Nitartha Digital Library
Tibetan
 
previousཉིན་དྲུག་པའི་ཆོས་ཁྲིད། no next

ཉིན་དྲུག་པའི་ཆོས་ཁྲིད།

དེ་ཡང་ཇི་སྐད་དུ་ཆེད་དུ་བརྗོད་པའི་ཚོམས་ལས། སང་དང་འཇིག་རྟེན་ཕྱི་མ་གཉིས། །སྔོན་དུ་གང་འོང་གཏོལ་མེད་པས། །སང་གི་དོན་ལ་མི་འབད་པར། །ཕྱི་མའི་དོན་ལ་འབད་པར་རིགས། །ཞེས་གསུངས་པ་ལྟར་དུ་རང་རེའི་ད་ལྟའི་མི་ཚེ་འདི་ལ་རྟག་བརྟན་མེད་པའི་ཚུལ་ནི། རླུང་ནང་གི་མར་མེ་ཞིག་དང་འདྲ་བར་གནོད་པའི་རྐྱེན་མང་ཞིང་འཚོ་བའི་རྐྱེན་ཉུང་བ། འཚོ་རྐྱེན་ཡིན་བསམས་པ་དེ་ཡང་འཆི་རྐྱེན་དུ་སོང་བ་གྲངས་ལས་འདས་པ་ཡོད་ཕྱིར། རང་གི་མགོ་ཐོག་ལ་སང་ཉིན་དང་འཇིག་རྟེན་ཕྱི་མ་གཉིས་སྔོན་མ་གང་ཡོང་ཆ་མི་འཚལ་བ་ཡིན་པས། ཕྱི་མའི་ཚེ་རབས་མང་པོའི་གཏན་གྱི་བདེ་སྡུག་གི་དོན་ལ་མི་འབད་པར། སང་ཉིན་གྱི་བྱ་བ་ངན་ངོན་ཚར་རྒྱུ་འགྲུབ་རྒྱུ་མེད་པའི་དོན་ཆུང་རྡུལ་ལྟ་བུ་དེ་ལ་བསམ་བློ་འཁོར་བ་བྱེད་པ་ནི་དགོས་པ་མེད་པ་དེས་ན། ཁོག་པའི་ནང་དུ་སེམས་ཡོད་ཅིང་ཕྱི་མར་ངན་སོང་ལ་སྐྱེ་བར་སྐྲག་སྔངས་ཡོད་པ་ཞིག་ཡིན་ན་ཚེ་ཕྱི་མའི་དོན་ཆེན་ལ་འབད་པ་ནི་རན་ཅིང་རིགས་པ་ཡིན་ཞེས་གསུངས་པ་ཡིན། འཇིག་རྟེན་གྱི་མི་རྣམས་རྟག་འཛིན་ཆེ་བའི་དབང་གིས་ང་སང་ཉིན་མི་འཆི་བསམ་པ་བྱེད་ཀྱང་། མ་བསམས་མ་དྲན་ས་ནས་གློ་བུར་དུ་ཤི་བ་ནི་གྲངས་ཀྱིས་མི་ཆོད་པ་ཡོད་པས། མང་ཆེ་བ་ཤི་སྣང་ཞེ་ལ་མེད་ས་ནས་ཤི་བ་ཏག་ཏག་ཡིན། ཤི་གསོན་གཉིས་ཀའི་མཚམས་སུ་བར་ཐག་རིང་པོ་ཞིག་ཡོད་པ་མིན་ཏེ། དབུགས་རླངས་པ་འདྲ་དེ་ཕར་སོང་ནས་ཚུར་མ་འདུས་ཤིང་། དེ་དང་མཉམ་དུ་དྲོད་མེ་སྟག་འདྲ་དེ་ཡལ་ཚེ་ཤི་བ་ཞེས་པའི་སྒྲ་བོ་ཆེ་དེ་བསླེབས་པ་ཡིན། ཤི་བའི་དུས་སུ་སྡུག་སྡིག་པ་གཉིས་ཀ་བསགས་པའི་སྒོ་ནས་གཅེས་པར་བཟུང་བའི་ལུས་ཕུང་དེ་རྡོ་རིལ་སུམ་ཚུགས་ཤིག་གི་སྟེང་དུ་རྩྭ་འགའ་ཞིག་གི་ཁུག་ཏུ་བཏུམས་ནས་ཁང་ཁུག་གི་ཡོལ་བ་ཞིག་གི་ཕག་ཏུ་བཞག་སྐབས། གསོན་ཚེ་གཅེས་དགུ་དམར་དགུ་ཇི་ལྟར་ཡིན་ཡང་དེ་ལ་བཙོག་བལྟས་ནས་བཅར་མི་ནུས་པས་གླ་ཟུར་ནས་བྱིན་ཏེ་མ་བཙལ་དུས་གཅར་མཁན་མི་ལོན་པ་ཡིན། ཤི་ནས་རོ་གོག་མེད་པར་བྱས་པའི་རྗེས་སུ་མུ་སྟེགས་རྒྱང་འཕེན་པས་བཤད་པ་བཞིན་དུ་ཅི་ཡང་མེད་ན་བླ་ཡང་། རྣམ་ཤེས་བྱ་སྒྲོ་རླུང་ཁྱེར་དེ་བར་དོའི་འཕྲང་ལ་བཤར་བའི་དུས་སུ། འཇིགས་པའི་སྒྲ་བཞི་སྟེ། རི་ཆེན་པོ་ཉིལ་བའི་སྣང་བ། རྒྱ་མཚོ་ཆེན་པོ་འཕྱུར་བའི་སྒྲ་སྐད། བསྐལ་བའི་མེ་ཆེན་འབར་བའི་འུར་སྒྲ། དུས་མཐའི་འཐོར་རླུང་འཚུབས་པའི་སྔངས་སྐྲག་དང་། དུག་གསུམ་གྱི་རང་སྣང་ཡ་ང་བའི་གཡང་ས་གསུམ་སྟེ། ས་གཞི་ཐམས་ཅད་སྐྱ་ཆད་དེ་བ། དམར་ལམ་མེ་བ། ནག་ངོམ་མེ་བའི་སྣང་བ་ས་རུབ་པའི་གསལ་མ་སྨག་གི་ནང་ནས་སོང་བསྡད་པ་ལྟ་བུ་ཞིག་ལས་མེད་པ་དང་། ཡང་མཚམས་མཚམས་སུ་གཅན་གཟན་གཏུམ་པོའི་ངར་སྐད་སྒྲོགས་ནས་བདས་ཚེ་འཇིགས་སྐྲག་གིས་བརྒྱལ་ལ་ཁད་པ་ལ་སོགས་པའི་སྣང་བ་འབའ་ཞིག་པའི་དབང་དུ་ཤོར་བ་དང་། དེའི་དུས་སུ་ད་ནི་ང་ཤི་ནས་བར་དོར་འཁྱམ་བཞིན་འདུག སྔར་གསོན་པའི་དུས་ལ་ཡོད་སྐབས་དམ་པའི་ཆོས་ཞུས་ནས་བར་དོ་ཆོད་པའི་གདམས་པ་རེ་ཐོབ་ཡོད་ན་ཅི་མ་རུང་སྙམ་པའི་ཡི་ཆད་དང་འགྱོད་པ་སྐྱེ་བ་དང་། ཤུལ་མི་ལ་ཞེ་ཆགས་བྱེད་ཀྱང་། ཤི་གསོན་སྣང་བ་ཁ་ཁར་ཤར་བའི་དུས་ཡིན་པས་གཅིག་གིས་གཅིག་ལ་ཕན་ཐོགས་པ་མིན། དེའི་དགེ་བའི་ར་མདའ་དམ་པའི་ཆོས་མ་གཏོགས་གང་གིས་མི་སྐྱོབ་ཀྱང་། ཆོས་རྣམ་དག་རྗེས་ནས་མངག་ཅེས་པ་དེ་ཡང་དཀོན་པོ་ཡིན། དེས་ན་དམ་པའི་ཆོས་གསོན་འདི་གོང་ནས་རང་གིས་མ་འགྲུབ་ཚེ། ཤི་ཟིན་དུས་རྗེས་ནས་མངག་པ་དེ་སྒང་ལ་ཁ་མཐོན་པོ་ནས་རྩམ་པ་ཟོས་པ་དང་འདྲ་བར་བསེར་མ་རླུང་དང་ཕྱེད་མར་འགྲོ་བར་ཡིན་པས་ཉམས་ལ་རན་པ་ཞིག་ཡོང་དཀའ་བ་ཡིན། གཅིག་ན་ཆོས་སྒྲུབ་སྟངས་ཀྱི་ཐད་ནས་གནད་ལ་སྨིན་པ་ཞིག་སྒྲུབ་མི་ཤེས། གཉིས་ན་སེར་སྣ་འཇུར་གེགས་ཀྱི་དབང་གིས་ཞེ་དགུའི་ཞག་གྲངས་སོང་ཞིང་སོང་ལ་ཤི་བོའི་རྩིས་འདང་ཇེ་ཆུང་དང་རྒྱུ་ནོར་གྱི་དམར་ཐང་ཇེ་ཆེ་ལ་འགྲོ་བ་ཡིན། གསུམ་ན་མཆོད་གནས་ཡང་དག་ལོན་དང་མི་ལོན་དང་བསྔོ་བའི་འདུན་པས་ཤི་བོ་ལ་ཐོབ་དང་མི་ཐོབ་ལ་སོགས་པ་རྐྱེན་བར་ཆད་མང་བ་ཡིན། སྡིག་པ་ཤིན་ཏུ་ཆེ་བའི་རིགས་ལ་བར་དོ་མེད་པར་མར་གྱི་ཟང་ཐལ་དུ་དབུགས་ཆད་ནས་འབྱུང་བའི་ཐིམ་རིམ་གྱི་དེ་མ་ཐག་ཏུ་དམྱལ་བའི་སྣང་བ་ཤར་བ་ཡིན། དེས་ན་ད་ལྟའི་སྐབས་འདིར་སྐྱེ་རྒ་ན་དང་འཆི་བའི་ཐད་ནས་རང་དབང་མེད་པས། ཚེ་ཚད་སྐར་མདའ་རྒྱུག་པ་ལྟ་བུ་འདི་ཅུང་ཟད་དལ་དུ་འཇུག་དགོས་བསམ་ཡང་ཁོམ་པ་དང་དབང་ཆ་ཡོད་པ་མིན་ཡང་། རང་ལུས་འདོམ་གང་གྲུ་བཞིའི་ལུས་ངག་ཡིད་གསུམ་འདིས། དཀར་པོ་དགེ་བའི་ལས་ཤིག་སྒྲུབ་དང་ནག་པོ་སྡིག་པའི་ལས་ཤིག་གསོག་གི་རང་དབང་རང་ལ་ཡོད་པ་ཡིན། དེ་ཡང་ཇི་ལྟར་བསྒྲུབ་དགོས་མི་ཤེས་པའི་ལྟ་ལོག་བདུད་རིགས་ཀྱི་གྲུབ་མཐའ་ངན་པ་ལ་ཞུགས་ནས་གྲུབ་མཐས་བློ་བསླད་པ་མི་ཡིན་ཡང་དུད་འགྲོ་གླེན་ལྐུགས་ཀྱི་རིགས་དང་འདྲ་བ་ཡིན་ན་ཁག་མེད་ཀྱང་། རང་རེ་ནི་ཆོས་དང་ལྡན་པའི་ས་ཆ་ལ་སྐྱེས་ནས་བསྟན་པ་ཡང་དར་གྱི་རྗེས་ཟིན་པའི་སྐབས་དང་ཁེལ་ནས། རང་རང་གི་སྔར་བསགས་བསོད་ནམས་ཀྱི་བགོ་སྐལ་དང་མཐུན་པའི་བླ་སེར་འདུས་པ་རྣམས་མཇལ་བས་མ་ཚད། དེ་དག་གིས་ཀྱང་སངས་རྒྱས་ཀྱི་མཛད་པ་སེམས་ཅན་གྱི་དོན་སྒྲུབ་པ་ནི་རང་རང་གི་འོས་འགན་ཕྲག་ཏུ་བབས་པ་ཞིག་ཏུ་བརྩིས་ནས། དམ་པའི་ཆོས་ཁ་ལ་བཞག་ཅིང་ཁོག་ལ་འཛུད་ལེ་མིན་པར་བྱས་ནས་ཆོས་བསྟན་པའི་ད་རེས་ཀྱི་དུས་ཐོག་འདི་ནས་མ་གཟབ་དུས། འཕྱིས་པ་ཤོར་བ་གཉིས་ཀ་རེད་བསམ་དགོས་ཏེ། རྒ་རྒས་ནད་པ་དག་མ་གཏོགས་ཤི་མི་དགོས་པ་ཞིག་མིན་པ་དེས་ན་ང་ལོ་ཉུང་ཡིན་པས་མི་ཤི་ཟེར་ནས་འདུག་ས་ཡོད་པ་མིན་ཅིང་། ངས་ད་དུང་སྐྱིད་ལོང་དགའ་ལོང་བྱུང་མེད་པ་དང་། འཇིག་རྟེན་ཁམས་ཀྱི་སྐྱིད་སྡུག་གི་བྲོ་བ་མྱོང་ལོང་མ་བྱུང་ཟེར་ས་དེ་ལས་ཀྱང་ག་ལ་ཡོད། གཤིན་རྗེའི་ཁྲམ་ཁ་དེ་སུ་ལ་གཏད་ཡོད་ན་དེ་མ་ཐག་ཏུ་རང་དབང་སྐད་ཅིག་ཙམ་མེད་པར་འགྲོ་དགོས་པ་ཡིན། འགྲོ་བའི་དུས་སུའང་ངས་དམར་ཐང་ཅན་གྱི་མི་ལ་ཁ་ཆེམས་ཤིག་འཇོག་དགོས་པ་དང་། སུ་གང་ཞིག་ལ་ཤི་ངོ་ཞིག་གཏུག་དགོས་ཟེར་ས་ཙམ་ཡང་མེད་པ་ཡིན། ལར་ཤི་རྒྱུ་རྐྱང་པ་མིན་ཡང་། གསོན་འདི་ག་ལ་མི་འདོད་པའི་རྐྱེན་ངན་ཅི་འདྲའི་མང་པོ་མེད་ན། དེ་ཐམས་ཅད་ལ་ཕན་བྱེད་དང་སྐྱོབ་བྱེད། གནོད་པ་དེ་དག་ལས་ཟློག་བྱེད་དང་བྱ་བ་འགྲུབ་བྱེད་ཀྱི་གཞི་དམ་པའི་ཆོས་སྒྲུབ་པ་འདི་ཁོ་ན་ཡིན། ཚེ་ཕྱི་མ་མིན་ཡང་སྡུག་བསྔལ་འབའ་ཞིག་ཡིན་པ་རེད། ངན་འགྲོའི་སེམས་ཅན་དམྱལ་བ་པ་དག་གིས་ཨ་ན་ཨ་རའི་སྒྲ་སྒྲོག་ཅིང་ངུ་འབོད་བྱེད་ཚུལ་དཔེར་ན། མནར་མེད་ཀྱི་དམྱལ་བ་ལྟ་བུ་ལ་མཚོན་ན་དམྱལ་བའི་སེམས་ཅན་དང་མེ་གཉིས་དབྱེར་མེད་དུ་གྱུར་ནས་ཨ་ཚ་ཨ་ནའི་ངུ་སྐད་ཐོས་ཚེ་གཟོད་སེམས་ཅན་ཡོད་པར་ཤེས་པ་ལྟ་བུ་ཡིན། དམྱལ་བའི་སེམས་ཅན་མིན་ཡང་རང་རེ་འགྲོ་བ་མིའི་སྒྲ་སྐད་ལ་ཉན་ནས་ཞིབ་འཇུག་བྱས་ན་སྡུག་པའི་ངུ་སྐད་ཤ་སྟག་ཡིན་པ་སྟེ། ནད་པ་ཚབས་ཆེན་གཟེར་གྱིས་མནར་ནས་ཤི་ལ་ཕྱོགས་པ་དང་། ཕ་མ་ཤི་བའི་དྭ་བུས་ངུ་འབོད་བྱེད་བཞིན་ཡོད་པ་དང་། བུ་རྒྱུད་མ་དབང་བའི་ཕ་མས་སྡུག་སྨྲེ་འདོན་བཞིན་ཡོད་པ་དང་། གཞན་ཡང་དུས་རྒྱུན་གྱི་སྐད་ཆ་ལ་བསམ་བློ་བཏང་ན། ན་རབས། ཚ་རབས། ཤོར་རབས། བོར་རབས། ཁོལ་རབས། ཁོས་དེ་བྱས་པས་ང་ལ་འདི་ལྟར་བྱུང་བ་དང་། སེམས་དཀའ་བ་དང་ལུས་ཆད་པ། ནོར་གོད་པ་དང་ཚོང་ཉེས་པ། དགྲ་སྡང་བ་དང་འཕྲད་རབས། གཉེན་བྱམས་པ་དང་བྲལ་རབས། འདོད་པ་དོན་ཐོག་ཏུ་མ་ཁེལ་རབས། མི་འདོད་པ་མ་བསམས་ཀྱང་དབང་མེད་དུ་ཐོག་ཏུ་བྱུང་ཚུལ་ལ་སོགས་པ་མདོར་ན་བཤད་ཚོད་ཐམས་ཅད་སྡུག་བསྔལ་གྱི་སྨྲེ་ངག་དང་ངུ་འབོད་ཤ་སྟག་ཡིན། དེ་དག་ནི་སྡུག་ས་ཏག་ཏག་ནས་བགྲང་པ་ཙམ་ལས་མཚམས་རེ་སྐྱིད་ནས་གླུ་ལེན་བཞིན་ཡོད་པས་དེ་ཚོའི་སྒྲ་སྐད་སྡུག་སྐད་མ་ཡིན་ནོ་ཞེ་ན། དེ་ཡང་སྡུག་སྐད་ཀྱི་ངུ་འབོད་ཡིན་ཏེ། གླུའི་ནང་དོན་ལ་གཞིག་ཚེ། དེའི་ནང་དུ་དྲིན་ཆེན་གྱི་ཕ་མ་མ་དབང་རབས་དང་། ཚེ་ཕྱི་མའི་ཡུལ་ནས་དཀོན་མཆོག་གིས་སྐྱོབ་རོགས་དང་། ང་མཐུན་པའི་མི་དང་བྲལ་ཚུལ་དང་། བསམ་དོན་ཐོག་ཏུ་མི་འབབ་རབས་ལ་སོགས་པ་ཤ་སྟག་ཡིན་པའི་ཕྱིར། མཚམས་རེ་བཀྲ་ཤིས་ཀྱི་ཁ་གཡང་ཚེ་རིང་བསམ་དོན་འགྲུབ་པའི་སྨོན་ལམ་གྱི་ནང་དོན་ཅན་རེ་ཡོད་ཀྱང་། ཚེ་མ་རིང་ནས་མི་སྔོན་མ་མང་པོ་ཤི་བའི་སྡུག་དང་། ང་རང་ཉིད་ཚེ་ཐུང་ནས་ནམ་ཞིག་ལ་ཤི་འགྲོ་བསམས་པའི་འཇིགས་སྐྲག་སྡུག་བསྔལ་ཡོད་ནས་དེ་ལྟར་དུ་སྨོན་པ་ཡིན། དེས་ན་དེ་ཡང་དོན་དུ་སྡུག་སྐད་ཁོ་ན། མི་དང་མི་ཐུག་དུས་ཁྱོད་བདེ་མོ་ཨེ་ཡིན་ཞེས་འདྲི་སྲོལ་ཡོད་པ་ནི། བཟང་ཆེས་པས་མ་ཡིན་ཏེ། མི་བདེ་བ་དེ་ཟུར་དུ་ཡོང་མ་རགས་པ་ཡོད་པའི་རྐྱེན་གྱིས་དེའི་ཚིག་དེ་བྱུང་བ་ཡིན། ན་བ་དང་ཤི་བའི་སྒྲ་མི་གྲགས་པའི་འཇིག་རྟེན་ཞིག་ཡིན་ན། ཁྱོད་ཨེ་བདེ་ཞེས་པའི་ཐ་སྙད་དེ་ཡོང་དོན་མེད་པ་ཡིན། ཁྱོད་བདེ་མོ་ཨེ་ཡིན་ཞེས་པ་དེ་ཡག་བཅོས་བྱས་ནས་བརྗོད་པ་ཙམ་ལས་དོན་དུ་ཁྱོད་འཆི་བ་ལ་ཕྱོགས་བཞིན་མེད་དམ་ཞེས་པའི་དོན་ཡིན། དེས་ན་ཤི་ཕར་རྒྱབ་ཀྱི་དུས་སུ་མིན་ཡང་། དམ་པའི་ཆོས་འདི་གསོན་འདི་ངོགས་ཀྱི་སྡུག་བསྔལ་ཆུང་ཞིང་ན་ཚ་ཤི་ཆད་མི་འབྱུང་བྱེད་དང་། བྱུང་ནའང་སེམས་སྡུག་གི་ཁུར་བོ་མི་ལྗིད་པར་བྱེད་པ་དང་། རྐྱེན་བར་ཆད་སྔོན་ལས་ལྡོག་མེད་ཀྱི་དབང་གིས་བྱུང་ཡང་། རབ་ན་བྱང་ཆུབ་ཀྱི་ལམ་དུ་སྒྱུར། འབྲིང་ན་བདེ་སྡུག་གཏོང་ལེན་བྱས་ནས་དེའི་སྡུག་བསྔལ་དེས་གོ་ཆེན་བཅད། ཐ་མ་ཡིན་ཡང་སྔོན་བསགས་ཀྱི་ལས་ཀྱི་རྣམ་སྨིན་བྱང་བའི་སྨོན་ལམ་རེ་འདེབས་ཤེས་ན་སྡུག་བསྔལ་དེ་དག་གི་གདོང་ལེན་གྱི་ནུས་པ་ཆེན་པོར་ཐོབ་པ་ཡིན། ཁྱིམ་པ་མི་ནག་པ་ཞིག་ལ་མཚོན་ན། རབ་བྱུང་བ་དག་དང་འདྲ་བར་ཆོས་ལས་འཇིག་རྟེན་གྱི་འཚོ་ཚིས་ལ་འདེང་རྒྱག་མི་དགོས་པ་ཞིག་ག་ལ་ཡིན་ཡང་། འཇིག་རྟེན་ཡག་པ་ཞིག་འགྲུབ་དགོས་ཚེ་ཡང་དམ་པའི་ཆོས་འདོར་མི་རུང་བ་ཡིན་ཏེ། ཆོས་ཀྱིས་རྒྱུད་དུལ་བའི་གང་ཟག་དེ་མི་བཟང་པོ་ཡ་རབས་ཡིན་ཅིང་། མི་བཟང་པོ་ཡ་རབས་དེ་ནི་ཐམས་ཅད་ལ་ཕན་ཐོགས་ཆེ་ཞིང་ཀུན་གྱིས་གུས་བཀུར་བྱེད་ས་ཞིག་ཡིན་པས། དེ་ལྟ་བུ་དེས་གཞན་དོན་སྒྲུབ་ཞོར་ལ་རང་དོན་ཤུགས་ཀྱིས་འབྱུང་བ་ཡིན། ཤེས་རབ་བརྒྱ་པར། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང་། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེགས་ན་ཐར་པ་གམ་ན་འདུག །ཅེས་པ་ལྟར་དུ། དང་པོར་མི་ཡ་རབས་འཇིག་རྟེན་ཡང་དག་གི་ལྟ་ལ་དད་ཅིང་། ལས་རྒྱུ་འབྲས་ལ་བརྩི་སྲུང་ཡོད་མཁན་ཞིག་བྱས་ན། དེ་ནི་ལྷ་ཡུལ་ལ་སོགས་པའི་མཐོ་རིས་རིམ་བརྒྱུད་ཀྱིས་མི་འགོར་བར་ཐར་བ་ཐོབ་ནས་འཁོར་བའི་སྡུག་བསྔལ་ལས་ཐར་བ་ཡིན་ཞེས་གསུངས་པ་ཡིན། ཁྱད་པར་དུ་ལོ་ཉུང་དག་གིས་ཐོས་བསམ་བྱས་ཏེ། ཆོས་སྤྱོད་ཀྱི་མཐོང་རྒྱ་ཆེར་བསྐྱེད་བྱས་ནས། རང་ཉིད་མི་བཟང་པོ་འཇིག་རྟེན་གྱི་ཁ་གསོ་རྒྱབ་འགེབ་ཤེས་མཁན་ཙམ་ཞིག་གིས་མི་ཚད་པར། རང་གཞན་གཉིས་ཀའི་བདེ་སྐྱིད་བསྐྲུན་པ་ལ་རྒྱ་ཆེ་ས་ནས་འདེང་རྒྱག་བྱེད་མཁན་ཞིག་ཏུ་གྱུར་ནས། རིམ་པས་ཚེ་འདི་ཕྱི་གཉིས་ཀའི་བདེ་བའི་འབྱུང་གནས་དམ་པའི་ལྷ་ཆོས་དེ་རང་ཉིད་ཀྱི་འཚོ་བ་དང་རྒྱུན་གྱི་བྱ་སྤྱོད་ལ་སྦྱོར་ཤེས་ནས། གཅིག་གིས་མི་ཚད་ཚང་མའི་རྒྱུད་ལ་ཆོས་ཀྱི་བདུད་རྩིའི་རོ་བཅུད་ལེན་ཤེས་པར་ཆགས་ཚེ། མྱི་ཐམས་ཅད་ལྷ་མྱི་དང་། ཡུལ་ལུང་པ་ལྷ་ལུང་དུ་སོང་ནས། ཆོས་ལྡན་དག་པའི་ཞིང་ཁམས་མིང་དང་དོན་མཚུངས་པ་ཞིག་ཏུ་འགྱུར་བ་ཡིན། ད་ལྟའི་འདིར་བཞུགས་མང་ཤོས་དགེ་འདུན་པ་ཡིན་པ་དང་། ལྷ་ཁང་ཕྱི་མའི་ནང་དུ་ཡོད་པའི་དགེ་བསྙེན་ཕོ་མོ་དག་ཀྱང་ལོ་ན་ཡར་སོན་གྱི་རྡོག་མ་ཁ་ཤས་ཡིན་པས། སྡེ་པ་མང་ཚོགས་ལ་བཤད་རྒྱུའི་སྐད་ཆ་རྗེས་སུ་སྐབས་ཐོབ་དང་བསྟུན་ནས་བཤད་ཆོག མདོར་ན་ཆོས་ལམ་ལ་དང་པོར་ཞུགས་པ་རྣམས་དང་། ཞུགས་ནས་ཡུན་རིང་རེད་ཡོད་ཀྱང་དམིགས་བསལ་གྱི་ལམ་སྟོན་བྱེད་མཁན་དང་མ་འཕྲད་པ་དག་གིས་དང་པོར་བསམ་པ་བཟང་པོ་ནས་མགོ་བཙུགས་ཏེ་སྦྱོང་དགོས་པ་ཡིན། ཕྱི་རོལ་བདེ་སྡུག་གི་མཐོང་སྣང་འདི་ཐམས་ཅད་པོ་ཕལ་ཆེ་བ་ནི་ནང་རང་གི་སེམས་ཀྱིས་བྱས་པ་ཁོ་ན་ཡིན་པས་དེ་དེ་ལྟར་ཡིན་པར་ཤེས་དགོས། དེ་ཡང་སེམས་སྐྱིད་པའི་ཉིན་མོར་ཁོར་ཡུག་ཐམས་ཅད་ཞིང་ཁམས་ལྟར་དུ་གང་སྣང་ཡོངས་རྫོགས་སྐྱིད་པའི་སྣང་བ་སྤྲོ་སེམས་འཁོར་བྱེད་ཤ་སྟག་ཡིན་ལ། སེམས་མི་སྐྱིད་པའི་ཉིན་ཞིག་ལ་ཁེལ་ཚེ། ཅི་འདྲའི་མེ་ཏོག་ལྡུམ་ར་སོགས་སྤྲོ་སྐྱིད་ཀྱི་གླིང་ཁ་ཞིག་ལ་སོང་ན་ཡང་། སྐྱོ་སྣང་ཅན་གྱི་ཁོར་ཡུག་ཅིག་མ་གཏོགས་མཐོང་དུ་མེད་པ་ཡིན། དེ་ནི་ཕྱིའི་འབྱུང་བ་འགྱུར་སོང་བ་མིན་ཡང་རང་གི་སེམས་ཀྱི་འགྱུར་བས་དེ་ལྟར་བདེ་སྡུག་གི་སྣང་བ་ཤར་དུ་བཅུག་པ་ཡིན། དེ་བཞིན་དུ་སྡིག་སེམས་ཀྱིས་དམྱལ་བའི་མཐོང་སྣང་བྱུང་བ་དང་། དགེ་སེམས་ཀྱིས་མཐོ་རིས་ལྷ་དང་མིའི་སྣང་ཤེས་འབྱུང་བ་ཡིན། ཆོས་སེམས་ཀྱིས་སྒྲུབ་ཅེས་པ་ནི་སེམས་ལ་བསྒྱུར་བཀོད་ཐོངས་ཞེས་པའི་དོན་ཡིན། རང་རེས་མན་ངག་མཛོད་ཀྱི་ནང་ནས་འགའ་རེ་ཆོས་སྐད་མཐོན་པོ་ཡིན་པས་ལས་དང་པོ་བས་སྨོན་པའི་ཡུལ་རེད་ཅེས་རྒྱང་ལ་བཞག་པ་ནི། སེམས་ཀྱི་བསྒྱུར་བཀོད་ཚད་ལ་ལོངས་པའི་མིའི་སྤྱོད་ཡུལ། མཐོང་སྣང་འུ་ཚོ་ཐ་མལ་པ་དང་མི་འདྲ་བའི་སྣང་ཤེས་ཀྱི་སྐད་ཆ་བཤད་པ་རེད་ཅེས་པའི་དོན་ཡིན། སེམས་ལ་བསྒྱུར་བཀོད་ཇི་ལྟར་གཏོང་དགོས་ཤེ་ན། སེམས་ཞེས་པ་ནི་འཁྲུལ་སོང་བའི་མི་འཆར་དགུ་ཅན་འདི་ལ་ཟེར་བ་ཡིན། སེམས་དེ་མ་འཁྲུལ་བའི་ངང་དུ་འཇོག་ཤེས་ན་དེའི་དྭངས་ནི་ཡེ་ཤེས་ཡིན་པས། ཆོས་སྒྲུབ་ཅེས་པ་ནི་འཁྲུལ་བ་ལམ་དུ་བྱས་ནས་མ་འཁྲུལ་བའི་དྭངས་དེ་རྙེད་ཐབས་བྱེད་པ་ཞིག་ལ་གོ་ཆོག་པ་ཡིན། འཁྲུལ་མ་འཁྲུལ་གཉིས་ཡོད་པའི་དབང་གིས་ལམ་སྦྱོང་པའི་གནས་སྐབས་སུའང་། བདེན་གཉིས། ཚོགས་གཉིས། མཁྱེན་གཉིས་སོགས་གཉིས་ཅན་གྱི་ཆོས་སྐད་མང་རབ་འབྱུང་བ་ཡིན། འོན་ཀྱང་མཐར་ཐུག་གཉིས་མེད་གཅིག་ཏུ་བཟླུམས་ནས་ཡེ་ཤེས་ཐིག་ལེ་ཉག་གཅིག་གི་ནང་དུ་འཁྱིལ་དུས་ཆོས་སྐུའི་དབྱིངས་སུ་སངས་རྒྱས་ཞེས་པ། དུས་རྒྱུན་དུ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་ཀྱི་གོ་འཕང་བསྒྲུབ་དགོས་ཞེས་པ་དེར་སོན་པ་ཡིན། སངས་རྒྱས་ཀྱི་ས་བོན་རང་ལ་ཡོད་པས་སེམས་ཅན་སུས་བསྒྲུབས་ཀྱང་འགྲུབ་ཏུ་ཡོད་པ་ཡིན། དེས་ན་དགེ་བསྙེན་ཕོ་མོ་ནས་བཟུང་སྟེ་སྔོན་འགྲོའི་འབུམ་ལྔ་གསོག་བཞིན་ཡོད་ལ། དེའི་སྐབས་ཀྱི་བླ་མའི་རྣལ་འབྱོར་སྒོམ་སྐབས་བླ་མ་དང་ཐུགས་ཡིད་དབྱེར་མེད་བསྲེ་དགོས་ཞེས་པའི་བླ་མ་དེ་གང་ལ་གོ་དགོས་ཟེར་ན། མཚོན་བྱ་དོན་གྱི་བླ་མ་ལ་གོ་དགོས། དེའི་འདྲའི་བླ་མའི་ཐུགས་དེ་ཁྱབ་བརྡལ་ཆེན་པོ་ཡིན་པས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་དང་གཉིས་སུ་མེད་པ་ཡིན། དེ་དང་རང་གི་སེམས་གཉིས་དབྱེར་མེད་རོ་གཅིག་ཏུ་བསྲེ་དགོས། གོ་བདེ་བར་བཤད་ན་ད་ལྟའི་སྐབས་སུ་རང་རེས་སངས་རྒྱས་ཀྱི་ཐུགས་སྦྱོང་བཞིན་ཡོད་ལ། དེ་ལ་གོམས་པ་མཐར་ཕྱིན་པའི་དུས་སུ་རང་ཉིད་སངས་རྒྱས་སུ་འགྱུར་བ་ཡིན་ལ། མཉམ་བཞག་གི་དམིགས་འདུན་དེའི་ཐོག་ནས་བསམ་པ་བཟང་པོའི་ཀུན་སློང་གི་གཞི་བཅས་ནས་སེམས་ཅན་ཐམས་ཅད་ལ་དམིགས་པའི་ཡོངས་ཁྱབ་ཀྱི་སྙིང་རྗེ་ཕྱོགས་རིས་མེད་པ་ཞིག་ཨེ་ཡོང་བལྟ་ཞིང་། བླ་མའི་ཐུགས་དང་སངས་རྒྱས་ཀྱི་ཐུགས་ནི་བསམ་བརྗོད་དང་བྲལ་བའི་སྟོང་པ་ཉིད་ཡིན་ཅིང་། དེ་ལ་བྱམས་དང་སྙིང་རྗེའི་སྙིང་པོ་མེ་དང་ཚ་བ་བཞིན་དུ་འབྲལ་བར་མེད་པར་ཡོད་པས་དུས་རྒྱུན་གྱི་སྙིང་རྗེ་ཕྲ་མོ་ཕྱོགས་རིས་ཅན་ལས་ལྷག་པར་སྐྱེ་བ་དང་། དགའ་བ་དང་བཏང་སྙོམས་གཉིས་ཀྱང་རང་ཤུགས་ཀྱིས་འབྱུང་བ་ཡིན། དེ་ལྟ་བུའི་ཚད་མེད་བཞི་བསྒོམས་པའི་སྒོ་ནས་སྨོན་དང་འཇུག་པའི་བདག་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཡིན་ལ། བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་ནས་སེམས་བསྐྱེད་ཀྱི་སྡོམ་པ་ཐོབ་ལ་མ་ཉམས་པར་གྱུར་ཚེ། ཐར་བའི་ས་བོན་རྒྱུད་ལ་བཞག་ནས་སྨིན་པ་ལ་ཚེགས་མེད་པའི་དུས་སུ་བསླེབས་པ་ཡིན། ཁྱད་པར་དུ་འཇུག་སེམས་ཐོབ་ལ་མ་ཉམས་པ་ཡོད་ན། ཐ་ན་དབུགས་ཀྱི་རྒྱུ་འགྲུལ་ཡན་ཆད་གཞན་དོན་དུ་འགྱུར་ནས་ཅི་བྱེད་བྱང་ཆུབ་ཀྱི་ལམ་ཡིན། མདོར་ན་ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བ་རྣམས་རྒྱུད་ལ་སྐྱེས་ནས་ལྟ་སྒོམ་སྤྱོད་འབྲས་ཀྱི་ཉམས་ལེན་མཐར་ཕྱིན་པ་ནི་གནད་ཆེའོ། །ཡང་བསྐྱར་གོ་སླ་ཉན་བདེའི་སྒོ་ནས་བཤད་ན། ལུས་འདི་ཡོད་ཚེ་སེམས་འདི་ཡོད་ལ། སེམས་འདི་ཡོད་ནས་བཟུང་སྟེ། སེམས་ཀྱི་རྣམ་རྟོག་དེ་ཡང་ན་ཉོན་མོངས་དུག་ལྔའམ་ཡང་ན་ལུང་མ་བསྟན་དུ་གནས་པ་ཞིག་གམ་ཡང་ན་ཟག་བཅས་ཀྱི་དགེ་སེམས་ཤིག་ལས་མ་འདས་པ་ཡིན། འོན་ཀྱང་སེམས་ཁོ་རང་གི་ངོ་བོ་སེམས་ཉིད་བདེ་གཤེགས་སྙིང་པོས་སེམས་ཅན་ཐམས་ཅད་ལ་མ་ཁྱབ་པར་མེད་པར་ཡོད་པས། དེ་ལ་ཐེག་པ་རིམ་པ་དགུ་ཡིས་མིང་རེ་རེར་བཏགས་ནས་གྲོལ་འཁྲུལ་གཉིས་ཀྱི་ལམ་གྱི་དབྱེ་བ་འབྱེད་པའི་གཞི་རུ་བྱུང་བ་ཡིན་ཏེ། འཁོར་འདས་གཉིས་མིན་པའི་ཆོས་ཤིག་མི་སྲིད་ལ། དེ་གཉིས་གང་ནས་བྱུང་ཞེས་ཕུགས་དེད་ན་སྟོང་བ་ཉིད་ནས་བྱུང་བར་འདོད་དགོས། དེ་ཡང་འཁོར་བ་ལ་མཚོན་ན་རང་བཞིན་སྟོང་པ་ཉིད། རྣམ་པ་འཁྲུལ་བ། མཚན་ཉིད་སྡུག་བསྔལ་དུ་ཤར་བ་ཞིག་དང་། མྱ་ངན་ལས་འདས་པའང་དེ་བཞིན་དུ་རང་བཞིན་སྟོང་པ་ཉིད། རྣམ་པ་འཁྲུལ་བ་ཟད་ནས་ཡལ་སོང་བ། མཚན་ཉིད་སྡུག་བསྔལ་ཐམས་ཅད་ལས་གྲོལ་བ་ཞིག་ཡིན་པས། རྒྱུ་བདེ་གཤེགས་སྙིང་པོ་ཡོད་ཅིང་། རྟེན་མི་ལུས་རིན་ཆེན་ད་རེས་ཐོབ་ཡོད་པ་མ་ཟད། རྐྱེན་དགེ་བའི་བཤེས་གཉེན་རང་སྐལ་དུ་ཐོབ་པ་དེ་ལ་བརྟེན་ནས། ཐབས་དེས་གདམས་ངག་གིས་འབྲས་བུ་རྫོགས་པའི་སངས་རྒྱས་ཐོབ་ནས་སེམས་ཅན་གཞན་གྱི་འགྲོ་དོན་བྱེད་ཐུབ་པ་ཞིག་བྱེད་པ་ནི། ཆོས་སྒྲུབ་པའི་ཐོག་མཐའ་བར་གསུམ་པོ་ཚིག་ཉུང་ངུར་བསྡུས་ནས་བཤད་པ་ཡིན། མདོ་རྩ་རྡོག་རྡོག་བླངས་ན་འཁོར་བ་མྱང་འདས་སུ་གྲོལ། ཉོན་མོངས་ཡེ་ཤེས་སུ་འཆར་བ་ནི་གོང་དུ། ཐེག་པའི་དོན་འདུས་ཤེས་པའི་ཆོས་དྲུག་ནི། །ཉོན་མོངས་རང་ག་ཐ་མལ་སྐྱོན་ཤེས་དགོས། །ཉོན་མོངས་སྤོང་བ་ཉན་རང་ལམ་ཤེས་དགོས། །ཉོན་མོངས་སྦྱོང་བ་རྒྱལ་སྲས་ལམ་ཤེས་དགོས། །ཉོན་མོངས་བསྒྱུར་བ་གསང་སྔགས་ལམ་ཤེས་དགོས། །རང་བཞིན་ཡོངས་ཤེས་རང་བྱུང་ཡེ་ཤེས་དགོས། །བླང་དོར་གྲོལ་བྱ་བཙལ་མེད་ཤེས་པ་དགོས། །དེ་དག་ལྡན་ན་ཉོན་མོངས་གོས་པ་མེད། །ཅེས་གསུངས་པ་ལྟར་དང་། མངའ་རིས་པཎ་ཆེན་གྱིས། སྤོང་བསྒྱུར་ལམ་དུ་བྱེད་པ་སོ་སོ་ཡང་། །ཉོན་མོངས་རང་མཚན་སྤོང་བ་མཁས་རྣམས་མཐུན། །ཞེས་གསུངས་པ་ལྟར་ཡིན། མདོར་ན་དེ་ལྟ་བུའི་ལམ་གྱི་ཁོག་གཞི་བྱས་ནས་རང་ཉིད་གང་ལ་མོས་པའི་ལས་འབྲེལ་དང་ལྡན་པ་ལ་ཞུགས་ཤིང་ཆོས་སྒྲུབ་ཚེ། སྒྲུབ་སྟངས་ཤེས་པ་དང་། སྒྲུབ་འབྲས་ལོན་པར་བྱེད་དགོས་པའི་ཚུལ་རྣམས་ངེས་པར་བྱས་ནས། སྐབས་སུ་བབས་པ་གང་ཞིག་འཆད་ཉན་བྱ་བའི་དམ་པའི་ཆོས། གངས་རིའི་ལྗོངས་འདིའི་རྫོགས་ཆེན་སྟོན་པའི་ཤིང་རྟ་བ་ཆེན་པོ་རྒྱལ་བ་ཀློང་ཆེན་པའི་གསུང་རབ། ཆོས་སྐུའི་བསྟན་པའི་ཉིང་བཅུད། གསང་བདག་དགའ་རབ་དཔའ་བོའི་ཞལ་ལུང་དྲི་མ་མེད་པ། རྒྱ་ཆེ་བ་པཎྜི་ཏའི་ལུགས་ཀྱི་ཟབ་དང་རྒྱ་ཆེའི་བསྟན་བཅོས་མཛོད་ཆེན་རིན་པོ་ཆེ་རྣམ་པ་བདུན་བཞུགས་པ་ལས། མན་ངག་རིན་པོ་ཆེ་བཤད་པའི་སྐབས་ནས་བཤད་བྱའི་ཡན་ལག་བཤད་པ་ཐོག་མར་དགེ་བ་ཀླད་ཀྱི་དོན་སོང་ནས། བཤད་བྱ་དངོས་བཤད་པ་བར་དུ་དགེ་བ་གཞུང་གོ་དོན་ལས་མང་དག་ཅིག་སོང་ནས་དེ་རིང་།

