Nitartha Digital Library
Tibetan
 
previousཉིན་བཞི་བའི་ཆོས་ཁྲིད། next

ཉིན་བཞི་བའི་ཆོས་ཁྲིད།

དེ་ཡང་རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོས། ཐུབ་པའི་མཚན་དཔེ་མིག་གི་བདུད་རྩི་སྟེ། །སྐལ་བཟང་ཡིད་ལ་དད་གསུམ་བསྐྱེད་པ་ལགས། །ལེགས་བཤད་ཡིག་གཟུགས་བཟོ་ཡི་སྤྲུལ་སྐུ་སྟེ། །དད་པའི་གསོས་སུ་འདི་ལས་ལྷག་པ་མེད། །སྟོན་པའི་ཚངས་དབྱངས་རྣ་བའི་བདུད་རྩི་སྟེ། །སྐལ་བཟང་ཡིད་ལ་ཤེས་རབ་བསྐྱེད་པ་ལགས། །ལེགས་བཤད་ཚིག་ཕྲེང་རྣ་བའི་བདུད་རྩི་སྟེ། །ཤེས་རབ་གསོས་སུ་འདི་དང་མཉམ་པ་མེད། །རྒྱལ་བའི་བྱིན་རླབས་སྙིང་གི་བདུད་རྩི་སྟེ། །སྐལ་བཟང་ཡིད་ལ་བདེན་པ་སྟོན་པ་ལགས། །ལེགས་བཤད་དོན་བཟང་སྙིང་གི་བདུད་རྩི་སྟེ། །ཡིད་ལ་ཡེ་ཤེས་གསོས་སུ་འདི་ཉིད་ཆེ། །ཞེས་གསུངས་ཏེ། དེ་ཡང་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོའི་མཚུངས་ཆོས་དང་སྦྱར་ནས། ཀུན་མཁྱེན་བླ་མའི་གསུང་ཆོས་སྐུའི་རིང་བསྲེལ་གྱི་ཕུང་པོ་འདི་གདུལ་བྱའི་དོན་དུ་གཟུགས་སྐུའི་གསང་བ་གསུམ་གྱི་རྣམ་རོལ་ཏུ་ཤར་བ་ཡིན་པར་བསྟན་པ་སྟེ། ཐུབ་པའི་མཚན་དཔེ་མིག་གི་བདུད་རྩི་སྟེ། །སྐལ་བཟང་ཡིད་ལ་དད་གསུམ་བསྐྱེད་པ་ལགས། །ཞེས་པ་ནི་ཐུབ་པ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་སྐུ་མཆོག་མཐོང་ན་མི་མཐུན་པ་མེད་པ་ཤཱཀྱ་སེངྒེ་མཆོག་གི་སྤྲུལ་བའི་སྐུ་དེ་ཉིད། ཚེ་རབས་བསྐལ་བ་དུ་མར་ཚོགས་གཉིས་བསགས་པའི་སྐལ་བ་བཟང་པོ་ཅན་དག་གིས་ཞལ་དངོས་སུ་མཇལ་ཏེ། མིག་གི་བདུད་རྩི་རུ་ཐོབ་པས་མ་ཚད་དད་གསུམ་བསྐྱེད་ཅིང་ཐར་བ་བྱང་ཆུབ་ཀྱི་ལམ་དུ་བཀོད་པའི་དགའ་སྟོན་ཐོབ་ཡོད་པ་དང་། ལེགས་བཤད་ཡིག་གཟུགས་བཟོ་ཡི་སྤྲུལ་སྐུ་སྟེ། །དད་པའི་གསོས་སུ་འདི་ལས་ལྷག་པ་མེད། །ཅེས་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱིས། ལྔ་བརྒྱའི་ཐ་མར་གྱུར་པ་ན། །ང་ཉིད་ཡི་གེའི་གཟུགས་སུ་སྣང་། །ཞེས་པ་ལྟར་བཟོ་དང་སྐྱེ་བ་མཆོག་གི་སྤྲུལ་བའི་སྐུ་ལ་སོགས་པའི་ནང་ནས། ལེགས་བཤད་ཡིག་གཟུགས་འདི་བཟོའི་སྤྲུལ་སྐུ་ཡིན་པས། སངས་རྒྱས་ཀྱི་གསུང་གི་གསང་བ་ཡི་གེའི་གཟུགས་སུ་སྣང་བའི་ཀློང་ཆེན་མཛོད་བདུན་འདི་སངས་རྒྱས་ཀྱི་སྐུ་དངོས་མཇལ་བ་དང་ཁྱད་པར་མེད་པས་དད་པའི་གསོས་བླ་ན་མེད་པའོ་ཞེས་པ་སྟེ། དེས་རྒྱལ་བའི་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོའི་བྱིན་རླབས་འདི་ལ་ཚང་བ་བསྟན་པ་ཡིན། སྟོན་པའི་ཚངས་དབྱངས་རྣ་བའི་བདུད་རྩི་སྟེ། །སྐལ་བཟང་ཡིད་ལ་ཤེས་རབ་བསྐྱེད་པ་ལགས། །ཞེས་པ་ནི་རྗོད་བྱེད་སྟོན་པ་རྫོགས་པའི་སངས་རྒྱས་ཀྱི་གསུང་ཚངས་པའི་དབྱངས་འགྲོ་བ་རང་རང་གི་སྐད་དང་མཐུན་པའི་སྙན་ཞིང་རྣ་བར་འཇེབས་པ། བརྗོད་བྱ་དོན་གྱི་ཆོས་འཁོར་ཟབ་ཅིང་རྒྱ་ཆེ་བས་སྐལ་བཟང་གི་སྐྱེ་བོའི་ནང་གི་ངེས་པ་འདྲེན་ཅིང་ཤེས་རབ་སྐྱེད་པར་བྱེད་པ་དང་། ལེགས་བཤད་ཚིག་ཕྲེང་རྣ་བའི་བདུད་རྩི་སྟེ། །ཤེས་རབ་གསོས་སུ་འདི་དང་མཉམ་པ་མེད། །ཅེས་རྗོད་བྱེད་ཀུན་མཁྱེན་ཆེན་པོའི་ལེགས་བཤད་རྒྱལ་བའི་གསུང་དང་གཉིས་སུ་མེད་པ་འདི་ཉིད་སྐལ་བཟང་སློབ་མའི་ཡང་དག་པའི་ཤེས་རབ་འཕེལ་བའི་གསོས་སྨན་བླ་ན་མེད་པ་ཡིན་པར་བསྟན་པ་སྟེ། དེས་རྒྱལ་བའི་གསུང་གི་ཆེ་བ་རྫོགས་ཚུལ་དང་གསུང་མི་ཟད་རྒྱན་འཁོར་གྱི་རྣམ་གཞག་བསྟན་པའོ། །རྒྱལ་བའི་བྱིན་རླབས་སྙིང་གི་བདུད་རྩི་སྟེ། །སྐལ་བཟང་ཡིད་ལ་བདེན་པ་སྟོན་པ་ལགས། །ཞེས་པ་ནི་རྒྱལ་བའི་ཐུགས་ཀྱི་བྱིན་རླབས་སྐལ་ལྡན་སྙིང་གི་བདུད་རྩི་དོན་དམ་སྐྱེ་བ་མེད་པའི་བདེན་པ་སྐལ་བཟང་སློབ་མས་མངོན་དུ་བྱེད་པའི་མཚན་ཉིད་ཅན་གྱི། ལེགས་བཤད་དོན་བཟང་སྙིང་གི་བདུད་རྩི་སྟེ། །ཡིད་ལ་ཡེ་ཤེས་གསོས་སུ་འདི་ཉིད་ཆེ། །ཞེས་པ་ནི་ཀུན་མཁྱེན་བླ་མའི་ལེགས་བཤད། དོན་བཟང་པོ། ཚིག་འབྲུ་བཟང་པོ། རྗོད་བྱེད་རྒྱ་ཆེ་ཞིང་བརྗོད་བྱ་གཏིང་ཟབ་པ་འདི་དག་ནི། སྐལ་བ་མཆོག་རབ་ལྡན་པའི་སྐལ་བཟང་དབང་རབ་ཀྱི་སྐྱེ་བོའི་ཡིད་ལ་ཆོས་ཉིད་བརྗོད་དུ་མེད་པའི་གནས་ལུགས་མ་བཅོས་པའི་ཡེ་ཤེས་ཀྱི་རང་ཞལ་མཇལ་བའི་གསོས་སུ་ཆེ་བ་ཡིན་ཞེས་གསུངས་པ་སྟེ། རྒྱལ་བའི་ཐུགས་ཀྱི་གསང་བ་ཟབ་མོའི་མཛོད་ཡོངས་སུ་རྫོགས་པའི་ཀློང་ཆེན་མཛོད་བདུན་འདི་ལ་རྒྱལ་བའི་གསང་གསུམ་གྱི་མཛད་པ་ཚང་བས། རྒྱལ་བ་དངོས་བྱོན་དང་ཁྱད་པར་མེད་པའི་རྒྱལ་བ་ཐམས་ཅད་ཀྱི་ཆོས་སྐུའི་མཆོད་སྡོང་ཆེན་པོ་ཡིན་ཕྱིར་བསོད་ནམས་བསག་པའི་ཞིང་ལ་འདི་ལས་ལྷག་པ་མེད་པར་བསྟན་པ་སྟེ། མདོར་ན་གཞུང་འདིས་ཚིག་གཅིག་ཙམ་ཉན་པ་དང་། འཛིན་པ་དང་། འཆང་བ་དང་། བཀླགས་པར་བྱས་ན། ཇི་སྙེད་རྒྱལ་བའི་ཆོས་ཚུལ་རབ་འབྱམས་ཞིང་ཁམས་རྒྱ་མཚོར་བཞུགས་པ་ཐམས་ཅད་ཉན་འཆད་འཛིན་འཆང་བྱས་པ་དང་མཉམ་པ་ཡིན་པར་གསུངས་ནས། བསྔགས་པ་བརྗོད་པར་མཛད་པའི་མཛོད་ཆེན་རིན་པོ་ཆེ་རྣམ་པ་བདུན། རྒྱལ་སྲིད་རིན་པོའི་ཆེའི་གྲངས་དང་ལྡན་པར་བཞུགས་པ་ལས་སྐབས་འདིར་གང་གསན་པར་བྱ་བ་མན་ངག་རིན་པོ་ཆེའི་མཛོད་འདི་ཉིད་འཆད་པའི་སྐབས་ལས། འདི་ལ་ཐོག་མཐའ་བར་གསུམ་དུ་དགེ་བའི་ཆིངས་རྣམ་པ་གསུམ་གྱིས་བཅིངས་ནས་བཤད་པའི་སྐབས་ལས། ཐོག་མར་དགེ་བ་ཀླད་ཀྱི་དོན་དང་། བར་དུ་དགེ་བ་གཞུང་དོན་ལས་ཀྱང་འགའ་ཞིག་སོང་ནས་དེ་རིང་།

༧༨ ཆོས་ལ་ཞུགས་པའི་གལ་ཆེ་རྣམ་དྲུག་བསྟན་པ།

ཆོས་ལ་ཞུགས་པའི་གལ་ཆེ་རྣམ་དྲུག་ནི།།

ཕྱི་མ་རྒྱུན་རིང་སྦྱིན་པ་གལ་རེ་ཆེ།།

བདེ་འགྲོའི་ཐེམ་སྐས་ཚུལ་ཁྲིམས་གལ་རེ་ཆེ།།

བཟོད་པའི་གོ་མཚོན་བསྲན་ཚུགས་གལ་རེ་ཆེ།།

ཡོན་ཏན་འབྱུང་གནས་བརྩོན་འགྲུས་གལ་རེ་ཆེ།།

དམིགས་པས་མི་གཡོ་བསམ་གཏན་གལ་རེ་ཆེ།།

དོན་སྒྲུབ་ལྷུན་གྲུབ་ཤེས་རབ་གལ་རེ་ཆེ།།

གལ་ཆེན་བསྒྲུབས་ལ་ཐར་ལམ་མྱུར་དུ་བགྲོད།།

ཅེས་གསུངས་པ་སྟེ། ཆོས་ལ་ཞུགས་པའི་གལ་ཆེ་ཕ་རོལ་ཏུ་ཕྱིན་པ་དྲུག་ནི། ཀུན་སློང་དག་པས་སྦྱིན་པ་ཡང་དག་པར་བཏང་ན་སྦྱིན་པའི་འབྲས་བུ་སྐྱེ་བ་གཞན་དུ་ནོར་དང་ལོངས་སྤྱོད་འབྱོར་བའི་ཁྱད་པར་ཡོད་པས། ཕྱི་མར་ནོར་འཚོལ་བས་དུས་གྲོན་ཏེ་ཆོས་སྒྲུབ་ལོང་མེད་པ་སེལ་ཞིང་། གལ་སྲིད་སྦྱིན་པ་མ་བཏང་ན་འབྲས་བུ་ལོངས་སྤྱོད་མི་འབྱུང་བས་སྦྱིན་པ་གལ་རེ་ཆེ་བ་ཡིན་ཏེ། འཇུག་པ་ལས། སྐྱེ་བོ་འདི་ཀུན་བདེ་བ་མངོན་འདོད་ཅིང་། །མི་རྣམས་བདེ་བའང་ལོངས་སྤྱོད་མེད་མིན་ལ། །ལོངས་སྤྱོད་ཀྱང་ནི་སྦྱིན་ལས་འབྱུང་མཁྱེན་ནས། །ཐུབ་པས་དང་པོར་སྦྱིན་པའི་གཏམ་མཛད་དོ། །ཞེས་གསུངས་པའི་ཕྱིར། ཡང་དེ་ལས། སྦྱིན་པས་ལོངས་སྤྱོད་དག་ནི་འགྲོ་ངན་ནའང་། །སྐྱེ་བོ་ཚུལ་ཁྲིམས་རྐང་པ་ཉམས་ལས་འབྱུང་། །སྐྱེད་བཅས་དངོས་འདུ་ཡོངས་སུ་ཟད་པས་ན། །ཕྱིན་ཆད་དེ་ལ་ལོངས་སྤྱོད་འབྱུང་མི་འགྱུར། །ཞེས་པ་ལྟར་དུ་སྦྱིན་པ་གཅིག་པུས་མི་ཆོག་པ་ཡིན་ཏེ། ལོངས་སྤྱོད་ཅན་ནི་ལྷ་མ་ཡིན་དང་། ཀླུ་དང་། ཉི་ཚེ་བ་ཡི་དྭགས་རྫུ་འཕྲུལ་ཆེན་པོ་སོགས་ཀྱང་ཡོད་པས་ལོངས་སྤྱོད་རྐྱང་པས་ཕན་ཐོགས་པ་མེད་པ་ཡིན་པའི་ཕྱིར། དེས་ན་བདེ་འགྲོ་ལྷ་མིའི་ལུས་གཟུགས་མཛེས་པ་ནད་མེད་པ་དབང་པོ་ཚང་བ་ཞིག་ཐོབ་དགོས་ན་བདེ་འགྲོའི་ཐེམ་སྐས་ཚུལ་ཁྲིམས་གལ་རེ་ཆེ་བ་ཡིན་ཏེ། དེ་ལས། ཡོན་ཏན་ཚུལ་ཁྲིམས་ཞིང་དུ་རྣམ་འཕེལ་ན། །འབྲས་བུ་ཉེར་སྤྱོད་ཆད་པ་མེད་པར་འགྱུར། །ཞེས་དང་། མངོན་མཐོའི་རྒྱུ་ནི་ཚུལ་ཁྲིམས་ལས་གཞན་མེད། །ཅེས་གསུངས་པའི་ཕྱིར། ཚེ་འདི་དང་ཕྱི་མར་རང་དང་གཞན་གྱི་དོན་བསྒྲུབས་ནས་འགྲུབ་པ་ལ་ཞེ་སྡང་གི་མཚོན་གྱིས་ཕུག་མི་ནུས་པའི་བཟོད་པའི་གོ་མཚོན། ཆོས་ཀྱི་ཕྱིར་དུ་སྡུག་དཀའ་ལས་ཅི་འདྲ་བྱུང་ཡང་བསྲན་ཚུགས་པ་དེ་གལ་རེ་ཆེ་ཏེ། དཔལ་ལྡན་ཟླ་བས། མི་སྡུག་གཟུགས་སུ་བྱེད་ཅིང་དམ་པ་མིན་པར་བཀྲི། །ཚུལ་དང་ཚུལ་མིན་ཤེས་པའི་རྣམ་དཔྱོད་འཕྲོག་བྱེད་ཅིང་། །མི་བཟོད་པ་ཡིས་མྱུར་དུ་ངན་འགྲོར་སྐྱུར་བར་བྱེད། །བཟོད་པས་བཤད་ཟིན་དང་འགལ་ཡོན་ཏན་རྣམས་བྱེད་དོ། །བཟོད་པས་མཛེས་ཤིང་སྐྱེ་བོ་དམ་པ་ལ། །ཕངས་དང་ལུགས་དང་ལུགས་མིན་ཤེས་པ་ལ། །མཁས་པར་འགྱུར་ཞིང་དེ་ཡི་འོག་ཏུ་ནི། །ལྷ་མིའི་སྐྱེ་དང་སྡིག་པ་ཟད་པར་འགྱུར། །ཞེས་གསུངས་པའི་ཕྱིར། ཡང་དེ་ལས། ཡོན་ཏན་མ་ལུས་བརྩོན་འགྲུས་རྗེས་འགྲོ་ཞིང་། །བསོད་ནམས་བློ་གྲོས་ཚོགས་ནི་གཉིས་ཀྱི་རྒྱུ། །ཞེས་པ་ལྟར་དུ། ཡོན་ཏན་འབྱུང་དང་མི་འབྱུང་བརྩོན་པ་ཡོད་མེད་ལ་རག་ལས་པས་ཡོན་ཏན་འབྱུང་གནས་བརྩོན་འགྲུས་རྩོམ་པ་གལ་རེ་ཆེ་བ་དང་། ཐོས་བསམ་བྱས་པའི་སྙིང་དོན་སྒོམ་པས་ཉམས་སུ་ལེན་པའི་སྒོ་ནས་འབྲས་བུ་ཐོབ་དགོས་པས་དམིགས་པ་སྣ་ཚོགས་པའི་མཚན་མས་མི་གཡོ་བའི་བསམ་གཏན་གལ་རེ་ཆེ་ཏེ། བསམ་གཏན་ལྷག་ཅིང་བློ་བཟང་བདེན་རང་བཞིན། །ཞིབ་མོ་རྟོགས་ལའང་ཤིན་ཏུ་མཁས་པ་འཐོབ། །ཅེས་གསུངས་པའི་ཕྱིར། རང་གཞན་དོན་གཉིས་མཉམ་དུ་སྒྲུབ་པ་ལ་གནད་ཁྱད་པར་ཅན་ཤེས་པའི་སྟོབས་ཀྱིས་ལྷུན་གྱིས་འགྲུབ་པར་བྱེད་པ་ནི་ཤེས་རབ་ཡིན་ཏེ། ཤེས་རབ་ཡེ་ཤེས་ཀྱི་ཚོགས་བསགས་ན་མིག་དང་ལྡན་པ་གང་འདོད་པའི་སར་ཕྱིན་ཆོག་པ་ལྟ་བུ་ཞིག་ཡིན་པར་དེ་ལས། ཇི་ལྟར་ལོང་བའི་ཚོགས་ཀུན་བདེ་བླག་ཏུ། །མིག་ལྡན་སྐྱེས་བུ་གཅིག་གིས་འདོད་པ་ཡི། །ཡུལ་དུ་འཁྲིད་པ་དེ་བཞིན་འདིར་ཡང་བློས། །མིག་ཉམས་ཡོན་ཏན་བླངས་ཏེ་རྒྱལ་ཉིད་འགྲོ། །ཞེས་གསུངས་པའི་ཕྱིར། དེ་འདྲའི་གལ་ཆེན་ཕར་ཕྱིན་དྲུག་པོ་བསྒྲུབས་ན་ཐར་ལམ་མྱུར་དུ་འགྲུབ་པའི་བགྲོད་ཤུགས་དང་ལྡན་པ་ཡིན་ནོ།།

༧༩ དེ་དང་མི་ལྡན་སྐྱོན་དྲུག་བསྟན་པ།

དེ་དང་མི་ལྡན་སྐྱོན་དྲུག་བསྟན་པ་ནི།།

སྦྱིན་པ་མ་བཏང་ཡི་དྭགས་མདུན་ན་བསྒུགས།།

ཚུལ་ཁྲིམས་མ་བསྲུངས་དུད་འགྲོ་མདུན་ན་བསྒུགས།།

བཟོད་པ་མ་བསྒོམས་དམྱལ་བ་མདུན་ན་བསྒུགས།།

བརྩོན་འགྲུས་མི་རྩོམ་མི་ཁོམ་གཡང་ས་བསྒུགས།།

བསམ་གཏན་མི་བསྒོམ་བདུད་བཞིའི་དཔུང་ཚོགས་བསྒུགས།།

ཤེས་རབ་མ་བསྒོམས་གཏན་དུ་སྲིད་པ་བསྒུགས།།

དགྲ་རྣམས་མདུན་སྒུགས་དེ་ཡི་དབང་དུ་འགྱུར།།

ཞེས་གསུངས་པ་སྟེ། ཕྱིན་དྲུག་དེ་དག་དང་མི་ལྡན་པའི་སྐྱོན་དྲུག་བསྟན་པ་ནི། གོང་དུ་བཤད་པའི་ཕར་ཕྱིན་དྲུག་ཚུལ་བཞིན་སྒྲུབ་པ་ལས་ལྡོག་ནས་སྦྱིན་པ་མ་བཏང་བར་སེར་སྣ་བྱས་ན་ཡི་དྭགས་སུ་སྐྱེ་བས་མདུན་ན་སྒུག་པ་དང་། ཚུལ་ཁྲིམས་མ་བསྲུངས་ན་དུད་འགྲོ་ལ་སྐྱེ་བ་ཡིན་པས་མདུན་ནས་བསྒུགས་པ་དང་འདྲ་བ་ཡིན་པས་དེ་ལས་ལྡོག་ཏུ་མེད་པ་སྟེ། ལ་ལའི་ཚུལ་ཁྲིམས་བདེ་བ་སྟེ། །ལ་ལའི་ཚུལ་ཁྲིམས་སྡུག་བསྔལ་ཡིན། །ཚུལ་ཁྲིམས་ལྡན་པ་བདེ་བ་སྟེ། །ཚུལ་ཁྲིམས་འཆལ་བ་ངན་འགྲོར་ལྟུང་། །ཞེས་འབྱུང་བས་སོ། །དེ་ཡང་རབ་ཏུ་བྱུང་བ་རྐྱང་པ་ལ་གསུངས་པ་མིན་ཏེ། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བའི་ནང་པ་སངས་རྒྱས་པའི་སློབ་མ་ཐམས་ཅད་ཀྱིས་སྐྱབས་སྡོམ་ཞུས་ཡོད་པ་དང་། དགེ་བསྙེན་དག་གིས་སྣ་གཅིག་དང་སྣ་འགའ་ལ་སོགས་པའི་སྡོམ་པ་བླངས་ཡོད་པ་ཡིན་ན། མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཐམས་ཅད་ཀྱིས་སྲུང་བར་བྱེད་དགོས་པ་ཡིན་པས། དེའི་སྡོམ་ཁྲིམས་དང་འགལ་ན་དུད་འགྲོ་ལ་སོགས་པར་སྐྱེ་བ་ཡིན། དེའི་ལས་ཟད་ནས་མི་ལུས་ཐོབ་ཀྱང་ཁ་ཆེ་སྣ་ཉག་སོགས་གདོང་མི་མཛེས་པ་དང་། དབང་པོ་མ་ཚང་བ་ལ་སོགས་པའི་ལུས་ལེན་པ་ཡིན་ན་རབ་ཏུ་བྱུང་བས་སྡོམ་པ་མ་བསྲུངས་ན་དེ་བས་ཀྱང་རྣམ་སྨིན་ལྕི་བ་ཡིན། དེ་བཞིན་དུ་བཟོད་པ་མ་བསྒོམས་པར་ཁྲོ་བས་དམྱལ་བར་སྐྱེ་བས་མདུན་ན་བསྒུགས་པ་ཡིན་ཏེ། སྐྱེས་རབས་ལས། ཁྲོ་བའི་མེ་ཡིས་བཞིན་མདོག་ཉམས་གྱུར་ན། །རྒྱན་གྱིས་བརྒྱན་ཡང་བཟང་པོར་ཡོང་མི་སྣང་། །མལ་སྟན་བཟང་པོ་དག་ལ་ཉལ་གྱུར་ཀྱང་། །ཁྲོ་བའི་ཟུག་རྔུས་སེམས་ནི་སྡུག་བསྔལ་འགྱུར། །བདག་ལ་ཕན་པའི་དོན་འགྲུབ་བརྗེད་འགྱུར་ཏེ། །ཁྲོ་བས་གདུངས་ནས་ལམ་ངན་འགྲོ་བར་བྱེད། །གྲགས་དང་དོན་གྲུབ་པ་ལས་ཉམས་པར་འགྱུར། །ཞེས་དང་། སྤྱོད་འཇུག་ལས། བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང་། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཅེས་གསུངས་པའི་ཕྱིར། སྐྱོད་པར་བྱེད་པའི་ལས་ཅན་རླུང་མེད་ན་གཡོ་བ་དང་མྱུར་བའི་ལས་མི་འགྲུབ་པ་བཞིན་དུ། བྱང་ཆུབ་ཀྱི་རང་བཞིན་ནི་དགེ་བའི་ས་ཆེན་པོ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་རག་ལས་ཤིང་། དེ་བརྩོན་འགྲུས་མེད་ན་མི་འབྱུང་བས་མི་ཁོམ་པའི་གཡང་སར་སྐྱེ་བས་མདུན་ན་བསྒུགས་ནས་ཡོད་པ་ཡིན་ཏེ། ཡུམ་ལས། ལེ་ལོས་ནི་བདག་གི་དོན་ཡང་བྱ་བར་མི་ནུས་ན་གཞན་གྱི་དོན་ལྟ་ཅི་སྨོས། ལེ་ལོའི་རྣམ་པར་སྨིན་པས་ནི། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། བསམ་གཏན་མི་སྒོམ་པའི་གང་ཟག་རྣམ་གཡེང་ཅན་ལ་བདུད་འཇུག་སླ་བ་ཡིན་པས་བདུད་བཞིའི་དཔུང་ཚོགས་ཀྱིས་བསྒུགས་ནས་ཡོད་པ་དང་། ཤེས་རབ་མེད་ན་ལུང་དང་རྟོགས་པའི་ཆོས་ཇི་སྙེད་པ་དང་། ཇི་ལྟ་བ་ཤེས་པ་ལྟ་ཞོག དགེ་སྦྱོར་གཞན་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པའི་ལམ་ལ་འབད་ཀྱང་དེ་དག་ཐར་པའི་རྒྱུར་མི་འགྲོ་ནས་སྲིད་པ་ཁམས་གསུམ་འཁོར་བའི་གནས་སུ་གཏན་དུ་འཁྱམས་པས་བསྒུགས་པ་ཡིན་ཏེ། ཤེས་རབ་མེད་ན་འབྲས་བུ་དོན་གཉེར་ལ། །སྦྱིན་པ་བདག་ཉིད་རྣམ་པར་དག་མི་འགྱུར། །ཞེས་དང་། ཤེས་རབ་སྣང་བས་མུན་པ་མ་བསལ་ན། །ཚུལ་ཁྲིམས་དག་དང་ལྡན་པར་དེ་མི་འགྱུར། །ཕལ་ཆེར་ཤེས་རབ་མེད་པས་ཚུལ་ཁྲིམས་དག །ཉེས་པའི་སྐྱོན་གྱིས་ཉོན་མོངས་རྙོག་བཅས་འགྱུར། །ཞེས་གསུངས་པའི་ཕྱིར། དེས་ན་དགྲ་དེ་དག་གིས་མདུན་ནས་བསྒུགས་ནས་དེ་ཡི་དབང་དུ་གྱུར་ཚེ་ངན་འགྲོ་སྔུག་བསྔལ་གྱི་གཡང་ནས་ཐར་བ་མིན་ནོ།།

