་ཏུ་ནས་ཀྱང་མང་ལ། ཡིན་ན་ཡང་ད་རེས་བསྐྱུར་རྒྱུ་བྱེད་དགོས་ཤིང་། གནས་འདྲེན་གྱི་གོ་དོན་རེ་ཡང་བཤད་རྒྱུ་ཡོད་ཅིང་། དབང་བསྐུར་གནས་སྐབས་ཀྱི་རིམ་པ་དེ་བས་ཀྱང་གནད་ཆེ་བ་ཡིན་པ་དང་། དབང་བསྐུར་རྒྱུ་དང་། བྱང་ཁྲུས་དང་། གནས་ལུང་སྤར་ཆོག་གི་རིམ་པ་དེ་གནད་ཆེན་ཡིན་ཡང་ཐེངས་འདིར་སྐབས་ཐོབ་མིན་རྒྱུ་མི་བྱེད་པར་དུས་ཚོད་ཀྱིས་འདང་མི་འདུག ཆོས་ཁྲིད་ཏག་ཏག་བཤད་ན་བསྙེན་སྒྲུབ་ཀྱི་མིང་མེད་པ་ཞིག་འགྱུར་འགྲོ་འདུག ངོ་མས་བབས་དང་བསྟུན་ན་དང་པོ་སྨིན་བྱེད་ཀྱི་དབང་དེ་བསྐུར། དེ་ནས་གྲོལ་བྱེད་ཀྱི་ཁྲིད་དང་འབྲེལ་བ་འདིའི་རྒྱུད་དོན་གྱི་རྣམ་བཤད་ཆོས་ཁྲིད་དེ་བཏོན། དེའི་རྗེས་སུ་བསྙེན་སྒྲུབ་ཀྱི་རིམ་པ་ལ་ཞུགས་དགོས་པ་དེ་ལྟ་བུ་ཞིག་ཡིན་ཡང་། བླ་མ་ཁོམ་དུས་སློབ་མ་མི་ཁོམ། སློབ་མ་ཁོམ་དུས་བླ་མ་མི་ཁོམ། ཨ་ལ་རྩེད་མོ་སྟེ་དགོན་པའི་རྒྱུན་སྲོལ་གྱི་སྒྲུབ་ཆེན་དེ་ཚོ་གནད་ཆེན་ངོ་མ་ཡིན་ཞིང་། སྒྲུབ་པ་པོའི་མཆོག་ཐུན་གྱི་དངོས་གྲུབ་འགྲུབ་པར་མ་ཟད་རྒྱལ་ཁམས་སྤྱིའི་རིམ་གྲོ་ལའང་ཇི་ལྟ་བུ་ཞིག་མི་བཟང་སྟེ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་ཕུར་སྒྲུབ་ཆེན་མོ་གར་འཆམ་དང་བཅས་པ་བཙུགས་ནས་མཐའ་དམག་ལན་གཅིག་བཟློག་སོང་བའི་ལོ་རྒྱུས་ཡོད་པ་ལྟར་ཡིན་ནོ། །ད་རེས་འཚོག་རན་ལ་ཉེ་བའི་བཀའ་གཏེར་གྱི་སྒྲུབ་མཆོད་ཆེན་མོ་ལྟ་བུ་ལ་མཚོན་ན་སྔར་ཡིན་ན་གཏེར་སྒྲུབ་དང་བཅས་པ་བརྩིས་ན་བཀའ་གཏེར་གྱི་མཆོད་ཁག་བཞི་བཅུ་ཐམ་པ་དབུ་མཆོད་བརྒྱད་ཅུ་དགོས་པའི་རྒྱུ་མཚན་དེ་ཡིས་ཡིན་པ་ལྟ་བུ་དེ་ཚོ་སྔ་འགྱུར་བའི་སྤྱིའི་བསྟན་པའི་ནང་བཅུད་ཡིན་ལ། འུ་ཚོས་ད་རེས་ཕྱོགས་གཅིག་ནས་བསྙེན་སྒྲུབ་ཀྱི་སྐོར་གྱི་གོ་དོན་གྱི་ཐད་ཀྱི་སྐྱོར་སྦྱོང་རེ་བྱེད་ཞོར་ཕྱོགས་གཅིག་ནས་ཐུན་བཞི་མི་ཆགས་རྒྱུ་དུས་ཚོད་བྲེལ་འཚུབ་ཅན་ལྟ་བུ་ཡིན་ཡང་བཟང་ཤོས་རྣམས་ཀྱིས་ནི་ཇི་ལྟར་བྱས་ཀྱང་བསྐྱེད་རྫོགས་ཀྱི་གདེང་རེ་རྙེད་འགྲོ་བ་དང་། ལས་དང་པོ་པ་གྲྭ་གཞོན་བྱིས་པའི་ཆ་བྱད་ད་རུང་མ་བཏང་བ་ཚོས་ཁྱིམ་ནས་བུད་དེ་རབ་ཏུ་བྱུང་། དམ་པའི་ཆོས་སྒོར་ཞུགས་པ་རྣམས་ཀྱིས་ཐུན་བཞིའི་ཉམས་ལེན་གྱི་རྣལ་འབྱོར་ནི་འདི་འདྲས་འབད་དགོས་འདུག་བསམ་པའི་ཕྱོགས་སྟོན་ཞིག་རྙེད་འགྲོ་རྒྱུ་རེད་སྙམ། འདས་མ་ཐག་པའི་ན་ནིང་གི་དགུན་ཁ་ལ་འབྲུག་ཆེན་རིན་པོ་ཆེས་དབུ་འདྲེན་འོག་ནས་རྫོགས་ཆེན་དགོན་པའི་གྲྭ་གཞོན་མང་པོ་ཞིག་གིས་ཐུན་མཉམ་དུ་བསྡམས་ནས་སྔོན་འགྲོ་འབུམ་ལྔའི་བསགས་སྦྱངས་མཛད་རབས་གོ་བྱུང་། དེ་ཚོ་བསྟན་པའི་མིག་རྒྱན་ཡིན་ལ། རྗེས་སུ་ཡི་རང་ཞུ་བཞིན་ཡོད། འབུམ་ལྔ་བླ་མའི་རྣལ་འབྱོར་དང་བཅས་པ་ཆ་ཚང་སོག་ཡོད་མེད་ལ་མ་ལྟོས་པར་དེའི་ནང་ལ་ཞུགས་ཚད་པོ་ད་ལོའི་ཡེ་ཤེས་བླ་མའི་ཁྲིད་གསན་འདོད་ན་དེའི་ནང་ཞུགས་ཆོག་རྒྱུ་རེད་སྙམ་གྱིན་ཡོད། དེ་འདྲ་ཡིན་དུས་འདིའི་དགོས་འབྲེལ་གནད་ཆེན་སྐོང་བ་ལ་མཚོན་ན་སྨན་རཀ་གཏོར་གསུམ་མར་མེ་ལ་སོགས་པའི་སྐོང་བ་ལ་བཤད་པ་མང་ཡང་དེ་ཁོ་ན་ཉིད་ཀྱི་སྐོང་བཤགས་ཕྱི་ཀུན་རྫོབ་སྒྱུ་མ་ལྟ་བུའི་ལྷའི་རྣམ་རོལ་ལས་ལུས་ཀྱི་ཕྱག་རྒྱ་གར་སྟབས་དང་། ནང་རིག་པ་སྐྱེ་འགག་གནས་གསུམ་དང་བྲལ་བ་སྤྲོས་བྲལ་བདེ་བ་ཆེན་པོའི་ངང་ལ་མ་བཅོས་པར་གཞག་རྒྱུ། གསང་བ་གྲག་སྟོང་སྐྱེ་མེད་ཀྱི་གདངས་ལས་ཀུན་རྫོབ་ཀྱི་གཞོམ་བྱ་ཐམས་ཅད་འཁོར་གསུམ་ཡོངས་དག་ཆེན་པོའི་ཀློང་དུ་སྐོང་ཞིང་བཤགས་པ་དེ་ཚོ་རྩ་བ་ཡིན་ནོ། །དེའི་རྗེས་ནས་ཚོགས་རྫས་འབྲིམ་རན་སོང་བ་ཡིན་ལ། ལས་ཀྱི་རྡོ་རྗེས་སློབ་དཔོན་ལ་གུས་ཕྱག་འཚལ་ཏེ་ཞུ་ལེན་མཐོང་བ་བརྒྱུད་པའི་ཕྱག་ལེན་ལྟར་བྱས་ནས་ཐབས་ཤེས་ཀྱི་རྫས་རྣམས་རིམ་གྱིས་ཡར་འབུལ། དེ་ནས་འདུས་པ་རྣམས་ལ་རིམ་གྱིས་བྲིམས་ཏེ་རོལ་བའི་སྐབས་སུ་བཟའ་བཏུང་ཐམས་ཅད་དཀྱིལ་འཁོར་གསུམ་ལྡན་གྱི་ངང་ནས་དང་དུ་ལེན་དགོས། གུ་རུ་རིན་པོ་ཆེས། བསྐྱེད་རྫོགས་དང་བྲལ་བཟའ་བ་ཟ་བ་རྣམས། །ཁྱི་ཕག་ཟས་ལ་སྤྱོད་དང་ཁྱད་མེད་པས། །ཞེས་གསུངས་ལ། ཚོགས་འཁོར་གྱི་སྐབས་མིན་ན་ཡང་བཟའ་བཏུང་གི་རྣལ་འབྱོར་གཞུང་ནས་བཤད་པ་བཞིན་དུ་དག་དྲན་ཐུབ་ན་ཚོགས་བསགས་ཞོར་དུ་འབྱུང་བ་ཡིན་ནོ། །བཟའ་བཏུང་ཐམས་ཅད་ཚོགས་འཁོར་གྱི་ཚུལ་དུ་མཆོད་ཅིག་ཅེས་འུ་ཚོས་འདོན་པ་དེ་ཁ་ཟེར་མིན་པར་དོན་ཟེར་བྱེད་དགོས་ཤིང་། རབ་ན་དབང་བཞིའི་གོ་དོན་དང་སྦྲགས་ཏེ། བུམ་དབང་གི་བཟའ་བའི་དམ་ཚིག་དང་བསྟུན་ནས་ཤ་ལྔ་བདུད་རྩི་ལྔའི་རང་བཞིན་དུ་ཤེས་རྒྱུ། གསང་དབང་དང་བསྟུན་ནས་བྱང་སེམས་དཀར་དམར་གྱི་རང་བཞིན་དུ་ཤེས་པ། དབང་གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་དང་བསྟུན་ནས་ཐབས་ཤེས་ཟུང་འཇུག་གི་རྣམ་རོལ་དུ་ཤེས་པ། ཚིག་དབང་རིན་པོ་ཆེ་དང་བསྟུན་ནས་སྟོང་གསལ་མཁའ་ཁྱབ་འདུས་མ་བྱས་པར་ཤེས་པའི་ངང་ནས་དང་དུ་ལེན་པ་དང་། ལས་དང་པོ་པས་དེ་ཙམ་ཞིག་དང་དུ་ལེན་མ་ནུས་ན་ཡང་རང་ལུས་ཕུང་ཁམས་སྐྱེ་མཆེད་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་གྱི་རྣམ་པ་མ་བསྐྱེད་ཡེ་རྫོགས་ཀྱི་རང་བཞིན་དུ་ཡོད་པ་དེ་ཉིད་ངེས་ཤེས་དང་དག་དྲན་གྱི་ཐོག་ནས་ནང་གི་སྦྱིན་སྲེག་མན་ངག་གི་ལུགས་སྒྲ་ཇི་བཞིན་པ་དང་དུ་ལེན་རྒྱུ་དེ་ལྟར་དགོས་སོ། །དེ་ཡང་མ་ནུས་ན་ཕུང་ཁམས་སྐྱེ་མཆེད་གདོད་ནས་ལྷ་ཡི་རང་བཞིན་ཡིན་པ་དེ་དག་ལ་མཆོད་པ་འབུལ་བའི་བསམ་པ་ཡིས་ཐ་མལ་གྱི་སྣང་ཞེན་སྦྱངས་ནས་ཟོས་ན་རང་ཉིད་ལ་ཁ་ཟས་ཀྱི་བུ་ལོན་མི་འགྱུར། གཞན་དག་ལ་བསོད་ནམས་ཁྱད་པར་ཅན་ཐོབ་པའི་དགོས་པ་ཡོད་པ་དེ་ལྟར་ཡིན་ཞིང་། །ཅི་ཡང་མིན་ན་ལོག་འཚོའི་ཟས་ཀྱི་འཇིགས་པ་ལས་གྲོལ་བའི་དགོས་པ་དང་ལྡན་ནོ།།

༼ཇ བདུན་པ་ལྷག་མ་བསྔོ་བ།

ད་ནི་ཚོགས་ལས་ཀྱི་ལེའུ་བདུན་གྱི་ནང་ནས་བདུན་པ་ལྷག་མའི་གཏོར་མ་འབུལ་བ་ནི།

ལྷག་མ་བསྔོ་བ་ནི༔

ཨོཾ་ཨཱཿཧཱུྃ༔ ལྷག་ལ་དབང་བ་དྲེགས་པའི་ཚོགས༔

སྤྲིན་ལྟར་གཏིབས་ཤིང་ཧབ་ཤ་རྒྱུག༔

ཤ་ཁྲག་བརྒྱན་པའི་ཚོགས་ལྷག་བཞེས༔

སྔོན་གྱི་དམ་བཅས་ཇི་བཞིན་དུ༔

བསྟན་དགྲ་དམ་ཉམས་ཟས་སུ་ཟོ༔

རྟགས་དང་མཚན་མ་མྱུར་དུ་སྟོན༔

སྒྲུབ་པའི་བར་ཆད་བཟློག་པ་དང་༔

ཕྲིན་ལས་ཐོགས་མེད་འགྲུབ་པར་མཛོད༔

ཅེས་གསུངས་ཏེ། ཨོཾ་ཨཱཿཧཱུྃ་གསང་བ་གསུམ་གྱི་ངོ་བོ་ཡིན་པ་གཞི་བཞག་ལ། ལྷག་གཏོར་ཡེ་ཤེས་ཀྱི་བདུད་རྩིར་སྦྱོང་སྤེལ་སྒྱུར་བའི་ནུས་པ་ཅན་གྱི་ཡི་གེ་གསུམ་གྱིས་མགོ་དྲངས་ནས། ལྷག་ལ་དབང་བ་དཀྱིལ་འཁོར་ཆེན་པོའི་མུ་རན་ལ་གནས་པའི་བཀའ་ཡི་ཕོ་ཉ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད། མཁའ་འགྲོ་སོ་གཉིས། མ་བདུན་སྲིང་བཞི། ཕོ་ཉ་སུམ་བརྒྱ་དྲུག་ཅུ་ལ་སོགས་པ་བཀའ་སྡོད་དྲེགས་པའི་ཚོགས་དང་བཅས་པ་ཡིན་ཞིང་། འདི་ནས་དྲེགས་པའི་ཚོགས་ཞེས་པ་བྱེ་བྲག་གི་མིང་སྤྱི་ལ་འཇུག་པའི་སྐབས་ཡིན་ནོ། །དེ་ལྟ་བུའི་ལས་མཁན་ཕོ་ཉའི་ཚོགས་མང་བ་སྤྲིན་ལྟར་གཏིབས་པ། མྱུར་བ་གློག་ལས་མགྱོགས་པ། དགྲ་བོའི་ཤ་ཁྲག་བླ་ཚེ་ལ་ཧབ་ཐོབ་ཀྱིས་ཤ་ལ་འཚངས་ཤིང་རྒྱུག་འབྲལ་བྱེད་པའི་ལས་བྱེད་གིང་དང་ཕོ་ཉས་དམ་ཉམས་དགྲ་བོའི་ཤ་ཁྲག་གིས་བརྒྱན་པའི་གཏོར་མ་འདི་བཞེས་ཏེ། སྔོན་ཁྲག་འཐུང་དཔལ་ཆེན་ཧེ་རུ་ཀའི་མདུན་ནས་ཇི་ལྟར་ཁས་བླངས་དམ་བཅས་པ་བཞིན་དུ་བསྟན་ལ་གནོད་པ་ཅན་དམ་ཚིག་ཉམས་པ་སྐལ་མེད་ལོག་ལྟ་ཅན་དེ་དག་སྙིང་རྗེས་སྒྲོལ་བའི་དམ་ཚིག་དང་དུ་ལོངས་ལ་ཤ་ཁྲག་རྔམ་ཟས་སུ་ཟོ་ཞེས་དང་། བསད་རྟགས་དོན་སྙིང་ཁྱེར་ལ་ཤོག་གསུངས་པ་ལྟར་དུ་དགྲ་བགེགས་ཚར་བཅད་པའི་དཔའ་རྟགས་དང་མཚན་མ་མྱུར་དུ་སྟོན། ཕྱིའི་དགྲ་བགེགས་བསྒྲལ་བ་དང་། ནང་གི་བར་ཆད་བཟློག་པ་གང་བཅོལ་ལས་བཞིའི་ཕྲིན་ལས་ཐོགས་ཤིང་འགོར་འགྱངས་མེད་པར་མྱུར་དུ་འགྲུབ་པར་མཛོད་ཅེས་གསུངས་པ་ཡིན་ནོ། །ཨུ་ཙིཥྚ་བྷ་ལིང་ཏ་ཞེས་ཨུ་ཙིཥྚ་ལྷག་མ། བྷ་ལིང་ཏ་གཏོར་མ། ཁཱ་ཧི༔བཞེས་ཤིག་ཡིན་ལ། ལས་ཀྱི་རྡོ་རྗེས་དེའི་སྐབས་སུ་མཁའ་ལྡིང་གི་རྒྱ་དང་བཅས་ཏེ། ཕྱིར་ནུད་ཀྱི་འགྲོས་དང་བཅས་པས་ལྷག་གཏོར་དེ་སྒྲུབ་ཁང་གི་ཕྱི་རོལ་དུ་སྲིན་མོའི་ཟ་ལམ་ཆེན་མོའི་ནང་དུ་བསྐྱལ་དགོས་སོ།།

