Nitartha Digital Library
Tibetan
 
previousཉིན་གཉིས་པའི་ཆོས་ཁྲིད། next

ཉིན་གཉིས་པའི་ཆོས་ཁྲིད།

ནམ་མཁའི་མཐའ་དང་མཉམ་པའི་མུ་མེད་མཐའ་ཡས་པའི་སེམས་ཅན། ཕ་མ་མ་གྱུར་པ་གཅིག་ཀྱང་མེད་པའི་འགྲོ་བ་རིགས་དྲུག་གི་གནས་ནས་སྡུག་བསྔལ་སྣ་ཚོགས་མྱོང་བའི་སེམས་ཅན་ཉམ་ཐག་དབང་མེད་འཁོར་བའི་གནས་སུ་འཁྱམ་བཞིན་པ་ཐམས་ཅད་སྙིང་རེ་རྗེ། དེ་ལས་ཀྱང་ངན་སོང་གི་གནས་གསུམ་དུ་ཡོད་པའི་སེམས་ཅན་གྱི་ལུས་སེམས་གཉིས་ཀའི་སྡུག་བསྔལ་སྐད་ཅིག་གཅིག་ཙམ་ལའང་བཟོད་ཐབས་བྲལ་བ་ཞིག་ཡིན་པ་དང་། དེ་ལས་མཐོ་རིས་རྣམ་གསུམ་སྡུག་བསྔལ་ཆུང་ཤོས་ལྟ་བུ་ཞིག་ཡིན་ཡང་། རང་རེ་མིའི་སྡུག་བསྔལ་ལྟ་བུ་ལ་བསམ་ན་སྐྱེ་རྒ་ན་འཆི་བདུད་ཀྱི་ཆུ་བོ་བཞི་གཅིག་བས་གཅིག་གིས་ཐུ་བ་དང་། ཁྱད་པར་དུ་འཆི་བའི་སྡུག་བསྔལ་ཞེས་པའི་དགྲ་ཆེན་དེས་ནམ་ཞིག་ལ་ཇི་ལྟར་ཁྲིད་འགྲོ་བསམས་ནས་ཤི་སྡུག་གསོག་པ་དེ་ཁོ་ནའི་ཚུལ་ལ་བསམས་ན་ཡང་སྙིང་མི་རྗེ་རང་དབང་མེད་པ་ཞིག་ཡིན། མི་སྡིག་ཅན་འཆི་བ་མཐོང་ཙ་ན། །ལས་རྒྱུ་འབྲས་སྟོན་པའི་སློབ་དཔོན་ཡིན། །ཞེས་པ་ལྟར་དུ་སྐྱེས་པའི་མི་གཏན་བྲལ་རེད། བསགས་པའི་རྒྱུ་ནོར་ཤུལ་དུ་བསྐྱུར་ནས་ལས་ཀྱི་རྗེས་སུ་འབྲང་ནས་སྡུག་བསྔལ་མྱོང་བ་དང་། དེ་བཞིན་དུ་ནད་པ་ཚབས་ཆེན་དང་། རྒས་པ་ཉམ་ཐག་དག་ཀྱང་དེ་དང་དེའི་རང་བཞིན་ཡིན་ལ། ལོ་ཉུང་ནད་མེད་དག་ཉིན་ཁ་ཤས་ཀྱི་རིང་ལ་ལོ་ཉུང་ལུས་ཕྲ་ལྟ་བུར་སྣང་ཡང་ཕན་ཅི་ཡོད་དེ། བདུད་ཀྱི་ཆུ་བོ་ཆེན་པོ་བཞིའི་དབའ་ལ་བྱིངས་ནས། བཤའ་ཟོག་ར་བའི་ནང་དུ་བརྒྱབ་པ་ལྟ་བུ་དང་ཁྱད་མེད་པར། འཆི་བདག་གཤིན་རྗེའི་སྐྱེས་བུ་ལ་དུས་འདིའི་ཉིན་པར་དབུགས་ཀྱི་རྒྱུ་མཚམས་གཅད་པར་བྱ་དགོས་སྙམ་པའི་ཞེ་ཚོད་དང་ཁོག་འདེང་ཁྲིགས་སེ་ཡོད་པ་ཡིན་པའི་ཕྱིར། གང་ཟག་འདི་དུས་འདིའི་ཉིན་དུ་རྐྱེན་འདི་ལྟ་བུས་འཆི་བ་ཡིན་ཞེས་གཤིན་རྗེའི་ཁྲམ་ཤིང་གི་ངོས་སུ་ཤི་རྟགས་བརྒྱབ་མེད་པ་གཅིག་ཀྱང་ཡོད་པ་མ་ཡིན། མདོར་ན་ཉམ་གཅིག་བས་གཅིག་ཐག སྙིང་གཅིག་བས་གཅིག་རྗེ་བའི་སེམས་ཅན་འདི་དག་ཐམས་ཅད་འདི་འདྲའི་སྡུག་བསྔལ་དྲག་པོ་འདི་དག་ལས་ཐར་བར་བྱས་ནས་གཏན་བདེ་བྱང་ཆུབ་དམ་པ་སྡུག་བསྔལ་གྱི་མིང་ཙམ་ཡང་མེད་པའི་ཐར་བ་བྱང་ཆུབ་ཆེན་པོ་ལ་འགོད་ནུས་པའི་ལམ་ཞིག་རྙེད་པའི་གོ་སྐབས་བཟང་པོ་འདི་ད་རེས་ཤོར་མི་རུང་ལ་ཤོར་བར་མི་བྱ་སྙམ་པའི་ཀུན་སློང་དང་བཅས་པས། སྐབས་སུ་བབ་པ་གང་ཞིག་གསན་པར་བྱ་བའི་ཆོས་ཀྱི་རིམ་པ་ནི། ངེས་པ་དོན་གྱི་མཐར་ཐུག་ན་འཕགས་པ་འཇམ་དཔལ་དབྱངས་དང་། གསང་བའི་བདག་པོ་དང་། ཀུན་ཏུ་བཟང་པོ་ལ་སོགས་པ་ས་བཅུའི་དབང་ཕྱུག་ཆེན་པོ་རྣམས་དང་ཞལ་མི་གཉིས་ན་ཡང་། གདུལ་བྱ་ཐུན་མོང་གི་ངོར་མིའི་ཟོལ་དུ་བྱོན་ནས། གསན་བསམ་སྒོམ་པ་རྒྱ་མཚོའི་ཕ་མཐར་སོན་ཅིང་། མཁས་ཤིང་གྲུབ་པའི་རྣམ་ཐར་རྩོད་མེད་ཡོངས་ལ་གྲགས་པའི་རྫོགས་ཆེན་བསྟན་པའི་ཤིང་རྟ་བ་ཆེན་པོ། ཀློང་ཆེན་རབ་འབྱམས་བཟང་པོ་མ་འོངས་པ་ན་བདེ་གཤེགས་རི་རབ་མར་མེ་རྒྱལ་མཚན་དུ་གྲགས་པ་དེ་ཉིད་དུ་འཚང་རྒྱ་བར་འགྱུར་བ་གང་ཉིད་ཀྱི་གསུང་ཆོས་སྐུའི་རིང་བསྲེལ་གྱི་ཕུང་པོ་བཀའ་གཙིགས་བཀའ་ཆེམས་གྱི་ཚུལ་དུ་བཞག་པ་མང་ན་ཡང་། དེ་ལས་ཁྱད་པར་དུ་གྱུར་བ་རྒྱ་ཆེ་བ་པཎྜི་ཏའི་ལུགས་ཀྱི་བསྟན་བཅོས་མཛོད་ཆེན་རྣམ་པ་བདུན་ཡོད་པ་ལས། མ༵ན་ང༵ག་ཀུན་གྱི་སྙིང་པོ་བསྡུ་བསྡུ་བ། །དྲུག་ཚན་རེས་ཀྱང་དམ་ཆོས་མཛོད་རྫོགས་པའི། །ལམ་བཟང་འདི་འདྲ་རྒྱལ་བ་དངོས་མཇལ་ཀྱང་། །ཅིག་ཆར་ཐོས་པ་དཀའ་བ་མ་ཡིན་ནམ། །ཞེས་གསུངས་པ་ལྟར་དུ་ལམ་དང་འབྲས་བུའི་ཆོས་ཐམས་ཅད་ཀྱི་ཉམས་ལེན་གྱི་གནད་གཅིག་ཏུ་དྲིལ་ནས། གང་ཟག་མཆོག་དམན་སུ་ལ་ཡང་ཕན་པའི་གདམས་པ། རྗོད་བྱེད་དྲུག་ཚན་གྱི་དབང་དུ་བྱས་ནས་བཤད་པ། མན་ངག་རིན་པོ་ཆེའི་མཛོད་འདི་ཉིད་འཆད་ཉན་བགྱི་བའི་སྐབས་ལས། ཐོག་མར་དགེ་བ་ཀླད་ཀྱི་དོན། བར་དུ་དགེ་བ་གཞུང་གི་དོན། ཐ་མར་དགེ་བ་མཇུག་གི་དོན་དང་གསུམ་ཡོད་པ་ལས། ཐོག་མར་དགེ་བ་ཀླད་ཀྱི་དོན་སོང་ནས། བར་དུ་དགེ་བ་གཞུང་གི་དོན་དེ་ལ་ཡང་། ཐུན་མོང་དང་ཐུན་མིན་གྱི་མདོ་དང་རྒྱུད་སྡེའི་ཉིང་བཅུད་ཐམས་ཅད་ཉམས་ལེན་གྱི་གནད་དུ་བསྡུས་ཏེ་བསྟན་པའི། ཁ་སང་དང་པོར་སྒྲུབ་པའི་མཐུན་རྐྱེན་གྱི་ཆོས་དྲུག་ཚན་དང་། ངེས་འབྱུང་སྐྱོ་ཤས་བསྐུལ་བ་དང་། འཁྲུལ་སྣང་ལྡོག་པའི་ཐར་བའི་ལམ་དུ་ཞུགས་པའི་སྔོན་འགྲོའི་སྐོར་གྱི་དྲུག་ཚན་རྣམས་སོང་ནས། དེ་རིང་ཐར་བ་དངོས་ལ་ཞུགས་པའི་ལམ་ཁྲིད་དེད་དཔོན་གྱི་སྐོར་སོགས་ནས་བཤད་པ་ལ།

༡༤ ཐར་ལམ་དེད་དཔོན་བླ་མའི་ཆོས་དྲུག་བསྟན་པ།

ཐར་ལམ་དེད་དཔོན་བླ་མའི་ཆོས་དྲུག་ནི།།

མུན་པར་འཁྱམས་ལ་ཡེ་ཤེས་སྒྲོན་མེ་སྦོར།།

གཡང་སར་འཁྱམས་རྣམས་ཡང་དག་ལམ་ལ་འཛུད།།

ཆུ་བོས་ཁྱེར་བ་བདེ་ཆེན་གཟིངས་ཀྱིས་འཛིན།།

བཙོན་རར་ཚུད་རྣམས་རྣམ་གྲོལ་ས་ལ་འདྲེན།།

སྡུག་བསྔལ་འདམ་བྱིང་ཐར་པའི་སྐམ་སར་འདོན།།

གཟུང་འཛིན་བཅིངས་རྣམས་ཡེ་ཤེས་རལ་གྲིས་གཅོད།།

དེ་ཕྱིར་བླ་མ་སངས་རྒྱས་ཉིད་དུ་བསམ།།

ཞེས་གསུངས་པ་སྟེ། གདུལ་བྱ་གཞན་ལ་ཆོས་བསྟན་ནས་ཐར་བའི་ལམ་དུ་ཁྲིད་པའི་ལམ་མཁན་དང་། སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོའི་དབའ་ཀློང་ལས་བསྒྲལ་ནས་ཐར་བའི་སྐམ་སར་འཁྲིད་པའི་དེད་དཔོན་མཁས་པ་ལྟ་བུའི་བླ་མའི་ཁྱད་ཆོས་དྲུག་ནི། མ་རིག་རྨོངས་པའི་སྨག་རུམ་དུ་ལམ་ལོག་ལམ་སྟོར་དུ་གྱུར་ནས། ཁམས་གསུམ་རིགས་དྲུག་ཏུ་འཁྱམས་པའི་སེམས་ཅན་དེ་དག་གི་སེམས་ཁོང་ལ། ཡེ་ཤེས་ཀྱི་སྒྲོན་མེ་སྦར་ནས་ཤེས་རབ་ཀྱི་སྣང་བ་སྦྱིན་མཁན་དེ་བླ་མ་ཡིན་དགོས་ལ། དེ་དང་ཆ་འདྲ་བ་བླ་མའི་མིང་འཛིན་མཁན་མིན་པའི་བན་དེ་བཙུན་མ་སུ་ཡིན་ཡང་། རང་རང་གི་ངོས་ནས་ཐུབ་ཚོད་ནུས་ཚོད་དང་བསྟུན་ནས་ཁྱིམ་པ་ཕོ་མོ་རྣམས་དང་། རབ་ཏུ་བྱུང་བ་ཡིན་ཡང་ལས་དང་པོ་བའི་རིགས་ཅན་ལ། རྒྱུ་འབྲས་བླང་དོར་གྱི་གནས་བསྟན་ན་སེམས་ཅན་དེ་དག་གི་རྨོངས་པའི་མུན་པ་སེལ་བ་ལ་ཕན་ཐོགས་ཡོད་ཅིང་། དེ་ཡང་དང་པོའི་སྐབས་སུ་ཡེ་ཤེས་ཀྱི་སྣང་བ་བཤད་མཁན་རང་ལ་མེད་པའི་ཡོན་ཏན་ཁྱད་པར་ཅན་ཞིག་མི་ལ་སྤྲད་རྒྱུ་ལོན་དགོས་པ་མིན་པར། བསམ་པ་བཟང་པོའི་ཀུན་སློང་གིས་རང་གི་ཆེ་ཤེས་ཆུང་ཤེས་རྣམས་ལེགས་པར་བསྟན་དགོས་པ་ཡིན། དེ་བཞིན་དུ་ཡུལ་སྡེ་གཅིག་གི་མི་ངོ་ཤེས་མཐུན་པ་ཡོན་བདག་ལ་སོགས་པ་སུ་ཡིན་ཡང་། རྒྱུ་ཟས་ནོར་ཅིག་གི་བགོ་བཤའ་སྦྱིན་རེས་བྱེད་པ་ལས། ཆོས་ཚིག་རེ་ཙམ་ཤེས་པ་དེ་གཞན་ལ་གོ་བར་བྱས་ན་དེ་དག་ལ་ཕན་པ་ཆེན་པོ་འབྱུང་བ་ཡིན་ཏེ། དེ་ནི་འཁོར་བའི་གཅོང་ནད་ཀྱི་སྨན་དང་ཐར་བ་དམ་པའི་རྒྱུ་རུ་འགྱུར་ངེས་ཅན་ཡིན་པའི་ཕྱིར། གསང་སྔགས་ཀྱི་དབང་བསྐུར་བ་དང་། རྒྱུད་ལུང་གི་ཆོས་བཤད་པ་དང་། མན་ངག་གི་ལུང་སྦྱིན་པ་ལ། གཅིག་ན་རང་ཉིད་ལ་དེའི་ཡོན་ཚད་ཡོད་པ་དང་། གཉིས་ན་བླ་མས་དེའི་བཀའ་ཁྲོལ་བ་ཞིག་ཡིན་དགོས་ཀྱང་། དེའི་འདྲའི་གསང་བ་མིན་པའི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་རྒྱ་མཚོ་ལྟ་བུ་བཞུགས་པ་དེ་དག ཐ་ན་ཁ་བརྡ་ཡན་ཆོད་ཀྱི་སྒོ་ནས་བསམ་པ་དག་པས་བཤད་ནས་ལེགས་ཉེས་བླང་དོར་གྱི་གནས་བསྟན་པར་བྱས་ན། འགལ་ཉེས་མེད་པས་མི་ཚད་བདེ་བར་གཤེགས་པའི་ཆོས་འཛིན་སྤེལ་བྱས་པའི་ཕན་ཡོན་རྒྱ་ཆེན་ཐོབ་ཏུ་ཡོད་པ་ཡིན་ནོ། །གཡང་སར་འཁྱམས་པ་རྣམས་ཇི་ལྟར་ཡང་དག་གི་ལམ་དུ་འཛུད་དགོས་ཞེ་ན། ངན་སོང་དང་འཁོར་བའི་གནས་སྡུག་བསྔལ་རྣམ་པ་གསུམ་གྱིས་ཉིན་མཚན་བར་མེད་དུ་མནར་བའི་གཡང་ས་ཆེན་པོར་ལྟུང་བར་བྱེད་པའི་རྒྱུ་ལ་བར་མེད་དུ་བརྩོན་ནས་འཁྱམས་པའི་རིགས་དྲུག་འཁོར་བའི་སེམས་ཅན་སྡུག་བསྔལ་ལ་སྡུག་བསྔལ་ཡིན་པར་མ་ཤེས་པས་ལམ་ལོག་ལམ་གོལ་དུ་སོང་བ་འདི་དག ཡང་དག་པ་ཐར་བའི་ལམ་ལ་འཛུད་མཁན་དེ་བླ་མ་དགེ་བའི་བཤེས་གཉེན་ཡིན་ལ། རང་ཉིད་ཀྱིས་ཀྱང་དེ་དང་ཆ་འདྲ་བ་བྱེད་དགོས་པ་ཡིན་དེ་ཡང་རང་ཐར་བའི་སྐམ་སར་མ་ཕྱིན་པ་ཞིག་གིས་མི་གཞན་གྱི་འདྲེན་སྟོན་ཡོང་ཞེས་པ་དེ་ཅུང་དཀའ་ཡང་། གང་ཟག་གི་བློ་དང་བསྟུན་ནས་དགེ་བཅུ་བསྒྲུབ་དགོས་ཚུལ་དང་། བསྒྲུབས་ན་ཕན་ཡོན་ཡོད་ཚུལ་དང་། མི་དགེ་བཅུ་སྤང་དགོས་ལ་མ་སྤངས་ན་ཚེ་འདི་ཕྱི་གཉིས་ཀ་ལ་གནོད་པ་ཡོད་ཚུལ་བཤད་དེ། སེམས་ཅན་རེ་རེའི་བློ་སྣ་དགེ་བ་ལ་འགྱུར་ཐབས་ཐོན་ནས་ལམ་ལོག་གཡང་ས་ཆེན་པོ་ནས་སྐྱོབ་ཐུབ་ན་ཅི་མ་རུང་། གྲྭ་བ་སེར་མོ་བ་ཞིག་ལ་མཚོན་ན་སོ་བྱང་སྔགས་གསུམ་གྱི་སྡོམ་ཁྲིམས་བླངས། གསང་སྔགས་ཀྱི་དཀྱིལ་འཁོར་ལ་ཞུགས་ནས་དབང་ཞུས་ཁྲིད་ཉན་པ་དང་ཐོས་བསམ་འཆད་ཉན་བྱས་ཀྱང་། རྐྱེན་སྣ་ཚོགས་པའི་དབང་ཤུགས་ལ་སོང་ནས་ཆོས་མིན་གྱི་བྱ་བ་སྡོམ་ཁྲིམས་དང་འགལ་བ་དང་། ཐ་ན་ལས་མཐའ་ལོག་པ་ལ་སོགས་པ་བྱུང་བ་ནི་གཡང་སར་འཁྱམས་པ་ཡིན་ལ་དེ་དག་དེ་ལས་ལྡོག་ནས་ཡང་དག་གི་ལམ་ལ་འཛུད་པ་དང་། ཁྱིམ་པ་ཕོ་མོ་དག་ལ་ཡང་སྲོག་མ་གཅོད། རྐུ་མ་བྱེད། འཛིང་རྩོད་མ་སློང་། བསམ་ངན་མི་ལ་མ་འཚགས་མ་གཏོགས་སྦྱོར་ངན་རང་ལ་འདུ་ཡོང་། ཉ་སྟོང་ཚེས་བརྒྱད་ཀྱི་དུས་ཁྲིམས་བསྲུངས་ནས་ཚོགས་བསགས་དང་མཆོད་འབུལ་ནུས་ཚོད་རེ་གྱིས་དང་བསོད་ནམས་བསགས་པའི་སྒོ་ཁྱད་པར་ཅན་དུ་འགྱུར་བ་ཡིན་ཞེས་པ་ཙམ་རེ་བཤད་ཀྱང་། རྙེད་བདེ་གྲགས་བསྟོད་ཀྱི་ཀུན་སློང་མེད་ན་སེམས་ཅན་གྱི་འགྲོ་དོན་དུ་འགྲོ་བ་ཡིན་ལ་གཡང་སར་འཁྱམས་པ་ཡང་དག་གི་ལམ་དུ་བཙུད་པ་ཡང་ཡིན། ཁམས་གསུམ་འཁོར་བའི་ཆུ་བོ་ཆེན་པོས་དབང་མེད་དུ་ཁྱེར་བའི་སེམས་ཅན་རྣམས་བདེ་ཆེན་ཐར་བའི་སྐམ་ས་རུ་ཆོས་དགེ་སྡིག་བླང་དོར་གྱི་འཇུག་པ་བསྟན་པའི་གཟིངས་ཀྱིས་འཛིན་པར་བྱེད་པ་དང་། དེ་བཞིན་དུ་འཁོར་བའི་བཙོན་རར་ཚུད་པའི་སེམས་ཅན་ཉམ་ཐག་དེ་དག་ཐམས་ཅད་སྡུག་བསྔལ་དེ་ལས་རྣམ་པར་གྲོལ་བ་སྟེ་གཏན་དུ་གྲོལ་བའི་ཐར་ལམ་ལ་འདྲེན་པར་མཛད་པ་དང་། སྡུག་བསྔལ་གྱི་འདམ་དུ་ཟུག་ནས་མི་ཐར་བར་ཡོད་པའི་སེམས་ཅན་ཐམས་ཅད་ལ་དགེ་བའི་སྟོབས་བྱིན་ནས་ཐར་བའི་སྐམ་སར་འདོན་པར་བྱེད་པ་སྟེ། འདི་དག་རྣམས་རྨོངས་པའི་ཆ་ནས་མུན་པར་འཁྱམས་པ་དང་། ཉེན་ཁ་ཆེ་བའི་ཆ་ནས་གཡང་སར་འཁྱམས་པ་དང་། སྡུག་བསྔལ་བར་མེད་ཀྱི་རྒྱུ་ཕྱོགས་ལ་དབང་མེད་དུ་དེད་པའི་ཆ་ནས་ཆུ་བོར་བྱིངས་པ་དང་། རང་དབང་མེད་པར་སྡུག་བསྔལ་ལ་སྤྱོད་པའི་ཆ་ནས་བཙོན་རར་ཚུད་པ། ཡུལ་ལྔའི་འདོད་ཡོན་གྱི་བསླུ་བྲིད་ཀྱིས་དབང་མེད་དུ་བཟུང་བའི་ཆ་ནས་འདམ་དུ་ཆུད་པ་ཞེས་འཁོར་བའི་སྡུག་བསྔལ་གྱི་ཆ་སོ་སོ་ནས་དཔེར་བླངས་པའོ། །དེ་རྣམས་ཀྱི་རྩ་བ་གཟུང་འཛིན་གྱིས་བཅིངས་པའི་འཁོར་བའི་སེམས་ཅན་འདི་དག་ཐམས་ཅད། ཐོག་མཐའ་མེད་པའི་འཁོར་བའི་གནས་འདིར། ང་མེད་ལ་ང་དང་བདག་མེད་ལ་བདག་ཏུ་བཟུང་བ་འདིས་དབང་གིས་འཁྱམས་པ་ཡིན་པས། དེ་བདག་མེད་རྟོགས་པའི་ཡེ་ཤེས་ཀྱི་རལ་གྲིས་གཅོད་པར་བྱེད་པའི་ཐབས་སྟོན་མཁན་བླ་མ་ཡིན་པ་དེ་ཡི་ཕྱིར་ན། བླ་མ་ནི་སངས་རྒྱས་ལས་ཀྱང་བཀའ་དྲིན་ཆེ་བ་ཡིན་པས་ཐར་བའི་ལམ་སྟོན་གྱི་བླ་མ་ལ། སངས་རྒྱས་དངོས་དང་ཁྱད་མེད་ཀྱི་འདུན་པའི་ཐོག་ནས་དད་འདུན་མོས་གུས་གྱིས་ཞེས་གསུངས་པའོ། །སྙིགས་དུས་སུ་སངས་རྒྱས་བླ་མའི་གཟུགས་སུ་བྱོན་ནས་བླང་དོར་གྱི་གནས་སྟོན་བཞིན་ཡོད་པས། བླ་མའི་མཚན་ཉིད་ཡོངས་རྫོགས་ཚང་མིན་ལ་མ་ལྟོས་པར། བསམ་པ་རྣམ་པར་དག་པས་ཀུན་ནས་བསླངས་བར་བྱས་ཏེ་ནུས་ཚོད་ལྕོགས་ཚོད་ཀྱིས་གོང་དུ་བཤད་པ་དག་བསྒྲུབས་པར་བྱས་ན་བསྟན་པ་ལ་བྱ་བ་བྱས་པ་དང་། སེམས་ཅན་ལ་ཕན་བདེ་བསྒྲུབས་པ་དང་། རྒྱལ་བའི་ཕྲིན་ལས་འཇུག་པར་བྱས་པའོ།།