༨༠ ཟབ་མོ་རྒྱུད་སྦྱོར་མི་དགོས་རྣམ་དྲུག་བསྟན་པ།

ཟབ་མོ་རྒྱུད་སྦྱོར་མི་དགོས་རྣམ་དྲུག་ནི།།

གང་འདུག་དགེ་བ་འཕེལ་ན་དགོན་པ་བསྟེན་མི་དགོས།།

རྣམ་རྟོག་རང་སར་གྲོལ་ན་འཁོར་བ་སྤང་མི་དགོས།།

རང་གི་བག་མེད་བསྲུངས་ན་གཞན་སེམས་བསྲུང་མི་དགོས།།

མ་བཅོས་སེམས་ཉིད་རྟོགས་ན་དཔེ་ཆ་ཀློག་མི་དགོས།།

ཅི་སྣང་སྒྱུ་མར་རྟོགས་ན་ཞེན་པ་བཟློག་མི་དགོས།།

གནས་ལུགས་རང་ངོ་ཤེས་ན་སངས་རྒྱས་བཙལ་མི་དགོས།།

འདི་དག་དང་ལྡན་སྐྱེས་ཆེན་འགྲོ་མཆོག་ལགས།།

ཞེས་གསུངས་པ་སྟེ། ཟབ་མོ་རྒྱུད་སྦྱོར་མི་དགོས་རྣམ་དྲུག་ནི། གནས་གང་དུ་འདུག་ཀྱང་རུང་། གྲོགས་སུ་དང་འགྲོགས་ཀྱང་རུང་། དགེ་སྦྱོར་འཕེལ་ན་དགོན་པའམ་དབེན་པར་བསྟེན་མི་དགོས་ཏེ་དབེན་པར་འདུག་པ་ནི་སྡིག་མེད་དགེ་བ་འཕེལ་བའི་དོན་ཡིན་པའི་ཕྱིར། འདི་ནི་རང་དོན་གྲུབ་ཟིན་པའི་གང་ཟག་རྐྱེན་གྱིས་མི་ཚུགས་པ་དག་གི་དབང་དུ་བྱས་པའོ། །རྣམ་རྟོག་ཐ་མལ་རང་སར་གྲོལ་ནས་སྒོམ་པ་ཀློང་དུ་གྱུར་ན་རྣམ་རྟོག་འཁྲུལ་བའི་དབང་གིས་གནས་དོན་ལུས་སུ་སྣང་བའི་འཁོར་བ་ཆེད་དུ་སྤང་མི་དགོས་ཏེ། དེ་ལོགས་སུ་གྲུབ་པ་མེད་པའི་ཕྱིར། རང་རྒྱུད་ལ་བག་མེད་པའི་བསམ་སྤྱོད་སྐྱེ་མ་བཅུག་པར་བསྲུངས་ནས་བག་ཡོད་པར་གྱུར་པ་དེ་ལས་གཞན་དུ་གྱུར་པའི་སེམས་ཟུར་ནས་བསྲུང་མི་དགོས་ཏེ། བཅོམ་ལྡན་འདས་ཀྱིས་དགེ་སློང་གསར་བུ་དག་ལ་བག་ཡོད་པར་གྱིས་ཤིག་བག་ཡོད་པ་འདི་ནི་ཚིག་ཉུང་ཡང་དོན་རྒྱ་ཆེན་པོ་ཡོད་པ་ཡིན་ཞེས་གསུངས་པའི་ཕྱིར། མ་བཅོས་སེམས་ཉིད་གནས་ལུགས་ཆོས་སྐུའི་རང་ཞལ་མཐོང་ནས་རྟོགས་ན། དཔེ་ཆ་ཀློག་མི་དགོས་ཏེ་ཐོས་བསམ་གྱི་མཐར་སོན་པ་ཡིན་པའི་ཕྱིར། ཅི་སྣང་རང་བཞིན་གྱིས་མ་གྲུབ་པ་སྒྱུ་མ་ལྟ་བུར་རྟོགས་ན་ཞེན་པ་ཟུར་ནས་བཟློག་མི་དགོས་པ་དང་། གནས་ལུགས་དོན་གྱི་རང་ངོ་ཤེས་ན་སངས་རྒྱས་ཞེས་པ་ཞིག་ཟུར་ནས་བཙལ་མི་དགོས་པ་སྟེ། འདི་དག་དང་ལྡན་པ་ནི་སྐྱེས་ཆེན་འགྲོ་བའི་མཆོག་གམ་འགྲོ་བའི་མགོན་དང་སྐྱབས་དང་དཔུང་གཉེན་དུ་གྱུར་པ་ཞིག་ཡིན་ནོ།།

༨༡ ཆོས་སྒྲུབ་གྲོགས་སུ་མཆོག་དྲུག་བསྟན་པ།

ཆོས་སྒྲུབ་གྲོགས་སུ་མཆོག་དྲུག་བསྟན་པ་ནི།།

མཆོད་གནས་མཆོག་ཏུ་བླ་མ་དཀོན་མཆོག་བཀུར།།

གཏོང་བའི་མཆོག་ཏུ་ཚེ་འདིའི་བྱ་བ་གཏོང༌།།

ནོར་གྱི་མཆོག་ཏུ་ཐོས་བསམ་དད་པ་བསྟེན།།

བཤེས་ཀྱི་མཆོག་ཏུ་སེམས་ཉིད་རང་ངོ་ཤེས།།

སེམས་བསྐྱེད་མཆོག་ཏུ་རང་འདོད་འཁྲི་བ་སྤོང༌།།

གྲུབ་རྟགས་མཆོག་ཏུ་བླ་མ་སངས་རྒྱས་མཐོང༌།།

དེ་དག་འབྱོར་ན་དོན་གཉིས་ལྷུན་གྲུབ་འགྱུར།།

ཞེས་གསུངས་པ་སྟེ། ཆོས་སྒྲུབ་གྲོགས་སུ་མཆོག་དྲུག་བསྟན་པ་ནི། མཆོད་པའི་གནས་ཐམས་ཅད་ཀྱི་མཆོག་སངས་རྒྱས་ཆོས་དང་དགེ་འདུན་ཏེ་དཀོན་མཆོག་གསུམ་དང་། དེ་གསུམ་གཅིག་ཏུ་འདུས་པའི་བདག་ཉིད་བླ་མ་ཡིན་པས་དེ་ལ་བཀུར་ནས་མཆོད་པ་བྱེད་པ་དང་། གཏོང་བའི་མཆོག་ཏུ་ཚེ་འདིའི་བྱ་བ་གཏང༌དགོས་ཏེ་དེ་ཡང་ཚེ་འདི་བློས་མ་ཐོང་ཚེ་ཆོས་རྣལ་མ་ཞིག་འགྲུབ་པ་མིན་པའི་ཕྱིར། ནོར་ཐམས་ཅད་ཀྱི་ནང་ནས་ཚེ་རབས་སྐྱེ་བའི་ཕྲེང་བ་ལ་ཕན་པ་ཡོད་པའི་མཆོག་ཏུ་གྱུར་པ་ནི་ཐོས་བསམ་དང་དད་པ་ཡིན་པས་བསྟེན་དགོས་པ་དང་། བཤེས་གཉེན་གྱི་མཆོག་ཏུ་གྱུར་པ་ནི་སེམས་ཉིད་རང་ངོ་ཤེས་པ་ཡིན་པས་དེ་དང་འབྲལ་བ་མེད་པར་བྱེད་པ་དང་། སྨོན་འཇུག་གི་སྡོམ་པ་ལེན་དུས་དགོངས་སུ་གསོལ་བ་གསུམ་གྱིས་སད་པར་བྱས་ཏེ། སྐྱབས་སུ་འགྲོ་བ་གསུམ་གྱིས་གཞིར་བཟུང་ནས་དངོས་གཞི་དམ་བཅའ་སེམས་བསྐྱེད་པའི་རྗེས་སུ། དེ་རིང་ང་བྱང་ཆུབ་སེམས་དཔའ་དཔར་བྱས་པ་ཡིན་པས་ལྷ་དང་ལྷ་མིན་ལ་སོགས་ཐམས་ཅད་དགའ་བར་གྱིས་ཤིག་ཅེས་བརྗོད་ནས་སེམས་སྐྱེད་བཞིན་ཡོད་ཀྱང་། བྱང་ཆུབ་སེམས་དཔའ་རུ་གྱུར་ཡོད་མིན་ནི་རང་འདོད་ཡོད་མེད་ཀྱི་རྗེས་སུ་བྱེད་པས། སེམས་བསྐྱེད་ནས་རང་འདོད་ཀྱི་འཁྲི་བ་སྟེ་དེའི་ཆ་ཤས་ཙམ་མ་དགོས་རང་འདོད་རགས་པ་མངོན་གྱུར་པ་ཙམ་ཡང་སྤོང་མ་ནུས་པ་དང་། རང་གཞན་གཉིས་ཀའི་བདེ་སྡུག་བརྗེ་མ་ཐུབ་དུས་རང་འདོད་ཀྱི་འཁྲི་བ་ཡོད་པས་སེམས་བསྐྱེད་རྒྱུད་ལ་སྐྱེས་མེད་པ་ཡིན། དེས་ན་རང་འདོད་ཀྱི་འཁྲི་བ་སྤངས་པའི་སེམས་མཆོག་བསྐྱེད་དགོས་སོ། །བཀའ་མདོ་རྒྱུད་དགོངས་གནད་ཟབ་མོ་ཁྲོལ་ནས་བླ་མ་སངས་རྒྱས་སུ་མཐོང༌བའི་གྲུབ་པའི་རྟགས་མཆོག་ཐོབ་སྟེ་བཤད་སྒྲུབ་ཀྱི་ལག་རྗེས་ཞོག་ན་སྐྱེ་དགུའི་བདེ་སྐྱིད་ཀྱི་གཞི་མ་བཙུགས་པ་ཡིན་པས། ལྕགས་ལ་མདུད་པ་མདུད་པ་དང་། རྡོ་ལ་ཞབས་རྗེས་བཞག་པའི་གྲུབ་རྟགས་མེད་ཀྱང་བླའོ། །དེ་ལྟ་བུའི་མཆོག་དྲུག་གི་འབྱོར་བས་ཕྱུག་ན་དོན་གཉིས་ལྷུན་གྱིས་འགྲུབ་པར་འགྱུར་རོ།།

༨༢ བྱ་བ་མ་ཡིན་རྣམ་དྲུག་སྤང་བ་བསྟན་པ།

བྱ་བ་མ་ཡིན་རྣམ་དྲུག་སྤང་བ་ནི།།

རྒྱུད་ཚོད་མི་ཤེས་གང་ཟག་གཤེ་བཀུར་སྤང༌།།

ལོག་འཚོའི་རྙེད་པས་དད་ལྡན་སུན་མ་འདོན།།

བག་མེད་ཐོ་ཅོའི་སྨྱོན་སྤྱོད་ཤུགས་མ་དྲགས།།

གཞན་ལ་ཁྱད་གསོད་མཐོ་དོགས་བརྙས་མ་བྱེད།།

ལྟོ་རྒྱབ་ཆེད་དུ་དམ་པའི་ཆོས་མ་འདོར།།

རྒྱུ་འབྲས་ཟབ་མོའི་རྟེན་འབྲེལ་ཁྱད་མ་བསད།།

འདི་དག་སྤངས་ན་སྐྱེས་བུ་དམ་པར་འགྱུར།།

ཞེས་གསུངས་པ་སྟེ། བྱ་བ་མ་ཡིན་རྣམ་དྲུག་སྤང་བ་ནི། བཅོམ་ལྡན་འདས་ཀྱིས་དཀོན་མཆོག་བརྩེགས་པ་ལས། འོད་སྲུངས་ང་དང་ང་འདྲ་བས་ཆོས་དང་གང་ཟག་གི་ཚོད་གཟུང་བར་རུང་གིས། གཞན་དག་ནི་མ་ཡིན་ཏེ་ལོག་པར་ལྟུང་བའི་ཕྱིར་རོ། །ཞེས་གསུངས་པ་ལྟར་དུ་ཕྱི་ཚུལ་ལ་བལྟས་ནས་བཟང་ངན་གྱི་ཁྱད་པར་དང་། སངས་རྒྱས་བྱང་སེམས་ཀྱི་སྤྲུལ་བ་གང་ན་ཡོད་ཤེས་པ་མིན་པས། དཔལ་སྤྲུལ་ཚང་གིས་དང་བ་དང་དད་ལོག་གཉིས་ཀ་བྱེད་མི་ཉན་པ་ནི། རྒྱུས་མེད་ཀྱི་བླ་མ་ཡིན་པར་གསུངས་པ་ལྟར་དུ། དད་པ་མ་ཞོག་ཀྱང་དད་ལོག་དགོས་དོན་མེད་པས་གང་ཟག་ལ་གཤེ་སྐུར་ཏེ་ངན་ཟེར་དང་སྐུར་འདེབས་སྤོང་བར་བྱེད་པ་དང་། དེང་སང་བསྟན་པ་ཆགས་འཇིག་གི་རྟེན་གཞིའི་གཙུག་ལག་ཁང་བཞེངས་པ་དང་། དགེ་འདུན་པའི་འཚོ་ཆས་ཡོ་བྱད་རེ་མེད་ཀྱི་ཐབས་མེད་དུ་ཁེལ་བ་ཡིན་ཡང་། རྙེད་པ་དང་བཀུར་སྟིའི་ཕྱིར་དུ་ཚིག་འཇམ་སྔོན་ཏུ་སྨྲ་བ་ཁ་གསག ཐོབ་པར་འདོད་པས་གཞན་གྱི་རྫས་ལ་བསྔགས་པ་གཞོགས་སློང་། རང་ལ་བབ་ཐོབ་ཀྱི་ཡོན་ཏན་བརྗོད་པ་ཐོབ་འཇལ། སྔར་ཐོབ་པ་ལ་བསྔགས་པ་དང་ཐོབ་པའི་ཕྱིར་དུ་ཅུང་ཟད་སྦྱིན་པ་རྙེད་པས་རྙེད་པ་འཚོལ་བ། རྙེད་བཀུར་གྱི་ཕྱིར་དུ་དབང་པོ་བསྡམས་ནས་དུལ་བར་འཆོས་པ་ཚུལ་འཆོས་སོགས་ལ་བརྟེན་ཏེ། དཀོན་མཆོག་གི་ཕག་ནས་ལོག་འཚོའི་འཚོ་བས་རང་ཉིད་དང་། ཁོར་ཡུག་གི་གཟི་མདངས་བསྐྱེད་ནས་ཆོས་པའི་གཟུགས་ཀྱིས་ཆོས་མིན་བྱེད་པ། གནད་ཤེས་པ་ཞིག་གིས་བལྟས་ན་བླུན་པོ་ཤེས་མེད་བ་ལང་གསེར་གྱི་རྒྱན་ཆ་ཅན་ཞིག་ལ་མཐོང་བའི་མཚང་རྗེན་གཅེར་སྟོན་ཏེ་དད་ལྡན་སུན་འབྱིན་ནས་སེམས་ཕམ་ཞིང་ཡི་ཆད་པར་བྱེད་ཅིང་། དད་མེད་ལོག་ལྟ་ཅན་དག་གིས་ངན་སྨོད་བྱེད་པའི་ཡུལ་བསྟན་པའི་ཞབས་འདྲེན་དང་བསྟན་བླ་འཚོང་བའི་བདག་ཉིད་ཅན། མགོ་རྣ་ལ་རྒྱ་བཟུང་ནས་གཅིག་ཚང་ལ་གཅིག་ཡོད་དུས་ངེད་ཚང་ལ་དེ་བས་བཟང་ཞིག་དགོས་འདུག་བསམ་ཁུལ་གྱིས་སྐུ་ཚེ་ས་རྡོ་དང་རྩོལ་སྒྲུབ་ལ་སྐྱེལ་བའི་རྣམ་ཐར་གྱི་ནང་དུ། ཡ་མཚན་མེད་པར་མ་ཟད་རང་གཞན་གྱི་རྒྱུད་ཆུད་ཟ་བར་བྱེད་པ་ཡིན་པས། སྒེར་གྱི་དོན་དུ་སྨོས་ཅི་དགོས་སྤྱི་དོན་ཡིན་ཡང་། རྒྱུ་ནོར་རྙེད་པའི་ཆེད་དུ་ཁྱིམ་པ་སུན་འབྱིན་གྱི་བྱ་བས་གཞན་གྱི་དད་པ་ལྡོག་བཅུག་ན་རང་གིས་མ་ཟད་ན་བཟའ་དམར་པོ་མནབས་ཚད་ཀྱི་དབུ་འཕང་དམའ་རུ་འཇུག་པས་ཤིན་ཏུ་ཐ་ཆད་པ་ཡིན། སྤྱིར་ན་སོ་སོ་སྐྱེ་བོའི་གནས་སྐབས་ན་ཟས་ནོར་གྱི་དགོས་མཁོ་རེ་སྒྲུབ་པའི་འདོད་པ་ཙམ་མེད་པ་ཞིག་ཡོད་པ་མིན་པ་དང་། རབ་ཏུ་བྱུང་བ་ཡིན་ཡང་འཚོ་མཁོ་ལྷག་པའི་ཡོ་བྱད་ཉར་ཆོག་པ་དང་། ལུས་འཚོ་བའི་ཆེད་དུ་ལུས་རྒུད་པའི་རྒྱུ་རུ་མི་འགྱུར་བའི་འཚོ་བ་བསོད་སྙོམས་ཀྱི་མཐའ་སྤོང་དགོས་པའི་བཅས་པ་ཡོད་པ་དང་། འདུལ་བ་ཡུལ་དུས་དང་བསྟུན་ནས་མཐའ་འཁོབ་ཀྱི་ཡུལ་དུ་ཀོ་ལྤགས་གནང་བ་ལ་སོགས་པ་ཡོད་པར་མ་ཟད། ཆགས་པ་མེད་ན་འབུམ་རི་བའི་གོས་དང་གནས་ཁང་བརྩེགས་པ་ལྔ་བརྒྱ་བ་ལ་སོགས་པ་ཡང་གནང་བའི་སྐབས་ཡོད་པ་ཡིན་ཡང་། གཙོ་ཆེ་བ་དད་པས་ཕུལ་ཞིང་དང་བས་བཞེས་པའི་དད་རྫས་དཀོན་མཆོག་གི་མཆོད་པའི་ཞིང་སར་འགྲོ་བར་བྱེད་ཅིང་། བསྟན་པ་ཉམ་དམན་པར་གྱུར་པའི་སྐབས་འདིར། བསྟན་པའི་མེ་རོ་སློང་ཞིང་དེའི་རྒྱུན་འཛུགས་པའི་མཐུན་རྐྱེན་དངོས་ཀྱི་ཐོག་ཏུ་སྨིན་པ་ནི་གལ་ཆེ་བ་ཡིན་པས། ལྷ་ཁང་དང་ལྷ་རྟེན་དགེ་འདུན་སྤྱིའི་ཚོགས་ས་འདུ་ས་དང་ཆོས་སྡེ་སྤྱིའི་དཀོར་ནོར་བགྱིས་ན་དགེ་འདུན་འདུ་བའི་སྒོ་ཡིན་པ་དང་། བླ་མ་སྤྲུལ་སྐུ་མཁན་པོ་སུ་ཡིན་ཡང་གང་ཟག་སྒེར་གྲྭ་བ་གྲྭ་རྐྱང་གི་འཚོ་བ་སྐྱེལ་ནས་གྲྭ་ཤག་ཆུང་ཆུང་རེ་བཟུང་བ་ལས་བླ་བྲང་ཆེན་པོའི་ཚུགས་ཀ་མ་གཏོད། དུས་ཚོད་ཀྱི་འགྱུར་བ་འགྲོ་བཞིན་ཡོད་པས་གནའ་བོའི་ཞ་དཔེ་ལྷམ་འགེབས་ཁོ་ན་དགོས་པ་མིན། རིག་གནས་གསར་བརྗེའི་དུས་ཚོད་ལ་སོགས་པའི་དུས་འགྱུར་ཚུན་ཆོད་དུ། བསྟན་པ་འདི་ལ་ཉམ་ཉེས་དང་བརྡབ་གསིག་ཆེན་པོ་སོང་བའི་ཡང་དར་གྱི་འགོ་གསར་བ་འཛུགས་པའི་སྐབས་འདིར། བསྟན་པ་དྭངས་གཙང་གི་རྒྱུན་ཞིག་གཞག་དགོས། སྔོན་མས་ཇི་ལྟར་བྱས་པའི་རྗེས་སུ་རྗེས་མ་དག་འཇུག་པ་ཡིན་པས་འདི་མི་རབས་རྗེས་མའི་མིག་ལྟོས་ལ་བཟང་བ་ཡིན། འདུལ་བ་དང་མཐུན་པའི་སྦྱངས་ཡོན་ལ་གནས་པ། སྔར་བཀའ་གདམས་ཀྱི་དགེ་བའི་བཤེས་གཉེན་རྣམ་པ་ལྟ་བུ་མིན་ཡང་ང་ཚོའི་ཆོས་བརྒྱུད་འདི་དང་། ས་ཆ་འདིའི་སྔོན་རབས་པ་ལ་ཕྱིར་བལྟས་ཤིག་བྱས་ན་རྫོགས་ཆེན་ཚང་གི་མཁན་རབས་བཞི་བཅུ་ལྷག་བྱོན་པ་ཚང་མ་བྱ་བྲལ་སྦས་པའི་རྣལ་འབྱོར་འདོད་ཆུང་ཆོག་ཤེས་ཅན་ཤ་སྟག་ལས་མེད། ཚུལ་ཁྲིམས་འཆལ་བའི་གང་ཟག་གཅིག་གསེར་ཁྲིའི་སྟེང་དུ་འདུག་མ་དགོས་ལུང་བའི་ནང་དུའང་འདུག་མི་ཆོག་པའི་ཕྱག་སྲོལ་ཡོད་པས། བཟང་པོའི་ཕྱག་བཞེས་དེ་དག་མི་ཉམས་པའི་རྒྱུན་འཛིན་པ་གལ་ཆེ་བ་ཡིན། དེས་ན་བོད་པའི་ས་ཆ་ནས་བསོད་སྙོམས་ལ་ཕེབས་པའི་ཉིན་རེའི་གུང་ཚིགས་ཚེ་གཅིག་ལ་ཡོན་བདག་གིས་འབུལ་བ་མ་དར་ན་ཡང་། རས་གཟན་རས་ཤམ་རེ་དང་དབྱར་འགག་དགུན་འགག་རེ་སོགས་མི་འཁྱག་མི་ལྟོགས་པའི་གནས་མལ་འཚོ་ཆས་དང་། དགོས་མཁོའི་གློག་ཆས་རེ་མེད་པའི་ཐབས་མེད་དུས་རབས་དང་བསྟུན་པའི་དགོས་མཁོ་རེད། དེའི་སྟེང་དུ་ཉེར་སྤྱོད་ཕྲན་ཚེགས་དང་འགྲོ་གྲོན་གཏོང་བྱེད་དུ་སྒོར་བརྒྱ་སྟོང་ཙམ་ལས་འདོད་པ་ཆེ་ཆེ་ན་བན་རྒན་འགྲོ་བའི་ནངས་མོར་ཤུལ་མི་གཙང་བྱེད་ཡིན་པས། གྲྭ་པ་བླ་མ་སྒེར་ལ་གསོག་ཉར་བྱེད་རྒྱུར་ཉུང་ན་མཛེས་པ་ཡིན། འོ་ན་ཁྱོད་རང་གི་ཐད་ནས་ཅི་འདྲ་ཞིག་ཡིན་ཞེ་ན། ང་ནི་ཆུང་ནས་ད་ལྟའི་བར་དུ་བྱ་བཏང་ཆོས་བྱེད་པ་དཀྱུས་མ་ཞིག་བྱེད་རྒྱུ་ལ་སྨོན་མཁན་ཞིག་ཡིན་ཡང་། དོན་དུ་ངས་སྔོན་མར་གསེར་རྟའི་མཁན་ཆེན་ཆོས་ཁྱབ་ཚང་ལ་ང་ནི་ཆོས་བརྒྱད་ཀྱི་དོན་གཉེར་མཁན་རྟ་ཐོག་གི་བླ་མས་བསྟན་པ་མི་ཤེས་པ་ཞིག་ཡིན་ཞེས་ཞུས་པ་ལྟར་དུ་ཡིན། འོན་ཀྱང་དུས་དང་བསྟུན་པའི་ལས་སྐལ་བསྟན་རྒྱུན་སྲོག་གིས་བསྲུངས་ནས་ལྷག་བསམ་གང་འཚམས་ཀྱི་བྱ་བ་རང་ཚོད་དང་མཐུན་པ་རེ་འགྲུབ་ནས། དེ་རིང་ཁ་རྩང་གནས་དབེན་པའི་རི་ཁྲོད་འདིར་གྲོགས་བྱ་དང་རི་དྭགས་བྱས་ནས་འཇིག་རྟེན་ཆོས་བརྒྱད་ཀྱི་བྱ་བ་ལ་ཕྱི་ཕྱག་འཚལ་བའི་འདུན་པ་དང་སྨོན་པ་བསྐྱེད་པ་ཞིག་ཡིན། རྫོགས་ཆེན་པདྨ་ཐང་འདིར་རྟེན་གཞིའི་བཞེངས་པ་རྒྱ་ཆེ་བ་རེད། དེ་དང་བསྟུན་པའི་རྟེན་རྫས་ཁྱད་པར་ཅན་ཀློང་ཆེན་སྙིང་ཐིག་གི་བསྟན་པའི་མངའ་བདག་ཀུན་མཁྱེན་འཇིགས་གླིང་གི་སྐུ་ཆས་ཀྱིས་གཙོ་བོར་བྱས་པའི། འཛམ་གླིང་གཡས་སྐོར་གཡོན་སྐོར་དུ་མར་བྱས་ཀྱང་རྙེད་དུ་མེད་པའི་རྟེན་བྱིན་ལྡན་བཞུགས་པ་འདི་དག་ཐམས་ཅད་དུས་ཕྱི་རབས་ཀྱི་སེམས་ཅན་གྱི་བསོད་ནམས་བསག་ཡུལ་དང་སྨོན་ལམ་རྒྱག་པའི་བགོ་སྐལ་དུ་བཞག་སྟེ། ང་རང་ཉིད་པདྨ་ཐང་གཞུང་གི་གཙུག་ལག་ཁང་གི་ཁོར་ཡུག་དང་བཅས་པའི་ཟུར་ཞིག་ལ་ཚེ་གཅིག་གི་ཡུན་ལ་བསམ་པའི་འཇག་མའི་སྤྱིལ་བུ་ཤིང་ཁང་ཆུང་ཆུང་སྤྱོད་ལམ་བཞི་ཤོང་ཞིག་བྱ་དགོས་ཞེས་པ་ལ། འདི་དག་གིས་ལུས་ཁམས་བདེ་སྲུང་གི་ཆེད་དུ་མ་མཐའ་ཡང་ས་རླན་འགོག་པ་དང་རླུང་ཚོགས་པ་དྲོ་བ་ཞིག་དགོས་པས་མ་ཟད་རྩྭ་འགེབ་བརྒྱབ་ན་རླུང་གིས་སྤུར་འགྲོ་བ་ལ་སོགས་པར་བཤད་ནས། ཐོག་ཏུ་རྩྭ་འགེབ་ཀྱི་ཚུལ་དུ་ས་འགེབ་ཤིང་འགེབ་ཨ་རྩེག་ཡང་རྩེག་བྱས་ནས་ལྷ་ཁང་གི་རྒྱབ་ན་ལས་ཡོད་པ་འདི་རེད། ངས་བསམ་པ་བས་བཅུ་ལོག་ཉི་ཤུ་ལོག་གིས་ཇེ་བཟང་དུ་སོང་འདུག ད་གང་ལྟར་ངས་འཇག་མའི་སྤྱིལ་བུའི་བཟོ་དབྱིབས་ཀྱི་རི་མོ་བྲིས་པ་དེ་རྩེ་འབུག་འབུག་ཅན་ཞིག་ཡིན། དེ་ལ་ཕྱིས་སུ་ཕྱོགས་བཞི་ནས་ཀྱང་རྩེ་མོ་རེ་རེ་བབ་ནས་ཡོད་པ་ལ་ངས་མིང་དུ་འདབ་དྲུག་པདྨའི་སྤྱིལ་ཆུང་ཞེས་བཏགས་ཡོད། མཚམས་རེ་སེམས་ཁམས་དྲོས་དུས་སྙན་ངག་གི་ཚིག་རྒྱན་སྦྱར་ནས་འདབ་དྲུག་པདྨའི་སྤྱིལ་ཆུང་ཟུར་བརྒྱད་འོད་གསལ་གྱི་ལྡིང་ཁང་ནས་ཞེས་རྩོམ་ཡིག་འགའ་རེའི་མཇུག་ཏུ་ཡང་འབྲི་བཞིན་ཡོད། དེ་དག་ཅི་ཞིག་གི་དོན་དུ་བཤད་པ་ཡིན་ན་བླ་སྤྲུལ་རྣམ་པས་དགེ་འདུན་འདུས་པ་མང་ཚོགས་ཀྱི་མདུན་སྣེ་འཁྲིད་དགོས་པས་གཙོ་བོའི་སྣེ་ཁྲིད་པ་དེ་ཅི་འདྲ་ཡིན་པ་དེའི་ཤུལ་དུ་གཞན་དག་འགྲོ་བ་ཞིག་ཡིན་པས་བླ་མ་གྲྭ་པས་འདོད་ཆུང་ཆོག་ཤེས་བྱེད་པ་ལས། རྙེད་པ་བཀུར་བསྟིའི་དོན་དུ་སྐུ་ཚེ་སྐྱེལ་མི་ཉན་མ་གཏོགས་སྒྲུབ་པ་ཉམས་ལེན་སོགས་མཛད་པ་རིན་ཐང་ཅན་ལ་གནོད་ཡོང་། དེ་ལས་ཀྱང་རྙེད་བཀུར་གྱི་དོན་དུ་ལོག་འཚོ་ཡི་སྒོ་ནས་གཞན་གྱི་དད་པ་ལྡོག་རྐྱེན་ལ་འགྱུར་ཡོང་དེ་ལྟར་སོང་ན་ཅི་ལ་རུང་། ང་སྔོན་མ་གཞུང་དོན་ལ་འགྲོ་སྐབས་ལྷའི་བཀའ་ཆད་དམ་འདྲེ་ཡི་བར་ཆད་གང་ཡིན་མ་ཤེས་པར་ཤི་ལ་ཐུག་པའི་རྨས་སྐྱོན་ཆེན་པོ་ཕོག་ནས་དེང་སང་དབང་པོ་སྐྱོན་ཅན་གྱི་མི་ཞིག་ལ་ལོག་ནས་ཡོད་པ་འདི་རེད། དེ་དུས་རླངས་འཁོར་དེ་བས་ཅུང་བཟང་ཞིག་ཡོད་ན་དེ་འདྲ་ཡོང་བ་མིན། དེའི་དུས་སུ་སྤྱིར་ཡུལ་ལུང་རྟེན་ཡུལ་གྱི་རྒྱལ་ཁབ་དང་བཅས་པ་འབྱོར་འཁོས་ཞན་པས་ཡིན། ལོ་ཉུང་དག་ཁྱེད་ཚོ་རབ་ཡིན་ན་བསྡད་ནས་བསྟན་པ་འཛིན་ཏེ། རང་དོན་དུ་ཐོས་བསམ་སྒོམ་གསུམ། གཞན་དོན་དུ་འཆད་རྩོད་རྩོམ་གསུམ། གཉིས་དོན་དུ་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ལྡན་པའི་དམ་པའི་ཚུལ་དགུའི་བདག་ཉིད་ཅན། གང་ན་བྱེ་བྲག་གསེར་གྱི་འཁོར་ལོ་ཡིས། །ཕྲིན་ལས་རྩིབས་སྟོང་གཡོ་བའི་འདུན་སྟེགས་དང་། །བཀའ་བབ་ཐེག་པའི་རྒྱལ་སྲིད་བདུན་ལྡན་གྱིས། །མི་གཏང་གང་ཁྱེད་ཡང་དག་འཁོར་ལོས་སྒྱུར། །ཞེས་པ་ལྟ་བུར་བྱས་ནས་འདུག་དགོས་པ་ཡིན། འོན་ཀྱང་སྐབས་ཤིག་ལ་བྱ་བ་སྣ་ཚོགས་ཀྱི་དགོས་དབང་གིས་ད་དུང་དུས་ལ་མ་བབས་པའམ་ནུས་པས་མ་འདང་བའི་སྐབས་སུ་བསྟན་དོན་ལ་ཡར་མར་འགྲོ་དགོས་ཚེ། ངའི་སྟངས་ཀ་བྱས་ནས་དོན་ཆུང་ཞིག་གི་ཆེད་དུ་རང་སྲོག་ཕར་འཕེན་མ་བྱེད། སྐུ་སྲོག་བདེ་འཇགས་ཀྱི་དོན་དུ་རླངས་འཁོར་སྲ་བ་རེ་དང་ཁ་ལོ་པ་བཟང་པོ་རེ་ཡོད་པར་གྱིས། དེ་ཡང་ཞེན་ཆགས་མེད་ན་འབུམ་རི་བའི་ཉེར་སྤྱད་འཚག་ཆོག་པ་རེད། ལྕགས་སྣ་ཁ་ཤས་ལ་ཞེན་ཆགས་ཅི་ཞིག་ཡོད། དེང་སང་རྐུན་མ་གཉིས་གསུམ་རེ་འཛིན་མཁན་དང་། ཆ་རྒྱག་གི་གོ་གཅོད་པའི་ལས་ཁུངས་ཀྱི་མི་སྣ་ཚོ་ཡང་རླངས་འཁོར་ལེགས་པོ་རེའི་ནང་ནས་འགྲོ་བཞིན་ཡོད་ན། སྡེ་སྣོད་འཛིན་པའི་བླ་སྤྲུལ་ལུང་དང་རྟོགས་པའི་ཡོན་ཏན་གྱིས་བརྒྱན་པ་ཤ་སྟག་གསེར་གྱི་རླངས་འཁོར་གྱིས་མི་ཚད་རྡོ་རྗེ་ཕ་ལམ་གྱི་འགྱོགས་བྱམས་ནང་དུ་བཞུགས་ན་ཡང་འོས་པ་ཞིག་ཡིན། ཨ་ལ་དེ་ཚོ་རྩེ་མཚར་ཡིན། སྡེ་སྣོད་འཛིན་པ་སངས་རྒྱས་ཀྱི་རྗེས་འཇུག་བསྟན་འཛིན་གྱི་སྐྱེས་བུ་ཟེར་དུས། ནང་གི་སེམས་རྒྱུད་གཙང་མ། ཕྱིའི་ཀུན་སྤྱོད་གཙང་མ། གསང་བའི་ལྟ་གྲུབ་གཙང་མ། ཉམས་ལེན་གྱི་གནད་གཙང་མ། ཐ་ན་སྲུང་མ་བསྟེན་ཕྱོགས་ཚུན་ཆད་གཙང་ཕྱེད་དེ་ཡོད་པ་རང་གི་ཆོས་རྒྱུད་ལ་སེལ་མ་ཞུགས་པ་ཕྱི་རབས་བསྟན་པའི་མིག་རྒྱན་མཛད་པ་གལ་ཆེ་བ་ནི་རང་གར་ཞོར་དུ་ཞུས་པ་ཡིན་ནོ། །དེ་ནས་བག་མེད་ཐོ་ཅོའི་སྨྱོན་སྤྱོད་དོན་མེད་ལུང་པ་འུར་གྱིས་བཀང་ནས། བརྟུལ་ཞུགས་ཀྱི་སྤྱོད་པ་མིན་ནའང་ཡིན་མདོག་སྟོན་ཁུལ་བྱེད་པའི་ཤུགས་མ་དྲགས་ཤིག གཞན་ལ་ཁྱད་དུ་བསད་ནས་མཐོ་དོགས་ཀྱིས་བརྙས་བཅོས་མ་བྱེད་ཅིག ལྟོ་རྒྱབ་གཉིས་ཀྱི་ཟ་རྒྱུ་གོན་རྒྱུ་ཞིག་གི་ཆེད་དུ་དམ་པའི་ཆོས་མི་འདོར་བ་སྟེ། འདི་ནི་ལྟོ་ཕོགས་རེ་ལ་བལྟས་ནས་ཆོས་སྤོང་གི་ལས་གསོག་མཁན་ཡོད་པ་དེ་འདྲ་ལ་གོ་ཆོག་པ་དང་། སྒོར་རྡོག་ཨེ་ལོན་གྱི་དོན་དུ་ཟབ་ཆོས་སྣོད་མིན་ལ་མ་འཚོང་ཞེས་པ་ལ་གོ་ན་ཡང་ཆོག་པ་ཡིན། ལྟོ་རྒྱབ་མིན་ཡང་སྙན་གྲགས་དང་མཐོ་འདོད་ཀྱི་ཆེད་དུ་བཙོངས་ན་ཡང་གཅིག་པ་རེད་། ཀུན་སློང་གི་ཁྱད་ཀྱིས་དགེ་སྡིག་གི་ཁྱད་པར་དང་། དགོས་པ་ཆེ་ཆུང་གིས་དགག་པ་ཡིན་མིན་སྤྱིར་ན་ཕྱེ་དགོས་པ་ཡིན། ཡང་སྒོས་སུ་མི་ཕལ་བའི་སྤྱོད་ཡུལ་ལས་འདས་པའི་སངས་རྒྱས་མི་གཟུགས་ལ་བྱོན་པའི་དམ་པའི་བཤེས་གཉེན་དེ་དག་གི་མཛད་པ་སོ་སྐྱེས་ཕལ་བའི་སྤྱོད་ཡུལ་ལས་འདས་པ་རེད། དེ་རྣམ་པའི་སྟངས་ཀ་ཕལ་བས་ག་ལ་ཤེས། སྟངས་མི་ཐོན་པར་སྟག་མཆོངས་ཤུལ་དུ་ཝ་ལུ་མ་མཆོངས་ནས་གད་ལ་ལྷུང་བ་ཡང་ཡོད་པ་རེད། དེ་ཅི་བཤད་པ་ཡིན་ཞེ་ན། སྔགས་ཀྱི་ཟབ་ཆོས་བཀའ་རྒྱ་ཅན་བསམ་གྱིས་མི་ཁྱབ་པའི་དགོངས་སྤྱོད་གབ་སྦས་ཀྱི་གསང་བ་དེ་དག་ཕལ་བའི་བློར་མི་ཤོང་བས་ན་གསང་བ་ཞེས་པ་ཡིན་ཡང་། མ་སྤེལ་ན་ཉམས་དོགས་པའི་སྐད་ཀྱིས་སྤེལ་ཆེ་ནས་ཞིབ་འཇུག་པའི་རྒྱ་སྲང་གི་ཅོག་ཙེའི་ཐོག་ཡན་དུ་ཐོན་ཏེ། དེ་དག་གིས་བསྟན་པ་ལ་ནག་ཐིག་བརྒྱབ་པའི་དཔྱད་རྩོམ་འདྲ་མིན་འབྲི་བཞིན་ཡོད་པ་དང་། ང་ཚོས་རྫོགས་ཆེན་གྱི་ཁྲིད་རེ་འཆད་དུས་སེམས་ཁྲིད་ཞུ་མྱོང་མཁན་ཡིན་ཡང་འབུམ་ལྔ་བསགས་ནས་ཉམས་ལེན་ལོ་གསུམ་ལ་མ་བྱས་ཚེ། ཁྲིད་འཆད་པའི་གྲས་སུ་མི་ཚུད་པས་ཐོན་མ་ཡོང་ཟེར་ནས་ཁ་རིན་རྩིས་པ་ལྟ་བུ་ཡོད་ཀྱང་། མི་རིགས་གཞན་གྱི་ཡིག་རིགས་དག་ལ་མ་དག་པ་རེའི་ཐོག་ནས་འུ་ཚོའི་སྔས་འགོའི་གླེགས་བམ་ཞལ་ཕྱེ་མི་ཕོད་འདུག་པ་དག་གི་ཚིག་རེ་ཟུང་དྲངས་ནས་ཁ་དཀྱུ་རྔོག་རྡེབ་ཚུར་བྱེད་ཡོང་དུས་མཚམས་རེ་ཚིག་ངན་ཡང་སྦྱིན་དགོས་ཐུག་འདུག ངས་དུས་རྒྱུན་ཟེར་བཞིན་པའི་སྐད་གཉིས་དང་སྐད་གསུམ་སྨྲ་བ་ཡིན་ན་ཚུར་སྒྱུར་ཤོག་སྔར་གྱི་ལོ་པཎ་བཀའ་དྲིན་ཅན་དག་གིས་འགྱུར་སྔ་ཕྱི་ཚང་མ་ཚུར་བསྒྱུར་བྱས་པ་ལས་ཕར་བཙོངས་མེད། བོད་དུ་མ་འགྱུར་བའི་བཀའ་དང་བསྟན་བཅོས་ཅི་འདྲའི་ཡོད་འདུག དེ་མིན་ཡང་འཕྲུལ་འཁོར་གྱི་ཤེས་རིག་དང་གློག་འཕྲུལ་གྱི་ལག་ལེན་སྐོར་འདི་དག་སྒྱུར་ཤོག་དང་ས་ཆ་རེ་ལ་སྨན་ཁང་དང་སློབ་གྲྭ་རེ་བན་རྒན་རེའི་ཨེ་ཚུགས་ལྟ་ཁུལ་བྱེད་པ་ལས་དགའ་བ་ཡིན། རང་རིགས་ལ་མཁོ་ཞིང་རན་པ་ཡང་དེ་ཡིན་ཏེ། དེང་སང་བོད་འདི་དཔལ་འབྱོར་རྗེས་ལུས་ཀྱི་གནས་སུ་ལྷུང་རྐྱེན་དེ་བཟོ་འཕྲུལ་རིག་གནས་ཚོང་དོན་གྱི་སྐོར་མ་ཤེས་པས་ཡིན་པ་རེད། གཞན་ཡང་གནམ་རིག་དང་ས་ཁམས་རིག་པ། ཚན་རིག་གི་སྐོར་འདི་དག་ཤེས་ནས་ནང་རིག་པའི་རིག་གཞུང་དང་བསྡུར་ནས་ར་སྦྲག་ན་དེ་དང་འབྲེལ་བའི་ཐོག་གི་བདེན་དོན་དམ་པའི་ཆོས་དང་འབྲེལ་བ་རེ་བཤད་ན་སངས་རྒྱས་ཀྱི་བསྟན་པ་ལ་མ་དད་པ་མང་པོ་དད་པའི་གནས་ལ་བཀོད་པའི་ཕན་པ་ཆེན་པོ་ཡོད་འདུག་སྙམ། དེ་ནས་རྒྱུ་འབྲས་ཟབ་མོའི་རྟེན་འབྲེལ་ཁྱད་དུ་བསད་པ་དགེ་སྡིག་གི་འབྲས་བུ་བདེ་སྡུག་མེད་ཅེས་ཁྱད་དུ་མི་གསོད་པ་སྟེ། དེ་འདྲའི་ཆོས་དྲུག་དང་ལྡན་ན་སྐྱེས་བུ་དམ་པར་འགྱུར་བ་ཡིན་ནོ།།

༨༣ ཆོས་བྱེད་རྣམས་ཀྱི་བྱ་བ་རྣམ་དྲུག་བསྟན་པ།

ཆོས་བྱེད་རྣམས་ཀྱི་བྱ་བ་རྣམ་དྲུག་ནི།།

བླ་མ་ཡི་དམ་མཁའ་འགྲོ་གཙུག་གིས་འཁུར།།

སྒོ་གསུམ་དགེ་བ་བྱང་ཆུབ་ལམ་དུ་བསྒྱུར།།

ངར་འཛིན་བདེན་ཞེན་རྟག་འཛིན་ལིངས་ཀྱིས་བསྐྱུར།།

ཚེ་འདིའི་བློ་སྣ་སྐྱེས་ཚད་འབུར་འཇོམས་གྱིས།།

ཉོན་མོངས་དུག་ལྔ་གཉེན་པོས་ཡུལ་ནས་ཕྱུང༌།།

ཐོས་བསམ་སྒོམ་པའི་ནོར་རྫས་རྒྱུད་ལ་བསྟེན།།

དེ་ཡིས་རང་གཞན་འབྱོར་པ་ཉེ་བར་སྐྱེ།།

ཞེས་གསུངས་པ་སྟེ། ཆོས་བྱེད་རྣམས་ཀྱི་བྱ་བ་རྣམ་དྲུག་ནི། བྱིན་རླབས་ཀྱི་རྩ་བ་བླ་མ། དངོས་གྲུབ་ཀྱི་རྩ་བ་ཡི་དམ། ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་གསུམ་པོ་གཙུག་གིས་བཀུར་བ་སྟེ། དེ་ཡང་རྒྱ་གར་པས་ཆུའི་བུམ་པ་དང་ཅ་ལག་ཁུར་བ་ལྟར་དུ་དུས་རྒྱུན་དུ་མགོ་ཐོག་ཏུ་འཁུར་དགོས་ཞེས་པའི་དོན་མིན་པར། ཡན་ལག་གི་དྭངས་མ་མགོ་སྤྱི་བོའི་གཙུག་ཏུ་བཞག་པ་སྟེ་གོང་ནའམ་བླ་ན་བཀུར་བའི་དོན་ཡིན། སྒོ་གསུམ་གྱིས་དགེ་བ་བསགས་ཚད་དེ་ཡོངས་སུ་བསྔོ་བས་བྱང་ཆུབ་ཆེན་པོའི་ལམ་དུ་བསྒྱུར་བ་དང་། ངར་འཛིན་དང་བདེན་ཞེན་གྱི་བློ་རྟག་འཛིན་ཐམས་ཅད་ལིངས་ཀྱིས་བསྐྱུར་ནས། ཚེ་འདིའི་བདེ་སྐྱིད་སྙན་གྲགས་ལ་སོགས་པའི་བློ་སྣ་སྐྱེས་ཚད་འབུར་འཇོམས་བྱས་ཏེ་མགོ་འབུར་དུ་མི་འཇུག་པར་བཅོམ་པ་དང་། ཉོན་མོངས་དུག་ལྔ་ལ་རང་རང་གི་གཉེན་པོ་བསྟེན་ནས་ཕྱོགས་དེར་འདུག་དུ་མ་འཇུག་པར་ཡུལ་ནས་འབྱིན་པར་བྱེད་པ་དང་། ཐོས་བསམ་སྒོམ་པ་དེ་བྱང་ཆུབ་སྒྲུབ་པ་ལ་མེད་དུ་མི་རུང་བའི་ནོར་རྫས་ཡིན་པས་རྒྱུད་ལ་བསྟེན་པ་སྟེ། དེ་ལྟར་བྱས་ན་རང་གཞན་འདི་དང་ཕྱི་མའི་གནས་སྐབས་ལ་འབྱོར་ཞིང་བདེ་བ་ཕུན་སུམ་ཚོགས་པ་ཉེ་བར་སྐྱེ་བ་ཡིན་ནོ།།

༨༤ ཉམས་སུ་ལེན་དུས་དགོས་པའི་ཆོས་དྲུག་བསྟན་པ།

ཉམས་སུ་ལེན་དུས་དགོས་པའི་ཆོས་དྲུག་ནི།།

མྱུར་དུ་འཆི་ངེས་ཆོས་མིན་འདོར་དགོས་ཤིང༌།།

བཏང་སྙོམས་འབྱུང་ཉེ་སྙོམ་ལས་མེད་པ་དགོས།།

བརྩོན་འགྲུས་འཆོར་རྐྱེན་གཉེན་པོ་བསྟེན་དགོས་ཤིང༌།།

དད་གུས་ལོག་སླ་གོ་འདྲིས་མ་ཁྱེར་དགོས།།

འཁྲུལ་སྣང་བཅད་དཀའ་བདེན་མེད་ཤེས་དགོས་ཤིང༌།།

ལོག་སྤྱོད་འགོ་སླ་མི་དང་མི་འགྲོགས་དགོས།།

ཞེས་གསུངས་པ་སྟེ། ཉམས་སུ་ལེན་པའི་དུས་སུ་དགོས་པའི་ཆོས་དྲུག་ནི། སྐྱེས་བུའི་ཚེ་ལ་རྟག་པ་ཡོད་པ་མ་ཡིན་པར་མྱུར་དུ་འཆི་ངེས་པས་ཆོས་མིན་གྱི་བྱ་བ་འདོར་དགོས་མ་གཏོགས་ཕྱི་མའི་སྐབས་སུ་རྣམ་སྨིན་ཡིད་དུ་མི་འོང་བ་མྱོང་ངེས་པ་དང་། དགེ་སྡིག་གཉིས་སུ་མི་གཏོགས་པའི་བཏང་སྙོམས་ཡལ་ལེ་ཡོལ་ལེའི་ངང་ནས་མི་ཚེ་ཤོར་བ་ཡིན་པས་སྙོམ་ལས་མེད་པར་བྱེད་དགོས་པ་དང་། བརྩོན་འགྲུས་ལ་ཐང་ལྷོད་ཤོར་ན་དམ་ཆོས་མི་འགྲུབ་པར་དལ་རྟེན་ཆུད་ཟོས་སུ་འགྱུར་ངེས་པས་གཉེན་པོ་བསྟེན་ནས་བརྩོན་འགྲུས་ཆུ་བོའི་རྒྱུན་དང་འདྲ་བར་རྒྱུན་ཆད་མེད་པར་གལ་ཆེ་སྟེ། འཇིག་རྟེན་ཁམས་ཀྱི་མི་རྣམས་ལ་རང་རང་འོས་ཐོབ་ཀྱི་བྱ་བ། ལ་ལས་ཁྱིམ་བཟའ་ཚང་གི་ཁ་གསོ་རྒྱབ་འགེབས་བྱེད་བཞིན་ཡོད་པ་དང་། འགའ་རེས་སྡེ་བའི་སྤྱི་ཆོས་སྒྲུབ་བཞིན་ཡོད་པ་ཡིན། གྲྭ་པ་སེར་མོ་པ་ཞིག་ལ་མཚོན་ན་ཆོས་བསྒྲུབ་དགོས་ཏེ། དམ་པའི་ཆོས་འཛིན་པ་ནི་དེ་ཡི་ལས་འགན་ཡིན་པའི་ཕྱིར། ཆོས་བསྒྲུབས་ནས་ཅི་བྱེད་དགོས་ཟེར་ན། ཆོས་བསྒྲུབས་ནས་རང་གཞན་ཐར་བ་དང་ཐམས་ཅད་མཁྱེན་པར་འགོད་དགོས་པས་འགན་ཆེ་བ་ཡིན། སྡེ་སེམས་ཅན་གྱིས་བློ་གཏད་བཅོལ་ཡོད་པ་ཡིན། མདོ་སྡེ་རྒྱན་ལས། སེམས་ཅན་ཁུར་ཆེན་མགོ་ལ་ཁྱེར་བ་ཡིས། །སེམས་དཔའ་མཆོག་རྣམས་དལ་གྱིས་འགྲོ་མི་མཛེས། །བདག་གཞན་འཆིང་བ་སྣ་ཚོགས་རབ་བཅིངས་པས། །བརྩོན་འགྲུས་བརྒྱ་འགྱུར་དུ་ནི་བྱ་བའི་རིགས། །ཞེས་གསུངས་པས། སྐད་ཅིག་ཙམ་ལ་ཡང་དུས་ཚོད་སྟོང་ཟད་དུ་མི་གཏང་བར་ཉམས་ལེན་ལ་བརྩོན་དགོས་སོ། །དད་གུས་རེས་ཡོད་ལ་རེས་མེད་པ་དེ་ཀུན་རྟོག་སྣ་རེ་སྐྱེ་ཚུལ་གྱིས་ཀྱང་འགྱུར་ནས་ལོག་སླ་བ་ཡིན་པས་ཆོས་དང་བླ་མ་གང་ཡིན་ཡང་གོ་མྱོང་འདྲིས་མྱོང་གི་སླད་ཀྱིས་མ་ཁྱེར་བ་ཞིག་དགོས་པ་དང་། འཁྲུལ་སྣང་ཐོག་མེད་ནས་གོམས་པ་དེ་གཅད་པར་དཀའ་བ་ཡིན་པས་ན་བདེན་མེད་སྒྱུ་མའི་རང་བཞིན་ལ་བློ་སྦྱངས་ནས་ཤེས་པར་བྱ་དགོས་ཤིང༌། ལོག་པའི་སྤྱོད་པ་སྐྱོན་ངན་གྱི་རིགས་དེ་འགོས་ནད་བཞིན་དུ་འགོ་སླ་བས་ཆོས་མཐུན་གྱི་གྲོགས་ཚངས་པ་མཚུངས་པར་སྤྱོད་པ་དག་ལས་གཞན་པའི་མི་དང་མི་འགྲོགས་པར་གཅིག་པུར་སྡོད་དགོས་སོ།།