༼ཁ༽ གཉིས་པ་སྲུང་མ་ལས་ལ་བསྐུལ་བ།

རྗེས་ཀྱི་ལེའུ་གཉིས་པ་སྲུང་མ་ལས་ལ་བསྐུལ་བ་ནི༔

ཧཱུྃ་བྷྱོ༔ བཀའ་དང་དམ་ཚིག་གཞལ་ཡས་སུ༔

མཁའ་འགྲོ་ཆོས་སྐྱོང་བཀའ་སྲུང་རྣམས༔

ལ་ལས་བསྟན་པའི་གཞི་འཛིན་མཛད༔

ལ་ལས་བཀའ་ཡི་བྱ་ར་མཛད༔

ལ་ལས་ཆོས་མཛད་སྲུང་མ་མཛད༔

ལ་ལས་གཙུག་ལག་དཀོར་ཁང་བསྲུང་༔

ལ་ལས་ཡུལ་དགོན་དབེན་གནས་བསྲུང་༔

ལ་ལས་དམ་ཚིག་ལས་རྗེས་གཅོད༔

ལ་ལས་སྒྲུབ་པའི་སྡོང་གྲོགས་མཛད༔

ལ་ལ་སྟོང་གསུམ་ཁྱབ་པར་རྒྱུག༔

ལ་ལ་བསམ་གཏན་ངང་ལ་གནས༔

ལ་ལས་སྐྱེ་འགྲོའི་བླ་ཚེ་རྐུ༔

ལ་ལ་སྲོག་གཅོད་སྲིན་པོའི་རིགས༔

ལ་ལ་གཙང་སྦྲ་བྲམ་ཟེའི་རིགས༔

ལ་ལ་རིམས་དང་ནད་ཀྱི་བདག༔

ལ་ལ་ལྟས་ངན་ཆོ་འཕྲུལ་བདག༔

སྤྲུལ་པ་ཡང་སྤྲུལ་བསམ་མི་ཁྱབ༔

འཁོར་དང་ལས་བྱེད་བྱེ་བ་འབུམ༔

ཀུན་ཀྱང་ཞི་ཁྲོའི་ཆོ་འཕྲུལ་ཏེ༔

རིག་རྩལ་རོལ་པ་ཐོགས་མེད་འཕྲོ༔

བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔

ཅེས་གསུངས་ཏེ། ཐོག་མའི་མགོ་ལེན་གྱི་ཧཱུྃ་དེ་དཔལ་གྱི་ཐུགས་སྲོག་གིས་མགོ་འདྲེན་བྱས་ནས་ཕོ་རྒྱུད་ལས་ལ་སྐུལ་བའི་སྐད་བརྡ་དང་། དེའི་མཚམས་སུ་བྷྱོ་ཞིག་ཡོད་པ་དེ་འཇིགས་བྱེད་མ་མོའི་སྲོག་སྔགས་མོ་རྒྱུད་སྟོང་ཁམས་ཉུལ་བའི་ར་མདའ་སྦྲོན་པའི་སྔགས་ཀྱིས་བསྐུལ་ནས་སྲུང་མ་ལས་ལ་འགྱེད་པ་ཡིན་ལ། འདིའི་བཀའ་ཉན་གྱི་གིང་དང་། བཙན་བདུད་དང་། གནོད་སྦྱིན་གཟའ་དང་། སྲིན་པོ་ཀླུ་ལ་སོགས་པའི་སྐྱེ་རྒྱུད་དང་། གསོལ་ན་ཇི་ལྟར་གསོལ་དགོས། བསྟེན་ན་ཇི་ལྟར་བསྟེན་དགོས། སྒྲུབ་ན་ཇི་ལྟར་སྒྲུབ་དགོས་པ་ལ་སོགས་པ་དང་། མོ་རྒྱུད་མ་མོ་དབང་དུ་མ་འདུས་ན་འཁུ་ལྡོག་མང་ཞིང་ལས་ལ་གཡེལ་རྒྱུ་ལ་སོགས་པ་ཁུངས་རྒྱུ་མཚན་གྱི་བཤད་པ་མང་ངོ་། །སྲིད་པ་མ་མོའི་དཀྱིལ་འཁོར་ལ་མཚོན་ན་དབྱིངས་ཀྱི་ཡུམ་དྲུག རང་བཞིན་གྱི་རྣལ་འབྱོར་མ་བཅུ་བཞི། སྨན་མོ་ལྔ་བཅུ་རྩ་བརྒྱད་ལ་སོགས་པ་ལས་དང་ཡེ་ཤེས་ཀྱི་མཁའ་འགྲོ་འབུམ་སྡེ་བསམ་ཡས་གྲངས་ལས་འདས་པ་ཡོད་ཅིང་། དེ་ཐམས་ཅད་ཕ་མ་སྡེ་དང་ཁྱོ་རིགས་ལ་སོགས་པ་ངོ་མཚར་ཅན་གྱི་གཏམ་རྒྱུད་དང་འབྲེལ་བ། དེ་རྣམས་དབྱིངས་ཀྱི་ཡུམ་དྲུག་ལ་སོགས་པ་དེ་ཐམས་ཅད་ཆོས་ཀྱི་དབྱིངས་ལས་སྤྲུལ་ཞིང་རྣམ་རྟོག་གི་དབང་གིས་སྣང་བ་ཡིན་པའི་ལོ་རྒྱུས་མང་པོ་བཤད་རྒྱུ་ཡོད་ཀྱང་ད་རེས་ཡིན་ན་མིན་ན་འཕྲོས་དོན་དེ་མང་མི་ཉན་ཞིང་། སྤྱིར་ན་ཆོས་ཁྲིད་ཡུན་རིང་མི་ཉན་ལ། བཤད་པ་ཉོག་ན་མི་ཡག་མོད། དེ་བསམ་ཞོར་དུ་དུས་ཚོད་ཡུན་རིང་བ་རེ་འུ་ཚོས་ཤོར་འགྲོ་འདུག མདོར་ན་ཞི་ཁྲོའི་དཀྱིལ་འཁོར་ཆེན་པོའི་བཀའ་དང་དམ་ཚིག་ལ་གནས་པའི་མཁའ་འགྲོ་ཆོས་སྐྱོང་སྲུང་མས་བསྡུས་པའི་རིག་འཛིན་ནང་གི་དགེ་འདུན་ཡིན་པ་དང་། རྣམ་བཞིའི་ཕྲིན་ལས་རབ་འབྱམས་གང་ལ་གང་འོས་ཀྱི་མཛད་པ་ཅན་སྡེ་བརྒྱད་ལྷ་དང་མི་སྲུན་གྱི་གཟུགས་སྣ་ཚོགས་སྟོན་ཅིང་ལས་སྣ་ཚོགས་བྱེད་པ་པོ་ཐམས་ཅད་དཔལ་ཆེན་ཁྲོ་བོའི་རྒྱལ་པོ་ཆེ་མཆོག་ཀུན་ཏུ་བཟང་པོ་ཧེ་རུ་ཀའི་ཐུགས་ཆོས་དབྱིངས་ཆེན་པོ་གཅིག་གི་ཁོངས་སུ་འདུ་ལ། སྤྲོ་བསྡུའི་བྱེད་པོ་དཀྱིལ་འཁོར་གྱི་གཙོ་བོ་གཅིག་པའི་ཞི་ཁྲོ་རོལ་བའི་ཆོ་འཕྲུལ་ལས་བྱུང་བའི་བཀའ་སྡོད་ཕོ་ཉ་དང་བཅས་པ་ལས་ལ་རེམས་ཤིང་གང་བཅོལ་བའི་ཕྲིན་ལས་ཐོགས་མེད་མྱུར་དུ་སྒྲུབས་ཤིག་ཅེས་གསུངས་པའོ། །ཅེས་པས་བསྐུལ་ཞིང་ཕྲིན་ལས་བཅོལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ཞེས་གསུངས་ཏེ། ལེའུ་གཅིག་གི་ཆོས་ཚན་ལ་གཏེར་རྟགས་ཀྱི་རྒྱ་རིམ་པ་དྲུག་གིས་གཏད་པའོ།།

༼ག༽ གསུམ་པ་བཀའ་ཡི་ཆད་མདོ།

གསུམ་པ་བཀའ་ཡི་ཆད་མདོ་ནི༔ཞེས་ཆད་མདོ་དང་ཆད་ཐོ་གཉིས་དོན་གཅིག་ཡིན་ལ། སྔོན་ཆད་ཁས་བླངས་པའི་ཆད་དེ་འུ་ཚོའི་ཁ་ཆད་ཀྱི་ཆད་དང་གཅིག་ཡིན་ཞིང་། མདོ་ཞེས་པ་ཁ་ཆད་བྱས་པ་དེ་ཉིད་ལས་དང་བྱ་བ་དུས་ཚོད་ལ་སོགས་པའི་མཚམས་ཚིག་ཡོད་པ་ཡིན་པས། དེའི་བཤད་པ་གཏམ་མཚམས་ཀྱི་མདོ་དོན་ནམ་མདོ་བྱང་ངམ་ཐོ་བྱང་ཡང་བསྐྱར་ཐ་ཚིག་གི་ཚུལ་དུ་བསྒྲགས་ནས་ཁས་བླངས་དམ་བཅའ་དེ་མི་ཉམས་པའི་དྲན་སྐུལ་དང་། དེ་དང་མཉམ་དུ་གཏོར་མ་མཐུན་རྫས་སུ་འབུལ་བ་དེ་ཆད་མདོ་ཡིན་ནོ།།

ཧཱུྃ༔ སྔོན་ཚེ་འདས་དུས་བསྐལ་བའི་དང་པོ་ལ༔

བཅོམ་ལྡན་ཁྲག་འཐུང་ཆེ་མཆོག་ཧེ་རུ་ཀས༔

དྲེགས་པ་རཱུ་ཏྲའི་སྡེ་དཔུང་བཏུལ་བའི་ཚེ༔

ཀཽའུ་རཱི་ཕྲ་མེན་དབང་ཕྱུག་ཉེར་བརྒྱད་དང་༔

སྲུང་མ་དམ་ཅན་རྒྱ་མཚོ་ཐམས་ཅད་ཀྱིས༔

ཅི་ལྟར་ཁས་བླངས་དམ་བཅས་ཇི་བཞིན་དུ༔

གཏོར་མ་འདི་བཞེས་བདག་གི་སྡོང་གྲོགས་མཛོད༔

ཅེས་གསུངས་ཏེ། ཧཱུྃ་ཞེས་ཡང་དཔལ་ཆེན་ཁྲག་འཐུང་ཆེན་པོའི་ཐུགས་སྲོག་གི་ཡི་གེས་ཆེ་བཙན་གྱིས་བརྗིད་པར་བྱས་ནས། བཅོམ་ལྡན་ཁྲག་འཐུང་ཧེ་རུ་ཀས་དྲེགས་པ་རཱུ་ཏྲའི་སྡེ་དཔུང་འདུལ་དུས་ཞེས་གླེང་གཞི་ཞིག་བཞག་པར་མཛད་དེ། རྒྱུད་ཀྱི་ནང་ན་གདུལ་བྱ་ལས་ཀྱི་ཁྲོ་བོའི་བྱུང་ཚུལ་དང་། འདུལ་བྱེད་ཡེ་ཤེས་ཀྱི་ཁྲོ་བོས་བཏུལ་ཚུལ་གཉིས་ཀྱིས་གསུངས་ཡོད་དོ། །གདུལ་བྱ་ལས་ཀྱི་རཱུ་ཏྲ་དེ་རྒྱུ་གང་གིས་བསྐྱེད་ན་དགེ་སྡིག་གི་ལས་འབྲས་བསླུ་མེད་ཀྱི་རྟེན་འབྲེལ་ལ་རྨོངས་ཏེ་གསང་སྔགས་ཟབ་མོ་སྒྲ་ཇི་ལྟ་བར་སྤྱད་ནས་བྱུང་བ་དེ་ཐར་བ་ནག་པོ་ལྟ་བུ་ཡིན་ལ། རྒྱུ་དེ་བསགས་ནས་འབྲས་བུ་མྱོང་ཚུལ་ལ་རྣམ་སྨིན་གྱི་འབྲས་བུ་ངན་སོང་གསུམ་གྱི་སྡུག་བསྔལ་བསྐལ་ཆེན་མང་པོ་ལ་མྱོང་ཞིང་། རྒྱུ་མཐུན་གྱི་འབྲས་བུ་ལ་ལས་མྱོང་སྟོབས་ཀྱིས་ཟད་སྐབས་སུ་ཡང་རྒྱུ་མཐུན་གྱི་འབྲས་བུ་གཞན་ལ་འཚེ་བ་ཅན་ཞིག་ཏུ་སྐྱེས་ནས་ངོ་བོ་ཡི་དྭགས་ཀྱི་འགྲོ་བས་བསྡུས་ལ། ཆ་ལུགས་སྲིན་པོ་ཆེན་པོ་ཁྲོ་བོའི་ཆས་ཅན་སྟོབས་དང་ལྡན་པ་བསམ་གཏན་བཞི་བའི་གནས་རིས་མན་ཆད་དབང་དུ་སྡུད་མཁན་ཞིག་ཏུ་གྱུར་པ་ཡིན་ནོ། །དེ་འདྲ་སྟོབས་ཆེ་བ་དེ་སྔར་ཁྲོ་བོ་བསྒོམས། དྲག་སྔགས་བཟླས། དེ་ཡང་རང་མཚན་ཅན་དུ་ཞེན་ནས། དངོས་པོ་བཞི་ལ་སྤྱད་པ་དེ་ཉིད་ཀྱིས་རཱུ་ཏྲ་སྟོབས་ཆེན་དེ་ལྟ་བུ་ཞིག་གི་སྐྱེ་བ་བླངས་པ་དེ་ཉིད་གཞན་གྱིས་འདུལ་ཐབས་མེད་ནས་དཔལ་ཆེན་ཧེ་རུ་ཀས་བཏུལ་བ་ཡིན་ནོ། །ཕྲིན་ལས་དྲག་པོས་གདུག་པ་ཅན་ཚར་གཅད་ལུགས་དེ་ཡང་ཕོ་རྒྱུད་མངོན་སྤྱོད་དྲག་པོས་བསྒྲལ་བ་དང། མོ་རྒྱུད་སྦྱོར་བ་ཆེན་པོས་རོལ་བ་གཉིས་ཀྱིས་དབང་དུ་བསྡུས་ནས། ཐུགས་རྗེས་རྗེས་སུ་བཟུང་བས་སྟོང་ཁམས་ཐམས་ཅད་མཉམ་དུ་བཏུལ་ལ། དྲེགས་པ་ཅན་གྱིས་འབངས་སུ་ཁས་བླངས་ཏེ། དབང་བསྐུར་ནོད་དུས་བཀའ་དང་དམ་ཚིག་ལས་མི་འདའ་བར་ཁས་བླངས་པ་ཡིན་ནོ། །དེ་ལྟར་ཁས་བླངས་པ་བཞིན་དུ་གཏོར་མ་འདི་བཞེས་ལ་རྣལ་འབྱོར་སྒྲུབ་པ་པོ་བདག་གི་སྡོང་གྲོགས་མཛོད་གསུངས་ནས་ཆད་མདོའི་མདོ་བྱང་བསྒྲགས་པའོ།།