༡༥ འདུས་བྱས་མི་རྟག་འཇིག་པའི་ཆོས་དྲུག་བསྟན་པ།

འདུས་བྱས་མི་རྟག་འཇིག་པའི་ཆོས་དྲུག་ནི།།

རྒྱུ་རྐྱེན་འདུས་ཕྱིར་འཇིག་པ་ཉིད་དང་ནི།།

སྔར་སྐྱེས་མ་ལུས་ཤི་བས་འཇིག་ངེས་དང༌།།

སྣོད་བཅུད་མི་རྟག་འགྱུར་བས་འཇིག་ངེས་དང༌།།

ཚེ་ལ་ངེས་མེད་འཆི་བས་འཇིག་པ་དང༌།།

ཉིན་མཚན་སྐད་ཅིག་འགྲོ་བས་འཇིག་པ་དང༌།།

སྐྱེས་མཐའ་འཆི་བར་ངེས་ཕྱིར་འཇིག་པ་བསམ།།

ཞེས་གསུངས་པ་སྟེ། འདུས་བྱས་ཀྱི་ཆོས་ཐམས་ཅད་མི་རྟག་པ་ཡིན་པའི་ཚུལ་རྣམ་པ་དྲུག་གིས་གསུངས་པ་ལས། དང་པོ་འདུས་བྱས་ཀྱི་ཆོས་ཐམས་ཅད་རྒྱུ་དང་རྐྱེན་དུ་མ་ཞིག་ཚོགས་ནས་འདུས་པ་ལས་སྐྱེས་པ་ཡིན་པ་དང་། འདུས་པ་ཐམས་ཅད་ནི་འབྲལ་བས་ཁྱབ་པའི་ཆོས་ཅན་ཡིན་པར་བསམ་པ་དང་། སྔར་སྐྱེས་ཀྱི་སེམས་ཅན་མ་ལུས་པ་ཐམས་ཅད་ཀྱང་ཤི་ནས་འཇིག་པའི་ཆོས་ཅན་ཡིན་པས། ད་ལྟ་ས་འདིའི་ཐོག་ནས་རྒྱུ་བའི་ཐོབ་དང་མངའ་ཐང་ཅན། དབང་དང་འབྱོར་བ་ཅན་ལ་སོགས་པ་གཅིག་ཀྱང་མ་ལུས་པ་ཐམས་ཅད་འཇིག་རྟེན་ཕྱི་མའི་ལམ་ཆེན་ལ་བགྲོད་ནས་མི་རྟག་པའི་རང་གཤིས་བསྟན་ཏེ་འཇིག་པར་ངེས་པ་བསམ་པ་དང་། ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད། ཕྲ་བ་ཆོས་ཉིད་ཀྱིས་མི་རྟག་པར་སྐད་ཅིག་སྐད་ཅིག་ལ་འགྱུར་བ་ཡིན་པས་ན་འཇིག་ངེས་ཡིན་པར་བསམ་པ་དང་། ཐུང་ས་མིག་གིས་རིག་ས་ཡི་སྐྱེས་བུའི་ཚེ་ལ་ངེས་པ་མེད་པར་འཆི་བས་འཇིག་པ་ཡིན་ཏེ། ཁ་རྩང་ཡོད་པ་དེ་རིང་ཤི་བ་དང་། ན་ནིང་ཡོད་པ་ད་ལོ་མེད་པ་སོགས་མཐོང་ཐོས་སུ་གྱུར་པ་ཤིན་ཏུ་མང་བའི་ཕྱིར་དང་། ཉིན་མཚན་ཆུ་ཚོད་ཉི་ཤུ་རྩ་བཞིའི་བགྲོད་ཚུལ་ལ་བསམ་བློ་བཏང་ན། ཆུ་ཚོད་གཅིག་ཟད་ན་ཉེར་གསུམ་ལས་མེད་པ་དང་། དེ་ལས་བཅུ་ཟད་ན་ཤུལ་དུ་བཅུ་གསུམ་ལས་མ་ལུས་པ་ཡིན་པ་བཞིན་དུ། རང་གི་ཚེ་ཚད་མ་ཤེས་ཤིང་ནམ་འཆི་མ་ཤེས་པ་ཙམ་ལས། གལ་སྲིད་དེ་ཤེས་ཏེ་ཉི་མ་སྟོང་ཕྲག་གཅིག་ལ་འདུག་རྒྱུ་ཡོད་པ་ལྟ་བུ་ལ་ཆ་མཚོན་ན། དེ་རིང་གཅིག་ཟད་ན་ཆིག་སྟོང་གི་ནང་ནས་དགུ་བརྒྱ་དང་གོ་དགུ་ལས་ལྷག་མེད་པ་དང་། དེ་བཞིན་དུ་ཞིབ་རྩིས་བརྒྱབ་ན་ཉལ་ནས་གཉིད་པའི་ཉི་མ་ལྔ་བརྒྱ་ཙམ་ཞིག་ཟད་པ་དང་། ད་ཤུལ་དུ་བཞི་བརྒྱ་དགུ་བཅུ་ལྷག་ཙམ་མ་གཏོགས་མེད་ཅིང་། དེ་ལས་ཀྱང་ཟས་ཟ་ཚེ་དང་། སྒོ་ཕྱི་ནང་དུ་རྒྱུ་བ་དང་། ཟས་སྦྱོར་གཡོ་སྐོལ་དང་། མཚང་ངན་བྲེལ་ཟིང་གི་ནང་དུ་གྲོན་པ་རྣམས་ཕར་ཕུད་ཚེ། ཉིན་མ་སྟོང་ཕྲག་ཅེས་དུས་མང་བ་ལྟར་སྣང་བ་ཡིན་ཡང་། དེ་ལྟར་ཟད་ས་ལ་ཐུག་དུས་ཤིན་ཏུ་མྱུར་བར་འཛད་པ་ཡིན་པས། སྐད་ཅིག་མ་སེ་གོལ་གྱི་ཡུན་དང་། སྐྱེས་བུའི་ཚེ་སྲོག་གི་ཡུན་གཉིས་ཀ་མཐར་ཟད་པའི་ཆ་ནས་ཁྱད་པར་མེད་པར་བསམ་པ་དང་། སྐྱེས་པའི་ཐ་མ་འཆི་བ་ངེས་པ་ཡིན་ཏེ། སྐྱེས་པའི་སྐད་ཅིག་དང་པོ་ནས་འཆི་བདག་གི་ཕྱོགས་སུ་གོམ་པ་འདོར་བཞིན་ཡོད་པ་ཡིན་པའི་ཕྱིར་རོ་ཞེས་བསམ་པ་སྟེ། དེ་ལྟ་བུའི་མི་རྟག་པའི་ཆོས་དྲུག་པོ་དེ་ལ་ལེགས་པར་སེམས་དགོས་སོ་ཞེས་གདམས་པའོ།།

༡༦ ཆོས་ལ་སྦྱར་བའི་ཕན་ཡོན་རྣམ་དྲུག་བསྟན་པ།

དེ་ནས་ཆོས་ལ་སྦྱར་བའི་ཕན་ཡོན་དྲུག།

མོས་དང་རྣ་བར་ཐོས་དང་ཡི་རང་དང༌།།

བསྟོད་དང་ཞུགས་དང་ཅུང་ཟད་སྤྱད་རྣམས་ཀྱང༌།།

འཁོར་བ་མཐའ་ཅན་ཐར་བའི་ས་བོན་བསྐྲུན།།

ཞེས་གསུངས་པ་སྟེ། དམ་པའི་ཆོས་ལམ་ལ་དངོས་སུ་ཞུགས་ནས་བསྒྲུབས་པར་བྱས་ན་སྨོས་ཅི་དགོས་དེ་ལ་མོས་པ་ཙམ་སྐྱེ་བ་དང་། ཆོས་ཀྱི་སྒྲ་རྣ་ལམ་དུ་ཐོས་པ་ཙམ་དང་། ཆོས་འཆད་ཉན་ལ་སོགས་པ་ལ་དགའ་ནས་རྗེས་སུ་ཡི་རང་བྱས་པ་ཙམ་དང་། དེ་ལ་བསྟོད་པ་བྱས་པ་ཙམ་དང་། ཆོས་འཆད་ཉན་བྱས་པ་ལ་སོགས་པའི་གྲལ་དུ་ཞུགས་པ་ཙམ་དང་། ཞུགས་ནས་ཅུང་ཟད་ཙམ་སྤྱད་པ་རྣམས་ཀྱང་། སངས་རྒྱས་ཀྱི་བསྟན་པ་དེ་འབྲེལ་ཚད་དོན་ལྡན་ཡིན་པ་དང་། ལྔ་བརྒྱ་ཐ་མའི་གནས་སྐབས་ན་གཟུགས་བརྙན་ཙམ་ཞིག་གི་ཆོས་བཟུང་ན་ཡང་འཁོར་བ་མཐའ་ཅན་དུ་འགྱུར་བ་གསུངས་ཕྱིར། དེ་ལ་བསྟོད་བཀུར་བསྔགས་པ་ལ་སོགས་པ་བྱས་ན་འཁོར་བ་མཐའ་ཅན་དུ་གྱུར་ནས་ཐར་བའི་ས་བོན་བསྐྲུན་པ་ནི་སྨོས་མ་དགོས་སོ།།

༡༧ ཆོས་ལ་ཚུལ་བཞིན་སྤྱད་པའི་ཕན་ཡོན་རྣམ་དྲུག་བསྟན་པ།

དེའི་སྟེང་དུ་སྟོན་པའི་དམ་ཆོས་ཚུལ་བཞིན་བསྒྲུབས་ནས་སྤྱད་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ལས་རྣམ་པ་དྲུག་ཏུ་བསྡུས་ནས་བསྟན་པ་ནི།

ཚུལ་བཞིན་སྤྱད་པའི་ཕན་ཡོན་རྣམ་པ་དྲུག།

ཀུན་གྱིས་བཀུར་དང་བསྟོད་དང་ལྷས་བསྲུང་དང༌།།

ཚེ་འདིར་བདེ་མང་ཤི་འཕོས་མཐོ་རིས་འགྲོ།།

མཐར་ཐུག་རྫོགས་པའི་བྱང་ཆུབ་འགྲུབ་པའོ།།

ཞེས་གསུངས་པ་སྟེ། དམ་ཆོས་འཛིན་ཅིང་སྨྲ་བའི་སྐྱེས་བུ་དེ་ཐར་བའི་ལམ་སྟོན་པའི་བཤེས་གཉེན་ཡིན་པས་དེ་ལ་སྐྱེ་བོ་ཀུན་དགའ་ནས་གུས་ཤིང་བཀུར་བསྟི་བྱེད་པ་དང་། ཐམས་ཅད་ཀྱིས་དེ་ལ་སྙན་པར་སྨྲ་བས་བསྟོད་ཅིང་བསྔགས་པ་བྱེད་པ་དང་། དེ་བཞིན་དུ་དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་ཀྱིས་སྲུང་ཞིང་མགོན་སྐྱབས་བྱེད་པ་དང་། ཆོས་འཛིན་པའི་སྐྱེས་བུ་དེ་ཚེ་འདིར་བདེ་བ་མང་ཞིང་ཤི་འཕོས་ནས་ཀྱང་དམ་པའི་ཆོས་ཚུལ་བཞིན་དུ་སྒྲུབ་པའི་དབང་གིས་གནས་སྐབས་མཐོ་རིས་ལྷ་མིའི་གནས་སུ་འགྲོ་བ་དང་། སྐྱེ་བ་དེའི་ཐོག་ནས་འཁོར་བར་ཕྱིར་མི་འཁོར་བ་འཇིག་རྟེན་གྱི་ཞིང་ཁམས་བདེ་བ་ཅན་དུ་སྐྱེ་བ་ལ་སོགས་པར་ཕྱིན་ནས་མཐར་ཐུག་རྫོགས་པའི་བྱང་ཆུབ་འགྲུབ་པ་ཡིན་ནོ།།

༡༨ ཆོས་དང་མི་ལྡན་པའི་ཉེས་པ་རྣམ་དྲུག་བསྟན་པ།

ཆོས་དང་མི་ལྡན་ཉེས་པ་རྣམ་དྲུག་ནི།།

མ་རིག་གིས་བསྒྲིབས་རྒན་མོ་ལོང་མ་འདྲ།།

སྲིད་པར་སླུ་མཁས་སྨད་འཚོང་བུ་མོ་འདྲ།།

དོན་མེད་གཡེང་བས་ཚོང་འདུས་ལྟད་མོ་འདྲ།།

སྣང་བ་འབྲིད་མཁས་བུ་ཆུང་འཚོ་བ་འདྲ།།

རིག་པ་ཅོལ་ཆུང་བྱིས་པའི་རྩེད་མོ་འདྲ།།

འཁྲུལ་སྣང་བཅད་དཀའ་ཉ་མོ་རྒྱས་ཟིན་འདྲ།།

དོན་ཆུང་ལས་ལ་མི་ཚེ་ཟད་པར་བྱེད།།

ཅེས་གསུངས་པ་སྟེ། དམ་པའི་ཆོས་ལ་བློ་ཁ་མ་ཕྱོགས་པར་དོན་ཆུང་ལ་མགོ་འཁོར་བའི་ཉེས་པ་རྣམ་དྲུག་འདྲ་བ་དྲུག་གི་དཔེ་ཡིས་བསྟན་པ་ནི། བློ་མིག་མ་རིག་པས་བསྒྲིབས་པའི་དབང་གིས། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདིར་ཐོག་མེད་ནས་འཁྱམས་ཤིང་མཐའ་མེད་དུ་འཁོར་ཀྱང་། དེ་ལས་ཐར་བའི་ལམ་འཚོལ་མི་ཤེས་པ་དག་ནི། ཚེ་འདིའི་སྙན་གྲགས་རྒྱས་ཐབས་དང་། ཚེ་རིང་ནད་མེད་ཀྱི་ལང་ཚོ་རྒྱས་ཐབས་དང་། བཙན་ཕྱུག་འཕན་དར་འཛོམས་ཐབས་ལ་སོགས་པ་ལ་མཁས་ཤིང་བྱང་ཆུབ་པ་དང་། སྲིད་འབྱོར་རིག་གསུམ་དར་བའི་རྒྱལ་ཁབ་ཀྱི་མགོ་དཔོན་ཡིན་ཡང་། འཇིག་རྟེན་ཕ་རོལ་གྱི་མུན་པའི་ལམ་དུ་ཡ་ང་བར་འཁྱམ་དགོས་པས། བླུན་ཞིང་གཏི་མུག་པའི་རྒན་མོ་ལོང་མ་ལམ་མ་ཤེས་པར་གཡང་སར་འཆལ་བ་དང་ཁྱད་མེད་པ་དང་། སྲིད་པར་འདོད་ཡོན་གྱི་དངོས་པོས་བསླུ་མཁས་པ་ནི་སྨད་འཚོང་གི་བུ་མོ་དང་འདྲ་བ་དང་། དོན་མེད་ཀྱི་གཡེང་བས་འདའ་བ་ནི་ཚོང་འདུས་ཀྱི་ལྟད་མོ་ལ་ཧང་བ་དང་འདྲ་བ་དང་། ཕྱིའི་སྣང་བ་སྣ་ཚོགས་པ་འདི་སླུ་ཞིང་འབྲིད་མཁས་པས་བུ་ཆུང་གཡེང་བར་བྱེད་པའི་འཚོ་བ་དང་འདྲ་བ་དང་། ནང་རིག་པ་སེམས་ཀྱི་བདག་ཉིད་འདི་ཅོལ་ཆུང་ཞིང་སླུ་སྐྱེན་པ་ནི་བྱིས་པའི་རྩེད་མོས་བྱིས་པ་སླུ་སླ་བ་དང་འདྲ་བ་དང་། དེ་དག་གིས་སོ་སོ་སྐྱེ་བོ་དག་ཚེ་འདིའི་བྱ་གཞག་ལ་རྣམ་རིག་ཇི་ལྟར་བཀྲ་ཡང་འདོད་ཡོན་རྣམ་ལྔའི་སྣང་བས་བསླུས་ནས་མགོ་འཁོར་བཞིན་པ་བྱིས་པ་སེམས་མི་ཤེས་པ་ལྟ་བུ་ཞིག་ལས་མ་འདས་པར་བསྟན་པ་དང་། དེ་ལྟ་བུའི་འཁྲུལ་སྣང་དེ་ཐོག་མེད་ནས་གོམས་པའི་བག་ཆགས་ཀྱི་དབང་གིས། གོ་བའི་ཐོག་ནས་དོན་ལ་མེད་པའི་འཁྲུལ་སྣང་སྒྱུ་མ་ལྟ་བུ་ཞིག་ཡིན་བསམས་ཀྱང་། དངོས་ཞེན་བདག་འཛིན་གྱི་རྩ་བ་འདི་སྟོང་ཉིད་ཀྱི་ལྟ་བ་དངོས་སུ་མ་རྟོགས་བར་དུ་མི་ཆོད་པས་ཉ་མོ་ཉ་རྒྱའི་ཁུག་ཏུ་འཛུལ་རྗེས་ཕྱིར་ཐར་དཀའ་བ་བཞིན་དུ་བཅད་དཀའ་བ་སྟེ། དེ་དག་ནི་ཆོས་དང་མི་ལྡན་པའི་དབང་གིས་འདིར་སྣང་སྲིད་པའི་བདེ་འབྱོར་གྱི་སླུ་བྲིད་ཐེབས་ཏེ། དོན་ཆུང་སྒྲུབ་ས་ནས་དོན་ཆེན་ཤོར་ནས་མི་ཚེ་རིན་ཐང་ཅན་དེ་དོན་མེད་ཆུད་ཟོས་ཀྱིས་ཟད་པར་བྱེད་པའོ།།

༡༩ ཆོས་ལས་ཉམས་པའི་ཉེས་པ་རྣམ་དྲུག་བསྟན་པ།

ཆོས་ལས་ཉམས་པའི་ཉེས་པ་རྣམ་དྲུག་ནི།།

རང་བས་དམན་པས་བརྙས་པར་འགྱུར་བ་དང༌།།

ལྷ་མིའི་གནས་སུ་གཏམ་ངན་གྲགས་པ་དང༌།།

མི་གཙང་སྣོད་བཞིན་དམ་པས་སྤང་བ་དང༌།།

བསྲུང་བའི་ལྷས་འདོར་བར་ཆད་མང་བ་དང༌།།

བསམ་པ་མི་འགྲུབ་བསོད་ནམས་དཔལ་ཉམས་དང༌།།

ཕྱི་མར་ངན་སོང་སྡུག་བསྔལ་མྱོང་བའོ།།

ཞེས་གསུངས་པ་སྟེ། ཐོག་མར་ཆོས་ལ་ཞུགས་ཀྱང་མཐར་སྡོམ་དང་དམ་ཚིག་ཉམས་པ་ལ་སོགས་པ་བྱུང་བའི་ཉེས་པ་རྣམ་པ་དྲུག་བསྟན་པ་ནི། རང་བས་ལྷག་པའི་དམ་པ་རྒྱལ་བ་སྲས་བཅས་དང་། ལྷ་དང་སྲུང་མས་དབྱིངས་ནས་ཐུགས་ཀྱིས་ཁྲེལ་བས་མི་ཚད། རང་བས་དམན་པར་གྱུར་བ་དེ་དག་གིས་ཀྱང་བརྙས་བཅོས་དང་འཕྱ་སྨོད་བྱེད་པ་ཡིན་པ་དང་། ལྷ་དང་མིའི་གནས་སུ་གཏམ་ངན་གྱིས་ཁྱབ་ནས་གྲགས་པ་ངན་པས་ས་སྟེང་གང་བ་དང་། དེའི་སྐབས་སུ་མི་གཙང་བའི་སྣོད་བཙོག་པ་ཞིག་སུ་ལའང་མི་མཁོ་བ་ལྟར་དམ་པས་སྤངས་ནས་སྔར་དང་འདྲ་བར་མི་བསྐྱོང་བ་དང་། ཆོས་མཐུན་བུ་བཞིན་དུ་སྐྱོང་ཞིང་དམ་མེད་བསྟན་དགྲ་ཚར་བཅད་པ་ནི་རྡོ་རྗེ་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱིས་ཁས་བླངས་གཡར་དམ་གྱི་ཐ་ཚིག་གཉེན་པོ་བླངས་པའི་སྙིང་པོ་ཡིན་པས། ཆོས་དང་བསླབ་པ་དང་འགལ་ཚེ་ལྷ་དང་སྲུང་མ་མཆོད་ཀྱང་འགོ་ཞིང་སྡོང་གྲོགས་མི་མཛད་ཅིང་། དཀོན་མཆོག་དཔང་པོར་བཞག་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ལ་དགོངས་གསོལ་ཞུས་ནས་སྡོམ་དམ་ཚིག་ཁས་བླངས་བའི་ཐ་ཚིག་ལ་མ་བསྡད་པར་སྐྱབས་འོག་ནས་བུད་སོང་བ་ཡིན་པས་ལྷ་དང་སྲུང་མ་གཤེད་དུ་བབས་ནས་བར་ཆད་མང་བ་སྨོས་མ་དགོས་པ་དང་། མི་འདོད་པ་དུ་མ་ཆར་བཞིན་བབས་ནས་བསམ་རྒྱུ་བརྒྱ་བསམས་ཀྱང་འགྲུབ་པ་གཅིག་ཀྱང་མེད་པར་བསོད་ནམས་ཀྱི་དཔལ་ཉམས་ནས་མངའ་ཐང་འབྱོར་བ་དམན་པར་འགྱུར་བ་དང་། ཆོས་དང་བསླབ་པ་ལས་ཉམས་པའི་ཉེས་དམིགས་ཀྱིས་ཕྱི་མ་ངན་སོང་གི་སྡུག་བསྔལ་ཡང་མྱོང་བ་ཡིན་ནོ།།

༢༠ ཕྱི་དུས་རེ་བའི་ཉེས་པ་རྣམ་དྲུག་བསྟན་པ།

ཕྱི་དུས་རེ་བའི་ཉེས་པ་རྣམ་དྲུག་ནི།།

དལ་འབྱོར་ཐོབ་དུས་ཆོས་ལམ་མ་བསྒྲུབས་ན།།

ཡེང་མའི་ལམ་ལ་མི་ཚེ་ཟད་པ་དང༌།།

འཆི་བ་ངེས་མེད་ཐོག་རྫིས་འོང་བ་དང༌།།

ཤི་ནས་འཁོར་བ་ངན་སོང་ལྟུང་བ་དང༌།།

སྡུག་བསྔལ་དྲག་པོས་ལུས་སེམས་གདུངས་པ་དང༌།།

འགྱོད་པ་དྲན་ཡང་ཤིན་ཏུ་མནར་བ་དང༌།།

ཐར་བའི་དུས་མེད་ཡུན་རིང་གནས་པའོ།།

ཞེས་གསུངས་པ་སྟེ། ཆོས་སྒྲུབ་པར་ཕྱི་བཤོལ་བྱས་ནས་ད་ལྟ་ནི་ཆོས་སྒྲུབ་པའི་དུས་ལ་བབས་མེད་ལ་ལོ་ཚོད་ག་གེ་མོ་ཞིག་ལོན་དུས་ཡིན་བསམ་པ་དང་། བྱ་བ་འདི་དང་འདི་དག་སྔོན་དུ་འགྲུབ་པར་བྱས་ནས་དེ་ནས་གཟོད་ཆོས་བསྒྲུབ་དགོས་སྙམ་པར་བྱེད་ཀྱང་། འཁོར་བའི་བྱ་བཞག་ལ་འགྲུབ་ཟིན་པའི་དུས་ཤིག་ག་ལ་ཡོད་དེ། དང་པོ་ཟིན་དུས་གཉིས་པ་དྲན་པར་འགྱུར་ཞིང་། དེ་དག་ཀྱང་གནད་གཅིག་ལས་གཅིག་ཆེ་བར་སེམས་ཁུར་བྱེད་པའི་ཕྱིར། འོན་ཀྱང་དོན་དུ་གནད་ཆེན་དོན་འབྲས་དང་ལྡན་པ་གཅིག་ཀྱང་ཡོད་པ་མིན། དེས་ན་རང་ཐག་རང་གིས་བཅད་ཅིང་དོར་བ་བྱས་ན་འཁོར་བའི་བྱ་གཞག་གི་མཇུག་རྫོགས་པ་ལས། ཚར་སྒུག་དགོས་ཚེ་ལོ་སྟོང་དུ་གནས་ཀྱང་ཚར་བའི་དཔེ་མེད་པས། དལ་འབྱོར་གྱི་ལུས་རྟེན་ཐོབ་དཀའ་དོན་ཆེ་འདི་ལྟ་བུ་ཞིག་རྙེད་ནས་ཡོད་དུས་ཆོས་མི་སྒྲུབ་པར་དེ་རིང་གི་ཕག་ཏུ་སང་ཉིན་། སང་ཉིན་གྱི་ཕག་ཏུ་གནངས་ཉིན་བཞག་པའི་ཉེས་དམིགས་དྲུག་དེ་གང་ཡིན་ན། ཡེངས་མ་ལམ་ལ་མི་ཚེ་སྟོང་ཟད་དུ་སོང་ནས་འཆི་རན་པ་ལ་བསླེབས་པ་དང་། འཆི་བ་ལ་འདི་ཙམ་ཡོད་སྙམ་པའི་ཞེ་ཚོད་ཡོད་ན་དེ་དང་བསྟུན་ཆོག་ཀྱང་དེ་ལྟར་མ་ཡིན་པ་འཆི་བ་ངེས་མེད་དགྲ་ཐོག་རྒྱག་དང་འདྲ་བར་གློ་བུར་དུ་ཐོག་རྫིས་བྱེད་པ་ཡིན་པ་དང་། ཤི་ནས་སྡུག་བསྔལ་མི་མྱོང་བའི་གནས་ཤིག་ཏུ་ཕྱིན་ཆོག་ན་བླ་ཡང་། ཤི་རྗེས་འཁྱམ་ས་འཁོར་བ་ངན་སོང་མ་གཏོགས་མེད་པ་སྟེ། ངན་སོང་གི་སེམས་ཅན་དང་མཐོ་རིས་ཀྱི་སེམས་ཅན་གཉིས་ཀ་ས་ཆེན་པོའི་རྡུལ་དང་སེན་མོའི་སྟེང་གི་རྡུལ་ལྟ་བུའི་མང་ཉུང་ཡོད་པར་གསུངས་བ་དང་། སྣང་བ་ནས་མུན་པར་འགྲོ་བ་དང་། སྣང་བ་ནས་སྣང་བར་འགྲོ་བ་དང་། མུན་པ་ནས་སྣང་བར་འགྲོ་བ་དང་། མུན་པ་ནས་མུན་པར་འགྲོ་བའི་སེམས་ཅན་གྱི་རིགས་དེ་མུ་བཞི་རུ་ཕྱེས་ནས་གཏན་ལ་ཕབ་ཚེ། སྣང་བ་ནས་མུན་པར་འགྲོ་བ་དང་། མུན་པ་ནས་མུན་པར་འགྲོ་བས་མང་བར་གསུངས་པས་སོ། །དེ་འདྲའི་རྒྱ་ཆེ་ཞིང་གྲངས་མང་བའི་ངན་སོང་གི་གནས་སུ་ལྟུང་ཚེ། དེའི་གནས་རིས་མཐོ་དམན་གང་དང་གང་དུ་ཕྱིན་ཀྱང་སྡུག་བསྔལ་དོས་དྲག་པོ་དེས་ལུས་སེམས་གཉིས་ཀ་དུས་རྟག་ཏུ་གདུང་བར་བྱེད་པ་དང་། དེའི་སྐབས་སུ་འགྱོད་པ་སྐྱེས་ཀྱང་ཐབས་མེད་པ་རུ་ཏྲའི་སྨེ་བཤགས་ལས། ཡི་ཆད་འགྱོད་ཀྱང་ལས་ལ་བཅོས་སུ་མེད། །ཅེས་པ་ལྟར་ཡིན་པ་དང་། དེར་རྣམ་སྨིན་མྱོང་སྟོབས་ཀྱིས་ཟད་དགོས་ཚེ་བསྐལ་ཆེན་ལ་སོགས་པའི་ཡུན་ལ་ཐར་བའི་དུས་མེད་པར་ཡུན་རིང་གནས་དགོས་པའོ།།