༨༥ ནང་པའི་ཁོངས་ཆུད་སྐྱབས་འགྲོ་རྣམ་དྲུག་བསྟན་པ།

ནང་པའི་ཁོངས་ཆུད་སྐྱབས་འགྲོ་རྣམ་དྲུག་ནི།།

སངས་རྒྱས་སྐུ་གསུམ་བསྒྲུབ་བྱར་སྐྱབས་འགྲོ་ཞིང༌།།

ཐེག་གསུམ་ཆོས་ལ་ལམ་དུ་སྐྱབས་སུ་འགྲོ།།

ཉན་རང་བྱང་སེམས་གྲོགས་སུ་སྐྱབས་འགྲོ་ཞིང༌།།

མཁས་གྲུབ་བླ་མ་བསྟེན་པར་སྐྱབས་སུ་འགྲོ།།

ཡི་དམ་ལྷ་ཚོགས་དངོས་གྲུབ་སྐྱབས་འགྲོ་ཞིང༌།།

ཡེ་ཤེས་མཁའ་འགྲོ་བྱིན་རླབས་སྐྱབས་འགྲོ་བ།།

འདི་དག་དང་པོར་སྔོན་འགྲོའི་ཆོས་ལ་གཅེས།།

ཞེས་གསུངས་པ་སྟེ། ནང་པའི་ཁོངས་ཆུད་སྐྱབས་འགྲོ་རྣམ་དྲུག་ནི། སྟོན་པ་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་ལ་བསྒྲུབ་པར་བྱ་བའམ་འཐོབ་པར་བྱ་བར་སྐྱབས་སུ་འགྲོ་ཞིང༌། ཐེག་པ་གསུམ་གྱི་ཆོས་ལ་ལམ་དུ་སྐྱབས་སུ་འགྲོ་བ་དང་། ཉན་རང་བྱང་སེམས་ལ་ལམ་གྱི་གྲོགས་སུ་སྐྱབས་སུ་འགྲོ་བ་དང་། མཁས་ཤིང་གྲུབ་བརྙེས་བྱིན་རླབས་ཀྱི་བརྒྱུད་པ་མ་ཆད་པའི་བླ་མ་དེ་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོའམ་དཀོན་མཆོག་བཞི་བའི་ཚུལ་དུ་བསྟེན་ནས་སྐྱབས་སུ་འགྲོ་བ་དང་། ཡི་དམ་ལྷ་ཚོགས་རྣམས་དངོས་གྲུབ་འབྱུང་བའི་གནས་སུ་བཟུང་ནས་སྐྱབས་སུ་འགྲོ་བ་དང་། ཡེ་ཤེས་མཁའ་འགྲོ་བྱིན་རླབས་དང་ཕྲིན་ལས་ཀྱི་རྟེན་དུ་སྐྱབས་སུ་འགྲོ་བ་སྟེ། འདི་དག་དང་པོར་ཆོས་སྒོར་ཞུགས་དུས་མེད་ན་ཐབས་མེད་ཡིན་ཏེ། སྐྱབས་གསུམ་མེད་ན་ནང་པའི་གྲལ་དུ་མི་ཚུད་པ་དང་། ནང་པའི་གྲལ་དུ་མ་ཚུད་ན་ངེས་འབྱུང་མེད་ལ། ངེས་འབྱུང་མེད་ན་སོ་ཐར་གྱི་སྡོམ་པ་མི་ཐོབ་པ་དང་། དེ་མེད་ན་བྱང་ཆུབ་ཀྱི་སེམས་སྐྱེ་བ་མིན་ལ། བྱུང་ཆུབ་ཀྱི་སེམས་མེད་ན་བྱང་ཆུབ་སེམས་སྡོམ་མི་ཐོབ་པ་དང་། རྩ་གསུམ་ལ་མ་བརྟེན་ན་སྔགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐོབ་པ་མིན་པ་དེས་ན་དང་པོ་སྔོན་འགྲོའི་ཆོས་ལ་འདི་དག་གཅེས་སོ།།

༨༦ དད་ཅན་རྣམས་ཀྱི་ངོ་ཤེས་རྣམ་དྲུག་བསྟན་པ།

དད་ཅན་རྣམས་ཀྱི་ངོ་ཤེས་རྣམ་དྲུག་ནི།།

འགྲོ་ངོ་ཤེས་པས་རང་དོན་ཆོས་སུ་ཆུག།

འབོར་ངོ་ཤེས་པས་འཁྲུལ་སྣང་ཞེན་ཆགས་སྐྱུངས།།

ཉན་ངོ་ཤེས་པས་བླ་མའི་གདམས་ངག་ཉོན།།

སྤོང་ངོ་ཤེས་པས་སྒོ་གསུམ་སྡིག་པ་སྤོངས།།

སྤྱོད་ངོ་ཤེས་པས་ཟབ་དོན་ཆོས་ལ་སྤྱོད།།

ལྟ་ངོ་ཤེས་པས་སེམས་ཉིད་དོན་ལ་ལྟོས།།

དེ་ལྟར་བྱས་ན་ཡང་དག་དོན་ལ་ཉེ།།

ཞེས་གསུངས་པ་སྟེ། དད་ཅན་རྣམས་ཀྱི་ངོ་ཤེས་རྣམ་དྲུག་ནི། གནད་ཐོག་ཏུ་འགྲོ་ངེས་པ་ཅན་གྱི་རང་དོན་ཡིན་ཤག་ཤག་ནི། དམ་པའི་ཆོས་ཡིན་པས་བློ་སྣ་ཆོས་ཀྱི་ཕྱོགས་སུ་འགྲོ་རུ་འཇུག་པ་དང་། འབོར་དགོས་ངེས་པ་དེ་འཁྲུལ་སྣང་ཡིན་པས་དེའི་ཞེན་ཆགས་སྐྱུང་བའམ་བསྐྱུར་དགོས་ལ། ཉན་ན་དོན་ཡོད་པ་ནི་བླ་མའི་གདམས་ངག་ཡིན་པས་དེ་ཐོས་པར་བྱེད་ཅིང་། སྤངས་ན་དོན་ཡོད་པ་སྒོ་གསུམ་གྱི་སྡིག་པ་ཡིན་པས་དེ་སྤངས་པར་བྱས་ནས། སྤྱོད་ན་དོན་ཡོད་པ་ནི་ཟབ་དོན་ཡིན་པས་ཆོས་ལ་སྤྱོད་དགོས་པ་དང་། ལྟ་ངོ་ཤེས་པས་སེམས་ཉིད་དོན་ལ་ལྟ་བར་བྱེད་པ་སྟེ། དེ་ལྟར་བྱས་ན་ཡང་དག་གི་དོན་ལ་ཉེ་ནས་ཐར་ལམ་རྙེད་པ་ཡིན་ནོ།།

༨༧ སྐལ་བཟང་རྣམས་ཀྱི་གོམས་པའི་ཆོས་དྲུག་བསྟན་པ།

སྐལ་བཟང་རྣམས་ཀྱི་གོམས་པའི་གནད་དྲུག་ནི།།

གནས་ལུགས་བྱར་མེད་ཡིན་གྱིས་སྤྲོས་མེད་གནད།།

སྒོམ་པ་འོད་གསལ་ཡིན་གྱིས་ཡེངས་མེད་གནད།།

སྤྱོད་པ་སྒྱུ་མ་ཡིན་གྱིས་བདེན་མེད་གནད།།

འབྲས་བུ་ལྷུན་གྲུབ་ཡིན་གྱིས་རང་ཆས་གནད།།

རྐྱེན་ངན་རང་གྲོལ་ཡིན་གྱིས་འཛིན་མེད་གནད།།

བདེ་སྡུག་རང་སེམས་ཡིན་གྱིས་རྩལ་སྦྱོང་གནད།།

དེ་དང་ལྡན་ན་མ་བྱས་དོན་ཀུན་འགྲུབ།།

ཅེས་གསུངས་པ་སྟེ། སྐལ་བཟང་རྣམས་ཀྱི་གོམས་པའི་གནད་དྲུག་ནི། གནས་ལུགས་ཁོ་རང་བྱར་མེད་ཡིན་པས་དེ་ལ་བྱ་བ་མེད་པར་བྱེད་པའི་གནད་དེ་གནད་དང་པོ་ཡིན་པ་དང་། སྒོམ་པ་འོད་གསལ་ཡིན་པས་དེ་ལ་བཏང་བཞག་དང་བྲལ་བའི་ཡེངས་བ་མེད་པ་དེ་གནད་གཉིས་པ་ཡིན། སྤྱོད་པ་གང་ཤར་རང་སར་གྲོལ་བ་སྒྱུ་མ་ལྟ་བུ་ཡིན་པས་བདེན་མེད་ཀྱི་རྩལ་སྦྱོང་བའི་གནད་གསུམ་པ་དང་། འབྲས་བུ་གཞན་བྱུང་མ་ཡིན་པ་ལྷུན་གྲུབ་གཞན་ནས་འཚོལ་མི་དགོས་པའི་རང་ཆས་ཀྱི་གནད་དེ་བཞི་བ་དང་། རྐྱེན་ངན་གང་བྱུང་རང་གྲོལ་ཡིན་པས་དེ་ལ་འཛིན་མེད་ཀྱི་གནད་དང་ལྡན་པ་ལྔ་བ་དང་། བདེ་སྡུག་ཐམས་ཅད་རང་སེམས་ཀྱི་འཆར་སྣང་ཡིན་པས་རྩལ་སྦྱོང་གི་གནད་དེ་དྲུག་པོ་འདི་དག་དང་ལྡན་ན་གཞན་ཅི་ཡང་མེད་ཀྱང་ཆོག་པས་མ་བྱས་དོན་ཀུན་འགྲུབ་པ་ཡིན་ནོ། །འདི་དག་ནི་ལམ་གོང་མའི་སྐབས་ཀྱི་ཉམས་མྱོང་ཅི་རིགས་པ་ཡོད་པའི་རྟོགས་པ་མཆོག་ལྡན་གྱི་རིགས་མིན་ན་ལས་དང་པོ་པ་ལ་མཚོན་ན་སྨོན་པའི་ཡུལ་ཡིན་ནོ།།

༨༨ རིགས་པ་དྲུག་གི་རང་ལ་གྲོས་འདེབས་བསྟན་པ།

རིགས་པ་དྲུག་གིས་རང་ལ་གྲོས་འདེབས་ནི།།

ཚེ་ལ་ངེས་མེད་བརྩོན་འགྲུས་བརྩམ་པར་རིགས།།

འཁོར་བའི་སྡུག་བསྔལ་སྐྱོ་བ་སྐྱེ་བར་རིགས།།

འགྲོ་དྲུག་ཚད་མེད་སྙིང་རྗེས་སྐྱོང་བར་རིགས།།

བླ་མའི་མོས་གུས་རྒྱུན་ཆད་མེད་པར་རིགས།།

ཟབ་མོའི་གདམས་ངག་ཉམས་སུ་བླངས་པར་རིགས།།

རང་ངོ་ཤེས་དུས་དབེན་པ་བསྟེན་པར་རིགས།།

རིགས་པའི་རྗེས་འགྲོ་སྐྱེས་བུའི་མཆོག་རབ་ཡིན།།

ཞེས་གསུངས་པ་སྟེ། རིགས་ཤིང་འོས་པའི་ཆོས་དྲུག་གིས་གྲོས་རང་ལ་འདེབས་པ་ནི། ཚེ་ལ་ངེས་པ་མེད་པས་མགྱོགས་པོར་འཆི་བའམ། ནད་དང་ན་ཚ་བྱུང་བའམ། རང་དབང་མེད་པར་གྱུར་པ་སོགས། ཕྱི་དང་ནང་གི་རྐྱེན་གྱིས་མི་ཁོམ་པ་སོགས་ཆོས་སྒྲུབ་པའི་འགལ་རྐྱེན་མང་བས་ཕྱིར་བཤོལ་མི་བྱ་བར་བརྩོན་འགྲུས་བརྩམ་པར་རིགས་པ་དང་། རང་གཞན་གཉིས་ཀས་འཁོར་བའི་སྡུག་བསྔལ་འདི་ལྟར་མྱོང་བཞིན་ཡོད་པས་སྐྱོ་བ་ངེས་པར་དུ་སྐྱེ་བ་རིགས་པ་དང་། སྙིང་རྗེ་མེད་ན་ཐེག་ཆེན་གྱི་ཆོས་སྒྲུབ་ཐབས་མེད་པ་དང་། འགྲོ་དྲུག་སེམས་ཅན་ཐམས་ཅད་ཕ་མ་ཡིན་པས་དེ་དག་ཚད་མེད་སྙིང་རྗེས་སྐྱོང་བར་འོས་ཤིང་རིགས་པ་ཡིན་པ་དང་། ལམ་གྱི་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་ཡིན་པས་བླ་མ་ལ་མོས་གུས་རྒྱུན་ཆད་མེད་པ་བྱེད་པ་རིགས་པ་དང་། ཟབ་མོའི་གདམས་ངག་ཐོབ་པར་དཀའ་བ་ཡིན་པས་ད་ལྟ་ཐོབ་པའི་ཚེ་ཉམས་སུ་བླང་བར་འོས་ཤིང་རིགས་པ་དང་། རང་ངོ་ཤེས་ནས་རང་རིག་དོན་གྱི་འོད་གསལ་གྱི་ངོ་འཕྲོད་དུས་བསྒོམ་དགོས་པས་སྒོམ་ཡུལ་དབེན་པ་བསྟེན་པར་རིགས་ཤིང་འོས་པ་ཡིན་པ་སྟེ། དེ་ལྟ་བུའི་རིགས་ཤིང་འཐད་པ་བྱེད་འོས་པའི་དོན་དྲུག་བྱེད་པ་ནི་སྐྱེས་བུའི་མཆོག་ཡིན་པས་མ་ཚད་དེ་ལས་ཀྱང་རབ་ཡིན་ནོ།།

༨༩ ཐེག་པའི་དོན་འདུས་ཤེས་པའི་ཆོས་དྲུག་བསྟན་པ།

ཐེག་པའི་དོན་འདུས་ཤེས་པའི་ཆོས་དྲུག་ནི།།

ཉོན་མོངས་རང་ག་ཐ་མལ་སྐྱོན་ཤེས་དགོས།།

ཉོན་མོངས་སྤོང་བ་ཉན་རང་ལམ་ཤེས་དགོས།།

ཉོན་མོངས་སྦྱོང་བ་རྒྱལ་སྲས་ལམ་ཤེས་དགོས།།

ཉོན་མོངས་བསྒྱུར་བ་གསང་སྔགས་ལམ་ཤེས་དགོས།།

རང་བཞིན་ཡོངས་ཤེས་རང་བྱུང་ཡེ་ཤེས་དགོས།།

བླང་དོར་གྲོལ་བྱ་བཙལ་མེད་ཤེས་པ་དགོས།།

དེ་དག་ལྡན་ན་ཉོན་མོངས་གོས་པ་མེད།།

ཅེས་གསུངས་པ་སྟེ། འདི་དྲུག་ཤེས་ན་ཐེག་པའི་དོན་འདུས་པའི་ཆོས་དྲུག་ནི། ཉོན་མོངས་རང་ག་བ་ཐ་མལ་ནི་སྐྱོན་དང་ལྡན་པ་ཡིན་པས་གནོད་པར་བྱེད་པའི་བདག་ཉིད་ཅན་དུ་ཤེས་པར་བྱ་དགོས་པ་དང་། དེ་བཞིན་དུ་ཉོན་མོངས་པར་གཉེན་པོ་བསྟེན་ནས་སྤོང་བར་བྱེད་པ་ཉན་རང་གི་ལམ་དང་། ཉོན་མོངས་པ་ཐབས་དང་ཤེས་རབ་ཀྱིས་སྦྱོང་བ་རྒྱལ་སྲས་བྱང་སེམས་ཀྱི་ལམ་དང་། ཉོན་མོངས་པ་ཡེ་ཤེས་སུ་བསྒྱུར་བ་གསང་སྔགས་སྤྱིའི་ལམ་དང་། ཉོན་མོངས་པའི་རང་བཞིན་ཡོངས་སུ་ཤེས་ཏེ་རང་བྱུང་གི་ཡེ་ཤེས་ཀྱི་ངང་དུ་གྲོལ་བ་ཐུན་མིན་ཨ་ཏིའི་ལུགས་དང་། ཉོན་མོངས་པ་བླང་དོར་དང་གྲོལ་བྱ་བཙལ་དུ་མེད་པའི་ཆོས་ཉིད་གཅིག་གི་ངང་དུ་ལ་བཟླ་བ་དེ་ཤིན་ཏུ་ཐེག་རྩེ་མན་ངག་སྡེའི་ལུགས་སྟེ་དེ་དག་ཤེས་པར་བྱ་དགོས་ཏེ། ཤེས་ནས་ལྡན་ན་ཉོན་མོངས་པས་གོས་པ་མེད་པའི་ཕྱིར་རོ།།

༩༠ ཆོས་བྱེད་རྣམས་ཀྱི་བློ་སྣ་རྣམ་དྲུག་བསྟན་པ།

ཆོས་བྱེད་རྣམས་ཀྱི་བློ་སྣ་རྣམ་དྲུག་ནི།།

འཁོར་བའི་མཚང་རྟོགས་ངན་པའི་སྐྱོན་འཚོལ་འདྲ།།

དེ་ལས་འབྲོས་བློ་དམག་མི་རུ་ལོག་འདྲ།།

ཕྱིར་མི་བཟློག་བློ་ཝ་མོ་གལ་ཐར་འདྲ།།

འཁོར་བ་སྤང་བློ་རྗེ་ངན་འཁོར་གཡོག་འདྲ།།

འཁྱམས་ཀྱིས་དོགས་བློ་ལམ་ངན་ས་འཚོལ་འདྲ།།

འཁོར་བ་གྲོལ་བློ་ཆབ་རོམ་ཆུར་ཞུ་འདྲ།།

ཞེས་གསུངས་པ་སྟེ། ཆོས་བྱེད་རྣམས་ཀྱི་བློ་སྣ་རྣམ་དྲུག་ནི། ངན་པའི་སྐྱོན་འཚོལ་ཚེ་བརྗོད་ཀྱིས་མི་ལང་བ་ཞིག་ཡོད་པ་དང་འདྲ་བར། འཁོར་བའི་མཚང་ལ་བརྟགས་ནས་བསམ་གྱིས་མི་ཁྱབ་པའི་ཉེས་དམིགས་རྣམས་རྟོགས་པར་བྱེད་པ་དང་། སྐྱོན་ཅན་གྱི་འཁོར་བ་དེའི་ནང་ནས་ཁ་ཕྱིར་བལྟས་མི་བྱེད་པར་འབྲོས་དགོས་སྙམ་པའི་བློ་དེ་དམག་མི་རུ་ལོག་པ་སྟེ་དམག་དཔུང་དམག་གི་རུ་ས་ནས་ཕམ་སྟེ་ཕྱིར་བྲོས་ན་ཅི་ཐར་གང་ཐར་བྱེད་པ་ལས་འདེང་གཞན་པ་མེད་པ་དང་འདྲ་བར་བྱེད་པ་དང་། འཁོར་བ་ལ་ཕྱིར་བལྟས་མི་ཤོར་བ་ཝ་མོ་གལ་ལམ་རྙི་ལས་ཐར་དུས་ཕྱིས་སུ་རྙི་ལ་མི་འཛུལ་བ་དང་འདྲ་བར་བྱེད་པ་དང་། རྗེ་ངན་པའི་དམངས་སུ་འདུག་པ་དང་གཅིག རྫ་རི་གཟར་གྱི་རྦབ་འོག་ཏུ་འདུག་པ་དང་གཉིས། ཁྱིམ་བཟའ་བ་ངན་པའི་དབང་འོག་ཏུ་འདུག་པ་དང་གསུམ་ནི། མི་སྐྱིད་སྡུག་གི་གཞི་མ་རྣམ་གསུམ་ཡིན་པས་འཁོར་བ་སྤང་བ་ལ་བྲེལ་ལང་བ་རྗེ་ངན་གྱི་འཁོར་གཡོག་དང་འདྲ་བར་ལྟ་བ་དང་། ལམ་ནོར་ནས་ཕྱིར་འཁོར་བའི་གནས་སུ་འཁྱམ་གྱིས་དོགས་པའི་བློ་ནི་ལམ་ངན་འགྲོ་མི་བདེ་ས་ནས། གང་ནས་སོང་ན་ཁད་བདེ་བར་ལྟ་ཞིང་འཚོལ་བ་དང་འདྲ་བར་བྱེད་པ་དང་། འཁོར་བ་གྲོལ་བློ་སྟེ་རྣམ་པར་གྲོལ་བ་ནི་ཆབ་རོམ་ཆུར་ཞུ་འདྲ་བའི་བློ་དང་འདྲ་བའམ། ཡང་ན་ཆབ་རོམ་ཆུ་ལ་བཞུ་བའི་དོན་གཉེར་ལྟར་དུ་རྣམ་རྟོག་ཡེ་ཤེས་སུ་གྲོལ་བས་འཁོར་བ་སྤངས་ནས་ཐར་བ་ཐོབ་པ་ལ་དོན་གཉེར་གྱི་བློ་ཡོད་པ་སྟེ། དེ་དག་ནི་ཆོས་བྱེད་རྣམས་ཀྱི་བློ་སྣ་རྣམ་དྲུག་ཡིན་ནོ།།

༩༡ རྒྱུད་ལ་ཆོས་སྦྱོར་བློ་སྣ་རྣམ་དྲུག་བསྟན་པ།

རྒྱུད་ལ་ཆོས་སྦྱོར་བློ་སྣ་རྣམ་དྲུག་ནི།།

འཛིན་བློ་སྦྲང་མ་སྦྲང་རྩིར་འབྱར་བ་འདྲ།།

བསམ་བློ་ས་རྡོའི་ནང་ནས་གསེར་འཚོལ་འདྲ།།

རྟོགས་བློ་གསེར་སྦྲམ་ལག་ཏུ་ཐོབ་པ་འདྲ།།

འདྲིས་པར་བསྒོམ་བློ་ཕྱི་དོར་བྱེད་འདྲ་དང༌།།

ཡོན་ཏན་འཕེལ་བློ་དེ་ལ་རྒྱན་དུ་བྱེད།།

མངོན་དུ་གྱུར་བློ་འདོད་དགུ་འབྱུང་འདྲའོ།།

ཞེས་གསུངས་པ་སྟེ། རང་རྒྱུད་ལ་ཆོས་སྦྱོར་བའི་བློ་སྣ་རྣམ་པ་དྲུག་ནི། རང་རྒྱུད་ལ་ཆོས་སྦྱར་ནས་འཛིན་པའི་བློ་ནི་སྦྲང་མ་སྦྲང་རྩིར་འབྱར་བ་དང་འདྲ་བར་འགོག་ཏུ་མེད་པ་དང་། ནན་ཏན་ཆོས་ལ་བསམ་པའི་བློ་ནི་ས་རྡོའི་ནང་ནས་གསེར་འཚོལ་བ་དང་འདྲ་བར་དོན་གཉེར་བརྩོན་པ་ཞིབ་ཚགས་ཅན་དང་། རྟོགས་པའི་བློ་དེ་གསེར་གྱི་མཆོག་ས་ལེ་སྦྲམ་ལག་ཏུ་ཐོབ་ནས་འཚེངས་པ་དང་འདྲ་བ་དང་། ཆོས་རང་རྒྱུད་ལ་འདྲིས་པ་ནི་གསེར་སྦྲམ་རྙེད་ནས་དེ་ལ་བྱི་དོར་བྱེད་པ་དང་འདྲ་བ་དང་། ཡོན་ཏན་འཕེལ་བློ་ནི་གསེར་དེ་ལ་རྒྱན་བྱས་ན་མཛེས་པ་དང་འདྲ་བར་ཡོན་ཏན་ཡར་འཕེལ་བ་དང་། འབྲས་བུ་མངོན་དུ་གྱུར་ནས་ཡོན་ཏན་སྣ་ཚོགས་པའི་མཛོད་དང་གཏེར་ལ་མངའ་དབང་འབྱོར་བའི་བློ་ནི་འདོད་དགུ་ཅི་བསམ་འགྲུབ་པ་དང་འདྲ་བ་རྣམས་དགོས་སོ།།

༩༢ ཐེག་ཆེན་ཆོས་ལ་འབྲེལ་བ་དྲུག་ལྡན་བསྟན་པ།

ཐེག་ཆེན་ཆོས་ལ་འབྲེལ་བ་དྲུག་ལྡན་ནི།།

དངོས་འཛིན་འཇིག་ལ་ལྟ་བ་ཉམས་མྱོང་འབྲེལ།།

སྙོམ་ལས་སེལ་ལ་དད་པ་བརྩོན་འགྲུས་འབྲེལ།།

ཐེག་དམན་སྐྱོབ་ལ་ཐབས་དང་ཤེས་རབ་འབྲེལ།།

ཁོང་ཁྲོ་འབྱིན་ལ་རང་སྐྱོན་གཞན་བདེན་འབྲེལ།།

འཕགས་ལམ་བགྲོད་ལ་མོས་གུས་སྙིང་རུས་འབྲེལ།།

གོལ་ས་གཅོད་ལ་ཐོས་བསམ་ཉམས་ལེན་འབྲེལ།།

ལེགས་པར་དགོས་ཏེ་ཤིན་ཏུ་དཀོན་པར་སྣང༌།།

ཞེས་གསུངས་པ་སྟེ། ཐེག་ཆེན་ཆོས་ལ་འབྲེལ་བ་དྲུག་ལྡན་ནི། དངོས་འཛིན་གྱི་ཞེན་པ་འཇིག་པར་བྱེད་པ་ལ་ལྟ་བ་ཁ་ལྟ་བཤད་ཤེས་པ་ཙམ་གྱིས་ཕན་མི་ཐོགས་པས་ལྟ་བ་ལག་ལེན་གྱི་ཐོག་ནས་བསྒོམས་པའི་ཉམས་མྱོང་དང་འབྲེལ་དགོས། སྒྲུབ་པ་སྙོམ་ལས་དང་ལེ་ལོའི་དབང་དུ་མི་ཤོར་བའི་ཆེད་དུ་དད་པ་དང་བརྩོན་འགྲུས་གཉིས་འབྲེལ་དགོས། ཐེག་དམན་རང་དོན་ཞི་བ་ཕྱོགས་གཅིག་པའི་མཐའ་ལ་ལྷུང་ན་ཐེག་ཆེན་བྱང་ཆུབ་སེམས་དཔའི་གཡང་ས་ཡིན་པས་དེ་ལས་སྐྱོབ་པར་བྱེད་པ་ལ་ཐབས་སྙིང་རྗེ་ཆེན་པོ་དང་ཤེས་རབ་སྟོང་པ་ཉིད་འབྲེལ་དགོས། ཁོང་ཁྲོ་དྲུངས་ནས་འབྱིན་པ་ལ་རང་ཉིད་ཀྱི་སྐྱོན་གྱི་ཕྱོགས་དང་གཞན་བདེན་པའི་ཕྱོགས་འབྲེལ་ཐུབ་ན་ཁོང་ཁྲོ་ཡོང་དོན་མེད་པས་དེ་ལྟར་བྱེད་དགོས། འཕགས་པའི་ལམ་བགྲོད་པ་ལ་མོས་གུས་ཡོད་དགོས་ཏེ། མོས་གུས་མེད་ན་བྱིན་རླབས་མི་འཇུག་པ་དང་། བྱིན་རླབས་མ་ཞུགས་ན་ས་ལམ་མི་འཕར་བ་ཡིན་པའི་ཕྱིར། མོས་གུས་དེ་ཡང་ཐང་ལྷོད་མེད་པ་དགོས་པས་སྙིང་རུས་འབྲེལ་དགོས། ལམ་མཐོན་པོའི་ཉམས་ལེན་བྱེད་དུས་གོལ་ས་དང་ནོར་ས་མང་བས་དེ་དུས་གོལ་ས་གཅོད་ནས་མ་ནོར་མ་འཁྲུལ་བའི་ལམ་ལ་ཞུགས་པ་ལ་བླ་མའི་ཞལ་གྱི་བདུད་རྩི་དང་མདོ་རྒྱུད་མན་ངག་གི་གཞུང་ལ་ཐོས་བསམ་ཉམས་ལེན་བྱེད་པ་དང་འབྲེལ་དགོས་སོ། །འོན་ཀྱང་ལེགས་པར་བྱེད་པ་ནི་ཤིན་ཏུ་དཀོན་པར་སྣང༌ངོ་།།