དེ་ནས་དངོས་སུ་གཏོར་མ་འབུལ་བའི་ཚིག་ནི།

ཧཱུྃཿ སྔོན་ཚེ་ཁས་བླངས་དམ་ལས་མ་འདའ་བར༔

ཆད་ཐོའི་དམ་ཅན་སྲུང་མ་ཐམས་ཅད་ཀུན༔

ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ༔

ད་ལྟ་རྣལ་འབྱོར་བདག་གི་སྡོང་གྲོགས་མཛོད༔

ཅེས་གསུངས་ཏེ། གོང་གི་དོན་དང་འདྲ་བའི་ཁས་བླངས་བསྒྲགས་པ་དང་ལྷན་དུ་སྔར་གྱི་སྲིན་མོ་ཆེན་མོ་དང་དྲེགས་པ་ཅན་དེ་ཚོས་ཁམས་གསུམ་འགྲོ་བའི་སྲོག་དབུགས་སྡུད་པར་བྱེད་པ་ཡིན་ཞིང་། བཅོམ་ལྡན་འདས་དཔལ་ཆེན་ཧེ་རུ་ཀས་དཀྱིལ་འཁོར་གཉེན་པོའི་གྲལ་དུ་བཀོད། འགྲོ་བའི་སྲོག་དབུགས་ལ་མི་འཚེ་བར་ཁས་བླངས་པའི་སྐབས་སུ་དམ་ཉམས་དགྲ་བོའི་ཤ་ཁྲག་ཟས་སྐལ་དུ་གཏད་པ་ལྟར་དུ་གཏོར་མ་དམིགས་རྟེན་དུ་བྱས་པའི་ཉམས་པའི་ཤ་ཁྲག་དྲོད་དབུགས་མཐུན་རྫས་ལ་ཕུལ་ནས་ཕྲིན་ལས་བཅོལ་བ་ཡིན་ནོ། །འདིའི་སྔོན་ཚེ་འདས་དུས་ཞེས་པ་ནམ་ཞིག་ནས་ཡིན་སྙམ་དུ་དེ་ལྟར་བསམ་སྲིད་མོད། སྔོན་བསྐལ་བ་ཆེན་པོ་སྟོང་ཕྲག་བཅུ་གཉིས་ལྷག་ཅིག་འདས་པའི་སྔ་རོལ་ཞིག་ལ་སངས་རྒྱས་མི་བསྐྱོད་པའི་བསྟན་པ་བྱུང་དུས་གསང་སྔགས་སྤྱོད་པའི་དགེ་སློང་ཐུབ་དཀའ་གཞོན་ནུ་ཟེར་བ་ཞིག་ཡོད་པ་ལས། ཐར་བ་ནག་པོ་དང་དན་ཕག་གཉིས་ཀ་དཔོན་གཡོག་བྱས་ནས་ཆོས་ཞུས། བར་ཞིག་ནས་ལྟ་བ་མ་མཐུན། ཐར་བས་གསང་སྔགས་སྒྲ་ཇི་བཞིན་པར་སྤྱད་པའི་མཐར་མི་འཚམས་པའི་ལས་མང་པོ་ཞིག་བསགས་ཏེ་ད་ལྟ་གོང་ནས་བཤད་པ་དེ་ཉིད་གསུངས་ཡོད་ཀྱང་། དོན་ངོ་མའི་ཐོག་ནས་བཤད་ན་ཀུན་ཏུ་བཟང་པོའི་ཁྲོ་བོའི་དཀྱིལ་འཁོར་དུ་གནས་པའི་རང་སྣང་ལས་སྣང་བ་ཡིན་དགོས་ཤིང་། རང་བཞིན་གྱི་དཀྱིལ་འཁོར་ཞེས་གསུངས་པ་དེ་རྐྱང་པས་ཀྱང་གོ་ཐུབ་བོ། །དེ་གལ་སྲིད་མིན་རྒྱུ་ཞིག་ཡིན་ན་འཁོར་འདས་གཉིས་ཀ་དཀྱིལ་འཁོར་གཅིག་ལ་རྫོགས་མི་རུང་བ་ཡིན་ལ། སངས་རྒྱས་ཀྱི་རྣམ་པར་འཕྲུལ་བ་འདྲ་མི་འདྲ་སྣ་ཚོགས་སུ་སྣང་བ་དེ་ཡང་གདུལ་བྱའི་དབང་དང་གཞི་ལ་གནས་པའི་དབྱེ་བའི་ཐོག་ནས་སྐུ་དང་ཡེ་ཤེས་ཀྱི་རོལ་བ་ཐ་དད་པར་སྣང་གིན་ཡོད་ཅིང་། དོན་གྱི་ངོ་བོའི་ཐོག་ནས་ཡིན་ན་འཁོར་འདས་གཉིས་སུ་མེད་ལ། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ་ལ་སོགས་པའི་གོ་བ་འཆར་གཞིའི་ངང་ལས་དེ་དང་དེར་སྣང་བ་ནི་ལྷུན་གྱིས་གྲུབ་པའི་ཡེ་ཤེས་འགག་པ་མེད་པས་ཡིན་ནོ། །དེས་ན་སྔོན་ཚེ་འདས་དུས་ཞེས་པ་རྫོགས་ཆེན་སྒོམ་པའི་རྣལ་འབྱོར་པ་ཞིག་གི་ངོ་ཁ་ལ་སྦྱར་ན་བསྐལ་བ་མང་པོ་དཔེར་བརྗོད་བཞག་ནས་གཞི་ཀ་དག་གི་གནས་ལུགས་བསམ་བརྗོད་དཔེ་ཡིས་མཚོན་པ་དང་བྲལ་བའི་ངོ་བོ་དེ་ལས་མ་གཡོས་བཞིན་དུ་རང་བཞིན་གསལ་བའི་རིག་གདངས་ཤར་བའི་སྐབས་སུ་ལྷུན་གྲུབ་ཀྱི་སྣང་བ་ཤར་གྲོལ་དུས་མཉམ་པའི་ཚེ་ན་ཆོས་དབྱིངས་དོན་གྱི་འོག་མིན་ན་ཀུན་ཏུ་བཟང་པོ་ཡེ་སངས་རྒྱས་པ་རང་གི་ངང་དེ་ལས་རང་བྱུང་འོད་ལྔའི་དཀྱིལ་འཁོར་ཞལ་ཕྱེས་ནས་འདུལ་བྱེད་ལོངས་སྐུའི་ཁྲོ་བོའི་དཀྱིལ་འཁོར་བཀོད་དུས་རང་སྣང་རྣམ་པར་དག་པ་དེ་ཉིད་ལས་གདུལ་བྱ་ཁྲོ་བོའི་རང་རྩལ་ཤར་བའི་གོ་བ་དེ་འདྲ་ཞིག་ལེན་དགོས་སོ།།

༼ང༽ བཞི་བ་གཏོར་སྐྱོང་བྱ་བ།

བཞི་བ་གཏོར་སྐྱོང་བྱ་བ་ནི༔ འདི་ནས་བཤལ་ཆུ་བྲན་དགོས་ལ། བརྟན་མའི་གཏོར་མ་ལ་བྲན་ནས་འབྲུ་གསུམ་གྱིས་ཟད་མེད་ལོངས་སྤྱོད་ཀྱི་གཏེར་དུ་སྤེལ་བའི་ཆེད་དུ་ཨོྃ་ཨཱཿཧཱུྃ་བཏགས་ནས།

ཧཱུྃ་བྷྱོཿ ཤར་གྱི་དབང་ཕྱུག་མ་བདུན་གཏོར་མ་ལོངས༔

ཉོན་མོངས་དགྲ་བགེགས་ཞི་བའི་ཕྲིན་ལས་མཛོད༔

ཧཱུྃ་བྷྱོཿ ལྷོ་ཡི་དབང་ཕྱུག་མ་བདུན་གཏོར་མ་ལོངས༔

བསོད་ནམས་ཡེ་ཤེས་རྒྱས་པའི་ཕྲིན་ལས་མཛོད༔

ཧཱུྃ་བྷྱོཿ ནུབ་ཀྱི་དབང་ཕྱུག་མ་བདུན་གཏོར་མ་ལོངས༔

འཁོར་འདས་དབང་དུ་སྡུད་པའི་ཕྲིན་ལས་མཛོད༔

ཧཱུྃ་བྷྱོཿ བྱང་གི་དབང་ཕྱུག་མ་བདུན་གཏོར་མ་ལོངས༔

མ་རིག་སྡིག་སྒྲིབ་ཚར་གཅོད་ཕྲིན་ལས་མཛོད༔

ཧཱུྃ་བྷྱོཿ སློབ་དཔོན་པདྨའི་སྤྱན་སྔར་ཁས་བླངས་པའི༔

བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས་དང་༔

བྲན་གཡོག་འཁོར་བཅས་བཀའ་ཡི་གཏོར་མ་ལོངས༔

མི་མཐུན་བར་ཆད་རྐྱེན་ངན་བཟློག་ཏུ་གསོལ༔

ཉམས་རྟོགས་བསོད་ནམས་འཕེལ་བའི་སྡོང་གྲོགས་མཛོད༔

བཅོལ་པའི་ཕྲིན་ལས་ཁྱོད་ཀྱིས་འགྲུབ་པར་མཛོད༔

ཅེས་གསུངས་ཏེ། སྔོན་ཆད་དཔལ་ཆེན་ཧེ་རུ་ཀས་འཇིག་རྟེན་གྱི་དྲེགས་པ་ཅན་དབང་དུ་བསྡུ་སྐབས་དེ་རྣམས་ཀྱི་འཁོར་དང་། ཆུང་མ་དང་། མ་དང་། ནུ་མོ་ཚོ་ལ་སོ་སོའི་བབས་བསྟུན་གྱི་ལོངས་སྤྱོད་ཀྱི་དབང་གིས་ཕྱུག་པར་མཛད་པ་དེའི་མིང་ལ་དབང་ཕྱུག་མར་བཏགས་ནས། སླས་དང་འཁོར་དུ་བྱིན་གྱིས་བརླབས་ཏེ་ཞི་རྒྱས་དབང་དྲག་གི་ལས་སྒྲུབ་པའི་ཐ་ཚིག་བླངས་པ་ལྟར་གྱི་མཐུན་རྫས་ཀྱི་གཏོར་མ་ལོངས་ལ་ལས་བཞིའི་ཕྲིན་ལས་སྒྲུབས་ཤིག་ཅེས་གསུངས་པའོ། །དབང་ཕྱུག་ཉེར་བརྒྱད་འདི་ཞི་ཁྲོ་དམ་པ་རིགས་བརྒྱའི་ལྷ་ཚོགས་ཀྱི་ནང་དུ་ཡོད་པ་ཞིག་ཡིན་ནོ། །བསྟན་མ་བཅུ་གཉིས་གང་ཡིན་ཞེ་ན། བསྟན་མ་བཅུ་གཉིས་འདི་སློབ་དཔོན་ཆེན་པོའི་ཐུན་མོང་མ་ཡིན་པའི་བཀའ་ཡི་ཕོ་ཉ་བ་ཡིན་ཞིང་། འདི་རྣམས་གངས་ཅན་བོད་ཡུལ་གྱི་སྲུང་མ་ཁྱད་པར་ཅན་ཡིན་པས་སྒོས་སུ་གཏོར་མ་ཕུལ་ནས་ཕྲིན་ལས་བསྒྲུབ་པར་གསོལ་བ་ཡིན་ནོ། །ངེས་དོན་གྱི་དབང་དུ་བྱས་ན་དབང་ཕྱུག་ཉེར་བརྒྱད་འདི་དཔལ་ཆེན་པོ་ཀུན་བཟང་ཧེ་རུ་ཀའི་དཀྱིལ་འཁོར་གཅིག་གི་སྤྲོ་བསྡུའི་རྣམ་པ་ཡིན་པ་ལྟར་དུ་བོད་སྐྱོང་བསྟན་མ་བཅུ་གཉིས་འདི་ཡང་ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མ་ཤ་སྟག་ཡིན་ལ། གོང་དུ་བཤད་པའི་དབང་ཕྱུག་ཉེར་བརྒྱད་དེ་དཔལ་ཆེན་ཀུན་བཟང་ཧེ་རུ་ཀའི་དཀྱིལ་འཁོར་གཅིག་ལ་འདུས་པ་ལྟར་དུ་བོད་སྐྱོང་བསྟན་མ་བཅུ་གཉིས་འདི་ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མ་ཁོ་ན་ཡིན་ནོ། །རྟེན་འབྲེལ་ཡན་ལག་བཅུ་གཉིས་ལུགས་ལྡོག་ཏུ་ཤར་ཏེ་འཁྲུལ་བ་གཞི་ལ་དག བདེན་དོན་རྣམ་པ་བཅུ་གཉིས་ཀྱི་ངོ་བོར་དག་སོང་བའི་སྣང་ཆར་བསྟན་མ་བཅུ་གཉིས་སུ་སྣང་བ་དེ་ལྟར་ཡིན་ལ། དེ་ཡང་ཀུན་རྫོབ་གདུལ་བྱའི་སྣང་ངོར་བདུད་མོ་བཞི་དང་། གནོད་སྦྱིན་མ་བཞི། སྨན་མོ་བཞི་སྟེ་བཅུ་གཉིས་ཀྱི་རྣམ་པ་ཅན་ཡིན་པས་གཏོར་མ་ཕུལ་ནས་མུ་སྟེགས་རྒྱུ་བའི་སྒོ་འཕྲང་ཆོད་ལ་བསྟན་པ་གཉན་པོ་སྲུང་བའི་ཕྲིན་ལས་བཅོལ་བར་མཛད་པ་ཡིན་ནོ།།