༢༡ འཁོར་བའི་གནས་ལ་འཇིགས་པའི་ཆོས་དྲུག་བསྟན་པ།

འཁོར་བའི་གནས་ལ་འཇིགས་པའི་ཆོས་དྲུག་ནི།།

མི་རྣམས་སྡུག་བསྔལ་བསམས་ན་ཡིད་རེ་སྐྱོ།།

ལྷ་མིན་སྡུག་བསྔལ་བསམས་ན་སྐྱི་རེ་གཡའ།།

ལྷ་ཡི་སྡུག་བསྔལ་བསམས་ན་གཡང་རེ་ཟ།།

བྱོལ་སོང་སྡུག་བསྔལ་བསམས་ན་ངུ་རེ་བྲོ།།

ཡི་དྭགས་སྡུག་བསྔལ་བསམས་ན་སྐྱི་རེ་བུང༌།།

དམྱལ་བའི་སྡུག་བསྔལ་བསམས་ན་སྙིང་རེ་འདར།།

དེ་བས་འགྲོ་དྲུག་གནས་ནས་འབྲོས་རེ་རན།།

རན་པ་བས་ཀྱང་ཕྱིས་པར་གྱུར་པ་ཙམ།།

ཞེས་གསུངས་པ་སྟེ། འཁོར་བའི་གནས་འདི་ལ་སེམས་ཤིང་དཔྱད་ན་ཤིན་ཏུ་འཇིགས་ཤིང་སྐྲག་པའི་ཆོས་དྲུག་ནི། དེ་ཡང་འཁོར་གནས་འགྲོ་བ་རིགས་དྲུག་གི་ནང་ནས་མི་ནི་བཟང་ཤོས་ལྟ་བུ་ཡིན་པ་སྟེ། མཐོ་རིས་འཇིག་རྟེན་དམ་ཆོས་སྒྲུབ་ཆོག་པའི་ལུས་རྟེན་ཡིན་པའི་ཕྱིར། འོན་ཀྱང་དེའི་སྡུག་བསྔལ་བཞི་དང་བརྒྱད་ལ་སོགས་པ་ལ་བསམས་པར་བྱས་ན་ཡིད་སྐྱོ་བ་ཞིག་སྟེ། དེ་ཡང་གཞོན་མཛེས་ལང་ཚོ་ཅན་གྱི་ལུས་དེ་དབང་མེད་དུ་བཅོམ་ནས་རྒས་ཤིང་རྒུད་པས་མནར་ནས་འཁོགས་པ་དང་། ནད་མེད་སྟོབས་ལྡན་གྱི་ལུས་དེ་འབྱུང་བཞི་མ་སྙོམས་པའི་འདུ་བས་ཉམ་ཉེས་པར་བྱས་ཏེ། ནམ་ཡོང་ཆ་མེད་ཀྱི་འཆི་བདག་འཇིགས་སྐྲག་ཅན་དེའི་མདུན་དུ། ཤིན་ཏུ་ཉམ་ཆུང་བར་འཆི་བ་སྒུར་རེ་སྒུག་པ་ཤན་པའི་མདུན་གྱི་ར་ལུག་དང་ཁྱད་མེད་པར་བསྡད་ཡོད་པ་ཡིན་པ་དང་། དེ་བཞིན་དུ་སྙིང་ནས་གཅེས་པའི་མི་དམར་ཐང་ཅན་འདང་ཆེན་རྩིས་ཆེན་དེ་དག་དབང་མེད་གཤིན་རྗེའི་ལག་ཏུ་གཅིག་ཁྲིད་གཉིས་ཁྲིད་ཀྱིས་ཤོར་དང་འཆོར་ལ་ཕྱོགས་ནས་ཡོད་པ་དང་། དྲིན་ཅན་ཕ་མས་གཙོ་བྱས་པའི་འཇིག་རྟེན་ཕྱི་མའི་ལམ་དུ་སོང་བ་དེ་དག་ད་ཚོད་ངན་སོང་གི་སྡུག་བསྔལ་ཇི་ལྟ་བུ་ཞིག་མྱོང་གིན་ཡོད་ན་ལ་སོགས་པ་བསམ་ན་སྐྱོ་ཤས་ཤིག་མི་སྐྱེ་བའི་རང་དབང་མེད་པ་དང་། དེ་བཞིན་དུ་ལྷ་མིན་གྱི་སྡུག་བསྔལ་འཐབ་རྩོད་བསད་རྨས་དེ་དག་ལ་བསམས་དུས་སྐྱི་གཡའ་ནས་ཤ་བརྩེད་པ་ཞིག་ཡིན་པ་དང་། ལྷའི་སྡུག་བསྔལ་ལ་བསམས་ན་ཡང་ལྷ་ཡུལ་གྱི་བདེ་བ་མྱོང་མྱོང་ནས་ཤི་རན་དུས་ངན་སོང་དུ་ལྟུང་བ་ཤེས་པས་དེ་ལ་གཡང་རེ་ཟ་ཞེས་པ་སྟེ། གཡང་ས་ཟབ་མོ་ནས་མར་བལྟས་ན་སྐྲག་སྔངས་ཡོང་བ་ལྟ་བུའི་ཉམ་ང་བ་ཞིག་ཡིན་པ་དང་། བྱོལ་སོང་གི་སྡུག་བསྔལ་ཐམས་ཅད་ལ་བསམས་ན་ལྟ་ཅི་སྨོས། ཐད་ན་ཡོད་པའི་དུད་འགྲོ་རང་རེས་མཐོང་བ་འདི་དག་བཀོལ་སྤྱོད་ཀྱི་སྡུག་བསྔལ་མྱོང་བཞིན་ཡོད་པ་འདི་དག་ལ་བལྟས་ན་ངུ་བྲོ་བ་ལས་གཞན་མེད་དེ། དེ་ཐམས་ཅད་ཀྱང་ཡང་ན་སྐྱེ་བ་འདིའམ་སྐྱེ་བ་གཞན་དུ་ཕ་མ་རུ་བྱས་པ་ཤ་སྟག་ཡིན་ཏེ། ཕ་མ་སྒོ་ཕྱུགས་དང་སྒོ་བཤས་ལ་ཚུར་ལ་སྐྱེ་བ་ནི། ཕ་ཤ་ཟ་ཞིང་མ་ལ་རྡེག །གསོད་པའི་དགྲ་བོ་པང་ན་བཟུང་། །ཆུང་མས་ཁྱོ་ཡི་རུས་པ་འཆའ། །འཁོར་བའི་ཆོས་ལ་གད་མོ་བྲོ། །ཞེས་པ་ལ་སོགས་པ་མང་དུ་གསུངས་པའི་ཕྱིར། ཡི་དྭགས་ཀྱི་བཀྲེས་སྐོམ་གྱི་ཐོག་ནས་བཤད་ནའང་དཔེ་དེ་བཞིན་དུ་སྐྱི་བུང་སྟེ་སྐྲག་ནས་བ་སྤུ་གཟེངས་བར་བྱེད་པའི་སྡུག་བསྔལ་གྱིས་ཉམ་ཐག་པ་ཞིག་ཡིན་པ་དང་། དེ་བཞིན་དུ་དམྱལ་བའི་ཚ་གྲང་གསོད་གཅོད་ཀྱི་སྡུག་བསྔལ་གོ་ན་སྙིང་འདར་བ་ཞིག་ཡིན་པས། ཁོག་ཏུ་སེམས་ཡོད་པ་ཞིག་ཡིན་ཚེ་འབྲོས་རན་པས་མ་ཚད་ཕྱིས་པར་གྱུར་པས་ལ་འུར་བརྩོན་པར་རིགས་སོ།།

༢༢ དེ་ལས་ཐར་བར་བྱེད་པའི་ཆོས་དྲུག་བསྟན་པ།

དེ་ལས་ཐར་བར་བྱེད་པའི་ཆོས་དྲུག་ནི།།

རྟག་ལྟ་ཡུལ་ཕྱུང་ཕྱི་དུས་ལེ་ལོ་བོར།།

སང་ཕོད་བཅས་ཞོག་ཅི་ཡོད་ཆོས་ལ་ཐོང༌།།

ཐ་མལ་སྤྱོད་བོར་བསྟན་པའི་སྲོལ་དུ་ཞུགས།།

སྟོབས་བཞིའི་གཉེན་པོས་ལས་ངན་སྡིག་པ་སྦྱོངས།།

ཆོས་སྤྱོད་རྣམ་བཅུས་ཚོགས་གཉིས་ཅི་ནུས་སོགས།།

སྦྱོར་དངོས་རྗེས་གསུམ་ཆོས་ཀྱི་ལམ་དུ་ཆུག།

དེ་ཡིས་འཁོར་བའི་གནས་ལས་མྱུར་དུ་ཐར།།

ཞེས་གསུངས་པ་སྟེ། དེ་ལས་ཐར་བར་བྱེད་པའི་ཐབས་ཀྱི་ཆོས་དྲུག་བསྟན་པ་ནི། སྤྱིར་ན་རྟག་པར་ལྟ་བ་དེ་མུ་སྟེགས་རྟག་ལྟ་བའི་གྲུབ་མཐའ་ལས་བཤད་པ་ལྟ་བུ་ཡིན་ཡང་། འདིར་སྐབས་ཐོབ་ཀྱི་གོ་བ་འདུས་བྱས་མི་རྟག་པ་ཡིན་པ་ཁ་ནས་བཤད་ཀྱང་དོན་དུ་མགྱོགས་པོར་མི་འཆི་སྙམ་པའི་རྟག་ལྟ་དེ་ལ་གོ་དགོས་ཏེ། དེའི་ཁུངས་ནས་མི་འདོད་པ་ཕལ་ཆེ་བ་འབྱུང་བ་ཡིན་པའི་ཕྱིར། དེས་ན་དེ་འདྲའི་རྟག་ལྟ་དེ་ཡུལ་ཕུད་ནས་ཕྱི་བཤོལ་གྱི་ལེ་ལོ་བོར་ཞིག སང་ཕོད་གནངས་ཕོད་ཀྱི་ཕྱི་ཚིས་གྲབས་གཤོམ་དེ་བཞག་ནས། ཕྱིས་རྒས་དུས་བཟའ་རྒྱུ་དང་བུ་ཚའི་མཁོ་ཆས་ཡིན་མི་བསམ་པར་བདོག་པའི་དངོས་པོ་ཅི་ཡོད་ཆོས་ཕྱོགས་སུ་ཐོང་། ཐ་མལ་པའི་སྤྱོད་པ་མི་དགེའི་བསམ་སྦྱོར་བོར་ནས་སངས་རྒྱས་བསྟན་པའི་སྲོལ་ལམ་ལ་ཞུགས་ཤིག ཚེ་རབས་ཐོག་མེད་ནས་བསགས་པའི་སྔར་བྱས་ཀྱི་སྡིག་སྒྲིབ་ཐམས་ཅད་གཉེན་པོ་སྟོབས་བཞིའི་སྒོ་ནས་བཤགས་ཏེ་སྦྱོངས་ཤིག ཡི་གེ་འབྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་འཛིན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དོན་སེམས་པ་དང་སྒོམ་པ་སྟེ། །སྤྱོད་པ་འདི་བཅུའི་བདག་ཉིད་ནི། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །ཅེས་པ་ལྟར་དུ་ཆོས་སྤྱོད་ཀྱི་བྱ་བ་རྣམ་པ་བཅུ་ཡིས་འདས་པར་བྱས་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཅི་ནུས་སུ་སོག་ཅིག ཀུན་མཁྱེན་ཆོས་རྗེས། ཁྱད་པར་ཐེག་ཆེན་དགེ་བ་རླབས་པོ་ཆེ། །སྦྱོར་བ་སེམས་བསྐྱེད་དངོས་གཞི་དམིགས་པ་མེད། །རྗེས་ལ་བསྔོ་བས་ཡོངས་སུ་ཟིན་པ་དེ། ཐར་ལམ་སྒྲུབ་པའི་གཅེས་པ་རྣམ་གསུམ་ཡིན། །ཞེས་གསུངས་པ་ལྟར་སྦྱོར་བ་སེམས་བསྐྱེད་དམ་པ་དགེ་རྩ་ཐབས་ཀྱིས་ཟིན་བྱེད་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་མི་འབྲལ་ཞིང་། དངོས་གཞི་དམིགས་མེད་དམ་པ་དབུ་ཕྱག་རྫོགས་གསུམ་གྱི་ལྟ་བའི་གནད་དང་མ་བྲལ་བ་ཞིག་དགོས་ལ། འོན་ཀྱང་དེ་ཙམ་མ་ནུས་ཀྱང་ཁ་གཡེང་མིག་གཡེང་མེད་པའི་སྒོ་གསུམ་ཆུན་གཅིག་ཏུ་དྲིལ་ནས། བསམ་པས་དགེ་སྦྱོར་གང་བསྒྲུབ་ཀྱང་དེ་ལ་རྩེ་གཅིག་ཏུ་གཏད་ནས་གང་བསྒྲུབ་བྱའི་ཆོས་ལ་སོགས་པ་དེ་དང་དེ་དག་སྣང་ལ་རང་བཞིན་གྱིས་མི་དམིགས་པར་རྒྱས་འདེབས་བྱས་ན། དངོས་གཞི་དམིགས་མེད་ཀྱི་དོད་ཐུབ་པའི་དགེ་རྩ་རྐྱེན་གྱིས་མི་འཇིག་པར་བྱེད་པ་ཡིན་ལ། རྗེས་བསྔོ་བ་དམ་པ་གང་བསྔོ་བྱ་སྔོ་བྱེད་བསྔོ་ཡུལ་དང་བཅས་པ་འཁོར་གསུམ་དག་པའི་འདུན་པས་བསྔོས་པར་བྱས་ན་དགེ་རྩ་ཆུད་མི་ཟ་བ་སྟེ་དེ་ལྟ་བུའི་དམ་པ་གསུམ་གྱི་རྩིས་ཟིན་ན་དགེ་རྩ་ཆེ་ཆུང་གང་ཡིན་ཡང་ཐར་བ་ཆ་མཐུན་གྱི་དགེ་རྩ་རུ་འགྱུར་བ་ཡིན་ལ། གལ་སྲིད་དམ་པ་གསུམ་གྱི་རྩིས་མ་ཟིན་དུས་དགེ་བ་ཆེན་པོ་བྱས་པ་ཡང་བསོད་ནམས་ཆ་མཐུན་ཙམ་ལས་མི་འགྱུར་བ་ཡིན་པས་སྦྱོར་དངོས་རྗེས་ཀྱི་དམ་པ་གསུམ་དང་འབྲེལ་བའི་ཆོས་ལ་རང་ཞུགས་པས་མ་ཚད། གཞན་ལ་ཡང་དེ་ལྟར་གདམས་པར་བྱས་ན་འཁོར་བའི་གནས་ནས་མྱུར་དུ་ཐར་བར་འགྱུར་བ་ལས། སྐྱོ་བ་དང་སྐྱི་གཡའ། གཡང་ཟ་དང་སྙིང་འདར་ཇི་ལྟར་བྱུང་ཡང་ཕན་པ་མེད་དོ།།

༢༣ ཆོས་ཀྱི་བར་གཅོད་ནོར་པ་རྣམ་དྲུག་བསྟན་པ།

ཆོས་ཀྱི་བར་གཅོད་ནོར་པ་རྣམ་དྲུག་ནི།།

ཆེ་བཙན་དྲེགས་པས་གཡེངས་པའི་ཆེན་པོ་ནོར།།

མི་ཆོས་བྱ་བ་བསྒྲུབ་པའི་བཙུན་པ་ནོར།།

ཐ་སྙད་མི་ཚེ་འདའ་བའི་སྟོན་པ་ནོར།།

དུག་ལྔས་རང་རྒྱུད་བསྲེག་པའི་སྔགས་པ་ནོར།།

བླུན་རྨོངས་ལོག་འཚོ་བསྒྲུབ་པའི་སྒོམ་ཆེན་ནོར།།

བློ་ལྟོས་འཁྲུལ་སྣང་འཆའ་བའི་སྐྱེ་བོ་ནོར།།

ནོར་པ་སྤངས་ནས་ཆོས་ལ་བརྩོན་པ་གཅེས།།

ཞེས་གསུངས་པ་འདི་ཆོས་ཀྱི་བར་ཆད་ཀྱི་སྐོར་ནས་གསུངས་པ་སྟེ་ལས་དང་པོ་པའམ་ལམ་ཞུགས་ཀྱི་ཆོས་པ་ཞིག་གི་ཆོས་ཀྱི་བར་ཆད་ནི་འདི་དག་རེད་ཅེས་པ་སྟེ། དེ་ཡང་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་བ་ཞིག་ལ་མཚོན་ན་གང་ལ་གང་འདུལ་ཐབས་མཁས་ཀྱི་མཛད་པ་སྟོན་པ་ཡིན་ལ་དེ་དག་ནི་འདིར་བསྡུས་ནས་འཆད་དུ་ཡོད་པ་མིན་པ་དང་། ཐ་མལ་པ་ཆོས་ལམ་ལ་མ་ཞུགས་པ་དང་ཆོས་ལམ་ལ་བློ་ཁ་མ་ཕྱོགས་པའི་བདུད་རིགས་ལོག་ལྟ་ཅན་དག་ཀྱང་འདིར་འདུ་བ་མིན་པས་དེ་ལས་གཞན་པ་ཆོས་སྒོར་ཞུགས་ནས་ཆོས་སྒྲུབ་བཞིན་ཡོད་ཀྱང་རྐྱེན་ངན་པ་དང་ཐུག་ན་ཆོས་འགོ་ཨེ་ཐོན་བསམ་པའི་རེ་དོགས་དགོས་པ་རྣམས་ཀྱིས་འདི་དྲུག་པོ་ལ་གཟབ་དགོས་པ་ཡིན་ཅིང་། དེ་ཡང་གཙོ་བོ་ཀུན་སློང་ལ་རག་ལས་པ་ཡིན་ཏེ། སེམས་དགེ་བ་ལ་ཉེས་པ་མེད། །ཅེས་པ་དང་། བསམ་པ་དག་ན་ལུས་ངག་གི་མི་དགེ་བ་བདུན་གནང་བའི་སྐབས་ཀྱང་ཡོད་པས། གཙོ་བོ་གཞན་དོན་གྱི་ཆེད་མ་ཡིན་པའི་རང་དོན་དུ་སྟོབས་དང་འབྱོར་བ། མཚན་དང་སྙན་གྲགས་མངའ་ཐང་དང་གཟི་བརྗིད་བསྐྱེད་ན་དེ་ལ་བརྟེན་ནས་ཆོས་ཀྱི་རྩ་བ་ངེས་འབྱུང་དང་བྱང་སེམས། བྱམས་དང་སྙིང་རྗེ་རྣམས་བོར་ན་ཆོས་རྣམ་དག་འགྲུབ་པ་མིན་པས་ཆེན་པོའི་ཚོད་ཀྱི་མཐོ་འདོད་གྲགས་འདོད་བྱས་ན་ནོར་བ་ཡིན། དེ་ཡང་ཇི་ལྟར་ནོར་ན་ཆོས་མ་འགྲུབ་གོང་གི་འཇིག་རྟེན་འགྲུབ་ན་ཆོས་པའི་ཆོས་ལམ་ནོར་སོང་བ་ཡིན་པས། དམན་ས་གོང་མའི་གདན་ས་ཡིན་ཞེས་གསུངས་པས་དམན་ས་འཛིན་དགོས། འོན་ཀྱང་དེང་གི་དུས་འདི་ལྟ་བུ་ཞིག་ལ་མཚོན་ན་དུས་ངན་ཡིན་པས་དམན་ས་འཛིན་མཁན་ལ་དམན་པ་དངོས་ཡིན་པའི་འདུ་ཤེས་དང་། ཆེ་བ་འདོན་མཁན་ལ་དབང་རྒྱུ་ཐོབ་གསུམ་གྱིས་ཡར་འདེགས་བྱེད་པ་དང་མི་ཚང་མ་མཐོ་དགའ་ཆེ་བ་གཉིས་མཐུ་བསྡོངས་དཔུང་བསྡོངས་བྱས་ནས་སྐབས་དང་སྐབས་སུ་ཆོས་མཐུན་བཀུར་བསྟིའི་བཞུགས་གྲལ་མགོ་མཇུག་ཏུ་ལྡོག་པའི་དུས་ཡོད་ཀྱང་། རང་ངོས་ནས་རྒྱལ་བ་དགྱེས་པའི་ལམ་བཟང་ལ་ཞུགས་པ་ཡིན་ན། གཞན་དག་སུ་མ་འགུ་ཡང་ཞེ་བློ་བདེ་ནས་འདུག་ཆོག་པ་ཡིན་པས། ཆོས་པ་དག་གིས་ཆེ་བཙན་དྲེགས་པས་གཡེངས་པའི་དབང་འབྱོར་གྱི་དབང་དུ་མི་ཤོར་བ་ནི་གལ་ཆེའོ། །དགེ་ཚུལ་སློང་གི་སྡོམ་པ་བླངས་ནས་མ་ཉམས་པར་གནས་པའི་བཙུན་པ་དང་བཙུན་མ་རྣམས་ཀྱིས་མི་ཆོས་ཏེ་ཁྱིམ་པའི་བྱ་བ་དགྲ་གྱོད་འཁོན་གསུམ་ཚོང་སོ་ནམ་དང་། འུ་ཚོ་འབྲོག་ཕྱོགས་ཀྱི་ཡུལ་ལ་མཚོན་ན་ཕྱུགས་འཚོ་བ། བཞོན་བཞོ་བ། རུ་སྐྱེལ་བ། ཁལ་འགེལ་བ་དང་། ཟུར་གྱི་ལས་ཀ་དབྱར་རྩྭ་བརྐོ་བ། གྲོ་མ་བརྐོ་བ། རྩྭ་འཐུ་བ། ས་ལས་ལ་སོགས་པ་མི་སྐྱ་ཕོ་མོ་ཁྱིམ་པ་མི་ནག་པ་དག་གི་བྱ་བ་རབ་ཏུ་བྱུང་བས་བྱེད་ན། སྤྱིར་ན་བཅོམ་ལྡན་འདས་ཀྱི་བཀའ་དང་འགལ་བ་དང་། དེའི་སྟེང་དུ་ལུས་སེམས་གཉིས་ཀ་ཆོས་མིན་གྱི་ཕྱོགས་ལ་འཁོར་ནས་འཁོར་བའི་ཁ་འཛིན་བྱས་ནས་ཆོས་སྤྱོད་དང་དགེ་བ་སྒྲུབ་པ་ལས་གཡོལ་དུ་འགྲོ་བས་ནོར་བའོ། །དོན་ལ་མི་རྟོན་ཞིང་ཚིག་རྐྱང་པ་ལ་རྟོན་པའི་ཐ་སྙད་ཀྱི་བཤད་རྒྱང་ཁོ་ན་འཐེན་ནས་ཉམས་ལེན་གྱི་གནད་མི་ཤེས་པར་མི་ཚེ་གྲོན་པ་ནི་ཆོས་གཞན་ལ་སྟོན་པའི་སྟོན་པ་དག་གི་ནོར་བ་སྟེ། ཁྱད་པར་དུ་ཐོས་པས་རང་རྒྱུད་མ་གྲོལ་པ་ལ་ལ། དཔེར་ན་ཆུ་ཟོམ་ཕྱེད་ཁུར་ན་ཆུ་དེ་བས་ཆོབ་སྒྲ་དེས་ཆེ་ཞིང་འཁུར་མི་བདེ་བ་བཞིན་དུ། འགྲོག་པ་མི་བདེ་ཞིང་། ཡས་མས་ཐམས་ཅད་མི་འཐད་པའི་འགལ་འདུ་ཤ་སྟག་ཏུ་མཐོང་ནས། དམ་ཆོས་འཆད་ཉན་བྱས་པ་དེ་ནང་རང་རྒྱུད་ཉོན་མོངས་ཀྱི་གཉེན་པོར་མི་འགྲོ་བར། ཕྱིའི་ཁ་ཤགས་བཀྱེ་བྱེད་དུ་ལོག་སྟེ། ནམ་ཞིག་དད་པ་དག་སྣང་ཡང་ཇེ་ཆུང་དུ་སོང་ནས་རྐྱེན་ངན་ཐོག་ཏུ་བབས་དུས་ཐ་མལ་པར་འགྱུར་བ་དེ་དག་ནི་ནོར་བའོ། །སྔགས་པས་གསང་སྔགས་ཀྱི་དམ་ཚིག་བསྲུངས་ནས་བསྟན་པའི་སྤྱི་དགྲ་དང་བླ་མའི་སྒོས་དགྲ། ཞིང་བཅུ་ཚང་བའི་དགྲ་བོ་སྒྲོལ་བ་ནི་སྔགས་པའི་ལས་ཡིན་ཡང་། དེ་ལྟར་མ་ཡིན་པ་རང་འདོད་ཕུགས་སུ་བཅུག་རང་ཉིད་དང་ཡོན་བདག་ལ་གནོད་པའི་དངོས་དངོས་མེད་སུ་ཡིན་ཡང་། ཕ་རོལ་པོའི་སེམས་ཅན་དེ་ལ་དགྲ་རུ་བཟུང་ནས་མནན་བསྲེགས་འཕངས་གསུམ་བྱས་ན་བསྟན་པའིི་ཞབས་འདྲེན་ཆོས་ལམ་ལས་འགལ་བའི་ནོར་བ་ཡིན། སྔགས་པས་བསྟན་དགྲ་སྒྲོལ་བ་དེ་མཐུས་གསོད་ཐུབ་པ། ནུས་པས་འདྲེན་ཐུབ་པ་ཞིག་དགོས་ཏེ། རྡོ་རྗེ་ཕུར་པ་རྩ་བའི་རྒྱུད་ཀྱི་དུམ་བུ་ལས། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །གསད་ཅིང་མནན་པ་མ་ཡིན་ཏེ། །ཞེས་གསུངས་ལ་མུ་སྟེགས་པའི་ངན་སྔགས་རེག་ཕུང་ནག་པོ་ལྟ་བུས་ཕ་རོལ་པོ་གསད་ཐུབ་ཀྱང་། སྐྱེ་བོ་མི་ནག་པས་གྲི་ཁ་མདུང་ཁ་བཀྱེས་ནས་རྒྱལ་ཕམ་འབྱེད་པ་དང་ཁྱད་མེད་པས་དེ་འདྲ་བ་ནི་བསྟན་པ་འདི་ལས་ཕྱི་རོལ་དུ་གྱུར་པས་ཆོས་པའི་ལས་མིན་ལ། རང་གར་ངན་སེམས་འཆང་ནས་ཇ་ཕུད་མཆོད་མཁན་དེའི་ཕྱོགས་ཙམ་ལའང་ཆོས་སྐྱོང་སྲུང་མ་ཉེ་བ་མིན་པར་མ་ཟད། རྣལ་འབྱོར་པ་དམ་ཚིག་དང་མ་ལྡན་ན་དགྲ་བོ་ཕར་བསད་ཀྱང་རང་ལ་ཚུར་རྡེག་པ་ཡིན་པས་གཟབ་པར་བྱའོ། །དང་པོའི་ལས་ཅན་ཐོས་པ་འཚོལ་མ་མྱོང་བས་ཐོས་བསམ་གྱི་ཤེས་རབ་མེད་པས་ཉམས་ལེན་གྱི་གནད་རྣམས་མི་ཤེས་བཞིན་དུ། མཐོ་སའི་ཕྱག་རྫོགས་ཀྱི་ཉམས་ལེན་དང་། དམའ་སའི་སྔོན་འགྲོ་བློ་སྦྱོང་གི་སྐོར་ནས་ཚེ་མི་རྟག་པ་ལ་སོགས་པ་སྒོམ་མདོག་གིས་རི་མགོ་རྫ་མགོ་ཞིག་ལ་ཁེར་འདུག་བྱས་ཀྱང་། ཅི་སྒོམ་འདི་སྒོམ་གྱི་གནད་ལེགས་པར་མ་ཤེས་པས་གྲུབ་དོན་གྱི་འབྲས་བུ་ཉམས་རྟོགས་ཀྱི་ཡོན་ཏན་བསྐྱེད་དུ་མེད་ཚེ། ལོག་འཚོའི་འཚོ་བ་རྒྱུ་ནོར་གསོག་བྲུན་དང་གཡོ་སྒྱུ་མགོ་སྐོར་ལ་སོགས་པ་ལ་ཐུགས་དམ་དུ་བཟུང་བའི་ཐུན་གྱི་ཉམས་ལེན་དེ་ལས་བསམ་རྒྱུ་མེད་པར་གྱུར་པའི་བླུན་རྨོངས་ལོག་འཚོ་སྒྲུབ་པའི་སྒོམ་ཆེན་རྣམས་ནོར་བ་ཡིན་ནོ། །བློས་ལྟོས་ས་འཁྲུལ་སྣང་ལ་འཆའ་བའི་སྐྱེ་བོ་ཐ་མལ་པ་སོ་སོ་སྐྱེ་བོ་དག མེད་སྣང་འཁྲུལ་བའི་རང་གཟུགས་འདི་དག་མེད་ལ་ཡོད་པར་བཟུང་བ་དང་། མི་གཙང་བ་ལ་གཙང་བར་བཟུང་བ་དང་། མི་བདེ་བ་ལ་བདེ་བར་བཟུང་བ་སོགས་ཀྱིས་ནོར་ཏེ་འཁྱམས་པ་ཡིན་པས་འདི་ལྟ་བུའི་ནོར་བ་འདི་དག་སྤངས་ནས་དམ་པའི་ལྷ་ཆོས་ལ་ཚུལ་བཞིན་དུ་བརྩོན་པར་བྱའོ།།