༡༤༩ ལོག་པའི་འཚོ་བ་རྣམ་དྲུག་སྤང་བ་ནི།

ལོག་པའི་འཚོ་བ་རྣམ་དྲུག་སྤང་བ་ནི།།

ཚུལ་འཆོས་བསླུ་བྲིད་རྙེད་པ་ལོག་འཚོ་ཡིན།།

ཁ་གསག་མགོ་སྐོར་རྙེད་པ་ལོག་འཚོ་ཡིན།།

ཞེན་འདོད་གཞོགས་སློང་བྱེད་པ་ལོག་འཚོ་ཡིན།།

ཆོས་དཔག་ངན་ཁྲམ་བྱེད་པ་ལོག་འཚོ་ཡིན།།

ཐོས་བསམ་རྙེད་པ་འཚོལ་བ་ལོག་འཚོ་ཡིན།།

ནོར་རྫས་ཐ་མལ་སྤྱོད་པ་ལོག་འཚོ་ཡིན།།

ཚུལ་བཞིན་བསྒྲུབ་པས་དེ་དག་སྤངས་ན་ལེགས།།

ཞེས་གསུངས་པ་སྟེ། ཡང་དག་པ་མ་ཡིན་པའི་ལོག་པའི་འཚོ་བ་རྣམ་པ་དྲུག་སྤང་བ་ནི། ངན་པའི་ཚུལ་དེ་བཟང་པོར་འཆོས་པའི་ཚུལ་འཆོས་ཀྱིས་གཞན་དག་བསླུ་བྲིད་བྱས་ནས་འདི་ནི་སྐྱེས་བུ་དམ་པའོ་སྙམ་དུ་བཅུག་སྟེ། དེ་ལ་བརྟེན་པའི་ཟང་ཟིང་གི་རྙེད་པ་སྒྲུབ་པ་ནི་ཡང་དག་པ་ལས་ལོག་པའི་འཚོ་བ་ཡིན་པ་དང་། གཞན་བསླུ་ཐབས་ཀྱི་ཁ་ཡག་ངག་འཇམ་འབའ་ཞིག་པའི་ཁ་གསག་མགོ་སྐོར་གྱི་སྒོ་ནས་རྒྱུ་རྙེད་ཐབས་བྱེད་པ་ལོག་འཚོ་དང་དེས་རྙེད་པའི་རྒྱུ་ནོར་ཡང་ལོག་འཚོའི་འཚོ་བ་ཡིན་པ་དང་། ནོར་རྫས་སོགས་ལ་ཞེན་ཆགས་དང་འདོད་ཞེན་ཡོད་པའི་ཀུན་སློང་ལ་བརྟེན་ནས། ཟོལ་གྱིས་སློང་བ་དཔེར་ན་མི་ཆེ་གེ་མོ་ཞིག་གིས་དངོས་པོ་ག་གེ་མོ་ཞིག་གང་ཟག་སུ་ཞིག་ལ་བྱིན་རབས་དང་དེ་ལེགས་ཚུལ། འདི་འདྲ་བ་ཞིག་ང་ལ་གལ་སྲིད་ཐོབ་ན། ངས་རྟེན་རྩ་ག་ལ་བར་འཇོག་པ་ཡིན་ནོ་སོགས་པའི་ཐབས་ཀྱིས་གཞན་ནོར་ཐོབ་ཐབས་བྱེད་པའི་གཞོགས་སློང་བྱེད་པའང་ལོག་འཚོ་ཡིན་པ་དང་། ཆོས་ལ་དཔག་པའི་སྒོ་ནས་ངན་ཁྲམ་སྣ་ཚོགས་བྱེད་པ་མི་ཆོས་བླ་མའི་རྫུན་ལ་འགྲོ་བའི་གཡོ་ཟོལ་གྱི་བསམ་པས། དྲག་གྲས་དང་མཐོ་གྲས་ཀྱི་ཚུལ་སྟོན་པའི་སྒོ་ནས་རྒྱུ་ནོར་མི་ལག་ནས་བླངས་ན་ལོག་འཚོ་ཡིན་པ་དང་། རྙེད་པའི་དོན་དུ་ཐོས་བསམ་བྱེད་པ་དང་། རང་ཐོས་བསམ་པ་ཡིན་པར་བསྒྲགས་ནས་རྙེད་པ་འཚོལ་བ་ལོག་འཚོ་ཡིན་པ་དང་། དད་པས་ཕུལ་བའི་ནོར་རྫས་དེ་དག་དགེ་སྦྱོར་མེད་ཅིང་ཞིང་ཁྱད་ཅན་དུ་མ་སོང་ནས་ཐ་མལ་རང་གར་སྤྱོད་པ་བྱས་ན་ལོག་འཚོ་ཡིན་པ་སྟེ་དེ་དག་ནི། ཚུལ་བཞིན་བསྒྲུབ་པ་སྟེ་ཆོས་བཞིན་དུ་བྱེད་པ་ཞིག་གིས་སྤངས་ན་ལེགས་སོ། །འདི་ལྟ་བུའི་གདམས་ངག་གསུངས་ཡོང་དུས་ཚང་མ་ང་ལ་ཟེར་བཞིན་འདུག་སྙམ་པ་བྱུང་ན་མཚང་ལ་ཕོག་ནས་ཉེས་སྐྱོན་ཤེས་པ་གདམས་ངག་ཉན་པའི་གོ་ཆོད་པ་ཡིན་ནོ།།

༡༥༠ ཆོས་སྤྱིའི་གདམས་ངག་རྣམ་དྲུག་བསྟན་པ།

ཆོས་སྤྱིའི་གདམས་ངག་རྣམ་དྲུག་བསྟན་པ་ནི།།

མས་འཛེག་ཀུན་སྤྱོད་གཙང་བ་གདམས་ངག་ཡིན།།

སེམས་བསྐྱེད་ཚད་མེད་བཞིས་སྦྱངས་གདམས་ངག་ཡིན།།

གང་ཡང་ཟུང་འཇུག་ཉམས་ལེན་གདམས་ངག་ཡིན།།

ས་ལམ་ཟབ་མོའི་གནད་བཙལ་གདམས་ངག་ཡིན།།

ལྟ་བ་སེམས་ཉིད་མཐའ་གྲོལ་གདམས་ངག་ཡིན།།

ཕྱོགས་མེད་ཐོས་བསམ་བྱེད་པ་གདམས་ངག་ཡིན།།

ཅེས་གསུངས་པ་སྟེ། ཆོས་སྤྱིའི་གདམས་ངག་རྣམ་དྲུག་བསྟན་པ་ནི། སྤྱོད་པ་མས་ནས་ཡར་འཛེག་སྟེ། ཐོག་མར་སོ་ཐར་གྱི་ཀུན་སྤྱོད་གཙང་བ་གདམས་ངག་ཡིན། བར་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་ཚད་མེད་བཞིས་སྦྱང་པ་གདམས་ངག་ཡིན། སོ་བྱང་སྔགས་གསུམ་གང་གི་སྐབས་སུ་ཡང་ཟུང་འཇུག་ཡ་མ་བྲལ་བའི་ཉམས་ལེན་སྡོམ་གསུམ་གཅིག་འགྲོ་གཅིག་འདུག་མ་ཡིན་པར་བྱེད་པ་གདམས་ངག་ཡིན། མཐར་ཐུག་ས་ལམ་མྱུར་མོའི་སྒོ་ནས་བཅད་པ་ལ་ཟབ་མོའི་གནད་རང་གང་ལ་ལས་འབྲེལ་ཡོད་པ་དེ་བཙལ་བ་གདམས་ངག་ཡིན། སེམས་ཀྱི་ཆོས་ཉིད་ཡོད་མེད་ཡིན་མིན་ལ་སོགས་པའི་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་རང་བཞིན་གྱི་ལྟ་བས་ཐག་བཅད་པ་གདམས་ངག་ཡིན། ཐོས་བསམ་མ་བྱས་ན་འཁོར་བ་ངན་སོང་གི་སྡུག་བསྔལ་མི་ཤེས་པ་དང་། དེ་ལས་སྐྱོབ་པའི་དཀོན་མཆོག་ཀྱང་མི་ཤེས་ཤིང་། ཐར་བ་དང་དེ་ཉིད་སྒྲུབ་པའི་ཐབས་དང་དད་པ་འཇོག་ཚུལ་ཙམ་ཡང་མི་ཤེས་པས་རྨོངས་པའི་དད་པ་ཙམ་ལས་མེད་ཕྱིར་ཐོས་བསམ་མ་བྱས་པ་ནི་མིག་མེད་ཀྱི་ལོང་བ་ཞིག་དང་ཁྱད་མེད་པ་ཡིན། དེ་འདྲ་དེ་ལ་ལྟ་བ་འདི་ཡིན་གྱི་ངོས་བཟུང་མེད་ན་སྒོམ་པ་དང་སྤྱོད་པ་ལྟ་ཅི། དེས་ན་གྲྭ་གཞོན་རྣམ་པས་ཐོས་བསམ་བྱེད་པ་ནི་ཤིན་ཏུ་ནས་ཀྱང་གལ་ཆེ་སྟེ། ཐོས་པ་མེད་པའི་སྒོམ་པ་དེ། །ལག་རྡུམ་བྲག་ལ་འཛེགས་པ་འདྲ། །ཞེས་གསུངས་པ་དེས་ན་ཐོས་བསམ་ཡ་མ་བྲལ་ཞིང་གོ་རིམ་མ་ནོར་བ་ཕྱོགས་མེད་དུ་བྱེད་པ་གདམས་ངག་ཡིན། གལ་སྲིད་ཐོས་བསམ་ལ་དགྲ་རུ་ལྟ་མཁན་ཞིག་ཡིན་ཚེ། དགྲ་རུ་ལྟ་མཁན་ཁོ་རང་ཆོས་མི་ཤེས་མཁན་ཞིག་ཡིན་པའི་རྟགས་བསྟན་པ་ཡིན་ནོ།།