༼ཅ༽ ལྔ་བ་གཏོར་བྲོ་བརྡུང་བ།

ལྔ་བ་གཏོར་བྲོ་བརྡུང་བ་འདི་སྐད་དོ༔

ཧཱུྃ༔ ཕྱོགས་མེད་ཕྱོགས་དང་བྲལ་བའི་ཕྱོགས་བཅུ་ནས༔

དུག་ལྔ་འཇོམས་པའི་ཡེ་ཤེས་ལྔ་ལྡན་གསལ༔

གསལ་འཚེར་སྒྱུ་མའི་ལྷ་དང་ལྷ་མོས་བསྐོར༔

ཕྱོགས་བཅུ་བདེ་གཤེགས་རིགས་ཀྱི་བྲོ་བརྡུངས་པས༔

དུག་ལྔའི་མགོ་ལ་ཡེ་ཤེས་ཆེམས་སེ་ཆེམ༔

བྲོ་ཡང་ཡེ་ཤེས་ལྔ་ཡི་སྣང་སྟོང་བྲོ༔

གླུ་ཡང་ཡེ་ཤེས་ལྔ་ཡི་གྲགས་སྟོང་གླུ༔

ཡེ་ཤེས་ལྔ་ཡི་གླུ་བླངས་བྲོ་བརྡུངས་པས༔

རྣམ་རྟོག་མཚན་མའི་དགྲ་བགེགས་རང་སར་གྲོལ༔

མ་རིག་ཉོན་མོངས་ཀ་དག་དབྱིངས་སུ་གནོན༔

ཞེས་གསུངས་ཏེ། འདིའི་སྐབས་སུ་གཏོར་གཞུང་རིའི་རྒྱལ་པོ་རི་རབ་ཏུ་གསལ་བའི་ཁ་འོག་ཏུ་དགྲ་བགེགས་ཀྱི་རྣམ་ཤེས་དང་པོར་དགུག་དགོས། དེ་ནས་བསྟིམས། དེ་ནས་ཡེ་ཤེས་ཀྱི་གླུ་དང་བྲོ་ཡིས་དུག་ལྔའི་རྟོག་ཚོགས་ཀྱི་དགྲ་བགེགས་ཐམས་ཅད་རང་སར་གྲོལ་བའམ་གཏན་དུ་འཕར་རྒྱུ་མེད་པར་བྱས་ནས་མནན་པ་ཡིན་ནོ། །ཕྱོགས་མེད་ཕྱོགས་དང་བྲལ་བའི་ཕྱོགས་བཅུ་གསུངས་པ་དང་། དུས་གསུམ་དུས་མེད་ཀ་དག་གི་དུས་ཀྱི་ཚེ་ཞེས་པ་རྣམས་གོ་བ་འདྲ་མཚུངས་ཡིན་ལ། འུ་ཚོས་བསམ་བློ་ཞིག་བཏང་ན། ཕྱོགས་ཞེས་པ་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གཉིས་ཏེ་བཅུ་ཡི་ཆ་ཡིས་ཕྱེས་པ་ཞིག་ཡིན་ཞིང་། དེ་ཡང་ཉི་མ་ཤར་སའི་ཕྱོགས་ལ་ཤར་དང་ནུབ་སའི་ཕྱོགས་ལ་ནུབ་ཟེར་ཁུལ་བྱེད་པ་ཡིན་མོད་ཉི་མ་ལྷ་ས་ལ་ལྟོས་ན་འུ་ཚོ་ཤར་ཕྱོགས་ན་ཡོད་པ་དང་། དེ་ཡང་ཤར་ལྷོའི་ཕྱོགས་ན་ཡོད་ཀྱང་རྒྱ་ནག་དང་ཁོ་རེ་ཡ་ལ་ལྟོས་ན་ནུབ་ས་ལ་ཡོད་པས། དེ་འདྲ་བའི་སྒོ་ནས་དེད་ན་ཤར་གྱི་ཕར་ནང་ན་ཤར། ནུབ་ཀྱི་ཕར་ནང་ན་ནུབ། བར་ཞིག་ནམ་མཁའི་མཐའ་རྒྱ་བསྟན་ས་ལ་ཐུག་པ་དང་། ནམ་མཁའི་མཐའ་དབུས་བསྟན་རྒྱུ་མེད་པའི་ཚད་དུ་འཇོག་ས་དེ་ཉིད་ཡིན་ལ། དེ་ལྟར་གླེན་འདེང་བརྒྱབ་ན་ཡང་ཕྱོགས་མེད་པ་ཡིན་ནོ། །འོ་ན་ཕྱོགས་མེད་ཕྱོགས་དང་བྲལ་བའི་ཕྱོགས་དེ་ཉིད་གང་ཡིན་ཟེར་ན། སངས་རྒྱས་རང་སྣང་གི་ཡེ་ཤེས་ནང་གསལ་འགག་པ་མེད་པ་ཆོས་སྐུ་མཐའ་དབུས་དང་བྲལ་བའི་ཆོས་དབྱིངས་ཆེན་པོ་ཐིག་ལེ་ཉག་གཅིག་གི་ངོ་བོ་གཅིག་དང་དུ་མའི་ཐ་སྙད་ལས་འདས་པ་དེ་ལ་ཕྱོགས་མེད་ཕྱོགས་བཅུར་གསུངས་པ་ཡིན་ཞིང་། མདངས་ནང་གསལ་དུག་ལྔ་ཡེ་ཤེས་ལྔའི་ངོ་བོར་ཤར་བ་དམ་ཚིག་གི་སྐབས་སུ་ཁ་རྩང་ཞིག་ནས་བཤད་པ་ལྟར་ཡིན་ལ། དེ་ལས་གདངས་ཕྱི་གསལ་ལྷ་དང་ལྷ་མོའི་དཀྱིལ་འཁོར་གྱི་འཁོར་ལོ་རིགས་ལྔ་འདུས་པའི་རིགས་མཆོག་བདེ་གཤེགས་ཞི་ཁྲོ་ཡིས་བྲོ་བརྡུང་བས་ན་དུག་ལྔ་ཡེ་ཤེས་ལྔར་གྲོལ་ལུགས་ཀྱང་གོང་ནས་ཁ་རྩང་ཞིག་ནས་བཤད་པ་ལྟར་ཡིན་ནོ། །གོང་གི་འཕྲོས་དོན་དུས་བཞི་མཉམ་ཉིད་སོགས་བཤད་སྐབས་འདས་མ་འོངས་ད་ལྟ་ཡི་དུས་གསུམ་པོ་འདུས་བྱས་འགྱུར་བ་ཅན་གྱི་དུས་ཡིན་ལ། ཆོས་ཉིད་འགྱུར་བ་མེད་པ་འདུས་མ་བྱས་པ་དེ་ནི་མ་ངེས་པའི་དུས་ཡིན་གསུངས་ཤིང་། རྫོགས་ཆེན་ངོ་མའི་སྐབས་ནས་དུས་གསུམ་དུས་མེད་ཀ་དག་གི་དུས་ཀུན་ཏུ་བཟང་པོ་གྲོལ་གཞིའི་དུས་ལ་ངོས་བཟུང་བས་དུས་ལས་འདས་པའི་ཀ་དག་ཕྱོགས་ཡན་ཆེན་པོ་དེ་ཡེ་གྲོལ་ལྷུན་གྲུབ་འདུས་མ་བྱས་པའི་རང་བཞིན་ཞིག་ལ་ཐུག་འགྲོ་བ་ཡིན་ནོ། །འུ་ཚོས་ད་ལྟ་གོང་ནས་བཤད་པ་བཞིན་དུ་ཤར་ཕྱོགས་ཀྱི་ཕར་རྒྱབ་ཤར་ཕྱོགས་དེད་པ་དང་འདྲ་བར་ཁ་རྩང་གི་ཁ་རྩང་དེད་སོང་ན་བར་ཞིག་དུས་མེད་པར་གྱུར་ནས་མཉམ་ཉིད་དུ་ཐུག་འགྲོ་རྒྱུའི་ཕན་ན་མེད་ལ། ངས་དུས་དང་འབྲེལ་བའི་སྒྱུ་མ་མཁན་གྱི་གཏམ་རྒྱུད་ཅིག་བཤད་པ་དེ་ཉིད་རྒྱ་ཡིག་ལ་བསྒྱུར་འདུག་པ་དེའི་ནང་དོན་དང་འདྲ་བ་ཡིན་ནོ། །ཡིན་ན་ཡང་དོན་གྱི་ཡིན་ལུགས་དེ་ལྟར་ཡིན་རུང་ད་ལྟའི་སྣང་ཤེས་འདི་དང་མ་བྲལ་ཚེ་ཤར་ཕྱོགས་དང་ཁ་རྩང་ཡོད་ཆོག་པར་མ་ཟད་ཕྱོགས་དུས་ཀྱི་རྣམ་གཞག་ཐད་ཀ་ཐད་ཀྱི་ཐ་སྙད་ཀྱི་གནས་ཚུལ་དེ་བསྣུབ་མི་དགོས་ལ། ཁ་ཡིས་བསྣུབས་ཀྱང་དོན་གྱིས་ནུབ་པར་མི་འགྱུར་ཞིང་། ནམ་ཞིག་བྱིན་བརྒྱུད་འཕོས་པའི་ཡེ་ཤེས་ཀྱིས་ད་ལྟའི་སྣང་བ་འདི་དང་མ་བྲལ་བཞིན་དུ་འདི་ལས་འདས་པའི་དོན་ཞིག་གོ་ཡོང་ཚེ་དེ་དུས་གཏོར་བྲོ་དོན་དང་མཐུན་པ་ཞིག་རྡུང་ཐུབ་བོ། །ཨཱོཾ་ཨཱཿཧཱུྃ་གསུམ་རྡོ་རྗེ་གསུམ་གྱི་ས་བོན་ཡིན་ལ། སྟམ་བྷ་ཡ་ནི་གནོན་ཞེས་པའི་དོན་ཡིན་ཞིང་། སྐུ་གསུང་ཐུགས་ཀྱི་ཀློང་དུ་གནོན་ཞེས་པ་ཞིག་ལ་གོའོ། །ནན༔ཞེས་པ་འདི་བོད་སྐད་སྔགས་སུ་བྱིན་གྱིས་བརླབས་པ་ཞིག་ཨེ་ཡིན་སྙམ། སྐུ་གསུང་ཐུགས་ཀྱི་ཀློང་དུ་ཐར་མེད་དམ་འཆོར་བ་མེད་པར་གནོན་ཞེས་པའི་དོན་ཅན་གྱི་ནན་ཏན་གྱི་ཚིག་གོ །འདི་ཐད་ཀ་ཐད་ཀྱིས་བཤད་པ་ཡིན་མ་གཏོགས་བསམ་བློ་མ་བཏང་མོད་མདོར་ན་སྔགས་ཀྱི་ནང་ན་སཾ་སྐྲྀ་ཏའི་སྐད་མཐའ་གཅིག་ཏུ་ཡིན་དགོས་པའི་ངེས་པ་མེད་ཅིང་། བོད་སྐད་ལ་བྱིན་གྱིས་བརླབས་པའི་སྔགས་ཡོད་ལ། རིགས་མཐུན་གྱི་རྒྱུད་གཞུང་ལ་ཐོ་གཏུགས་དང་ཤེས་རྒྱུ་ཞིག་ཡིན་ནོ། །འདིའི་མཚམས་སུ་གཏང་རག་མཆོད་བསྟོད་སྤྱི་འགྲོས་ལྟར་དུ་ཡིན་ལ། ལས་བྱང་ཆུང་བ་འདིས་གཞུང་སྲོང་དུས་ནོངས་བཤགས་བདག་གི་སྤྱི་གཙུག་ལ་སོགས་པའི་རྡོར་སེམས་བསྒོམ་བཟླས་དང་འབྲེལ་བའི་ཡི་གེ་བརྒྱ་བས་བཤགས་ནས། ཀུན་གཞི་མ་བཅོས་སོགས་ཀྱིས་བདེ་སྟོང་གཉིས་མེད་བསྐང་བྱ་སྐོང་བྱེད་བཤགས་བྱ་བཤགས་བྱེད་དང་བྲལ་བའི་དོན་ལ་མཉམ་བར་བཞག་གོ། །འདིའི་ཀུན་གཞི་ཞེས་པ་འདི་ཡེ་དོན་གྱི་ཀུན་གཞི་རིག་པ་བདེ་བར་གཤེགས་པའི་སྙིང་པོ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དང་གཉིས་སུ་མ་ཡིན་པ་དེ་ལ་ཀུན་གཞིའི་སྒྲ་ཡིས་བསྙད་པའི་གོ་བ་ལེན་དགོས་པ་དང་། སླར་ཡང་ཆོ་ག་ལྷག་ཆད་སྐོང་ཞིང་ལྷ་ལ་བཟོད་པར་གསོལ་བའི་བཤགས་ཚིག་ནི་འུ་ཚོས་ཧོ་གང་ཡང་བདག་བློ་འདོན་དར་བ་འདི་བཞིན་ཡིན་ལ། འདོན་རྒྱུ་དེ་ཚོ་རྒྱུ་མཚན་ཆེན་པོ་དང་ལྡན་པ་ཡིན་ཞིང་། དེ་འདྲ་ཡིན་དུས་གོང་ནས་ཚོགས་ཀྱི་བཤགས་པ་དང་འབྲེལ་ནས་དམ་ཚིག་གི་སྐོར་ཞུ་རྒྱུ་བྱུང་ལ་འདི་བཤགས་པ་འདི་ཚོ་དང་བསྟུན་ནས་བཤགས་པའི་སྐོར་ནས་འཕྲོས་དོན་ཉུང་ཉུང་ཞིག་ཞུས་ན་འཚམས་འདུག་སྙམ། བཤགས་པ་ཟེར་རྒྱུའི་བཤགས་བྱ་དེ་ཉིད་གང་ཡིན་ཞེ་ན། གསང་སྔགས་ཀྱི་རྩ་བ་དང་ཡན་ལག་གི་དམ་ཚིག དེ་ཡང་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ་འདུས་པ་དེ་ཉིད་དང་འགལ་བའི་བཤགས་བྱ་སྡིག་པ་དང་སྒྲིབ་པ་ཉེས་ལྟུང་ཡིན་ལ། སྡིག་པ་ནི་ཉོན་མོངས་པས་ཀུན་ནས་བསླངས་པའི་མི་དགེའི་ལས་སེམས་ཅན་གྱི་ཤེས་རྒྱུད་དང་འབྲལ་དཀའ་བ་འདི་ཉིད་དང་། སྒྲིབ་པ་ཞེས་པ་སྤྱིར་ན་སྒྲིབ་གཉིས། དེའི་ནང་གི་གཙོ་བོ་ཤེས་བྱའི་སྒྲིབ་པ་ནི་བསམ་གཏན་པ་ཞིག་ལ་མཚོན་ན་མགོ་གྱེན་ལ་འཕར་ཁར་མི་འཇོག་པ་དེ་སྒོམ་འཛིན་གྱི་བློ་འདི་ཡིན་ཞིང་། ཉེས་ལྟུང་ཞེས་པ་ཉེས་པ་རང་བཞིན་གྱི་ཉེས་པ་དང་། ལྟུང་བ་བཅས་པའི་ཉེས་པ་སྟེ། བཅོམ་ལྡན་འདས་ཀྱིས་བཅས་པ་བསྙེན་གནས། དགེ་བསྙེན། རབ་བྱུང་གི་སྡོམ་པ་རྣམས་དང་། བྱང་སྡོམ་དང་འགལ་བ་དེ་ཚོ་ཡིན་ནོ། །དེ་ལྟ་བུའི་སྡིག་སྒྲིབ་ཉེས་ལྟུང་སྦྱང་ཞིང་དག་པར་བྱ་བ་དེ་ཐམས་ཅད་བཤགས་ནས་སྦྱངས་ཤིང་དག་དགོས་ན་ཇི་ལྟར་བྱ་དགོས་ཞེ་ན། སྦྱོང་བྱེད་རྡོ་རྗེ་སེམས་དཔའི་རྣལ་འབྱོར་ཁྱད་པར་ཅན་དེ་ཉིད་ཤེས་དགོས་ལ། སངས་རྒྱས་ཀུན་གྱི་སྐུ་གཅིག་པུའི་དཔལ་རྡོ་རྗེ་སེམས་དཔའ་ལ་དམིགས་ནས་དེ་ཉིད་ཡིན་པར་ཧ་གོ་བའི་ཐོག་ནས་ཡི་གེ་བརྒྱ་བའི་གཟུངས་འདི་ཆོ་ག་བཞིན་དུ་ཉིན་རེར་དུས་དྲུག་ཏུ་ཉི་ཤུ་རྩ་གཅིག་རེ་ཟློས་དང་དེ་ཡིས་ཉེས་ལྟུང་བྱིན་གྱིས་བརླབས་ནས་དེའི་ཡན་ན་མི་འཕེལ་གསུངས་ཤིང་། འབུམ་ཕྲག་གཅིག་བཟླས་ན་ཉེས་ལྟུང་སྒྲིབ་པ་ཐམས་ཅད་དག་པར་རྒྱུད་མང་པོའི་ནང་ན་དེ་ལྟ་བུའི་ཚུལ་གྱིས་གསུངས་སོ། །རྡོ་རྗེ་སེམས་དཔའ་འདིའི་སྒྲ་བཤད་བྱས་ན་དོན་གྱི་སྙིང་པོ་རིག་པའི་ངོ་བོ་ཅིར་ཡང་མ་གྲུབ་ཅིང་མ་དམིགས་པ་དེའི་གསལ་ཆ་དེ་རྡོ་རྗེ་ཡིན་ཞིང་། དེའི་རང་བཞིན་སྣང་ཡང་བདེན་པར་མ་གྲུབ་པ་སེམས་དཔའ། དེའི་གཤིས་ལུགས་ངོ་མ་དེ་གསལ་སྟོང་ཟུང་འཇུག་མཐའ་བྲལ་བློ་འདས་ཆེན་པོར་ལ་བཟླ་ནས་ཉམས་སུ་ལེན་པ་དེ་ཉིད་བཤགས་བྱ་བཤགས་བྱེད་སྦྱང་བྱ་སྦྱོང་བྱེད་དང་བྲལ་བའི་འཁོར་འདས་གཉིས་མེད་ཀྱི་སྦྱང་ཚུལ་ཡིན་ནོ། །སྤྱིར་གྱིས་བཤགས་པ་འདི་ལ་རབ་འབྲིང་ཐ་གསུམ་ཡོད་ལ། དབང་པོ་རབ་ཀྱིས་ལྟ་བས་བཤགས་པ། འབྲིང་གིས་སྒོམ་པས་བཤགས་པ། ཐ་མ་ཞིག་ཡིན་ན་འགྱོད་བཤགས་སྨེ་ངག་གིས་བཤགས་རྒྱུ་དེ་ལྟར་ཡིན་ཞིང་། གང་ཟག་དབང་པོ་ཡང་རབ་གནས་ལུགས་ཀྱི་ལྟ་དོན་ཐག་ཆོད། དེ་ལ་བརྟན་པ་ཐོབ་སོང་བ་ཞིག་གིས་ནི་བཤད་མ་ཐག་པ་ལྟར་དུ་བཤགས་བྱ་བཤགས་ཡུལ་བཤགས་བྱེད་ཐམས་ཅད་པོ་འཁོར་གསུམ་ཡོངས་སུ་དག་པ་ལས་མི་འདའ་བའི་ཐོག་ནས་ཡེ་དག་བྱར་མེད་མ་བཅོས་བློ་བྲལ་ཡེ་ནས་བཅིང་གྲོལ་མེད་པའི་དག་པ་དེའི་ངང་ལ་འགྱུ་བ་ཕྲ་རགས་གང་ཤར་རང་གྲོལ་རྗེན་པ་ལྷག་གེར་བཞག་པ་དེ་ཉིད་ལྟ་བའི་ཀློང་བཤགས་ཡིན་ཏེ། ཨོ་རྒྱན་ཆེན་པོས། ཐོས་བསམ་འབད་རྩོལ་སྒོམ་པ་དང་། །མི་བསྒོམ་མི་རྟོག་བྱར་མེད་སོགས། །གང་ལྟར་བྱས་ཀྱང་བཅོས་མའི་ལམ། །མ་བཅོས་ཆོས་སྐུའི་ཀློང་དུ་བཤགས། །ཞེས་གསུངས་སོ། །དབང་འབྲིང་གིས་སྒོམ་པས་བཤགས་པ་ཞེས་པ་དེ་ཉིད་ཇི་ལྟར་སྒོམ་དགོས་ཞེ་ན། ཕྱི་སྣང་བ་སྣོད་ཀྱི་འཇིག་རྟེན། ནང་གཡོ་བ་བཅུད་ཀྱི་སེམས་ཅན། རང་ལུས་ཕུང་ཁམས་སྐྱེ་མཆེད་དང་བཅས་པ་ཐམས་ཅད་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་ཉག་གཅིག་ཏུ་བསྒོམས་ནས་སྒོ་གསུམ་དཀྱིལ་འཁོར་གསུམ། སྣང་གྲག་རིག་གསུམ་ལྷ་སྔགས་ཆོས་ཉིད་ཀྱི་ངང་ལས་མ་གཡོས་པར་བྱས་ན་ཉམས་ཆག་དག་པ་ཡིན་ལ། དབང་པོ་ཐ་མ་དེ་ཉིད་ཀྱིས་འགྱོད་བཤགས་སྨེ་ངག་གི་བཤགས་ལུགས་ལ་སྟོབས་བཞི་ཚང་བའི་སྒོ་ནས་བཤགས་དགོས་ཤིང་། དེའི་དམིགས་གནད་གོང་གི་རྡོར་སེམས་བསྒོམ་བཟླས་ལྟར་རང་གི་གཡས་གཡོན་ལ་ཚེ་འདིའི་ཕ་མ་གཉིས་དང་དགྲ་བགེགས་གཉིས། མདུན་དུ་བཤགས་བྱ་དམིགས་བསལ་བ། མཐའ་སྐོར་ལ་སེམས་ཅན་ཐམས་ཅད་བཤགས་སྦྱང་གི་ཆེད་དུ་རང་ཉིད་དང་འདུན་པ་ཆིག་སྒྲིལ་དུ་འཁོད་པར་བསམས་ནས། ཕྱོགས་བཅུའི་དུས་བཞིའི་བདེ་བར་གཤེགས་པ་ཐམས་ཅད་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་ཉག་གཅིག་ཏུ་ཤར་བ་ལ་ཡིད་ཁྱེད་ཤེས་བློ་འགེལ་གྱིས་བཤགས་ཡུལ་ལ་འདུན་པ་རྩེ་གཅིག་ཏུ་གཏོད་པ་དེ་ཉིད་རྟེན་གྱི་སྟོབས། རང་དང་གཞན་གྱིས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་བསགས་པ་དེ་ཉིད་ལ་སྙིང་ནས་གནོང་ཞིང་འགྱོད་པ་བྱེད་པ་དེ་ཉིད་སུན་འབྱིན་པའི་སྟོབས། ད་ཕྱིན་ཆད་སྲོག་དམར་བོ་འདི་ལ་བབས་ཀྱང་དེ་ལྟ་བུའི་ལས་ངན་བསགས་ན་ཤི་བ་ཡིན་སྙམ་པའི་ཞེ་གཅོད་བྱེད་པ་དེ་ཉིད་སྡོམ་པའི་སྟོབས། རཱུ་ཏྲའི་སྨེ་བཤགས་དང་། ལྟུང་བ་བཤགས་པའི་མདོའམ་ཕུང་པོ་གསུམ་པའི་མདོ། གཏེར་གཞུང་གི་ཆོ་གའི་ནང་ནས་འབུད་པའི་བཤགས་པ་འདི་ཚོ་བཏོན་ནས་དོན་ཡིད་ལ་དྲན་པ་དེ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཡིན་ནོ། །དེ་ལྟར་བཤགས་པར་བྱས་ན། སྒྲིབ་གཉིས་དག