༢༤ མ་ནོར་ཕན་པར་བྱེད་པའི་ཆོས་དྲུག་བསྟན་པ།

མ་ནོར་ཕན་པར་བྱེད་པའི་ཆོས་དྲུག་ནི།།

བརྩེ་བའི་གདམས་ངག་བླ་མའི་གསུང་ལ་ཉོན།།

ཡིད་ཆེས་གཏད་ས་རྒྱལ་བའི་བཀའ་ལུང་ལྟོས།།

ཉིན་མཚན་ཐུན་མཚམས་དགེ་སྡིག་བསྔོ་བགྲང་གྱིས།།

ཕྱི་མ་གར་འགྲོ་རྒྱུ་འབྲས་རྟེན་འབྲེལ་སོམས།།

ལུས་དང་ལོངས་སྤྱོད་གཅེས་འཛིན་ཆགས་ཞེན་སྤོངས།།

རྒྱུད་ལུང་མན་ངག་སེམས་ཀྱི་སྟེང་དུ་ཕོབ།།

དེ་ལྟར་བྱས་ན་མྱུར་དུ་སངས་རྒྱས་འགྲུབ།།

ཅེས་གསུངས་པ་སྟེ། མ་ནོར་ཕན་པར་བྱེད་པའི་ཆོས་དྲུག་ནི། དེ་ཡང་དང་པོར་བླ་མ་བརྟགས་ཤིང་སྟེན་པར་བྱེད་པའི་དུས་སུ་ཐུགས་རྒྱུད་བརྩེ་བ་དང་སྙིང་རྗེས་གང་བ་ཞིག་ཡིན་མིན་བརྟག་དགོས་ཏེ། སྤྱིར་ན་བླ་མ་མ་དགོས་གང་ཟག་ཕལ་བའི་ཚོད་གང་ཟག་གིས་ཟིན་པ་མིན་ཡང་། བླ་མ་བརྟག་ཐབས་ཀྱི་གཙོ་བོ་དེ་ཐུགས་རྒྱུད་སྙིང་རྗེས་གང་བ་ཡིན་མིན་དང་། མ་མཐའ་ཡང་བྱང་ཆུབ་ཀྱི་སེམས་སྨོན་འཇུག་གི་བདག་ཉིད་ཅན་ཐུགས་རྒྱུད་དུ་འཁྲུངས་པ་ཞིག་ཡིན་དགོས་པ་ལ་སོགས་པ། མདོ་དང་རྒྱུད་སྡེའི་རང་ལམ་གྱི་བླ་མའི་མཚན་ཉིད་གསུངས་པ་དག་ལ་གཞིར་བཅས་པའི་བརྟག་པ་སྔོན་དུ་སོང་བའི་མཚན་ལྡན་གྱི་བླ་མ་དེའི་གསུང་ལ་ཉོན་ཅིག དེའི་སྟེང་དུ་ཡིད་ཆེས་ས་རྒྱལ་བའི་བཀའ་དང་དེའི་དགོངས་འགྲེལ་ཐམས་ཅད་ཡིན་པ་ལས། དེ་མིན་འཇིག་རྟེན་གྱི་ཆེན་པོ་གཉན་པོ་དང་། ཕ་མ་མཛའ་བཤེས་སུས་སྨྲས་ཀྱང་བློ་གཏད་དང་ཡིད་ཆེས་བྱེད་ཡུལ་མིན་ཏེ། རང་མགོ་རང་གིས་མ་ཐོན་པ་ཤ་སྟག་གིས་གཞན་གྱི་ལམ་སྟོན་དང་རྒྱབ་རྟེན་ཐུབ་པ་མིན་པས་སོ། །ཉིན་གཅིག་གི་མཐའ་ལ་མཚོན་ན་དགོང་མོ་མར་ཉལ་དུས་ངས་དེ་རིང་ཉིན་གཅིག་ལ་ཆོས་མཐུན་གྱི་བྱ་བ། གཞན་ཕན་གྱི་བསམ་སྦྱོར་སོགས་དགེ་བ་གང་དང་གང་བྱས་འདུག་བསྔོ་བགྲང་ངམ་རྩིས་བཤེར་བྱས་ན། ཆགས་སྡང་དོན་མེད་ཀྱི་བྱ་བ་ཁོ་ན་རུ་སོང་བའམ། ཐུན་རེ་སྡོམ་ནས་ཁ་ཏོན་དགེ་སྦྱོར་རེ་བྱས་ཀྱང་དེ་ཡང་རྣམ་དག་ཅིག་མ་བྱུང་བར་འདུག་ན་ད་ཕྱིན་ཆད་འདི་འདྲ་མི་བྱེད་སྙམ་པའི་དམ་བཅའ་བྱེད་ཅིང་། ནངས་མོ་ཡར་ལང་བའི་དུས་སུ་ཡང་དེ་རིང་མི་ཚེའི་དུས་ཚོད་འཕྲོ་བརླག་ཏུ་མི་གཏོང་བར་དགེ་སྦྱོར་ལ་རེམ་དགོས་བསམ་པའི་དམ་བཅའ་དང་། དྲན་པའི་བྱ་ར་ལྟ་མཁན་འཚོ་མཁན་ཞིག་ཡོད་ཚེ་ཉིན་རེ་རེ་བཞིན་ཇེ་བཟང་དུ་འགྲོ་བ་ཡིན་ལ། དེ་ལས་གཞན་དུ་འཁྲུལ་རྟོག་ཡན་པ་རྒྱ་འབྱམས་སུ་སོང་ན་དགེ་སྡིག་གང་བྱེད་བཞིན་ཡོད་རང་གིས་ཀྱང་མི་ཤེས་པ་དེ་འདྲར་འགྱུར་བ་ཡིན་ནོ། །ཕྱི་མ་གར་སྐྱེ་ད་ལྟའི་ལས་ལ་ལྟོས། །ཞེས་གསུངས་པས་རྒྱུ་འབྲས་རྟེན་འབྲེལ་བསླུ་བ་མེད་པ། ལས་བྱས་པ་ས་ལ་མི་སྨིན་རྡོ་ལ་མི་སྨིན་རང་ཉིད་ཀྱི་ཟིན་པའི་ཕུང་པོ་འབའ་ཞིག་ལ་སྨིན་པ་ཡིན་ཏེ། མདོ་ལས་དགེ་སློང་དག་བྱས་ཤིང་བསགས་པའི་ལས་ནི་སའི་ཁམས་ལ་སྨིན་པར་འགྱུར་བ་མ་ཡིན། ཆུ་དང་མེ་དང་རླུང་ལ་མ་ཡིན་གྱི། ཟིན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་འདི་ཉིད་ལ་སྨིན་པར་འགྱུར་རོ། །ཞེས་གསུངས་པས་རྒྱུ་འབྲས་རྟེན་འབྲེལ་གྱི་ཐོག་ནས་ལས་འབྲས་ལ་སེམས་པར་བྱེད་པ་ནི་མ་ནོར་བའི་ལམ་དང་། ལུས་དང་ལོངས་སྤྱོད་འདི་དག་ཆགས་ཞེན་གྱི་གཞི་མ་ཡིན་པས་འདི་ལ་གཅེས་འཛིན་ཆགས་ཞེན་སྤོངས་ཤིག དེ་ཡང་རྒྱབ་ཀྱི་ཁུར་ཕོག་པ་ལྟ་བུ་དེ་མ་ཐག་ཏུ་ལོངས་སྤྱོད་མ་དགོས་ལུས་ཀྱི་ཆགས་ཞེན་ཙམ་ཡང་མི་བྱེད་ཅེ་ན་སོ་སོ་སྐྱེ་བོས་ཐུབ་པ་ཞིག་མིན་ཡང་རིམ་གྱིས་སྦྱོང་དུ་ཡོད་པ་ཡིན་པས། བསམ་བློ་ཞིབ་ཏུ་བཏང་ན་ལུས་འདི་གཡར་བའི་དངོས་པོ་ལྟ་བུ་ཞིག་ཡིན་པ་དང་། ལོངས་སྤྱོད་ཀྱང་དེ་བཞིན་དུ་མི་རྟག་པ་མདང་གི་རྨི་ལམ་དང་འདྲ་བར་གོ་བར་བྱས་ནས། ལུས་རྟེན་འདི་ཐར་བའི་གྲུ་གཟིངས་ས་བེད་སྤྱོད་པ་དང་། ལོངས་སྤྱོད་ཀྱི་ཕྱོགས་ནས་ཀྱང་རབ་བྱུང་ཞིག་ཡིན་ཚེ་ལོངས་སྤྱོད་ཆེན་པོ་སྒྲུབ་མི་རུང་བས་མ་ཟད། ལར་སུ་ཡིན་ཡང་སྒྱུ་མའི་ནོར་ལས་ནོར་གྱི་སྙིང་པོ་ལེན་པ་རུ་ནོར་གྱི་མཆོད་སྦྱིན་བྱས་ནས་བསོད་ནམས་ཀྱི་ཟོང་ཞིག་སྐྲུན་པར་བྱེད་པ་ལས་ཞེན་ཆགས་མི་བྱེད་པ་ནི་མ་ནོར་བའི་ལམ་མོ། །རྒྱུད་ལུང་མན་ངག་གི་ཐོས་བསམ་བྱས་ཚད་པོ་ཁ་ཕྱིར་སྐོར་ནས་གཞན་སྐྱོན་འཚོལ་བའི་ཐུར་མ་མི་བྱེད་པར། ནང་དུ་ཚུར་སྐོར་ནས་རང་སྐྱོན་ལྟ་བའི་མེ་ལོང་རང་རྒྱུད་འདུལ་བའི་གཉེན་པོ་རུ་བཟུང་ནས་སེམས་ཀྱི་སྟེང་དུ་ཕབ་སྟེ་གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་གྱིས་དང་ནོར་ཡོད་པ་མིན་ནོ་ཞེས་པ་སྟེ། ཆོས་དང་རང་རྒྱུད་བསྲེ་མ་ཐུབ་ནས་ཆོས་དང་རང་རྒྱུད་སོ་སོ་རུ་ལུས་ན། ནད་དང་སྨན་གཉིས་མ་འཕྲོད་པ་ལྟར་དུ་ཆོས་དེ་དུག་གསུམ་འདུལ་བའི་གཉེན་པོ་རུ་འགྲོ་བའི་དུས་ཤིག་ཡོད་པ་མིན་པས། བཅོམ་ལྡན་འདས་ཀྱིས་རང་གི་སེམས་འདུལ་བ་འདིའི་ནང་དུ་སངས་རྒྱས་ཀྱི་བསྟན་པ་མཐའ་དག་འདུས་ཡོད་ཅེས་ཚིག་གཅིག་ལ་བསྡུས་པ་ཡིན་ནོ། །དེ་ལྟར་མ་ནོར་བ་དྲུག་པོ་དེ་བསྒྲུབས་པར་བྱས་ན་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་དཀའ་བ་མེད་པ་འགྲུབ་པར་འགྱུར་བ་དངོས་སུ་བསྟན་ནས། ཤུགས་ལ་དེ་ལྟར་མ་བྱས་ན་སངས་རྒྱས་མི་འགྲུབ་པ་ཡང་བསྟན་པའོ།།

༢༥ ཚུལ་བཞིན་ལེགས་པར་བལྟ་བའི་ཆོས་དྲུག་བསྟན་པ།

ཚུལ་བཞིན་ལེགས་པར་བལྟ་བའི་ཆོས་དྲུག་ནི།།

འཇིག་རྟེན་བྱ་བས་ཕན་པ་འདུག་གམ་ལྟོས།།

བསགས་པའི་ནོར་རྫས་བཞག་ནས་སོང་བ་ལྟོས།།

ཕན་བཏགས་ལན་དུ་གནོད་པ་སྐྱེལ་ལ་ལྟོས།།

མང་པོའི་ནང་ནས་གཅིག་པུར་སོང་བ་ལྟོས།།

སོ་ནམ་གསོག་བྲུན་རང་ཤི་རང་དབང་ལྟོས།།

ཆེ་བཙན་སྙན་གྲགས་བོར་ནས་སོང་བ་ལྟོས།།

དེ་ལྟར་བལྟས་ནས་རང་ལ་ནང་དུ་སྦྱོར།།

ཞེས་གསུངས་པ་སྟེ། བལྟས་ན་ཤེས་སུ་ཡོད་པའི་ཆོས་རྣམ་པ་དྲུག་ཏེ། སྔར་འདས་པའི་དུས་སུ་འཇིག་རྟེན་གྱི་བྱ་བ་སྒྲུབ་མཁན་ནི། ས་ཆེན་པོ་འདི་ཆགས་ནས་ད་ལྟའི་བར་དུ་མིང་དང་གྲགས་པ་མེད་པ་ཁྲི་ཁྲི་འབུམ་འབུམ་བྱེ་བ་དུང་ཕྱུར་གྲངས་མེད་དང་། མིང་དང་གྲགས་པ་ཡོད་པས་ཀྱང་འབད་འབད་ལས་ཀྱི་ཐ་མར། འདི་ཐོན་དེ་ཐོན་དང་འདི་འགྲུབ་དེ་འགྲུབ་ཅི་ཡང་མེད་པར་ཕྱི་མའི་ལམ་ཆེན་དུ་མིང་སྐམ་ཞིག་ཤུལ་དུ་བཞག་ནས་སོང་བ་ཤ་སྟག་ཡིན་པ་དང་། ད་ལྟའི་འཇིག་རྟེན་གྱི་ཁམས་ན་ཡོད་པའི་མཐོ་དམན་དྲག་ཞན་མེད་པས་ཉིན་མི་དལ་མཚན་མི་ཁོམ་ནས་བྱ་བས་བྲེལ་བཞིན་ཡོད་ཀྱང་། འཇིག་རྟེན་གྱི་བྱ་བ་འདིས་ཟིན་སོང་ཞེས་པ་ཞིག་མེད་པར་འགྲོ་དགོས་ཚེ། འཇིག་རྟེན་གྱི་བྱ་བས་ཕན་པ་འདུག་གམ་ལྟོས་ཤིག་དང་དོན་མེད་མི་ཚེ་ཟད་པའི་ངང་ཚུལ་དེ་མཐོང་བར་འགྱུར་རོ། །བསགས་པའི་ནོར་རྫས་ཚེ་གང་པོར་སྡིག་སྡུག་བསྔལ་གཉིས་དང་བརྗེས་ནས་བསྒྲུབས་པའི་ནོར་རྫས། ཕྱུག་པོ་ལ་ལས་ཟ་མ་བྲ་གོན་མ་བྲ་བར་གསོག་ཁུལ་བྱས། གསོན་ཚེ་མཆོད་སྦྱིན་གྱི་བསོད་ནམས་བྱེད་མ་ཐུབ་པས་འཆི་བ་ཐོག་ཏུ་བབས་ཚེ་གློ་བུར་དུ་བསྐྱུར་ནས་འགྲོ་དགོས་པ་ཡིན་ལ། དེ་དུས་རང་གིས་བསགས་པ་གཞན་གྱིས་སྤྱོད་པ་དེ་བར་དོའི་རྣམ་ཤེས་ཀྱིས་རིག་ནས་ཞེན་ཆགས་དང་སྡང་བ་སྐྱེ་བཞིན་ངན་སོང་གི་གནས་སུ་ལྷུང་བ་ཡིན་པའི་ཚུལ་ལ་ལྟོས་ཤིག་དང་ཁབ་དང་སྐུད་པ་ཙམ་ཡང་ཁྱེར་དབང་མེད་པའི་ཚུལ་དེ་མཐོང་བར་འགྱུར་རོ། །གྲོགས་དང་འཁོར་འབངས་ལ་བསམ་བློ་བཏང་ན་ཡིད་རྟོན་མི་ཕེར་ཞིང་ཕར་ལ་ཕན་བཏགས་ཀྱང་ཚུར་གནོད་སྐྱེལ་བ། འབྲེལ་བ་མེད་ན་འགལ་བ་ཡོང་བ་མིན་པའི་དཔེ་བཞིན་དུ། འཇིག་རྟེན་གྱི་དགྲ་བོ་མང་ཆེ་བ་དག་དང་པོ་གཉེན་ཤ་སྟག་ཡིན་པའི་ཚུལ་ལ་ལེགས་པར་ལྟོས་ཤིག་དང་གནོད་བྱེད་རང་གིས་སྒྲུབ་པའི་ངང་ཚུལ་དེ་མཐོང་བར་འགྱུར་རོ། །གཉེན་ཕྱོགས་རེ་བ་རྒྱུ་ནོར་གྱིས་བསྐྱངས་ནས་ཕན་འདོགས་ཁུལ་བྱས་པ་ལ་སྙིང་པོ་ཡོད་པ་མིན་ཏེ། མང་པོའི་ནང་ནས་གཅིག་པུ་མར་ནང་ནས་སྤུ་འཐེན་པ་བཞིན་དུ་ཕྱི་མའི་ལམ་ཆེན་དུ་འགྲོ་དགོས་པ་དང་སོང་བ་ལ་ལྟོས་ཤིག་དང་། དེ་དུས་ཕ་མ་གཉེན་འདུན་སུས་ཀྱང་སྐྱོབ་པ་མིན་པའི་ཚུལ་མཐོང་བར་འགྱུར་རོ། །གསོན་ཚེ་རྒྱུ་ནོར་གསོག་འཇོག་བྱེད་ཁུལ་གྱིས་གཅིག་གཉིས་ལ་ཨེ་འགྱུར་དང་བརྒྱ་ཁ་སྟོང་ཁ་ལ་ཨེ་འབུད་ལྟ་བར་བྱེད་པ་ཡིན་ཡང་། རང་ཉིད་ཤི་དུས་ལོངས་སྤྱོད་རྗེས་སུ་འབྲང་བ་དང་། དེ་དུས་རང་དབང་ཇི་ཙམ་ཡོད་ལྟོས་དང་ཤེས་པ་ཡིན་ནོ། །ཚེ་འདིའི་ཆེ་བཙན་སྙན་གྲགས་ཅི་འདྲ་ཆེ་ཡང་མཐའ་ཨེ་རྟག་མཐོན་པོ་ཐོབ་ལས་ལྷུང་བ་དང་། དཔའ་བོ་དགྲ་ལག་ནས་ཤི་བ་དང་། ཚེ་སྟོད་དུ་སྙན་གྲགས་དང་ལོངས་སྤྱོད་མངའ་ཐང་རྒྱས་པའི་དུས་སུ། ཐང་དཀར་རྒོད་ཀྱི་བུ་རེད་འདུག་ནམ་འཕང་ཆོད་འདུག་གཤོག་རྩ་དཀར་འདུག་ཅེས་བསྔགས་པ་རྗོད་པར་བྱེད་ཀྱང་། ཚེ་སྨད་དབང་པོ་ཐུར་དུ་རྒུད་དུས་ངང་པ་སེར་པོའི་བུ་ཡིན་འདུག་འདམ་རྩྭ་ཟ་འདུག་འདམ་དྲི་བྲོ་འདུག་ཅེས་སྨོད་པ་བྱེད་པའང་ཅི་འདྲ་མི་མང་ལ། གཞན་ཡང་རྒྱལ་ཁབ་ཀྱི་དཔོན་པོ་འཛམ་གླིང་དུ་མིང་གྲགས་ཡོད་པ་དག་ཀྱང་། ཤི་བའི་ཉིན་མོ་གྲོགས་མེད་ཁེར་རྐྱང་དུ་སོང་བས། དེའི་དུས་སུ་མཚན་གྱིས་མི་ཕན་གྲགས་པས་མི་སྐྱོབ་པ་དེ་ལ་ལྟོས་ཤིག་དང་ཅིས་ཀྱང་དགོས་པ་མེད་པའི་དོན་རྟོགས་པར་འགྱུར་རོ། །དེ་ལྟར་ཕྱིའི་འཇིག་རྟེན་དངོས་ཡོད་ཀྱི་སྣང་ཚུལ་དངོས་ལ་བལྟས་ནས་ནང་རང་གི་རྒྱུད་ལ་ཚུར་སྦྱོར་དང་། ཕྱིའི་དཔེ་དང་ནང་གི་དོན་གཉིས་སྦྱར་ན་དཔེ་དོན་འཕྲོད་ནས་ཉམས་ལེན་གནད་དུ་འགྲོ་བ་ཡིན་ནོ། །དེ་ལྟ་བུའི་ཐབས་བསྟན་པ་དེ་ལ་མན་ངག་ཅེས་བྱའོ། །ལྟ་ཤེས་ན་གང་སྣང་ཐམས་ཅད་བརྡ་ཆོས་སུ་འཆར་བ་ཡིན་པས་ཡི་གེ་ལ་བརྟེན་པའི་གནའ་བོའི་གཏམ་རྒྱུད་དཔེ་ཆོས་རྙིང་པ་ཁོ་ན་ལ་ལྟོས་དགོས་པ་མིན་ནོ།།