༡༥༡ རེ་ཐག་ཆོད་པའི་གདམས་ངག་རྣམ་དྲུག་བསྟན་པ།

རེ་ཐག་ཆོད་པའི་གདམས་ངག་རྣམ་དྲུག་ནི།།

ཁྲེལ་མེད་མི་ལ་སྲུང་སྡོམ་རེ་ཐག་ཆོད།།

སྙིང་རུས་མེད་ལ་སྒྲུབ་པ་རེ་ཐག་ཆོད།།

དད་གུས་མེད་ལ་བྱིན་རླབས་རེ་ཐག་ཆོད།།

ཤེས་རབ་མེད་ལ་རྟོགས་པ་རེ་ཐག་ཆོད།།

སྙོམ་ལས་ཅན་ལ་གྲུབ་རྟགས་རེ་ཐག་ཆོད།།

བསམ་ངན་མི་ལ་ཕན་སེམས་རེ་ཐག་ཆོད།།

ཅེས་གསུངས་པ་སྟེ། རེ་ཐག་གདིང་ནས་ཆོད་པའི་གདམས་ངག་རྣམ་དྲུག་ནི། ངོ་ཚ་ཁྲེལ་མེད་ཀྱི་མི་དེ་ལ་སྲུང་སྡོམ་རྣམ་པར་དག་དགོས་སྙམ་པ་ཙམ་ཡང་མེད་པས་རེ་ཐག་གདིང་ནས་ཆོད། སྙིང་རུས་དང་བརྩོན་འགྲུས་གཏན་ནས་མེད་པའི་མི་ཅོལ་ཆུང་དེ་འདྲ་དེས་ལོ་གསུམ་མམ་ཚེ་མཚམས་སོགས་བསྡད་ནས་སྒྲུབ་པ་བྱེད་པ་ཡིན་མདོག་པར་བཤད་ཀྱང་མི་བརྟན་པས་སྒྲུབ་པ་རེ་ཐག་ཆོད། ཆོས་དང་བླ་མ་ལ་དད་པ་དང་གུས་པ་མེད་པའི་མི་ལ་བྱིན་རླབས་ཁྱད་པར་ཅན་ཞིག་ཐོབ་པའི་དུས་མེད་པས་རེ་ཐག་ཆོད། ཤེས་རབ་མེད་པའི་མི་ལ་དགོངས་བརྒྱུད་རྟོགས་པ་ཁྱད་པར་བ་འཕོ་བ་མིན་པས་རེ་ཐག་ཆོད། སྙོམ་ལས་ཅན་སྒྲུབ་ལ་བརྩོན་འགྲུས་མེད་པ་ཞིག་ལ་གྲུབ་པའི་རྟགས་ཡོང་དུ་མེད་པས་རེ་ཐག་ཆོད། མི་བསམ་པ་ནག་པོ་བསམ་ངན་ཅན་ལ་ཕན་སེམས་མིི་འབྱུང་བས་རེ་ཐག་ཆོད་ཅེས་སོ།།

༡༥༢ བསླབ་པའི་གོ་རིམ་རྣམ་དྲུག་བསྟན་པ།

བསླབ་པའི་གོ་རིམ་རྣམ་དྲུག་བསྟན་པ་ནི།།

འཇུག་སྒོ་དང་པོ་འབྲི་ཀློག་སྒྲ་ཚད་བསླབ།།

གཉིས་པར་ཁྲིམས་བསྲུང་སྡེ་སྣོད་ཐོས་བསམ་བྱ།།

གསུམ་པར་ལམ་འཇུག་བླ་མ་དམ་པ་བསྟེན།།

བཞི་པར་མཉེས་བྱ་སྙན་བརྒྱུད་གདམས་པ་ཉོན།།

ལྔ་པར་བསྒྲུབ་བྱ་མཐར་ཕྱིན་བརྩོན་འགྲུས་བརྩམ།།

དྲུག་པར་གཞན་དོན་སྐྱོ་ངལ་མེད་པར་བྱ།།

དེ་རྣམས་རྗེས་འཇུག་སྐྱེས་བུ་དམ་པའི་སྲོལ།།

ཞེས་གསུངས་པ་སྟེ། བསླབ་པའི་གོ་རིམ་རྣམ་པ་དྲུག་མ་འཛོལ་བར་བསྟན་པ་ནི། བསླབ་པ་ལ་འཇུག་པའི་སྒོ་དང་པོ་ཡི་གེ་འབྲི་ཀློག་དང་དེའི་སྟེང་དུ་སྒྲ་ཚད་རིག་གནས་བསླབ་དགོས་པ་ཡིན། དེ་ཡང་ཁྱིམ་ཚང་སུ་དང་སུ་ཡིན་ཡང་རང་གི་ཤ་ནས་ཆད་པའི་བུ་རྒྱུད་ལ་བརྩེ་ཞིང་གཅེས་པ་ཡིན་ཡང་། ལ་ལས་གཅེས་ལུགས་མ་ཤེས་ནས་བུ་རྒྱུད་ཀྱི་ཚེ་འདིའི་བདེ་སྐྱིད་དང་། ཚེ་རབས་གཏན་གྱི་འདུན་མ་ལ་གནོད་པ་བཏང་བ་ཡང་མི་ཉུང་བ་བྱུང་བ་དེས་ན་ཁྱིམ་ལས་ཙག་ཙིག་རེ་ཡི་དོན་དང་། བུ་རྒྱུད་དང་ཁ་བྲལ་མི་ཕོད་བསམ་ཁུལ་གྱིས་ཕ་མའི་རྩིབ་ནས་ལོ་གྲངས་ནམ་ཟླ་གྲོན་དུ་བཅུག་པ་ནི་དེ་ཡི་མདུན་ལམ་ལ་གནོད་པའི་ལས་ཚབས་ཆེན་བྱས་པ་ཡིན། གཞན་སྔོན་ཐོན་གྱི་མི་རྣམས་ཀྱིས་བྱིས་པ་མ་ཁོག་ན་ཡོད་དུས་ཀྱང་རོལ་མོ་སྒྲ་སྙན་ལ་སོགས་པས་དེའི་སེམས་ཁམས་ལ་སློབ་གསོ་གཏོང་བར་བྱེད་དུ་རུང་བ་ཡིན་ཞེས་དེ་ལྟར་བྱེད་པ་ཡིན། དེ་ལྟར་མ་འཛོམས་རུང་བྱིས་པའི་ཁ་གྲག་ཤེས་དུས་ནས་ཨ་མ་དང་ཡིག་ངོ་མཉམ་པོར་བསླབ་པའམ། དེ་ལྟར་མིན་ཡང་ལོ་བདུན་བརྒྱད་ལ་སོན་དུས་བྱིས་པ་ཕོ་མོ་སུ་ཡིན་ཡང་ཕོ་མོ་ལ་མ་ལྟོས་པར་ཡོན་ཏན་རིག་གནས་སློབ་པ་ནི་ཤིན་ཏུ་གལ་ཆེན་ཡིན། ས་ཆ་འདི་ལ་མཚོན་ན་བུ་གྲྭ་པ་བྱེད་པ་ཤིན་ཏུ་ཉུང་བའི་ཚད་ལ་ཐོན་ནས་སྡེ་བ་དུད་གྲངས་སྟོང་ཕྲག་གཉིས་ཙམ་ཡོད་པ་ལས་གྲྭ་པ་སྟོང་ཕྲག་གཅིག་གི་ཁ་མ་ལོངས་བའི་གནས་སུ་གྱུར་འདུག ཁྱིམ་ཚང་རེ་ལ་གྲྭ་པ་རེ་རེ་མེད་ཀྱང་ཆ་མཉམ་གཉིས་རེའི་བར་ལ་གྲྭ་པ་རེ་ཡོད་ན་ཆོས་འཇིག་རྟེན་གཉིས་ཀའི་ལེགས་ཉེས་བླང་དོར་ཤེས་ལུགས་མི་འདྲ་བ་ཡིན། སྡེ་བ་ཡར་རྒྱས་ཀྱང་དེ་ལས་འབྱུང་བ་ཡིན། ཚོགས་པ་འཚོག་སྐབས་ལྷ་ཁང་ནང་མའི་ནང་གི་དགེ་འདུན་པ་གཙོ་བོ་ཡིན་ཡང་། ཁྱིམ་ལ་ཐོན་དུས་ལྷ་ཁང་ཕྱི་མའི་ནང་ལ་ཡོད་པའི་ཕ་མ་རྒན་གསུམ་དབང་ཆ་ཆེ་བས་དེ་ལྟར་བཤད་པ་ཡིན། དེ་ནས་ཇོ་སེར་སུ་ཡིན་ཡང་གཉིས་པར་རབ་ཏུ་བྱུང་ནས་ཁྲིམས་བསྲུངས་སྟེ། སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ་ལ་ཐོས་བསམ་བྱ་དགོས་པ་དང་། གསུམ་པར་ཐར་བའི་ལམ་ཆོས་ལམ་དངོས་ལ་ཞུགས་ནས་ལམ་སྣེ་ཟིན་ཤག་ཤག་བྱེད་པའི་ཆེད་དུ་བླ་མ་དམ་པ་ལ་ངེས་པར་བསྟེན་པ་བྱེད་པ་དང་། བླ་མ་བསྟེན་པར་ཙམ་གྱིས་མི་ཕན་པས་བཞི་པར་བླ་མ་དམ་པ་དེའི་ཐུགས་མཉེས་པར་བྱས་ཏེ་སྙན་ནས་བརྒྱུད་པའི་སྙན་བརྒྱུད་ཀྱི་གདམས་པ་ཟབ་མོ་ཉན་དགོས་པ་དང་། གདམས་པ་ཉན་པ་ཙམ་གྱིས་མི་ཆོག་པར་ལྔ་པར་གདམས་པ་དེ་བསྒྲུབ་པར་བྱ་ཞིང་། སྒྲུབ་ལོ་ཙམ་དུ་མི་བཞག་པར་སྒྲུབ་པ་མཐར་ཕྱིན་གྱི་བརྩོན་འགྲུས་རྩོམ་པར་བྱ་བ་དང་། དེ་དག་མཐར་ཕྱིན་རྗེས་ཀྱི་དམིགས་ཡུལ་དངོས་ནི་དྲུག་པར་གཞན་དོན་ལ་དངོས་བརྒྱུད་ཅི་རིགས་པ་ནས་སྐྱོ་ངལ་མེད་པར་བྱ་དགོས་ཏེ། ཐེག་པ་ཆེན་པོའི་ལམ་དུ་ཞུགས་པའི་སྙིང་དོན་དངོས་ནི་གཞན་དོན་གྱི་ཆེད་ཡིན་པ་དེས་ན་གཞན་དོན་གྱི་བསམ་པས་དབེན་ཚེ་རང་ཉིད་ཐེག་ཆེན་གྲལ་དུ་ཆུད་མེད་པ་ཡིན། དེ་མེད་ན་ངེས་འབྱུང་ཡོད་མིན་དཔྱོད། དེ་མེད་ན་ཐེག་དམན་གྱི་གྲལ་དུ་ཆུད་མེད་པ་ཡིན། དེ་དག་ཐམས་ཅད་མེད་ཚེ་རྒྱུ་འབྲས་ཡིད་ཆེས་ཀྱི་དད་པ་ཡོད་མིན་དཔྱོད། དེ་མེད་ཚེ་འཇིག་རྟེན་ཡང་དག་གི་གྲལ་དུའང་ཆུད་མེད་པའི་ས་ཚོད་ལ་ཐོན་ཡོད་པར་ཤེས་དགོས། ཆོས་དྲུག་པོ་དེ་རྣམས་ཀྱི་རྗེས་སུ་འཇུག་པ་ནི་སྐྱེས་བུ་དམ་པའི་སྲོལ་ཡིན་ནོ།།

༡༥༣ སྐལ་བཟང་སློབ་མ་སྐྱོང་བའི་ཆོས་དྲུག་བསྟན་པ།

སྐལ་བཟང་སློབ་མ་སྐྱོང་བའི་ཆོས་དྲུག་ནི།།

དད་ཅན་གང་མོས་རྗེས་སུ་འཛིན་ཤེས་དང༌།།

བརྩོན་འགྲུས་བྱ་བྱེད་མི་གཞུག་ལམ་དགོད་ཤེས།།

ཐོས་བསམ་ཚིག་འབྱམས་མི་གཞུག་སྒྲུབ་ལ་འཛུད།།

རྙེད་འཚོལ་ཡོན་ཏན་མི་སློབ་དགེ་སྦྱོར་འཛུད།།

གསོག་བྲུན་ནོར་སོག་མི་སློབ་ཆོག་ཤེས་བསླབ།།

ཚེ་འདིའི་གྲོས་འདུན་མི་སྦྱོར་ཆོས་མགོ་འདོན།།

དེ་དག་ཐབས་མཁས་བཤེས་གཉེན་བཟང་པོའི་ལུགས།།

ཞེས་གསུངས་པ་སྟེ། སྐལ་བ་བཟང་པོའི་སློབ་མ་སྐྱོང་བའི་ཆོས་དྲུག་དེ་གང་ཡིན་ན། དད་ཅན་གང་ལ་མོས་པ་དེ་དང་དེ་ཡི་སྒོ་ནས་རྗེས་སུ་འཛིན་ཤེས་པ་དང༌། བརྩོན་འགྲུས་ཅན་ལ་ཕལ་བའི་བྱ་བྱེད་མང་པོ་ལས་སུ་མི་གཞུག་པར་ལམ་སྲོལ་ལ་དགོད་ཤེས་པའམ་འཛུད་ཤེས་དགོས་པ་དང་། ཐོས་བསམ་བྱེད་ཚེ་ཚིག་ཏག་ཏག་ལ་འབྱམས་སུ་མི་གཞུག་པར་སྒྲུབ་པ་ཉམས་ལེན་གྱི་གནད་ཀྱི་སྙིང་པོ་ལ་འཛུད་པ་དང་། རྙེད་པ་འཚོལ་བྱེད་ཀྱི་ཡོན་ཏན་ཙ་གེ་ཙིག་གེ་ཞིག་སློབ་ཀྱིན་མི་འདུག་པར་དགེ་སྦྱོར་དངོས། དོན་གྱི་སྙིང་པོ་ཡོད་པའི་ལམ་ལ་འཛུད་པ་དང་། འཇིག་རྟེན་གྱི་རྒྱུ་ནོར་གསོག་བྲུན་ལ་སློབ་ཀྱིན་མི་འདུག་པར་འདོད་ཆུང་ཆོག་ཤེས་ཀྱི་འཕགས་ནོར་དམ་པ་ལ་བསླབ་དགོས་པ་དང་། འཇིག་རྟེན་ཚེ་འདིའི་བྱ་གཞག་གི་གྲོས་འདུན་མི་སྦྱོར་བར་ཆོས་ཕྱོགས་ཀྱི་མགོ་འདོན་བྱེད་པ་སྟེ། དེ་དག་ནི་ཐབས་ལ་མཁས་པའི་བཤེས་གཉེན་བཟང་པོའི་སློབ་མ་སྐྱོང་ལུགས་བཟང་པོ་ཡིན་ནོ། །དེ་ལྟར་བསླབ་ན་ལས་ཀྱི་དབང་གིས་འདུལ་ཐབས་མེད་པའང་ཡོད་ངེས་དེ་ནི་མ་གཏོགས་ཏེ། སངས་རྒྱས་ཀྱིས་འདུལ་མ་ཐུབ་པའི་དམུ་རྒོད་ཡོད་པ་རེད། དེ་མིན་གྱི་མང་ཤོས་ལ་ཕན་ཐོགས་པ་ཡིན་པས་སྐལ་བཟང་སློབ་མ་སྐྱོང་བའི་ཆོས་དྲུག་ཅེས་གསུངས་པའོ།།

༡༥༤ དྲན་པའི་བྱ་ར་བཏང་བའི་ཆོས་དྲུག་བསྟན་པ།

དྲན་པའི་བྱ་ར་བཏང་བའི་ཆོས་དྲུག་ནི།།

ཚེ་འདིར་ཤོར་རམ་དྲན་པའི་བྱ་ར་བཏང༌།།

ལེ་ལོས་གཡེངས་སམ་དྲན་པའི་བྱ་ར་བཏང༌།།

གོལ་སྒྲིབ་བྱུང་ངམ་དྲན་པའི་བྱ་ར་བཏང༌།།

འཁྲུལ་རྟོག་ཤོར་རམ་དྲན་པའི་བྱ་ར་བཏང༌།།

འཆལ་གཏམ་ཤོར་རམ་དྲན་པའི་བྱ་ར་བཏང༌།།

ཐ་མལ་ལུས་སམ་དྲན་པའི་བྱ་ར་བཏང༌།།

ཞེས་གསུངས་པ་སྟེ། དྲན་པའི་བྱ་རའམ་སོ་བཏང་བའི་ཆོས་དྲུག་ནི། ཚེ་འདིའི་ཕྱོགས་ཤོར་རམ་མ་ཤོར་དྲན་པའི་བྱ་ར་བཏང༌ནས་བལྟ་དགོས་པ་དང་། ལེ་ལོ་ངན་པའི་དབང་དུ་སོང་ནས་གཡེངས་སམ་མ་གཡེངས་དྲན་པའི་སྒོ་ནས། དུས་རྟག་ཏུ་སྲུང་སེམས་མི་བརྗེད་པའི་བྱ་ར་གཏོང༌བ་དང་། གོལ་སྒྲིབ་བམ་སྒོམ་ཉེས་པ་བྱུང་ངམ་མ་བྱུང་དྲན་པའི་བྱ་ར་གཏོང༌བ་དང་། འཁྲུལ་རྟོག་གི་དབང་དུ་ཤོར་རམ་མ་ཤོར་དྲན་པའི་བྱ་ར་གཏོང༌བ་དང་། བཟླས་བརྗོད་ལ་སོགས་པ་བྱེད་པའི་གནས་སྐབས་ན་འཆལ་གཏམ་གྱི་དབང་དུ་ཤོར་རམ་མ་ཤོར་གྱི་དྲན་པའི་བྱ་ར་གཏོང༌དགོས་པ་དང་། སྒོ་གསུམ་སྐུ་གསུང་ཐུགས་གསུམ་གྱི་ཉམས་ལེན་ལ་གནས་པའམ་ཐ་མལ་དུ་ལུས་སམ་མ་ལུས་ཀྱི་དྲན་པའི་བྱ་ར་གཏོང༌བའམ། སྒོ་གསུམ་ཆོས་དགེ་བ་ལ་མི་གནས་སམ་ཐ་མལ་འཁྲུལ་བ་ལ་སྤྱོད་དམ་མ་སྤྱོད་ཀྱི་དྲན་པའི་བྱ་ར་བཏང་བ་སྟེ་གང་ལྟར་གོ་ཡང་ཆོག་གོ།

༡༥༥ ཆོས་མཛད་རྣམས་ཀྱི་བྱ་བ་རྣམ་དྲུག་བསྟན་པ།

ཆོས་མཛད་རྣམས་ཀྱི་བྱ་བ་རྣམ་དྲུག་ནི།།

ཚེ་ལ་ལོང་མེད་མྱུར་དུ་འགྲོ་རྩིས་བྱ།།

ལས་འབྲས་ཆེ་ཕྲ་དགེ་སྡིག་བླང་དོར་བྱ།།

གཞན་དོན་འགྲུབ་དཀའ་རང་དོན་མ་ཤོར་བྱ།།

ཤེས་བྱ་ཐུག་མེད་ཚིག་འབྱམས་མ་ཤོར་བྱ།།

མི་ཤེས་བླུན་སྒོམ་རྨོངས་པར་མ་ཤོར་བྱ།།

མཁས་བཙུན་བཟང་འདོད་ང་རྒྱལ་མ་སོང་བྱ།།

ཞེས་གསུངས་པ་སྟེ། ཆོས་མཛད་མཁན་གྱི་ཆོས་པ་རྣམས་ཀྱིས་བྱ་དགོས་པའི་བྱ་བ་རྣམ་དྲུག་ནི། ཚེ་མི་རྟག་རྒྱུད་ལ་འབྱོངས་པ་ཞིག་གིས་འགྲོ་རྩིས་མ་གཏོགས་འདུག་རྩིས་མི་བྱེད་ལ། འདུག་རྩིས་ཏག་ཏག་བྱེད་པ་ནི་ཚེ་མི་རྟག་པ་ལ་ངེས་ཤེས་འདྲོངས་མེད་རྟགས་ཡིན་པས། ཚེ་ལ་ལོང་མེད་ཤེས་པ་དག་གིས་མྱུར་དུ་འགྲོ་རྩིས་བྱ་དགོས་པ་དང་། ལས་འབྲས་ཆེ་བའི་རིགས་ལྟ་ཅི་ཆ་ཕྲ་བ་དག་ཀྱང་འཛེམས་དགོས། ཁྱད་པར་དུ་གྲྭ་ཇོ་སེར་ལ་མཚོན་ན་དཀོན་མཆོག་གི་དཀོར་ལ་བྱུང་རྒྱལ་དུ་སྤྱོད་པའི་ཕྱོགས་ལ་གཟབ་པར་གནད་ཆེ་ཞིང་། དཀོར་ནག་བྱུང་རྒྱལ་དུ་སྤྱོད་ན་ཉེས་དམིགས་ལྕི་བས། དུག་རང་གིས་ཟོས་པས་མི་ཚད་ཁོར་ཡུག་གི་མི་དང་བཅས་པ་ལ་བྱིན་ན་མ་རུང་བའི་བསམ་ནག་གདུག་རྩུབ་བྱས་པ་ལྟ་བུར་འགྱུར་བས། དགེ་སྡིག་བླང་དོར་བྱ་བ་གལ་ཆེ་བ་དང་། གཞན་སྨིན་པ་ལ་ཐོག་མར་རང་སྨིན་དགོས་པས། རང་མ་སྨིན་པས་གཞན་དོན་ངོ་མ་འགྲུབ་དཀའ་བས་དང་པོར་རང་དོན་མ་ཤོར་བ་གཞན་དོན་མ་འགྲུབ་ཀྱང་གཞན་གནོད་མི་བྱེད་སྙམ་པའི་དམ་བཅའ་བ་བྱ་དགོས། འདིའི་དོན་གཞན་དོན་འགྲུབ་དཀའ་བས་སྐྱུར་ཤོག་རང་དོན་མ་ཤོར་དང་ཆོག་ནས་ཡོད་ཅེས་པའི་དོན་མིན་པར་གཞན་དོན་འགྲུབ་དཀའ་བར་བསམས་ནས་རང་དོན་དེ་མ་ཤོར་ཞེས་པའི་དོན་ནོ། །ཤེས་བྱ་ནམ་མཁའི་གཟའ་སྐར་འདྲ། བསླབ་དགོས་གནས་ལ་ཟད་པ་མེད། ཅེས་པ་ལྟར་དུ་ཤེས་བྱ་ཐུག་མེད་ཡིན་ཡང་དེ་དག་ཚིག་འབྱམས་སུ་མ་ཤོར་བ་གང་ཤེས་པ་དེ་ཉིད་ཕན་པའི་གདམས་ངག་ཏུ་འཛིན་དགོས་པ་དང་། མི་ཤེས་བླུན་སྒོམ་རྨོངས་པའི་དབང་དུ་མ་ཤོར་བར་བྱ་དགོས། ཇོ་བོ་རྗེའི་ཞལ་ནས། ཚེ་འདི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། །ཚེ་ཡི་ཚད་ནི་སུས་ཀྱང་མི་ཤེས་ལ། །ངང་པས་ཆུ་ལས་འོ་མ་ལེན་པ་ལྟར། །རང་གི་འདོད་པ་དང་དུ་བླང་པར་རིགས། །ཞེས་གསུངས་པ་ལྟར་དུ་དགོས་མཁོ་ཅན་དེ་ཤེས་ནས་ལྟ་སྒོམ་ལ་རྨོངས་པའི་བླུན་སྒོམ་མིན་པར་བྱེད་དགོས་པ་དང་། མཁས་བཙུན་བཟང་འདོད་དེ་ཆེ་འདོད་གྲགས་འདོད་ཀྱི་ང་རྒྱལ་གྱི་དབང་དུའང་མ་སོང་བར་བྱའོ།།