སྒྲིབ་གཉིས་དག་ཚེ། ཚོགས་གཉིས་རྫོགས། ས་ནས་སར་འཕར་ཏེ་སངས་རྒྱས་ཀྱི་འབྲས་བུ་དངོས་དེ་ལ་མ་ཐུག་གི་བར་དུ་ཡོངས་སུ་རྫོགས་པར་འགྱུར་རྒྱུ་དེ་སྟོན་པ་ཀུན་ཏུ་བཟང་པོ་ཉིད་ཀྱིས་བཀའ་བསྩལ་བ་ཞིག་གོ། །སྡིག་པ་དག་ལུགས་འདི་ལ་རྟོགས་པས་དག་པ་ཞེས་པ། བཤགས་པས་དག་པ་ཞེས་པ། གཉེན་པོས་དག་པ་ཞེས་པ། མྱོང་བས་དག་པ་ཞེས་པ་བཞི་ལྟ་བུ་ཞིག་ཡོད་ཅིང་། རྟོགས་པས་འདག་པ་དེ་གང་ཡིན་ན། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་ཡང་བདེན་ཞེན་མེད་པར་རྟོགས་ན་ལས་དང་ལས་ཀྱི་འབྲས་བུས་དེ་ལ་གནོད་པ་མ་ཡིན་ལ། ཉིན་བཞིན་བྲམ་ཟེ་གསོད་པ་དང་ལ་སོགས་པའི་ལུང་དོན་བཞིན་ཡིན་ཡང་དེ་ལྟ་བུ་དེང་སོང་དཀའ་བ་དཀོན་པ་གཉིས་ཀའི་དུས་ཚོད་ཡིན་ནོ། །བཤགས་པས་དག་པ་ཞེས་པ་སྟོབས་བཞི་ཚང་བས་བཤགས་པ་སྟེ་མཚམས་མེད་ཀྱི་ལས་ཡིན་ཡང་བྱང་བར་གསུངས་ཏེ། སྒྲིབ་པ་ཀུན་རྫོབ་ཉིད་ཡིན་ཕྱིར། །སྦྱངས་ན་འདག་པར་གདོན་མི་ཟ། །ཞེས་སོ། །སྦྱང་རྒྱུ་ཡོད་མོད་སྡིག་པ་ཕྲ་མོ་ཡིན་ཀྱང་ཆུད་ཟ་བ་མ་ཡིན་པས་འཕྲལ་དང་འཕྲལ་དུ་བཤགས་པ་བྱེད་རྒྱུ་དེ་ཉིད་གལ་ཆེན་དོན་ཆེན་ཡིན་ནོ། །གཉེན་པོས་དག་པ་ཞེས་པ་ཇི་ལྟ་བུ་ཡིན་ཞེ་ན། མི་དགེ་བ་ཆུང་ངུ་ཡིན་ན་ཡང་གཉེན་པོའི་དགེ་བ་ཆེན་པོ་ཞིག་བསྟེན་ན་མི་དགེ་བ་དེ་ཟིལ་གྱིས་གནོན་ཏེ་བག་ལ་ཞ་ནས་གནོད་མི་ནུས། བཤགས་པས་འདག་པ་ཞེས་པ་བྲམ་ཟེ་དུང་ཕྲེང་ཅན་གྱི་ལོ་རྒྱུས་ན་རཀ་དོང་སྤྲུགས་ཀྱི་རྒྱུད་ནས་བྱུང་བའི་གཏམ་རྒྱུད་ལྟར་དུ་ཡིིན་ནོ། །དེའི་གཏམ་རྒྱུད་དེ་ཇི་ལྟར་ཡིན་ན་བྲམ་ཟེ་ཞིག་དུང་གི་ཕྲེང་བ་གྱོན་པའི་རྫུ་འཕྲུལ་དང་ལྡན་པ་ཞིག་ལ་སློབ་མ་རྒྱལ་བོའི་བུ་ཞིག་ཡོད་ལ། བྲམ་ཟེའི་བསམ་པ་བཟང་པོ་ཡིས་རང་གིས་ཅི་ཤེས་གང་ཤེས་དེ་ཉིད་དེ་ལ་བསླབས་ནས་རིག་པའི་གནས་ལྔ་ལ་མཁས་པ་ཞིག་རྒྱལ་པོའི་བུ་དེ་ཉིད་གྱུར་ཏོ། །བར་ཞིག་ཏུ་རྒྱལ་པོའི་བུ་ལ་བསམ་ངན་གདུག་པ་ཅན་ཞིག་ཤར་ནས་ངའི་གོང་ན་སློབ་དཔོན་འདི་ཉིད་མ་གཏོགས་འཇིག་རྟེན་ཁམས་ན་མི་འདུག འདི་རང་ཉིད་ཀྱི་གོང་ན་མངགས་རྒྱུ་མི་འདུག་བསམས་ནས་བྲམ་ཟེ་ལ་རྒུན་ཆང་བླུད་ཅིང་བཟི་ཁར་བཞག་ནས་བཟི་སྟེ་རོ་ལྟ་བུ་ཞིག་ཏུ་གྱུར་ཚེ་བྲམ་ཟེའི་མིག་ལ་ཁབ་ཀྱིས་གཙགས། ལྕེ་ལྕགས་ཀྱུས་དྲངས། ལུས་ལ་རུས་སྦལ་གྱི་ཁྲག་གིས་བྱུག བུད་མེད་མང་པོ་ལ་བྲམ་ཟེའི་ལུས་རྡོག་རྫིས་བྱེད་དུ་བཅུག སྒྱིད་པ་གཉིས་ཀ་བཅད་ནས་བཞག་གོ། །ཕྱི་ཉིན་ནངས་མོར་བྲམ་ཟེ་ཡར་ལ་བཟི་དྭངས་ཏེ་དྲན་པ་རྙེད་ནས་གཅིག་ལྟ་སྐབས་མིག་ལོང་ནས་དབྱེ་རྒྱུ་མེད་ཅིང་ལྟ་བྱེད་མིག་ཀྱང་མེད། ཟུར་ན་སུ་ཡོད་འབོད་དགོས་བསམ་ཚེ་ལྕེ་མེད་ནས་ཁ་གྲག་རྒྱུ་མེད་ཅིང་འབོད་བྱེད་ཀྱི་ལྕེ་མེད། ལངས་ནས་འགྲོ་དགོས་དྲན་དུས་ལང་རྒྱུ་མེད་ཅིང་ལང་བྱེད་ཀྱི་སྒྱིད་པ་བྲེགས་ཚར་སོང་། བུད་མེད་མང་པོས་བརྫིས་པར་བྱས་པས་གྲིབ་ཀྱི་དབང་གིས་འགུལ་མ་ཐུབ། རུས་སྦལ་གྱི་ཁྲག་གིས་ལུས་མགོ་རྔ་མེད་པར་བྱུག་པས་ཆུ་བུར་ཤ་སྟག་བུད། དེའི་སྟེང་དུ་ལུས་འཁུམ། དྲན་པ་ཡང་ཉམས་ལ་ཁད་དུ་གྱུར་ནས་དེ་ལྟར་ཉམ་ཐག་པའིི་གནས་སུ་གྱུར་ཡོད་དོ། །དེ་ནས་བྲམ་ཟེས་བསམ་བློ་ཞིག་བཏང་དུས་ངས་འདི་ལྟར་མ་ཤི་གསོན་དམྱལ་གྱི་སྡུག་ཅིག་རིག་རྒྱུ་འདི་ཚེ་རབས་སྔོན་གྱི་ལས་ཀྱི་རྣམ་སྨིན་སྨིན་པ་ཞིག་གམ་མིན་ཏེ་གཅིག་གིས་ཕྲག་དོག་གིས་གོང་ལ་ཤོར་དོགས་བྱས་ནས་འདི་ལྟར་བྱས་པ་ཡིན་བསམས་ནས་གཅིག་བརྟགས་པས་སློབ་མ་རྒྱལ་པོའི་ཕྲུ་གུས་བྱས་པ་ཡིན་པར་ཧ་གོ་སྟེ་བྲམ་ཟེས་དམོད་པ་བོར་བ་ཡིན་ཏེ། རྒྱལ་བོའི་ཕྲུ་གུ་ཁྱོད་ལ་ངས་ཡོན་ཏན་ཆ་ཚང་བསླབས་ནས་ང་ལ་དྲིན་ལན་མེད་པའི་ཐོག་ཏུ་འདི་འདྲས་དྲིན་ལན་ལོག་འཇལ་བྱས་པ་དེ་ཉིད་ཀྱིས་ཁྱོད་ལ་སྲོག་གི་ལན་ཆགས་ཀྱིས་ཚེ་ཐུང་ཐུང་དུ་གྱུར། ཤི་མ་ཐག་ཏུ་སེམས་ཅན་ལུས་སྲུལ་བོ་ཅན་དུ་སྐྱེས། དེའི་ལུས་ལ་མིག་མེད་པ། ལྐུགས་པ་ཡིན་པ། རྐང་བ་ཆད་ཡོད་པ། མཛེ་དང་ཤུ་བ། ལུས་ལ་ཤ་ཟ་མོ་སྟོང་གིས་ཚང་བཅའ་བ་ཚང་མ་ཁྱོད་ཀྱི་ལུས་ཐོག་ལ་དེ་ལྟར་ཡོང་བར་ཤོག ཚེ་འཕོས་ནས་ཀྱང་ཚ་གྲང་གི་དམྱལ་ཁམས་བཅུ་དྲུག་ལ་ཁ་འཁོར་ནས་ཐར་བའི་དུས་ཤིག་མེད་པར་ཤོག ཚེ་རབས་ཐམས་ཅད་དུ་འཕགས་པའི་ཞལ་ཉི་ཞུར་འདྲ་ཞིག་མི་མཐོང་བར་བྱང་ཆུབ་མྱུ་གུ་སྔོ་སྐམ་དུ་འགྲོ་བར་གྱུར་ཅིག་ཅེས་སྨྲས་ཏེ་སྨོན་ལམ་ལོག་འདེབས་བྱས་ནས་དེ་ལྟར་བྲམ་ཟེས་དམོད་པ་བོར་བར་བྱས་པ་ཡིན་ནོ། །དེ་ལྟར་དམོད་ངན་བོར་བས་བྲམ་ཟེ་རང་ཉིད་ཀྱི་ངན་སེམས་ཀྱིས་དམོད་པ་བོར་བས་བྲམ་ཟེ་ལ་ཡང་སྡིག་པ་འབྱུང་བ་ཡིན་ཞིང་། རྣམ་པར་སྨིན་པ་འབྱུང་ལ། དེ་ནས་ཡུན་རིང་ཞིག་མ་འགོར་ནས་བྲམ་ཟེ་ཡང་ཤི་སོང་། ཤི་མ་ཐག་ཏུ་དུར་ཁྲོད་ཅིག་གི་ནང་ན་བྱ་ཁ་ཏ་མགོ་དཀར་བོ་ཅན་ཞིག་ཏུ་སྐྱེས་པ་དང་། དེའི་མཚམས་སུ་རྒྱལ་བོའི་ཕྲུ་གུ་དེ་ཡང་ཤི་སོང་། ཤི་ནས་བྲམ་ཟེའི་རིགས་ཀྱི་སྐྱེས་པ་ཕོ་ལུས་ཤིག་བླངས། ཁོ་རང་ཉིད་ན་ཚོད་སྨིན་ནས་ཁྱིམ་སོ་བཟུང་སྟེ་བུ་ཞིག་སྐྱེ་བའི་དོན་དུ་མོ་ལུང་བསྟན་གཏོ་སྐུ་རིམ་བྱས། ལན་ཆགས་ཀྱི་དབང་གིས་དུར་ཁྲོད་ཀྱི་བྱ་ཁ་ཏ་མགོ་དཀར་བོ་དེ་ཉིད་ཚེ་འཕོས་ནས་རང་ཉིད་ཀྱི་བུ་རུ་སྐྱེས། དེ་སྐྱེ་བའི་སྐབས་སུ་དེའི་སྐྱེ་བ་ཡིན་པའི་རྟགས་མཚན་དེ་ཉིད་ཁོ་རང་གིས་ཧ་གོ་སོང་ཞིང་། དེ་ཡིན་དུས་ཕ་རྒན་གྱིས་དུར་ཁྲོད་ཀྱི་བྱ་ཁ་ཏའི་སྐྱེ་བ་དེ་ཉིད་ཀྱི་བུ་དེ་ཕ་ཡིས་ཐབས་ཤིག་བསྒྲིགས་ཏེ་ཡང་བུ་དེ་བསད། ཡང་དེའི་ཕྱི་ལོར་བུ་དེ་ཚུར་ལ་སྐྱེས་པ་ཡིན་ལ། དེ་དུས་ཁ་ཏ་མགོ་དཀར་ཅན་གྱི་སྐྱེ་བ་ཡིན་པར་མ་ཤེས་སོ། །དེའི་བུ་དེའི་མགོར་ལྕགས་ཀྱི་འཛེར་བ་ཞིག་སྐྱེས་ཡོད་ལ། འཛེར་བ་ཇེ་ཆེ་ཇེ་ཆེར་གྱུར་ཏེ་བར་ཞིག་ཏུ་ཐོད་པ་ཡང་གད་སོང་། བུ་ཡི་ངོ་ཡི་མདངས་ཤོར། ནར་སོན་རྒྱུ་མེད་པར་ཉམ་ཐག་པ་ཞིག་ཏུ་གྱུར། རྩིས་པས་བརྩིས་བྱས། མོ་བས་མོ་བཏབ། རིམ་གྲོ་འདི་མ་བྱས་བསམ་པ་ཞིག་མེད་ཀྱང་ཕན་ཐོགས་ཅན་ཞིག་མ་ཡོང་ངོ་། །ལས་ཀྱི་ལན་ཆགས་ཀྱི་དབང་གིས་ཕ་ཡིས་སེམས་ཀྱིས་མ་བཟོད་ནས་བུ་ཡི་མགོ་ཡི་འཛེར་བ་ཆེན་པོ་དེ་ལྕེ་ཡིས་ཉིན་ཞིག་བལྡགས་པས་འཛེར་བ་ཇེ་ཆུང་ལ་སོང་། བུའི་ངོ་མདངས་ཀྱང་ཇེ་བཟང་དུ་གྱུར། ནར་སོན་རྒྱུ་ཡོད་པར་གྱུར་ཏོ། །དེ་ནས་མི་ཆེན་དུ་གྱུར་དུས་བྲམ་ཟེ་མིའི་ཐོད་པ་ཅན་ཞེས་དེ་ཡིས་ཐོགས་པ་ཡིན་ཞིང་། དེའི་འཛེར་བ་དེ་ཟད་མ་ཐག་ཏུ་ཕ་ཡི་ལྕེ་ལ་རྨར་གྱུར་ནས་དེས་ཤི་རྐྱེན་བྱས་ཏེ་ཤི་སོང་ངོ་། །རང་གི་ཉེས་བྱས་དང་བྲམ་ཟེའི་དམོད་པ་བོར་བའི་སྟོབས་ཀྱིས་སེམས་ཅན་ལུས་སྲུལ་བོ་ཅན་གཅེར་བུ་པ་ཞེས་པའི་སྐྱེ་བ་བླངས་ནས་ལུས་ལ་ནད་སྣ་ཚོགས་ཀྱིས་མནར། ཤ་ཟ་མོ་སྟོང་གིས་ཚང་བཅས། བྱང་ཆུབ་ཀྱི་མྱུ་གུ་སྔོ་སྐམ་དུ་གྱུར། འགྲོ་བ་རིགས་དྲུག་གི་སྡུག་བསྔལ་དུས་གཅིག་ལ་མྱོང་ནས་བྲམ་ཟེའི་དམོད་པ་ཇི་མ་ཇི་བཞིན་དུ་སྡུག་བསྔལ་མྱོང་བ་ཡིན་ནོ། །དེའི་སྐབས་སུ་ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་ཆེན་པོ་ལས་ཀུན་རིགས་རྣམ་པར་སྣང་མཛད་དང་། ཀུན་ཏུ་བཟང་པོ་གཉིས་སུ་སྤྲུལ་ལོ། །ཡང་ཀུན་ཏུ་བཟང་པོའི་བྱིན་རླབས་ཀྱིས་རྡོ་རྗེ་སེམས་དཔར་སྤྲུལ། རྣམ་པར་སྣང་མཛད་ཀྱི་བྱིན་རླབས་ཀྱིས་ཕྱག་ན་རྡོ་རྗེར་སྤྲུལ་ནས་སྤྲུལ་གཞི་གཉིས་ཀས་སྤྲུལ་པ་གཉིས་ཀ་ལ་བཀའ་བསྩལ་བའི་ཚུལ་གྱིས་འདོད་ཁམས་ཀྱི་གནས་རིས་མར་ཀི་ན་སློབ་མས་སློབ་དཔོན་ལ་ལས་མི་རུང་བར་བྱས་པའི་རྣམ་སྨིན་ཞིག་གིས་སེམས་ཅན་ལུས་སྲུལ་བོ་ཅན་གཅེར་བུ་པ་ཞེས་པ་སྡུག་བསྔལ་གྱིས་གདུང་ནས་བྱང་ཆུབ་ཀྱི་མྱུ་གུ་བསྐམས་ཏེ་ཤི་མ་ཐག་ཏུ་དམྱལ་བར་སྐྱེས་ནས་དམྱལ་ཁམས་བཅུ་དྲུག་གི་ནང་ནས་ཐར་གྱིན་མེད་ལ། ཁྱེད་གཉིས་ཀས་དེ་ལས་ལྡོག་ཅིག་ཅེས་གསུངས་ཚེ་རྡོ་རྗེ་སེམས་དཔའ་དང་ལག་ན་རྡོ་རྗེ་རྣམ་པ་གཉིས་ཀྱིས་འདུལ་བའི་དུས་ལ་བབས་ཡོད་ན་ལྡོག་པའི་ཐབས་བསྟན་དུ་གསོལ་ཞེས་ཡར་ལ་ཞུས་པས་ཀུན་ཏུ་བཟང་པོས་རྡོ་རྗེ་སེམས་དཔའ་ལ་རིགས་ཀྱི་བུ་རྣལ་འབྱོར་སྤྱི་ཁྲུས་ན་རཀ་དོང་སྤྲུགས་འགྱོད་ཚངས་ཀྱི་རྒྱལ་པོ་སེམས་ཅན་དེའི་རྣ་བར་སྒྲོགས་ཞེས་དང་། ལུས་ངག་ཡིད་གསུམ་གྱི་སྒོ་ནས་འགྱོད་ཚངས་བྱེད་དུ་བཅུག་ནས་ལྡོག་པར་མཛོད་ཅེས་གསུངས་པ་དང་། ཀུན་རིག་རྣམ་པར་སྣང་མཛད་ཀྱིས་ལག་ན་རྡོ་རྗེ་ལ་རིགས་ཀྱི་བུ་ཕྱི་ནང་གསང་གསུམ་གྱིས་དབང་བསྐུར་ནས་ལྡོག་ཅིག་ཅེས་གསུངས་སོ། །དེ་ལྟར་གསུངས་དུས་དཔལ་རྡོ་རྗེ་སེམས་དཔའ་དང་ལག་ན་རྡོ་རྗེ་གཉིས་ཀ་བྲམ་ཟེ་མིའི་ཐོད་པ་ཅན་དང་སེམས་ཅན་ལུས་སྲུལ་བོ་ཅན་དེ་གཉིས་ཀའི་གམ་དུ་བྱོན་ནས་རྡོ་རྗེ་སེམས་དཔས་འདི་ལྟར་གསུངས་ཏེ་བྲམ་ཟེ་མིའི་ཐོད་པ་ཅན་དང་སེམས་ཅན་ལུས་སྲུལ་བོ་ཅན་ཁྱེད་གཉིས་ཀ་ཚེ་ཡི་ཡར་སྔོན་ན་སློབ་དཔོན་དང་སློབ་མ་དམ་ཚིག་ཉམས་སོང་བ་དེ་ཉིད་བསྐལ་བའི་མཐར་ཡང་སྡུག་བསྔལ་ཐར་རྒྱུ་མེད་པ་འདི་ལྟ་བུ་ཞིག་གི་གནས་ཚུལ་ལ་ལྷུང་ཡོད་པས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེའི་བྱིན་རླབས་ཀྱིས་བསྐུལ་ནས་སེམས་ཅན་ལས་ངན་པ་ཅན་ཁྱེད་གཉིས་ཀ་དྲང་ཕྱིར་ཡོང་བ་ཡིན་པས་བཤགས་ཚངས་གྱིས་ཞེས་གསུངས་པས། བྲམ་ཟེ་མིའི་ཐོད་པ་ཅན་གྱིས་བདག་ཅག་ལས་ངན་པའི་སེམས་ཅན་ལ་ཉེས་པ་བཤགས་ཐབས་དེ་ཁྱེད་རྣམ་པས་བསྟན་དུ་གསོལ་ཞེས་ཞུས་པ་དང་། དེ་ནས་རྡོ་རྗེ་སེམས་དཔས་རྣལ་འབྱོར་སྤྱི་ཁྲུས་འགྱོད་ཚངས་དོང་སྤྲུགས་ཀྱི་ཆོས་བསྟན་ཏོ། །ལག་ན་རྡོ་རྗེས་རིམ་པ་བཞིན་དུ་དབང་བསྐུར་མཛད་ནས་དེ་གཉིས་ཀྱི་བྱང་ཆུབ་ཀྱི་མྱུ་གུ་སྔོ་བསྐམས་སུ་གྱུར་པ་སླར་གསོས་ཏེ། བྲམ་ཟེ་མིའི་ཐོད་པ་ཅན་དང་། སེམས་ཅན་ལུས་སྲུལ་བོ་ཅན་དང་། ཕྱོགས་བཅུའི་གསང་སྔགས་ཀྱི་ཆོས་སྒོར་ཞུགས་པ་རྣལ་འབྱོར་པ་ཕོ་མོ་མང་པོ་ཞིག་གིས་ཀུན་གཞི་བྱང་ཆུབ་ཀྱི་སེམས་དང་ཕྲད་དེ་འབད་པས་རིག་འཛིན་གྱི་ས་ལ་ཕྱིན་པར་གྱུར་ཏོ་ཞེས་པའི་ལོ་རྒྱུས་འུ་ཚོས་འདོན་གྱིན་ཡོད་པའི་ནང་ལྟར་བཤགས་པར་བྱས་ནས་དེ་ལྟར་དག་སོང་བ་ཡིན་ནོ། །རྟོགས་པས་འདག་པ། གཉེན་པོས་འདག་པ། བཤགས་པས་འདག་པ་གསུམ་ཁ་མ་ལྡན་ན་མྱོང་བས་འདག་པ་དགེ་སློང་ཐར་བ་ནག་པོའི་སྐྱེ་རྒྱུད་ལྟར་དུ་ཡིན་ལ། གཉེན་པོས་མ་འཆགས་ན་རང་གཞན་ཐམས་ཅད་ལ་དེ་ལྟ་བུ་ཞིག་ལས་མི་འདའ་བ་ཡིན་ཞིང་། དེ་ལྟར་བཤགས་ཚུལ་དང་འདག་ཚུལ་མང་པོ་ཡོད་པའི་ནང་ནས་གཞུང་འདིའི་སྐབས་སུ་གཉེན་པོས་འདག་པ་དང་བཤགས་པས་འདག་པ་གཉིས་ཀ་གཙོ་བོར་གསུངས་པ་ཡིན་ནོ། །དེས་ན་ཞི་ཁྲོ་ཞེས་པ་ཟ་ཆོག་འདོན་ཆོག་ཡིན་པའི་སྣང་བ་དང་། འདིའི་མཆོད་པ་བཅའ་བཤམས་ཚོ་ཅི་བྱུང་གང་བྱུང་གིས་ཆ་མི་ཚང་བ་ལྟ་བུ་དང་། འདོན་པ་གསུང་ཆོག་ཡིན་ན་ཆོ་ག་ཆ་མི་ཚང་བ་དེ་ཚོ་ཉེས་པ་ཤིན་ཏུ་ནས་ཀྱང་ཆེ་བ་ཡིན་ཞིང་། དམ་པ་གོང་མའི་ཕྱག་སྲོལ་གྱི་ཞི་ཁྲོའི་གནས་བརྒྱ་དེ་ཚོ་ཆད་མ་ཤོར་ན་ཡག་པ་དང་། དེ་ཤི་བོ་གཅིག་དང་ཡོན་བདག་གཅིག་གི་དོན་མ་ཡིན་ལ། བསྟན་སྲོལ་བཟང་པོའི་ཕྱག་རྗེས་ནུབ་དང་མི་ནུབ་ཀྱི་རྩ་བ་ལ་ཐུག་ཡོད་དོ། །དེ་རིང་སླ་ལས་མགྱོགས་འདོན་བྱེད་ས་དེ་ཉིད་གཞན་ཡིན་ཡང་སང་ཕོད་གནངས་ཕོད་ཅིག་ལ་ཉིན་གཅིག་དེའི་ལེ་ལན་ལྟ་བུ་དེ་ཉིད་རང་ལ་འཁོར་ཡོང་བ་ཡིན་ཞིང་། སྤྱོད་ངན་གཞན་ལ་བཞག་ན་ཐ་མར་རང་ལ་འཁོར་བ་དང་། སྤྱོད་བཟང་གཞན་ལ་བཞག་ན་ཐ་མར་རང་ལ་འཁོར་བ་དེ་ཉིད་འཇིག་རྟེན་གཏམ་གྱི་དཔེ་ཡིན་ལ། གྲོང་ཆོག་ལ་བྱོན་ཁོམ་མེད་ན་མ་བྱོན་ན་ཡག་ཅིང་། གཅིག་བྱོན་དུས་སྔར་སྲོལ་ལྟར་དུ་བྱས་ན་ཚེ་འདི་ཕྱི་རང་གཞན་འཕྲལ་ཕུགས་ཐམས་ཅད་ལ་དེ་གནད་ཆུང་ཞིག་མ་ཡིན་ནོ། །རང་གར་འཕྲོས་མོལ་དུ་ཞུས་པ་ཡིན་ལ། ཁྱད་པར་དུ་ཚེ་འདས་གཤིན་པོ་དེ་ཚོ་སྡུག་ཐུག་ཉམ་ཐག་པའི་གནས་སྐབས་ལ་ཐུག་ཡོད་པས་བསྐྱེད་རྫོགས་ཀྱི་ཏིང་འཛིན་དང་ལྟ་བ་ཁྱད་པར་ཅན་གྱིས་ཟིན་ན་བཤད་མ་དགོས་པ་དང་། མ་མཐའ་ཡང་ཚིག་རྗེས་དོན་དྲན་གྱི་དད་དང་སྙིང་རྗེ་གཉིས་ཀས་མ་ཟིན་ཐབས་མེད་ཡིན་ལ། འདི་ཐོས་པས་གྲོལ་བའི་ཆོས་དུས་གསུམ་སངས་རྒྱས་རྣམས་ཀྱི་གཤེགས་ཤུལ་ཡིན་པས་ཡལ་བར་མ་དོར་ཞེས་གཏེར་གཞུང་རང་གི་ནང་དུ་ཡང་གསུངས་པ་ལྟར་དུ་ཡིན་ནོ། །ཁྱད་པར་དུ་གདན་ས་འདིའི་ཕྱག་སྲོལ་ལ་བར་དོའི་ཐོས་གྲོལ་ཆེན་མོ་འུ་ཚོའི་དུས་རྒྱུན་གྱི་ཁ་སྐད་ལ་ཐོས་གྲོལ་ཐོས་རྒན་མ་འདི་ཚོ་ཤི་བོ་ཡི་ཞེ་དགུའི་རིང་ཐམས་ཅད་ལ་མ་འགྲུབ་ཀྱང་བདུན་གསུམ་པ་ཚུན་ཆད་ལྟ་བུ་ལ་བསྙེན་ཚད་ཡོད་པ་བསྐྱེད་རྫོགས་ཀྱི་གནད་ཁྲོལ་བ་བླ་མཆོད་དཔོན་སློབ་གཉིས་རེ་གསུམ་རེ་བཞི་རེ་ཆེ་འཛོམས་ཆུང་འཛོམས་ཀྱིས་གསུང་བའི་སྲོལ་ཚུགས་དང་དོན་ཆེན་པོ་ཡིན་ནོ། །དེ་ཡིས་འུ་ཚོས་ནོངས་བཤགས་དང་སྦྲེལ་ཏེ་བཤགས་པའི་སྐོར་གྱི་འཕྲོས་དོན་བཤད་ཟིན་ཏོ།།