༢༦ ཡང་དག་དོན་ཆེན་འགྱོད་མེད་རྣམ་དྲུག་བསྟན་པ།

ཡང་དག་དོན་ཆེན་འགྱོད་མེད་རྣམ་དྲུག་ནི།།

ཆོས་ཕྱིར་དཀའ་སྤྱད་ཤི་ཡང་འགྱོད་པ་མེད།།

དམན་པའི་ས་བཟུང་ཁ་ཉེན་འགྱོད་པ་མེད།།

ཕ་ཡུལ་རྒྱབ་སྐྱུར་མདོ་ཆུང་འགྱོད་པ་མེད།།

ཆོས་ཕྱིར་ནོར་བཏང་ལྟོགས་ཀྱང་འགྱོད་པ་མེད།།

སྡིག་སྤངས་ངན་སོང་སོང་ཡང་འགྱོད་པ་མེད།།

ཅེས་གསུངས་པ་སྟེ། ཡང་དག་པའི་དོན་ཆེན་པོ་དེ་དག་བསྒྲུབས་ནས་ཕྱིན་ཆད་འགྱོད་པ་མེད་པར་སེམས་བདེ་བར་གནས་ཆོག་པ་དྲུག་ནི། རང་གཞན་ཕན་བདེ་ལ་སྦྱོར་བའི་ཆེད་དུ་དམ་པའི་ཆོས་སྒྲུབ་པར་བྱེད་དགོས་ཤིང་། དེ་ལྟར་ཆོས་བསྒྲུབས་པའི་བརྒྱུད་རིམ་གྱི་ཁྲོད་ནས་དཀའ་བ་སྤྱད་དེ་ཤི་ཡང་འགྱོད་དགོས་པ་མིན་ཏེ། ཐོག་མེད་ནས་ད་ལྟའི་བར་དུ་ཅི་འདྲའི་མ་སྐྱེས་ཅི་འདྲའི་མ་ཤི་ཡང་དོན་ཡོད་པ་རང་གཞན་གཉིས་དོན་སྒྲུབ་པའི་ཆེད་དུ་ཤི་མཁན་ཉུང་བ་དང་། བླུན་པོས་བལྟས་ནས་ན་ཤི་ཚུལ་ངན་སྙམ་ཡང་དོན་གྱི་སྟེང་ནས་ཤི་བ་དོན་ཡོད་ཡིན་པའི་ཕྱིར་རོ། །འོན་ཀྱང་དེའི་དོན་དུ་ཤི་དགོས་པའི་ངེས་པ་ཡང་མེད་དོ། །དམན་པའི་ས་བཟུང་ནས་དམ་པའི་རྒྱལ་ས་བཟུང་ན་ལ་ལས་ཐབས་མེད་འཁོས་རྡུགས་ཤེས་བརྗོད་ཀྱང་རང་ལ་འགྱོད་པ་ཡོད་པ་མིན། ཕ་ཡུལ་རྒྱབ་ཏུ་བསྐྱུར་མི་ཡུལ་དང་དུ་བླངས་ཚེ། ཕ་གཞིས་མ་མཁར་མ་ཟིན་པའི་མདོ་མེད་རྐང་འདྲེན་ཡིན་ཞེས་སྨྲས་ཀྱང་འགྱོད་པ་མེད་པ་དང་། སྤྱིར་དམ་པའི་ཆོས་ཀྱི་ཕྱིར་དང་ཁྱད་པར་དུ་བསྟན་པ་ཉམས་དམའ་ཞིང་ཉག་ཕྲ་བའི་གནས་སྐབས་སུ་བསྟན་སྲོག་གི་ཟུངས་སུ་རང་ཉིད་ཀྱི་ཡོད་དགུའི་ནོར་རྫས་དག་བཏང་ན་ནོར་མེད་སྤྲང་པོར་སོང་ནས་ལྟོགས་ཀྱང་འགྱོད་པ་ཡོད་པ་མིན་ལ། དེ་ཡང་ནོར་གྱིས་ཆོས་བསྒྲུབས་ནས་སྤྲང་པོར་གྱུར་པ་ཞིག་སྲིད་པ་མིན་ཡང་གལ་སྲིད་སྲིད་ཀྱང་འགྱོད་མེད་བློ་བདེ་ཡིན་པ་དང་། སྡིག་པ་སྤངས་ནས་དགེ་བ་བསྒྲུབས་ན་ངན་སོང་དུ་སོང་ཡང་འགྱོད་པ་མེད་པ་སྟེ། ཆོས་བསྒྲུབས་ནས་རྒྱུ་མེད་དུ་གྱུར་ནས་ལྟོགས་བཞིན་ཡོད་པ་ཞིག་དང་། སྡིག་པ་སྤངས་ནས་ངན་སོང་དུ་ལྷུང་བ་ཞིག་མི་སྲིད་པས་འགྱོད་པ་མེད་དོ་ཞེས་པའི་དོན་ཏོ། །མདོར་ན་དེ་ལྟ་བུའི་འགྱོད་མེད་ཀྱི་བྱ་བ་རྣམ་དྲུག་ལ་བློ་ཐག་བཅད་ནས་འབད་དགོས་སོ་ཞེས་པའོ།།

༢༧ སྣོད་ངན་ཆོས་དང་རིང་བ་རྣམ་དྲུག་བསྟན་པ།

སྣོད་ངན་ཆོས་དང་རིང་བ་རྣམ་དྲུག་ནི།།

ཕག་བཞིན་ཅི་རྙེད་ཟ་བས་བསྒྲུབ་མི་ནུས།།

རང་མཐོང་རྨ་བྱ་འདྲ་བས་འགྲོགས་མི་ཤེས།།

ཆིག་ཚུགས་ཕ་བོང་འདྲ་བས་སྐབས་མི་ཕྱེད།།

ཀུན་འཛུགས་བཟེ་མ་འདྲ་བས་དམ་མི་ཐུབ།།

སྦྲུལ་བཞིན་གདུག་རྩུབ་ཆེ་བས་རྒྱུད་མི་ཐུལ།།

སྤྲེལ་བཞིན་སྤྱམ་ལ་འབྱོར་བས་བསྒྲུབ་མི་ཚུགས།།

གླང་བཞིན་ཤེས་རབ་བླུན་པས་ཆོས་མི་གོ།

དེ་ཕྱིར་འདི་དག་སྤངས་ནས་བསྒྲུབ་པ་གཅེས།།

ཞེས་གསུངས་པ་སྟེ། སྣོད་ངན་པ་རང་རྒྱུད་ཆོས་དང་ཐག་རིང་བ་རྣམ་དྲུག་ནི། ཕག་ལྟ་བུ་ཟ་རྒྱུ་ཁོ་ན་མ་གཏོགས་བསམ་རྒྱུ་མེད་པའི་ཟས་སྲེད་ཅན་དེས་ཟས་འཚོལ་དང་། ཟ་དགའ་འཐུང་སྐྱིད་འབའ་ཞིག་གིས་མི་ཚེ་ཟད་ནས་དམ་ཆོས་བསྒྲུབ་མི་ནུས་པ་དང་། ལ་ལ་རང་མཐོང་ཆེན་པོ་ཅན་ངའི་ཡན་ན་སུ་གཅིག་མེད་སྙམ་མཁན་དེའི་རྒྱུད་དེ་ང་རྒྱལ་གྱིས་སྦོས་ནས་ཡོད་པས་དེ་འདྲ་དེས་མཐོན་པོ་ལ་སྐུར་འདེབས། མཉམ་པ་ལ་འགྲན་སེམས། དམན་པ་ལ་བརྙས་བཅོས་བྱེད་ཅིང་། སུ་གཅིག་དང་འགྲིག་པ་མིན་པས་འགྲོགས་མི་ཤེས་པ་དང་། ཆིག་ཚུགས་ཏེ་ཆིག་ནི་གཅིག་གི་དོན་ཡིན་ཏེ་ཆིག་ཁྲི་ཆིག་སྟོང་ཞེས་པ་ལྟ་བུ་ཡིན། ཆིག་ཚུགས་ཕ་བོང་དང་འདྲ་བ་རང་གི་ཚུགས་འཛིན་ཅིང་བསླབ་བྱ་སློབ་གསོ་སོགས་ཇི་ལྟར་བཤད་ཀྱང་ཁོ་རང་ལས་ཁས་མི་ལེན་ཅིང་། བྱེད་སྟངས་ཀྱི་ཕྱོགས་ནས་རང་གིིས་བྱས་པ་དེ་ཡང་དག་པ་ཡིན་སྣང་ཤར་མཁན་གྱི་དཀྱུ་རུ་མ་དཀྱུ་བོ་དཀྱུ་ལུགས་ངན་པ་ཅན་ལས། བརྟན་པོ་ཚུགས་ཐུབ་མིན་པའི་འཆུས་པོ་གཡག་རྭ་འདྲ་བའི་མི། དགེ་བའི་བཤེས་གཉེན་གྲོགས་ཚངས་སྤྱོད་སུ་ཡི་ཁ་ལ་ཡང་མི་ཉན་པས། གདམས་པ་དང་མན་ངག་བསྟན་བསམས་ཀྱང་བསྟན་པའི་གོ་སྐབས་མི་འབྱེད་པ་དང་། གཟེ་མ་ར་མགོ་ཞེས་པ་ལྡུམ་བུ་ཕྱོགས་ཐམས་ཅད་ལ་ཚེར་མ་རྣོན་པོའི་སོ་ཡོད་པས། གང་དུ་ཐུག་ཀྱང་ཚེར་མས་ཕུག་ཡོང་ནས་མི་ལ་ན་ཟུག་སྟེར་བ་བྱེད་པ་བཞིན་དུ་རྒྱུད་བཟེ་རེ་ཆེ་བའི་དབང་གིས་བླ་མ་མཆེད་གྲོགས་ཀྱི་དམ་ཚིག་སྲུང་ཐུབ་པ་མིན་པ་དང་། སྦྲུལ་ལྟར་དུ་ཐུག་ས་རེག་ས་མེད་པའི་རྒྱུད་མི་མ་ཐུལ་པ་དང་། སྤྲེའུ་ལྟ་བུ་སྤྱམ་ལ་འབྱོར་བ་ནི་འདུག་མི་ཚུགས་པ་སྤྲ་ལག་ཚ་བ་ལ་ཟེར་ཞིང་དེ་འདྲ་བས་སྒྲུབ་ཚུགས་མི་ཟིན་པ་ཡིན་པ་དང་། བ་གླང་འདྲ་བའི་ཤེས་རབ་མེད་པའི་བླུན་པོ་དག་གིས་ནི་ཆོས་ཉན་ན་མི་གོ་ཞིང་། བསམས་ན་མི་ཤེས་པས་དེ་ལ་ཨུ་ཚུགས་ཀྱིས་བསླབས་ཀྱང་ཕན་ཆེར་ཐོགས་པ་མིན་པས། འདི་འདྲ་བ་འདུལ་ཐབས་དེ་རྗེ་རིན་པོ་ཆེས་ཞིང་ས་ཁྱད་པར་ཅན་ལ་ཚོགས་གསོག་ཏུ་འཇུག་དགོས་གསུངས་པ་དང་། བཅོམ་ལྡན་འདས་ཀྱིས་ཀྱང་ལམ་ཆུང་བ་ལ་དགེ་འདུན་པའི་མཆིལ་ལྷམ་བྱི་དོར་དང་། གཙུག་ལག་ཁང་ཕྱགས་དར་བྱེད་བཅུག་པ་ལྟ་བུ་ཡིན། དེ་འདྲའི་རིགས་ཅན་འདི་དང་པོར་སྒྲིབ་པ་དག་ནས་ཆོས་ཀྱི་སྣོད་དུ་འགྱུར་དགོས་པ་ཡིན། དེ་ལྟ་བུའི་སྣོད་མིན་ཆོས་དང་རིང་བ་དྲུག་སྤངས་ནས་སྒྲུབ་པ་བྱེད་པ་གཅེས་པ་སྟེ། མདོར་ན། གྲོགས་ངན་སྤངས་བ་རྒྱལ་སྲས་ལག་ལེན་ཡིན། །ཞེས་པ་ལྟ་བུའོ།།

༢༨ སྣོད་ངན་དབང་དུ་མི་གཏོང་ཆོས་དྲུག་བསྟན་པ།

སྣོད་ངན་དབང་དུ་མི་གཏོང་ཆོས་དྲུག་ནི།།

ཚེ་འདིར་བློ་འཇུག་བྱུར་ངན་སྒོར་དབྱུང་ཞིང༌།།

དགེ་ལ་སྤྲོ་བ་དཔལ་ཡིན་ཕུགས་སུ་ཆུག།

ང་རྒྱལ་རང་མཐོང་འདྲེ་ངན་བསྐྲད་བྱ་ཞིང༌།།

དམན་པའི་ས་འཛིན་དངོས་གྲུབ་སྔ་ལྟས་བསྟེན།།

གཉེན་པོ་མཆོག་འཛིན་བདུད་དཔུང་བོར་བྱ་ཞིང༌།།

རྣམ་རྟོག་གྲོགས་འཆར་ལྟས་ངན་གཡང་དུ་ཁུག།

དེ་རྣམས་ལྡན་ན་ཆོས་རབ་བཟང་པོའི་སྣོད།།

ཅེས་གསུངས་པ་སྟེ། ཚེ་འདིའི་དོན་ཁོ་ནར་བསམ་ནས་དམིགས་ཡུལ་འདུན་པ་དེ་ལ་གཏད་པ་ནི་བྱུར་ངན་པ་ཆག་སྒོའི་སྣ་འདྲེན་ཆོས་མི་འགྲུབ་པའི་སྔོན་རྟགས་ཡིན་པས། བློ་དེ་སྒོར་དབྱུང་ཞིང་། དགེ་བ་རྣམ་དག་ལ་བརྩོན་གང་དགེ་ལ་སྤྲོ་བའི་མཚན་ཉིད་ཅན་གྱི་བརྩོན་འགྲུས་བྱེད་པ་ནི། ལེགས་པའི་ཆོས་ཐམས་ཅད་འབྱུང་བའི་དཔལ་ཡིན་པས་གཡང་རྟེན་མཛོད་ཀྱི་དཀྱིལ་དུ་བཞག་པ་བཞིན་དུ་ཡར་ཕུགས་སུ་ཉར་ཚགས་དགོས་པ་དང་། ཡོན་ཏན་མེད་ཀྱང་ཡོད་པར་རློམ་པའི་ང་རྒྱལ། གང་མེད་ཀྱང་དོ་ཡོད་པའི་ཉམས་སྟོན་པར་བྱེད་པའི་རང་མཐོང་དེ་གནོད་པ་སྐྱེལ་བའི་འདྲེ་ངན་ཞིག་འཁྲི་ནས་ཡོད་པ་དང་འདྲ་བ་ཡིན་པས། བགེགས་སྐྲད་པ་བཞིན་དུ་རྒྱ་མཚོ་ཆེན་པོའི་ཕ་རོལ་དུ་བསྐྲད་ནས་དམན་ས་འཛིན་པ་ནི་དངོས་གྲུབ་ཐོབ་པའི་སྔ་ལྟས་སུ་དམན་ས་བསྟེན་དགོས་པ་ཡིན། དམན་ས་ཞེས་པ་འདི་འདུག་ས་མཐོ་དམན་དང་གོས་བཟང་ངན་གྱི་ཕྱི་ཚུལ་ཙམ་མིན་པར་སེམས་ཀྱི་ཐོག་ནས་ང་རྒྱལ་དང་རང་མཐོང་མེད་པར་བྱེད་པ་ལ་གོ་བས་ཕྱིའི་ཚུལ་འཆོས་ནས་དམན་ས་བཟུང་མདོག་ཏུ་ཡོད་ཀྱང་། དོན་དུ་ཆེ་འདོད་སེམས་ཀྱི་གཅོང་ནད་ནང་དུ་ཡོད་ཚེ། དེ་ཡང་དམན་སའི་གྲལ་དུ་མི་འགྲོ་བ་ཡིན། གཉེན་པོ་མཆོག་འཛིན་སྤང་གཉེན་གཡུལ་སྤྲད་པ་ལྟ་བུ་སྟེ། མཚམས་རེ་སྨན་མ་ཞུ་བ་དུག་ལ་ལོག་པ་ལྟ་བུ་ཡོང་བ་ཡིན་པས་གཉེན་པོ་མཆོག་འཛིན་གྱི་བདུད་དཔུང་དེ་བོར་བར་བྱ་ཞིང་། རྣམ་རྟོག་གྲོགས་སུ་ཤར་ཏེ་གནས་ལུགས་ཀྱི་ལྟ་བའི་གདེང་རྙེད་ནས། གང་ཤར་རང་གྲོལ་དུ་གཏོང་བ་དང་། རྣམ་རྟོག་བཟང་ངན་གང་ཤར་ཡང་ཐམས་ཅད་ཉམས་ལེན་བོགས་འདོན་གྱི་རྩལ་སྦྱོང་། མདོར་ན་རིག་ཚད་གོ་ཚད་དྲན་ཚད་ཐམས་ཅད་སྤྱོད་ཡུལ་ལམ་ཁྱེར་བཞིན་དུ་བྱེད་པའམ་ལས་དང་པོ་པ་ཡིན་ན། གོང་དུ་བཤད་པ་བཞིན་དུ་མི་དགེའི་རྣམ་རྟོག་ཇེ་ཉུང་དུ་བཏང་བ་དང་། དགེ་བའི་རྣམ་རྟོག་ཇེ་མང་དུ་བཏང་ན་རིམ་གྱིས་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་ཇེ་ཉུང་དུ་སོང་ནས་གང་ཤར་དགེ་བར་འགྱུར་བའི་ལྟས་ངན་གཡང་དུ་ཁུག་པ་ཡིན་ནོ། །དེ་ལྟར་སྣོད་ངན་གྱི་དབང་དུ་མི་གཏོང་བའི་ཆོས་དྲུག་དང་ལྡན་པ་ནི་ཆོས་རབ་བཟང་པོའི་སྣོད་ཅེས་བྱའོ།།

༢༩ མཐར་ཕྱིན་ཆོས་ཀྱི་བློ་སྣ་རྣམ་དྲུག་བསྟན་པ།

མཐར་ཕྱིན་ཆོས་ཀྱི་བློ་སྣ་རྣམ་དྲུག་ནི།།

འཆི་བདག་འཇིགས་བསྐྱེད་གཤེད་མས་བདས་འདྲ་དང༌།།

འཁོར་བར་སྐྱོ་བསྐྱེད་ཁྱོ་ངན་ཆུང་མ་འདྲ།།

འཁྲུལ་སྣང་ཞེན་ལོག་སྐྱུགས་ནད་ཟས་མཐོང་འདྲ།།

མི་ཆོས་ཡིད་བྱུང་མཛའ་བོས་བསླུས་པ་འདྲ།།

སོ་ནམ་སྒྱིད་ལུག་སད་ཁུངས་ཞིང་ངན་འདྲ།།

ཉེ་འབྲེལ་གདུང་ཆད་དགྲར་ལངས་བུ་ཚ་འདྲ།།

དེ་དང་ལྡན་པས་དམ་ཆོས་ཚད་དུ་ཕྱིན།།

ཅེས་གསུངས་པ་སྟེ། རྗེ་མི་ལ་རས་པས། ང་འཆི་བས་འཇིགས་ནས་རི་ལ་ཕྱིན། །ནམ་འཆི་ཆ་མེད་བསྒོམས་བསྒོམས་པས། །འཆི་མེད་གཉུག་མའི་བཙན་ས་ཟིན། །ད་འཆི་བའི་འཇིགས་པ་བོར་ཏེ་ཐལ། །ཞེས་པ་ལྟར་དུ་འཆི་བདག་གི་བསུ་མ་ལ་འཇིགས་སྐྲག་ཡོད་པ་ནི་གསོད་མཁན་གྱི་གཤེད་མས་རྗེས་ནས་བདས་པ་དང་འདྲ་བར་ཚེ་ལ་ལོང་མེད་ཀྱི་བསམ་པ་རྒྱུད་ལ་ཡོད་དགོས་པ་དང་། འཁོར་བ་ལ་སྐྱོ་བ་བསྐྱེད་པ་ནི་ཁྱོ་བོ་ངན་པ། ཐབས་མེད་འཁོས་ཞན་སྡུག་ངན་གྱོང་གི་བཟེ་རེ་ཆེན་པོ་ཅན། བྱ་ངན་སྤྱོད་ངན་ངན་པ་སྣ་དགུ་མི་ཤེས་པ་མེད་པའི་བཟའ་བ་ངན་པའི་ཆུང་མ་སུ་ཡིན་ཡང་སེམས་སུན་ཡི་ཆད་ཀྱིས་སྐྱོ་བ་སྐྱེ་བ་ལྟར་དུ། འཁོར་བའི་གནས་ལ་སྐྱོ་བ་སྐྱེད་པར་བྱེད་པ་དང་། འཁྲུལ་སྣང་ལ་ཞེན་ཁ་ལོག་པ་ནི་སྐྱུགས་ནད་ཅན་གྱི་སྔུན་དུ་སྣུམ་ཟས་བཞག་པ་ལྟར་དུ་འཁོར་བའི་འཁྲུལ་སྣང་ལ་ཞེན་ལོག་བསྐྱེད་པ་དང་། འཇིག་རྟེན་མཐུན་འཇུག་གི་བྱ་བ་ལ་བློ་གཏད་ས་དང་སྙིང་པོ་མེད་པ་ཤེས་ནས་ཡིད་བྱུང་བ་ནི་མཛའ་བོ་བཟང་པོས་བསླུས་པ་དང་འདྲ་བར་ལྟ་བ་དང་། སོ་ནམ་ཚོང་ཁེ་ལ་སོགས་པའི་རྒྱུ་ནོར་གསོག་བྲུན་འདི། ལོ་ཏོག་འདེབས་པའི་ས་ཞིང་ཞིག་ལ་དཔེར་བྱས་ན། ཚེ་གཅིག་ལ་སད་ཁོ་ནས་ཁྱེར་ཞིང་ལོ་ལེགས་ཐེངས་གཅིག་ཀྱང་མི་རག་པའི་ཞིང་ངན་ཞིག་ལ་ལོ་ཏོག་བཏབ་པ་བཞིན་དུ། སྙིང་པོ་མེད་པར་སྒྱིད་ལུགས་ནས་རྨུས་པ་ལྟ་བུར་གོ་བར་བྱེད་པ་དང་། ཉེ་འབྲེལ་བར་གྱི་བརྩེ་གདུང་ཆད་པ་ནི། བུ་ཚ་དགྲ་རུ་ལངས་ཚེ་སུ་ཞིག་ལ་བློ་གཏད་བྱ་ཡུལ་མེད་པར་རིག་པ་བཞིན་དུ། ཉེ་འབྲེལ་གྱི་གདུང་སེམས་ཆད་པར་བྱེད་པ་སྟེ་དྲུག་པོ་དང་ལྡན་ན་ཆོས་མཐར་ཕྱིན་པར་བྱེད་པས། ངེས་པར་འབྱུང་བའི་བློ་སྣ་རྣམ་དྲུག་དཔེ་དྲུག་གིས་བསྟན་པ་དེ་ཉིད་དོན་དུ་བཟུང་ནས་རྒྱུད་ལ་སྦྱར་བར་བྱའོ།།

༣༠ དེ་དང་མི་ལྡན་འགྲོ་བ་རྣམ་དྲུག་བསྟནཔ།

དེ་དང་མི་ལྡན་འགྲོ་བ་རྣམ་དྲུག་ནི།།

ཐོས་པ་བྱས་ཀྱང་ཚིག་གི་རྩོད་པ་མཁན།།

བཤད་པ་བྱས་ཀྱང་ཕྲག་དོག་ཁ་སྦྱང་མཁན།།

སྒོམ་པ་བྱས་ཀྱང་རྣམ་རྟོག་ཡིད་སྨོན་མཁན།།

བསམ་པ་བྱས་ཀྱང་ཟས་ནོར་ཁེ་སྤོགས་མཁན།།

གཅིག་པུར་བསྡད་ཀྱང་ཉོན་མོངས་རྣམ་རྟོག་མཁན།།

སྲུང་སྡོམ་བྱས་ཀྱང་ཉོན་མོངས་ཁ་གསག་མཁན།།

འགྲོ་བ་དྲུག་ལྡན་བརྟགས་ཏེ་རིང་དུ་སྤང༌།།

ཞེས་གསུངས་པ་སྟེ། དེ་དག་དང་མི་ལྡན་པའི་དབང་གིས་འགྲོ་བ་རྣམ་པ་དྲུག་ནི། མཁས་པའི་བགྱི་བ་རྣམ་གསུམ་གྱི་འཆད་རྩོད་རྩོམ་གསུམ་ནི། བསྟན་པ་འཛིན་སྲུང་སྤེལ་གསུམ་ལ་མེད་པའི་ཐབས་མེད་ཀྱང་། བཀའ་མདོ་རྒྱུད་དང་ལུང་མན་ངག་གི་གནས་ལ་ཐོས་པ་སློབ་གཉེར་ཇི་ལྟར་བྱས་ཀྱང་། སློབ་དཔོན་ཆེན་པོས། ཐ་སྙད་ཚིག་ལ་མཁས་ན་མཁས་པ་མིན། །ཅེས་པ་ལྟར་དུ། ཐོས་དོན་རྒྱུད་ལ་མ་འབྱོར་བའི་མི་མཁས་ཚིག་གི་རྩོད་པ་མཁན་དུ་གྱུར་པའི་ང་རྒྱལ་གྱིས་འགྲོ་བ་དང་། བཀའ་མདོ་རྒྱུད་ཀྱི་དོན་ལ་བཤད་ཁྲིད་བྱས་ཀྱང་གཞན་ལ་ཕྲག་དོག་གི་དབང་གིས་སྐྱོན་འཚོལ་བྱེད་པའི་ཁ་སྦྱང་མཁན་ལས་རང་རྒྱུད་ཉོན་མོངས་འདུལ་བྱེད་དུ་བཀོལ་མི་ཤེས་པའི་ཕྲག་དོག་གིས་འགྲོ་བ་དང་། སྒོམ་པ་བྱས་ཀྱང་རྣམ་རྟོག་གི་འཕྲོ་འདུ་ཞིག་ལས་མི་འཕར་བའི་ཡིད་སྨོན་ལ་རག་ལས་པའི་གཏི་མུག་གིས་འགྲོ་བ་དང་། ཐོས་པའི་དོན་ལ་བསམས་པ་བྱས་ཀྱང་རྙེད་བདེ་གྲགས་བསྟོད་དང་ཟས་ནོར་ཁེ་སྤོགས་ཁོ་ན་བརྩོན་མཁན་གྱི་འདོད་ཆགས་ཀྱིས་འགྲོ་བ་དང་། གཅིག་པུ་རི་ཁྲོད་ལྟ་བུར་འདུག་ཁུལ་བྱས་ཀྱང་། གདམས་ངག་གི་བློ་ཆོད་མེད་པས་ཉོན་མོངས་རྣམ་རྟོག་གི་དབང་དུ་སོང་ནས། ལུས་དབེན་པའི་གནས་སུ་བསྡད་ནས་ཕྱིའི་དབེན་པ་ན་ཡོད་ཀྱང་ནང་དང་གསང་བའི་དབེན་པ་མ་ཚང་བས། དབེན་གསུམ་དམ་པའི་རྒྱལ་ས་མ་ཟིན་པར་ཉོན་མོངས་རྣམ་རྟོག་མཁན་དུ་གྱུར་པའི་ཐེ་ཚོམ་གྱིས་འགྲོ་བ་དང་། ཕྱི་ཚུལ་ནས་སྲུང་སྡོམ་རེ་སྲུང་ཁུལ་བྱས་ཀྱང་ངེས་འབྱུང་དང་བྱང་སེམས་ཀྱིས་མ་ཟིན་པས་ཉོན་མོངས་ཁོང་ཁྲོ་ཞེ་སྡང་གི་ཁ་སོར་གང་དམའ་མེད་ཀྱང་ཁ་གསག་ཚིག་འཇམ་སྨྲ་བའི་ཞེ་སྡང་གིས་འགྲོ་བ་སྟེ། དེ་ལྟ་བུའི་འགྲོ་བ་དྲུག་དང་ལྡན་པའི་ཆོས་མིན་ཆོས་སུ་བཅོས་པ་དེ་དག་ལ་ལེགས་པར་བརྟགས་ཏེ་རིང་དུ་སྤང་བར་བྱའོ།།