༩༣ གོང་ན་མེད་པའི་གདམས་པ་རྣམ་དྲུག་བསྟན་པ།

གོང་ན་མེད་པའི་གདམས་པ་རྣམ་དྲུག་ནི།།

གནས་ལུགས་གོ་ན་ཐོས་པ་གོང་ན་མེད།།

རྩ་བ་ཆོད་ན་བསམ་པ་གོང་ན་མེད།།

ཡེ་ཤེས་སྐྱེས་ན་ཐབས་ལམ་གོང་ན་མེད།།

ཆོས་ལ་བཀོལ་བཏུབ་བྱིན་རླབས་གོང་ན་མེད།།

སྐྱེ་ཤི་མེད་རྟོགས་དངོས་གྲུབ་གོང་ན་མེད།།

ཐོབ་རྒྱུ་མེད་རྟོགས་གདེང་ཚད་གོང་ན་མེད།།

དེ་དག་སྦྱོར་ན་སངས་རྒྱས་རང་ལས་འབྱུང༌།།

ཞེས་གསུངས་པ་སྟེ། གོང་ན་མེད་པའི་གདམས་པ་རྣམ་དྲུག་ནི། གནས་ལུགས་གཤིས་ཀྱི་བཞུགས་ཚུལ་གྱི་དོན་གོ་ན་དེའི་ཡན་དུ་ཐོས་པ་ཞེས་པ་ཞིག་མི་དགོས། གནས་ལུགས་མ་བཅོས་པའི་དོན་ལ་རྩ་བརྡར་ཆོད་ན་དེའི་ཡན་ན་བསམ་པ་ཞེས་པ་ཞིག་མེད། ཡེ་ཤེས་འོད་གསལ་བའི་རང་བཞིན་ནང་ནས་ཚུར་སྐྱེས་ན་དེའི་ཡན་དུ་ཐབས་ལམ་ཞེས་པ་ཞིག་མི་དགོས། དེ་ལྟ་བུའི་སྒོ་གསུམ་ཆོས་ཕྱོགས་སུ་བཀོལ་བཏུབ་པ་ཡིན་ན་དེའི་ཡན་གྱི་བླ་མའི་བྱིན་རླབས་ཞེས་པ་ཞིག་ལོགས་ན་མེད། སྐྱེ་ཤིའི་འཇིག་པ་དང་བྲལ་བའམ་ཡང་ན་སྐྱེ་འཆི་དོན་ལ་མེད་པའི་གཉིས་མེད་བློ་འདས་ཀྱི་དོན་རྟོགས་ན་དེའི་ཡན་གྱི་དངོས་གྲུབ་ཅེས་པ་ཞིག་མི་དགོས། འཐོབ་བྱའི་ཞེ་འདོད་མཐའ་དག་དབྱིངས་སུ་ཡལ། །ཞེས་པ་ལྟར་དུ་ཡར་སངས་རྒྱས་ལ་འཐོབ་བྱའི་རེ་བ་མེད་པ་ཞིག་རེད་ཚེ། དེའི་ཕན་གྱི་གདེང་ཚད་ཅེས་པ་ཞིག་མེད་པ་སྟེ། དེ་དག་རྣམས་རང་རྒྱུད་ལ་སྦྱོར་ཐུབ་ན་སངས་རྒྱས་ལོགས་ནས་བཙལ་མི་དགོས་པར་རང་ལས་འབྱུང༌བ་ཡིན་ནོ།།

༩༤ མཐར་ཕྱིན་བསྒྲུབ་ལ་མ་ཤོར་རྣམ་དྲུག་བསྟན་པ།

མཐར་ཕྱིན་བསྒྲུབ་ལ་མ་ཤོར་རྣམ་དྲུག་ནི།།

ཟླར་དགའ་གྲོགས་ཀྱི་དབང་དུ་མ་ཤོར་དང༌།།

ངོར་བསྟོད་ཟས་ཀྱི་དབང་དུ་མ་ཤོར་དང༌།།

འབྲེལ་འདྲིས་རྣམ་གཡེང་དབང་དུ་མ་ཤོར་དང༌།།

བརྩེ་གདུང་གཉེན་གྱི་དབང་དུ་མ་ཤོར་དང༌།།

བཟོ་རིགས་བཤེས་གཉེན་དབང་དུ་མ་ཤོར་དང༌།།

གསོག་བྲུན་ནོར་རྫས་དབང་དུ་མ་ཤོར་ཏེ།།

དེ་ལྟར་དྲུག་ལྡན་ཆོས་ལམ་མཐར་ཕྱིན་འགྱུར།།

ཞེས་གསུངས་པ་སྟེ། སྒྲུབ་པའི་འབྲས་བུ་མཐར་ཕྱིན་པ་ལ་མ་ཤོར་རྣམ་པ་དྲུག་དགོས་པས། དེ་ཡང་ཟླ་བོ་རོགས་པ་དགའ་གྲོགས་ཀྱི་དབང་དུ་མ་ཤོར་བ་དང༌། ཁ་ཡག་ངོ་བསྟོད་དང་རྒྱུ་སྦྱིན་ཟས་སྦྱིན་གྱི་དབང་དུ་མ་ཤོར་བ་དང༌། ཡས་མས་ཚང་མ་དང་འབྲེལ་འདྲིས་བྱེད་ཁུལ་གྱིས་རྣམ་གཡེང་གི་དབང་དུ་མ་ཤོར་བ་དང༌། བརྩེ་གདུང་གཉེན་དང་ཉེ་བའི་དབང་དུ་མ་ཤོར་བ་དང༌། བཟོ་རིགས་ཡིག་རིགས་སློབ་མཁན་གྱི་བཤེས་གཉེན་ཕལ་བའི་དབང་དུའང་མ་ཤོར་བ་དང༌། གསོག་བྲུན་ནོར་རྫས་ཀྱི་དབང་དུ་མ་ཤོར་བ་སྟེ། དེ་ལྟར་མ་ཤོར་དྲུག་པོ་དེ་ལག་བསྟར་ལེགས་པོ་བྱུང་ན་ཆོས་ལམ་མཐར་ཕྱིན་པར་འགྱུར་བ་ཡིན་ནོ།།

༩༥ མི་གཞིའི་སྐྱོན་དྲུག་བརྟགས་ཏེ་འདོར་བ་བསྟན་པ།

མི་གཞིའི་སྐྱོན་དྲུག་བརྟགས་ཏེ་འདོར་བ་ནི།།

རང་འཁྲུག་གཞན་སྨོད་དུག་ལྔ་རགས་པ་དང༌།།

ཅོལ་ཆུང་འདོ་མེད་བློ་སྣ་རགས་པ་དང༌།།

དོན་མེད་བྱ་བྱེད་འབྲེལ་འདྲིས་དགའ་བ་དང༌།།

གྱོང་པོ་ཆིག་ཚུགས་བསྐུལ་ཏུ་མི་བཏུབ་དང༌།།

མཐོ་འགྲོགས་གསར་ངས་ཕྱི་ཤོལ་ཆེ་བ་དང༌།།

ངན་གཡོ་གྱ་གྱུས་ཞེ་བཞག་ཆེ་བ་རྣམས།།

དམ་ཆོས་བསྒྲུབ་ལ་སྐྱོན་ཡོན་བརྟགས་ཏེ་སྤང༌།།

ཞེས་གསུངས་པ་སྟེ། མི་གཞིའི་སྐྱོན་དྲུག་བརྟགས་ཏེ་འདོར་བ་ནི། རང་གི་རྒྱུད་འཁྲུགས་ནས་གཞན་ཐམས་ཅད་ལ་སྨོད་པའི་དུག་ལྔ་རགས་པའི་སྐྱོན་དང༌། ཅོལ་ཆུང་བློ་སྣ་གར་ཁྲིད་དང་དགའ་སྡུག་སླ་བའི་འདོ་མེད་ཀྱི་བློ་སྣ་རགས་པའི་སྐྱོན་དང༌། དོན་མེད་ཀྱི་འབྲེལ་འདྲིས་འགྲུབ་ཏུ་མེད་པའི་བྱ་བྱེད་མང་པོ་ལ་དགའ་བའི་སྐྱོན་དང༌། སྤྱིར་ན་སུ་ལ་ཡང་འཐད་ཅིང་བློ་གདང་བཅོས་དཀའ་བ་ཞིག་དགོས་ཀྱང་། ཧ་ཅང་ཐལ་ཆེ་བ་སྒྱུར་ཏུ་མེད་པའི་གྱོང་པོ་འཆུས་རུ་མ་ལོག་པའི་ལམ་ལས་ཚུར་ལྡོག་པའི་ཕན་སེམས་བྱས་ཀྱང་མི་ཉན་པའི་ཆིག་ཚུགས་བསྐུལ་ཏུ་མི་བཏུབ་པའི་སྐྱོན་དང༌། མཐོ་འགྲོགས་སམ་མཐོ་དགའ་དང་གསར་ངས་ཆེ་ཞིང་སྒྲུབ་པ་ཉམས་ལེན་ལ་ཕྱི་ཤོལ་ཆེ་བའི་སྐྱོན་དང༌། ངན་གཡོ་སྒྱུའི་གྱ་གྱུ་ཆེ་བ་སྟེ། ངས་རྩོམ་ཡིག་ཅིག་གི་ནང་དུ། ཤར་ནུབ་མཐའ་ཡི་རྒྱ་མཚོའི་འགྲམ་ངོགས་ཚུན། །རྫུན་པའི་གཏམ་གྱི་མྱོང་ཚོར་མཐོང་མཐོང་ནས། །རིགས་མཐུན་གྲོགས་དང་འཕྲད་ན་སྤྲོ་བ་འཕེལ། །ཞེས་བྲིས་ཡོད་ཀྱང་། དེང་སང་ནི་རིགས་མཐུན་གྱི་གྲོགས་ལ་ཐུག་ན་ཡང་། འདིས་ཁ་ནས་འདི་ལྟར་སྨྲས་ཀྱང་དོན་ལ་ཅི་ཞིག་དམིགས་ཡོད་ན། ངོས་ནས་དེ་ལྟར་བཤད་ཀྱང་ལྐོག་ནས་ཅི་བྱེད་སུས་ཤེས་བསམ་པའི་ཚོར་བ་སྟེར་བའི་རྒྱུ་རྫུན་མ། ཟས་རྫུན་མ། མི་རྫུན་མས་ས་སྟེང་གང་དུས་ཡིན་པ་རེད། དེ་ཡང་དམ་པའི་སྐྱེས་བུའི་ཐབས་མཁས་ཀྱི་མཛད་པ་དང་མ་རབས་སྐྱེས་བུའི་ངན་སྤྱོད་གཉིས་ནོར་མི་དགོས་ཀྱང་ལྟ་མ་ཤེས་ན། འདྲའོ་འདྲའོ་ནོར་ར་རེ། །ཞེས་པའང་ཡོད་སྲིད་པས། དེ་ལྟ་བུའི་སྐྱོན་དྲུག་བརྟགས་ནས་སྤངས་ཏེ་དེ་ལས་ལྡོག་པའི་ཡོན་ཏན་དྲུག་དང་ལྡན་པར་དགོས་སོ།།

༩༦ ཀུན་སྤྱོད་སྐལ་བ་ངན་པའི་སྐྱོན་དྲུག་བསྟན་པ།

ཀུན་སྤྱོད་སྐལ་བ་ངན་པའི་སྐྱོན་དྲུག་ནི།།

བྱས་པ་མི་གཟོ་དྲིན་ལན་ཉེས་ཀྱིས་འཇལ།།

རང་ལ་མི་འཇལ་གཞན་ལ་ཕོད་ཁམ་ཆེ།།

འགྱུར་ལྡོག་མང་ཞིང་མི་རྟག་ཁམས་འདུས་ཆེ།།

གདོང་ལྕང་ངོར་དགའ་ཁ་ཞེ་གཉིས་པ་ཅན།།

དོན་ལྡན་མི་ཤེས་བློ་མང་གཏམ་ལ་དགའ།།

བྱས་པ་མེད་པར་རེ་བ་ཆེ་བ་རྣམས།།

སྐལ་ངན་དམ་ཆོས་ཕྱོགས་མིན་རིང་དུ་སྤང༌།།

ཞེས་གསུངས་པ་སྟེ། ཀུན་སྤྱོད་སྐལ་བ་ངན་པའི་སྐྱོན་དྲུག་ནི། དྲིན་ཆེན་ལ་དྲིན་ལན་མི་འཇལ་བའི་མི་ཡིས་བཟང་ལན་གྱི་བྱས་པ་མི་གཟོ་ཞིང་དྲིན་ལན་ཉེས་ཀྱིས་འཇལ་བ་རེད། འུ་ཚོ་ཆོས་པ་ཞིག་ལ་མཚོན་ན། གོང་གི་བླ་མའི་བཀའ་དྲིན་ལ་བསམས་ནས་འཇལ་དགོས་པས། རབ་སྒྲུབ་པའི་མཆོད་པ་བྱས་ཏེ་དགོངས་པ་རྫོགས་པར་བྱེད་པ་དང་། འོག་གི་ཕ་མ་སེམས་ཅན་ཞིག་ལ་དྲིན་ལན་གསོབ་ནའང་ཆོས་ཀྱིས་ཕན་འདོགས་པ་ལས་དགའ་མེད་པ་ཡིན། དེ་ལྟར་མིན་པའི་དྲིན་ལན་ངན་འཇལ་བྱེད་པའི་སྐལ་ངན་ཅན་དང་། རང་ལ་ཚད་མི་འཇལ་བར་གཞན་ལ་ཕོད་ཁམ་ཆེ་བ་དང་། དགའ་སྡུག་གི་འགྱུར་ལྡོག་མང་ཞིང་མི་རྟག་ཅིང་གནོད་ཁ་སླ་བ་ཅུང་ཟད་ཙམ་གྱིས་ནག་ལོག་གིས་འགྲོ་བའི་ཁམས་འདུས་ཆེ་བ་དང་། གདོང་ལྕང་ངོ་དགའ་མཁས་ཀྱང་ལྐོག་ལ་མེད་པ་ཁ་དང་ཞེ་གཉིས་མི་མཚུངས་པའི་ངོ་གཉིས་མ་དང་། དོན་ཆེན་པོའི་གནད་མི་ཤེས་པར་ཡས་དྲན་མས་དྲན་གྱི་བློ་མང་ཞིང་། ཁ་མང་གཏམ་ལ་དགའ་བ་བཤད་ཚོད་ཡོད་ཀྱང་ཉན་ཚོད་མེད་པ་དང་། ཕར་ཕན་པར་བྱས་པ་མེད་པར་ཚུར་རེ་བ་ཆེན་པོ་བྱེད་ཅིང་མ་མགུ་ཚེ་འཁང་ར་བྱེད་པ་རྣམས་ནི་ཆོས་འཇིག་རྟེན་གང་དུ་བསྐོར་ཀྱང་གཤིས་ཀ་ངན་པ་སྐལ་ངན་གྱི་རིགས་ཡིན་པས་དམ་ཆོས་བསྟན་ཀྱང་སྒྲུབ་པ་མིན་པས། སེམས་ཅན་ཡིན་པས་ཡུན་གྱིས་བློས་གཏོང་མི་རུང་ཡང་། དུས་ལ་མ་བབས་ན་དེ་འདྲ་བའི་གྲོགས་དང་སློབ་མ་གནས་སྐབས་སུ་སྐྱུར་དགོས་མ་གཏོགས་ཆོས་རང་གིས་མི་འགྲུབ་ཅིང་གཞན་ལ་འགྲུབ་ཁ་མི་འཇུག་པར་ཡོང་བས་རིང་དུ་སྤང༌བར་བྱའོ།།

༩༧ མཐར་ཕྱིན་སྐྱོན་ལས་གྲོལ་བའི་ཆོས་དྲུག་བསྟན་པ།

མཐར་ཕྱིན་སྐྱོན་ལས་གྲོལ་བའི་ཆོས་དྲུག་ནི།།

བློ་བརྟན་རང་རྒྱུད་དགེ་ཞིང་བྱ་བ་ཉུང༌།།

སྙིང་རུས་ཞེ་བཅད་ཆེ་ཞིང་བཟོད་དང་ལྡན།།

གཞན་གྱིས་མི་བརྫི་རྐྱེན་གྱིས་འཕྲོག་པ་མེད།།

ཕྱི་ཐག་རྒྱུན་རིང་དད་གུས་ངོ་ལྐོག་མེད།།

བློ་བཟང་གྲོས་འདུན་ཆེ་ཞིང་ཐབས་ལ་མཁས།།

གཞན་སྐྱོན་མི་བརྗོད་རང་སྐྱོན་མཚང་ནས་འདོན།།

དེ་འདྲའི་སྐྱེས་མཆོག་བྱང་ཆུབ་གཏན་གྱི་གྲོགས།།

ཞེས་གསུངས་པ་སྟེ། མཐར་ཕྱིན་སྐྱོན་ལས་གྲོལ་བའི་ཆོས་དྲུག་ནི། བློ་སྣ་བརྟན་ཅིང་རང་རྒྱུད་དགེ་ལ་བཟང་ཞིང་དོན་མེད་བྲེལ་ཟིང་གི་བྱ་བ་ཉུང༌བ་དང་། སྙིང་རུས་ཆེན་པོས་ཁས་བླངས་ཉམས་སུ་མི་སྟེར་བའི་ཞེ་བཅད་ཆེ་ཞིང་བཟོད་དང་ལྡན་པ་དང་། རྐྱེན་ཕྲན་བུ་རེས་གྱང་སྟེང་གི་རྩྭ་རླུང་ཡར་གཡུགས་ན་ཡར་འགུལ་བ་མར་གཡུགས་ན་མར་འགུལ་བ་དེ་འདྲ་མ་ཡིན་པས་གཞན་གྱིས་མི་བརྫི་ཞིང་རྐྱེན་གྱིས་འཕྲོག་པ་མེད་པ་དང་། འགྲོགས་ན་འགྲོགས་ཡུན་རིང་བའི་ཕྱི་ཐག་རྒྱུན་རིང་ཞིང་ཆོས་དང་བླ་མ་ལ་དད་གུས་བྱས་ན་ངོ་ལྐོག་མེད་པ་དང་། བློ་ཤེས་རྒྱ་ཆེ་ཞིང་གྲོས་གཞི་འདོན་ན་བློ་བཟང་པོ་འདོན་དུ་ཡོད་པའི་ཐབས་ལ་མཁས་པ་ཅན། གཞན་སྐྱོན་འབའ་ཞིག་ཚེ་གང་པོར་བརྗོད་པ་ཅན་མིན་པར་རང་སྐྱོན་མི་གསང་བར་མཚང་ནས་འདོན་ཕོད་པ་དེ་འདྲའི་སྐྱེས་བུ་མཆོག་ནི་གྲོགས་ཚངས་པ་མཚུངས་པར་སྤྱོད་པའི་གྲལ་དུ་ཡོད་ན་བྱང་ཆུབ་ཀྱི་གཏན་གྲོགས་དང་། ཆོས་ཞུ་བའི་སློབ་མའི་གྲལ་དུ་ཡོད་ན་སློབ་མ་བཟང་པོ་ཡིན་ནོ།།

༩༨ ཆོས་བྱེད་རྣམས་ཀྱི་ཕྲག་དོག་སྐྱོན་དྲུག་བསྟན་པ།

ཆོས་བྱེད་རྣམས་ཀྱི་ཕྲག་དོག་སྐྱོན་དྲུག་ནི།།

གཞན་ལས་རྙེད་མང་ལོངས་སྤྱོད་འབྱོར་འདོད་དང༌།།

འཁོར་མང་བུ་སློབ་རྒྱས་པར་འདོད་པ་དང༌།།

བསོད་ནམས་ཅི་ཆེ་འདུ་བ་མང་འདོད་དང༌།།

སྙན་གྲགས་བ་དན་རྒྱལ་ཁམས་ཁྱབ་འདོད་དང༌།།

ཀུན་ལས་རབ་འཕགས་ཆེ་ཁྱད་འདོད་པ་དང༌།།

རང་ལས་གཞན་མིན་གཅིག་ཀྱང་མི་འདོད་པ།།

འདི་དག་འདོད་ལྷའི་མེ་ཏོག་མདའ་ཡིས་བཅོམ།།

ཞེས་གསུངས་པ་སྟེ། ཆོས་བྱེད་རྣམས་ཀྱི་ཕྲག་དོག་སྐྱོན་དྲུག་ནི། གཞན་དག་གི་རྙེད་པ་ལས་ངའི་རྙེད་པ་མང་ནས་ལོངས་སྤྱོད་མང་པོ་འབྱོར་ན་འདོད་པ་དང༌། དེ་བཞིན་དུ་ཁོ་ཡི་འཁོར་ལས་ངའི་འཁོར་གྱིས་མང་ནས་བུ་སློབ་རྒྱས་པར་འདོད་པ་དང༌། བསོད་ནམས་སྙན་གྲགས་ཁ་རྗེ་ཅན་གྱི་ཡོན་བདག་དང་སློབ་མ་ཚང་མ་ང་ལ་འདུས་ན་ཅི་མ་རུང་སྙམ་པ་དང༌། ངའི་སྙན་དང་གྲགས་པའི་བ་དན་གྱིས་རྒྱལ་ཁམས་ཁྱབ་པར་འདོད་པ་དང༌། སུ་དང་མི་འདྲ་བར་ང་ཀུན་ལས་རབ་ཏུ་འཕགས་པར་འདོད་པ་དང༌། རང་ཁོ་ནའི་བདེ་ཐབས་སྐྱིད་ཐབས་ལས་གཞན་གྱི་ཆེད་དུ་རྡུལ་ཙམ་ཡང་སེམས་པ་མིན་པས་མཚན་རྨི་ལམ་ཚུན་དུ་ཡང་རང་ཉིད་ཆེ་ཐབས་ལས་བསམ་རྒྱུ་མེད་ཅིང་། གཞན་གྱི་ཕན་བདེ་གཅིག་ཙམ་ཡང་མི་འདོད་པ། འདི་དག་ནི་འདོད་ལྷའི་བདུད་དགའ་རབ་དབང་ཕྱུག་གི་མདའ་སྙིང་ལ་ཕོག་པའི་རྟགས་ཡིན་ཏེ། འདོད་ལྷ་ལ་དུག་ལྔའི་མདའ་ལྔ་ཡོད་ལ་དེ་ལའང་ནང་གསེས་ལྔ་ལྔ་ཉེར་ལྔའི་འདྲ་མིན་ཡོད་ཅིང་། མདའ་དེ་དག་འཕངས་ཚེ་འདོད་ཆགས་ཅན་ལ་ཕོག་ན་འདོད་ཆགས་འཕེལ་བ་དང་། ཞེ་སྡང་ཅན་ལ་ཕོག་ན་ཞེ་སྡང་འཕེལ་བ་དང་། ཕྲག་དོག་ཅན་ལ་ཕོག་ན་ཕྲག་དོག་སྐྱེ་ཞིང་འཕེལ་བའི་ཕྱིར་རོ།།

༩༩ དེ་ལས་རྟགས་དྲུག་འཆར་བའི་མྱུ་གུ་བསྟན་པ།

དེ་ལས་རྟགས་དྲུག་འཆར་བའི་མྱུ་གུ་ནི།།

བསོད་ནམས་འདུ་འཛི་ཅན་ལ་ཡིད་སྨོན་འདིང༌།།

ཆོས་མཛད་གོང་མ་རྣམས་ལ་ངན་སྐྱོན་བརྗོད།།

གཞན་གྱི་ཕུན་ཚོགས་མཐོང་ལ་ཁོང་ཁྲོ་འཁྲུག།

བྱམས་སེམས་གཞན་དོན་ཅན་ལ་ཟུར་ཟ་གཏོང༌།།

སྒོམ་སྒྲུབ་དངོས་གྲུབ་ཅན་ལ་གཤེ་སྐུར་འདེབས།།

མ་རིག་ལོག་པར་ལྟ་བའི་ཁ་འཛིན་བྱེད།།

ཅེས་གསུངས་པ་སྟེ། འདོད་ལྷའི་མདའ་ལྔ་དང་ཁྱད་པར་དུ་ཕྲག་དོག་གི་མདས་སྙིང་རྨས་ནས་ཡོད་ཚེ་དེའི་ན་ཚའི་ཟུག་རྔུ་མི་བཟོད་པའི་རྟགས་ཅི་ཞིག་འབྱུང་བ་ཡིན་ཞེ་ན། བསོད་ནམས་སྔར་བསགས་ཀྱི་འབྲས་བུ་ལོངས་སྤྱོད་ཀྱི་འབྱོར་བ་ཡོད་པ་དང་། འདུ་འཛི་རྣམ་གཡེང་གི་རྩེད་འཇོ་ལ་སོགས་པས་དུས་གྲོན་པ་ཅན་ལ་ཡིད་སྨོན་བྱེད་ཅིང་དེ་ལ་འདང་བའམ་སེམས་ཤོར་བ་དང་། ཆོས་མཛད་གོང་མ་དམ་པའི་སྐྱེས་བུ་རྣམས་ལ་ངན་སྐྱོན་ཞིག་འདོགས་རྒྱུ་ཨེ་ལོན་མི་ལོན་ལྟ་བ་དང་། གཞན་གྱི་ཕུན་ཚོགས་མི་ཞིག་ལམ་འགྲོ་ཅུང་ཟད་བྱུང་བ་ཙམ་ལ་ཡང་ཁོང་ཁྲོ་འཁྲུག་པ་དང་། སྐྱེས་བུ་དམ་པ་བྱམས་སྙིང་རྗེ་ཅན་གྱིས་གཞན་དོན་སྒྲུབ་པ་ཅན་ལ་ཟུར་ཟ་དང་སྙིང་ཁྲེལ་གཏོང༌བ་དང་། སྒོམ་སྒྲུབ་ཉམས་ལེན་ཅན་ལ་གཤེ་ཞིང་སྐུར་བ་འདེབས་པ་དང་། མ་རིག་ལོག་པར་ལྟ་བས་བློ་སྒྲིབ་པའི་ཐ་ཆད་རྣམས་ཀྱི་ཁ་འཛིན་དང་རོགས་བྱེད་པ་ཅན་ཡིན་ནོ། །འདི་ཡས་མས་ཀྱི་མན་ངག་དྲུག་ཚན་རྣམས་སྦྲེལ་ནས་གསུངས་པ་ཡིན།