༼ཆ༽ དྲུག་པ་བཀྲ་ཤིས་བརྗོད་པ།

ད་ནི་གཏེར་གཞུང་དཀྱུས་ཀྱི་མཇུག་བསྡུའི་དྲུག་པ་བཀྲ་ཤིས་བརྗོད་པ་ནི༔

ཨཱོཾ་ཆོས་སྐུའི་བཀྲ་ཤིས་སྟོང་ཞིང་བདག་མེད་ཤོག༔

ཨཱཿལོངས་སྐུའི་བཀྲ་ཤིས་གསལ་ལ་འཛིན་མེད་ཤོག༔

ཧཱུྃ་སྤྲུལ་སྐུའི་བཀྲ་ཤིས་ཐུགས་རྗེའི་རྒྱུན་འབྱུང་ཤོག༔

གཞི་ཡི་བཀྲ་ཤིས་རང་རྒྱུད་དུལ་བར་ཤོག༔

ལམ་གྱི་བཀྲ་ཤིས་གཞན་རྒྱུད་སྦྱོང་བར་ཤོག༔

འབྲས་བུའི་བཀྲ་ཤིས་གཞི་ཐོག་སྨིན་པར་ཤོག༔

ཅེས་གསུངས་ཏེ། འདིིའི་བཀྲ་ཤིས་འདི་གསུམ་སྐུ་གསུམ་དང་གཞི་ལམ་འབྲས་གསུམ་ལ་སྦྱར་ནས་གསུངས་ལ། འདིའི་བཀྲ་ཤིས་ཀྱི་ཚིག་གི་ཐོག་མར་ཨོཾ་ཡོད་པ་དང་སྤྱིར་བཏང་གི་སྔགས་ཐམས་ཅད་ཀྱི་མགོ་མར་ཨོཾ་ཡོད་པ་དེ་སྤྱིར་བཏང་གིས་འདྲ་ཡང་འདྲ་བའི་ནང་གི་མི་འདྲ་བའི་གོ་དོན་སྐབས་དང་བསྟུན་པ་ནི་སྤྱི་མཚུངས་ཡིན་ཞིང་། ཁྱད་པར་དུ་བཀྲ་ཤིས་པའི་བརྡ་ཆད་ཨོཾ་སྭ་སྟི་ལྟ་བུ་འདི་ཚོའི་མགོར་ཨོཾ་ཡོད་པ་དེ་ནོར་བུ་འཛིན་པའི་སྙིང་པོ་བཀྲ་ཤིས་པར་བྱེད་པའི་སྙིང་པོ་ཡིན་པ་དང་། བཀྲ་ཤིས་བརྒྱད་པའི་འགོ་ལ་ཨོྃ་ཡོད་པ་དེ་ཚོ་དེའི་རྒྱུ་མཚན་གྱིས་ཡིན་ཏེ། ཨོཾ་ནི་ཅི་ཞིག་ཡིན་པར་བཤད། །མཆོག་དང་ནོར་སྟེར་དཔལ་དང་གཡང་། །སྐལ་བཟང་རྣམ་པ་དང་ལྡན་ཞིང་། །དམ་བཅའ་བ་དང་བཀྲ་ཤིས་དོན། །ཞེས་གསུངས་སོ། །འདི་ནས་སྐུ་གསུམ་དང་སྦྱར་ཡོང་དུས་གཟུང་འཛིན་གཉིས་སྣང་གི་རྟོག་པ་ཐམས་ཅད་སྐྱེ་འགག་མེད་པའི་ངང་དུ་རང་ཞི་ཞིང་རྟག་ཆད་གང་གི་ཡང་མཐར་མ་ལྷུང་བ་བློ་འདས་ངོ་བོ་ཉིད་ཀྱི་ཆོས་སུ་གནས་པ་སྟོང་ཞིང་བདག་མེད་ཆོས་སྐུའི་བཀྲ་ཤིས་ཀྱིས་དེང་འདིར་ནང་གསལ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་གདུལ་བྱའི་རྒྱུད་ལ་རྟག་ཏུ་འཆར་བའི་བཀྲ་ཤིས་ཤོག ངེས་པ་ལྔ་ལྡན་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་བདག་ཉིད་གསལ་ལ་འཛིན་མེད་ལོངས་སྐུའི་བཀྲ་ཤིས་ཀྱིས་ཕྱི་གསལ་མཚན་དཔེའི་རང་བཞིན་གཟུགས་སྐུའི་བཀོད་པ་རྒྱ་མཚོར་མངའ་དབང་འབྱོར་བའི་བཀྲ་ཤིས་ཤོག གང་འདུལ་གདུལ་བྱའི་སྣང་ངོར་སྣ་ཚོགས་སྤྲུལ་བའི་རོལ་གར་སྤྲུལ་སྐུའི་བཀྲ་ཤིས་ཐུགས་རྗེའི་རྒྱུན་འབྱུང་གིས་མཐའ་ཡས་སྤྲུལ་བའི་ཟློས་གར་གྱིས་འགྲོ་དོན་རྒྱུན་མི་ཆད་པའི་བཀྲ་ཤིས་ཤོག་ཅེས་ཆོས་ལོངས་སྤྲུལ་གསུམ་གྱི་བཀྲ་ཤིས་དེ་ལྟར་དུ་བཤད་པའོ། །ཡང་འདིའི་གཞི་ལམ་འབྲས་གསུམ་གྱི་སྐུ་གསུམ་ལུགས་ལྡོག་ཏུ་སྦྱར་ཏེ་བཤད་ན་གཞི་གནས་ལུགས་དོན་གྱི་ཆོས་ཉིད་མ་བཅོས་རང་བྱུང་གི་ཡེ་ཤེས་མ་བཙལ་རང་ལས་རྙེད་པའི་རྟོགས་པས་བདག་རྒྱུད་གྲོལ་བ་དེ་གཞིའི་བཀྲ་ཤིས་ཀྱིས་རང་རྒྱུད་དུལ་ནས་ལྟ་བའི་གདེང་ཆེན་རྙེད་ནས་རྣམ་བཞིའི་ཕྲིན་ལས་ལ་མངའ་དབང་འབྱོར་བ་ཐུགས་རྗེ་རྒྱུན་ཆད་མེད་པ་སྤྲུལ་སྐུའི་བཀྲ་ཤིས་ཤོག ལམ་བསྐྱེད་རྫོགས་རིམ་གཉིས་ཀྱི་སྒོམ་པས་ཐུགས་རྗེས་གཞན་རྒྱུད་སྒྲོལ་བའི་ཟུང་འཇུག་རྟོགས་པའི་ཡེ་ཤེས་མངོན་དུ་གྱུར་ཏེ་ལམ་གྱི་བཀྲ་ཤིས་གཞན་རྒྱུད་སྦྱངས་པས་གདུལ་བྱ་སྨིན་གྲོལ་ལ་འགོད་པ་རང་བཞིན་གསལ་བ་འགག་མེད་ལོངས་སྐུའི་བཀྲ་ཤིས་ཤོག འབྲས་བུ་དག་པ་གཉིས་ལྡན་མ་འཁྲུལ་གཞི་ཡི་གནས་ལུགས་རིག་སྟོང་དབྱེར་མེད་ཀ་དག་གཞི་ཡི་བཀྲ་ཤིས་ཀྱིས་མཚོན་བྱ་དོན་གྱི་ཡེ་ཤེས་འོད་གསལ་ཐིག་ལེ་ཉག་གཅིག་གི་ཀློང་དུ་འགྲོ་ཀུན་ཕྱམ་གཅིག་ཏུ་གྲོལ་བ་རིས་མེད་ཁྱབ་བདལ་ཆོས་སྐུའི་བཀྲ་ཤིས་ཤོག་ཅེས་གསུངས་པའོ། །ཅེས་བརྗོད་དབྱངས་བཅས་མེ་ཏོག་འཐོར༔