༣༡ ནང་དུ་རང་ལ་བལྟ་བའི་ཆོས་དྲུག་བསྟན་པ།

ནང་དུ་རང་ལ་བལྟ་བའི་ཆོས་དྲུག་ནི།།

འཁོར་བའི་གནས་དང་འབྲེལ་བ་ཆོད་དམ་བལྟ།།

དགྲ་གཉེན་གཉིས་ལ་ཆགས་སྡང་འདུག་གམ་བལྟ།།

འགྲོ་དུས་བཟང་པོའི་ནོམ་པ་འདུག་གམ་བལྟ།།

སྒོམ་དུས་གྲུབ་རྟགས་ཚད་དུ་སྐྱོལ་ལམ་བལྟ།།

གཞན་དོན་ཤུལ་དུ་དད་པ་ལོག་གམ་བལྟ།།

འཆི་དུས་དག་པའི་སྣང་བ་འཆར་རམ་བལྟ།།

དེ་ལྟར་བལྟས་ན་འདུན་མ་ལེགས་པའི་རྩེ།།

ཞེས་གསུངས་པ་སྟེ། རང་གིས་རང་ཉིད་ལ་ཇི་ལྟར་ཡིན་པ་ལྟ་བྱེད་ཀྱི་ཆོས་དྲུག་ནི། འཁོར་བ་ནི་འཁྲུལ་བ་ཡིན་ལ་འཁྲུལ་བ་འཁྲུལ་བ་ཡིན་པར་ཤེས་ན་དེ་ལ་ཞེན་ཆགས་ཆོད་པ་ཡིན། ཞེན་པ་ཆོད་པ་ནི་ངེས་འབྱུང་ཡིན་པ་དང་། འཁོར་བར་འཁོར་བྱེད་ནི་ང་མེད་ལ་ང་བདག་མེད་ལ་བདག་ཏུ་བཟུང་བ་ཡིན་ཏེ། དང་པོར་ང་ཞེས་བདག་ལ་ཞེན་གྱུར་ཅིང་། །བདག་གི་འདི་ཞེས་དངོས་ལ་ཆགས་བསྐྱེད་པ། །ཟོ་ཆུན་འཕྱན་ལྟར་རང་དབང་མེད་པ་ཡི། །འགྲོ་ལ་སྙིང་རྗེར་གྱུར་གང་དེ་ལ་འདུད། །ཅེས་གསུངས་པའི་ཕྱིར། དེས་ན་རྩ་བ་བདག་འཛིན་ལ་ཐུག་ཡོད་པས་བདག་འཛིན་གྱི་རྩ་བ་ཆོད་དུས་འཁོར་བ་དང་འབྲེལ་བ་ཆོད་སོང་བ་ཡིན། བདག་འཛིན་གྱི་རྩ་བ་གཅོད་བྱེད་བདག་མེད་རྟོགས་པའི་ཤེས་རབ་སྟེ། མདོར་ན་ངེས་འབྱུང་དང་སྟོང་ཉིད་རྟོགས་པའི་ལྟ་བས་འཁོར་བའི་གནས་དང་འབྲེལ་བ་ཆོད་ཡོད་མེད་བལྟ་བར་བྱ་བ་དང་། དགྲ་དང་གཉེན་གཉིས་ཀ་ལ་ཆགས་སྡང་ཡོད་མེད་སྔར་ཆོས་མ་ཞུས་གོང་དང་ད་ཆོས་ཞུས་རྗེས་གཉིས་ཀ་ལ་ཁྱད་ཡོད་མེད་བལྟ་བར་བྱ་ལ། གལ་ཏེ་འདྲ་འདྲ་ཡིན་ཚེ་ཆོས་བསྒྲུབས་ནས་རང་རྒྱུད་སོར་གང་གིས་འཕགས་མེད་པའི་རྟགས་ཡིན། གལ་ཏེ་དགྲ་གཉེན་གཉིས་ཀ་འདྲ་མཉམ་ཙམ་བྱུང་ནས་སྔར་འདྲའི་ཆགས་སྡང་མེད་ན་ཐར་བ་བྱང་ཆུབ་ལ་རེ་བ་ཅུང་ཟད་ཡོད་པའི་རྟགས་སོ། །འཇིག་རྟེན་ཕྱི་མའི་ཡུལ་དུ་འགྲོ་དུས་བཟང་པོའི་ནོམ་པ་སྟེ་དགེ་བའི་ལམ་རྒྱགས་འདུག་གམ་བལྟ་བ་དང་། སྒོམ་ཉམས་ལེན་བྱེད་པའི་དུས་སུ་གྲུབ་པའི་རྟགས་དངོས་ཉམས་རྨི་ལམ་ལ་རྫོགས་ཏེ་ཚད་དུ་སྐྱོལ་ལམ་བལྟ་བར་བྱ་བ་དང་། གཞན་དོན་སྒྲུབ་པར་སྒྲུབ་ཏུ་སོང་བའི་རྗེས་ཤུལ་དུ་དེ་དག་གི་དད་པ་ལོག་གམ་བལྟ་བར་བྱ་བ་དང་། འཆི་དུས་དག་པའི་སྣང་བ་འཆར་རམ་བལྟ་བར་བྱ་བ་སྟེ་དེ་ལྟར་བལྟས་ན་འདུན་མ་ལེགས་པའི་རྩེ་རུ་ཐོན་པ་ཡིན་ནོ།།

༣༢ ཆོས་དང་རིང་གྱུར་ཉེས་པ་རྣམ་དྲུག་བསྟན་པ།

ཆོས་དང་རིང་གྱུར་ཉེས་པ་རྣམ་དྲུག་ནི།།

དོན་ཆེན་མི་སྒྲུབ་འཆི་བ་མ་དྲན་ལས།།

ཆེ་བཙན་བསྒྲུབ་པ་བསླུ་བར་མ་ཤེས་ལས།།

གཉེན་བཤེས་བརྩེ་གདུང་འབྲལ་བར་མ་ཤེས་ལས།།

འདོད་ཡོན་སྲེད་པ་ཉེས་མང་མ་ཤེས་ལས།།

ནོར་རྫས་གསོག་འཇོག་འཇོག་པར་མ་ཤེས་ལས།།

སྒོམ་སྒྲུབ་ལེ་ལོ་མི་རྟག་མ་ཤེས་ལས།།

བྱུང་བའི་ཉེས་པ་འདི་ཀུན་སྤང་བར་མཛོད།།

ཅེས་གསུངས་པ་སྟེ། དོན་ཆེན་པོ་ཕྱི་མའི་དོན་མི་སྒྲུབ་པར་དོན་མེད་རྣམ་གཡེང་གི་ངང་དུ་སྐྱེལ་བ་ནི། འཆི་བ་མ་དྲན་པ་ལས་བྱུང་བ་དང་། རང་ལ་ཡོན་ཏན་མེད་བཞིན་དུ་ཆེ་བཙན་མི་ཆེན་གྱི་ལད་མོ་བསྒྲུབས་པར་བྱས་པ་ནི། གཞན་བསླུ་བ་ལས་རང་བསླུས་པ་མ་ཤེས་པ་ལས་བྱུང་བ་དང་། གཉེན་བཤེས་རྣམས་ཆགས་ཤིང་ཞེན་པའི་བརྩེ་གདུང་ནི། འབྲལ་བར་མ་ཤེས་པ་ལས་བྱུང་བ་དང་། ཕྱི་འདོད་ཡོན་གྱི་ཡུལ་དྲུག་ལ་ནང་དབང་དྲུག་གི་ཞེན་པ་སྐྱེས་པ་ནི། དེའི་ཉེས་ཚོགས་མ་ཤེས་པ་ལས་བྱུང་བ་ཡིན་པ་དང་། ནོར་རྫས་གསོག་འཇོག་བྱེད་པ་ནི། ཤི་བའི་དུས་སུ་ཤུལ་དུ་བཞག་ནས་འགྲོ་རྒྱུ་ཡིན་པར་མ་ཤེས་པའི་ཉེས་པ་ལས་བྱུང་བ་ཡིན་པ་དང་། སྒོམ་སྒྲུབ་ལ་ལེ་ལོ་བྱེད་པ་ནི། མི་རྟག་པ་ཡིན་པར་མ་ཤེས་པའི་དབང་དུ་ཤོར་བ་སྟེ་ཉེས་པ་འདི་དག་ཡོད་ན་ཆོས་དང་རང་རྒྱུད་ཐག་ཇེ་རིང་དུ་འགྲོ་བ་ཡིན་པས་སྤང་བར་བྱ་དགོས་སོ།།

༣༣ རང་རྒྱུད་ཆོས་དང་འདྲེས་པའི་ཆོས་དྲུག་བསྟན་པ།

རང་རྒྱུད་ཆོས་དང་འདྲེས་པའི་ཆོས་དྲུག་ནི།།

ཞེན་པ་རང་ལོག་རོ་གོས་གཡང་སྐྱུར་འདྲ།།

སྙིང་རྗེས་རྒྱུད་བརླན་བུ་གཅིག་མ་དང་འདྲ།།

ཡོན་ཏན་ཤུགས་སྐྱེས་དབྱར་ཀའི་ས་གཞི་འདྲ།།

བརྩོན་པ་རྒྱུན་རིང་རལ་གྲིའི་འཁོར་ལོ་འདྲ།།

འཁྲུལ་སྣང་རང་གྲོལ་སྦྲུལ་གྱི་མདུད་པ་འདྲ།།

གནས་ལུགས་ངང་ཕྱིན་དེད་དཔོན་ཡུལ་སླེབས་འདྲ།།

དེ་འདྲའི་ཚད་ལྡན་སྐྱེས་མཆོག་གོང་མ་ལགས།།

ཞེས་གསུངས་པ་སྟེ། རང་རྒྱུད་ཆོས་དང་འདྲེས་པའི་ཆོས་དྲུག་དཔེ་དྲུག་ལ་སྦྱར་ནས་གསུངས་པ་ནི། འཁོར་བའི་ཆོས་ལ་ཞེན་པ་རང་ལོག་ཏུ་སོང་བ་དཔེར་ན་རོ་གོས་གཡང་ལ་བསྐྱུར་བ་ལ་བཙོག་བལྟས་ནས་དོར་བ་ལས་ཁྱེར་དགོས་བསམ་པ་མེད་པ་དང་འདྲ་བ་བྱུང་ན་རང་རྒྱུད་ཆོས་དང་འདྲེས་པའི་རྟགས་ཡིན་པ་དང་། ཐེག་པ་ཆེན་པོའི་ལམ་དུ་ཞུགས་ནས་སློབ་པའི་ཆོས་པ་ཞིག་ཡིན་དུས་མེད་ཐབས་མེད་པ་ནི་སྙིང་རྗེ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཡང་དག་བར་སྡུད་པའི་མདོ་ལས། སངས་རྒྱས་ཐོབ་པར་འདོད་པས་ཆོས་མང་པོ་ལ་བསླབ་པར་མི་བགྱི་ཡི། ཆོས་གཅིག་ལ་བསླབ་པར་བགྱིའོ། །དེ་གང་ཞེ་ན་སྙིང་རྗེ་ཆེན་པོའོ། །གང་ལ་སྙིང་རྗེ་ཆེན་པོ་ཡོད་པ་དེ་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལག་མཐིལ་དུ་ཡོད་པ་ལྟར་འགྱུར་རོ། །ཞེས་གསུངས་པས་སྙིང་རྗེ་ནི་ཡོན་ཏན་ཐམས་ཅད་ཀྱི་གཞི་མ་ས་བོན་ལྟ་བུ་ཡིན་ལ། སྙིང་རྗེ་མེད་ན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེ་མི་བཏུབ་ཅིང་། བྱང་ཆུབ་ཀྱི་སེམས་མ་སྐྱེས་ཤིང་རྫོགས་སྨིན་སྦྱངས་པ་རྒྱ་མཚོ་ལྟ་བུ་ལ་བསླབ་པར་མ་བྱས་ན་སངས་རྒྱས་ཐོབ་པ་མིན་པ་དེས་ན། སྙིང་རྗེས་རྒྱུད་བརླན་པ་བུ་གཅིག་པུར་མ་ཡིས་ལྷག་པར་གཅེས་པ་དང་འདྲ་བར་སེམས་ཅན་ཐམས་ཅད་ལ་གཅེས་པ་ཞིག་བྱུང་ན་རང་རྒྱུད་ཆོས་དང་འདྲེས་པའི་རྟགས་ཡིན་ལ། དེ་ལ་སྙིང་རྗེ་འབྱོངས་པའི་ཚད་ནི་སེམས་ཅན་མིག་གི་མཐོང་དུས་འཆི་མ་འབྱུང་བ་ཞིག་དགོས་པར་གསུངས་སོ། །ཡོན་ཏན་ཐམས་ཅད་རང་ཤུགས་ཀྱིས་རྒྱུད་ལ་སྐྱེས་པ་དེ་ནམ་ཟླ་དབྱར་ཁའི་དུས་སུ་ས་གཞི་ལ་རྩི་ཤིང་དང་མེ་ཏོག་སྣ་ཚོགས་རང་ཤུགས་ཀྱིས་སྐྱེས་པ་དང་འདྲ་བ་དང་། བརྩོན་འགྲུས་ལ་རྒྱུན་ཆད་མེད་པ་རལ་གྲིའི་འཁོར་ལོ་བར་མེད་དུ་བསྐོར་བ་དང་འདྲ་བ་དང་། འཁྲུལ་སྣང་རང་སར་གྲོལ་བ་སྦྲུལ་གྱི་མདུད་པ་དང་འདྲ་བར་ཤར་གྲོལ་དུས་མཉམ་དུ་དགོས་པ་དང་། གནས་ལུགས་དོན་གྱི་གནད་རྟོགས་ནས་གཞི་བདེའི་ངང་དུ་བློ་བདེར་སོང་བ་ནི། དེད་དཔོན་རྒྱ་མཚོར་སོང་བ་ནོར་བུ་རྙེད་ནས་ཕྱིར་ལོག་པ་དང་འདྲ་བར་བྱ་བ་བྱས་ཟིན་ཁུར་བོར་ཚར་བ་ཞིག་དགོས་པ་སྟེ། དེ་ལྟ་བུའི་རང་རྒྱུད་ཆོས་དང་འདྲེས་པ་དེ་ཚད་ལྡན་གྱི་སྐྱེས་མཆོག་གོང་མར་གྱུར་པ་ལགས་སོ།།

༣༤ ཆོས་དང་མི་མཐུན་འཁྲུལ་བའི་ཆོས་དྲུག་བསྟན་པ།

ཆོས་དང་མི་མཐུན་འཁྲུལ་བའི་ཆོས་དྲུག་ནི།།

འཁོར་བར་ཞེན་པའི་བློ་ནི་འབྲལ་རེ་དཀའ།།

ས་ཟིན་མེད་པའི་རིག་པ་བསླུ་རེ་སླ།།

ཚོགས་དྲུག་ཡུལ་གྱི་འཁྲུལ་བ་འབྲིད་རེ་མཁས།།

དོན་མེད་འཁོར་བའི་བྱ་བ་འཕྲོ་རེ་གཤིན།།

ཉིན་མཚན་གཉིས་ཀྱིས་ཚེ་འཛད་འགྲོ་རེ་མགྱོགས།།

དོན་ཆུང་མི་ཚེ་སྐྱེལ་བ་གྲངས་རེ་མང༌།།

འདི་དག་བསམས་ནས་དམ་པའི་ཆོས་མཛོད་ཀྱེ།།

ཞེས་གསུངས་པ་སྟེ། ཆོས་དང་མི་མཐུན་པར་འཁྲུལ་བའི་ཆོས་རྣམ་པ་དྲུག་ནི། འཁོར་བའི་སྡུག་བསྔལ་མངོན་གྱུར་བས་ལྷག་པར་གཙེས་པ་མེད་པའི་དུས་སུ། འདོད་ཡོན་ལ་ཞེན་ཏེ་ལུས་ལོངས་སྤྱོད་ལ་ཆགས་ནས་འཁོར་བ་ལ་ཞེན་པ་ཆོད་དཀའ་བའི་དུས་དེ་ནི་ཆོས་དང་མི་མཐུན་པར་འཁྲུལ་བཞིན་ཡོད་པའི་རྟགས་ཡིན་པ་དང་། དེ་བཞིན་དུ་དོན་གྱི་ས་ཟིན་པའི་ཉམས་མྱོང་གི་གདེང་མ་ཁེལ་ན་རིག་པ་བསླུ་སྐྱེན་པ་དང་། ཚོགས་དྲུག་ཡུལ་གྱི་འཁྲུལ་བ། གཟུགས་མཛེས་པ། སྒྲ་སྙན་པ། རོ་ཞིམ་པ་ལ་སོགས་པ་ནི་འབྲིད་ལ་མཁས་པ་རྔོན་པའི་གླིང་བུའི་སྒྲ་སྙན་གྱིས་རི་དྭགས་བསླུས་པ་ལྟ་བུ་ཡིན་པ་དང་། དོན་མེད་འཁོར་བའི་བྱ་བཞག་གཅིག་གི་འཕྲོས་སུ་གཅིག་དང་གཅིག་གི་རྗེས་སུ་གཅིག་མི་ཆད་པ་རྒྱུན་མཐུད་པས་འཕྲོ་རེ་གཤིན་པ་དང་། མི་ཚེའི་དུས་ཚོད་དེ་རིང་པོ་ཞིག་ལ་བརྩི་ཁུལ་བྱེད་ཀྱང་། ལོ་ཟླ་བས་ཟད། ཟླ་བ་ཉིན་ཞག་གིས་ཟད་ནས་ཉིན་མཚན་སྦྲེལ་བསྣོལ་གྱི་ཐོག་ནས་མཚན་མོར་མར་ཉལ་བ་དང་ཉིན་མོར་ཡར་ལང་བ་ཁ་ཤས་བརྒྱུད་ཚེ། དུས་ཚོད་ནམ་ཟླ་འདས་ནས་ཚེའི་དུས་ཚོད་ཆུ་རྒྱུན་རྒྱུག་པ་བཞིན་དུ་འགྲོ་མགྱོགས་པ་དང་། རྗེ་མི་ལས་ཁྱི་ར་མགོན་པོ་རྡོ་རྗེ་ལ། སྤྱིར་དལ་འབྱོར་མི་ལུས་དཀོན་གསུངས་ཏེ། མི་ཁྱོད་འདྲ་མཐོང་ན་དཀོན་རྒྱུ་མེད། །ཅེས་གསུངས་པ་ལྟར་དོན་ཆེན་སྒྲུབ་མཁན་དཀོན་པ་ལས། དོན་ཆུང་ཚེ་འདིའི་བྱ་བཞག་གིས་མི་ཚེ་གཅོད་མཁན་ནི་མང་བ་ཡིན་པ་སྟེ། འདི་དག་ནི་ཆོས་དང་མི་མཐུན་པར་འཁྲུལ་བཞིན་ཡོད་པ་ཡིན་པས་འཁྲུལ་བ་འདི་དག་ལ་བསམས་ནས་མ་འཁྲུལ་བའི་ཆོས་རྣམ་དག་ཅིག་མཛོད་ཅིག་ཀྱེ་ཞེས་སྐལ་བ་དང་ལྡན་པ་རྣམས་ལ་འབོད་པས་སྐུལ་བའི་ཚིག་ཡིན་ནོ།།

༣༥ ཡང་དག་དོན་ལ་བསྐུལ་བའི་ཆོས་དྲུག་བསྟན་པ།

ཡང་དག་དོན་ལ་བསྐུལ་བའི་ཆོས་དྲུག་ནི།།

སླུ་ངེས་ཆགས་སྡང་གཉིས་པོས་ནམ་སླུའམ།།

འབྲལ་ངེས་ལུས་སེམས་འདི་གཉིས་ནམ་འབྲལ་ལམ།།

ཁྱེར་ངེས་འབྱུང་བཞིའི་གཡར་པོ་ནམ་ཁྱེར་རམ།།

ནུབ་ངེས་ཚེ་འདིའི་སྣང་བ་ནམ་ནུབ་བམ།།

འཇོག་ངེས་སྒྱུ་མའི་ནོར་རྫས་ནམ་འཇོག་གམ།།

ཡོང་ངེས་འཆི་བདག་ཐོག་རྫིས་ནམ་ཡོང་ངམ།།

སྙམ་དུ་སྙིང་ནས་ཉིན་མཚན་བསམ་པར་བྱ།།

ཞེས་གསུངས་པ་སྟེ། ཡང་དག་པའི་དོན་ལ་བསྐུལ་བའི་ཆོས་དྲུག་བསྟན་པ་ནི། ཡང་དག་པའི་དོན་ལས་ངེས་པར་སླུ་བར་བྱེད་པའི་གཉེན་ཕྱོགས་ལ་ཆགས་པ་དང་། དགྲ་ཕྱོགས་ལ་སྡང་བའམ། ཡང་ན་ཡུལ་ཡིད་འོང་ལ་ཆགས་པ་དང་། ཡིད་དུ་མི་འོང་ལ་སྡང་བ་དང་། དེ་གཉིས་པོ་མཉམ་པའི་རྨོངས་པའི་ཆ་དང་བསྡོངས་ནས་ནམ་ཞིག་ལ་བསླུའམ་ཞེས་བསམ་པར་བྱ་དགོས་པ་དང་། འབྲལ་ངེས་པ་ཡིན་པའི་ལུས་སེམས་གཉིས་པོ་འདི་ནམ་ཞིག་འབྲལ་ལམ་སྙམ་དུ་བསམ་པར་བྱ་བ་དང་། འབྱུང་བཞི་འདུས་པའི་ཕུང་པོ་འདིི་གཡར་བོའི་རྒྱུ་རྫས་ཉིན་ཞིག་ལ་ཕྱིར་ཁྱེར་བ་དང་འདྲ་བར། ང་དང་ངའི་ལུས་ཕུང་འདི་སྙམ་ནས་གཅེས་སྤྲས་བྱེད་ཡུལ་འདི་ནམ་ཞིག་ལ་ཕྱིར་ཁྱེར་འགྲོའམ་སྙམ་དུ་བསམ་པར་བྱ་བ་དང་། རྟག་འཛིན་གྱིས་ཡུན་རིང་ཞིག་ལ་མི་ནུབ་པར་སེམས་ཀྱང་ངེས་པར་ནུབ་པར་འགྱུར་བའི་ཚེ་འདིའི་སྣང་བ་ནམ་ཞིག་ལ་ནུབ་པ་ཡིན་ནམ་སྙམ་དུ་བསམ་པར་བྱ་བ་དང་། འཇོག་ངེས་པ་ཁྱེར་དབང་མེད་པའི་རྒྱུ་རྫས་འདི་དག་ནམ་ཞིག་ལ་བདག་པོ་སྤྲད་དབང་མེད་པར་འཇོག་རན་ནམ་སྙམ་པ་དང་། ཡོང་ཤག་ཤག་གི་འཆི་བདག་དེ་ཐོག་རྫིས་སམ་གློ་རྒྱག་ཏུ་ནམ་ཡོང་ངམ་སྙམ་དུ་སྙིང་ཐག་པར་ཉིན་མཚན་ཀུན་ཏུ་མ་བརྗེད་པར་བསམ་པར་བྱ་དགོས་སོ། །དེས་ན་ཡང་དག་གི་དོན་ལ་མགྱོགས་པར་ཞུགས་དགོས་པ་ལས་ཆགས་སྡང་གི་དབང་དུ་ཤོར་འགྲོ་བ་དང་། ལུས་སེམས་འབྲལ་ནས་འབྱུང་བཞིའི་གཡར་པོ་ཕྱིར་བླངས་ནས་ཚེ་འདིའི་སྣང་བ་ནུབ་ཅིང་ཕྱི་མའི་ནོར་རྫས་བཞག་དགོས་པའི་འཆི་བདག་གི་བསུ་མ་ནམ་ཡོང་ཆ་མེད་སྙམ་ནས་དྲན་པས་རྒྱུན་བསྐྱངས་ན་ཆོས་ཡང་དག་གི་དོན་ལ་སྐུལ་མ་ཡོང་བ་ཡིན་ནོ།།