༡༥༦ སྒྲུབ་འདོད་ལེགས་པར་བསམ་པའི་ཆོས་དྲུག་བསྟན་པ།

སྒྲུབ་འདོད་ལེགས་པར་བསམ་པའི་ཆོས་དྲུག་ནི།།

ཚེ་འདི་མ་བྲལ་ཕ་ཡུལ་བློས་མི་ཐོངས།།

འདོད་ཞེན་མ་ལོག་དབེན་པར་སྡོད་མི་ཚུགས།།

གྲུབ་མཐའ་མ་གྲོལ་རང་རྒྱུད་ཆོས་ཀྱིས་འཆིང༌།།

བསམ་གཏན་མ་སྐྱེས་སྟན་ལ་འདུག་མི་ཚུགས།།

གཉེན་པོ་བྲལ་བས་རྣམ་གཡེང་རྐྱེན་མི་ཐུབ།།

བརྟུལ་ཞུགས་མཆོག་འཛིན་གཉེན་པོ་དུག་ཏུ་འགྲོ།།

དེ་བས་འདི་དག་ལེགས་པར་བསམ་པ་གཅེས།།

ཞེས་གསུངས་པ་སྟེ། སྒྲུབ་འདོད་ལེགས་པར་བསམ་པའི་ཆོས་དྲུག་ནི། ཚེ་འདིའི་ཞེན་པ་དང་མ་བྲལ་བས་ཕ་ཡུལ་བློས་མི་ཐོངས་བ་དང་། འདོད་ཡོན་ལ་ཞེན་པ་གཏིང་ནས་མ་ལོག་ན་དབེན་པའི་གནས་སུ་སྡོད་མི་ཚུགས་པར་སྒོམ་ཆེན་གྱི་སྟན་ཞབས་ནས་བྱི་ལོང་གིས་ས་འབུར་བཅས་ནས་འདུག་ཏུ་མི་འཇུག་པ་ལྟ་བུ་ཡིན་པས་འདོད་ཞེན་ལོག་དགོས། འདོད་ཞེན་ལོག་སོང་ན་རི་ཁྲོད་དུ་སྡོད་ཚུགས་པས་མ་ཟད། བསྡད་ནའང་སྐྱིད་ཅིང་ཉམས་རྟོགས་ཀྱི་ཡོན་ཏན་འཕེལ་བ་ཡིན་པ་དང་། གྲུབ་མཐའ་གང་བཟུང་བའམ་ཆོས་ལམ་གང་དུ་ཞུགས་ན་དེའི་མཐར་ཐུག་གི་གནད་གྲོལ་བ་ཐོབ་པའི་ཚུལ་དེ་མ་གྲོལ་བའམ་མ་ཤེས་པས། གཞུང་ལུགས་ཐམས་ཅད་གདམས་པར་ཤར་བའི་ཉམས་ལེན་གྱི་གནད་དུ་དྲིལ་མ་ཤེས་ན་རང་རྒྱུད་ཆོས་ཀྱིས་འཆིང༌བ་དང་། བསམ་གཏན་མ་སྐྱེས་ནས་སྒོམ་གྱི་ངང་དུ་འདུག་ས་ཞིག་མེད་ཚེ། སྟན་ལ་བཙན་གྱིས་བསྡད་ཀྱང་འདུག་མི་ཚུགས་པ་དང་། གཉེན་པོ་བྲལ་སོང་བས་རྣམ་གཡེང་གི་རྐྱེན་མི་ཐུབ་པ་དང་། བརྟུལ་ཞུགས་མཆོག་འཛིན་ཏེ་རང་གིས་གང་སྒྲུབ་པ་དེ་ལ་མཆོག་འཛིན་བྱས་ན་གཉེན་པོ་དུག་ཏུ་འགྲོ་བ་ཡིན་པ་དེ་བས་ན་འདི་དག་ལེགས་པར་བསམ་པ་གཅེས་སོ།།

༡༥༧ ཕྱི་ནང་རྟགས་དྲུག་ལེགས་པར་བསྟན་པ།

ཕྱི་ནང་རྟགས་དྲུག་ལེགས་པར་བསྟན་པ་ནི།།

དཔྱོད་ལྡན་མི་དཔེས་གང་བརྩམས་མཐར་ཕྱིན་དང༌།།

རྟོགས་ལྡན་མི་དཔེས་གཏམ་ལ་བསྐྱར་ཐུབ་དང༌།།

གོ་རིག་ལྡན་པས་གང་ཡང་ཤེས་པ་དང༌།།

ངེས་ཤེས་སྐྱེས་ཏེ་དཀའ་སྤྱད་ནུས་པ་དང༌།།

ཆོས་དང་འདྲེས་ཏེ་རང་རྒྱུད་དུལ་བ་དང༌།།

ཤེས་རབ་ཅན་དེ་ཐོས་པས་མི་ངོམས་དང༌།།

ནང་གི་རྟགས་ཀྱིས་ཕྱི་རོལ་ཤར་བ་ཡིན།།

ཅེས་གསུངས་པ་སྟེ། ཕྱི་ནང་རྟགས་དྲུག་ལེགས་པར་བསྟན་པ་ནི། བརྟགས་ཤིང་དཔྱད་པ་སྔོན་དུ་སོང་བའི་ནང་རྟགས་ཅན་གྱི་མི། གཞན་གྱི་མིག་དཔེར་འོས་པ་དེས་གང་བརྩམས་པ་དེ་ཉིད། དཔྱད་པ་སྔོན་དུ་སོང་བས་མཐར་ཕྱིན་པ་ཡིན་པ་དང་། ལེགས་པར་རྟོགས་པའི་གང་ཟག དཔེར་འོས་པ་དེས་བཤད་པའི་གཏམ་ལ་བསྐྱར་ཐུབ་པ་སྟེ་གཏམ་ལ་ཕྱིར་བལྟས་ཕེར་བ་དང༌། ནང་རྟགས་གོ་རིག་དང་ལྡན་པས་ཕྱི་རྟགས་གང་ཡང་ཤེས་པ་དང༌། ནང་རྟགས་ཆོས་ལ་ངེས་ཤེས་སྐྱེས་ཏེ། ཕྱི་རྟགས་ཆོས་ཕྱོགས་ལ་དཀའ་སྤྱད་ནུས་པ་དང༌། ནང་རྟགས་ཆོས་དང་འདྲེས་ཏེ། ཕྱི་རྟགས་རང་རྒྱུད་དུལ་བ་བྱ་སྤྱོད་ཀྱི་ཐོག་ནས་མཐོང་བ་དང༌། ནང་རྟགས་ཤེས་རབ་ཅན་དེ་ཕྱི་རྟགས་ཐོས་པས་མི་ངོམས་པ། དཔེར་ན་རྒྱ་མཚོ་ཆུ་ཡིས་མི་ངོམས་པ་དང༌། མཁས་པ་ཡོན་ཏན་གྱིས་མི་ངོམས་པ་དེ་ལྟ་བུ་ཡིན་པ་དང་། དེ་དག་ནི་ནང་གི་རྟགས་ཀྱིས་ཕྱི་རོལ་ཤར་བ་ཡིན་ནོ།།

༡༥༨ གཟུང་འཛིན་མདུད་པ་དགྲོལ་བའི་ཆོས་དྲུག་བསྟན་པ།

གཟུང་འཛིན་མདུད་པ་དགྲོལ་བའི་ཆོས་དྲུག་ནི།།

ཆགས་སྡང་སྐྱེས་དུས་སེམས་ལ་བལྟས་ཏེ་དགྲོལ།།

དུག་ལྔ་སྐྱེས་དུས་རང་ངོ་བལྟས་ཏེ་དགྲོལ།།

ཟུག་རྔུ་བྱུང་དུས་བདེ་ཆེན་བསྒོམས་ཏེ་དགྲོལ།།

རྣམ་རྟོག་འཐོར་དུས་རང་བཞིན་བཅད་དེ་དགྲོལ།།

ངལ་དུབ་སྐྱེས་དུས་ལྷོད་དེ་གློད་དེ་དགྲོལ།།

འཐིབས་ཤིང་ལྟེང་ཚེ་གསལ་དག་ངར་བཅས་དགྲོལ།།

ཞེས་གསུངས་པ་སྟེ། གཟུང་འཛིན་མདུད་པ་དགྲོལ་བའི་ཆོས་དྲུག་ནི། ཆགས་སྡང་སྐྱེས་པའི་དུས་སུ་སྐྱེ་མཁན་གྱི་སེམས་ལ་བལྟས་ཏེ་ཆགས་སྡང་གི་མདུད་པ་དགྲོལ་ཤེས་དགོས་པ་དང་། དུག་ལྔའི་ཉོན་མོངས་སྐྱེས་དུས་དུག་ལྔ་སྐྱེ་མཁན་ཁོ་རང་གི་ངོ་ལ་བལྟས་ཏེ། ཞེ་སྡང་མེ་ལོང་ཡེ་ཤེས་སོགས་སུ་དགྲོལ་བར་བྱ་དགོས་པ་དང་། ཟུག་རྔུ་མི་བདེ་བ་བྱུང་དུས་བདེ་ཆེན་གྱི་ཡེ་ཤེས་བསྒོམས་ཏེ་དེ་ཉིད་དུ་དགྲོལ་བར་བྱ་དགོས་པ་དང་། རྣམ་རྟོག་འཐོར་དུས་འཐོར་བ་སྡུད་དེ་གཟུང་འཛིན་དེ་ཉིད་དབྱིངས་སུ་བཅད་དེ་དགྲོལ་དགོས་པ་སྟེ། དེ་ཡང་རྣམ་རྟོག་འཐོར་བ་སྡུད་པ་ཕཊ་དང་ཧཱུྃ་གི་ཡི་གེས་དགྲོལ་བ་གསུངས་པའང་ཡོད་དོ། །ངལ་ཞིང་དུབ་པ་སྐྱེས་ནས་ཡི་ཆད་དང་ཐང་ལྷོད་བྱུང་ན་དེའི་ངང་དུ་ལྷོད་ཀྱིས་གློད་དེ་དགྲོལ་དགོས་པ་དང་། རྣམ་རྟོག་དེ་ཉིད་འཐིབས་ཤིང་ཅི་དྲན་འདི་དྲན་མེད་པའི་ཞི་གནས་ལྟེང་པོར་སོང་བའི་ཚེ་ན་གསལ་དག་ངར་ཆ་བཅས་པའི་རིག་པའི་དྭངས་ཆ་འདོན་ནས་དགྲོལ་དགོས་པ་སྟེ་དེ་དག་ནི་དངོས་གཞིའི་ཉམས་ལེན་པ་རྣམས་ཀྱིས་གོ་དགོས་པའི་མན་ངག་གོ།

༡༥༩ བསྒྲུབ་པའི་ཆོས་ལ་བཅས་པ་རྣམ་དྲུག་བསྟན་པ།

བསྒྲུབ་པའི་ཆོས་ལ་བཅས་པ་རྣམ་དྲུག་ནི།།

གདམས་ངག་ཟབ་མོ་ངོ་སྤྲོད་བཅས་པ་དགོས།།

ངོ་སྤྲོད་གོང་མའི་ཕྱག་བཞེས་བཅས་པ་དགོས།།

ཕྱག་བཞེས་དེ་ཡང་ཉམས་མྱོང་བཅས་པ་དགོས།།

ཉམས་མྱོང་དྲོད་ཚད་རྟགས་དང་བཅས་པ་དགོས།།

དྲོད་རྟགས་ཐོབ་བྱའི་འབྲས་བུར་བཅས་པ་དགོས།།

འབྲས་བུ་གཞན་དོན་མཛད་པར་བཅས་པ་དགོས།།

ཡ་བྲལ་ལམ་དེ་གོལ་བའི་གནས་སུ་འཁྱོག།

ཅེས་གསུངས་པ་སྟེ། བསྒྲུབ་པའི་ཆོས་ལ་བཅས་པ་རྣམ་པ་དྲུག་གང་ཡིན་ན། དེ་ལ་ཐོག་མར་གདམས་ངག་ཟབ་མོ་ངོ་སྤྲོད་དང་བཅས་པ་དགོས་ལ། དེ་ཡང་གདམས་ངག་དང་ངོ་སྤྲོད་གཅིག་མ་ཡིན་ནམ་དེའི་ཕན་དུ་ཅི་དགོས་ཤེ་ན། གདམས་ངག་ཅེས་པ་ནི་དོན་སྤྱིའི་གོ་བ། དཔེར་ན་ཟླ་བ་ནམ་མཁའ་ན་ཡོད་པ་དང་། དེའི་དབྱིབས་ཟླུམ་པོ། ཁ་དོག་དཀར་པོ། རེག་བྱ་བསིལ་བ་ཡིན་པ་ལ་སོགས་པ་བཤད་པ་དེ་གདམས་ངག་ཡིན་པ་དང་། ངོ་སྤྲོད་ནི་ནམ་མཁའི་ཟླ་བ་དེ་ལ་འདིའོ་ཞེས་མཛུབ་བཙུགས་བྱས་ནས་བསྟན་པ་དེ་ལ་ངོ་སྤྲོད་ཅེས་བྱ་བ་ཡིན། གདམས་ངག་ཡོད་ངོ་སྤྲོད་མེད་ཚེ་ལོ་གྲངས་མང་པོ་བསྒོམས་ཀྱང་བསྐྱེད་མེད་པ་དེ་འབྱུང་བ་ཡིན། ངོ་སྤྲོད་དེ་ཡང་རང་གར་ངོ་སྤྲད་པ་ཡིན་བྱས་པ་ཙམ་གྱིས་མི་ཆོག་པར་བརྒྱུད་པ་གོང་མའི་ཕྱག་བཞེས་དང་བཅས་པའི་སྒོ་ནས་ངོ་སྤྲོད་དགོས། ཕྱག་བཞེས་དེ་ཡང་དེ་འདྲ་ཟེར་དར་བ་དང་ཡིན་དར་ཞེས་པ་ཞིག་གིས་མི་ཆོག་པར་ཉམས་མྱོང་དང་བཅས་པ་ཞིག་དགོས། ཉམས་མྱོང་དེ་ཡང་ང་ལ་ཅིག་ཡོད་དོ་སྙམ་པའི་མངོན་རློམ་ཙམ་གྱིས་མི་ཆོག་པར་དྲོད་ཚད་ཀྱི་རྟགས་མན་ངག་གི་གཞུང་དང་མཐུན་པ་དང་བཅས་པ་ཞིག་དགོས། དྲོད་རྟགས་ཡོད་པ་ཙམ་ཁོ་ནས་མི་ཆོག་པས་འབྲས་བུ་ཐོབ་ལ་ཕྱོགས་པ་ཙམ་མིན་པར་འཐོབ་བྱའི་འབྲས་བུ་མངོན་དུ་གྱུར་པ་དང་བཅས་པ་ཞིག་དགོས། འབྲས་བུ་དེ་ཡང་ནང་ཞིག་ནས་གྲོལ་ཏེ་ཡོད་ཅེས་པ་ཙམ་གྱིས་མི་ཡོང་བར་གཞན་དོན་ཕྲིན་ལས་ཀྱི་ཐོག་ནས་མཛད་པ་དང་བཅས་པ་ཞིག་དགོས། དེ་དག་མ་ཚང་བའི་ཡ་བྲལ་བའི་ལམ་དེ་གོལ་བའི་གནས་སུ་འཁྱོགས་པའི་ནོར་བ་ཡིན་ནོ།།

༡༦༠ གཅེས་པའི་གདམས་ངག་རྣམ་དྲུག་བསྟན་པ།

གཅེས་པའི་གདམས་ངག་རྣམ་དྲུག་བསྟན་པ་ནི།།

དགེ་སྦྱོར་གང་བྱེད་ཐུན་ལས་མི་འདའ་གཅེས།།

བཀའ་ལུང་ཆོས་དང་རང་རྒྱུད་འདྲེས་པ་གཅེས།།

བསམ་གཏན་རྐྱེན་ཐུབ་རང་རྒྱུད་མི་འཁྲུགས་གཅེས།།

ལྟ་བ་མཐའ་གྲོལ་ཕྱོགས་འཛིན་མེད་པ་གཅེས།།

ཆོས་ཉིད་ངང་དང་འདུ་འབྲལ་མེད་པ་གཅེས།།

ཅིར་སྣང་ཐབས་ལ་ཡེ་ཤེས་སྐྱེ་བ་གཅེས།།

ཞེས་གསུངས་པ་སྟེ། གཅེས་པའི་གདམས་ངག་རྣམ་པ་དྲུག་དེ་བསྟན་པ་ནི། དགེ་སྦྱོར་གང་བྱེད་ཀྱང་ངེས་པར་དུ་ཐུན་ལས་མི་འདའ་བར་གཅེས་ཏེ་ནམ་ཁོམ་དུ་བསྒྲུབས་པ་བྱས་ན་ཁོམ་པ་ཇེ་ཉུང་དུ་འགྲོ་བ་དང་། ཐུན་དུ་བཅད་ན་དགེ་སྦྱོར་གནད་དུ་འགྲོ་བ་ཡིན། རྒྱལ་བའི་བཀའ་བླ་མའི་ལུང་གདམས་ངག་ཟབ་ཆོས་ཐམས་ཅད་རང་རྒྱུད་དང་འདྲེས་པ་གཅེས་པས་ཐོས་དོན་བསམས་ནས་རྒྱུད་ལ་འབྱོར་དགོས་པ་དང་། བསམ་གཏན་གྱིས་རྐྱེན་ཐུབ་པ་སྒོམ་པ་རྐྱེན་དབང་དུ་མ་ཤོར་བས་རྐྱེན་གྱིས་རང་རྒྱུད་མི་འཁྲུགས་པ་ཞིག་གཅེས་པ་དང་། ལྟ་བ་སྤྲོས་པའི་མཐའ་ལས་གྲོལ་ཞིང་ཕྱོགས་འཛིན་མེད་པ་གཅེས་པ་དང་། སྒོམ་པ་ཆོས་ཉིད་རང་བབས་ཀྱི་ངང་དེ་ཉིད་དང་འདུ་འབྲལ་མེད་པ་གཅེས་པ་དང་། སྤྱོད་འབྲས་ཅིར་སྣང་ཐབས་ལ་ཡེ་ཤེས་སྐྱེ་བའམ་ཐབས་ཤེས་ཟུང་དུ་འབྲེལ་བ་ཞིག་གཅེས་སོ།།

༡༦༡ ཡང་དག་ཆོས་ལ་གྱིས་པ་རྣམ་དྲུག་བསྟན་པ།

ཡང་དག་ཆོས་ལ་གྱིས་པ་རྣམ་དྲུག་ནི།།

འཁོར་བའི་ཉེས་ལྟོས་ཞེན་པ་ལོག་པ་གྱིས།།

བདེན་མེད་རྩལ་སྦྱངས་སྒྱུ་མར་ཤེས་པ་གྱིས།།

བྱང་ཆུབ་སེམས་བསྐྱེད་གཞན་དོན་ལྟོས་མེད་གྱིས།།

དགོངས་པ་བློ་འདས་འཁོར་འདས་ཕྱེད་པ་གྱིས།།

རྣམ་རྟོག་གང་ཤར་རང་གྲོལ་ཡེ་ཤེས་གྱིས།།

བྱིན་རླབས་རང་འབར་གཞན་སྣང་བསྒྱུར་བ་གྱིས།།

ཞེས་གསུངས་པ་སྟེ། ཡང་དག་ཆོས་ལ་གྱིས་ཤིག་ཅེས་པ་རྣམ་པ་དྲུག་ནི། འཁོར་བའི་ཉེས་དམིིགས་བལྟས་ནས་དེ་ལ་ཞེན་པ་ལོག་པ་ཞིག་གྱིས། བདེན་མེད་ལ་རྩལ་སྦྱངས་ནས་ཆོས་ཀུན་སྒྱུ་མ་ལྟ་བུ་ཡིན་པར་ཤེས་པ་གྱིས། བྱང་ཆུབ་ཀྱི་སེམས་བསྐྱེད་ནས་གཞན་གྱི་དོན་ལན་དང་རྣམ་སྨིན་སོགས་ལ་ལྟོས་པ་མེད་པར་གྱིས། དགོངས་པ་བློ་ལས་འདས་པ་ཆོས་ཉིད་ཀྱི་དོན་རྟོགས་ནས་འཁོར་འདས་སྤང་བླང་གི་དྭངས་ཕྱེད་པར་གྱིས། རྣམ་རྟོག་གང་ཤར་ཡང་ཐད་ཀར་གྲོལ་བའི་རང་གྲོལ་ཡེ་ཤེས་སུ་འགྲོ་བར་གྱིས། བྱིན་རླབས་གཞན་ནས་འཚོལ་མི་དགོས་པར་རང་འབར་དུ་གྱུར་པའི་གཞན་སྣང་རང་ཤུགས་ཀྱིས་བསྒྱུར་བ་གྱིས་ཤིག་ཅེས་སོ།།

༡༦༢ སྒོམ་པའི་གོལ་ས་བཅད་པའི་ཆོས་དྲུག་བསྟན་པ།

སྒོམ་པའི་གོལ་ས་བཅད་པའི་ཆོས་དྲུག་ནི།།

འཕྲོ་རྒོད་མ་སོང་སྤྲོས་མེད་དོན་ལ་གནས།།

ལྟེང་པོར་མ་སོང་རིག་པའི་གསལ་ངར་གདགས།།

ཕྱལ་བར་མ་སོང་དྲན་པའི་རྩི་ཡིས་གཟུང༌།།

ཧད་པོར་མ་སོང་བདེ་གསལ་ཉམས་དང་ལྡན།།

རེ་དོགས་མ་སོང་ལྷུན་གྲུབ་འོད་གསལ་ངང༌།།

སྒོར་ཚེ་མ་སོང་རྒྱ་བསྐྱེད་དཔངས་གཏོད་སྒོམ།།

དེ་ལྟར་བྱས་ན་མ་ནོར་ལམ་གྱི་མཆོག།

ཅེས་གསུངས་པ་སྟེ། སྒོམ་པའི་གོལ་ས་བཅད་པ་འདྲ་ནོར་གྱི་འཕྲང་བསལ་བའི་ཆོས་དྲུག་ནི། སྒོམ་པའི་སྐབས་སུ་འཕྲོ་རྒོད་ཀྱི་རྣམ་རྟོག་གི་དབང་དུ་མ་སོང་བར་སྤྲོས་མེད་ཀྱི་དོན་ལ་གནས་པར་གྱིས། ཞི་གནས་ལྟེང་པོ་ཅི་ཡིན་འདི་ཡིན་མེད་པ་རུ་མ་སོང་བར་རིག་པའི་གསལ་ངར་གདགས་དགོས་པ་དང་། །ཕྱལ་བ་རླུང་གིས་སྤུར་བ་ལྟ་བུར་མ་སོང་བར་དྲན་པའི་རྩི་ཡིས་གཟུང༌བ་དང་། ཧད་པོར་ཁ་ཧོང་བ་ལྟ་བུར་མ་སོང་བར་བདེ་གསལ་གྱི་ཉམས་དང་ལྡན་པ་དང་། སྒོམ་པ་རེ་དོགས་ཅན་གྱི་དབང་དུ་མ་སོང་བར་ལྷུན་གྲུབ་འོད་གསལ་གྱི་ངང༌སྒོམ་དུ་མེད་པའི་ངང་དུ་འཇོག་པ་དང་། སྒོར་ཚེ་ཐུམ་དུ་འཐུམ་སོང་བ་ལྟ་བུར་མ་སོང་བར་རྒྱ་བསྐྱེད་དཔངས་གཏོད་ཀྱིས་སྒོམ་པ་སྟེ། དངོས་གཞིའི་སྒོམ་པ་བ་དག་གིས་དེ་ལྟར་བྱས་ན་མ་ནོར་ལམ་གྱི་མཆོག་ཡིན་ནོ།།

༡༦༣ ལམ་ཞུགས་རྣམས་ཀྱི་མ་སོང་རྣམ་དྲུག་བསྟན་པ།

ལམ་ཞུགས་རྣམས་ཀྱི་མ་སོང་རྣམ་དྲུག་ནི།།

འགྱུར་མེད་དད་པ་གཟུང་འཛིན་མ་སོང་དང༌།།

འཁོར་བའི་སྐྱོ་ཤས་སྡུག་བསྔལ་མ་སོང་དང༌།།

ཐོས་བསམ་མཁྱེན་རྒྱ་ཐ་སྙད་མ་སོང་དང༌།།

སྙིང་རུས་སྒྲུབ་པ་སྐྱིད་འདོད་མ་སོང་དང༌།།

གཞན་དོན་སེམས་བསྐྱེད་མཚན་མར་མ་སོང་དང༌།།

མཐོན་པོའི་ལྟ་བ་རློམ་སེམས་མ་སོང་དང༌།།

ཤིན་ཏུ་གཅེས་ཏེ་རབ་ཏུ་ཉུང་བར་གདའ།།

ཞེས་གསུངས་པ་སྟེ། ལམ་དུ་ཞུགས་པ་རྣམས་ཀྱིས་བྱ་འོས་པའི་མ་སོང་རྣམ་པ་དྲུག་གི་གདམས་པ་ནི། འགྱུར་བ་མེད་པའི་དད་པ་དེ་གཟུང་འཛིན་མཚན་མའི་རྣམ་རྟོག་གི་དབང་དུ་མ་སོང་བར་དད་པ་སྒོམ་གྱི་ངོ་བོར་ལྟ་བ་དང༌། འཁོར་བའི་སྐྱོ་ཤས་དེ་སྡུག་བསྔལ་གྱི་སྣོན་མ་རུ་མ་སོང་བ་དང༌། ཐོས་བསམ་མཁྱེན་རྒྱ་ཐ་སྙད་རྐྱང་པའི་ཚིག་ཏག་ཏག་གི་འཐེན་རྒྱང་གི་ཐོག་ནས་མི་ཚེ་འགྲོ་བ་དེ་ལྟར་མ་སོང་བ་དང༌། དབེན་པའི་གནས་སུ་སྙིང་རུས་སྒྲུབ་པ་བྱས་ནས་བསྡད་ན་སྒྲུབ་པ་བྱེད་པའི་མིང་ཡོད་ཀྱང་། སྐྱིད་འདོད་ལུང་མ་བསྟན་དུ་མ་སོང་བ་དང༌། གཞན་དོན་དུ་སེམས་བསྐྱེད་ནས་དམིགས་པ་མེད་པའི་སྟོང་ཉིད་དང་སྙིང་རྗེ་ཟུང་འཇུག་ཅན་ཞིག་ཡིན་དགོས་པས་མཚན་མར་འཛིན་པའི་ཕྱོགས་སུ་མ་སོང་བ་དང༌། མཐོན་པོའི་ལྟ་བ་དེ་རློམ་སེམས་ཀྱི་དབང་དུ་མ་སོང་བ་སྟེ་དེ་དག་ཤིན་ཏུ་གཅེས་ལ། འོན་ཀྱང་རབ་ཏུ་ཉུང་བར་གདའ་འོ།།