༼ཇ༽ བདུན་པ་བསྔོ་བ་སྨོན་ལམ།

༼ཀ དངོས་བཤད་པ།

བདུན་པ་བསྔོ་བ་སྨོན་ལམ་ནི༔

ན་མོ༔ འཁོར་གསུམ་ཡོངས་སུ་དག་པའི་དགེ་བ་འདིས༔

ཁམས་གསུམ་འཁོར་བའི་སེམས་ཅན་མ་ལུས་པ༔

སྐུ་གསུམ་འབྲས་བུ་མྱུར་དུ་ཐོབ་པར་ཤོག༔

འགྲོ་བ་སེམས་ཅན་ཡོངས་ཀྱི་དཔལ་དུ་ཤོག༔

ཅེས་གསུངས་ཏེ། འདིའི་སྐབས་སུ་རྐང་པ་དང་པོས་འཁོར་གསུམ་ཡོངས་དག་དམིགས་མཐའ་དང་བྲལ་བ་གང་བསྔོ་བྱའི་དགེ་བ་བསྟན། རྐང་པ་གཉིས་པས་བསྔོ་ཡུལ་ཁམས་གསུམ་རིགས་དྲུག་གིས་བསྡུས་པའི་སེམས་ཅན་བསྟན་ལ། རྐང་པ་གསུམ་པས་གང་ལ་བསྔོ་བའི་སྐུ་གསུམ་འདུས་པའི་ངོ་བོ་གཞི་འབྲས་དབྱེར་མེད་པའི་བདག་ཉིད་དེ་ཉིད་བསྟན་ཅིང་། རྐང་པ་རྗེས་མས་དམ་པའི་ཆོས་ཟབ་མོ་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་འདི་ཉིད་དུས་བསྐལ་པའི་མཐར་ཡང་ཉམས་པ་མེད་པར་འགྲོ་བ་སེམས་ཅན་ཡོངས་ཀྱི་དཔལ་ལམ་རྒྱན་ནམ་ཐར་ལམ་དམ་པར་བགྲོད་པའི་གསང་ལམ་དུ་འགྱུར་བར་ཤོག་ཅིག་ཅེས་གསུངས་པའོ། །འདིའི་མགོ་ན་ན་མོ་ཞེས་ཕྱག་འཚལ་བའི་ཚིག་སྦྱར་ནས་གང་ལ་ཕྱག་འཚལ་བའི་ཡུལ་མཆོག་གསུམ་རྩ་གསུམ་ཀུན་འདུས་རིགས་བརྒྱར་འདུས་པའི་དཀྱིལ་འཁོར་དཔང་པོར་བཞག་ནས་བདེན་ཚིག་གི་མཐུ་ཅན་གྱི་སྨོན་ལམ་བཏབ་པ་ཡིན་ནོ། །ཡང་བསྔོ་བ་དང་སྨོན་ལམ་སོ་སོར་བསྟན་པའི་དབང་དུ་བྱས་ན་རྐང་པ་སྔོན་མ་གསུམ་དེ་བསྔོ་བ་གཙོ་བོ་དང་། རྐང་པ་རྗེས་མ་སྨོན་ལམ་དུ་ངོས་བཟུང་ན་དོན་ལ་གནས་སམ་སྙམ། བསྔོ་བ་དང་སྨོན་ལམ་གྱི་ཁྱད་པར་རྒྱུ་དགེ་བ་སྔོན་སོང་ཡོད་མེད་ལ་ལྟོས་ནས་གཙོ་བོར་འཇོག་པ་དེ་ཉིད་རང་ལུགས་ཀློང་ཆེན་པའི་བཞེད་སྲོལ་དུས་རྒྱུན་འུ་ཚོས་བཤད་ཀྱིན་ཡོད་པ་དེ་ཡིན་ནོ།།

༼ཁ ལྷ་ཚོགས་གཤེགས་སུ་གསོལ་བ།

ལྷ་ཚོགས་གཤེགས་སུ་གསོལ་བ་ནི༔ འདི་གཙོ་བོ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་པའི་ཚོགས་སྒྲུབ་ཀྱི་སྐབས་ཀྱི་རྗེས་ཀྱི་བྱ་བའམ་ཡང་ན་མདུན་བསྐྱེད་བསྡུས་སྒོམ་གྱི་དོད་པོར་བྱས་པའི་ལུགས་ཡིན་མ་གཏོགས་བདག་མདུན་དབྱེར་མེད་དུ་སྒྲུབ་པའི་སྐབས་སུ་མི་དགོས་སོ།།

ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད༔

རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ༔

སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་༔

སླར་ཡང་འབྱོན་པར་མཛད་དུ་གསོལ༔

ཞེས་གསུངས་ཏེ། ཨོྃ་བཀྲ་ཤིས་པའི་ཚིག་གིས་སྣེ་དྲངས་ནས་གང་བྱ་བའི་དོན་པོ་དེ་ལྷག་པར་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་སྤྱན་དྲངས་པའི་ལྷ་ཚོགས་ལ་ཆོས་ཀྱི་དབྱིངས་ལ་ཡུལ་གྱི་མིང་གིས་བསྙད་ནས་སླར་ཡང་འབྱོན་ཞུས་དང་བཅས་ཏེ། བཛྲ་མུ༔རྡོ་རྗེའི་དབྱིངས་སུ་གཤེགས་ཞེས་པའི་མདུན་བསྐྱེད་ཡེ་ཤེས་པ་གདོད་མའི་འཁོར་ལོ་ལ་བསྲེས་པའི་དོན་ཡིན་ནོ།།

༼ག རྗེས་སུ་རྫོགས་རིམ་བསྒོམ་པ།

རྗེས་སུ་རྫོགས་རིམ་བསྒོམ་པ་ནི༔

གཟུགས་སྣང་ཐམས་ཅད་ཞི་ཁྲོའི་ལྷ་ཚོགས་གསལ༔

ལྷ་ཚོགས་ནམ་མཁའི་འཇའ་ཚོན་ཡལ་པ་ལྟར༔

སྣང་སྟོང་གཉིས་མེད་མཐའ་བྲལ་ངང་ལ་བཞག༔

སྒྲ་གྲགས་ཐམས་ཅད་ཞི་ཁྲོའི་ལྷ་ཚོགས་གསུང་༔

གྲགས་སྟོང་ནམ་མཁའི་འབྲུག་སྒྲ་ཡལ་བ་ལྟར༔

གྲགས་སྟོང་བརྗོད་མེད་ངང་ལ་མཉམ་པར་བཞག༔

དྲན་བསམ་ཐམས་ཅད་ཞི་ཁྲོའི་ཐུགས་སུ་ཤར༔

ཤར་གྲོལ་ཀློང་ཐུམ་མཁའ་ལ་སྤྲིན་དེངས་ལྟར༔

ཐུགས་དགོངས་མ་བཅོས་སྐྱེ་མེད་ངང་ལ་བཞག༔

ཅེས་གསུངས་ཏེ། འདི་རྟག་མཐའ་བསལ་བའི་ཆེད་དུ་སྒོ་གསུམ་གྱིས་བསྡུས་པའི་ལྷ་སྔགས་ཡེ་ཤེས་སུ་ཤར་བ་ཐམས་ཅད་སྐྱེ་མེད་ཀྱི་ཀློང་དུ་བཞག་པ་ཡིན་ཞིང་། བདག་ཉིད་ལྷ་ཡི་སྐུ་གསུང་ཐུགས་འོད་དུ་ཞུ་ནས་ནམ་མཁའི་འཇའ་ཚོན་ཡལ་བ་ལྟར་དུ་སྣང་སྟོང་གྲག་སྟོང་དྲན་སྟོང་གསང་གསུམ་སྐྱེ་བ་མེད་པའི་སྟོང་ཉིད་སྤྲོས་པ་དང་བྲལ་བ་མཉམ་པར་གཞག་བྱ་འཇོག་བྱེད་དང་བྲལ་བའི་ངང་ལ་ཨ་ཨ་ཨ༔ཞེས་སྐྱེ་འགག་གནས་གསུམ་གྱི་མཐའ་དང་བྲལ་བ་མི་དམིགས་བསམ་བརྗོད་དང་བྲལ་བའི་ངང་ལ་དལ་ཅིག་མཉམ་པར་བཞག་དགོས་སོ། །དེས་ཀུན་གཞིའི་ལས་དང་ཤེས་བྱའི་སྒྲིབ་པ་དག ཚིག་དབང་རིན་པོ་ཆེའི་དོན་རྫོགས། འབྲས་བུ་ངོ་བོ་ཉིད་སྐུའི་སྐལ་བ་རང་བཞིན་ལྷུན་གྲུབ་ཏུ་སྨིན་པར་བྱེད་པ་དེ་ལྟ་བུ་ཞིག་ཡིན་ནོ། །དལ་ཅིག་མཉམ་པར་བཞག་པའི་མཉམ་བཞག་ལྟ་བའི་ངང་བསྐྱངས་པ་དེ་ལས་ལངས་ནས་ཆད་མཐའ་བསལ་བའི་ཕྱིར་དུ།

སྐད་ཅིག་སྟོང་གསལ་ཆེན་པོའི་ངང་ཉིད་ལས།།

རྡོ་རྗེ་སེམས་དཔའི་ང་རྒྱལ་མ་བྲལ་བར།།

སྣང་སྟོང་སྒྱུ་མ་ལྟ་བུའི་ངང་ནས་སྤྱོད།།

ཅེས་གསུངས་ཏེ། སླར་ཡང་སྐད་ཅིག་གིས་སྟོང་གསལ་གྱི་ངང་ལས་རྡོ་རྗེ་སེམས་དཔའི་སྐུ་སྣང་སྟོང་སྒྱུ་མ་ལྟ་བུ་ལམ་གྱིས་གསལ་བཏབ་ནས་སྣོད་བཅུད་ལྷའི་འཁོར་ལོ་སྦྱོང་ཞོར་དུ་སྣང་སྟོང་ཟུང་འཇུག་སྒྱུ་མ་ཆུ་ཟླའི་ཚུལ་ཤེས་པའི་ཐོག་དེ་ནས་ཟ་འཆག་ཉལ་ལྡང་ལ་སོགས་པའི་སྤྱོད་ལམ་ལ་འཇུག་པ་དེ་བསྟན་པ་ཡིན་ཞིང་། །སྐད་ཅིག་སྟོང་གསལ་འདི་ལས་བྱང་ཆེ་བའི་ནང་ནས་ཚུར་བཏོན་པའོ།།