༣༦ རང་རྒྱུད་ཆོས་དང་བསྲེ་བའི་ཆོས་དྲུག་བསྟན་པ།

རང་རྒྱུད་ཆོས་དང་བསྲེ་བའི་ཆོས་དྲུག་ནི།།

འདོད་པ་ཟད་འདོད་ཆོག་ཤེས་སེམས་ལ་བསྟེན།།

དགྲ་སྡང་ཟད་འདོད་ཁོང་ཁྲོ་ནང་དུ་ཐུལ།།

གཞན་དོན་འགྲུབ་འདོད་སེམས་བསྐྱེད་རྒྱུད་ལ་སྦྱོར།།

གཞན་སྣང་འདུལ་འདོད་བྱིན་རླབས་ནང་དུ་སྦོར།།

ཞིང་ཁམས་སྦྱོང་འདོད་རང་རིག་འོད་གསལ་སྦྱོངས།།

སྡུག་བསྔལ་ཞི་འདོད་བདེ་ཆེན་ནང་དུ་སྦོར།།

ནང་གི་རྟེན་འབྲེལ་ཕྱི་རུ་འཆར་བ་ཡིན།།

ཞེས་གསུངས་པ་སྟེ། རང་རྒྱུད་ཆོས་དང་བསྲེ་བའི་ཆོས་དྲུག་སྟེ། འདོད་པའི་བློ་སྣ་མང་པོ་ཞིག་གིས་དོན་མ་འགྲུབ་ནས་འཁོར་བའི་སྐྱེ་བོ་དག་སྡུག་བསྔལ་བཞིན་ཡོད་པ་ཡིན་པས། སྔོན་གྱི་སློབ་དཔོན་མཁས་གྲུབ་དག་གི་གསུང་ལས། འདོད་པ་ཆུང་ན་འཕགས་པའི་རིགས་ཡིན་ཞིང་། །འདོད་པ་ཟད་ན་འཕགས་པ་དངོས་ཡིན་པས། །རྟག་ཏུ་འདོད་པ་ཆུང་ལ་བསླབ་པར་བྱ། །གསུངས་པ་ལྟར་དུ་ཆོག་ཤེས་འཕགས་པའི་ནོར་སྒྲུབ་པར་བྱེད་པ་ལ་སྡུག་བསྔལ་འབྱུང་རྐྱེན་གྱི་གཞི་རྩ། འདོད་པ་ཟད་དགོས་པ་ཡིན་པས་ཆོག་ཤེས་པར་བྱ་བ་དང་། དགྲ་སྡང་བ་འདི་མེད་ན་ཅི་མ་རུང་སྙམ་ན་རང་ཉིད་ཀྱི་ཁོང་ཁྲོ་ཐུལ་དང་ཕྱིའི་དགྲ་བོ་མེད་པར་འགྱུར་བ་ཡིན་ཏེ། རང་གི་ཞེ་སྡང་དགྲ་བོ་མ་ཐུལ་ན། །ཕྱི་རོལ་དགྲ་བོ་བཏུལ་ཞིང་འཕེལ་བར་འགྱུར། །ཞེས་གསུངས་པའི་ཕྱིར། གཞན་དོན་ཞིག་ཨེ་འགྲུབ་སྙམ་ན་དང་པོར་སྙིང་རྗེ་དང་གཞན་ཕན་གྱིས་ཀུན་ནས་སློང་བའི་བྱང་ཆུབ་ཀྱི་སེམས། དོན་གཉིས་སམ་ཟུར་གཉིས་དང་ལྡན་པ་དེ་བསྐྱེད་ནས་རང་རྒྱུད་ལ་འདྲེས་པར་བྱེད་དགོས་ཏེ། གཞན་དུ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་མེད་བཞིན་དུ་དབང་བསྐུར་ཆོས་བཤད་སོགས་གཞན་དོན་བྱེད་ཁུལ་བྱེད་པ་ནི། ལྟར་སྣང་ཙམ་ཡིན་པས་ཕན་པ་ཆེན་པོ་ཞིག་འབྱུང་དཀའ་བ་ཡིན་པའི་ཕྱིར་དང་། སེམས་བསྐྱེད་ཀྱིས་མ་ཟིན་ན་ཐེག་ཆེན་གྱི་ཆོས་སུ་འགྱུར་བ་མིན་པས། བྱང་ཆུབ་ཀྱི་སེམས་བསྐྱེད་ཅིང་སྐྱེ་བར་བྱེད་པ་གལ་ཆེའོ། །གཞན་སྣང་དགེ་ལ་བསྒྱུར་ནས་རང་སྣང་དབང་དུ་བསྡུ་འདོད་པ་ཡིན་ན། དད་དང་ངེས་འབྱུང་གིས་རྒྱུད་བསྐུལ་ནས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རང་རྒྱུད་ལ་འཁྲུངས་པར་བྱས་ན། དེ་ལ་རྒྱལ་བ་སྲས་དང་བཅས་པས་དགོངས་ནས་རྒྱལ་བའི་སྲས་སུ་འགྱུར་བ་ཡིན་པས་དེའི་རྒྱུད་ལ་བྱིན་རླབས་ཀྱང་ཡོད་པ་ཡིན་ལ། དེ་ལྟ་བུ་དེས་རང་གི་རྒྱུད་ལ་ཡོད་པའི་བྱིན་རླབས་ཀྱི་ནུས་པས་གཞན་སྣང་རང་ཤུགས་ཀྱིས་འདུལ་ཐུབ་པ་ཡིན་ཏེ། ཐུགས་རྒྱུད་བྱང་ཆུབ་སེམས་ཀྱིས་གང་ཡོད་པའི་དམ་པའི་སྐྱེས་བུ་དེ་ཉིད་མི་སྲིན་གཏུམ་པོ་ཅི་འདྲ་ཞིག་གིས་མཇལ་ན་ཡང་དེའི་རྒྱུད་ཀྱི་གདུག་རྩུབ་ཞི་བ་ནི། སྔོན་བཅོམ་ལྡན་འདས་སློབ་པ་ལམ་གྱི་གནས་སྐབས་ན་རྒྱལ་སྲས་ནོར་བཟང་ལ་སོགས་པའི་སྐུའི་སྐྱེ་བ་བཞེས་དུས་སྙིང་རྗེའི་སེམས་ཀྱི་སྟོབས་ཀྱིས་གཅན་གཟན་གཏུམ་པོའི་རིགས་རྣམས་ཀྱི་གདུག་རྩུབ་ཀྱང་ཞི་བ་ལ་སོགས་པ་གསུངས་པ་ལྟར་ཡིན་པས། ནང་གི་རང་སྣང་ཐུལ་མེད་ཚེ་ཕྱིའི་གཞན་སྣང་འདུལ་མི་ནུས་པ་ཡིན་ནོ། །ཞིང་ཁམས་སྦྱང་བར་འདོད་ན་རང་རིག་འོད་གསལ་གྱི་རྩལ་སྦྱང་བར་གྱིས་དང་གང་སྣང་དག་པའི་ཞིང་ཁམས་སུ་ཤར་བ་ཡིན་ནོ། །སྡུག་བསྔལ་ཞི་བར་འདོད་ན་མྱུར་ལམ་ཁྱད་པར་ཅན་ལ་བརྟེན་ནས་བདེ་བའི་ཡེ་ཤེས་ནང་ནས་སྦོར་དང་གང་སྣང་ཐམས་ཅད་བདེ་བར་ཤར་བ་ཡིན་པ་སྟེ། དེ་ཡང་ནང་རྡོ་རྗེའི་ལུས་ཀྱི་རྩ་རླུང་ཐིག་ལེ་གནད་དུ་བསྣུན་ནས་གཅུན་ན། ནང་དག་པའི་རྟེན་འབྱུང་དེ་ཕྱིར་ཤར་ནས་རྣལ་འབྱོར་བའི་ངོར་གང་སྣང་ཐམས་ཅད་མཐུན་རྐྱེན་གྱི་གྲོགས་སུ་འཆར་བ་ཡིན་ནོ།།

༣༧ དལ་འབྱོར་ཐོབ་ཀྱང་སྙིང་མེད་ཆོས་དྲུག་བསྟན་པ།

དལ་འབྱོར་ཐོབ་ཀྱང་སྙིང་མེད་ཆོས་དྲུག་ནི།།

མ་རིག་གཉེན་པོ་ཐོས་བསམ་འདོར་བ་དང།།

བྱིན་རླབས་རྩ་བ་བླ་མ་སྤོང་བ་དང༌།།

དངོས་གྲུབ་འབྱུང་གནས་ཡི་དམ་སྤོང་བ་དང༌།།

བསྒྲུབ་བྱའི་རྩ་བ་བསམ་གཏན་ཕྱི་བཤོལ་དང༌།།

སྡིག་སྒྲིབ་ཆགས་ཤིང་ནད་གདོན་སྤོང་བློ་དང༌།།

གཞན་སྣང་དད་བྱེད་སྤྱོད་ལམ་འགལ་བ་རྣམས།།

སྙིང་མེད་མི་ལ་ཁབ་ལེན་ལྕགས་བཞིན་འདུ།།

ཞེས་གསུངས་པ་སྟེ། དལ་འབྱོར་ཚང་བའི་མི་ཞིག་ཡིན་ཡང་སྙིང་མེད་ཀྱི་མི་ལ་ཁབ་ལེན་གྱི་ལྕགས་བཞིན་དུ་འདུ་བའི་ཆོས་དྲུག་ཡོད་པ་ནི། ཁམས་གསུམ་འཁོར་བ་སྡུག་བསྔལ་གསུམ་གྱི་འབྱུང་ཁུངས་ཀྱི་མ་རིག་པའི་མུན་པ་སེལ་བའི་གཉེན་པོ་བྱེད་ཅིང་། ཡང་དག་པའི་ལྟ་བའི་དམིགས་རྣམ་སྟེར་བའི་ཤེས་རབ་ཀྱི་རྒྱུ་མ་ནོར་བ། ཐོས་བསམ་འདོར་བ་བྱེད་པ་ནི་སྙིང་མེད་ཁོག་རུལ་མ་རིག་པའི་གཞན་དབང་ཅན་ཡིན་པ་དང་། བཅོམ་ལྡན་འདས་ཀྱིས། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་དང་རྔ་བོ་ཆེན་པོ་མདོ་ལས། མྱ་ངན་མ་བྱེད་ཀུན་དགའ་བོ། །སྨྲེ་སྔགས་མ་འདོན་ཀུན་དགའ་བོ། །ང་ནི་ཕྱི་མའི་དུས་ཀྱི་ཚེ། །དགེ་བའི་བཤེས་གཉེན་ཉིད་སྤྲུལ་ནས། །ཁྱོད་ལ་སོགས་པའི་དོན་བྱེད་འགྱུར། །ཞེས་ཞལ་ཆེམས་བཞག་པ་ལྟར་དུ་སངས་རྒྱས་མིའི་གཟུགས་སུ་བྱོན་པའི་བླ་མ་དགེ་བའི་བཤེས་གཉེན་རྣམས་ནི་བྱིན་རླབས་ཐམས་ཅད་འབྱུང་བའི་རྩ་བ་ཡིན་ཏེ། སངས་རྒྱས་ཀྱི་བྱིན་རླབས་ཀྱང་བླ་མ་བར་དུ་བརྒྱུད་ནས་ཐོབ་དགོས་པ། དཔེར་ན་ཉི་མ་ལ་ཚ་ཞིང་སྲེག་པའི་ནུས་པ་ཡོད་ཀྱང་མེ་ཤེལ་བར་དུ་མ་བརྒྱུད་ན་ས་གཞིའི་རྩ་སྐམ་པོ་དེ་འཚིག་པར་བྱེད་མི་ནུས་པ་ལྟར་དུ་ཡིན་པས། བྱིན་རླབས་ཀྱི་རྩ་བ་བླ་མ་སྤོང་བ་ནི་སྙིང་མེད་དེ་ལ་ཁབ་ལེན་ལ་ལྕགས་བཞིན་འདུ་བ་དང་། དཀྱིལ་འཁོར་གང་ལ་མེ་ཏོག་ཕོག་པའི་རང་གི་ལྷག་པའི་ལྷ་བླ་མ་དང་གཉིས་སུ་མེད་པ་དངོས་གྲུབ་དམ་པ་འབྱུང་བའི་གནས་ཀྱི་ཡི་དམ་སྤོང་བར་བྱེད་པ་དང་། ཐོས་བསམ་བྱས་པའི་སྙིང་པོའམ་བསྒྲུབ་བྱའི་རྩ་བ་དེ་བསམ་གཏན་བསྒོམས་ནས་རང་རྒྱུད་གྲོལ་བར་བྱེད་དགོས་པ་ཡིན་ཡང་། བསམ་གཏན་སྒོམ་པ་བཤོལ་ནས་གཞན་ལ་འཇུག་པ་སྙིང་པོ་བོར་ནས་ཤུན་པ་འཚོལ་བ་དང་འདྲ་བར་བྱེད་པ་དང་། སྡིག་སྒྲིབ་ཟོ་བ་ལ་ཟོ་དྲེག་ཆགས་པ་བཞིན་དུ་ཆགས་ཤིང་གནས་པ་རྣམས་དག་པར་མི་བྱེད་པར་ནད་གདོན་སྤོང་བློ་བྱེད་པ་དང་། གཞན་གདུལ་བྱའི་སྣང་བ་དྭངས་ཤིང་དག་སྣང་འདྲེན་དགོས་ན་རང་ཉིད་ཀྱི་རྒྱུད་དང་འབྲེལ་བའི་སྤྱོད་ལམ་གཙང་དགོས་ལ་དེ་ལྟར་མི་བྱེད་པར་འགལ་བ་འབའ་ཞིག་སྒྲུབ་པ་སྟེ། དེ་རྣམས་སྙིང་མེད་ཀྱི་མི་ལ་ཁབ་ལེན་ལ་ལྕགས་བཞིན་འདུ་བ་ཡིན་ནོ།།

༣༨ གང་ཟག་རྣམས་ཀྱི་སྐྱོན་དྲུག་དོར་བ་བསྟན་པ།

གང་ཟག་རྣམས་ཀྱི་སྐྱོན་དྲུག་དོར་བ་ནི།།

ཞེ་བཅད་མེད་པའི་བྱ་མང་མགོ་མི་ཐོན།།

གཉེན་བཤེས་བརྩེ་གདུང་ཆགས་སྡང་སྒྲོག་མི་ཐར།།

ཟས་ལ་རྔམ་པ་ལྟོ་གོས་ཁོལ་པོར་འཆོར།།

ཁ་ལྟའི་རྦད་ཁམ་སྙིང་པོའི་དོན་ལ་འདྲེད།།

འདུན་པ་སྐྱེ་དུས་མ་འབད་འགྲུབ་དུས་མེད།།

ད་ལྟ་མ་འདྲིས་བར་དོར་ལས་སྟོབས་གཅོག།

དེ་བས་སྐྱོན་དྲུག་བརྟགས་ཏེ་སྤང་བ་གཅེས།།

ཞེས་གསུངས་པ་སྟེ། གང་ཟག་རྣམས་ཀྱི་སྐྱོན་དྲུག་དོར་བར་བསྟན་པ་ནི། སྤྱིར་བྱ་བ་གང་དང་གང་སྒྲུབ་པ་དང་ཁྱད་པར་དུ་ཆོས་ཕྱོགས་ཀྱི་བྱ་བ་གང་སྒྲུབ་ཀྱང་། མགོ་མཇུག་ཚང་བ་ཞིག་བྱེད་དགོས་ན་བྱ་བའི་མགོ་འཛིན་དུས་ནས་འདི་མ་འགྲུབ་ན་མི་བཞག་སྙམ་པའི་ཞེ་བཅད་དང་དམ་བཅའ་བརྟན་པོ་ཞིག་ཡོད་དགོས་པ་ཡིན། དེ་འདྲ་མིན་པར་ཡས་ཀྱི་མགོ་བརྩམ་ཁུལ་དང་མས་ཀྱི་མཇུག་ལ་འཛིན་ཁུལ་གྱིས་གཞན་དག་གི་ལད་མོར་བྱས་ཀྱང་ཐ་མ་གཅིག་ཀྱང་མ་འགྲུབ་པའི་བྱ་མང་མགོ་མི་ཐོན་པ་དང་། གཉེན་བཤེས་ལ་བརྩེ་དུངས་དང་ཆགས་ཞེན་ཆེ་དྲགས་པའི་དབང་གིས། དེའི་ཆགས་ཞེན་གྱི་སྒྲོག་རང་གིས་རང་ལ་བརྒྱབ་ནས་མི་ཐར་བར་སྡུག་བསྔལ་མཉམ་དུ་མྱང་བ་ནི། དཔེར་ན་རྟ་ཞིག་ལ་སྒྲོག་སུམ་སྐོར་ཞིག་བརྒྱབ་ནས་བཞག་ན་འགྲོ་བསམ་ཡང་རང་དབང་མེད་པ་ལྟ་བུ་ཡིན་པ་དང་། གཉེན་བཤེས་ལ་ཕན་འདོགས་བསམ་ན་ཆོས་བསྒྲུབ་ཏུ་ཆུག་དང་དེས་རང་གཞན་གཉིས་ཀ་ལ་ཕན་ཐོགས་ཡོད་པ་ཡིན། ཟས་ཀྱི་སྲེད་པ་ཧ་ཅང་ཆེ་བའི་མི་དེ་ཟས་གོས་འབའ་ཞིག་བསྒྲུབས་ནས་དེའི་ཁོལ་བོའམ་གཡོག་པོར་འགྱུར་བ་ཡིན་པ་དང་། ཉམས་རྟོགས་མཐོན་པོའི་སྐད་ཆ་བཤད་ཀྱང་དོན་དུ་མེད་པའི་ཁ་ལྟ་སྟོང་སྐད་དེ་ནི་སྙིང་པོའི་དོན་ལ་འདྲེད་པ་སྟེ་སྙིང་པོའི་དོན་ལ་མི་ཁེལ་བ་དར་ཐོག་ནས་ཞུད་པ་བཞིན་དུ་སྙིང་པོའི་དོན་ལས་རིང་འགྲོ་བ་ཡིན་པ་དང་། ལྕགས་དམར་ལིང་ཡིན་ཚེ་རྡུང་དགོས་པ་ལས་གྲང་ནས་མདོག་འགྱུར་ཚེ་རྡུང་ཐབས་མེད་པ་དང་འདྲ་བར། རང་ཉིད་ལ་འདུན་པའམ་ཆོས་ལ་མོས་པ་སྐྱེ་བའི་དུས་སུ་བརྩོན་འགྲུས་བསྐྱེད་ནས་འབད་དགོས་པ་ལས་ཕྱིས་སུ་གཉེན་པོའི་སྟོབས་ཞན་པར་སོང་ནས་འགྲུབ་པ་མིན་པ་དང་། ད་ལྟ་གསོན་པོའི་སྐབས་སུ་ཉམས་ལེན་གྱི་གོམས་འདྲིས་བློ་གདེང་ཁེལ་བ་ཞིག་མེད་ན། བར་དོའི་འཁྲུལ་སྣང་ཤར་དུས་མ་དག་ལས་སྣང་གི་སྟོབས་གཅོག་དགོས་བསམ་ཡང་ཐུབ་པ་མིན་པ་སྟེ། དེ་ལྟ་བུའི་བསམ་ཉེས་ལས་ཉེས་ཀྱིས་གང་ཟག་དེ་ལ་སྐྱོན་དྲུག་འབབ་པ་ཡིན་པས་དེ་སྤོང་ཐབས་བྱེད་དགོས་སོ།།

༣༩ བལྟ་ཐབས་དྲུག་གིས་རང་རྒྱུད་གདུལ་བ་བསྟན་པ།

བལྟ་ཐབས་དྲུག་གིས་རང་རྒྱུད་གདུལ་བ་ནི།།

ཡུལ་ལ་བདེན་འཛིན་དུས་བཞིའི་འགྱུར་ལྡོག་ལྟོས།།

ཚེ་ལ་རྟག་འཛིན་རྩྭ་ཁའི་ཟིལ་བ་ལྟོས།།

རྒྱུ་འབྲས་རྨོངས་ན་ས་བོན་མྱུ་གུ་ལྟོས།།

སྣང་སེམས་མ་ཤེས་ཉལ་བའི་རྨི་ལམ་ལྟོས།།

རོ་གཅིག་མ་ཤེས་བུ་རམ་གཟུགས་བརྙན་ལྟོས།།

གཉིས་མེད་མ་ཤེས་ཆུ་དང་ཆབ་རོམ་ལྟོས།།

དེ་ལྟར་བལྟས་པས་སོ་སོའི་གཉེན་པོ་ཆེ།།

ཞེས་གསུངས་པ་སྟེ། བལྟ་ཐབས་དྲུག་གིས་བལྟས་ནས་རང་རྒྱུད་གདུལ་བ་ནི། ཡུལ་ལ་རྟག་འཛིན་དང་བདེན་འཛིན་བྱེད་རིགས་དང་མི་རིགས་རགས་པ་དུས་བཞིའི་འགྱུར་བ་ལ་བལྟས་ན་ཤེས་ཏེ། དེ་ཡང་དབྱར་གྱི་རྗེས་སུ་སྟོན་དང་། སྟོན་གྱི་རྗེས་སུ་དགུན་དང་། དགུན་གྱི་རྗེས་སུ་དཔྱིད་འཁོར་ནས་འགྱུར་བ་དང་འདྲ་བར་ཕྲ་བའི་ཐོག་ནས་ཀྱང་ཡུལ་སྣང་ཐམས་ཅད་སྐད་ཅིག་སྐད་ཅིག་གིས་འགྱུར་བ་ཤེས་པ་དང་། ཚེ་འདི་ལ་རྟག་པར་འཛིན་པ་རིགས་དང་མི་རིགས་རྩྭ་རྩེའི་ཟིལ་བ་ལ་ལྟོས་དང་ཤེས་ཏེ། རྩྭ་མགོའི་ཟིལ་བ་དེ་ཉི་མ་ཤར་ནས་ཆེར་མི་འགོར་བ་སྐམ་འགྲོ་བ་དང་འདྲ་བར་མི་ཚེ་ཡང་ཡུད་ཙམ་གྱིས་འཛད་པ་ཡིན་པར་ངེས་པའི་ཕྱིར་དང་། རྒྱུ་འབྲས་ཀྱི་འགྲོ་སྟངས་མ་ཤེས་ན་ས་བོན་དང་མྱུ་གུའི་འགྲོ་སྟངས་ལ་ལྟོས་དང་ཤེས་ཏེ། རྒྱུ་མེད་ཀྱི་འབྲས་བུ་མི་སྲིད་པ་ཡིན་པའི་ཕྱིར་དང་། རིགས་པས་དཔྱད་ནས་སོང་ན་ཕན་ཚུན་གཅིག་ལ་གཅིག་བརྟེན། རྟེན་ཅིང་འབྲེལ་བར་འབྱུང་བ་ལས་འོང་བ་ཡིན་ཅིང་། དེ་འདྲའི་རྟེན་འབྲེལ་གྱི་གཤིས་སྟོང་ཉིད་དང་། དེའི་གནད་ཀྱིས་ཅིར་ཡང་སྒྱུར་དུ་རུང་བ་ལ་སོགས་པ་ཤེས་པ་ཡིན། སྣང་སེམས་ཀྱི་གནས་ལུགས་དེ་མ་ཤེས་ན་མདང་མ་ཉལ་གྱི་རྨི་ལམ་ལ་ལྟོས་དང་ཤེས་ཏེ། དེའི་སྣང་བ་ཤེས་པ་ལས་ཤར་བ་ཡིན་པའི་ཕྱིར། རོ་གཅིག་མ་ཤེས་ན་བུ་རམ་གྱི་གཟུགས་བརྙན་ལ་ལྟོས་དང་ཤེས་ཏེ། བུ་རམ་ཡོད་ཚད་མངར་བའི་རོ་ཅན་ཡིན་པ་བཞིན་དུ་ཆོས་ཅན་ཐམས་ཅད་ཆོས་ཉིད་ཀྱི་ཀློང་དུ་རོ་གཅིག་ཡིན་པར་ངེས་པའི་ཕྱིར། གཉིས་མེད་ཀྱི་དོན་མ་རྟོགས་ནས་གཉིས་འཛིན་དུ་འཁྲུལ་ན། ཆུ་དང་ཆབ་རོམ་ཀྱི་དཔེ་ལ་ལྟོས་དང་འཁྲུལ་བ་ཆབ་རོམ་ལྟ་བུ་དང་མ་འཁྲུལ་བ་ཆུ་ལྟ་བུ་དོན་ལ་གཅིག་ལས་མ་འདས་པ་ཤེས་ཡོང་པ་ཡིན་པའི་ཕྱིར་། དེས་ན་དེ་ལྟར་བལྟས་ནས་སྐབས་སོ་སོའི་གཉེན་པོ་བསྟེན་པ་གནད་ཆེའོ།།

༤༠ འདུ་ཤེས་དྲུག་གིས་ལམ་དུ་བསླང་བ་བསྟན་པ།

འདུ་ཤེས་དྲུག་གིས་ལམ་དུ་བསླང་བ་ནི།།

བླ་མ་མཆོག་ལ་སྨན་པའི་འདུ་ཤེས་དང༌།།

མཆེད་གྲོགས་ནད་གཡོག་ཉམས་ལེན་ནད་གསོ་དང༌།།

རང་ལ་ནད་པ་ཆོས་ལ་སྨན་དང་ནི།།

འབྲས་བུ་ནད་སོས་ལྟ་བུར་བསམ་བྱ་ཡིས།།

ཕྱིན་ཅི་ལོག་ཏུ་སེམས་པ་དོར་བར་བྱ།།

ཞེས་གསུངས་པ་སྟེ། བླ་མ་མཆོག་ལ་ཉོན་མོངས་པའི་ནད་དང་དེས་བསྐྱེད་པའི་སྡུག་བསྔལ་གྱི་ཟུག་རྔུ་བཅོས་པ་ལ་མཁས་པའི་སྨན་པའི་འདུ་ཤེས་དང༌། ཆོས་མཉམ་དུ་ཞུས་པའི་དོན་མཐུན་གྱི་མཆེད་གྲོགས་ཐམས་ཅད་ལ་ནད་གཡོག་གི་འདུ་ཤེས་དང་། ཆོས་ཉམས་ལེན་བྱེད་པ་ལ་ནད་བཅོས་གསོ་དཔྱད་ཀྱི་འདུ་ཤེས་དང༌། རང་ལ་ནད་པ་ཆོས་ལ་སྨན་དང་ནི་འབྲས་བུ་ནད་སོས་ལྟ་བུར་བསམ་པར་བྱ་བ་ཡིས་ཕྱིན་ཅི་ལོག་ཏུ་སེམས་པ་དོར་བར་བྱ་བ་ནི་སྡོང་པོས་བརྒྱན་པའི་མདོའི་ལུང་དོན་དུས་རྒྱུན་འདྲེན་བཞིན་ཡོད་པ་དེ་དང་འདྲ་ལ། དེ་ལས་གཞན་དུ་བླ་མ་ལ་གླ་བ་ཆོས་ལ་གླ་རྩིའི་འདུ་ཤེས་བཞག་ན་མི་རུང་ངོ་།།