༡༦༤ ཡང་ཟབ་གནད་དུ་འགྲོ་བའི་ཆོས་དྲུག་བསྟན་པ།

ཡང་ཟབ་གནད་དུ་འགྲོ་བའི་ཆོས་དྲུག་ནི།།

ང་སོད་རྟག་ཏུ་རང་ཕམ་འབའ་ཞིག་ལོང༌།།

ཁོ་ཕྱུང་ཁོང་པར་བདེན་པའི་ཡུས་མ་བཞག།

གོ་ཆོད་དོན་མེད་གཡེང་བའི་སྨྲ་བ་བོར།།

ཀུན་མཐོང་སྤྲོས་བྲལ་སེམས་ཉིད་ངང་ལ་ལྟོས།།

འབྲེལ་ཆོད་ཡུལ་དྲུག་གཟུང་འཛིན་རྗེས་མ་སྙེགས།།

སྟུག་སྤོངས་ཆོས་ཉིད་དོན་གྱིས་གཏན་ཡུལ་ཟུངས།།

དེ་ལྟར་བྱས་ན་རང་དོན་མྱུར་དུ་འགྲུབ།།

ཅེས་གསུངས་པ་སྟེ། ཡང་ཟབ་གནད་དུ་འགྲོ་བའི་ཆོས་དྲུག་ནི། དཔེར་ན་མི་གཉིས་ཡོད་པ་ལས་གཅིག་ཤོས་གསོད་དགོས་སོ་ཟེར་ན། ང་སོད་ཅེས་དུས་རྟག་ཏུ་རང་ཕམ་འབའ་ཞིག་ལེན་པ། གླང་རི་ཐང་པའི་བློ་སྦྱོང་ཚིག་རྐང་བརྒྱད་མ་ལས། ཁེ་དང་རྒྱལ་ཁ་གཞན་ལ་སྦྱིན། །གྱོང་དང་བུབ་ཁ་རང་གིས་བླང་། །ཞེས་པ་ལྟར་ཡིན་དགོས་པ་དང་། བཙོན་རའི་ནང་དུ་གཉིས་ཀ་བཟུང་ནས་གཅིག་ཤོས་ཕྱིར་ཕྱུང་ཆོག་ཚེ། ཁོ་ཕྱུང་ལ་ང་མངག་མི་དགོས་ཟེར་བ། དེ་ཡང་ཁ་ཙམ་མིན་པར་སྙིང་ཁོང་ནས་སྨྲས་པས་བདེན་པའི་ཡུས་མ་བཞག་པ་དང་། གཞན་དོན་འགྲུབ་པའི་གོ་ཆོད་ཅིང་དོན་མེད་པའི་གཡེང་བའི་སྨྲ་བ་བོར་དགོས་པ་དང་། གནད་གཅིག་ཤེས་ན་དོན་བརྒྱའི་འགག་ཁྲོལ་བའི་ཀུན་མཐོང་སྤྲོས་བྲལ་སེམས་ཉིད་ཀྱི་ངང་ལ་ལྟོས་ཤིག ཡུལ་དྲུག་གི་གཟུང་འཛིན་གྱི་ཞེན་པའི་འབྲེལ་བ་ཆོད་པར་བྱས་ནས་རྗེས་སུ་མ་སྙེགས། སྟུག་པོའམ་འཐུག་པོའི་སྒྲིབ་ཚོགས་སྤངས་ནས་ཆོས་ཉིད་དོན་གྱི་གཏན་ཡུལ་ཟུངས། དེ་ལྟར་བྱས་ན་རང་དོན་མྱུར་དུ་འགྲུབ་ནས་དེ་ལས་གཞན་དོན་འབྱུང་བ་ཤུགས་ཀྱིས་གོ་བའོ།།

༡༦༥ ཡིན་པ་དྲུག་གིས་ལེགས་པར་བསྟན་པ།

ཡིན་པ་དྲུག་གིས་ལེགས་པར་བསྟན་པ་ནི།།

གྲོས་ཕུགས་བླ་མ་ལ་གཏོད་འཁྲུལ་བ་མི་འབྱུང་ཡིན།།

དགེ་སྦྱོར་ཕྱི་དུས་མ་བཞག་ཤི་ཡང་མི་འགྱོད་ཡིན།།

དགྲ་གཉེན་ཕྱོགས་རིས་མ་འཛིན་ཀུན་སྣང་མཐུན་པ་ཡིན།།

བཟང་བྱས་དྲིན་ལན་ལོན་དང་གར་ཡང་དྲིན་པ་ཡིན།།

ཕྲག་དོག་གནོད་འཛུགས་སྤོངས་དང་རང་རྒྱུད་དུལ་བ་ཡིན།།

དམ་པའི་རྣམ་ཐར་སྐྱོངས་དང་ཅི་བསམ་འགྲུབ་པ་ཡིན།།

ཅེས་གསུངས་པ་སྟེ། ཡིན་པ་དྲུག་གིས་ལེགས་པར་བསྟན་པ་ནི། གྲོས་ཕུགས་དེ་རང་གི་རྩ་བའི་བླ་མ་ལ་གཏོད་དང་འཁྲུལ་བ་མི་འབྱུང་བ་ཡིན་ཏེ། བླ་མ་ནི་བརྟགས་ཤིང་དཔྱད་པ་སྔོན་དུ་སོང་བས་བློ་ཁེལ་ཡིད་ཆེས་བྱེད་ཡུལ་ཡིན་པའི་ཕྱིར། བླ་མས་གསུངས་པ་དང་མ་མཐུན་ཚེ་གནས་སྐབས་འགྲུབ་འགྲུབ་འདྲ་ཡང་མཐའ་ལེགས་པ་མིན་ནོ། །དགེ་སྦྱོར་ཕྱི་དུས་སུ་མ་བཞག་པར་སྔར་ནས་སྒྲུབ་པར་གྱིས་དང་ནམ་ཤི་ཡང་མི་འགྱོད་པ་ཡིན། དགྲ་གཉེན་ཕྱོགས་རིས་སུ་མ་འཛིན་དང་ཀུན་དང་སྣང་བ་མཐུན་པ་ཡིན། ཚུར་ལ་བཟང་པོར་བྱས་ཚད་ལ་ཆོས་དང་འཇིག་རྟེན་གྱི་དྲིན་ལན་ལོན་པའམ་དྲིན་ལན་ལྡོན་པར་གྱིས་དང་། གར་ཡང་སྟེ་ཐམས་ཅད་པོ་དྲིན་ལན་མཇལ་མཁན་ཏག་ཏག་ཏུ་འགྲོ་བ་ཡིན། ཕྲག་དོག་གི་གནོད་འཛུགས་སྤངས་ནས་ཚང་མ་ལ་གནོད་མ་བྱེད་དང་རང་རྒྱུད་དུལ་བ་ཡིན། བླ་མ་དམ་པའི་རྣམ་ཐར་སྐྱོངས་དང་ཅི་བསམ་འགྲུབ་པ་ཡིན་ནོ།།

༡༦༦ ཡང་ཟབ་ཤེས་རྒྱུད་གྲོལ་བའི་ཆོས་དྲུག་བསྟན་པ།

ཡང་ཟབ་ཤེས་རྒྱུད་གྲོལ་བའི་ཆོས་དྲུག་ནི།།

ལྟ་བ་སེམས་ཉིད་ཡིན་གྱིས་རང་ངོ་ཤེས་པར་གྱིས།།

སྒོམ་པ་འོད་གསལ་ཡིན་གྱིས་ངང་དྭངས་ཕྱིན་པར་གྱིས།།

སྤྱོད་པ་སྒྱུ་མ་ཡིན་གྱིས་ཅིར་སྣང་ལམ་དུ་སློང༌།།

ཉམས་མྱོང་ཆོས་ཉིད་འཆར་གྱིས་ཞེན་འཛིན་རྩད་ནས་ཆོད།།

འབྲས་བུ་རང་ཆས་ཡིན་གྱིས་རེ་དོགས་འཛིན་པ་ཤོལ།།

འཕྲིན་ལས་གཞན་དོན་ཡིན་གྱིས་ཐུགས་རྗེས་འགྲོ་བ་དྲོངས།།

ཞེས་གསུངས་པ་སྟེ། ཡང་ཟབ་ཀྱི་གནད་ཤེས་ནས་རྒྱུད་འགྲོལ་བའི་གདམས་ངག་གི་ཆོས་དྲུག་ནི། ལྟ་བ་སེམས་ཉིད་ཀྱི་དོན་མཐོང་བ་དེ་ཡིན་གྱིས་སེམས་ཉིད་རང་ངོ་ཤེས་པར་གྱིས། སྒོམ་པ་འོད་གསལ་ཡིན་གྱིས་རྣམ་རྟོག་གི་རྙོག་མ་མེད་པའི་ངང་དྭངས་ཕྱིན་པར་གྱིས། སྤྱོད་པ་གང་ཤར་སྒྱུ་མ་ཡིན་གྱིས་ཅིར་སྣང་ལམ་དུ་སློང༌། ཉམས་མྱོང་ཆོས་ཉིད་དུ་འཆར་གྱིས་དེ་ལ་ཞེན་འཛིན་རྩད་ནས་ཆོད། འབྲས་བུ་ཟུར་ནས་བཙལ་མི་དགོས་པར་རང་ཆས་ཡིན་གྱིས་རེ་དོགས་འཛིན་པ་བཤོལ་ནས་སྐྱུར། འཕྲིན་ལས་མཐར་ཐུག་གི་དམིགས་ཡུལ་གཞན་དོན་ཡིན་གྱིས་ཐུགས་རྗེས་འགྲོ་བ་དྲོངས་ཤིག་ཅེས་སོ།།

༡༦༧ ཆོས་མཛད་རྣམས་ཀྱིས་རང་བཞིན་རྣམ་དྲུག་བསྟན་པ།

ཆོས་མཛད་རྣམས་ཀྱི་རང་བཞིན་རྣམ་དྲུག་ནི།།

གཞན་དོན་སེམས་བསྐྱེད་ཡོད་ན་འགྲོ་བ་བྱམས།།

སྡང་བ་འབྱུང་སྲིད་བཟོད་པའི་གྲོགས་ཤེས་དགོས།།

བྱམས་པའི་གཏོང་ཕོད་ཡོད་ན་འཁོར་ཚོགས་འདུ།།

མ་འདུས་དགེ་སྦྱོར་འཕེལ་བའི་གྲོགས་ཤེས་དགོས།།

རྟོགས་པ་ཡོད་ན་དམ་ཅན་སྤྲིན་བཞིན་འདུ།།

མ་འདུས་དམ་ཚིག་ཉམས་པའི་རྟགས་ཤེས་དགོས།།

ཞེན་པ་སྙིང་ནས་ལོག་ན་ནོར་རྫས་འདུ།།

མ་འདུས་སྲིད་ན་སྔོན་གྱི་ལས་ཤེས་དགོས།།

དངོས་གྲུབ་ཐོབ་ཁར་བར་ཆད་སྣ་ཚོགས་འབྱུང༌།།

མ་བྱུང་གོང་མའི་བྱིན་རླབས་ཡིན་ཤེས་དགོས།།

སྒྲུབ་པ་བརྩོན་འགྲུས་ཅན་ལ་བདུད་རྣམས་འཇུག།

མ་ཞུགས་དགེ་སྦྱོར་གནད་དུ་ཚུད་ཤེས་དགོས།།

དེ་ལྟར་མ་ཤེས་ལོག་པར་ལྟས་ཉེན་ཆེ།།

ཞེས་གསུངས་པ་སྟེ། ཆོས་མཛད་རྣམས་ཀྱི་རང་བཞིན་རྣམ་པ་དྲུག་ནི། གཞན་དོན་སེམས་བསྐྱེད་ཡོད་ན་འགྲོ་བ་སེམས་ཅན་གྱིས་བྱམས་པ་ཐོབ་པ་དང་། སྡང་བར་བྱེད་མཁན་ཡང་འབྱུང་སྲིད་པས་དེས་དུས་སུ་བཟོད་པའི་གྲོགས་ཤེས་དགོས་པ་དང་། བྱམས་པའི་དབང་གིས་གཏོང་ཕོད་ཡོད་ན་འཁོར་ཚོགས་རང་བཞིན་གྱིས་འདུ་བ་དང་། གལ་ཏེ་མ་འདུས་ན་དགེ་སྦྱོར་འཕེལ་བའི་གྲོགས་ཡིན་པས་དེ་ལྟར་ཤེས་དགོས་པ་དང་། ཉམས་དང་རྟོགས་པ་རྒྱུད་དུ་ཡོད་ན་དམ་ཅན་ཆོས་སྐྱོང་སྲུང་མ་སྤྲིན་བཞིན་འདུ་བ་དང་། གལ་ཏེ་མ་འདུས་ཚེ་དམ་ཚིག་ཉམས་པའི་རྟགས་ཡིན་པས་ཤེས་དགོས་སོ། །ཞེན་པ་སྙིང་ནས་ལོག་ཡོད་ན་ནོར་རྫས་འདུ་བ་སྟེ་ནོར་རྫས་ལ་ཞེན་པ་ཆེ་ནས་ཨེ་ལོན་གྱིས་བདས་ཚེ་མི་ལོན་པ་དང་། ཞེན་པ་མེད་ནས་མི་དགོས་བསམས་ཀྱང་མི་ཁོག་པར་འདུ་བ་ནི་ཆོས་ཉིད་ཡིན་པ་དང་། གལ་སྲིད་ཞེན་པ་ལོག་ཀྱང་མ་འདུས་སྲིད་ན་སྔོན་གྱི་སེར་སྣ་ལ་སོགས་པའི་ལས་ཡིན་པར་ཤེས་དགོས་པ་དང་། དངོས་གྲུབ་ཐོབ་ཁར་སྤྱིར་བར་ཆད་སྣ་ཚོགས་འབྱུང༌བ་ཡོད་ཀྱང་། གལ་ཏེ་མ་བྱུང་ཚེ་གོང་མའི་བྱིན་རླབས་ཡིན་པས་ཤེས་དགོས་པ་དང་། སྒྲུབ་པ་བརྩོན་འགྲུས་ཅན་ལ་བདུད་རྣམས་འཇུག་སླ་བ་ཡིན་ལ་གལ་ཏེ་མ་ཞུགས་ཚེ་དགེ་སྦྱོར་གནད་དུ་ཚུད་པར་ཡིན་པར་ཤེས་དགོས་པ་དང་། དེ་ལྟར་མ་ཤེས་ཚེ་ལོག་པར་ལྟས་ཉེན་ཆེ་བས་དེ་དག་ཤེས་པར་བྱའོ།།

༡༦༨ མཐར་ཐུག་དོན་གྱི་གདམས་པ་རྣམ་དྲུག་བསྟན་པ།

མཐར་ཐུག་དོན་གྱི་གདམས་པ་རྣམ་དྲུག་ནི།།

ལྟ་བ་རྟོགས་པར་འདོད་ན་རྟོགས་མཁན་ཚོལ།།

དེ་ཉིད་མ་རྙེད་མཐའ་བཞིའི་རྒྱ་ལས་གྲོལ།།

ཏིང་འཛིན་བསྒོམ་པར་འདོད་ན་བསྒོམ་མཁན་ཚོལ།།

དེ་ཉིད་མ་རྙེད་འགྱུ་བ་དངོས་མེད་བསམ།།

སྤྱོད་པ་སྤྱད་པར་འདོད་ན་སྤྱོད་མཁན་ཚོལ།།

དེ་ཉིད་མ་རྙེད་དབྱེར་མེད་རང་སར་གྲོལ།།

འབྲས་བུ་བསྒྲུབ་པར་འདོད་ན་བསྒྲུབ་མཁན་ཚོལ།།

དེ་ཉིད་མ་རྙེད་སྐུ་གསུམ་རང་ལ་རྫོགས།།

འཕྲིན་ལས་བསྒྲུབ་པར་འདོད་ན་བསྒྲུབ་མཁན་ཚོལ།།

དེ་ཉིད་མ་རྙེད་མ་བཙལ་ལྷུན་གྱིས་གྲུབ།།

ས་ལམ་བགྲོད་པར་འདོད་ན་བགྲོད་མཁན་ཚོལ།།

དེ་ཉིད་མ་རྙེད་གནས་ལུགས་རང་སར་སྐྱོལ།།

དེ་ཉིད་མཐར་ཐུག་སྙིང་པོའི་གདམས་པ་སྟེ།།

ཐམས་ཅད་རིག་པའི་ཆོ་འཕྲུལ་ཤེས་པར་མཛོད།།

ཅེས་གསུངས་པ་སྟེ། མཐར་ཐུག་དོན་གྱི་གདམས་པ་རྣམ་པ་དྲུག་ནི། ལྟ་བ་རྟོགས་པར་འདོད་ན་རྟོགས་མཁན་གྱི་སེམས་དེ་ཉིད་ཚོལ། འཚོལ་མཁན་དེ་ཉིད་མ་རྙེད་ན་ཡོད་མེད་དང་གཉིས་མིན་གྱི་མཐའ་བཞིའི་རྒྱ་ལས་གྲོལ་བའི་ལྟ་བ་ཡིན། ཏིང་འཛིན་བསྒོམ་པར་འདོད་ན་སྒོམ་མཁན་ཁོ་རང་དང་པོ་ཚོལ། སྒོམ་མཁན་དེ་ཉིད་བཙལ་ནས་མ་རྙེད་ན་འགྱུ་བ་དངོས་མེད་བར་སྣང་དག་པ་ལྟ་བུར་བསམ་དགོས། སྤྱོད་པ་སྤྱད་པར་འདོད་ན་སྤྱོད་མཁན་དེ་ཉིད་ཚོལ། སྤྱོད་མཁན་དེ་ཉིད་བཙལ་ནས་མ་བརྙེད་ན་སྤྱད་བྱ་སྤྱོད་བྱེད་གཉིས་དབྱེར་མེད་རང་སར་གྲོལ་བ་ཡིན། འབྲས་བུ་བསྒྲུབ་པར་འདོད་ན་ཡང་སྒྲུབ་མཁན་དང་པོར་ཚོལ། སྒྲུབ་མཁན་བཙལ་ནས་དེ་ཉིད་མ་བརྙེད་ན་སྐུ་གསུམ་རང་ལ་ཡེ་རྫོགས་སུ་ཡོད་པའི་རྟགས་ཡིན། འཕྲིན་ལས་བསྒྲུབ་པར་འདོད་ན་སྒྲུབ་མཁན་ཚོལ། འཕྲིན་ལས་སྒྲུབ་མཁན་དེ་ཉིད་བཙལ་ནས་མ་རྙེད་ན་མ་བཙལ་ལྷུན་གྱིས་གྲུབ་པ་ཡིན། ས་ལམ་བགྲོད་པར་འདོད་ན་བགྲོད་མཁན་ཚོལ། བགྲོད་མཁན་དེ་ཉིད་བཙལ་ནས་མ་རྙེད་ན་གནས་ལུགས་མ་བཅོས་པའི་གནད་ཐོག་ལ་རང་སར་སྐྱོལ། གནས་ལུགས་རང་ཐོག་ལ་སྐྱེལ་བ་དེ་ཉིད་མཐར་ཐུག་སྙིང་པོའི་གདམས་པ་སྟེ། མདོར་ན་ལྟ་སྒོམ་སྤྱོད་འབྲས་ཐམས་ཅད་རིག་པའི་ཆོ་འཕྲུལ་ཙམ་དུ་ཤེས་པར་མཛོད་ཅེས་པའོ།།

༡༦༩ རང་སེམས་མཆོག་ཏུ་འདུལ་བའི་ཆོས་དྲུག་བསྟན་པ།

རང་སེམས་མཆོག་ཏུ་འདུལ་བའི་ཆོས་དྲུག་ནི།།

རང་གི་ང་རྒྱལ་རློམ་སེམས་རི་བོ་བསྒྱེལ།།

གཞན་ལ་ཕྲག་དོག་ཡི་དམ་ལྷ་རུ་ཁུར།།

གཞན་དོན་ཆགས་ཞེན་ཤེས་རབ་མཚོན་གྱིས་ཆོད།།

རྒྱུ་འབྲས་ཁྱད་གསོད་དགེ་སྡིག་ཤན་ཐང་ཕྱེད།།

སྐུར་འདེབས་སྒྲོ་སྐུར་བག་ཡོད་ཞི་དུལ་བསྟེན།།

གཞན་སྐྱོན་སེམས་འཁྲུག་སྣང་བ་མ་དག་སོམས།།

དེ་ལྟར་བྱས་ན་རང་རྒྱུད་ཆོས་དང་འདྲེས།།

ཞེས་གསུངས་པ་སྟེ། རང་སེམས་མཆོག་ཏུ་འདུལ་བའི་ཆོས་དྲུག་ནི། ང་ནི་མཆོག་ཡིན་ངའི་ཡན་དུ་མེད་སྙམ་པའི་ང་རྒྱལ་རློམ་སེམས་ཀྱི་རི་བོ་བསྒྱེལ་བར་གྱིས་ཤིག གཞན་ལ་ཕྲག་དོག་མི་བྱེད་པར་ཕྲག་དོག་བྱེད་ཡུལ་དེ་ཉིད་ཡི་དམ་ལྷ་དང་མཚུངས་པར་གཙུག་ཏུ་ཁུར་ནས་བཀུར་བསྟི་གྱིས། གཞན་དོན་བྱེད་པའི་སྐབས་སུ་དེ་ལ་ཆགས་ཞེན་བྱུང་ན་དེ་ནི་རློམ་པ་ཡིན་པས་ཤེས་རབ་ཀྱི་མཚོན་གྱིས་ཆོད་ཅིག རྒྱུ་འབྲས་ཁྱད་གསོད་ཀྱི་བསམ་སྤྱོད་བྱུང་ན་དགེ་སྡིག་ཤན་ཐང་ཕྱེད་པའི་ཐོག་ནས་བླང་དོར་ཡང་དག་པར་གྱིས། སྐུར་འདེབས་ཀྱི་རིགས་མ་བྱས་པའི་སྤྱོད་པ་བྱས་སོ་ཞེས་ཡར་སྒྲོ་འདོགས་པ་དང་། ཡོན་ཏན་ཡོད་པ་དག་མེད་དོ་ཞེས་མར་སྐུར་བ་བཏབ་པ་བྱུང་ན་བག་ཡོད་པ་དང་ཞི་དུལ་བསྟེན་པ་ལས་བྱིས་པའི་སྤྱོད་ཚུལ་ལ་སེམས་མ་འཁྲུག གཞན་སྐྱོན་མཐོང་བའི་རྐྱེན་གྱིས་སེམས་འཁྲུགས་ན་གཞན་ཁོ་ན་ལ་མི་བལྟ་བར་ལྟ་མཁན་རང་གི་སྣང་བ་མ་དག་པ་ཡིན་པའི་ཕྱོགས་ལ་ཚུར་སོམས། ཁྱད་པར་དུ་བླ་མ་དང་མཆེད་གྲོགས་ལ་དེ་ལྟར་བསམ་དགོས། དེ་ལྟར་བྱས་ན་རང་རྒྱུད་ཆོས་དང་འདྲེས་པ་ཡིན་ནོ།།