༼ག༽ ཐ་མར་དགེ་བ་མཇུག་གི་དོན།

ཞི་ཁྲོ་རིགས་བརྒྱ་འདུས་པའི་ལས་བྱང་ཚོར་བ་རང་གྲོལ་སྙིང་པོ་ཞེས་བྱ་བ་རྫོགས་སོ༔ ས་མ་ཡ༔དམ་ཚིག་གི་སྔགས་ཀྱི་རྒྱ། རྒྱ་རྒྱ་རྒྱ༔གསུམ་གསང་བ་གསུམ་གྱི་མི་ཤིགས་པའི་རྡོ་རྗེའི་རྒྱའམ་ཟབ་པ་གསུམ་གྱི་རྒྱ་ཡིས་མནན་པ་ཡིན་ལ། གྲུབ་ཐོབ་ཀརྨ་གླིང་པའི་གཏེར་མའོ༔ཞེས་གཏེར་བྱང་བཀོད་པའོ། །དེ་ཡན་ཆད་ཀྱིས་འུ་ཚོས་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ལས་བྱང་ཚོར་བ་རང་གྲོལ་གྱི་སྙིང་པོ་འཆད་ཁྲིད་ཐེངས་གཅིག་ཞིབ་རྒྱས་སུ་ཕུལ་གྲུབ་པའི་ཚུལ་ཡིན་ཞིང་། སྤྱིར་ན་རྒྱུད་ལུང་མན་ངག་གི་ཟབ་དོན་དེ་རྒྱལ་བ་རྡོ་རྗེ་འཆང་གི་དགོངས་པའི་མཐིལ། གྲུབ་བརྙེས་རིག་འཛིན་བྱེ་བའི་ཐུགས་བཅུད་ཀྱི་ཉིང་ཁུ་ཡིན་པ་དང་། ཡང་སྒོས་སུ་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་འདི་མན་ངག་ཐམས་ཅད་ཀྱི་བཅུད་འདུས། རྒྱུད་སྡེ་ཐམས་ཅད་ཀྱི་སྙིང་ཕྱུང་བ། ཆོས་ཉིད་ཅེར་མཐོང་དུ་བསྟན་པའི་མན་ངག་ཟབ་མོ། རྒྱུད་དང་སྒྲུབ་ཐབས་ལུང་དང་མན་ངག་ཐམས་ཅད་ཟུང་དུ་འབྲེལ་བ། གུ་རུ་རིན་པོ་ཆེས་མངའ་བདག་རྗེ་འབངས་ཡབ་སྲས་ལ་བཀའ་བསྩལ་ཏེ། ཐོས་པ་ཙམ་གྱིས་གྲོལ་བ་ཐོབ་པའི་ཆོས་ཡིན་ཞེས་གསུངས་པ་ལྟར་དུ་ཡིན་ལ། འདི་རྒྱུད་དོན་གཟིགས་པའི་བདེན་མཐོང་གི་གང་ཟག་ཁྱད་པར་པ་ཞིག་མིན་ན་འདིའི་དགོངས་དོན་འགྲོལ་དཀའ་བ་ཡིན་ནོ། །ཁྱད་པར་དུ་ང་ལྟ་བུ་སོ་སོ་སྐྱེ་བོ་འཆིང་བ་ཀུན་ལྡན་ཐོས་བསམ་ཐུན་མོང་གི་སྦྱང་བ་ཙམ་ཡང་སྔོན་དུ་མ་སོང་བ་ཞིག་གིས་དེ་བས་ཀྱང་དེའི་དགོངས་དོན་འགྲོལ་དགོས་ན་གཏིང་དཔོག་རྒྱུ་ཅན་ཞིག་ག་ལ་ཡིན་ཡང་བརྒྱུད་པ་བཟང་པོའི་ཕ་ནོར་ལ་སེལ་ཉམས་ཆགས་ངན་པ་ཞིག་གི་དྲི་མས་གོས་མེད་པའི་ཞེ་ཚོད་དཔའ་གདེང་གིས་དམ་པ་གོང་མའི་དགོངས་འདུན་རྒྱུད་འཛིན་བྱེད་རྒྱུ་དང་། ཕ་ནོར་བུ་སྐལ་དུས་ཐོག་ཏུ་འཕྲོད་དགོས་རྒྱུ། དུས་འདིར་བསྟན་པ་ཉམས་དམའ་ཉག་ཕྲའི་བསྟན་རྒྱུན་གསོ་བའི་དགོས་ཆེད་རྣམས་ལ་དམིགས་ནས་ལྷག་བསམ་སེམས་པ་བཟང་པོའི་ཀུན་སློང་སྔོན་དུ་འགྲོ་ས་དེ་ཉིད་ནས་དམ་པའི་ལེགས་བཤད་ལ་གཞི་བཅོལ་ནས་རྒྱུད་དོན་ཅུང་ཟད་ཅིག་འགྲོལ་རྒྱུའི་འབད་པ་འདི་བྱས་ལ། འདིའི་སྐབས་ནས་ལེགས་པར་བཤད་པའི་ཆ་ཅུང་ཟད་རེ་ཡོད་སྲིད་ན་དེའི་རྣམ་དཀར་གྱི་ཕུང་པོས་སྔ་འགྱུར་རྡོ་རྗེ་ཐེག་པའི་ནང་རྒྱུད་ཡོ་ག་གསུམ་གྱི་བསྟན་པ་བཀའ་གཏེར་དག་སྣང་དང་བཅས་པའི་ཆོས་འདི་བསྐལ་པ་མ་སྟོངས་ནམ་མཁའ་མ་ཞིག་གི་བར་དུ་ནུབ་པ་མེད་པའི་རྒྱུར་འགྱུར་བ་དང་། མཐའ་ཡས་འགྲོ་བའི་ཉེར་འཚོའི་གཞིར་འགྱུར་བར་སྨོན་ལམ་འདེབས་རྒྱུ། གལ་ཏེ་བདག་བློ་རྨོངས་དང་མ་རིག་པས་ནོན་པའི་གཞན་དབང་གིས་ཚིག་དོན་གང་གི་ཆ་ནས་ཡིན་ན་འགལ་ཉེས་ནོངས་པར་གྱུར་བའི་རིགས་ལྟ་བུ་ཤོར་ཡོད་ན་རྩ་གསུམ་ལྷ་དང་སྲུང་མའི་མདུན་ནས་བཤགས་རྒྱུ་དང་། ཆོས་སྤྱན་དང་ལྡན་པ་ཀུན་གྱིས་དེ་ལ་བཟོད་ཅིང་ཚངས་པར་མཛོད་ཅེས་ཞུ་རྒྱུ་ཡིན། དེ་དང་ཆབས་ཅིག་ཏུ་འདིར་བཞུགས་ཀྱི་སྐལ་ལྡན་རྡོ་རྗེའི་མཆེད་ལྕམ་དགེ་འདུན་འདུས་པ་རྒྱ་མཚོའི་བསྙེན་སྒྲུབ་ཕྲིན་ལས་མཐར་ཕྱིན་ཏེ་ཆོས་འདིའི་སྒོ་ནས་འགྲོ་དོན་རྒྱུན་མི་ཆད་པར་ཕྱོགས་མཐར་ཁྱབ་པའི་སྨོན་འདུན་དེ་ལྟར་ཞུ་བ་དང་བཅས་ཏེ་རེ་ཞིག་ཆོས་མཚམས་འུ་ཚོས་འདི་ནས་བཞག ད་རུང་མཆོག་སྤྲུལ་རྣམ་པའི་དགོངས་བཞེད་དང་བསྟུན་ན་ཞི་ཁྲོའི་འདོན་ཆའི་ལུང་དེ་ཆ་ཚང་དུ་འཇུག་དགོས་ཞེས་གསུངས་འདུག དེ་ཡང་ལེགས་སོ་ཞེས་དང་ལེན་ཞུས་ནས་སོང་ཉིན་གྱི་ཆོས་ཁྲིད་ད་ལྟའི་དུས་འདིར་འདོན་རྒྱུ་བྱས་ཡོད། ཡིན་ན་ཡང་འདོན་རྒྱུ་དུས་ཚོད་ཐུང་ཐུང་ཡིན་པ་དང་། གཅིག་ན་ཁྱེད་རྣམ་པས་ཐུན་ཆག་མི་ཉན། གཉིས་སུ་ངས་རབ་བྱུང་མང་པོ་བསྒྲུབ་རྒྱུའི་ཁ་ཆད་བྱས་ཚར་བ་ཡིན་ཞིང་། ཐག་རིང་གི་འགྲུལ་བ་ཐོན་ཚར་སོང་ཟེར་གྱིན་འདུག གང་ལྟར་ཡང་ལུང་དེ་ཡང་ནམ་ཐུབ་གང་ཐུབ་བྱེད་རྒྱུ་ཡིན། དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བ་འདིས་མཚོན་ཏེ་རང་གཞན་སེམས་ཅན་ཐམས་ཅད་དང་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པས་དུས་གསུམ་ཀུན་ཏུ་བསགས་པའི་ཟག་བཅས་དང་ཟག་མེད་ཀྱི་དགེ་ཚོགས་ཐམས་ཅད་གཅིག་ཏུ་བསྡུས་ཏེ་བསྡོམས་པའི་མཐུས་ཀུན་མཁྱེན་རྒྱལ་བ་ཤཱཀྱ་སེང་གེའི་བསྟན་པ་རིན་པོ་ཆེ་ལུང་དང་རྟོགས་པའི་བདག་ཉིད་ཅན་བཤད་དང་སྒྲུབ་པ་གཉིས་ལྡན་གྱི་འཛིན་སྐྱོང་སྤེལ་གསུམ་གྱིས་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས། བསྟན་འཛིན་གྱི་སྐྱེས་བུ་རླབས་ཆེན་བསྟན་འགྲོའི་དཔལ་མགོན་གང་ན་འཚོ་ཞིང་གཞེས་པ་དག་གི་སྐུ་ཚེའི་ཞབས་པད་བརྟན། ཐུགས་བཞེད་གེགས་མེད་དུ་འགྲུབ། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན། ཁྲིམས་གཙང་། བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ་ནད་མུག་མཚོན་འཁྲུགས་འབྱུང་བཞིའི་འཇིགས་པ་ལ་སོགས་པ་རྒུད་པའི་སྐལ་བ་ངན་པ་ཐམས་ཅད་ཞི། འབྲེལ་ཐོགས་འགྲོ་བས་གཙོས་པའི་མཁའ་མཉམ་རིགས་དྲུག་གི་སེམས་ཅན་ཐམས་ཅད་མཐར་ཐུག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་ཐོབ་པའི་རྒྱུར་འགྱུར་བའི་ཕྱིར་དུ་སྔར་རྒྱལ་བ་སྲས་དང་བཅས་པས་ཇི་ལྟར་བསྔོས་པ་ལྟར་གྱི་བསྔོ་བའི་ཐུགས་འདུན་ཟབ་མོ་གནང་བར་ཞུའོ།། །།བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོས་དེ་ཡང་དེ་བཞིན་དེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཕྱིར། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ།། །།ཀྱེེ་མ་བདག་ལ་སྐྱེ་གནས་བར་དོ་འཆར་དུས་འདིར༔ ཚེ་ལ་ལོང་མེད་ལེ་ལོ་སྤངས་བྱས་ནས༔ ཐོས་བསམ་སྒོམ་གསུམ་མ་ཡེངས་ལམ་ལ་འཇུག༔ སྣང་སེམས་ལམ་བསླང་སྐུ་གསུམ་མངོན་གྱུར་བྱ༔ མི་ལུས་ལན་གཅིག་ཐོབ་པའི་དུས་ཚོད་འདིར༔ ཡེངས་མ་ལམ་ལ་སྡོད་པའི་དུས་ཚོད་མིན༔ ཀྱེེ་མ་བདག་ལ་རྨི་ལམ་བར་དོ་འཆར་དུས་འདིར༔ གཏི་མུག་རོ་ཉལ་བག་མེད་སྤངས་བྱས་ནས༔ དྲན་པ་ཡེངས་མེད་གནས་ལུགས་ངང་ལ་འཇུག༔ རྨི་ལམ་བཟུང་ནས་སྤྲུལ་བསྒྱུར་འོད་གསལ་སྦྱངས༔ དུད་འགྲོ་བཞིན་དུ་ཉལ་བར་མ་བྱེད་ཅིག༔ གཉིད་དང་མངོན་སུམ་འདྲེས་པའི་ཉམས་ལེན་གཙོ༔ ཀྱེེ་མ་བདག་ལ་བསམ་གཏན་བར་དོ་འཆར་དུས་འདིར༔ རྣམ་གཡེང་འཁྲུལ་བའི་ཚོགས་རྣམས་སྤངས་བྱས་ནས༔ ཡེངས་མེད་འཛིན་མེད་མཐའ་བྲལ་ངང་ལ་འཇོག༔ བསྐྱེད་རྫོགས་གཉིས་ལ་བརྟན་པ་ཐོབ་པར་བྱ༔ བྱ་བ་སྤངས་ནས་རྩེ་གཅིག་བསྒོམ་དུས་འདིར༔ ཉོན་མོངས་འཁྲུལ་བའི་དབང་དུ་མ་གཏོང་ཞིག༔ ཀྱེེ་མ་བདག་ལ་འཆི་ཁ་བར་དོ་འཆར་དུས་འདིར༔ ཀུན་ལ་ཆགས་སེམས་ཞེན་འཛིན་སྤངས་བྱས་ནས༔ གདམས་ངག་གསལ་བའི་ངང་ལ་མ་ཡེངས་འཇུག༔ རང་རིག་སྐྱེ་མེད་ནམ་མཁའི་དབྱིངས་སུ་འཕོ༔ འདུས་བྱས་ཤ་ཁྲག་ལུས་དང་འབྲལ་ལ་ཁད༔ མི་རྟག་སྒྱུ་མ་ཡིན་པར་ཤེས་པར་བྱ༔ ཀྱེེ་མ་བདག་ལ་ཆོས་ཉིད་བར་དོ་འཆར་དུས་འདིར༔ ཀུན་ལ་སྔངས་སྐྲག་འཇིགས་སྣང་སྤངས་བྱས་ནས༔ གང་ཤར་རང་སྣང་རིག་པར་ངོ་ཤེས་འཇུག༔ བར་དོའི་སྣང་ཚུལ་ཡིན་པར་ཤེས་པར་བྱ༔ དོན་ཆེན་འགགས་ལ་ཐུག་པའི་དུས་ཚོད་འདིར༔ རང་སྣང་ཞི་ཁྲོའི་ཚོགས་ལ་མ་འཇིགས་ཤིག༔ ཀྱེེ་མ་བདག་ལ་སྲིད་པ་བར་དོ་འཆར་དུས་འདིར༔ འདུན་པ་རྩེ་གཅིག་སེམས་ལ་བཟུང་བྱས་ནས༔ བཟང་པོ་ལས་ཀྱི་འཕྲོ་ལ་ནན་གྱིས་མཐུད༔ མངལ་སྒོ་དགག་ནས་རུ་ལོག་དྲན་པར་བྱ༔ སྙིང་རུས་དག་སྣང་དགོས་པའི་དུས་ཤིག་ཡིན༔ མིག་སེར་སྤངས་ལ་བླ་མ་ཡབ་ཡུམ་སྒོམས༔ འཆི་བ་འོང་སྙམ་མེད་པའི་བློ་རིང་པོ༔ དོན་མེད་ཚེ་འདིའི་བྱ་བ་བསྒྲུབས་བསྒྲུབས་ནས༔ ད་རེས་སྟོང་ལོག་བྱས་ན་ཤིན་ཏུ་འཁྲུལ༔ དགོས་ངོ་ཤེས་པ་དམ་པའི་ལྷ་ཆོས་ཡིན༔ ད་ལྟ་ཉིད་དུ་ལྷ་ཆོས་མི་བྱེད་དམ༔ གྲུབ་ཆེན་རྣམས་ཀྱི་ཞལ་ནས་འདི་སྐད་གསུངས༔ བླ་མའི་གདམས་ངག་སེམས་ལ་མ་བཞག་ན༔ རང་གིས་རང་ཉིད་བསླུ་བར་མི་འགྱུར་རམ༔ ༈ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ བརྩེ་བ་ཆེན་པོའི་ལམ་སྣ་དྲང་དུ་གསོལ༔ བདག་ནི་འཁྲུལ་བའི་འཁོར་བར་འཁྱམས་པའི་ཚེ༔ ཐོས་བསམ་སྒོམ་གསུམ་མ་ཡེངས་འོད་ལམ་ལ༔ བཀའ་བརྒྱུད་བླ་མ་རྣམས་ཀྱིས་ལམ་སྣ་དྲོངས༔ ཡུམ་མཆོག་མཁའ་འགྲོའི་ཚོགས་ཀྱིས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ གཏི་མུག་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ ཆོས་དབྱིངས་ཡེ་ཤེས་གསལ་བའི་འོད་ལམ་ལ༔ བཅོམ་ལྡན་རྣམ་པར་སྣང་མཛད་ལམ་སྣ་དྲོངས༔ ཡུམ་མཆོག་དབྱིངས་ཕྱུག་མ་ཡིས་རྒྱབ་ནས་སྐྱོར༔ བར་དོའི་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ཞེ་སྡང་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ མེ་ལོང་ཡེ་ཤེས་གསལ་བའི་འོད་ལམ་ལ༔ བཅོམ་ལྡན་རྡོ་རྗེ་སེམས་དཔས་ལམ་སྣ་དྲོངས༔ ཡུམ་མཆོག་སངས་རྒྱས་སྤྱན་མས་རྒྱབ་ནས་སྐྱོར༔ བར་དོའི་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ང་རྒྱལ་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ མཉམ་ཉིད་ཡེ་ཤེས་གསལ་བའི་འོད་ལམ་ལ༔ བཅོམ་ལྡན་རིན་ཆེན་འབྱུང་ལྡན་ལམ་སྣ་དྲོངས༔ ཡུམ་མཆོག་མཱ་མ་ཀི་ཡིས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ འདོད་ཆགས་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ སོར་རྟོག་ཡེ་ཤེས་གསལ་བའི་འོད་ལམ་ལ༔ བཅོམ་ལྡན་སྣང་བ་མཐའ་ཡས་ལམ་སྣ་དྲོངས༔ ཡུམ་མཆོག་གོས་དཀར་མོ་ཡིས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ཕྲག་དོག་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ བྱ་གྲུབ་ཡེ་ཤེས་གསལ་བའི་འོད་ལམ་ལ༔ བཅོམ་ལྡན་དོན་ཡོད་གྲུབ་པས་ལམ་སྣ་དྲོངས༔ ཡུམ་མཆོག་དམ་ཚིག་སྒྲོལ་མས་རྒྱབ་ནས་སྐྱོར༔ བར་དོའི་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ བག་ཆགས་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ ལྷན་སྐྱེས་ཡེ་ཤེས་གསལ་བའི་འོད་ལམ་ལ༔ དཔའ་བོ་རིག་འཛིན་རྣམས་ཀྱིས་ལམ་སྣ་དྲོངས༔ ཡུམ་མཆོག་མཁའ་འགྲོའི་ཚོགས་ཀྱིས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ འཁྲུལ་སྣང་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ སྔངས་སྐྲགས་འཇིགས་སྣང་སྤངས་པའི་འོད་ལམ་ལ༔ བཅོམ་ལྡན་ཞི་ཁྲོའི་ཚོགས་ཀྱིས་ལམ་སྣ་དྲོངས༔ དབྱིངས་ཕྱུག་མཁའ་འགྲོའི་ཚོགས་ཀྱིས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ཀྱེེ་མ༔ ནམ་མཁའི་ཁམས་རྣམས་དགྲ་རུ་མི་ལྡང་ཞིང་༔ སངས་རྒྱས་མཐིང་ཁའི་ཞིང་ཁམས་མཐོང་བར་ཤོག༔ ཆུ་ཡི་ཁམས་རྣམས་དགྲ་རུ་མི་ལྡང་ཞིང་༔ སངས་རྒྱས་དཀར་པོའི་ཞིང་ཁམས་མཐོང་བར་ཤོག༔ ས་ཡི་ཁམས་རྣམས་དགྲ་རུ་མི་ལྡང་ཞིང་༔ སངས་རྒྱས་སེར་པོའི་ཞིང་ཁམས་མཐོང་བར་ཤོག༔ མེ་ཡི་ཁམས་རྣམས་དགྲ་རུ་མི་ལྡང་ཞིང་༔ སངས་རྒྱས་དམར་པོའི་ཞིང་ཁམས་མཐོང་བར་ཤོག༔ རླུང་གི་ཁམས་རྣམས་དགྲ་རུ་མི་ལྡང་ཞིང་༔ སངས་རྒྱས་ལྗང་གུའི་ཞིང་ཁམས་མཐོང་བར་ཤོག༔ འཇའ་ཚོན་ཁམས་རྣམས་དགྲ་རུ་མི་ལྡང་ཞིང་༔ སངས་རྒྱས་སྣ་ཚོགས་ཞིང་ཁམས་མཐོང་བར་ཤོག༔ སྒྲ་འོད་ཟེར་གསུམ་དགྲ་རུ་མི་ལྡང་ཞིང་༔ ཞི་ཁྲོ་རབ་འབྱམས་ཞིང་ཁམས་མཐོང་བར་ཤོག༔ སྒྲ་རྣམས་ཐམས་ཅད་རང་སྒྲར་ཤེས་པར་ཤོག༔ འོད་རྣམས་ཐམས་ཅད་རང་འོད་ཤེས་པར་ཤོག༔ ཟེར་རྣམས་ཐམས་ཅད་རང་ཟེར་ཤེས་པར་ཤོག༔ བར་དོ་རང་ངོ་རང་གིས་ཤེས་པར་ཤོག༔ སྐུ་གསུམ་ཞིང་ཁམས་མངོན་དུ་འགྱུར་བར་ཤོག༔ ༈ ཀུན་བཟང་ཞི་ཁྲོ་རབ་འབྱམས་ཐུགས་རྗེ་དང་། །ཆོས་ཉིད་རྣམ་པར་དག་པའི་བདེན་སྟོབས་དང་། །སྔགས་འཆང་རྩེ་གཅིག་བསྒྲུབས་པའི་བྱིན་རླབས་ཀྱིས། །སྨོན་ལམ་བཏབ་པ་དེ་བཞིན་འགྲུབ་གྱུར་ཅིག །རིག་འཛིན་བདག་གི་ལྷག་བསམ་རྣམ་དག་དང་། །ཆོས་ཉིད་རང་བཞིན་ཅི་ཡང་མ་ཡིན་པའི། །བདེན་པའི་མཐུ་ཡིས་ཁམས་གསུམ་ཡིད་ཅན་དང་། །ཁྱད་པར་འབྲེལ་བས་བསྡུས་པའི་སེམས་ཅན་ཀུན། །སྐུ་བཞིའི་ཞིང་ཁམས་རྨད་བྱུང་ཉམས་དགའ་བར། །ཚོམ་བུ་གཅིག་ཏུ་ཕྱམ་གཅིག་གྲོལ་བར་ཤོག །མདོ་སྔགས་ཆོས་ཚུལ་ཚང་ལ་མ་ནོར་བ། །མཁས་ཤིང་གྲུབ་བརྙེས་རིག་འཛིན་བརྒྱུད་པའི་སྲོལ། །ཐུབ་བསྟན་སྙིང་པོ་གསང་སྔགས་སྔ་འགྱུར་བའི། །བསྟན་པ་འཕེལ་རྒྱས་སྲིད་མཐར་ཁྱབ་གྱུར་ཅིག །ཧྲཱིཿསྔོན་ཚེ་དེ་བཞིན་གཤེགས་པ་གཙུག་གཏོར་ཅན། །འཕགས་པའི་ཡུལ་དུ་གྲུབ་ཆེན་ཀུ་ཀུ་རི། །ཁ་བ་ཅན་དུ་དཔལ་ལྡན་ཐང་པ་ཞེས། །པདྨ་རིག་འཛིན་ཞབས་ལ་གསོལ་བར་འདེབས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །དཔལ་ལྡན་མཁས་གྲུབ་བྱེ་བའི་གཙུག་གི་རྒྱན། །མདོ་སྔགས་ལུང་རྟོགས་བསྟན་པའི་ཤིང་རྟ་ཆེ། །འཇིགས་བྲལ་སྔ་འགྱུར་རྒྱལ་བ་རྫོགས་ཆེན་པ། །ཤྲཱི་སེང་ཆོས་གྲྭའི་བསྟན་པ་རྒྱས་གྱུར་ཅིག །ཐུབ་བསྟན་མཛེས་པའི་རྒྱན་གཅིག་ཀློང་ཆེན་པ། །བཤད་སྒྲུབ་བསྟན་པའི་མངའ་བདག་འཇིགས་མེད་གླིང་། །མཚུངས་མེད་བླ་མའི་བསྟན་པ་སྲིད་མཐའི་བར། །བཤད་སྒྲུབ་ཐོས་བསམ་སྒོམ་པས་འཛིན་གྱུར་ཅིག །གངས་རིའི་ར་བས་སོགས།


previousཉིན་ལྔ་བའི་ཆོས་ཁྲིད། next