༡༠༠ དེ་འདྲའི་སྐལ་ངན་བསྟེན་པའི་སྐྱོན་དྲུག་བསྟན་པ།

དེ་འདྲའི་སྐལ་ངན་བསྟེན་པའི་སྐྱོན་དྲུག་ནི།།

མཐོང་བ་ཙམ་གྱིས་ངེས་འབྱུང་དད་པ་འགྲིབ།།

ཐོས་པ་ཙམ་གྱིས་ཐར་པའི་ལམ་དང་རིང༌།།

དྲན་པ་ཙམ་གྱིས་འཁོར་བའི་ས་བོན་འདེབས།།

རེག་པ་ཙམ་གྱིས་བྱིན་རླབས་དངོས་གྲུབ་ཡལ།།

གཏམ་འདྲེས་ཙམ་གྱིས་དག་སྣང་མོས་གུས་འགྲིབ།།

ཆོས་ཀྱིས་འབྲེལ་ཚད་བདུད་ཀྱིས་བྱིན་བརླབས་པ།།

ཤི་བའི་འོག་ཏུ་མནར་མེད་གནས་སུ་འགྲོ།།

དེ་བས་དེ་འདྲའི་སྐལ་ངན་སྤང་བར་གྱིས།།

ཞེས་གསུངས་པ་སྟེ། དེ་འདྲའི་སྐལ་ངན་བསྟེན་པའི་སྐྱོན་དྲུག་ནི། གང་ཟག་ལ་ལ་རྒྱུད་ལ་ཡུན་རིང་བཅར་མི་དགོས་པར་མཐོང་བ་ཙམ་གྱིས་ངེས་འབྱུང་དང་དད་པ་མར་འགྲིབ་པར་བྱེད་པ་དང་། ཐོས་པ་ཙམ་གྱིས་རྒྱུད་ལ་ཉོན་མོངས་སྐྱེས་ནས་ཐར་པའི་ལམ་དང་ཐག་རིང༌བར་བྱེད་པ་དང་། དྲན་པ་ཙམ་གྱིས་ཉོན་མོངས་ཀྱི་དབང་དུ་ཤོར་ནས་འཁོར་བའི་ས་བོན་འདེབས་པ་དང་། དེས་རེག་པ་ཙམ་གྱིས་བྱིན་རླབས་དང་དངོས་གྲུབ་སྔར་ཡོད་མར་ཉམས་པ་དང་ཕྱིས་ཡར་མི་འཕེལ་བའི་རྐྱེན་བྱེད་པ་དང་། གཏམ་འདྲེས་པ་ཙམ་གྱིས་དག་སྣང་དང་མོས་གུས་མར་འགྲིབ་པར་བྱེད་པ་དང་། བཤད་བྱ་ཆོས་ཡིན་ཡང་བཤད་མཁན་གྱི་རྒྱུད་ང་རྒྱལ་ཕྲག་དོག་གི་དབང་གིས་ཆོས་ཀྱི་ཕག་ནས་ལོག་ལྟ་སྐུར་འདེབས་ཕྱོགས་རིས་ཤ་སྟག་བཤད་པའི་བདུད་ཀྱི་བྱིན་རླབས་དེ། རང་ལ་ཞུགས་ནས་རང་རྒྱུད་མ་རུང་བར་འགྱུར་བར་བྱེད་པ་སྟེ། གང་ཟག་ལ་ལའི་ངོ་ཁར་བཟང་པོ་ལེགས་པོ་གཅིག་ཀྱང་མེད་པ་ནི། རྒྱུད་ཕྲག་དོག་དང་ལོག་ལྟས་བསླད་སོང་བའི་དབང་གིས་ཡིན་པས་དེ་འདྲ་བ་ལ་ཁ་བརྡ་ཡུན་རིང་བྱས་ན་ནམ་ཞིག་རང་ཡང་དེའི་ཁ་ལ་བརྒྱུགས་ནས་དག་སྣང་དང་མོས་གུས་ཅུང་ཟད་རེ་ཡོད་པ་མར་འགྲིབ་པར་འགྱུར་བ་དང་། བཟང་པོ་དག་དང་གཏམ་འདྲེས་ན་དག་སྣང་དང་མོས་གུས་ཡར་འཕེལ་བར་བྱེད་པ་སོགས། མདོར་ན་གྲོགས་བཟང་པོ་དང་འགྲོགས་ན་བཟང་འགོ་བ་དང་། ངན་པ་དང་འདྲིས་ན་ངན་འགོ་བ་ཡིན་པས་དེ་འདྲའི་ངན་པ་དག་དང་འགྲོགས་ན་སྐྱོན་གྱི་ཆ་འགོས་སླ་ཞིང་ཡོན་ཏན་གྱི་ཆ་ལོབས་དཀའ་བ་ཡིན་པས། ཤི་བའི་འོག་ཏུ་མནར་མེད་པའི་གནས་སུ་འགྲོ་བས་དེ་འདྲའི་སྐལ་ངན་སྤོང་བར་གྱིས་ཤིག་ཅེས་པའོ།།

༡༠༡ ངན་པའི་རྟགས་དྲུག་རང་བཞིན་བསྟན་པ།

ངན་པའི་རྟགས་དྲུག་རང་བཞིན་བསྟན་པ་ནི།།

ཆོས་ལ་ལྟ་ཅི་ཐ་མལ་བས་ཀྱང་དམན།།

བསྟན་ཞུགས་ལྟ་ཅི་མ་རབས་བས་ཀྱང་དམན།།

ཐེག་ཆེན་ལྟ་ཅི་མུ་སྟེགས་བྱེད་ལས་དམན།།

གསང་སྔགས་ལྟ་ཅི་ལོག་སྲེད་ཅན་ལས་དམན།།

ཉམས་ལེན་ལྟ་ཅི་སྡིག་ཅན་རྣམས་ལས་དམན།།

ལྟ་སྒོམ་ལྟ་ཅི་ཆོས་དང་གནམ་ས་བཞིན།།

བསྟན་པའི་ཆོམ་རྐུན་ཆོས་ལྟར་བཅོས་པ་སྟེ།།

དད་ལྡན་ལོག་ལམ་ངན་འགྲོར་ཁྲིད་པས་སྤང༌།།

ཞེས་གསུངས་པ་སྟེ། ངན་པའི་རྟགས་དྲུག་གི་རང་བཞིན་བསྟན་པ་ནི། ཆོས་ཀྱི་ཕྱོགས་ནས་ལྟ་ཅི་སྤྱིར་བཏང་གི་མིའི་སྤུས་ཚད་ཀྱི་ཐད་ནས་ཐ་མལ་པ་ཞིག་ལས་ཀྱང་དམན་པའི་སྒོ་གསུམ་མི་དགེ་བའི་ཕྱོགས་ལ་འགྲོ་བ་དང་། བསྟན་པ་ལ་ཞུགས་མཁན་ཞིག་གི་བསམ་སྤྱོད་ལྟ་ཅི་འཇིག་རྟེན་མ་རབས་ལས་ཀྱང་བྱ་སྤྱོད་དམན་པ་དང་། ཐེག་ཆེན་ལྟ་ཅི་མུ་སྟེགས་བྱེད་ལས་དམན་ཏེ། མུ་སྟེགས་བྱེད་ལ་ལས་གཞན་ལ་ཕན་པ་ཙམ་བྱེད་པ་ཡིན་ལ་དེ་ཙམ་ཡང་སྒྲུབ་མི་ཐུབ་པས་མུ་སྟེགས་བྱེད་ལས་ཀྱང་དམན་པ་ཡིན་པ་དང་། གསང་སྔགས་པ་ལྟ་ཅི་ལོག་སྲེད་ཅན་ལས་ཀྱང་དམན་པ་སྤྱོད་པ་འཆོལ་མ་སྤྱད་པས་མ་ཚད། དེ་ཡང་དག་པ་ཡིན་མདོག་བཤད་པ་དང་། ཉམས་ལེན་ལྟ་ཅི་སྡིག་ཅན་ཕལ་བ་རྣམས་ལས་ཀྱང་སྡིག་ལྟ་ཆེ་བ་དང་། ལྟ་སྒོམ་ཡང་དག་པའི་ཕྱོགས་ཙམ་ལའང་མི་ཉེ་བས་ཆོས་དང་གནམ་ས་བཞིན་དུ་ཐག་རིང་བ་དེ་དག་ནི་བསྟན་པའི་ཆོམ་རྐུན་ཕྱི་ཚུལ་གྱིས་ཆོས་པ་ལྟར་དུ་བཅོས་པ་སྟེ། མདོར་ན་དེ་འདྲ་བ་དག་གིས་བླ་མ་ཡིན་པར་བཤད་ན་བླ་རྫུན། སྤྲུལ་སྐུ་ཡིན་པར་སྨྲས་ན་སྤྲུལ་རྫུན། གྲྭ་པ་ཡིན་པར་བརྗོད་ན་གྲྭ་རྫུན་ཡིན་པས། དད་ལྡན་ལོག་ལམ་ངན་འགྲོར་ཁྲིད་པའི་ངན་འགྲོའི་ས་མཁན་ལས་གཞན་དུ་མེད་པས་དེ་ནི་རིང་དུ་སྤང་བར་བྱ་བ་ཡིན་ནོ།།

༡༠༢ ཡ་བྲལ་དྲུག་གིས་མི་འགྲུབ་བསྟན་པ།

ཡ་བྲལ་དྲུག་གིས་མི་འགྲུབ་བསྟན་པ་ནི།།

སེམས་བསྐྱེད་ཡོད་ཀྱང་སྨོན་ལམ་མ་བཏབ་ན།།

གཟུགས་སྐུའི་སྒྲིབ་སྦྱོང་ས་བོན་ཐེབས་མི་འགྱུར།།

སྙིང་རྗེ་ཡོད་ཀྱང་རང་འདོད་མ་ཟད་ན།།

ཐེག་ཆེན་གཞན་དོན་སྤྱོད་པའི་གྲལ་མི་ཚུད།།

མཐུན་འཇུག་བྱས་ཀྱང་དུས་ལ་མ་བབས་ན།།

གཞན་དོན་མི་འགྲུབ་སླར་ལ་འཕྱར་ཀའི་རྒྱུ།།

རི་ཁྲོད་བསྟེན་ཀྱང་བློ་སྣ་མ་ལོག་ན།།

ཆགས་སྡང་མཐུན་འཇུག་འཁྲི་བ་ཆོད་པར་དཀའ།།

དད་གུས་མེད་པའི་གསོལ་བ་སྟོང་བཏབ་ཀྱང༌།།

བྱིན་རླབས་རང་བཞིན་ཆར་ཐིགས་གཅིག་མི་འབབ།།

མཁྱེན་པ་ཆེ་ཡང་སྤྲོས་ལས་མ་གྲོལ་ན།།

འཁོར་འདས་མི་ཕྱེད་གྲུབ་མཐའི་གཟེབ་ཏུ་བཅིངས།།

དེ་ཕྱིར་མན་ངག་ཟུང་དུ་འབྲེལ་བ་གཅེས།།

ཞེས་གསུངས་པ་སྟེ། ཡ་བྲལ་དྲུག་གིས་མི་འགྲུབ་པར་བསྟན་པ་ནི། བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཞིག་ཡོད་ཀྱང་། བདག་ནམ་ཞིག་མངོན་པར་རྫོགས་པར་སངས་རྒྱས་པའི་སྐབས་སུ། གདུལ་བྱའི་ཁམས་ལ་གཟུགས་སྐུ་རྣམ་གཉིས་ཀྱིས་འགྲོ་དོན་བྱེད་ཅིང་ཕན་པ་དང་བདེ་བ་སྒྲུབ་པར་བྱེད་པ། དཔེར་ན་ལྟོགས་པ་རྣམས་ལ་ཟས་དང་། སྐོམ་པ་རྣམས་ལ་ཆུ་ལ་སོགས་པ་གང་འདོད་འབྱུང་བར་ཤོག་ཅེས་པའི་སྨོན་ལམ་རྣམ་པར་དག་པས་མཚམས་མ་སྦྱར་ན། གཟུགས་སྐུ་འཐོབ་པར་བྱེད་པའི་སྒྲིབ་པ་སྦྱོང་མི་ནུས་ཤིང་གཟུགས་སྐུ་ཐོབ་པའི་ས་བོན་ཐེབས་པ་མི་འགྱུར་བ་དང་། སྙིང་རྗེ་ཙམ་ཞིག་ཡོད་ཀྱང་རང་འདོད་ཀྱི་འཁྲི་བ་གཏིང་ནས་ཟད་མེད་ན། ཉན་རང་ལ་སྙིང་རྗེ་ཡོད་ཀྱང་རང་འདོད་མ་སྤངས་བས་ཐེག་ཆེན་གཞན་དོན་སྤྱོད་པའི་གྲས་སུ་མ་ཚུད་པ་ལྟ་བུ་ཡིན་པ་སྟེ། དེ་ཡང་སྙིང་རྗེ་ཡོད་པ་ཙམ་གྱིས་མི་ཆོག་པར་རང་འདོད་བྲལ་བའི་སྙིང་རྗེ་ཡོད་དགོས་ལ། འོན་ཀྱང་ད་ལྟ་སོ་སྐྱེའི་སྐབས་སུ་རང་འདོད་ཀྱི་ས་བོན་ཙམ་ཡང་མེད་པ་ཞིག་དཀའ་ན་ཡང་། སྦྱོར་དངོས་རྗེས་གསུམ་གང་གི་སྐབས་སུ་ཡང་གཞན་དོན་གྱི་སེམས་སླད་མེད་པ་ཞིག་ཡོད་དགོས་པ་ཡིན་པ་ལས། དེ་མེད་ན་ཐེག་ཆེན་གཞན་དོན་སྤྱོད་པའི་གྲལ་དུ་མི་ཚུད་པ་ཡིན། གཞན་དོན་སྒྲུབ་མདོག་གི་མཐུན་འཇུག་བྱས་ཀྱང་དུས་ལ་བབས་མེད་ནས་གཞན་དོན་བྱེད་པའི་ནུས་པ་རང་ལ་མེད་ན། གཞན་དོན་མི་འགྲུབ་པའི་སྟེང་དུ་སླར་ལ་འཕྱར་ཀའི་རྒྱུ་སྟེ་འཕྱ་སྨོད་བྱེད་པའི་གཞི་རུ་འགྱུར་ངེས་པ་དང་། རི་ཁྲོད་དབེན་པའི་གནས་ཤིག་བསྟེན་ཀྱང་འཁོར་བར་མངོན་ཞེན་གྱི་བློ་སྣ་ནང་ནས་ལོག་མ་ཐུབ་ན་རྐྱེན་ཕྱི་ན་མེད་ཀྱང་ནང་བག་ཆགས་ཀྱིས་བསླད་པའི་ཆགས་སྡང་གི་མགོ་མ་ནོན་པས། མཐུན་འཇུག་གི་འཁྲི་བ་ཆོད་པར་དཀའ་བ་ཡིན་པ་དང་། དད་གུས་དང་ལྡན་པས་གསོལ་བ་བཏབ་ན་བྱིན་རླབས་འབྱུང་བ་ཡིན་ཏེ། རྒན་མོས་ཁྱི་སོ་ལ་དད་པ་བཞག་ནས་གསོལ་འདེབས་སྨོན་ལམ་བྱས་ནས་བྱིན་རླབས་ཐོབ་པ་ལྟ་བུ་ཡིན་པ་དང་། དད་གུས་མེད་པར་ཁ་སྟོང་པ་རྐྱང་བ་ཞིག་གིས་གསོལ་བ་སྟོང་བཏབ་ཀྱང་སྤྲིན་མེད་ས་ནས་ཆར་སྒུག་པ་དང་འདྲ་བ་ཡིན་པས་བྱིན་རླབས་ཀྱི་རང་བཞིན་ཆར་ཐིགས་གཅིག་ཀྱང་འབབ་རྒྱུ་མེད་པའོ། །མ་ཀི་ཉན་ཐོས་ཐེག་པ་ནས་ཡ་ཀི་རྫོགས་པ་ཆེན་པོའི་བར་གྱི་ལྟ་སྒོམ་ཁ་ནས་བཤད་ཤེས་པའི་མཁྱེན་པ་ཆེ་ཡང་། སྤྲོས་མེད་ཀྱི་དོན་ཚུལ་བཞིན་རྟོགས་ཏེ་སྤྲོས་ལས་མ་གྲོལ་ན། འཁོར་འདས་འཁྲུལ་གྲོལ་གྱི་དབྱེ་བ་མ་ཕྱེད་ནས་གནས་ལུགས་སྤྲོས་བྲལ་གྱི་དོན་མ་རྟོགས་པ་ནི། བཤད་ཡམ་ཚིག་གི་སྤྲོས་པ་ཅན་གྱི་གྲུབ་མཐའི་གཟེབ་ཀྱི་དྲ་བར་བཅིངས་ནས་གནས་པ་དང་། དེའི་ཕྱིར་ན་སེམས་བསྐྱེད་སྨོན་ལམ་དང་འབྲེལ་བ་དང་། གཞན་དོན་སྙིང་རྗེ་དང་འབྲེལ་བ་དང་། གཞན་དོན་དེ་དུས་བབ་དང་འབྲེལ་བ་དང་། བློ་སྣ་ལོག་ནས་རི་ཁྲོད་བསྟེན་པ་དང་། གསོལ་འདེབས་དད་གུས་དང་འབྲེལ་བ་དང་། མཁས་པ་སྤྲོས་པའི་གཟེབ་ལས་གྲོལ་ཐུབ་དགོས་པ་སྟེ། དེ་དག་ནི་ཟུང་དུ་མ་འབྲེལ་ཐབས་མེད་ཀྱི་མན་ངག་དྲུག་ཡིན་ནོ།།

༡༠༣ ཆོས་བྱེད་རྣམས་ཀྱི་དགོས་པ་རྣམ་དྲུག་བསྟན་པ།

ཆོས་བྱེད་རྣམས་ཀྱི་དགོས་པ་རྣམ་དྲུག་ནི།།

འཁོར་བས་སྐྲག་པས་གཤེད་མས་དེད་འདྲ་དང༌།།

དགེ་སྦྱོར་བརྩོན་པས་སོ་ནམ་བྱེད་འདྲ་དང༌།།

གཉེན་པོར་འགྲོ་བ་ནད་པ་སྨན་བཞིན་དང༌།།

གཞན་ཕན་ལྷུར་ལེན་བུ་ཆུང་སྐྱོང་འདྲ་དང༌།།

རང་རྒྱུད་འདུལ་མཁས་ཀོ་བ་ཉེད་འདྲ་དང༌།།

ངར་འཛིན་དགྲ་གསོད་མི་ཤ་འདོན་འདྲ་སྟེ།།

འདི་རྣམས་དགོས་པ་རྟག་ཏུ་རྒྱུད་ལ་བསྟེན།།

ཞེས་གསུངས་པ་སྟེ། ཆོས་བྱེད་རྣམས་ཀྱི་དགོས་པ་རྣམ་དྲུག་ནི། འཁོར་བས་སྐྲག་པ་ནི་སྲོག་གཅོད་ཀྱི་གཤེད་མ་ཞིག་གིས་རྗེས་ནས་བདས་ན་དེ་རིང་མིན་སང་ཉིན་འབྲོས་དགོས་བསམ་དུ་མེད་པར། གོམ་པ་གང་དང་དབུགས་གཅིག་གི་ཡུན་ལ་སྔ་ཕྱི་ཡོད་པ་དང་འདྲ་བར། འཆི་བདག་དང་ལག་སྔ་ཕྱི་ཚད་ནས་འདུག་ཁོམ་འདུག་བཟོད་གཉིས་ཀ་ཡོད་པ་མིན་པ་དེ་ལྟ་བུ་དང་། དགེ་སྦྱོར་བརྩོན་པས་སོ་ནམ་བྱེད་མཁན་གྱིས་དབྱར་དགུན་སྟོན་དཔྱིད་དུས་ཚོད་དང་འབྲེལ་བའི་ལས་ཀ་གང་གི་ཐོག་ལ་བབ་ཡོད་པ་དེ་བྱེད་དགོས་པ་ལས། ཕྱི་བཤོལ་བྱེད་དུ་མེད་པ་དང་འདྲ་བ་དང༌། གཉེན་པོར་འགྲོ་བ་ནད་པ་ལ་ཕན་ཐོགས་ཤག་ཤག་གི་སྨན་དེ་གང་ཡིན་ན་དེ་ཉིད་དོན་གཉེར་བྱེད་པ་ལས། ཕན་ཐོགས་མེད་ཀྱང་བླ་ཡི་ཁྱོད་ཀྱི་སྨན་འཐུངས་ཤིག་ཅེས་རྗོད་དུ་མེད་པ་བཞིན་དང༌། གཞན་ཕན་ལྷུར་ལེན་བུ་ཆུང་མ་ཡིས་སྐྱོང་དུས་གང་གིས་དགའ་དང་ཅི་ཞིག་ཉམས་སུ་རན་འདུག་བལྟས་ནས་བུ་ཆུང་གི་སྲོག་འཚོ་བ་ལ་རང་གི་སྲོག་གིས་ཕན་ནའང་སྦྱིན་པ་དང་འདྲ་བ་སྟེ། ད་ལྟ་སྲོག་ཙམ་ཞིག་སྟེར་མ་ཐུབ་ཀྱང་སེམས་ཅན་ལ་ཕན་པའི་ལས་གང་ནུས་ཅི་ནུས་སུ་བསྒྲུབ་དགོས་པ་ཡིན། དེ་བྱང་ཆུབ་ཀྱི་སེམས་ཤིག་བསྐྱེད་པའི་དོན་གོ་ཡིན། རང་རྒྱུད་འདུལ་མཁས་ཀོ་བ་མཉེད་མཁན་མཁས་པ་ཞིག་གིས་མཐའ་དཀྱིལ་གང་ནས་གྱོང་ཡོད་པ་དེ་ནས་མཉེ་བ་དང་འདྲ་བར། རང་རྒྱུད་གང་ནས་རེད་མེད་ན་དེ་ནས་བཅོས་པ་དང༌། དགྲ་བོ་དངོས་དེ་ངར་འཛིན་གྱི་དགྲ་ཡིན་པས་དེ་ལ་ཕ་གསོད་ཀྱི་ལག་དམར་དང་ཕ་ཤོར་གྱི་དྭ་ཕྲུག་ཐུག་པ་བཞིན་དུ་དགྲ་ཤ་ལེན་དགོས་པ་སྟེ། འདི་རྣམས་དགོས་པས་རྟག་ཏུ་རྒྱུད་ལ་བསྟེན་པར་བྱའོ།།

༡༠༤ མཐར་ཐུག་དྲུག་གིས་རང་རྒྱུད་གདུལ་བ་བསྟན་པ།

མཐར་ཐུག་དྲུག་གིས་རང་རྒྱུད་གདུལ་བ་ནི།།

བཙོན་བུའི་མཐར་ཐུག་ཡུལ་ལ་ཆགས་ཞེན་སྤངས།།

སོ་ནམ་མཐར་ཐུག་དགེ་ལ་བརྩོན་པ་བསྟེན།།

གཏན་ཡུལ་མཐར་ཐུག་གནས་ལུགས་ས་འཛིན་མཛོད།།

བསྲུང་བའི་མཐར་ཐུག་ངར་འཛིན་གཅེས་འཛིན་བོར།།

དགྲ་ཡི་མཐར་ཐུག་དུག་ལྔ་རང་རྒྱུད་ཐུལ།།

ཉམས་ལེན་མཐར་ཐུག་དྲན་པ་ཡེངས་མེད་སྐྱོངས།།

འདི་དང་ལྡན་ན་དགོས་འདོད་ཡིད་བཞིན་འགྲུབ།།

ཅེས་གསུངས་པ་སྟེ། མཐར་ཐུག་དྲུག་གིས་རང་རྒྱུད་གདུལ་བ་ནི། ཁམས་གསུམ་འཁོར་བའི་སེམས་ཅན་འདི་བཙོན་ཁང་ནང་དུ་ཚུད་པ་ལྟ་བུ་ཡིན་ལ། འདིའི་བཙོན་ཁང་ནང་གི་བཙོན་པ་དེ་མི་ཐར་བའི་རྐྱེན་མཐར་ཐུག་ནི་ཆགས་ཞེན་ཡིན་པས་དེ་སྤོང་བར་བྱེད་པ་དང་། སོ་ནམ་གྱི་བྱ་བ་བསྒྲུབས་ནས་དོན་དུ་གཉེར་བྱ་མཐར་ཐུག་རབ་དེ་གང་ཡིན་ན། དགེ་བའི་ལོ་ཏོག་སྡུད་པར་བརྩོན་ནས་རྒྱུད་ལ་བསྟེན་པར་བྱེད་པ་དེ་ཡིན་པ་དང་། གཏན་གྱི་ཡུལ་ཕ་ཁྱིམ་མཐར་ཐུག་ནི། གནས་ལུགས་ཀྱི་ལྟ་བ་རྟོགས་ནས་སྒོམ་པས་དེ་ལ་གོམས་པའི་ས་འཛིན་པར་བྱེད་པ་ཡིན་པ་དང་། དགྲས་གནོད་པ་བསྲུང་བའམ་ཡང་ན་བདེ་འཚམས་ཀྱི་ཆེད་དུ་བསྲུང་བ་མཐར་ཐུག་དངོས་དེ་གང་ཡིན་ན། བདག་མེད་ལ་བདག་ཏུ་འཛིན་པའི་ངར་འཛིན་དང་། རང་ལ་གཅེས་པར་ཞེན་པའི་གཅེས་འཛིན་བོར་བ་དེ་ཡིན་པ་དང་། དགྲ་ཡི་མཐར་ཐུག་པ་སྟེ་དེ་བས་ཐུ་མེད་པ་ནི་ཉོན་མོངས་དུག་ལྔ་རང་རྒྱུད་ལ་ཁ་ཡན་དུ་འཕྱོ་བ་དེ་ཡིན་པས་དེ་ཐུལ་བར་བྱེད་པ་དང་། ཉམས་ལེན་གྱི་མཐར་ཐུག་སྐྱོང་བ་ནི་ཡེངས་མེད་ཀྱི་དྲན་པ་ཡིན་པས་དེའི་ངང་དེར་སྐྱོང་བ་སྟེ། མཐར་ཐུག་དྲུག་གིས་རང་རྒྱུད་འདུལ་བའི་ཆོས་འདི་དྲུག་དང་ལྡན་ན་ཡིད་ལ་ཅི་བསམ་གྱི་དགོས་འདོད་ཡིད་བཞིན་དུ་འགྲུབ་པ་ཡིན་ནོ།།