༡༧༠ ངོ་སྤྲོད་དྲུག་གིས་ཤན་ཐང་དབྱེ་བ་བསྟན་པ།

ངོ་སྤྲོད་དྲུག་གིས་ཤན་ཐང་དབྱེ་བ་ནི།།

རིག་པ་གསལ་དག་གྲུབ་མཐའ་ཀུན་ལས་གྲོལ།།

ལྟ་བའི་ངོ་སྤྲོད་ཡིན་ནོ་ཕུ་ཐག་ཆོད།།

རང་དྭངས་བདེ་ཆེན་དམིགས་གཏད་གཉིས་འཛིན་གྲོལ།།

སྒོམ་པའི་ངོ་སྤྲོད་ཡིན་ནོ་ངང་ལ་སྐྱོངས།།

ཐབས་ཤེས་ཟུང་འབྲེལ་བྱང་ཆུབ་ལམ་དུ་སློང༌།།

སྤྱོད་པའི་ངོ་སྤྲོད་ཡིན་ནོ་སྒྱུ་མར་སྦྱོངས།།

སྣང་སྲིད་ཞིང་ཁམས་ཐ་མལ་ཞེན་རྟོག་ལོག།

དམ་ཚིག་ངོ་སྤྲོད་ཡིན་ནོ་རྣམ་དག་གྱིས།།

ཅིར་སྣང་རང་བྱུང་ཡེ་ཤེས་བདེ་བའི་ངང༌།།

དབང་བཞིའི་ངོ་སྤྲོད་ཡིན་ནོ་ས་ལམ་བགྲོད།།

དེ་ལྟར་གང་བྱས་གསང་སྔགས་རྣལ་འབྱོར་ཆེ།།

ཞེས་གསུངས་པ་སྟེ། ངོ་སྤྲོད་དྲུག་གིས་ཤན་ཐང་དབྱེ་བ་ནི། རིག་པའི་ངོ་བོ་གསལ་ཞིང་དག་པ་བློས་བྱས་ཀྱི་གྲུབ་མཐའ་ཀུན་ལས་གྲོལ་ཞིང་བློ་ལས་འདས་པ་ཡིན་པ་དེ། ལྟ་བའི་ངོ་སྤྲོད་ཡིན་ནོ་དེའི་སྟེང་དུ་ཕུ་ཐག་ཆོད། ངང་གིས་གསལ་བའི་རང་དྭངས་བདེ་བ་ཆེན་པོ་དམིགས་གཏད་གཉིས་འཛིན་གྱི་སྒྲོག་ལས་གྲོལ་བ་དེ། སྒོམ་པའི་ངོ་སྤྲོད་ཡིན་ནོ་དེ་ཤེས་པར་བྱས་ནས་དེའི་ངང་ལ་སྐྱོངས། ཐབས་སྙིང་རྗེ་ཆེན་པོ་དང་ཤེས་རབ་སྟོང་པ་ཉིད་ཟུང་འབྲེལ་ཡ་མ་བྲལ་བས་ཅི་བྱས་བྱང་ཆུབ་ལམ་དུ་སློང༌ཐུབ་པ་དེ། སྤྱོད་པའི་ངོ་སྤྲོད་ཡིན་ནོ་སྤྱོད་པ་སྒྱུ་མར་སྦྱོངས། དོན་དུ་སྣང་སྲིད་ཞིང་ཁམས་ཡིན་པས་མ་དག་ཐ་མལ་གྱི་ཞེན་རྟོག་ལོག་པ་སྣང་གྲག་མཐོང་ཐོས་ཅི་ཤར་ཐམས་ཅད་རིག་སྟོང་གྲག་སྟོང་དྲན་སྟོང་གི་ངོ་བོར་ངོ་འཕྲོད་ནས་རྡོ་རྗེ་གསུམ་གྱི་རང་བཞིན་ལས་མི་འདའ་བ་ནི། སྤྱིར་སྔགས་ཀྱི་སྐབས་ཀྱི་དམ་ཚིག་གི་རྣམ་གཞག་དང་། ཁྱད་པར་དུ་རྫོགས་ཆེན་མན་ངག་སྡེའི་སྐབས་ཀྱི་མེད་དང་ཕྱལ་བ་ལྷུན་གྲུབ་གཅིག་པུ་ལ་ཁྲེགས་ཆོད་ཐོད་རྒལ་གྱི་དམ་ཚིག་བསྡུ་བའི་ངོ་སྤྲོད་ཡིན་ནོ་རྣམ་པར་དག་པ་གྱིས། ཅིར་སྣང་གང་ཤར་ཐམས་ཅད་རང་བྱུང་ཡེ་ཤེས་ལས་མ་ཤར་བ་མེད་པའི་བདེ་བའི་ངང༌ལས་མ་འདས་པ་ཡིན་པ་དེ་ནི། བུམ་གསང་ཤེར་དང་ཚིག་དབང་རིན་པོ་ཆེ་སྟེ་དབང་བཞིའི་ངོ་སྤྲོད་ཡིན་ནོ་དེ་འདྲའི་གཞི་དབང་དང་ལམ་དབང་དེ་ལ་བརྟེན་ནས་ས་ལམ་བགྲོད་དེ་མཐར་ཐུག་འབྲས་བུའི་དབང་ཐོབ་པར་གྱིས། དེ་ལྟར་རྡོ་རྗེ་གསུམ་ལས་མི་འདའ་ཞིང་ཅིར་སྣང་རང་བྱུང་ཡེ་ཤེས་ཀྱི་ངང་སྐྱོང་བའི་རྣལ་འབྱོར་བ་དེས་གང་བྱས་ཀྱང་གསང་སྔགས་ཀྱི་རྣལ་འབྱོར་ཆེན་པོ་ཡིན་ནོ།།

༡༧༡ ཆོས་བཞིན་སྤྱོད་ལ་རབ་དྲུག་ཚང་བ་བསྟན་པ།

ཆོས་བཞིན་སྤྱོད་ལ་རབ་དྲུག་ཚང་བ་ནི།།

ཆགས་ཞེན་མེད་པས་སྦྱིན་པའི་རབ་ཏུ་གདའ།།

རང་རྒྱུད་དྲི་མེད་ཚུལ་ཁྲིམས་རབ་ཏུ་གདའ།།

ཁོང་ཁྲོས་མི་འཁྲུགས་བཟོད་པའི་རབ་ཏུ་གདའ།།

ངེས་འབྱུང་སྐྱོ་ཤས་བརྩོན་འགྲུས་རབ་ཏུ་གདའ།།

དགོངས་པའི་ངང་གནས་བསམ་གཏན་རབ་ཏུ་གདའ།།

སེམས་ཉིད་དོན་རྟོགས་ཤེས་རབ་རབ་ཏུ་གདའ།།

ཞེས་གསུངས་པ་སྟེ། ཆོས་བཞིན་སྤྱོད་པའི་གང་ཟག་ཅིག་ལ་རབ་དྲུག་ཚང་དགོས་ན་དེ་དྲུག་ནི། སྦྱིན་པ་ཐམས་ཅད་ཀྱི་མཆོག་དེ་ཆགས་ཞེན་མེད་པ་ཡིན། དེ་ཡང་གང་སྦྱིན་རྒྱུའི་དངོས་པོ་ལྟ་བུ་ལ་མཚོན་ན་སེར་སྣས་ཆགས་ཞེན་མེད་པ་དང་། སྦྱིན་པའི་དགེ་བ་དེ་ལ་ཡང་མ་ཆགས་པར་དམིགས་མེད་ཀྱིས་ཟིན་པ་དང་། ལན་དང་རྣམ་སྨིན་ལའང་རེ་བའི་ཆགས་ཞེན་མེད་པ་དེ་འདྲ་བ་དེ་སྦྱིན་པའི་རབ་ཏུ་གདའ། རང་རྒྱུད་ཉེས་སྤྱོད་ཀྱི་དྲི་མས་མ་གོས་པས་བསམ་སྤྱོད་གཙང་བ་དང་། ཚུལ་བརྟུལ་མཆོག་འཛིན་གྱི་དྲི་མས་མ་གོས་ཤིང་། བསྲུང་བྱ་སྲུང་བྱེད་དང་བྲལ་བའི་འདའ་ཉམས་མེད་པའི་ཚུལ་ཁྲིམས་ཆེན་པོ་དེ་ཚུལ་ཁྲིམས་ཀྱི་རབ་ཏུ་གདའ། ཁོང་ཁྲོས་དུས་དང་རྣམ་པ་ཀུན་ཏུ་རྒྱུད་མི་འཁྲུག་པ་ཞིག་རེད་ཡོད་ན་དེ་བཟོད་པའི་རབ་ཏུ་གདའ། ངེས་འབྱུང་སྐྱོ་ཤས་ཤིག་གཏིང་ནས་སྐྱེས་ཡོད་ན་ཆོས་ཕྱོགས་ལ་མི་བརྩོན་པར་མི་སྲིད་པས་བརྩོན་འགྲུས་རབ་ཏུ་གདའ། ངེས་འབྱུང་སྐྱོ་ཤས་ཡག་པ་ཞིག་མེད་པས་མཚམས་རེ་བརྩོན་ཡང་མཚམས་རེ་ལྷོད་པ་ཅན་དུ་གྱུར་ནས། དུས་ཚོད་མང་ཤོས་དང་བཟང་ཤོས་དེ་ཚེ་འདིའི་བྱ་བཞག་ལ་སོང་ཞིང་། ལྷག་མའི་དུས་དེ་ཆོས་སྒྲུབ་པའི་དུས་སུ་བྱེད་པ་ནི་རྩ་བ་ངེས་འབྱུང་མེད་པའི་རྟགས་དང་། ངེས་འབྱུང་མེད་པ་ནི་རྒྱུ་འབྲས་ལ་ཡིད་ཆེས་ཡང་དག་མེད་པའི་རྟགས་ཡིན་པས། ད་གང་ནས་བཤད་ཀྱང་རྫུན་ཨབ་ར་གཉིས་ཀའི་རྔ་མ་ཐུང་བ་ཡིན་ཕྱིར་ཆོས་པ་ཡིན་མདོག་བརྒྱ་བསྟན་ཡང་བྱ་བ་སྤྱོད་པའི་ཐོག་ནས་ལྟ་རྐུབ་སྤྱོད་པས་ཕུད་པ་ཡིན། བསམ་བློ་དང་པོ་ཚེ་འདིའི་བྱ་བཞག་ལ་འཁོར་ནས་ལས་ཀ་དང་པོ་དེ་ལ་བརྩོན་བཞིན་བསྡད་ཚེ་འཇོན་གྱིན་མེད་པའི་རྟགས་ཡིན་ནོ། །ཆོས་སྐུའི་དགོངས་པ་གཡོ་མེད་མི་འགྱུར་པའི་ངང་ལ་གནས་ཐུབ་ན་བསམ་གཏན་རབ་ཏུ་གདའ། རང་བཞིན་ཡེ་བབས་ཀྱི་བསམ་གཏན་ཞེས་པ་དེ་ཡིན། སེམས་ཉིད་སྤྲོས་བྲལ་སྟོང་ཉིད་ཀྱི་དོན་རྟོགས་ན་ཤེས་རབ་ཐམས་ཅད་མཆོག་གམ་རབ་ཏུ་གདའ་འོ།།

༡༧༢ ཐེག་ཆེན་སྤྱི་ཡི་གདམས་ངག་རྣམ་དྲུག་བསྟན་པ།

ཐེག་ཆེན་སྤྱི་ཡི་གདམས་ངག་རྣམ་དྲུག་ནི།།

རྟག་ཏུ་འཆི་བསམ་བརྩོན་འགྲུས་ལྕག་གིས་བྲབ།།

ཅི་བྱེད་གོམས་གཙོ་ཆོས་ཀྱི་ཕྱོགས་སུ་བསླབ།།

བསགས་པ་བགྲང་ཞིང་དགེ་སྡིག་གསོ་སྦྱོང་བྱ།།

དམ་པ་གསུམ་མཆོད་ཚོགས་གཉིས་བསག་ལ་འབད།།

དགེ་སྦྱོར་སྲང་གཞུག་སྣང་བ་ཆོས་ལ་བསྒྱུར།།

ཅི་བྱེད་གཞན་དོན་བདག་མེད་དོན་དང་སྤྲད།།

དེ་ལྟར་སུ་བྱེད་ཐེག་མཆོག་སྙིང་པོར་ཞུགས།།

ཞེས་གསུངས་པ་སྟེ། ཐེག་ཆེན་སྤྱི་ཡི་གདམས་ངག་མེད་དུ་མི་རུང་བ་རྣམ་པ་དྲུག་ནི། རྟག་ཏུ་འཆི་བ་མི་རྟག་པ་ལ་བསམས་ནས་བརྩོན་འགྲུས་རྟ་མཆོག་ལྕག་གིས་བསྐུལ་བ་ལྟ་བུའི་ལོང་མེད་རྒྱུད་ལ་སོམས། ལས་བྱ་བ་ཅི་བྱེད་ཀྱང་དེའི་ཐབས་ལ་མཁས་ཤིང་འགྲུབ་དགོས་ཚེ་གོམས་པ་གཙོ་ཆེ་བས་གོམས་པ་ཆོས་ཀྱི་ཕྱོགས་སུ་བསླབ་དགོས་ཏེ། གོམས་ན་སླ་བར་མི་འགྱུར་བའི་དངོས་པོ་ཡོད་པ་མིན་པས། དང་པོར་དཀའ་བར་སྣང་བ་ཡང་གོམས་ན་ཇེ་སླར་འགྲོ་བ་ཡིན་པའི་ཕྱིར། དཔེར་ན་དུད་འགྲོ་ཡིན་ཡང་བསླབས་ན་ལོབས་རྒྱུ་ཡོད་པ་རེད། རྒྱུག་མཆོང་གི་ལུས་རྩལ་པའི་མི་ཞིག་ལ་མཚོན་ན། ལུས་ཀྱི་མཉེན་ལྕུག་ཕུལ་དུ་ཕྱིན་པ་བསླབས་ནས་ལོབས་པ་མངོན་སུམ་དང་། ངག་གི་ཕྱོགས་ནས་བསམས་ན། གླུ་གར་པ་ཞིག་ལ་མཚོན་ན་དེའི་ཕྱོགས་ལ་འབད་པ་བྱས་པས་གྲུབ་འབྲས་ལེགས་པོ་ཐོབ་པ་དང་། སེམས་ཀྱི་ཕྱོགས་ནས་ཀྱང་། རྫོགས་པ་ཆེན་པོའི་ལྟ་བ་ལེགས་པར་སྒོམ་ཐུབ་ན་འཇའ་ལུས་སུ་འགྲུབ་པ་ཡིན། འོན་ཀྱང་ངེས་འབྱུང་ཡང་དག་ཅིག་རྒྱུད་ལ་མ་སྐྱེས་ནས་བརྩོན་པ་བསྐྱེད་མ་ནུས་ནས་གོམས་པ་ཞན་པའི་དབང་གིས་འབྲས་བུ་དེའི་ཚོད་ལས་འཐོབ་མི་ཐུབ་པ་རེད། དེས་ན་སྙིགས་མའི་སེམས་ཅན་ཆོས་ཕྱོགས་ལ་གོམས་པ་སྐྱེད་པའི་བློ་སྟོབས་ཞན་པའི་དབང་གིས། གོམ་པ་ཆོས་ཕྱོགས་སུ་འདོར་མ་ཐུབ་ནས་ཆོས་མ་འགྲུབ་པ་ཡིན་པས་ཆོས་ཕྱོགས་ལ་གོམས་པ་མཆོག་ཏུ་བརྟན་པ་གནད་ཆེའོ། །རང་གིས་ད་སྔ་ཡན་དུ་ལས་ཚད་བཅས་ཚད་ལ་བསམ་བློ་བཏང་ནས། མི་ཚེའི་སྟོད་དུ་དང་པོ་བླང་དོར་མ་ཤེས་པའི་དུས་སུ་ཅི་བྱས་པ་དང་། ཅི་འདྲ་ཞིག་ཡིན་འདུག་བསམས་ནས་འདེང་ཞིག་བརྒྱབ་ན། དང་པོའི་དུས་སུ་བྱིས་པ་བསམ་མེད་ཀྱི་སྐབས་རེད། དེའི་རྗེས་སུ་ལེགས་ཉེས་བླང་དོར་གྱི་གནས་སྟོན་མཁན་རེ་ཐུག་ཡོད་ཀྱང་། འགའ་རེ་ནི་བསམ་པ་དཀར་བ་ཙམ་ལས་ཁོ་རང་གིས་ཅིའང་མ་ཤེས་པར་སྣང་བ་དང་། ལ་ལ་ནི་དེ་དུས་འདྲིས་ཆེ་ནས་མིག་གིས་རྫི་མ་རིག་པ་ལས་དེས་ཅི་ཟེར་ལ་ཉན་ན་འཁྲུལ་མེད་ཚད་མར་འཛིན་འོས་སུ་འདུག་ཀྱང་། རྐྱེན་སྣ་ཚོགས་པའི་དབང་ལ་བརྟེན་ནས་དེ་ལྟར་མ་འགྲུབ་པ་སོགས་མདོར་ན་མི་ཚེའི་ཉི་མ་ཕལ་ཆེར་ཤོར་ཚར་བ་དེ་ལ་ཕྱིར་བལྟས་དང་ཕྱོགས་བསྡོམས་ཤིག་བརྒྱབ་ནས་བསྔོ་བགྲང་ཞིག་བྱས་ན། དང་པོར་ཐེག་ཆེན་ཐར་བ་ཆ་མཐུན་གྱི་དགེ་རྩ་ཅི་ཙམ་འགྲུབ་པའི་ཚུལ་ལ་བརྟགས་ཤིང་དཔྱད་ན། གལ་ཏེ་ངེས་འབྱུང་གི་བསམ་པས་གཞི་བྱས་ནས་སྙིང་རྗེ་ཆེན་པོས་ཀུན་ནས་སློང་སྟེ་གཞན་ཕན་བྱང་ཆུབ་ཀྱི་སེམས་བསྐྱེད་ཚེ། སེམས་ཅན་གཅིག་ཙམ་ཡང་བློས་གཏོང་མི་རུང་བ་ཡིན། རང་འདོད་ཡིད་བྱེད་མེད་པའི་གཞན་ཕན་རྣམ་དག་ཅིག་འགྲུབ་ཨེ་ཡོད་གསེར་རྐོ་དག་གིས་གསེར་ཚགས་བརྒྱབ་པ་འདྲ་ཞིག་བྱས་ནས་བལྟས་ན། ཚུལ་མིན་ཡིད་བྱེད་ཀྱི་ངན་རྟོག་ཉོནམོངས་པ་དང་དེ་དང་འབྲེལ་བའི་སྤྱོད་ངན་ཏག་ཏག་ལས་ཤུལ་དེ་ན་ཐེག་ཆེན་ཐར་བ་ཆ་མཐུན་གྱི་དགེ་བ་ཕྲ་བ་ཙམ་ཡང་དཀའ་བའི་གནས་སུ་ཡོད་པ་དང་། རབ་ཏུ་བྱུང་བའི་རྟགས་ཆ་ལུགས་བཅངས་ཡོད་ཀྱང་། སྲུང་སྡོམ་ཆུ་ཆུང་ས་ནས་ལྷམ་ཕུད་ནས་བརླ་རྫེ་དགུང་རྫེ་བྱེད་ཀྱང་། ཆེ་ས་ལ་ཐུག་དུས་ལྷམ་དང་བཅས་པར་འཇུག་པ་འབྲུག་པ་ཀུན་ལེགས་ཀྱིས་གསུངས་པ་ལྟ་བུ་བྱེད་པ་དང་། སྦྱིན་དང་བསམ་གཏན་གྱི་ཕྱོགས་ནས་ཀྱང་གཟུགས་བརྙན་ཙམ་རེ་བྱེད་ཁུལ་ཡོད་ཀྱང་། བརྩོན་འགྲུས་ཀྱི་ཕྱོགས་ནས་མ་འཇོན་པ་དང་། ཁྱད་པར་དུ་གྲོགས་ཤེས་རབ་དང་འབྲེལ་མ་ཤེས་ནས་ཐེག་པ་ཆེན་པོའི་ཆོས་ཀྱི་གྲལ་དུ་ཆུད་པའི་ཆ་རྐྱེན་མེད་པའི་ཚད་ལ་ཐོན་ཡོད་པ་རེད། དེ་ལྟར་དཔྱད་ཚེ་སྐས་ཐེམ་གོང་མའི་སྟེང་ནས་མར་ཤུད་པ་རེད། བར་མ་ལ་རྡོག་ཅིག་ཨེ་བརྟན་བལྟས་ན། སྐྱེས་བུ་འབྲིང་ཉན་རང་གི་ལམ་རེད། དེ་ཡང་རང་ལམ་གྱི་སྡེ་སྣོད་གསུམ་ལ་སྦྱངས་པ་བྱས་ནས་བསླབ་པ་གསུམ་ལ་ཉམས་ལེན་བྱེད་དགོས། དེ་བྱས་ན་འབྲས་བུ་ཅི་ཞིག་ཐོབ་ཏུ་ཡོད་ན། ཉན་རང་དགྲ་བཅོམ་པའི་གོ་འཕང་འཐོབ་ཏུ་ཡོད་པ་ཡིན། དེ་ཡང་འཕགས་ས་ཐོབ་ནས་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་རེད། གཞན་དོན་རྒྱ་ཆེན་འགྲུབ་པའི་རླབས་ཆེན་གྱི་སྤྱོད་པ་དང་སྨོན་ལམ་མེད་ཀྱང་། རང་ཉིད་ཞི་བདེའི་བཙན་ས་ཟིན་ནས་ཡོད་པ་ཡིན། ལམ་དེ་ལ་ཞུགས་ཀྱང་མཐར་ཐུག་ཐེག་ཆེན་ལ་ཞུགས་ནས་འཚང་རྒྱ་ཐབས་ཡོད་པ་ཡིན། འོན་ཀྱང་ལམ་དེ་ལ་ཚུད་ཡོད་མེད་གོམ་པ་དང་པོ་སྤོ་བའི་དུས་སུ་ངེས་འབྱུང་ཡོད་མེད་ལ་ཐུག་ཡོད། འཁོར་བའི་ཕུན་ཚོགས་ལ་སྐྱུགས་ནད་ཅན་ལ་བཙོས་ཟན་བྱིན་པ་ལྟ་བུའི་ཞེན་ལོག་དང་། དེ་ལས་ཐར་འདོད་ཉེས་ཆེན་བཙོན་ན་ཡོད་པ་ལྟ་བུ་ངེས་པར་དགོས་པ་ཡིན། དེ་ཨེ་ཡོད་བལྟས་ན་ལས་རྒྱུ་ཚང་མ་ལ་ཆོས་བརྒྱད་དང་འདྲེས་པའི་བྱ་བ་ལས་མེད་པ་དེས། བསམ་རྒྱུ་འཁོར་བའི་འདི་སྣང་འདི་སྐྱུར་མ་ཐུབ་པའི་རྟགས། བལ་བོའི་སེའུ་མ་ཟོས་ཀྱང་། ཁ་དོག་ཉིད་ལས་བྲོ་བ་ཤེས་བཞིན་ཡོད་པ་རེད། དེ་ལྟར་དུ་ཞིབ་པའི་ཚགས་ལ་བརྒྱབ་ནས་གསེར་བཙགས་བཙགས་བྱས་ན། ཐེག་ཆེན་མ་དགོས་ཐེག་དམན་ཐར་བ་ཆ་མཐུན་གྱི་དགེ་བ་འགྲུབ་མེད་པ་རེད། དེ་མེད་བཞིན་དུ་ཡོད་མདོག་བྱེད་སར་འགྲོ་བ་མིན། ལ་ཕར་རྒྱབ་ཏུ་ཐོན་དུས་རྩིས་ཁྲ་ཞིབ་པ་རེད། དེ་ལྟར་ཞིབ་མོའི་བློ་ཡིས་བརྟགས་ཤིང་དཔྱད་ཚེ་ཡང་སྐས་བར་མའི་སྟེང་ནས་མར་ཤུད་པ་རེད། ཐེམ་སྐས་འོག་མའི་ཐོག་ལ་འདུག་ལོས་འགྲོ་སྟེ། ཤཱཀྱའི་བསྟན་པ་ལ་རབ་ཏུ་བྱུང་། ཆུང་ནས་ད་ལ་མ་ཐུག་གི་བར་དུ་གཞན་ལ་དགེ་སྡིག་རྒྱུ་འབྲས་ཕར་བཤད་པས་མ་ཚད། རང་གིས་ཀྱང་སྤང་བླང་འདོར་ལེན་བྱེད་པ་ཡིན་མདོག་པོའི་གྲལ་དུ་ཞུགས་ནས་ཡོད་པ་ལ་བསམ་པ་ཞིག་རེད་ཀྱང་། སྐྱེས་བུའི་ཆུང་ངུའི་ལམ་ཕྱི་མ་ལྷ་མིའི་བདེ་འབྲས་འཚོལ་བ་ཞིག་ཡིན་ཚེ། རྒྱུ་འབྲས་ཡིད་ཆེས་ཀྱི་འཇིག་རྟེན་ཡང་དག་གི་ལྟ་བ་ཞིག་ཡོད་དགོས་པས། མི་དགེ་བཅུ་སྤངས་ཀྱི་ཚུལ་ཁྲིམས་བསྲུངས། སོ་ཐར་རིགས་བདུན་ལས་དགེ་བསྙེན་གྱི་སྡོམ་པའི་དགག་སྒྲུབ་ཆ་མཐུན་དང་བཅས་པའི་བསླབ་བྱ་ནན་ཏན་གྱིས་སྲུང་བ་ཞིག་ཡིན་དགོས། ད་ངོ་མས་ངོ་མ་བཤད། བྱང་མས་ལ་མོ་བརྒྱབ་ཡོང་ན། གོང་ནས་བཤད་པ་ལྟར་དུ་རྒྱུ་འབྲས་ཡིད་ཆེས་ལ་བློ་གཏད་དང་ཡིད་ཆེས་བརྟན་པོ་ཞིག་མེད་པའི་རྟགས་ཀྱང་མངོན་བཞིན་ཡོད་ལ། བསམ་པའི་ཀུན་སློང་དེ་ལས་མེད་བཞིན་དུ་ཐེག་པ་རིམ་དགུའི་མདོ་སྔགས་ཀྱི་ལམ་གྱི་རིམ་པ་ཐམས་ཅད་ཁ་ཐོག་ནས་བཤད་བཞིན་ཡོད་ཀྱང་། དོན་བྱ་བ་ལག་ལེན་གྱི་ཐོག་ནས་ཚོགས་ལམ་ཆུང་འབྲིང་ཕར་ཞོག ཕྱི་མ་ལྷ་མིའི་གོ་འཕང་མངོན་མཐོ་དོན་གཉེར་བྱེད་པའི་ཆ་རྐྱེན་ཙམ་ཡང་ལྡན་མེད་ཚེ། དེའི་ཡན་གྱི་སྐད་ཆ་གླེང་རིན་མེད་པའི་ཚད་ལ་ཐོན་ནས་ཡོད་པས་གསང་སྔགས་ཀྱི་སྐོར་ཕར་ཚད་ཞོག དེ་ལྟར་རང་གིས་རང་ལ་ད་སྔའི་བསགས་པ་རྣམས་བགྲང་ཞིང་བྱ་བའི་ཕྱོགས་བསྡོམས་ཤིག་བྱས་ཚེ། དགེ་སྡིག་ངོ་མི་ཤེས་པའི་བྱིས་པའི་དུས་དང་། ཆུང་ནས་ཆེ་ལ་ཕྱོགས་པའི་དུས་དང་། ཆེ་ནས་རྒས་ཀྱི་བར་དང་། དེ་བཞིན་དུ་ཉི་མ་རེ་རེ་བཞིན་དང་ཞག་མ་རེ་རེར་དགེ་སྡིག་བསགས་གྲངས་ལ་འདེང་བརྒྱབ་ན། ཕྱི་མར་ཁ་ཐུར་ལ་སྐོར་བ་ལས་གཞན་དུ་འགྲོ་ས་འདུག་གམ། ཆོས་དང་བླ་མ་མ་འདྲ་བ་དང་འཕྲད་པའི་སྟོབས་ཀྱིས་སྐྱེ་བ་རེ་རེ་གཉིས་རེར་ངན་སོང་དུ་མ་ལྷུང་ན་ཡང་། ཐར་བའི་ལམ་སྣེ་ཞིག་མ་ཟིན་ཚེ་གཞན་དོན་ཕར་ཞོག་རང་དོན་ཙམ་ཡང་འགྲུབ་མེད་པ་ཡིན། མདོར་ན་རྒྱུག་རྒྱུག་འདུར་འདུར་ལས་ལས་བཅས་བཅས་ཀྱིས་མི་ཚེ་འདས་ཀྱང་། ཆོས་འཇིག་རྟེན་གཉིས་ཀ་མ་འགྲུབ་ནས་ལུས་འདུག་པའི་ཚུལ་ནི། གདམས་ངག་ཁྱད་པར་འདི་དག་དང་ར་སྦྲག་ན་ཤེས་པ་ཡིན་ཏེ། དེ་ཡང་དོན་ངོ་མས་བཤད་ན་སྐྱབས་གནས་དཀོན་མཆོག་གསུམ་པོ་དེ་ངོས་ཟིན་གྱིན་འདུག་གམ། དེ་ཡང་ཡང་དག་པ་ཞིག་མ་ཤེས་ཚེ་དད་པ་ཇི་ལྟར་གཞག་དགོས། སྐྱབས་ཡུལ་མ་ཤེས་པའི་སྐྱབས་འགྲོའི་སྡོམ་པ་ཞིག་དེ་བས་ཀྱང་ག་ལ་ཡོད། ད་བཤད་ཀྱིན་བཤད་ཀྱིན་ཇེ་སྡུག་ཏུ་སོང་ནས་ནང་པའི་གྲལ་དུ་ཚུད་ཡོད་མེད་ཀྱི་ཚད་ལ་བརྒྱབ་ཡོད་པ་རེད། འདི་རིགས་འདི་ཚུར་མ་བསློགས་ནས་བསྐྱུར་བཞག་ན། ཚེ་འདི་ལ་མི་བླུན་པོ་ཁ་ཤས་ཉིན་འགའ་རེའི་རིང་དུ་མགོ་སྐོར་ཐུབ་ན་ཐང་ཡང་། མཐར་ཐུག་རང་གཞན་གཉིས་ཀ་ལ་གནོད་ཀྱི་སྟེང་དུ་གནོད་དུ་འགྱུར་བ་ཡིན་པས། དམ་པའི་ཆོས་མཆོག་ཀུན་མཁྱེན་བླ་མའི་མན་ངག་དྲུག་ཚན་འདི་ཚོའི་ནང་གི་དྲུག་ཚན་གཅིག་ཙམ་ཞིག་ཉམས་ལེན་བྱེད་ཐུབ་ཀྱང་། དེ་ལས་མི་དགོས་པ་ལྟ་བུ་ཞིག་ཡིན་པས་ད་ནས་བཟུང་སྟེ་དམ་པའི་ཆོས་རྣམ་དག་མིང་དོན་མཚུངས་པ་ཞིག་ཨེ་འགྲུབ་བལྟ་དགོས། ང་རང་ལ་ཁ་བསྐོར་ན་སོ་སྐྱེ་ཐ་མལ་པ་འཆིང་བ་ཀུན་ལྡན་ཡིན་པས་དེ་ལྟར་ཡིན་ཡང་། རྣམ་པ་ཚོས་མཐུན་རྐྱེན་བསྐྲུན་པ་ལ་བརྟེན་ནས་མན་ངག་འདི་ཚོ་མཉམ་དུ་སྐྱོར་སྦྱོང་རེ་བྱེད་པའི་སྐལ་བ་ཐོབ་ཅིང་། གདན་ས་འདི་ལྟ་བུ་ལ་བསྡད་ནས་ཆོས་པའི་མིང་རེ་བཟུང་སྟེ། ཆོས་པ་རབ་འཇའ་ལུས་འགྲུབ་པ་མ་རེད་ཀྱང་། འབྲིང་རང་གཞན་གཉིས་ཀ་མགོ་མི་གཡོགས་པའི་འབྲེལ་ཚད་དོན་ལྡན་ཞིག་གམ། ཐ་མ་ཡིན་ཡང་ཤི་ཁ་འགྱོད་མི་དགོས་པར་ཐར་ལམ་སྙེག་མཁན་ཞིག་ངེས་པར་ཡོང་བའི་རེ་བ་དང་སྨོན་ལམ་བཏབ་ནས་བློ་རྩེ་གཅིག་གཏོད་ཀྱིས་བསྒྲུབས་ན་གང་འཚམས་ཤིག་འགྲུབ་པར་གདོན་མི་ཟ་ལ། དེ་ལྟར་མིན་པར་བློ་རྩེ་གཉིས་ཀྱིས་དོན་མི་འགྲུབ་པ་དང་། ཁབ་རྩེ་གཉིས་ཀྱིས་ཚེམ་བུ་མི་ཡོང་བ་ལྟར་དུ། ཆོས་ཆོས་ཀྱི་རྗེས་མ་ཟིན། འཇིག་རྟེན་འཇིག་རྟེན་གྱི་བྱ་བ་མ་འགྲུབ་ནས། བྲང་ལ་སྦར་ཤད་བྱེད་པ་ལས་འོས་མེད་པའི་གནས་སུ་གྱར་བ་ནི་མཐོ་དམན་དྲག་ཞན་ཐམས་ཅད་ལ་འབྱུང་དུ་ཡོད་པས། དཀོན་མཆོག་དམ་པ་གསུམ་སྤྱི་བོའི་གཙུག་ཏུ་མཆོད་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་བསག་པ་ལ་འབད་ཅིང་། དགེ་སྦྱོར་སྲང་དུ་གཞུག་པའམ་ཚད་དང་ལྡན་པར་བྱས་ཏེ་སྣང་བ་ཆོས་ལ་བསྒྱུར་ནས། གང་སྣང་དགེ་སྦྱོར་གྱི་སྐུལ་མ་དང་བརྡ་ཆོས་སུ་གོ་བར་བྱེད་པས་མ་ཚད། ཅི་བྱེད་གཞན་དོན་ལ་སྤྱད་པས་ནམ་ཞིག་གང་བྱས་གཞན་དོན་དུ་གྱུར་པ་བྱེད་ཅིང་བདག་མེད་སྟོང་ཉིད་ཀྱི་ལྟ་བ་རྟོགས་ནས་བདག་འཛིན་ཞིག་ཅིང་བདག་མེད་ཀྱི་དོན་དང་འཕྲད་པ་སྟེ། དེ་ལྟར་སུས་བྱེད་པ་དེ་ཐེག་མཆོག་སྙིང་པོ་ལ་ཞུགས་པ་ཡིན་ནོ།།

