Nitartha Digital Library
Tibetan
 
previousསླར་སྨྲས་པ། no next

སླར་སྨྲས་པ།

རྨད་བྱུང་ཐུགས་ཀྱི་ཆུ་མཚོ་ལས་བྱུང་ཞིང་།།

ཡང་དག་ལུང་དང་རིགས་པའི་རླབས་ཕྲེང་ཅན།།

རྒྱུད་དོན་རྒྱ་མཚོའི་གསལ་བྱེད་རྣམ་བཤད་འདི།།

ཀུན་མཁྱེན་རྒྱལ་བའི་གསུང་དང་དབྱེར་མ་མཆིས།།

རིམ་གཉིས་ལམ་གྱི་ཟབ་གནད་དང་ལྡན་པས།།

ཟབ་གསང་ཆོས་ཀྱི་སྙིང་པོ་ཐོས་གྲོལ་གྱིས།།

རང་གཞན་དོན་གཉིས་བྱ་བ་སྒྲུབ་འདོད་པ།།

སྐལ་བཟང་སྐྱེ་བོ་འདི་ལ་འཇུག་པར་རིགས།།

ངེས་གསང་རྒྱུད་ཀྱི་དགོངས་དོན་ལྟ་ཅི་སྟེ།།

རྡོ་རྗེའི་ཚིག་གི་གཟུགས་རིས་འབྲི་བ་ཡང་།།

དམན་པ་བདག་ལ་སྤོབས་པ་མ་མཆིས་པས།།

ནོངས་པ་འབྱུང་སྲིད་རྩ་གསུམ་ལྷ་ལ་བཤགས།།

འདིར་འབད་དགེ་བས་ཁམས་གསུམ་ཡིད་ཅན་ཀུན།།

ཐོས་གྲོལ་ཆོས་ཀྱི་ལམ་མཆོག་ལ་བརྟེན་ནས།།

སྐུ་བཞིའི་ཞིང་ཁམས་ཆོས་དབྱིངས་ཕོ་བྲང་དུ།།

འབད་མེད་ལྷུན་རྫོགས་མངོན་འཚང་རྒྱ་བར་ཤོག།

ཅེས་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ལས་བྱང་ཚོར་བ་རང་གྲོལ་གྱི་སྙིང་པོའི་རྣམ་བཤད་རིམ་གཉིས་གསལ་བྱེད་ཅེས་བྱ་བ་འདི་ཆེར་སྙིགས་དུས་ཀྱི་ཐ་མ་འདི་ལ་ངེས་གསང་བསྟན་པའི་གསལ་བྱེད་ཆེན་པོ་དོན་གྱི་སླད་དུ་མཚན་ནས་སྨྲོས་ན་༧ཆོས་རྗེ་བླ་མ་པདྨ་སྐལ་བཟང་རིན་པོ་ཆེ་མཆོག་གིས་ལས་བྱང་ཆུང་བའི་དོན་ཁྲིད་མཛད་པ་དེ་ཉིད་ཇི་བཞིན་དུ་ཡི་གེར་བཀོད་པ་ཡིན་ཞིང་། ཡི་གེའི་གཟུགས་སུ་འགོད་པ་པོ་ནི་ཆོས་རྗེ་བླ་མ་མཆོག་གི་སློབ་འབངས་ཀྱི་གྲལ་མཐར་གཏོགས་པ་བསོད་ནམས་རྒྱ་མཚོ་ཞེས་འབོད་པ་དེ་ཉིད་ཀྱིས་རབ་བྱུང་བཅུ་བདུན་པའི་ལྕགས་ཕོ་སྟག་གི་ལོའི་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན་ལ་གྲུབ་པར་བགྱིས་ཏེ་སྦྱར་བར་བྱས་པས་འདིས་ཀྱང་སྤྱིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཁྱད་པར་དུ་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཕྲིན་ལས་ནམ་མཁའི་མཐའ་དང་མཉམ་པའི་རྒྱུ་རུ་སྨོན་ན་དེ་དེ་བཞིན་དུ་འགྲུབ་པར་རྩ་གསུམ་རྒྱལ་བ་སྲས་དང་བཅས་པས་མཐུན་འགྱུར་མཛད་དུ་གསོལ།། །།

དགེའོ།། དགེའོ།། དགེའོ།།


previousསླར་སྨྲས་པ། no next