༡༠༥ ཆོས་བྱེད་རྣམས་ཀྱི་འཆོར་བའི་ཉེན་དྲུག་བསྟན་པ།

ཆོས་བྱེད་རྣམས་ཀྱི་འཆོར་བའི་ཉེན་དྲུག་ནི།།

དད་པ་ཡོད་ཀྱང་ཁེ་གྲགས་མ་སྤངས་ན།།

མཐར་ཐུག་མི་ཆོས་འཆོར་བའི་ཉེན་ཡོད་གཟབ།།

དགོན་པ་བསྟེན་ཡང་ཞེ་བཅད་མི་ལྡན་ན།།

མཐར་ཐུག་ཡེངས་བར་འཆོར་བའི་ཉེན་ཡོད་གཟབ།།

གྲུབ་རྟགས་ཐོན་ཡང་རློམ་སེམས་མ་སྤངས་ན།།

མཐར་ཐུག་བདུད་ཀྱིས་འཁྱེར་བའི་ཉེན་ཡོད་གཟབ།།

དམ་ཅན་འདུ་ཡང་སྙིང་རྗེ་མི་ལྡན་ན།།

མཐར་ཐུག་ལས་མཐའ་ལོག་པའི་ཉེན་ཡོད་གཟབ།།

དགོངས་པ་མཐོ་ཡང་ཞེན་པ་མ་ལོག་ན།།

མཐར་ཐུག་དྲེད་པོར་འཆོར་བའི་ཉེན་ཡོད་གཟབ།།

འགྲོ་དོན་བརྩོན་ཡང་རང་འདོད་འཁྲིས་ཞུགས་ན།།

མཐར་ཐུག་ཟོག་པོར་སོང་བའི་ཉེན་ཡོད་གཟབ།།

ཅེས་གསུངས་པ་སྟེ། ཆོས་བྱེད་རྣམས་ཀྱི་འཆོར་བའི་ཉེན་དྲུག་ནི། དད་པ་ཡོད་ཀྱང་སྙན་གྲགས་ལ་སོགས་པའི་ཆོས་བརྒྱད་སྤང་མ་ཐུབ་ན་མཐར་ཐུག་མི་ཆོས་ཁ་འཛིན་གྱི་ཕྱོགས་ལ་འཆོར་བའི་ཉེན་ཡོད་པས་གཟབ་དགོས་པ་དང་། དགོན་པའམ་དབེན་པ་བསྟེན་ཁུལ་བྱས་ཀྱང་ཞེ་བཅད་དམ་བཅའ་བརྟན་པོ་དང་མ་ལྡན་ཚེ། མཐར་ཐུག་ཡེངས་བར་འཆོར་ནས་ལུས་རི་ཁྲོད་ན་ཡོད་ཀྱང་སེམས་གཡེང་བའི་རང་བཞིན་ཅན་དུ་གྱུར་པའམ་ཡང་ན་དང་པོར་རི་ཁྲོད་དུ་འགོས་ཁུལ་བྱས་ཀྱང་། རྗེས་སུ་མཐར་མ་ཕྱིན་ནས་ཇེ་དམའ་ཇེ་དམའ་རུ་ཡོང་བའི་ཉེན་ཡོད་པས་གཟབ་པར་བྱ་བ་དང་། གྲུབ་རྟགས་ཆུང་ཆུང་རེ་ཐོན་པའམ་ཡང་ན་ཤེས་ཉམས་དང་རྩ་རླུང་གི་འདུ་བ་དམིགས་བསལ་བ་རེའི་རླུང་ཉམས་ཡོང་ན་དེ་ལ་རློམ་སེམས་སྤོང་དགོས་མ་གཏོགས། མཐར་ཐུག་བར་ཆད་བདུད་ཀྱི་རྟགས་སུ་འགྱུར་ནས་ཉམས་ལེན་གྱིས་ས་མི་ཟིན་པའི་ཉེན་ཡོད་པས་གཟབ་དགོས་པ་དང་། དམ་ཅན་སྲུང་མ་རང་འཁོར་ཡིན་ཡང་སྙིང་རྗེའི་སྒོ་ནས་བསྟན་དགྲ་འདུལ་བ་ལས། རང་འདོད་ཡིད་བྱེད་ཀྱིས་སྙིང་རྗེ་མེད་པའི་ཕྲིན་ལས་བཅོལ་ན། ཆོས་སྐྱོང་བའི་སྲུང་མ་རྣམས་ནི་ཆོས་སྐྱོང་མཁན་ཡིན་པས་ལས་དེ་འདྲ་མི་འགྲུབ་པས་མ་ཚད། མཐར་ཐུག་བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱི་རྩ་བ་ཆད་ནས་ལས་མཐའ་ལོག་པའི་ཉེན་ཡོད་པས་གཟབ་དགོས་པ་དང་། ལྟ་བ་དང་དགོངས་པ་མཐོ་ཟེར་ཡང་འཁོར་བར་ཞེན་པ་མ་ལོག་ན་མཐར་ཐུག་ཆོས་དྲེད་ཆོས་ཀྱིས་འདུལ་མི་ནུས་པའི་ལོག་ལམ་ལ་འགྲོ་བའི་ཉེན་ཡོད་པས་གཟབ་པར་བྱ་བ་དང་། ལྟར་སྣང་དུ་གཞན་འགྲོ་བའི་དོན་དུ་བརྩོན་ཁུལ་བྱས་ཀྱང་རང་འདོད་ཀྱི་འཁྲིས་ཞུགས་ནས་དེའི་འཁྲི་བ་མ་ཆོད་ན། རྟོག་ངན་དུག་རོ་ཁོང་དུ་ཡོད་ན། །འཆི་ཁ་ཚུན་ཆད་མི་མངོན་མི་སྲིད། །ཅེས་གསུངས་པ་བཞིན་དུ་མཐར་ཐུག་ཟོག་པོ་རྫུན་རྐྱལ་གྱི་གྲལ་དུ་སོང་ནས་བསྟན་དགྲ་རེད་པའི་ཉེན་ཡོད་པས་གཟབ་དགོས་སོ།།

༡༠༦ སྒྲིབ་པ་དྲུག་པོ་སྤོང་བའི་དགོས་པ་བསྟན་པ།

སྒྲིབ་པ་དྲུག་པོ་སྤོང་བའི་དགོས་པ་ནི།།

དམ་ཆོས་མི་འཛིན་སྤངས་པའི་སྒྲིབ་པ་ཡིན།།

བདུད་ལས་གང་ཡིན་མི་ཤེས་སྒྲིབ་པ་ཡིན།།

བླ་མའི་མོས་གུས་མེད་པ་སྒྲིབ་པ་ཡིན།།

མཆེད་གྲོགས་དག་སྣང་མེད་པ་སྒྲིབ་པ་ཡིན།།

ཐེག་མཆོག་ཞུགས་ལ་སྨོད་པ་སྒྲིབ་པ་ཡིན།།

སྒོ་གསུམ་ཉེས་སྤྱོད་གཡོ་སྒྱུ་སྒྲིབ་པ་ཡིན།།

དེ་དག་སྤངས་ནས་ཐར་ལམ་བསྒྲུབ་པ་གཅེས།།

ཞེས་གསུངས་པ་སྟེ། སྒྲིབ་པ་དྲུག་པོ་སྤོང་བའི་དགོས་པ་ནི། དམ་པའི་ཆོས་བསྐལ་བ་སྟོང་དུ་བཙལ་ཀྱང་རྙེད་པར་དཀའ་བ་འདི་ལྟ་བུ་ཐོབ་བཞིན་དུ་དེ་མི་འཛིན་པར་སྤངས་པ་ནི་རྨོངས་པས་བསྒྲིབས་ནས་མ་ཤེས་པའི་སྒྲིབ་པ་དང་། སྤང་བླང་ངོས་མི་འབྱེད་པ་ནི་བདུད་ཀྱི་ལས་གང་ཡིན་མི་ཤེས་པའི་སྒྲིབ་པ་འཐུག་པོ་ཡིན་པ་དང་། རང་ལ་དངོས་གྲུབ་འབྱུང་བའི་སྒོ་བླ་མ་ལ་སངས་རྒྱས་དངོས་མཐོང་གི་དད་པ་དང་མོས་གུས་ཀྱིས་ཕྱེ་མ་ཤེས་ནས་བྱིན་རླབས་ཀྱི་ཕ་ཕོག་འབྱུང་དུ་མེད་པ་ནི་སྒྲིབ་པ་འཐུག་པའི་དབང་གིས་ཡིན་པ་དང་། སྐལ་ལྡན་རྡོ་རྗེའི་མཆེད་ལྕམ་ལ་ལྷ་དང་ལྷ་མོར་ལྟ་བ་ལ་སོགས་པར་མི་ཤེས་པ་ཡང་སྒྲིབ་པའི་གནས་སུ་གྱུར་པ་ཡིན་པ་དང་། ཐེག་པ་མཆོག་གི་བསྟན་པ་ལ་ཞུགས་པ་དེ་སྔར་བསགས་བསོད་ནམས་ཀྱི་ས་བོན་སྔོན་ལ་སོང་བའམ་སྔོན་སྨོན་ལས་འཕྲོ་བཙན་པོ་སྟོབས་སུ་བདོ་བ་ཡིན་པས་ན་དེ་ལ་སྨོད་པར་བྱེད་པ་སོགས་ཀྱང་སྒྲིབ་པ་ཡིན་པ་དང་། སྒོ་ལུས་ངག་ཡིད་གསུམ་གྱི་ཉེས་པར་སྤྱོད་པ་དང་གཡོ་སྒྱུ་བྱེད་པ་དེ་དག་ནི་རང་གི་ཐར་ལམ་འགོག་པའི་སྒྲིབ་པ་འཐུག་པོ་ཡིན་པ་སྟེ། དེ་འདྲའི་སྒྲིབ་པ་འཐུག་པོ་དེ་དག་སྤངས་ནས་ཐར་ལམ་བསྒྲུབ་པ་ཤིན་ཏུ་གཅེས་སོ།།

༡༠༧ སྒྲིབ་བྲལ་རིན་ཐང་མཐའ་ཡས་ཆོས་དྲུག་བསྟན་པ།

སྒྲིབ་བྲལ་རིན་ཐང་མཐའ་ཡས་ཆོས་དྲུག་ནི།།

ལན་ལ་མི་རེ་སྦྱིན་པ་ཕྱོགས་མེད་གཏོང༌།།

སྲིད་པ་མི་གཉེར་ཚུལ་ཁྲིམས་རྣམ་དག་བསྲུང༌།།

སེམས་ཅན་མི་གཏོང་བྱམས་དང་སྙིང་རྗེ་སྐྱེ།།

དམ་ཆོས་ཤེས་པས་ནམ་ཡང་ངོམས་པ་མེད།།

རྙེད་བཀུར་མི་གཉེར་འགྲོ་ལ་ཆོས་རབ་སྟོན།།

ཕྱོགས་རིས་མི་བྱེད་ཀུན་ལ་སེམས་བཟང་སྙོམས།།

རབ་དགེ་འདི་འདྲའི་སྤྱོད་པ་དམ་པ་ལགས།།

ཞེས་གསུངས་པ་སྟེ། སྒྲིབ་བྲལ་རིན་ཐང་མཐའ་ཡས་ཆོས་དྲུག་ནི། ལན་དང་རྣམ་སྨིན་ལ་མི་རེ་བར་སྦྱིན་པ་ཕྱོགས་མེད་དུ་གཏོང༌བ་སྟེ། དེ་ཡང་ཁྱིམ་པ་ཡིན་ན་གཙོ་བོ་ཟང་ཟིང་གི་སྦྱིན་པ་གཏོང་བ་དང་། རབ་ཏུ་བྱུང་བ་ཡིན་ན་ཆོས་ཀྱི་སྦྱིན་པ་གཙོ་བོར་གཏོང་དགོས། མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་ནི་ཁྱིམ་པ་རབ་བྱུང་གཉིས་ཀས་གཏོང་དགོས། སྲིད་པ་མི་གཉེར་བར་སྲིད་ལས་ངེས་པར་འབྱུང་བའི་ཚུལ་ཁྲིམས་རྣམ་དག་བསྲུང༌དགོས་པས་མཐོ་རིས་དོན་གཉེར་བྱེད་པ་ནི་སྲིད་པ་དོན་གཉེར་ཡིན་པས། དེ་ལྟར་མིན་པའི་ཚུལ་ཁྲིམས་རྣམ་པར་དག་པ་བསྲུངས་ནས། སེམས་ཅན་གྱི་རིགས་སུ་གཏོགས་སོ་ཅོག་བློས་མི་གཏོང་བར་བྱམས་དང་སྙིང་རྗེ་བསྐྱེད་པ་དང་། རྒྱ་མཚོ་ཆུ་ཡིས་མི་ངོམས་པ་ལྟར་དུ་ཡོན་ཏན་གྱིས་མི་ངོམས་ཤིང་ཆོས་ཤེས་པ་ལ་ནམ་ཡང་བརྩོན་པ་མི་འདོར་ཞིང་ཆོག་མི་ཤེས་པ་དང་། དམ་པའི་ཆོས་སྟོན་པའི་གནས་སྐབས་སུ་རྙེད་དང་བཀུར་སྟི་ཞིག་ཨེ་ཡོང་བསམས་པའི་ཀུན་སློང་མེད་པར་འགྲོ་བ་ལ་ཆོས་རབ་ཏུ་སྟོན་པར་བྱེད་པ་སྟེ། དེ་ཡང་སེམས་ཅན་ལ་ཕན་འདོགས་འདོད་ཀྱི་བློ་དང་། རྙེད་བཀུར་ལ་མི་ལྟ་བར་འགྲོ་ལ་ཕན་འདོགས་པ་གཉིས་དོན་དུ་གཅིག་པ་དང་། འགྲོ་ལ་ཆོས་སྟོན་པ་དང་བསྟན་པ་འཛིན་སྐྱོང་གཉིས་ཀ་ཡང་དོན་དུ་གཅིག་ཡིན། སེམས་ཅན་གྱི་བདེ་སྐྱིད་ཐམས་ཅད་རྒྱལ་བའི་བསྟན་པ་ལས་འབྱུང་བ་ཡིན་ལ་དེ་ཉིད་འཛིན་པའི་སླད་དུ་འགྲོ་ལ་ཆོས་སྟོན་ན་སྤྱོད་པ་དམ་པ་ཡིན་ནོ། །རྫོགས་ཆེན་ལ་སོགས་པ་ཟབ་ཆོས་ཐུན་མིན་སྟོན་པའི་དུས་བབས་དང་བཀའ་ཁྲོལ་ཡོད་མེད་ནི་མ་གཏོགས་ལ་དེ་ལས་གཞན་ཐེག་པ་ཐུན་མོང་གི་ཆོས་དང་། ལས་རྒྱུ་འབྲས་ཀྱི་ཆོས་སྟོན་པ་ལ་ལྷག་བསམ་ཡོད་ཕྱིན་སྟོན་དགོས་པ་ཡིན། སེམས་ཅན་ལ་ཕན་པའི་བྱ་བ་ཞིག་སྒྲུབ་ན་དེ་ལ་ཁྱད་ཕྱེས་ནས་ཕྱོགས་དང་རིས་སུ་བཅད་པ་མི་བྱེད་པར་ཀུན་ལ་སེམས་བཟང་པོས་སྙོམས་པར་བྱེད་པ་སྟེ། རབ་ཏུ་དགེ་ཞིང་ལེགས་པ་འདི་འདྲའི་སྤྱོད་པ་དེ་དག་དམ་པ་ཡིན་ནོ།།

༡༠༨ ཐེག་ཆེན་བསྟན་པའི་ཡོན་ཏན་རྣམ་དྲུག་བསྟན་པ།

ཐེག་ཆེན་བསྟན་པའི་ཡོན་ཏན་རྣམ་དྲུག་ནི།།

བཤེས་གཉེན་བསྟེན་ལ་གཡེལ་བ་མེད་པ་དང༌།།

སེམས་ཅན་དོན་བྱེད་སྐྱོ་དུབ་མེད་པ་དང༌།།

གནས་ལུགས་རྟོགས་ཀྱང་ང་རྒྱལ་མེད་པ་དང༌།།

དོན་དུ་མི་འགྱུར་རྙེད་པ་སྤོང་བ་དང༌།།

ཟབ་མོའི་དོན་ལ་སྐྲག་པ་མེད་པ་དང༌།།

དགེ་ཚོགས་སྒྲུབ་ལ་ཆོག་ཤེས་མེད་པའོ།།

ཞེས་གསུངས་པ་སྟེ། ཐེག་ཆེན་བསྟན་པའི་ཡོན་ཏན་རྣམ་དྲུག་ནི། དགེ་བའི་བཤེས་གཉེན་མེད་ན་ཐར་བའི་ལམ་རྙེད་པ་མིན་པས་དེ་ཉིད་བསྟེན་པ་ལ་དུས་དང་གནས་སྐབས་ལས་གཡེལ་བ་མེད་པ་དང༌། སེམས་ཅན་གཅིག་གི་དོན་ལ་བསྐལ་བ་བརྒྱར་དམྱལ་བར་གནས་དགོས་ཀྱང་ཡི་ཆད་དང་སྐྱོ་དུབ་མེད་པ་སྟེ། དེ་ཡང་ལས་དང་པོ་པས་དེ་འདྲ་དེ་སྨོན་པའི་ཡུལ་དུ་བྱས་ནས་གང་ཐུབ་ཅི་ནུས་ཀྱིས་སེམས་ཅན་གྱི་དོན་བྱེད་དགོས་པ་ཡིན། ང་རྒྱལ་ཡོད་ན་གནས་ལུགས་རྟོགས་མེད་པའི་རྟགས་ཡིན། ཕྲན་བུའི་གོམས་པ་སྟོབས་སུ་གྱུར་ཡོད་ན་ཡང་ང་རྒྱལ་མེད་པ་དང༌། གཞན་དོན་དུ་གྱུར་ན་ལུས་ངག་གི་བདུན་ཡང་གནང་བ་ཡིན་པས་གཞན་དོན་མ་གཏོགས་རང་འདོད་མེད་ན་བྱང་ཆུབ་སེམས་དཔའི་མཛད་སྤྱོད་ཡིན། གཞན་དོན་དུ་མ་གྱུར་ན་རྙེད་པ་སྤོང་བར་བྱེད་པ་དང་། གསང་བ་ཟབ་མོའི་དོན་གོ་བ་ལ་སྐྲག་པ་མེད་པའི་བཟོད་པ་ཡོད་པ་དང༌། རྣམ་དཀར་དགེ་བའི་ཚོགས་སྒྲུབ་པ་ལ་དེས་ཆོག་གི་དེ་ཙམ་ལས་མི་འགྲུབ་པས་མི་དགོས་སྙམ་པའི་ངོམས་པའམ་ཆོག་ཤེས་མེད་པའོ།།

༡༠༩ ཉོན་མོངས་དགྲ་ཆེན་གཞོམ་པའི་ཆོས་དྲུག་བསྟན་པ།

ཉོན་མོངས་དགྲ་ཆེན་གཞོམ་པའི་ཆོས་དྲུག་ནི།།

ཉིན་འགའི་དགེ་སྦྱོར་ཉོན་མོངས་མི་ཕྱེད་པས།།

སྒྲུབ་པ་རྒྱུན་བསྲིང་ངང་ཐུང་མེད་པ་གཅེས།།

ཐོག་མེད་ཉོན་མོངས་ཤིན་ཏུ་གདུལ་དཀའ་བས།།

གཉེན་པོ་རབ་ཟབ་ཐབས་བཅས་བསྟེན་པ་གཅེས།།

བདག་འཛིན་གཞིག་དཀའ་གཟུང་འཛིན་རླབས་ཆེ་བས།།

ཚོགས་གཉིས་དཔུང་བསྐྱེད་དགེ་ལ་འབད་པ་གཅེས།།

འཁོར་བའི་གཅོང་ནད་ཡུན་རིང་སྦྱང་དཀའ་བས།།

འཚོ་བྱེད་བླ་མ་རྟག་ཏུ་བསྟེན་པ་གཅེས།།

དུག་ལྔའི་མེ་དཔུང་རབ་ཏུ་གཞིལ་དཀའ་བས།།

བྱང་ཆུབ་སེམས་བསྐྱེད་རྒྱ་མཚོ་བསྟེན་པ་གཅེས།།

ལས་ངན་བསགས་པའི་བགྲོད་ལམ་མཐུར་བྱེད་པས།།

ཐར་བའི་སྐས་ལ་ཡར་ལ་འཛེག་པ་གཅེས།།

ཞེས་གསུངས་པ་སྟེ། ཉོན་མོངས་དགྲ་ཆེན་གཞོམ་པའི་ཆོས་དྲུག་ནི། རྟ་སར་རྒྱུག་སྐབས་དང་པོ་མི་ཐུབ་འདུག་ཁུལ་བྱེད་ཀྱང་། ཡུན་མི་རིང་བར་ཐང་ཆད་འགྲོ་བ་ལྟ་བུའི་ཉིན་འགའི་དགེ་སྦྱོར་གྱིས་ཉོན་མོངས་དང་རང་རྒྱུད་སོ་སོར་མི་ཕྱེད་པས་སྒྲུབ་པ་ཉམས་ལེན་བྱེད་ཚེ་རྒྱུན་བསྲིང་ངང་ཐུང་མེད་པ་གཅེས་པ་ཡིན་པ་དང་། ཐོག་མེད་ནས་གོམས་པའི་ཉོན་མོངས་པ་བག་ཆགས་ཤུགས་དྲགས་པོ་གོམས་ཕྱིར་ཤིན་ཏུ་གདུལ་དཀའ་བས། གཉེན་པོ་རབ་ཟབ་དཔེར་ན་ཞེ་སྡང་གི་གཉེན་པོ་ལ་བཟོད་པ་སྒོམ་ཅིང་ཐབས་ཟབ་མོར་བསྟེན་ན་མྱུར་ཁྱད་དང་ནུས་པ་ལྷག་ཏུ་ཐོན་པ་ཡིན་པས། གཉེན་པོ་དང་བསྟེན་ཐབས་གཉིས་ཀ་ལ་གཟབ་པར་གཅེས་པ་དང་། རྡོ་རྗེ་དོ་ཧ་ལས་ཀྱང་། དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །ཚོགས་བསགས་སྒྲིབ་པ་དག་པའི་ལག་རྗེས་དང་། །རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། །ཐབས་གཞན་བསྟེན་པ་རྨོངས་པར་ཤེས་པར་བྱ། ཞེས་གསུངས་པ་ལྟར། བདག་ཏུ་འཛིན་པ་ནི་གཞིག་དཀའ་ཞིང་གཟུང་འཛིན་རླབས་ཆེ་བས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་དཔུང་བསྐྱེད་པ་གལ་ཆེ་བས་དེ་ལ་འབད་པར་བྱེད་པར་གཅེས་པ་དང་། འཁོར་བའི་གཅོང་ནད་ནི་ན་ཡུན་རིང་ཞིང་། ན་ལུགས་ངན་པ་དང་། བག་ཆགས་གཏིང་ཟབ་པའི་སྟོབས་ཀྱིས་སྦྱང་དཀའ་བ་ཞིག་ཡིན་ཕྱིར། འཚོ་བྱེད་སྨན་པ་ལྟ་བུའི་བླ་མ་མཁས་པ་ལ་རང་མགོ་ཐོན་ནས་ཁེར་རྐྱ་འཕེར་བ་མ་གྱུར་བར་དུ་རྟག་ཏུ་བསྟེན་པར་ཤིན་ཏུ་གཅེས་པ་དང་། རང་འདོད་མ་འདྲེས་པའི་བྱང་ཆུབ་ཀྱི་སེམས་སྐྱེས་ན་དུག་ལྔའི་མེ་དཔུང་ཡིན་ཡང་གཞིལ་ཐུབ་པ་དང་། ངེས་པའི་སྡིག་པ་ཟིལ་གྱིས་གནོན་པ་དང་། མ་ངེས་པའི་སྡིག་པ་དྲུངས་ནས་འབྱིན་པ་དང་། གཞན་དོན་གྱི་ཞོར་དུ་རང་དོན་ཡང་འགྲུབ་པ་ཡིན་པས། བྱང་ཆུབ་སེམས་བསྐྱེད་རྒྱ་མཚོར་བསྟེན་པ་གཅེས་པ་དང་། ལས་ངན་བསགས་པ་ནི་ངན་གོམས་ཀྱི་བག་ཆགས་ཤུགས་དྲགས་པས་ཆུ་རྒྱུན་དང་མཚུངས་པར་ཐུར་དུ་རྒྱུག་སླ་བ་དང་། སློབ་མི་དགོས་པར་ཤེས་བདེ་བ་ཡིན་པ་དང་། ཡར་ཐར་ལམ་སྙེགས་ནས་བསོད་ནམས་བསག་པ་དེ་མ་གོམས་ན་དཀའ་བ་ཡིན་ཡང་ཐུར་ལ་མི་འབབ་པར་ཡར་ལ་འཛེག་པ་ནི་གཅེས་སོ།།

༡༡༠ སྡེ་སྣོད་བསླབ་གསུམ་ཁྱད་པར་ཆོས་དྲུག་བསྟན་པ།

སྡེ་སྣོད་བསླབ་གསུམ་ཁྱད་པར་ཆོས་དྲུག་ནི།།

ཉན་ཐོས་སྡེ་སྣོད་སྟོན་ལས་སྒྲའི་རྗེས་འབྲང༌།།

རང་རྒྱལ་རང་རྟོགས་རྟེན་འབྲེལ་ནང་ནས་འཆར།།

བྱང་སེམས་རང་གཞན་ཡེ་ཤེས་མཐའ་ཡས་ལྡན།།

ཉན་ཐོས་བསླབ་པ་ཕྱོགས་གཅིག་རང་རྒྱུད་ཙམ།།

རང་རྒྱལ་བར་མ་རང་དོན་ལྷུར་ལེན་ཞིང༌།།

བྱང་སེམས་སྙིང་རྗེ་ངེས་པར་འབྱུང་བ་ཡིན།།

ཅེས་གསུངས་པ་སྟེ། སྡེ་སྣོད་བསླབ་གསུམ་ཁྱད་པར་ཆོས་དྲུག་ནི། ཉན་ཐོས་ནི་སྡེ་སྣོད་སྟོན་པ་ལས་ཐོས་ནས་སྒྲའི་རྗེས་སུ་འབྲང༌ཞིང་། ཐོས་ནས་གཞན་ལ་སྒྲོག་པ་ཉན་ཐོས་ཞེས་བྱ་བ་དང་། རང་རྒྱལ་གྱིས་གཞན་གྱི་སྒྲའི་རྗེས་སུ་མི་ལྟོས་པར་སྔོན་གྱི་སྨོན་ལམ་གྱི་དབང་ལས་རང་གི་རྟོགས་པ་ནང་ནས་འཆར་ཏེ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལུགས་འབྱུང་ལྡོག་ཏུ་བསྒོམས་པས་སྲིད་རྩ་དྲུངས་ནས་འབྱིན་པའི་ཡོན་ཏན་ནང་ནས་ཚུར་འཆར་བ་དང་། བྱང་སེམས་ནི་རང་གཞན་ཐམས་ཅད་ཀྱི་དོན་བྱས་པའི་རྟོགས་པའི་ཡེ་ཤེས་ཚད་མེད་མཐའ་ཡས་དང་ལྡན་པ་དང་། ཉན་ཐོས་བསླབ་པ་ཕྱོགས་གཅིག་ཞི་བ་དོན་གཉེར་གྱི་ཐོག་ནས་རང་རྒྱུད་འདུལ་བ་ཙམ་ཞིག་ཡིན་པ་དང་། རང་རྒྱལ་བར་མའམ་སྐྱེས་བུ་འབྲིང་རང་དོན་ལྷུར་ལེན་ཞིང༌། བྱང་སེམས་གང་སྙིང་རྗེས་ཀུན་ནས་བསླངས་པ་ཞིག་མིན་ན་ཐེག་ཆེན་བྱང་ཆུབ་སེམས་དཔའི་ལམ་མིན་པ་དང་། གང་བྱང་ཆུབ་སེམས་དཔའི་ལམ་དང་ཐེག་པ་ཆེན་པོའི་ལམ་ཡིན་ན་སྙིང་རྗེས་ཀུན་ནས་བསླངས་པའི་ལམ་ཡིན་པས་ཁྱབ་ཕྱིར། སྐྱེས་བུ་ཆུང་འབྲིང་ཆེ་གསུམ་གྱི་ལམ་དེ་སྡེ་སྣོད་གསུམ་དང་བསླབ་གསུམ་ཉམས་སུ་ལེན་པ་ཡིན་ཡང་། བསླབ་གསུམ་ཉམས་ལེན་གྱི་རྟོགས་རིགས་ཀྱི་ཐད་ནས་ཁྱད་པར་ཡོད་པ་ཡིན་ནོ།།