༡༧༣ ཡ་བྲལ་ཉེས་པ་རྣམ་དྲུག་སྤང་བ་བསྟན་པ།

ཡ་བྲལ་ཉེས་པ་རྣམ་དྲུག་སྤང་བ་ནི།།

བསྟེན་པ་མཚན་ལྡན་བླ་མ་མ་བྲལ་དགོས།།

དེ་དང་བྲལ་ན་ཐར་པའི་ལམ་མི་ཚུད།།

རང་རྒྱུད་བརྟན་པའི་དད་པ་མ་བྲལ་དགོས།།

དེ་དང་བྲལ་ན་ཆོས་ཉིད་ཡུལ་མི་ཕྱིན།།

ཉམས་ལེན་ཟབ་མོའི་གདམས་ངག་མ་བྲལ་དགོས།།

དེ་དང་བྲལ་ན་བྱང་ཆུབ་མྱུ་གུ་མེད།།

སྤྲོས་སྤྱོད་ཐོས་བསམ་ཤེས་རབ་མ་བྲལ་དགོས།།

དེ་དང་བྲལ་ན་ཐེ་ཚོམ་སྒྲོག་མི་ཁྲོལ།།

འདུག་ས་རི་ངོགས་དབེན་པ་མ་བྲལ་དགོས།།

དེ་དང་བྲལ་ན་རྣམ་གཡེང་འདུ་འཛིས་འཁྱེར།།

བརྩོན་འགྲུས་སྙིང་རུས་དམ་བཅའ་མ་བྲལ་དགོས།།

དེ་དང་བྲལ་ན་ཡོན་ཏན་ཐོབ་དུས་མེད།།

དེ་ཡི་ཕྱིར་ན་ཡ་བྲལ་མ་སོང་གཅེས།།

ཞེས་གསུངས་པ་སྟེ། ཡ་བྲལ་ཉེས་པ་རྣམ་དྲུག་སྤང་བ་ནི། བསྟེན་པར་བྱ་བ་མཚན་ལྡན་གྱི་བླ་མ་དམ་པ། མ་མཐའ་ཡང་བསླབ་ལྡན་བྱང་ཆུབ་ཀྱི་སེམས་རྒྱུད་ན་ཡོད་ཅིང་གཞན་ཐར་བའི་ལམ་ལ་འཛུད་མཁས་པ་དེ་ལྟ་བུའི་བླ་མ་དང་མ་བྲལ་བར་དགོས་པ་ལས། དེ་དང་བྲལ་ན་ཐར་པའི་ལམ་ལ་ཡང་དག་པར་ཚུད་ནས་ལམ་གོ་མི་ཆོད་པ་ཡིན། གཞན་ངོས་ནས་བླ་མ་དམ་པ་དང་མ་བྲལ་བས་མ་ཚད་རང་ངོས་ནས་ཀྱང་། རང་རྒྱུད་བརྟན་ཅིང་མི་འགྱུར་བའི་དད་པ་དང་མ་བྲལ་བར་དགོས་པ་ལས་དད་པ་དང་བྲལ་སོང་ན་ཆོས་ཉིད་ཟབ་མོའི་གནད་མི་རྟོགས་པས་ཆོས་ཉིད་ཟབ་མོའི་རང་ཡུལ་གྱི་ཕ་གཞིས་ཀྱི་བཙན་ས་མི་རྙེད་པ་ཡིན། མདོར་ན་དད་པ་མེད་ཚེ་བྱིན་རླབས་མི་འཇུག་པ་དང་། དད་པ་དེའི་ཐོག་ཏུ་ཉམས་ལེན་ཟབ་མོའི་གནད་ཀྱི་གདམས་ངག་དང་མ་བྲལ་བ་ཞིག་དགོས་པ་ལས། གདམས་ངག་དེ་དང་བྲལ་ནས་མེད་ན་བྱང་ཆུབ་མྱུ་གུ་མེད་པ་སྟེ། དད་དང་བརྩོན་འགྲུས་ཡོད་ཀྱང་ཟབ་མོའི་གདམས་ངག་ཡོད་དགོས་མ་གཏོགས་དེ་མེད་ན་བྱང་ཆུབ་ཀྱི་མྱུ་གུ་མེད་ལ། དེ་མེད་དུས་ཐར་བའི་ལོ་འབྲས་ག་ལ་ཡོད་དེ་མེད་དོ། །སྤྲོས་མེད་ཉམས་ལེན་གྱི་གནད་ལ་འབད་པ་ཞིག་ཡིན་ཡང་དང་པོར་སྤྲོས་སྤྱོད་ཐོས་བསམ་གྱི་ཤེས་རབ་དང་མ་བྲལ་བ་ཞིག་དགོས་མ་གཏོགས། ཐོས་བསམ་ཤེས་རབ་དེ་དང་བྲལ་སོང་ན་ཉམས་ལེན་གྱི་སྐབས་སུ་ཐེ་ཚོམ་གྱི་སྒྲོག་མི་ཁྲོལ་བ་དང་། ཆོས་རྣམ་དག་སྒྲུབ་པ་ཞིག་ཡིན་ན་འདུག་ས་དེ་རི་ངོགས་ཀྱི་དབེན་པ་དང་མ་བྲལ་བ་ཞིག་དང་། ཁྱད་པར་དུ་ལས་དང་པོ་བས་མ་བྲལ་བ་ཞིག་དགོས་པ་ལས། གལ་ཏེ་དབེན་པ་དེ་དང་བྲལ་སོང་བ་ཡིན་ན་རྣམ་གཡེང་དང་འདུ་འཛིའི་དབང་དུ་ཤོར་བ་ཡིན། ཆོས་གྲྭ་ཞིག་ནས་ཐོས་བསམ་བྱེད་པའམ་དབེན་པའི་རི་ཁྲོད་ཅིག་ནས་ཉམས་ལེན་བྱས་ན་གྲོགས་བརྩོན་འགྲུས་མེད་ཀྱི་ཐབས་མེད་ཡིན། ཕྱིན་དྲུག་གི་སྤྱོད་པ་ཐམས་ཅད་བརྩོན་འགྲུས་དང་འབྲལ་མི་རུང་བས་བརྩོན་འགྲུས་དང་སྙིང་རུས་བྱེད་དགོས། དེའི་ཐོག་ཏུ་དམ་བཅའ་ཡོད་ན་དེ་ལས་མི་འདའ་བའི་ཕན་པ་ཆེ་བས་དམ་བཅའ་དང་མ་བྲལ་བར་དགོས་པ་ལས་དམ་བཅའ་དེ་དང་བྲལ་ན་ཡོན་ཏན་ཐོབ་དུས་མེད་པ་དེ་ཡི་ཕྱིར་ན་ཡ་བྲལ་དྲུག་གི་དབང་དུ་མ་སོང་བར་གཅེས་སོ།།

༡༧༤ འབྲལ་མེད་བསྟེན་ལ་བདུད་དྲུག་སྤང་བ་བསྟན་པ།

འབྲལ་མེད་བསྟེན་ལ་བདུད་དྲུག་སྤང་བ་ནི།།

བླ་མ་བསྟེན་ལ་གོ་དྲེད་བདུད་མ་ཞུགས།།

དཀོན་མཆོག་བསྟེན་ལ་མ་གུས་བདུད་མ་ཞུགས།།

དགོན་པ་བསྟེན་ལ་བཏང་སྙོམས་བདུད་མ་ཞུགས།།

ཐོས་བསམ་བསྟེན་ལ་སྣ་དྲེད་བདུད་མ་ཞུགས།།

བསམ་གཏན་བསྟེན་ལ་འཕེལ་མེད་བདུད་མ་ཞུགས།།

གཞན་དོན་བསྟེན་ལ་རྣམ་གཡེང་བདུད་མ་ཞུགས།།

དགོས་པར་སྣང་སྟེ་ཉིན་མོའི་སྐར་ཚོགས་བཞིན།།

ཞེས་གསུངས་པ་སྟེ། འབྲལ་མེད་དྲུག་དེ་བསྟེན་ནས་བདུད་དྲུག་སྤང་དགོས་པ་བསྟན་པ་ནི། བླ་མ་བསྟེན་པ་ལ་གོ་དྲེད་ཀྱི་བདུད་དེ། བླ་མ་བསྟེན་ཡུན་རིང་ཆོས་གསུང་ཡུན་རིང་དུས་དེ་ལྟར་ཟེར་བ་ཡིན་དེ་འདྲ་ཟེར་དར་བསམས་པ་ལྟ་བུ་རེད་དུས། རིན་ཆེན་གསེར་གྱི་གླིང་དུ་ཐོན་དུས་གསེར་ལ་རིན་ཐང་མི་བརྩི་བར་འགྲོ་བ་ལྟར་དུ། ཆོས་མང་པོ་གོ་ན་ཆོས་ཇེ་ངན་དུ་སོང་བ་མིན་ཡང་འདེང་ཇེ་ཆུང་དུ་འགྲོ་བ་ནི་རང་རྒྱུད་ཇེ་ཞན་དུ་སོང་ནས་གོ་དྲེད་དུ་སོང་ནས་ཉམས་སུ་མ་བླངས་པའི་སྟོབས་ཀྱིས་ཐ་མར་ཆོས་དྲེད་ཆོས་ཀྱིས་འདུལ་དུ་མེད་པ་འགྱུར་བ་ཡིན་པས་དེ་ལྟ་བུའི་གོ་དྲེད་ཀྱི་བདུད་མ་ཞུགས་པ་དང་། དཀོན་མཆོག་བསྟེན་ནས་དེ་ལ་མ་གུས་པའི་བདུད་མ་ཞུགས་པར་དགོས་པ་སྟེ། གནའ་ཞིག་ལ་པར་དཔོན་ཞིག་གིས། ང་ནི་པར་ཤིང་དག་འདྲིས་ནས་ཡོད་པས་ཉེས་པ་མེད་ཅེས་པར་ཤིང་རྣམས་འགོམ་ཡུག་བྱས་པ་རེད། དེ་ནི་གསུང་རབ་ཀྱི་པར་ཤིང་ཁོ་དང་འདྲིས་ནས་ཡུན་རིང་བའི་དབང་གིས་མ་གུས་པའི་བདུད་ཞུགས་པ་ཡིན། དགོན་པ་བསྟེན་པའམ་དབེན་པ་བསྟེན་པ་ལ་བཏང་སྙོམས་ཀྱི་བདུད་ཐ་མལ་སྙོམ་ལས་སུ་འདུག་པ་དེ་མ་ཞུགས་པ་དང་། དང་པོར་དགོས་སྣང་ཤར་ནས་ཐོས་བསམ་གྱི་གྲལ་དུ་འདུག་ཁུལ་བྱས་ཀྱང་། གཞུང་བཤད་མཁན་ལའང་སྤྱིར་ན་རྣམ་གྲངས་དུ་མ་ཡོད་པ་རེད། ལ་ལས་ནི་སློབ་མའི་རྒྱུད་ཚོད་ལ་དཔག་ནས་ཉམས་ལ་རན་པ་ཞིག་བཤད་པ་དང་། ལ་ལས་མཁས་ཉམས་བཏོད་ནས་སླ་མོ་དཀའ་མོ་རུ་བསྒྱུར་ནས་བཤད་པ་དང་། ཡང་ལ་ལས་ཡས་བཤད་མས་བཤད་མདོ་མདུད་པ་འདི་ཡིན་དེ་ཡིན་མེད་པར་ཁྲིད་པ་ཡང་ཡོད་པ་རེད། ལས་དང་པོ་བ་ཞིག་དེ་འདྲ་ཞིག་ལ་ཐུག་སོང་ཚེ་རྨུས་ནས་ཕྱིས་སུ་ཕྱོགས་དེར་འགྲོ་ཁ་མི་ཉན་པ་ཐོས་པ་ཟེར་དུས་སྣ་བརྫེ་འགྲོ་བའི་སྣ་དྲེད་ཀྱི་བདུད་མ་ཞུགས་པ་དང་། བསམ་གཏན་བསྟེན་ནས་ལོ་གཅིག་བསྒོམས་ཀྱང་དེ་དང་དེ། གཉིས་ལ་བསྒོམས་ཀྱང་དེ་དང་དེ། ཞག་ཉི་མའི་ཟླ་གྲངས་བརྩི་རྒྱུ་ཡོད་ཀྱང་། ཉམས་རྟོགས་པའི་ཐད་ནས་སྙིང་རྗེ་ཇེ་ཆེ་མ་དགོས་ངེས་འབྱུང་ཙམ་ཡང་སྐྱེ་མེད་པའི་འཕེལ་མེད་ཀྱི་བདུད་མ་ཞུགས་པ་དང་། གཞན་དོན་ཆོས་བཤད་པ་དང་དབང་རྒྱུན་ལུང་རྒྱུན་རེ་སྤེལ་ཁུལ་བྱས་ཀྱང་། གཞན་གྱི་བཀུར་བསྟི་ལ་སོགས་པ་ལ་བསྟེན་ནས་གཡེང་བ་ཤོར་ན་རྐྱེན་དབང་ལ་ཤོར་བ་ཡིན་པས་དེ་འདྲའི་རྣམ་གཡེང་གི་བདུད་མ་ཞུགས་པ་སྟེ་དེ་དག་དགོས་པར་སྣང་སྟེ་འོན་ཀྱང་ཚང་བ་ནི་ཉིན་མོའི་སྐར་ཚོགས་བཞིན་དཀོན་པའོ།།

༡༧༥ བསླབ་པའི་མཐའ་དྲུག་འགྲོགས་པར་བསྟན་པ།

བསླབ་པའི་མཐའ་དྲུག་འགྲོགས་པར་བསྟན་པ་ནི།།

ཕུ་ཐག་འཁྲུས་པའི་ལྟ་བ་མཆོག་དང་འགྲོགས།།

དེ་མེད་ཆོས་ཉིད་ནམ་འཕང་ཆོད་མི་ནུས།།

གཞི་རྟེན་བསླབ་གསུམ་དམ་ཚིག་གཙང་དང་འགྲོགས།།

དེ་མེད་འདོད་པའི་དངོས་གྲུབ་ཐོབ་མི་ནུས།།

དུས་ཚོད་ཤེས་པའི་སྤྱོད་པ་མཆོག་དང་འགྲོགས།།

དེ་མེད་འཁོར་བའི་ཕ་རོལ་སྒྲོལ་མི་ནུས།།

ཉམས་ལེན་རང་བྱུང་ཡེ་ཤེས་གདེང་དང་འགྲོགས།།

དེ་མེད་གཟུང་འཛིན་ཉོན་མོངས་གདོས་མི་ཆོད།།

ཉམས་མྱོང་གོང་འཕེལ་བོགས་འབྱིན་རྩལ་སྦྱོང་འགྲོགས།།

དེ་མེད་ཉོན་མོངས་གཡུལ་ངོ་བཟློག་མི་འགྱུར།།

ཟབ་མོའི་མན་ངག་ཕྱོགས་མེད་ཀུན་དང་འགྲོགས།།

དེ་མེད་གང་དགོས་འདོད་པའི་དོན་མི་འགྲུབ།།

དེ་ཕྱིར་ཡང་དག་སྙིང་པོའི་དོན་འདིར་བསླབ།།

ཅེས་གསུངས་པ་སྟེ། བསླབ་པའི་མཐའ་དྲུག་འགྲོགས་པར་བསྟན་པ་ནི། ཕུ་ཐག་འཁྲུས་པའམ་ཆོད་པའི་ཐེ་ཚོམ་མེད་པའི་ལྟ་བ་མཆོག་དང་འགྲོགས་དགོས་ལ། གལ་སྲིད་དེ་མེད་ཚེ་ཆོས་ཉིད་ནམ་འཕང་ཆོད་མི་ནུས་པས་ལྟ་བའི་གཤོག་རྩལ་ནང་ནས་རྫོགས་ན་ཆོས་ཉིད་ཀྱི་ནམ་འཕང་གཞི་ནས་གཅོད་ནུས་པ་ཡིན། ཡོན་ཏན་ཀུན་གྱི་གཞི་རྟེན་ཚུལ་ཁྲིམས་དང་ཏིང་འཛིན་ཤེས་རབ་ཀྱི་བསླབ་པ་གསུམ་པོ་དག་དང་། གསང་སྔགས་ཀྱི་དམ་ཚིག་གཙང་མ་དང་འགྲོགས་པར་གལ་ཆེ་བ་སྟེ། དེ་མེད་ན་འདོད་པའི་དངོས་གྲུབ་ཐོབ་པ་མི་ནུས་པ་དང་། སྤྱོད་པ་དུས་ཚོད་དང་བསྟུན་དགོས་པས་དུས་ཚོད་ཤེས་པའི་སྤྱོད་པ་མཆོག་དང་འགྲོགས་དགོས་པ་སྟེ། སྤྱོད་པ་དེ་ལ་ཡང་། དགེ་སྦྱོང་ཁྲིམས་ལྡན་གྱི་སྤྱོད་པ། རྒྱལ་པོ་ས་འཛིན་གྱི་སྤྱོད་པ། འཁོར་འདས་རུ་ཤན་གྱི་སྤྱོད་པ། བརྟུལ་ཞུགས་ལམ་སློང་གི་སྤྱོད་པ། སྣང་བ་དབང་སྒྱུར་གྱི་སྤྱོད་པ་ལ་སོགས་པ་མདོ་སྔགས་གང་གི་སྐབས་སུ་ཡང་སྤྱོད་པ་མང་པོ་གསུངས་ཡོད་པ་དེ་དག་དུས་ལ་བབས་པ་དེ་བྱེད་པ་ལས། འཕུར་བ་ཡིན་ཞེས་བྲག་འགོ་ནས་མར་གཤོག་ལྷབ་བྱས་ཀྱང་འཕུར་བ་མིན་པ་ལྕེབས་པའི་གྲལ་དུ་མ་གཏོགས་འགྲོ་ས་མེད་པས་དུས་ཚོད་དང་བསྟུན་པར་གྱིས། སྤྱོད་པ་མཆོག་དེ་མེད་ན་འཁོར་བའི་རྒྱ་མཚོའི་ཕ་རོལ་དུ་བསམས་པ་བཞིན་དུ་སྒྲོལ་མི་ནུས་པ་དང་། ཉམས་ལེན་ནི་གསར་དུ་ག་ཤེད་ནས་བཙལ་མི་དགོས་པར། རང་ལ་ཡེ་ནས་ཡོད་པའི་རང་བྱུང་ཡེ་ཤེས་རང་ངོ་ཤེས་པའི་གདེང་དེ་དང་འགྲོགས་ཤེས་པར་དགོས་པ་ལས། དེ་ལྟར་མིན་ཚེ་གཟུང་འཛིན་དང་ཉོན་མོངས་ཀྱི་གདོས་སམ་འཆིང་ཐག་མི་ཆོད་པ་དང་། ཉམས་མྱོང་གོང་འཕེལ་གྱི་ཆེད་དུ་བོགས་འབྱིན་ནམ་སྐྱེད་རྒྱག་སྤྱད་ཀྱི་རྩལ་སྦྱོང་དང་འགྲོགས་དགོས་པ་ལས། བོགས་འབྱིན་དེ་མེད་ན་རྐྱེན་དང་ཐུག་དུས་ཉོན་མོངས་ཀྱི་གཡུལ་ངོ་བཟློག་པར་མི་འགྱུར་པ་དང་། ཟབ་མོའི་མན་ངག་ཕྱོགས་མེད་ཀུན་དང་འགྲོགས། ཞེས་པ་ནི་ཆོས་བརྒྱུད་འདྲ་དང་མི་འདྲའི་གདམས་ངག་འདྲ་དང་མི་འདྲའི་འདྲ་མ་འདྲེས་སུ་གྱིས་ཤིག་ཅེས་པའི་དོན་མིན་པར། ཆོས་གང་ཞུས་ཀྱི་གཙོ་བོ་རང་གི་གང་ཉམས་སུ་ལེན་པའི་ཆོས་དང་གདམས་ངག་དེའི་ནང་དུ། གདམས་ངག་ཐམས་ཅད་ཚང་བ། ཉམས་མྱོང་དང་ལག་ལེན། གེགས་སེལ་དང་བོགས་འབྱིན། ལྟ་སྒོམ་དང་སྤྱོད་འབྲས་ཀྱི་གནད་ཐམས་ཅད་ཚང་ཐུབ་པ་དང་ཚང་ཡོད་པའི་གཅིག་འདུས་པ་ཞིག་དགོས་ཞེས་པའི་དོན་ཡིན་པས། དེ་ལྟར་དགོས་པ་ལས། མན་ངག་ཆ་ཚང་བའི་གནད་དེ་མེད་ན་གནད་གཅིག་གི་ཕྱོགས་ནས་ཤེས་ཀྱང་། གཞན་གཅིག་ལ་ཐུག་དུས་དེར་ཐོགས་ནས་གང་དགོས་ཀྱི་འདོད་པའི་དོན་མི་འགྲུབ་པ་ཡིན་པ་དེའི་ཕྱིར་ཡང་དག་སྙིང་པོའི་དོན་འདིར་བསླབ་དགོས་སོ།།