༤༡ ལེགས་པར་སྤྱད་ལས་ངེས་པ་རྣམ་དྲུག་བསྟན་པ།

ལེགས་པར་སྤྱད་ལས་ངེས་པ་རྣམ་དྲུག་ནི།།

བླ་མ་བསྟེན་པས་བྱིན་རླབས་འོང་བར་ངེས།།

ཡི་དམ་བསྒོམས་པས་དངོས་གྲུབ་འོང་བར་ངེས།།

དམ་ཚིག་བསྲུངས་པས་དམ་ཅན་འདུ་བར་ངེས།།

ཉམས་ལེན་བརྩོན་པས་ཉམས་རྟོགས་འཆར་བར་ངེས།།

གནས་ལུགས་བསྐྱངས་པས་སྒྲིབ་གཉིས་འབྱང་བར་ངེས།།

ཡེང་མེད་རྩལ་བསྐྱངས་ཡོན་ཏན་འཆར་བར་ངེས།།

ཞེས་གསུངས་པ་སྟེ། འདི་ལྟར་དུ་ལེགས་པར་སྤྱད་ན་འབྲས་བུ་སྨིན་ངེས་པ་རྣམ་པ་དྲུག་ནི། བླ་མ་མཚན་ཉིད་དང་ལྡན་པ་ཚུལ་བཞིན་དུ་བསྟེན་པས་བྱིན་རླབས་འོང་བར་ཐེ་ཚོམ་བྱ་མི་དགོས་པ་དང་། དེ་བཞིན་དུ་ཡི་དམ་བསྒོམས་པས་དངོས་གྲུབ་འོང་བར་ངེས་པ་དང་། དམ་ཚིག་བསྲུངས་པས་དམ་ཅན་འདུ་བར་ངེས་པ་དང་། དེ་ཡང་དམ་ཅན་ཆོས་སྐྱོང་སྲུང་མ་རྣམས་ནི་དམ་ལྡན་བུ་བཞིན་སྐྱོང་བའི་གཡར་དམ་བླངས་མཁན་ཤ་སྟག་ཡིན་པས་དུས་དང་ཐུན་གྱི་གཏོར་བསྔོ་གསོལ་མཆོད་རེ་བྱས་ན་སྲུང་མ་འཁོར་བ་ཡིན་པས་དེ་བསྒྲུབ་བྱའི་སྙིང་པོ་རུ་བཟུང་ནས་དེ་ལ་དུས་ཚོད་ཟད་པར་བྱེད་དགོས་པ་མིན་ནོ། །ཉམས་ལེན་གྱི་གནད་བླ་མའི་མན་ངག་བཞིན་དུ་བརྩོན་པ་བསྲིངས་ན་ཉམས་རྟོགས་ཀྱི་ཡོན་ཏན་ཁྱད་པར་ཅན་རྒྱུད་ལ་སྐྱེས་ནས་འཆར་བར་ངེས་པ་ཡིན་པ་དང་། གནས་ལུགས་མ་བཅོས་པའི་དོན་དབུ་ཕྱག་རྫོགས་གསུམ་གྱི་ལྟ་བ་སྒོམ་པའི་ཉམས་ལེན་གྱི་རྒྱུན་བསྐྱངས་བར་བྱས་པས་སྒྲིབ་གཉིས་བྱང་བར་ངེས་པ་ཡིན་པ་དང་། ཐ་མལ་འཁྲུལ་འབྱམས་ངན་རྟོག་སྣ་ཚོགས་ཀྱི་དབང་དུ་མ་ཤོར་ནས་ཡེངས་མེད་སྒོམ་པའི་རྩལ་ཡུན་ནས་ཡུན་དུ་སྦྱངས་ནས་བསྐྱངས་ན་ཡོན་ཏན་འཆར་ཐུབ་མིན་ལ་ཐེ་ཚོམ་མི་དགོས་པར་འཆར་བར་ངེས་སོ། །དེས་ལེགས་པར་སྤྱད་པའི་ཆོས་དྲུག་བསྟན་པའོ། །འདི་ཡན་གྱི་དོན་བསྡུ་ན་དམ་ཆོས་རྣལ་མ་ཞིག་བསྒྲུབས་ནས་མི་ཚེ་དོན་ལྡན་ཞིག་བྱེད་དགོས་ན་དམ་ཆོས་ཇི་ལྟར་སྒྲུབ་པའི་སྒྲུབ་ཚུལ་དེ་ཤེས་དགོས་པས། དེ་ཇི་ལྟར་ཡིན་ན་ལམ་གྱི་རྩ་བ་ངེས་འབྱུང་དང་བྱང་སེམས་ཡིན་པས་འཁོར་བ་ཞེན་ལོག་གི་ངེས་འབྱུང་ཡང་དག་པ་ཞིག་རྒྱུད་ལ་བསྐྱེད་དགོས་ཏེ། ཆོས་འགྲུབ་མིན་དང་། ཆོས་ཚུགས་ཟིན་མིན་དང་། ཆོས་མཐར་ཕྱིན་མིན་རྩ་བ་དེ་ལ་ཐུག་ཡོད་པའི་ཕྱིར། དེའི་སྟེང་དུ་སྙིང་རྗེ་ཡོད་དགོས་ཏེ་ཐེག་ཆེན་ཆོས་ཀྱི་རྩ་བ་སྙིང་རྗེ་ཡིན། སྙིང་རྗེ་ཡོད་ན་དེས་དྲངས་པའི་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་སླ་བ་དེས་ན་བྱང་ཆུབ་ཀྱི་སེམས་བསྐྱེད་དགོས། གཞན་དོན་འགྲུབ་མིན་ནི་གཞན་ཕན་གྱི་བསམ་པ་ལ་རག་ལས་བྱང་ཆུབ་ཀྱི་སེམས་རང་རྒྱུད་ལ་སྐྱེས་མེད་ན་དེས་གཞན་རྒྱུད་འདུལ་ཞེས་པ་ནི་ལྟར་སྣང་ཙམ་ཡིན། དེས་ན་མི་ཚེ་རྟག་པ་མེད་པ་དང་། གཉེན་བཤེས་འདུ་འབྲལ་ཆེ་བ་དང་། དེས་མ་ཚད་ལུས་བེམ་གོག་གཡར་བོའི་རྒྱུ་རྫས་དང་འདྲ་བ་ཡིན་པས་མི་རྟག་པ་ཡིན་པའི་ཚུལ་རྣམས་སྒོམ་པས་རྒྱུད་ལ་སྦྱར་ནས། ད་རེས་ཀྱི་དལ་རྟེན་འདི་སྟོང་ལོག་མི་རེད་པ་ཞིག་བྱེད་དགོས་པ་དང་། དེ་ལྟར་བྱས་ན་རྗེས་སུ་འགྱོད་མེད་ཡིན་པས་མ་ཚད་ཚེ་འདི་བདེ་ཕྱི་སྐྱིད་རང་གཞན་གཉིས་ཀ་བདེ་ཞིང་སྐྱིད་པ་ཡིན། འདེང་ཞིབ་ཏུ་བརྒྱབ་ནས་ཁ་རང་ལ་འཁོར་ནས་བསམ་ན་ཆུང་ནས་དམ་པའི་ཆོས་སྒོ་ལ་ཞུགས། བསྟན་པའི་ལྷག་ཞབས་སུ་ཚུད། སྡོམ་པ་གསུམ་གྱི་དམ་བཅའ་བླངས་ནས་ཤི་གསོན་མང་པོ་ཞིག་ལ་ཐར་ལམ་སྟོན་བཞིན་ཡོད་མདོག་གི་ཕྱི་ཚུལ་ཙམ་ཞིག་འཆང་བ་དང་། ཁ་ཐོག་ནས་ཐེག་པ་ཆེ་ཆུང་སྐྱེས་བུ་གསུམ་གྱི་ལམ་སྔགས་རྒྱུད་སྡེ་བཞི་དྲུག་བཅས་པའི་ས་ལམ་གྱི་རྣམ་གཞག་སངས་རྒྱས་ཀྱི་མངོན་རྟོགས་སྔགས་རྫོགས་ཀྱི་ལྟ་བ་གང་བཤད་ཀྱང་། དོན་ནང་ཉམས་ངེས་འབྱུང་གི་བསམ་པ་ཡང་དག་པ་ཞིག་སྐྱེ་ཡོད་མིན་གྱི་ཞུ་དག་ཕེར་དཀའ་བ་ཡིན། ངེས་འབྱུང་ཞེས་པ་ནི་ཁ་རྩང་བཤད་པ་བཞིན་དུ་འཁོར་བར་ཞེན་ལོག་དང་དེ་ལས་ཐར་འདོད་ཀྱི་བློ་གཉིས་ཀ་རེད། དེས་ན་ཞེན་ལོག་ཡོད་ན་ཆགས་ཞེན་ཡོད་མི་རིགས་ལ། ཆགས་ཞེན་ཡོད་ན་ཞེན་ལོག་མེད་པའི་རྟགས་ཡིན། འཁོར་བར་ངེས་འབྱུང་གཤའ་མ་ཞིག་མེད་ན་ཐེག་ཆེན་མ་དགོས་ཐེག་དམན་གྱི་ཐར་ལམ་ཟིན་མི་འདུག རང་ཐར་བའི་ལམ་སྣ་མ་ཟིན་པ་ཞིག་གིས་གཞན་ཤི་གསོན་གྱི་མགོ་སྔས་ཤིག་ནས་མིག་གིས་དཀར་ལོག་དམར་ལོག་གང་བསྒྱུར་རུང་སྙིང་པོ་མེད་པ་ཡིན། འཕྲལ་དུ་གཞན་མགོ་བསྐོར་ཀྱང་དོན་དུ་རང་མགོ་བསྐོར་བ་ཡིན་པའི་དཔེ་དོན་གཉིས་ཀ་གནའ་བོའི་གཏམ་རྒྱུད་ཅིག་ལ་སྦྱོར་མི་དགོས་པ་རང་ལ་ཚང་ནས་ཡོད། ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བ་གསུམ་ལ་ལམ་གྱི་གཙོ་བོ་རྣམ་གསུམ་ཞེས་གསུངས་ཡོད། ངེས་འབྱུང་ཙམ་ཞིག་གི་ཆ་རྐྱེན་མ་ཚང་དུས་ཐར་བའི་ལམ་སྣ་ཟིན་མེད་པ་དང་། བྱང་སེམས་ཀྱི་རྩ་བ་སྙིང་རྗེ་དགོས་ལ་སྙིང་རྗེ་འདྲ་རེ་ཡོད་བསམ་ཁུལ་བྱེད་པ་ནི་ཕྱོགས་རེ་བ་ཆུང་ངུ་ཞིག་སྟེ། ཕ་མ་སྤུན་སྲིང་ལ་གཅེས་ཞེན་ཡོད་པའི་སྙིང་རྗེ་དང་བྱམས་པ་ཕྲ་མོ་ཕྱོགས་རེ་བ་གཅན་གཟན་གཏུམ་པོ་དག་ལ་ཡང་ཡོད་པས། དེས་སྙིང་རྗེ་ཡོད་པའི་གོ་མི་ཆོད། ལར་དེ་སྙིང་རྗེ་ཡིན་དང་ཆགས་ཞེན་ཡིན་མ་འཚལ་བ་ཞིག་ཡིན། དེས་ན་དཔེ་ཆ་བས་གཞུང་བཀའ་པོད་ལྔ་ལ་ཐོས་བསམ་འཆད་ཉན་ལོ་མང་དུ་བྱས་པ་ཡིན་ཚུལ་དང་། སྤོང་བ་པས་ལོ་མཚམས་ཟླ་མཚམས་དང་། ལོ་གསུམ་ཟླ་གསུམ་མང་པོ་ཞིག་གི་མཇུག་ཕུད་པ་ཡིན་ཚུལ་དང་། དགེ་བསྙེན་ཕོ་མོས་ཀྱང་ཡིག་བརྒྱ་ཡིག་དྲུག་བྱེ་བ་དུང་ཕྱུར་མང་པོའི་ཁ་ཕུད་པ་དང་སྒྲུབ་ཚུལ་སོགས་བཤད་མ་བཤད་ཅི་ཡང་མེད། རྩ་བའི་སྙིང་དོན་དངོས་ནི་ངེས་འབྱུང་བྱང་སེམས་རྒྱུད་ལ་སྐྱེ་འདུག་གམ་བལྟ་དགོས། དེའི་ནང་ནས་ཀྱང་དང་པོར་སེམས་བསྐྱེད་དང་སྟོང་ཉིད་ཀྱི་ལྟ་བའི་ཕྱོགས་ནས་མི་བཤད་པར་འཁོར་བ་ལ་ཞེན་པ་ལོག་ཡོད་མེད་དང་། རང་རྒྱུད་སྔར་བས་ཅུང་འགྱུར་ནས་ཞེན་ཆགས་མི་ཆེ་བ་དང་རྟག་འཛིན་ཆུང་བ་ཕྲག་དོག་གི་མགོ་སྔར་བས་དམའ་ཡོད་དམ་ཞེ་སྡང་སྔོན་མ་ལྟར་དུ་མི་ཆེ་བ་དེ་འདྲ་ཞིག་ཏུ་འགྱུར་ཡོད་མིན་དཔྱད་ཚེ། འགྱུར་བ་སོང་ཡོད་ན་ཆོས་དང་རང་རྒྱུད་ཁ་ཐག་ཅུང་ཟད་ཉེ་ཡོད་པའི་རྟགས་ཡིན། དེ་ལས་གཞན་དུ་རང་རྒྱུད་སྔར་དང་འདྲ་འདྲ་ཉོན་མོངས་དུག་ལྔ་དུག་གསུམ་གྱི་གྲ་ཞིག་ཉམས་མེད་ཚེ། ཆོས་ལ་བག་ཆགས་བཞག་ནས་བསམ་པ་ལོག་པ་འཚག་མེད་ཟེར་ཡང་། ཐར་བའི་རིང་རྒྱུ་ཙམ་ཞིག་ཏུ་འགྲོ་ངེས་པ་ཙམ་ཞིག་ལས། ཐར་བའི་ཉེ་རྒྱུ་རུ་གྱུར་ནས་རྟེན་འདིའི་ཐོག་ནས་ད་དུང་ཐར་བའི་ལམ་སྣེ་ཟིན་མེད་པས། ཆོས་སྒྲུབ་དུས་མི་སྔོན་ནས་ཡིན་མདོག་བསྟན་པ་ཞིག་གིས་གོ་ཆོད་པ་མིན། ནང་རང་ཉམས་སུ་མི་རྟག་འཆི་བའི་ལམ་ཆེན་དུ་སྐྱོད་དུས་ཡོད་དགོས་པ་ཡིན། རང་རྒྱུད་ལ་ཞུ་དག་བྱས་ནས་མན་ངག་གི་གཞུང་འདི་དག་དང་ཐོད་གཏུགས་ན་རང་རྒྱུས་རང་གིས་ལོན་པ་ཡིན། གཞུང་འདི་ནི་མདོ་རྒྱུད་ཀྱི་མན་ངག་གང་གཅེས་གཅེས་རྣམས་ཀྱི་བཅུད་བསྡུས་པའི་མན་ངག་གི་གཞུང་ཡིན་པས། ཚིག་ཐོག་རྐྱང་པ་ནས་འདིའི་དོན་སུས་ཀྱང་འགྲོལ་ཐུབ་པ་ཞིག་རེད། ཁྱད་པར་དུ་དཔེ་ཆ་བ་རྣམས་ལ་འདི་འགྲེལ་མི་དགོས་པ་ཞིག་ཡིན་ཡང་མན་ངག་ཉམས་ལེན་གྱི་ཟུངས་སུ་སྨིན་པའི་ཐབས་དང་། ཁ་དོན་སྦྲེལ་ནས་རང་རྒྱུད་དུ་སྦྱར་ན་དོན་ཆེ་སྙམ། འཁོར་བ་ཞེན་ལོག་གི་ངེས་འབྱུང་བཅོས་མིན་ཞིག་སྐྱེས་པའི་སྟེང་ནས་དོན་གཉིས་སམ་ཟུར་གཉིས་དང་ལྡན་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། དེའི་སེམས་བསྐྱེད་ཀྱི་སྡོམ་པ་དེ་བླངས་ལ་མ་ཉམས་པའི་ཐོག་ནས་བསླབ་བྱ་ཆེ་ལོང་ཐམས་ཅད་བསྲུངས་པ་དང་། ཉམས་ན་བཤགས་པ་ཚུལ་བཞིན་བྱེད་རྒྱུའི་གོམས་གཤིས་དེ་ཆགས་སོང་ན་བྱང་ཆུབ་སེམས་དཔའ་ཞེས་བརྗོད་ཆོག གཞན་འདྲེན་སྟོན་གྱི་བསམ་བློ་བཏང་ན་དེ་དུས་ཕལ་ཆེ་རན་པ་མ་གཏོགས། རང་ཐར་བའི་སྐམ་སར་མ་ཕྱིན་པ་ཞིག་གམ་ཕྱིན་མ་དགོས་ཐར་བའི་ལམ་སྣེ་མ་ཟིན་པ་ཞིག་གིས་གཞན་མགོ་འདོན་པ་ཡིན་ཚུལ་བཤད་ཀྱང་ཁ་སྟོང་པའི་སྐད་ཆ་ཡིན། དེས་ན་འདི་དག་ཐུགས་ཉམས་སུ་བཞེས་ཏེ་རང་རྒྱུད་ཆོས་ཀྱིས་འདུལ་བའི་གནད་དེ་དག་གཙིགས་སུ་འཛིན་རྒྱུ་གལ་ཆེའོ། །དེ་རིང་ལེགས་པར་སྤྱད་ལས་ངེས་པ་རྣམ་དྲུག་གི་ཐ་མའི་ཚིག ཡེང་མེད་རྩལ་བསྐྱངས་ཡོན་ཏན་འཆར་བར་ངེས། །ཞེས་པ་འདིིར་འཇོག་རྒྱུ་བྱེད། སང་ཉིན་རང་བཞིན་ཤེས་པས་སྐྲག་པ་རྣམ་དྲུག་ནི། །ཞེས་པ་ལས་མགོ་འཛིན་ཏེ་བཤད། འདིའི་ཉིན་སྲིབ་ཀྱི་དངོས་གཞིའི་ཉམས་ལེན་པ་རྣམས་ཀྱིས་དངོས་གཞིའི་ཉམས་ལེན་གཙོ་བོར་བྱས་ནས་འདི་ལ་ཞོར་གཟིགས་རེ་མཛད་ནས་རྒྱུད་ལ་སྦྱོར། ཐོས་བསམ་པ་དག་དང་གཞན་མཛད་ཕྲིན་ཅན་ཚོས་ཚར་རེ་གཉིས་གཟིགས་ཐུབ་ན་བཟང་། དོན་ཐུགས་རྒྱུད་ལ་འབྱོར་བའི་སྐུལ་མ་ཡོང་ངེས། དེ་མིན་གྱི་ཇོ་སེར་ཆོས་ཞུ་བ་འདི་ཉིད་གཙོ་བོའི་དོན་གཉེར་དུ་འཛིན་མཁན་རྣམས་ཀྱིས་མ་མཐའ་ཡང་སྐྱོར་སྦྱང་ཚར་བཅུ་རེ་ཙམ་བྱེད་ནས་བལྟ་དགོས། རྒན་ཞུགས་དག་དང་ཆོས་ཞུ་གསར་བུ་བ་ཀློག་ལ་བྱང་ཆུབ་མེད་པ་དག་གིས་གཞན་ལ་འདོན་བཅུག་ནས་ཚར་གྲངས་ཉན་པ་དང་། རང་གིས་ཀྱང་ཡིག་ངོ་ཆོད་པ་དག་གིས་ཞིབ་ཏུ་ལྟོས་ལ་དོན་ལ་བསམ་བློ་ཐོང་། མདོར་ན་ཐམས་ཅད་ཀྱིས་དོན་གྱི་རྩད་བདར་ཆོད་པ་ནི་གལ་ཆེའོ། །དགེ་བསྙེན་ཕོ་མོ་དག་གིས་ཀྱང་འདོན་ཤེས་མཁན་རྣམས་ཀྱིས་ཐོན། མི་གོ་ས་གྲྭ་བ་སེར་མོ་པ་སུ་ཐུག་ལ་དྲིས། འདི་ཁྲོམ་དབང་ཞུས་པ་དང་འདྲ་བར་ཆུ་ཐིགས་གཅིག་མིད་ཟིན་པ་ལས་ཅུང་མེད་པ་ལྟ་བུ་མ་ཡིན། འདི་ཐོས་ན་ཐོས་པའི་ཕན་ཡོན་མེད་པ་མིན་ཡང་། གཙོ་བོ་དོན་གོ་ནས་རང་ཉམས་སུ་བསྟར་དགོས། གལ་སྲིད་འདིའི་དོན་གོ་ན་རིན་ཆེན་གོང་ཆེན་བྱིན་ཡང་ཉོ་རྒྱུ་མི་ལོན་པའི་ཕན་པ་ཆེ་ཞིང་རིན་ཐང་ལྡན་པ། སྐོར་བ་སྐོར་བྱེད། མཆོད་མེ་འབུལ་བྱེད། བསྡད་ན་འདུག་རྟེན། སོང་ན་འགྲོ་རྟེན། སྐྱིད་ཀྱི་གོང་གནོན། སྡུག་གི་སྐྱོ་གྲོགས། སེམས་ལ་བཞག་རྒྱུའི་ཚིག རུམ་དུ་བཅུག་རྒྱུའི་བྲོ། ནང་དོན་ཅན་འདི་ལ་ཡོད་པ་ཡིན། དེ་ཡང་གོ་སླ་ཉན་བདེ་ཚིག་མང་པོ་ཡས་དང་མས་ཀྱི་ཐོ་གཏུག་མི་དགོས་པར། ཐད་ཀར་ཚིག་གཅིག་བཤད་པ་དེ་བསྒྲུབས་ན་ཆོས་དྲུག་ཚན་རེ་རེའི་ནང་དུ་དམ་པའི་ཆོས་ཀྱི་མཛོད་ཡོངས་རྫོགས་རྫོགས་ནས་ཚང་ཡོད་པས་ཆེ་ཐོབ་ཆེ་ཡིས་འཚེངས་ཆུང་ཐོབ་ཆུང་གིས་འཚེངས་པའི་མན་ངག་གི་ཆོས་ཡིན་པས། གཏམ་ངན་རྣ་སྡུག་ཅན་གྱི་བུ་ཚ་ངན་པ་དང་གཤིབ་པ་བས་འདིའི་ཚིག་ལྷུ་རེ་རེ་སྔས་སུ་སྦྱར་ནས་དེ་ལ་ལྟོས་དང་། ནང་གི་གྲོལ་བྱེད་ཡིན། སེམས་ཁམས་ཀྱི་སྨན་ཡིན། དགེ་བསྙེན་ཕོ་མོ་དག་མང་ཤོས་ལོ་ན་ཡར་སོན་ལ་ཐོན་པ་དང་། མང་ཆེ་བ་ནད་པ་རྒས་པ་ཡིན་པས། གནའ་བོའི་ལུགས་སྲོལ་དེ་ད་ལྟའི་མིའི་བསམ་ཚུལ་ལ་འཕྲོད་པ་མིན་པས་ཁྱིམ་བཟའ་བའི་མགོ་འཛིན་མི་འཁྱོངས། མི་རྒན་རྟ་རྒན་ཁྱི་རྒན་དག་གི་འདང་རྩིས་ཇེ་ཞན་དུ་འགྲོ་བ་ནི་འཇིག་རྟེན་འཁོར་བའི་ཆོས་ཉིད་ཡིན་པས། ཁྱོད་གཅིག་པུས་མི་ཚད་པར་ཐམས་ཅད་དེའི་རང་བཞིན་ཡིན། འཆི་བདག་གིས་རྒས་པའི་བར་དུ་སྒུག་པ་ནི། རབ་ཏུ་གྱུར་པ་ཚེ་རིང་ལོ་བརྒྱའི་སྨོན་ཡུལ་ཡིན་ཡང་། རྒས་མེད་ལང་ཚོ་ལྡན་པའི་ལོ་བརྒྱ་འདྲ་ཐོབ་ན་མ་གཏོགས་རྒ་རྒས་ཕལ་ཆེ་ནི་ཤི་རྒྱུ་ལ་སྨོན་དགོས་པ་བྱུང་བ་ཡིན། དེས་ན་སེམས་རྟེན་ཆོས་ཀྱིས་གྱིས། ཆོས་ཀྱི་ནང་ནས་ཀྱང་སེམས་ཀྱི་ཆོས་སྒྲུབ་ཤེས་པར་གྱིས་དང་། ལུས་ངག་གཉིས་ཀྱིས་སྐོར་བ་བསྐོར་བ་དང་། ཕྱག་འཚལ་བ་དང་། འདོན་པ་བཏོན་པ་དང་། སྙུང་གནས་བསྡད་པ་རྣམས་ཀྱི་ཆོས་གོ་ཆོད་ཆེ་བ་ཞིག་ཏུ་འགྱུར་བ་ཡིན། དཔལ་སྤྲུལ་ཚང་གིས་རྒ་རྒས་ཟེར་བ་ནི་ལུས་བདེ་སེམས་བདེ་འཆི་ཆོས་མ་ཎི་རྡོག་རེ་ལ་འབད་འདུག་མཁན་ཞིག་དགོས་གསུངས་ཡོད། དུས་རྒྱུན་དུ་དམ་པ་གསུམ་དང་འབྲེལ་བའི་མ་ཎི་གསོག་བཞིན་བསྡད་ཀྱང་དེ་ཁོ་ནས་ཆོག་པ་ཡིན། མདོར་ན་དམ་པའི་ལྷ་ཆོས་དེ་སྨན་འཆི་གསོས་ཀྱི་བདུད་རྩི་དང་འདྲ་བར་སྡུག་བསྔལ་གྱི་ནད་ལས་ཐར་བྱེད། དཀོན་མཆོག་གི་སྐྱབས་གནས་དེ་ནམ་མཁའི་ཉི་མ་དང་འདྲ་བར་ཕྱོགས་ལྷུང་མེད་པ། ལས་རྒྱུ་འབྲས་དེ་རྡོ་བརྐོས་ཀྱི་རིི་མོ་དང་འདྲ་བར་ནོག་རྒྱུ་མེད་པ་དེ་འདྲ་བར་ཡིན་པས་ཆོས་བདག་མེད་ལ་སྙིང་རུས་སུ་ཆེ་ཡིན་པས་སྙིང་རུས་ཆེ་ན་དམ་ཆོས་འགྲུབ་པ་ཡིན། ལམ་གང་ནས་འཇུག་དགོས་མ་ཤེས་ན་ཁག་མེད་ཀྱང་འདི་ལྟ་བུའི་གདམས་ངག་མན་ངག་གི་ཚུལ་ཅན་གོ་སླ་ཉན་བདེ་བྱིན་རླབས་ཀྱི་བརྒྱུད་པ་མ་ཆད་པར་ཐོབ་དུས་གནད་མདོ་རྩ་རྡོག་རྡོག་གི་སྙིང་པོ་ལེན་པ་གལ་ཆེའོ།།


previousཉིན་གཉིས་པའི་ཆོས་ཁྲིད། next