༡༡༡ འཇིག་རྟེན་སྐྱོན་དུ་ལྟ་བའི་ཆོས་དྲུག་བསྟན་པ།

འཇིག་རྟེན་སྐྱོན་དུ་ལྟ་བའི་ཆོས་དྲུག་ནི།།

སྙན་གྲགས་འབྲུག་སྒྲ་འདྲ་བས་དགའ་བ་སྤང༌།།

ལོངས་སྤྱོད་སྤྲིན་དང་འདྲ་བས་ཞེན་པ་སྤང༌།།

ཉེ་འཁོར་རྒན་འཁོགས་བུ་འདྲ་རེ་བ་སྤང༌།།

ཡུལ་ཁྱིམ་མགྲོན་ཁང་འདྲ་བས་རི་ཁྲོད་འགྲིམ།།

བདེ་སྐྱིད་རྨི་ལམ་འདྲ་བས་བདེན་མ་འཛིན།།

ཐམས་ཅད་བོར་ནས་འགྲོ་བས་ཆགས་ཞེན་སྐྱུངས།།

དེ་ལྟར་བྱས་ན་ཇེ་བདེར་འགྱུར་བ་ཡིན།།

ཅེས་གསུངས་པ་སྟེ། འཇིག་རྟེན་སྐྱོན་དུ་ལྟ་བའི་ཆོས་དྲུག་ནི། སྙན་གྲགས་ནི་འབྲུག་གི་སྒྲ་ཡུན་ཐུང་ཞིང་མེད་པར་འགྱུར་བ་དང་འདྲ་བས། སྙན་གྲགས་དོན་གཉེར་གྱིས་མི་ཚེ་འཛད་པ་ནི་དོན་མེད་ཡིན་པས་དེ་ལ་དགའ་བ་སྤང༌བར་བྱ་བ་དང་། རྒྱུ་ནོར་ལོངས་སྤྱོད་ནི་རྟག་བརྟན་མེད་པར་ད་ལྟ་ཡོད་ཀྱང་ད་ལྟ་མེད་པ། དཔེར་ན་སྤྲིན་ད་ལྟ་ཡོད་ཕྱོགས་ལ་ད་ལྟ་མེད་པ་དང་འདྲ་བས་ཞེན་ཆགས་མི་བྱེད་པ་དང་། ཉེ་འཁོར་ན་ཡོད་པའི་གཉེན་བཤེས་ལ་སོགས་པ་འདི་དག་ཐམས་ཅད་ནི་མི་རྒན་འཁོགས་ཀྱིས་བུ་ཆུང་འདིས་ང་ཨེ་སྐྱབས་སྙམ་ཡང་བུ་ནར་སོན་དུས་རྒན་འཁོགས་ཤི་ནས་མེད་པར་འགྱུར་བ་ལྟ་བུ་ཡིན་པས་རེ་བ་སྤང༌བར་བྱ་བ་དང་། ཡུལ་ཁྱིམ་ནི་མགྲོན་པོའི་མགྲོན་ཁང་ཞག་གཅིག་ནས་བསྐྱུར་བྱ་ཡིན་པ་དང་འདྲ་བས་དེ་ལ་རང་ཡུལ་དང་རང་ཁྱིམ་ལ་སོགས་པའི་བདེན་ཞེན་མ་ཆེ་བར་རི་ཁྲོད་འགྲིམས་ནས་ཕ་ཡུལ་རྒྱབ་ཏུ་བསྐྱུར་ན་ཆོས་བསྒྲུབས་པའི་ཡོན་ཏན་མང་པོ་ཐོབ་ཏུ་ཡོད་པ་ཡིན་པ་དང་། མདང་དགོང་བདེ་སྐྱིད་ཀྱི་འཚོ་བར་རོལ་བའི་རྨི་ལམ་རྨིས་ཀྱང་དེ་རིང་མེད་པ་དང་འདྲ་བས་བདེ་སྐྱིད་ལ་བདེན་པར་མི་འཛིན་པ་དང་། ནོར་ལོངས་སྤྱོད་འཁོར་འབངས་ཉེ་དུ་ཐམས་ཅད་བསྐྱུར་ནས་ཕྱི་མའི་ལམ་ཆེན་ཕྱིར་ལོག་ཏུ་མེད་པའི་ཆ་མེད་ཀྱི་ཡུལ་དུ་འགྲོ་བས་ཆགས་ཞེན་བསྐྱུང་བར་བྱ་སྟེ། དེ་ལྟར་ཆགས་ཞེན་ཐམས་ཅད་སྐྱུང་བར་བྱེད་ན་སྡུག་བསྔལ་ཇེ་ཆུང་ལ་སོང་ནས་ཇེ་བདེ་ཇེ་བདེ་རུ་འགྱུར་བ་ཡིན་ནོ།།

༡༡༢ ཆོས་བྱེད་རྣམས་ཀྱི་བྱར་དགོས་རྣམ་དྲུག་བསྟན་པ།

ཆོས་བྱེད་རྣམས་ཀྱི་བྱར་དགོས་རྣམ་དྲུག་ནི།།

གང་དུ་སྐྱེས་ཀྱང་གཞན་དོན་འགྲུབ་དགོས་པས།།

སེམས་བསྐྱེད་སྨོན་ལམ་རྒྱ་ཆེན་སྦྱང་བར་བྱ།།

སྐྱིད་ན་ཆོས་ཀྱི་བྱིན་རླབས་ཤེས་དགོས་པས།།

ཕན་ཡོན་བསམས་ལ་ནན་ཏན་བརྩོན་པར་བྱ།།

སྡུག་ན་སྔོན་གྱི་ལས་སུ་ཤེས་དགོས་པས།།

རྒྱུ་འབྲས་བསམས་ལ་བློ་སྦྱོང་སྙིང་པོར་བྱ།།

ན་ན་དགེ་སྦྱོར་རྩལ་སྦྱོང་ཤེས་དགོས་པས།།

མ་ན་བ་ལ་རིག་པ་གཅུན་པར་བྱ།།

རྒས་ན་བློ་སེམས་བདེ་བ་ཅིག་དགོས་པས།།

གཞོན་དུས་བསགས་སྦྱོང་ལས་ལ་འབད་པར་བྱ།།

ཤི་ན་བྱ་བ་རྫོགས་པ་ཅིག་དགོས་པས།།

མ་ཤི་བར་ལ་འབྲེལ་ཐག་གཅད་པར་བྱ།།

འདི་དག་སྙིང་ནས་བསླབ་པའི་ཆོས་སུ་སྣང༌།།

ཞེས་གསུངས་པ་སྟེ། ཆོས་བྱེད་རྣམས་ཀྱི་བྱར་དགོས་རྣམ་དྲུག་ནི། ཐེག་པ་ཆེན་པོའི་ཆོས་སྒོ་ལ་ཞུགས་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཡོད་པ་ཞིག་ཡིན་ཚེ། གང་དུ་སྐྱེས་ཀྱང་གཞན་དོན་འགྲུབ་དགོས་ལ། དེ་འགྲུབ་པར་བྱེད་པ་ལ་སེམས་བསྐྱེད་སྨོན་ལམ་གཉིས་ཀ་མེད་དུ་མི་རུང་བ་ཡིན་པས་སྨོན་ལམ་དག་པས་མཚམས་སྦྱར་དགོས་ཤིང་། དེ་ཡང་སེམས་ཅན་གྱི་དོན་དང་བསྟན་པའི་དོན་གཉིས་གཅིག་ཡིན་ཕྱིར་དམ་པའི་ཆོས་འཛིན་པའི་སྨོན་ལམ་བཏབ་ན་སྨོན་ལམ་ཐམས་ཅད་ཀྱི་གནད་དེ་ལ་འདུས་པ་ཡིན་ནོ། །ཚ་བའི་དུས་སུ་བསིལ་རླུང་གི་རེག་བྱ་འཇམ་པོ་ཞིག་ཡོང་བ་དང་། གྲང་བའི་དུས་ན་ཉི་འོད་དྲོ་བ་ཞིག་ལ་ལྡེ་རྒྱུ་བྱུང་ནའང་བླ་མ་དཀོན་མཆོག་གི་བྱིན་རླབས་ཡིན་པར་ཤེས་པར་བྱ་དགོས་པས། ཆོས་ཀྱི་ཕན་ཡོན་བསམས་ལ་དེ་བས་ལྷག་ཏུ་ནན་ཏན་གྱིས་བརྩོན་པར་བྱ་བ་དང་། སྡུག་ན་རང་གི་སྔར་བསགས་ཀྱི་འབྲས་བུ་རང་ཐོག་ཏུ་སྨིན་པ་ཤེས་དགོས་པས། རྒྱུ་འབྲས་བསླུ་མེད་ཀྱི་ཚུལ་ལ་བསམ་བློ་བཏང་ནས་བློ་སྦྱོང་བྱེད་པ་ལ་སྙིང་པོར་བྱ་དགོས། དེ་ཡང་རང་ཉིད་ལ་བདེ་སྡུག་གང་བྱུང་ན་དེ་བེད་སྤྱད་ཤེས་དགོས། བེད་སྤྱོད་ཇི་ལྟར་བྱེད་དགོས་ན་བདེ་བ་བྱུང་ན་དེ་ལྟ་བུའི་བདེ་བ་དེ་གཞན་སེམས་ཅན་ཡོངས་ལ་ཐོབ་པར་གྱུར་ཅིག་བསམ་པ་དང་། སྡུག་བསྔལ་བྱུང་ན་སྡུག་བསྔལ་འདི་ལྟ་བུ་སེམས་ཅན་གཅིག་ལ་ཡང་མི་འབྱུང་བར་ཤོག་ཅིག་བསམ་པ་དང་། བདེ་སྡུག་གཏོང་ལེན་རང་འདོད་དང་མ་འདྲེས་པ་ཞིག་དགོས་སོ། །ན་ན་དགེ་སྦྱོར་གྱི་རྩལ་སྦྱོང་ཤེས་པ་ཞིག་དགོས་པས། དེ་ཤེས་པ་ལ་ད་ལྟ་མ་ན་བའི་སྐབས་ལ་རིག་པ་གཅུན་པར་བྱ་ཞིང་ཉམས་ལེན་གྱི་གནད་ལ་སྦྱོང་ནས་ན་བས་མི་ཚད་ཤི་བ་ཐོག་ལ་བབས་ཀྱང་དགེ་སྦྱོར་བསྒྲུབས་པ་ལས་ལ་སྦྱར་ཤེས་པ་ཞིག་བྱེད་དགོས་པ་དང་། རྒས་པའི་དུས་ན་ད་ཤི་རན་པས་ཅི་བྱེད་སྙམ་ནས་འཚུབ་མི་ལང་བར་བློ་སེམས་བདེ་བ་ཞིག་དགོས་པས། རྒས་དུས་བློ་སེམས་བདེ་བར་བྱེད་པ་རུ་གཞོན་དུས་བསོད་ནམས་གསོག་པ་དང་སྡིག་པ་སྦྱོང་བ་ལ་སོགས་པའི་ལས་ལ་འབད་པར་བྱ་དགོས། ཤི་ན་བྱ་བ་རྫོགས་པ། འདི་འགྲུབ་མ་སོང་སྙམ་པའི་བློ་ལྷག་མེད་པ་ཞིག་དགོས་པས་བྱ་བའི་མཐའ་ཞེས་པ་རྫོགས་སུ་མེད་པ་ཡིན་ཡང་མ་ཤི་བའི་སྐབས་སུ་འཇིག་རྟེན་ཚེ་འདིའི་ཞེན་ཆགས་ཀྱི་འབྲེལ་ཐག་གཅོད་པར་བྱེད་པ་སྟེ། འདི་དག་ནི་ཁ་བཤད་ཙམ་གྱིས་མི་ཡོང་བར་དོན་གྱི་སྟེང་ནས་ཟིན་ཤག་ཤག་གི་སྙིང་ནས་བསླབས་ཏེ་བསྒྲུབ་དགོས་པའི་ཆོས་སུ་སྣང༌ངོ་། །དེ་རིང་འདི་དག་སྙིང་ནས་བསླབ་པའི་ཆོས་སུ་སྣང༌། །ཞེས་པ་འདིར་བཞག་ནས་སང་ཉིན་གདམས་ངག་དྲུག་གིས་གནད་དུ་བརྡེག་པ་ནི། །ཞེས་པ་ནས་བཤད་རྒྱུ་བྱེད། གོང་ནས་ཞུས་པ་ལྟར་དུ་རྒྱལ་བ་ཀློང་ཆེན་པའི་གསུང་ཆོས་སྐུའི་རིང་བསྲེལ་མཛོད་ཆེན་བདུན་འདི་རྒྱལ་བའི་སྐུ་གསུང་ཐུགས་དང་གཉིས་སུ་མ་མཆིས་ཤིང་། རྒྱལ་བ་དངོས་བྱོན་དང་འདྲ་བའི་མཐོང་གྲོལ་ཐོས་གྲོལ་གཉིས་ཀ་ཡིན་པས། སངས་རྒྱས་དངོས་ཀྱི་གཟུགས་སྐུ་མཇལ་བ་དང་། གསུང་ཐོས་པ་དང་། ཐུགས་ཀྱི་བྱིན་རླབས་འཕོ་ལ་ཕྱོགས་ནས་ཡོད་པ་ལྟ་བུ་ཞིག་ཡིན་པས། འདིའི་ཚིག་གཅིག་ཐོས་པ་ཡང་བྱིན་རླབས་ཆེ་ཞིང་། བསོད་ནམས་མི་ཟད་པའི་སྐལ་བ་དང་ལྡན་པ་ཡིན་ཡང་གཙོ་ཆེར་ཐོས་པ་ཙམ་གྱིས་ཆོག་པར་མི་འཛིན་པར། ཐོས་བསམ་སྒོམ་གསུམ་གྱི་རིམ་པ་དང་བསྟུན་ནས་གནད་རང་རྒྱུད་ལ་སྦྱར་ན། དལ་རྟེན་དོན་ཡོད་དུ་བྱེད་པ་ལ་འདི་ལས་ལྷག་པ་ཞིག་མེད་པ་ཡིན། ཁྱད་པར་དུ་མན་ངག་མཛོད་འདི་ནི། ཚིག་ཉུང་དོན་བསྡུས་མན་ངག་གོ །ཞེས་གསུངས་པ་བཞིན་དུ་གཏིང་ཟབ་པའི་བརྗོད་བྱའི་དོན་དེ་ཉིད་རྒྱ་ཆེ་བའི་རྗོད་བྱེད་ཀྱི་ཚིག་གིས་བསྙད་ནས་ཚིག་ཉུང་དོན་བསྡུས་ཀྱི་ཡང་བཅུད་དུ་དྲིལ་ནས་བསྟན་པའི་མན་ངག་ཡིན། འོ་ན་འདིས་བརྗོད་བྱའི་དོན་གང་དང་གང་བསྡུས་ཡོད་ཅེ་ན། རྒྱལ་བས་གསུངས་པའི་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་ངམ། མཐའ་ཡས་རབ་འབྱམས་དཔག་མེད་ཀྱི་ཞིང་ན་བཞུགས་པའི་རྒྱལ་བའི་བཀའི་སྙིང་དོན་ཚང་མ་འདིར་བསྡུས་ནས་ཡོད། འདི་ལྟ་བུའི་ཚིག་ཉུང་ཞིང་གོ་སླ་ལ་ཉན་བདེ་བས་མ་ཚད། ཟབ་དང་རྒྱ་ཆེའི་དོན་ཀུན་འདུས་པའི་གཞུང་བཟང་འདི་ནི་འཇིག་རྟེན་གྱི་མིག་གཅིག སྲིད་པའི་སྒྲོན་མེ། རྙེད་དུ་མེད་པའི་རིན་བྲལ་གྱི་ནོར་བུ་ཡིན་པས། འདི་ཉན་ལོ་དང་ཐོས་ལོ་ཙམ་རེས་ཆོག་པར་འཛིན་ན་ཆུད་ཟོས་སུ་བཏང་བ་ཡིན་པས། གཞུང་བཟང་འདི་འདྲ་མཇལ་དུ་ཡོད་པ་དང་། ལམ་བཟང་འདི་རྙེད་དུ་ཡོད་པ་དང་། འདི་ལྟ་བུའི་བརྒྱུད་པའི་བྱིན་རླབས་བར་མ་ཆད་པ་འཐོབ་ཏུ་ཡོད་པའི་སྐབས་འདིར། ཚིག་དང་དོན་གྱི་རོ་བཅུད་ཕུན་ཚོགས་དེ་མྱོང་བའི་ཆེད་དུ། དངོས་ཤུགས་བརྒྱུད་གསུམ་གྱི་བསྟན་དོན་ལ་ཐོས་བསམ་སྒོམ་པའི་ཤེས་རབ་ཀྱིས་ཞུན་ཐར་བཅད་ནས་གཏན་ལ་ཕབ་ན། འདིའི་དྲུག་ཚན་རེས་ཀྱང་རྒྱལ་བའི་ཆོས་མཛོད་རྫོགས་པར་བསྟན་པ་ཡིན་པས། ཆོས་ཚུལ་རབ་འབྱམས་ལ་ལྟ་བའི་བློ་མིག་འབྱེད་པའི་དགོས་གནད་ཅིའི་ཕྱིར་མི་ལྡན། ལྟ་བའི་སྐབས་སུ་ཡང་ལོ་བརྒྱ་ཕྲག་ཁ་ཤས་ཀྱི་སྔོན་གྱི་བླ་མ་ཞིག་གིས་དེ་འདྲ་གསུངས་འདུག་བསམས་ནས་རྒྱང་གི་ལྟད་མོ་ལ་གཞག་བྱ་ཞིག་མ་ཡིན་ཏེ། འདི་དུས་ཕྱི་རབས་ཀྱི་འགྲོ་བ་རང་རེ་རྣམས་ལ་ཐུགས་བརྩེ་བས་བགོ་སྐལ་དུ་བཞག་པ་ཞིག་ཡིན་པའི་ཕྱིར། འདིའི་དོན་ལ་དཔྱད་ནས་གཏན་ལ་འབེབས་པའི་སྐབས་སུ་ཡང་། སྤྱིའི་བརྗོད་བྱ་ལ་བརྟགས་ཤིང་དཔྱད། བྱེ་བྲག་མན་ངག་རེ་རེའི་བསྟན་དོན་གྱི་གནད་ཕུད། དེང་སང་གི་དུས་དང་སྦྱར། བསྟན་པ་སྤྱིའི་འཕེལ་འགྲིབ་དང་སྦྲེལ། སྐྱེ་འགྲོའི་དར་རྒུད་ལེགས་ཉེས་ཀྱི་འདུན་མ་སྤྱི་ལ་སྦྱར་བས་མི་ཚད། རང་ཉིད་ཀྱི་ཚེ་སྟོད་ཚེ་སྨད་ཀྱི་འགྱུར་བ། ཁོར་ཡུག་གི་སྣང་ཚུལ། ཕྱིན་ཆད་ཀྱི་འདུན་མ། འདི་དང་ཕྱི་མའི་རེ་ལྟོས་དང་རྒྱབ་རྟེན། གང་ས་ཅི་ཐད་ལ་སྦྱར་ནས་ཆོས་ཞུས་པའི་སྙིང་པོ། མན་ངག་ཐོབ་པའི་དགོས་པ་དེ་སྔར་མེད་ཀྱི་དྲོད་ཚད་འདི་བླངས་ཡོད་བསམས་པའི་སེམས་རྟེན་ཞིག་ཐོབ་དགོས་པ་ཡིན། ཁྱད་པར་དུ་དགེ་བསྙེན་ཕོ་མོ་དག་གིས་འདི་ཐོབ་ཐུབ་པ་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན་ཡང་། ཐམས་ཅད་ལ་འདིའི་བསོད་ནམས་ཅི་ཡོད་དེ་ཉན་མཁན་ནི་རྡོག་མ་ཁ་ཤས་ཤིག་ལས་མེད་པ་རེད། ཁྱེད་རྣམས་ཀྱིས་གསོལ་བ་དང་སྨོན་ལམ་ཐོབ། ཚིག་རེ་ཡིན་ཡང་ཨེ་གོ་ལྟ་བ་ལ་ཉེར་ལེན་གྱིས་དང་། དབང་ལུང་བསྙེན་སྒྲུབ་མེད་ཅིང་། བསྐྱེད་རྫོགས་མ་དགོས་ཚིག་རྗེས་དོན་དྲན་ཙམ་ཡང་མི་ཤེས་པ། དེར་མ་ཟད་ཆོ་གའི་ཡན་ལག་གི་མགོ་མཇུག་མི་ཚང་ཞིང་། དག་དྲན་ཙམ་ཡང་མི་ཤེས་པ་ཁ་ཤས་ཀྱིས་གནས་སྟོང་མང་རབ་ཅིག་སྐུར་བ་ལས་འདིས་དགའ་བ་ཡིན། མདོར་ན། གདམས་ངག་ཟགས་སུ་མ་འཇུག་སྙིང་གཏམ་ཡིན། །གསུངས་པ་བཞིན་དུ་འདི་ཉམས་ལེན་གྱི་གནད་དུ་སྨིན་ཐབས་རེ་ཚང་མས་མ་འཕྱུག ངས་རྩ་བའི་བླ་མ་བཀའ་དྲིན་ཅན་འཇིགས་མེད་རྟ་མགྲིན་ཡོན་ཏན་མགོན་པོའི་མདུན་ནས་ཐོབ་པས་མ་ཟད། རྫོགས་ཆེན་མཁན་པོ་ལྷ་རྒྱལ་ལམ་ས་འདིའི་བརྗོད་ཚུལ་ལྟར་ན་ཨ་བུ་ལྷ་སྒང་ཚང་གི་དོན་བརྒྱུད་ཀྱི་བྱིན་རླབས་ཀྱང་ཆུ་བོ་གཅིག་འདྲེས་སུ་ཚང་ཡོད། སང་ཉིན་ནས་བསྐལ་མང་གོང་ནས་གཡོ་སྒྱུ་སྤངས་པའི་ཐུགས། །ཞེས་པའི་སྨོན་ལམ་དེའི་ཕྱག་དཔེ་སྣོམས་ཤོག མཛོད་བདུན་གྱི་ཆོས་ཁྲིད་ལ་དེ་འདོན་དགོས། དེའི་སྨོན་ལམ་དེ་དང་སྦྲགས་ནས་ཨ་བུ་ལྷ་སྒང་ཚང་གི་ཐུགས་རྩེ་ང་ལ་གཏད་པ་ཡིན་པས་བྱིན་རླབས་ཀྱི་ཚན་ཁ་ལྷག་པར་དུ་ཆེ་བ་ཡིན། དགེ་བསྙེན་རྣམས་ཀྱིས་ད་རེས་སྐབས་འདིར་ཕྱག་དང་སྐོར་བ་ལ་གནད་ཆེན་མ་འཛིན་པར་མན་ངག་འདི་ལ་བལྟས་ནས་བསམ་པ་བཟང་པོ་ནས་མགོ་འཛིན་ཏེ་སྙིང་རྗེའི་སེམས་རེ་རྒྱུད་ལ་ཨེ་སྐྱེ་ལྟོས། དེ་སྐྱེས་ན་རིམ་གྱིས་སྨོན་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་ལ་སློབ་དང་ཚོགས་གསོག་སྒྲིབ་སྦྱོང་ཐམས་ཅད་ཀྱི་གོ་དེས་ཆོད་པ་ཡིན། དེ་ལྟར་བཤད་ཀྱང་ཅི་ཡིན་འདི་གོ་མེད་ན་རྡོར་སེམས་སྒོམ་ཟླས་དང་སྦྲགས་པའི་གཉེན་པོ་སྟོབས་བཞི་ཚང་བའི་བཤགས་པ་རེ་བྱེད་ཚུལ་ཨེ་ཤེས་ལྟོས། ངས་ཀུན་བཟང་བླ་མའི་ཞལ་ལུང་བཤད་ཡོད་པ་དེའི་ཟེར་སྡེར་དེ་ཚོ་ཡང་ཉན་རེ་གྱིས་དང་ཕན་ཐོགས་ངེས། མདོར་ན་པདྨའི་ཐང་འདི་བསམ་གཏན་སྒོམ་པའི་གནས་རེད། དང་པོ་ཡར་ཡོང་སའི་སྒོ་ཆེན་ཕྱི་མའི་ཀླད་དུ་ཡུན་རིང་ངལ་ཞིང་དུབ་པའི་སེམས་ཁྱོད་ཀྱིས་ངལ་སོས་ཞེས་བཀོད་ཡོད་པས་བློ་བག་ལ་ཕབས་ནས་ཕྱི་མའི་བྲོ་རྟེན་རེ་ཨེ་ལོན་ལྟ་ས་ཡིན། མང་ཆེ་བ་རྒན་འཁོགས་རེད་སྐྱིད་ལ་སྡུག་གི་འཇིག་རྟེན་མི་ཡུལ་གྱི་བྲོ་བ་མྱངས་ཚར་བ་དང་། ན་ཚོད་རྒས་པ་རྣམས་མ་དགོས་ད་ལྟའི་ལོ་ཉུང་ཚང་མ་ཡང་འདི་དང་འདིའི་རང་བཞིན་གྱི་རྒ་ན་འཆི་བའི་སྡུག་བསྔལ་མྱང་དགོས་པ་ཡིན། དེས་ན་བློ་བདེ་སེམས་བདེའི་ངང་ནས་སྦྱོར་དངོས་རྗེས་གསུམ་ཚང་བའི་མ་ཎི་སྤུས་དག་རེ་རེ་གཉིས་རེ་ཨེ་འགྲུབ་ལྟོས་དང་ཕྱི་མའི་འཇིགས་སྐྲག་དེས་སེལ་བ་ཡིན་ནོ།།


previousཉིན་བཞི་བའི་ཆོས་ཁྲིད། next