༡༧༦ གཙོ་བོ་རྣམ་དྲུག་གདམས་ངག་བསྟན་པ།

གཙོ་བོ་རྣམ་དྲུག་གདམས་ངག་བསྟན་པ་ནི།།

འདུག་སའི་གཙོ་བོར་རི་ངོགས་དབེན་པ་བསྟེན།།

དེ་ལས་གཞན་དུ་ཡུལ་འཁོར་སྡུག་བསྔལ་རྒྱུ།།

ལམ་གྱི་གཙོ་བོར་བླ་མ་སངས་རྒྱས་ཁུར།།

དེ་ལས་གཞན་དུ་ལམ་རྟགས་རྟེན་འབྲེལ་འཆུགས།།

དམ་ཚིག་གཙོ་བོར་གང་ཡང་ཟུང་འཇུག་གཅེས།།

དེ་ལས་གཞན་དུ་ཡ་བྲལ་དོན་མི་འགྲུབ།།

ཉམས་རྟོགས་གཙོ་བོར་རྣམ་རྟོག་ཡེ་ཤེས་བསྒྱུར།།

དེ་ལས་གཞན་དུ་སྤང་བྱའི་དཔུང་མི་ཆོམ།།

འདུ་ཤེས་གཙོ་བོར་འཁོར་བའི་ཞེན་པ་བཟློག།

དེ་ལས་གཞན་དུ་ཚེ་འདིའི་དབང་དུ་འཆོར།།

ལྟ་བའི་གཙོ་བོར་རྟོགས་མཁན་རང་ངོ་གྲོལ།།

དེ་ལས་གཞན་དུ་རྟག་ཆད་མཐའ་མི་གྲོལ།།

འདི་དག་གཅེས་པའི་མཛོད་ཡིན་གུས་པར་ཟུངས།།

ཞེས་གསུངས་པ་སྟེ། གཙོ་བོ་རྣམ་དྲུག་གདམས་ངག་བསྟན་པ་ནི། ཐར་ལམ་བྱང་ཆུབ་སྒྲུབ་པ་མ་གཏོགས་བསམ་རྒྱུ་མེད་པ་ཞིག་གིས་འདུག་སའི་གཙོ་བོ་དེ་རི་ངོགས་དབེན་པ་ལ་བསྟེན་དགོས། དབེན་པ་དེ་ལས་གཞན་དུ་ཡུལ་འཁོར་གྲོང་དང་གྲོང་ཁྱེར་ལ་སོགས་པ་གང་དུ་བསྡད་ཀྱང་སྡུག་བསྔལ་གྱི་རྒྱུ་རྐྱེན་ཡིན། ལམ་གྱི་གཙོ་བོར་བླ་མ་ལ་སངས་རྒྱས་དངོས་མཐོང་གི་དད་པས་སྤྱི་བོའི་གཙུག་ཏུ་ཁུར་ནས་གུས་ཤིང་འདུད་པའི་ཚུལ་གྱིས་བསྟེན་དགོས། དེ་ལས་གཞན་དུ་གྱུར་པའི་ལམ་ཞིག་བཙལ་དུ་ཕྱིན་ན་ལམ་རྟགས་ཀྱི་རྟེན་འབྲེལ་མགོ་ནས་འཆུགས་སོང་བ་ཡིན། དམ་ཚིག་གི་གཙོ་བོར་གཉིས་འཛིན་ཕྱོགས་རེར་ཞེན་པའི་འཆིང་བ་སྤངས་ནས་གང་ཡང་ཟུང་དུ་འཇུག་པའི་མཉམ་པའི་རང་བཞིན་ཆེ་ཆུང་མཐོ་དམན་ཡངས་དོག་དང་བྲལ་བར་ཤེས་པ་དེ་ཉིད་གཅེས་པ་ཡིན། དེ་ལས་གཞན་དུ་གཉིས་འཛིན་ཐམས་ཅད་ཡ་བྲལ་ཡིན་པས་འདོད་དོན་མི་འགྲུབ། ཉམས་རྟོགས་ཀྱི་གཙོ་བོར་རྣམ་རྟོག་ཡེ་ཤེས་སུ་འཆར་དགོས་པས་དེར་བསྒྱུར་ནས་འགྱུར་ཐུབ་དགོས། དེ་ལས་གཞན་དུ་སྤང་གཉེན་དགྲ་ཕྱོགས་ཀྱི་འཐབ་འཛིང་བྱེད་དགོས་ན་ཕ་རོལ་ཉོན་མོངས་ཀྱི་དཔུང་ཚོགས་མི་ཆོམ་པ་ཡིན། འདུ་ཤེས་ཐམས་ཅད་ཀྱི་གཙོ་བོར་འཁོར་བའི་ཞེན་པ་ཟློག་བྱེད་དེ་ལ་འབད་དགོས། བཅོམ་ལྡན་འདས་ཀྱིས། དཔེར་ན་རྗེས་རྣམས་ཀྱི་ནང་ནས་གླང་པོ་ཆེའི་རྗེས་མཆོག་ཡིན་ནོ། །དེ་བཞིན་དུ་ནང་པ་སངས་རྒྱས་པའི་སྒོམ་པའི་འདུ་ཤེས་ཐམས་ཅད་ཀྱི་ནང་ནས་མི་རྟག་པ་སྒོམ་པའི་འདུ་ཤེས་ཁོ་ན་མཆོག་ཡིན་ནོ། །ཞེས་གསུངས་པས། དེ་ལས་གཞན་དུ་ཆོས་བརྒྱད་ཚེ་འདིའི་དབང་དུ་འཆོར་བ་ཡིན། དེ་ལ་ཆོས་བརྒྱད་རགས་པ་དེ་ཆོས་པ་ཞིག་གིས་དང་པོ་ཉིད་ནས་སྤོང་ཐུབ་དགོས། ཕྲ་བ་སྤོང་མི་དགོས་སམ་ཞེ་ན་མིན་ཡང་། ཕྲ་བ་བག་ཆགས་ཀྱི་ཆ་དང་བཅས་པ་དེ་ལམ་ངེས་ཅན་ཞིག་ལ་མ་ཐོན་ཚེ་དཀའ་བ་ཡིན། ལྟ་བའི་གཙོ་བོར་རྟོགས་མཁན་རང་ངོ་ནས་གྲོལ་དགོས། དེ་ལས་གཞན་དུ་ལྟ་བྱ་ཕྱི་རོལ་དུ་བཟུང་ན་རྟག་ཆད་ཀྱི་མཐའ་ལས་མི་གྲོལ་བ་ཡིན་པས། ཀུན་མཁྱེན་ཉིད་ཀྱིས། ལྟ་བ་མ་བལྟ་ལྟ་མཁན་མཁན་པོ་ཚོལ། །ལྟ་མཁན་ཁོ་རང་བཙལ་བས་མ་རྙེད་ན། །དེ་ཚེ་ལྟ་བ་ཟད་སར་སྐྱོལ་བ་ཡིན། །ལྟ་བའི་ཕུགས་ཀྱང་དེ་ཀ་རང་ལ་ཐུག །ཅེས་དང་གུ་རུ་རིན་པོ་ཆེ་ཉིད་ཀྱིས་ཀྱང་དེ་ལྟར་གསུངས་ཡོད། འདི་དག་གཅེས་པའི་མཛོད་ཡིན་པས་གུས་པར་གཟུང་དགོས་སོ།།

༡༧༧ ཤུགས་ཀྱིས་འགྲུབ་པའི་ཆོས་དྲུག་བསྟན་པ།

ཤུགས་ཀྱིས་འགྲུབ་པའི་ཆོས་དྲུག་བསྟན་པ་ནི།།

བྱ་བ་བཏང་ན་དགེ་སྦྱོར་ཤུགས་ཀྱིས་འགྲུབ།།

བསླབ་གསུམ་གཙང་ན་དམ་ཅན་ཤུགས་ཀྱིས་འདུ།།

སྙིང་རྗེ་འབྱོངས་ན་འགྲོ་དོན་ཤུགས་ཀྱིས་འབྱུང༌།།

བསྙེན་སྒྲུབ་ཐེམ་ན་འཕྲིན་ལས་ཤུགས་ཀྱིས་འབྱུང༌།།

ལྷུག་པར་གློད་ན་ཆོས་ཉིད་ཤུགས་ཀྱིས་མཐོང༌།།

མཆོག་ཉིད་བསྒྲུབས་ན་ཐུན་མོང་ཤུགས་ཀྱིས་འགྲུབ།།

ཅེས་གསུངས་པ་སྟེ། རང་ཤུགས་ཀྱིས་འགྲུབ་པའི་ཆོས་དྲུག་བསྟན་པ་ནི། འཇིག་རྟེན་གྱི་བྱ་བ་བློས་བཏང་ཡོད་ན། དེའི་ཤུལ་དུ་དགེ་སྦྱོར་སྒྲུབ་པ་མ་གཏོགས་ལུས་མེད་པས་དགེ་སྦྱོར་རང་ཤུགས་ཀྱིས་འགྲུབ་པ་དང་། བསླབ་པ་གསུམ་གྱི་ཉམས་ལེན་རང་བློ་ཁེལ་བ་ཞིག་གཙང་ན། དམ་ཅན་སྲུང་མ་རང་ཤུགས་ཀྱིས་འདུ་བ་ཡིན། ཆོས་སྐྱོང་དམ་ཅན་སྲུང་མ་རྣམས་ནི་རྔ་དྲག་བརྡུང་བྱས་པས་འཁོར་བ་མིན་ལ། གྲངས་མང་པོ་གསོག་ཀྱང་འདུ་བ་མ་ཡིན། ཆོས་སྐྱོང་གཙོ་བོ་མི་འཁོར་བའི་སྟེང་དུ་འཁོར་འཇིག་རྟེན་པའི་དྲེགས་པ་རང་རྒྱུད་པ་དང་ཕྲད་ནས། སྒྲུབ་པ་པོའི་རྒྱུད་ཁྲོ་ལིང་ངེ་གདུག་རྩུབ་ཆེ་ཤར་རེར་འགྲོ་བ་ཡང་ཡིན་པས་བསླབ་གསུམ་གཙང་ཞིང་དམ་ཚིག་སྲོག་དང་བསྡོས་ནས་བླ་མའི་བཀའ་བཞིན་བསྒྲུབས་ཏེ། གཞན་དོན་ལྷུར་ལེན་བྱེད་པ་ཞིག་དགོས་པ་ཡིན། དེའི་དུས་སུ་དམ་ཅན་སྲུང་མ་ཐམས་ཅད་རང་འཁོར་དུ་ཡོང་བ་ཡིན། དེ་དུས་སོད་ཤོག་ཁྱེར་ཤོག་ཟེར་དགོས་པ་ཡང་མིན། དེ་ལས་གཞན་དུ་དེ་ལྟར་བོས་ན་དྲག་པོའི་སྐུལ་མ་རང་གིས་རང་ལ་བཏོན་པ་ལྟ་བུ་ཡང་འགྱུར་བ་ཡིན་པས་གཟབ་དགོས་སོ། །སྙིང་རྗེ་འབྱོངས་བའི་ཚད་ནི་སྡུག་བསྔལ་བའི་སེམས་ཅན་མཐོང་ཚེ་སྙིང་རྗེའི་ཤུགས་ཀྱིས་མིག་ནས་མཆི་མ་ཡོང་བ་ཞིག་དགོས་པ་ཡིན། དེའི་དུས་སུ་སྙིང་རྗེ་འབྱོངས་པ་རྟགས་ཡིན་གསུངས་ཡོད། འོན་ཀྱང་ང་ལ་དེ་འདྲ་མི་འདུག་པས་འགྲོ་དོན་མི་འབྱུང་ངོ་བསམ་མི་དགོས། ཆེ་ན་ཆེ་བའི་ཚོད་དང་། ཆུང་ན་ཆུང་བའི་ཚོད། དཔེར་ན་རང་གི་ཕ་མ་ཉེ་འབྲེལ་ལ་སྡུག་པོ་བྱུང་ན་སྙིང་རྗེ་སྐྱེ་ངེས། དེ་གཅན་གཟན་གཏུམ་པོ་དག་ལ་ཡང་ཡོད་པ་ཡིན། ནམ་ཞིག་དེ་ནར་སོན་ནས་ཉམ་ཐག་སུ་ཞིག་མཐོང་ཡང་ཐམས་ཅད་ལ་སྙིང་རྗེ་སྐྱེས་ན་འགྲོ་དོན་ཤུགས་ཀྱིས་འབྱུང༌བ་ཡིན། དེས་ན་རང་གིས་ཀྱང་སྙིང་རྗེ་སྒོམ། གཞན་ལ་ལ་ཡང་སྙིང་རྗེའི་ཕན་ཡོན་བཤད་ནས་སྙིང་རྗེ་སྒོམ་དུ་འཇུག་པ་དང་། སྙིང་རྗེ་རང་གིས་བསྒོམས་ནས་ཤན་པའི་ལག་ནས་སེམས་ཅན་གཅིག་གི་སྲོག་བླུ་བ་དང་། ནད་པ་བདག་མེད་ལ་སྨན་བཅོས་ཀྱི་རོགས་ཙམ་བྱས་ནའང་འགྲོ་དོན་དང་གཞན་ཕན་ཡིན། ཆུང་ས་ནས་སྦྱོང་སྟེ་ཆེ་སར་ཐོན་དགོས་པ་ལས་ཐོག་མ་ཉིད་ནས་ཕུན་སུམ་ཚོགས་པ་ཞིག་སུ་ལའང་ཡོད་པ་མིན། བསྙེན་སྒྲུབ་བསྐྱེད་རྗོགས་ཀྱི་གྲངས་ཐེངས་ན་འཕྲིན་ལས་རྣམ་བཞི་གང་དགོས་ཀྱང་རང་བཞིན་ཤུགས་ཀྱིས་འབྱུང༌བ་དང་། རྫོགས་ཆེན་སྒོམ་པའི་གནས་སྐབས་ན་རང་བབས་ཤུགས་འབྱུང་དུ་ལྷུག་པར་གློད་ན་ཆོས་ཉིད་རང་ཤུགས་ཀྱིས་མཐོང༌བ་དང་། མཆོག་གི་དངོས་གྲུབ་དེ་ཉིད་བསྒྲུབས་ནས་གྲུབ་ན་ཐུན་མོང་གི་དངོས་གྲུབ་རང་ཤུགས་ཀྱིས་འགྲུབ་པ་རྒྱལ་པོ་དབང་དུ་འདུ་ན་འཁོར་འབངས་རང་ཤུགས་ཀྱིས་འདུ་བ་ལྟ་བུའོ།།

༡༧༨ མང་བ་དྲུག་ཏུ་མ་སོང་ཆོས་དྲུག་བསྟན་པ།

མང་བ་དྲུག་ཏུ་མ་སོང་ཆོས་དྲུག་ནི།།

ཞེན་པ་མ་ལོག་འདི་བར་འཁྱོག་པ་མང༌།།

ཤེས་བྱ་མི་སྒྲུབ་ཐ་མལ་ཤི་བ་མང༌།།

གཉེན་པོ་མ་བསྟེན་བསླབ་གསུམ་རལ་བ་མང༌།།

ཐོས་བསམ་མ་བྱས་སྒོམ་པ་གོལ་བ་མང༌།།

རྒྱུ་འབྲས་ཁྱད་གསོད་ངན་སོང་ལྟུང་བ་མང༌།།

འདུ་འཛི་བདུད་ཀྱིས་སྒྲུབ་པ་བསླུས་པ་མང༌།།

མང་པོའི་གསེབ་དེར་བདག་ཉིད་མ་སོང་འཚལ།།

ཞེས་གསུངས་པ་སྟེ། མང་བ་དྲུག་ཏུ་མ་སོང་ཆོས་དྲུག་ནི། ཆོས་བརྒྱད་ལ་ཞེན་པ་གདིང་ནས་མ་ལོག་ན་ཚེ་འདི་བར་འཁྱོགས་ནས་དོན་མེད་ཚེ་འདིའི་དབང་ཤུགས་ལ་འགྲོ་བ་མང༌བ་དང་། ཤེས་བྱ་ཡོན་ཏན་མི་སྒྲུབ་ནས་ཐོས་པ་མ་བསྟེན་ན་ཅི་ཡང་མི་ཤེས་ནས་ཐ་མལ་དུ་ཁྱི་ཤི་བ་ལྟར་འགྲོ་བ་མང༌བ་དང་། གཉེན་པོ་མ་བསྟེན་ནས་དུག་རང་གར་ཤོར་ན་བསླབ་གསུམ་སྒྲུབ་པའི་མགོ་མ་ཐོན་ནས་རལ་བ་མང༌བ་དང་། ཐོས་པ་མ་རིག་མུན་སེལ་སྒྲོན་མེ་ཡིན། །ཞེས་སོགས་གསུངས་པས་ཐོས་བསམ་མ་བྱས་ན་གནད་མི་ཤེས་ཤིང་། གནད་མ་ཤེས་ཚེ་སྒོམ་པ་གོལ་ནས་ཕྱིན་ཅི་ལོག་ཏུ་སོང་བ་མང༌བ་དང་། རྒྱུ་འབྲས་ཁྱད་གསོད་བྱས་ནས་མ་བསྲུངས་ཚེ་ངན་སོང་དུ་ལྟུང་བ་མང༌བ་དང་། བདུད་ཀྱི་ལས་མང་རབ་ཡོད་པ་ལས་འདུ་འཛིའི་བདུད་ཀྱིས་སྒྲུབ་པ་བསླུས་པ་མང༌བ་སྟེ། དེ་ལྟར་མང་པོའི་གསེབ་དེར་བདག་ཉིད་མ་སོང་བར་འཚལ་ལོ།།

༡༧༩ ཡིན་པ་དྲུག་གིས་བདུད་ལས་རྒྱལ་བ་བསྟན་པ།

ཡིན་པ་དྲུག་གིས་བདུད་ལས་རྒྱལ་བ་ནི།།

སྐུལ་འདེབས་ཡེངས་མེད་ཡིན་ནོ་ལེ་ལོའི་བདུད་མ་བསྐུར།།

བློ་སྦྱོང་གཞན་གཅེས་ཡིན་ནོ་རང་འདོད་བདུད་མ་བསྐུར།།

གནས་ལུགས་ཐག་ཆོད་ཡིན་ནོ་ཐེ་ཚོམ་བདུད་མ་བསྐུར།།

ཉམས་ལེན་མཐའ་བྲལ་ཡིན་ནོ་ཕྱོགས་རིས་བདུད་མ་བསྐུར།།

སྒྲུབ་པ་གནད་སྣུན་ཡིན་ནོ་ཁ་འབྱམས་བདུད་མ་བསྐུར།།

དགོངས་པ་མཐའ་གྲོལ་ཡིན་ནོ་གྲུབ་མཐའི་བདུད་མ་བསྐུར།།

ཞེས་གསུངས་པ་སྟེ། ཡིན་པ་དྲུག་གིས་བདུད་ལས་རྣམ་པར་རྒྱལ་བའི་ཐབས་ནི། སྐུལ་འདེབས་ཀྱི་ནང་ནས་མཆོག་ནི་ཡེངས་མེད་ཡིན་ནོ་གཡེང་བ་ལེ་ལོའི་བདུད་ལ་མ་བསྐུར་བར་རང་རང་ལ་སྐུལ་འདེབས་གྱིས། བློ་སྦྱོང་གི་མཆོག་གཞན་གཅེས་ཡིན་ནོ་དེ་རང་འདོད་ཀྱི་བདུད་ལ་མ་བསྐུར། གནས་ལུགས་ཀྱི་མཆོག་རང་ངོ་ཤེས་ནས་ཐག་ཆོད་པ་ཡིན་ནོ་དེ་ཐེ་ཚོམ་གྱི་བདུད་ལ་མ་བསྐུར། ཉམས་ལེན་གྱི་གདིང་མཐའ་བྲལ་ཡིན་ནོ་དེ་ཕྱོགས་རིས་ཀྱི་བདུད་ལ་མ་བསྐུར། སྒྲུབ་པ་གནད་ལ་བསྣུན་དགོས་པ་ཡིན་ནོ་དེ་གནད་ལ་མ་ཁེལ་བའི་ཁ་བཤད་ཁ་འབྱམས་ཀྱི་བདུད་ལ་མ་བསྐུར། ཆོས་སྐུའི་དགོངས་པ་མཐའ་གྲོལ་ཡིན་ནོ་སྤྲོས་པ་ཅན་གྱི་གྲུབ་མཐའི་བདུད་ལ་མ་བསྐུར། །དེ་རིང་དགོངས་པ་མཐའ་གྲོལ་ཡིན་ནོ་གྲུབ་མཐའི་བདུད་མ་བསྐུར། ཞེས་པ་འདིར་འཇོག་རྒྱུ་བྱེད། འདིའི་མཚམས་འདིར་བསྟན་པ་བུ་གཅིག་གི་རྒྱུད་ཀྱི་ལུང་འདོན་དགོས་ས་ཡོད། སྔོན་ཆོད་ཤྲཱི་སེང་ནས་སྙིང་ཐིག་ཡ་བཞིའི་དབང་ལུང་གཉིས་ཀ་བླ་མ་རྟོགས་ལྡན་ཚང་གིས་འདོན་དགོས་གསུངས་ནས་བཏོན་པ་ཡིན། རྙིང་པ་དག་གིས་ཐོབ་ཡོད་ས་ཡོད། བསྟན་པ་བུ་གཅིག་གི་རྒྱུད་འདི་དངོས་གཞིའི་ཉམས་ལེན་པ་དག་གིས་ཆགས་མེད་དུ་ཞལ་འདོན་མཛོད། ད་རུང་ལུས་ལ་འཆང་རྒྱུ་ཡང་གནད་ཆེ་བ་དང་། དེ་བཞིན་དུ་བཏགས་གྲོལ་གྱི་དབང་ཐོབ་རྒྱུ་ཡང་གལ་ཆེའོ།།

Notes

[←1]

ལྷམ་ཀྲད་ལ་ཚུགས་འདོན་པའི་དོན།


previousཉིན་དྲུག་པའི་ཆོས་ཁྲིད། no next