Nitartha Digital Library
Tibetan
 
previousཉིན་དགུ་བའི་ཆོས་ཁྲིད། next

ཉིན་དགུ་བའི་ཆོས་ཁྲིད།

ཡང་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྣམ་མཁྱེན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེར་འགོད་པར་བྱ། དེའི་ཆེད་དུ་དམ་པའི་ཆོས་ཟབ་མོ་ཉན་ནས་དེའི་དོན་ཚུལ་བཞིན་དུ་བསྒྲུབ་པར་བགྱི་སྙམ་པའི་ཐུགས་བསྐྱེད་སྔོན་དུ་འགྲོ་བའི་ཀུན་སྤྱོད་དང་བཅས་ཏེ་གསན་པར་བྱ་དགོས། དེ་ལྟ་བུའི་སེམས་ཅན་ཐམས་ཅད་ལ་དམིགས་པའི་དམིགས་པ་ཆེན་པོ་དང་། སྒྲུབ་པ་ཆེན་པོ་དང་། ཡེ་ཤེས་ཆེན་པོ་དང་། བརྩོན་འགྲུས་རྩོམ་པ་ཆེན་པོ་ལ་སོགས་པའི་ཆེན་པོ་བདུན་དང་ལྡན་པ་ནི་ཐེག་ཆེན་གྱི་མཚན་ཉིད་ཡིན་པས། སེམས་ཅན་ཐམས་ཅད་ལ་བརྩེ་བའི་སྙིང་རྗེའི་བསམ་པས་ཀུན་ནས་བསླངས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྨོན་དང་འཇུག་པའི་བདག་ཉིད་ཅན་རྒྱུད་ལ་སྐྱེ་བར་བྱེད་པ་ལ། ཐོག་མར་བཅོས་མིན་གྱི་སྙིང་རྗེ་ཡོད་དགོས། སྙིང་རྗེ་དེ་ཡང་བསམ་པ་བཟང་པོ་ནས་སྦྱང་དགོས་ཞེས་གོང་ནས་བཤད་པས། ཐོག་མར་སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་པ་མེད་པ་དང་། སེམས་ཅན་ཐམས་ཅད་ཀྱང་རང་ཉིད་ཇི་ལྟ་བ་བཞིན་དུ་འཁོར་བའི་གནས་འདི་ནས་སྡུག་བསྔལ་རྒྱུ་འབྲས་ཏག་ཏག་ལ་ཁོར་མོ་ཡུག་ཏུ་སྤྱོད་ཅིང་། དེ་ཡང་འདོད་པ་བདེ་བ་འདོད་པའི་ཚུལ་ལ་ཐམས་ཅད་གཅིག་ཀྱང་བླུན་ཞིང་གཏི་མུག་པས་བདེ་བའི་རྒྱུ་དགེ་བ་སྒྲུབ་མི་ཤེས། ཆོས་དགེ་བ་ཞིག་བསྒྲུབ་དགོས་ཚེ་གཅིག་བས་གཅིག་གིས་དཀའ་བ་རྡོ་ཁུར་ནས་གྱེན་དུ་སོང་བ་ལྟ་བུའི་སྣང་བ་ཡོད་པ་རེད། དེ་ཡང་ཁག་མེད་པ་ཡིན་ཏེ། དཀར་བོ་དགེ་བའི་ལས་བསྒྲུབས་པའི་གོམས་པ་སྐྱེ་བ་ཡང་སྔོན་ཞིག་ནས་མེད་པའི་དབང་གིས། ད་གློ་བུར་དུ་དགེ་བ་སྒྲུབ་ལུགས་བསླབ་ཚེ་ལག་ལེན་དུ་མི་ཐེབས་པའི་དཀའ་ཚེགས་ཆེན་པོ་དེ་ལས་བརྒལ་མི་ཐུབ་པ་ཞིག་འབྱུང་བ་ཡིན། དེ་བཞིན་དུ་སྡུག་བསྔལ་མི་འདོད་པ་ཡང་རང་གཞན་སེམས་ཅན་ཐམས་ཅད་གཅིག་མཚུངས་ཡིན་ཡང་། སྡུག་བསྔལ་གྱི་རྒྱུ་མི་དགེ་སྡིག་པའི་ལས་སྤོང་མི་ཐུབ་པས་མ་ཚད། མི་དགེ་སྡིག་པའི་ལས་ཤིག་སྒྲུབ་ཚེ་ཆུ་ཐུར་དུ་རྒྱུག་པ་ལ་སྣེ་ཁྲིད་མི་དགོས་པར་ཐུར་གང་དུ་ཡོད་པ་དེར་རང་བཞིན་གྱིས་འབབ་པ་བཞིན་དུ། མི་དགེ་སྡིག་པའི་ལས་ལ་ཚེ་རབས་སྔོན་མ་རྣམས་སུ་གོམས་པའི་སྟོབས་ཀྱིས་ད་ལྟའི་སྐྱེ་བ་འདི་ལ་ཡང་དེ་སྒྲུབ་པ་ལ་དགའ་ཞིང་རང་ཤུགས་ཀྱིས་འཇུག་པ་ཡིན། འཇིག་རྟེན་གྱི་གང་ལེགས་པ་དང་བཟང་ཞིང་ཕུན་སུམ་ཚོགས་པའི་དངོས་པོ་ཡོད་ཚད་ཐམས་ཅད་ཀྱང་དཀའ་བ་སྤྱད་ནས་བསྐྲུན་འོང་བ་ཤ་སྟག་སྟེ། དཔེར་ན་མཁར་ཁང་བརྩེགས་མཐོ་ཞིང་མཛེས་པ་ཞིག་ཡོད་ན། དེ་ནི་དཀོན་པའི་རྒྱུ་དང་དཀའ་ངལ་བརྒྱ་ཕྲག་ལ་བརྟེན་ནས་བྱུང་བ་ཡིན་པ་དང་། ལོངས་སྤྱོད་འབྱོར་བ་ཕུན་སུམ་ཚོགས་པ་དག་ཀྱང་། གཅིག་ན་སྔར་བསགས་བསོད་ནམས་ཀྱི་འབྲས་བུ། གཉིས་སུ་ཚེ་འདི་ལ་ཡང་དཀའ་བ་སྣ་མང་གིས་བསྒྲུབས་ཡོང་བ་ཁོ་ན་ཡིན། ཡོན་ཏན་ཅན་གྱི་མཁས་པའི་ཤེས་ཡོན་ལ་བསམ་བློ་བཏང་ན་ཡང་མི་ཚེ་གང་བོར་འབད་པ་བྱས་པའི་འབྲས་བུ་ཡིན་ཏེ། སྦྱངས་པས་ཐོབ་བའི་ཡོན་ཏན་ཡིན་པའི་ཕྱིར། སྐྱེ་བས་ཐོབ་བའི་མཁྱེན་རབ་ཡོད་པ་ཞིག་ཡིན་ཡང་། དེ་ཡང་རྒྱུ་མེད་ཀྱི་འབྲས་བུ་མིན་པར་སྐྱེ་བ་སྔོན་མའི་སྦྱངས་འབྲས་ཡིན། དེ་བཞིན་དུ་ཐོབ་དང་གོ་ས་ལྟ་བུ་ཞིག་ལ་མཚོན་ན་ཡང་། འབད་པ་བརྒྱ་ཕྲག་ལ་བརྟེན་ནས་ཐོབ་པ་ཞིག་ཡིན། ད་འཇིག་རྟེན་གྱི་ཕུན་ཚོགས་ཆ་ངེ་ཆུང་ངེ་དེ་དག་ཐོབ་པར་དེ་འདྲའི་འབད་པ་ཞིག་དགོས་ན། དམ་པའི་ཆོས་ཚེ་རབས་གཏན་གྱི་འདུན་མ་རང་གཅིག་པུས་མི་ཚད་མཐའ་ཡས་སེམས་ཅན་ཐམས་ཅད་གཏན་བདེའི་སར་བཀོད་ནས། འཁོར་བའི་སྡུག་བསྔལ་ཉག་མ་གཅིག་ཀྱང་མྱོང་མི་དགོས་པའི་དོན་ཆེན་སྒྲུབ་པའི་ཆེད་དུ་དཀའ་བ་སྤྱད་དགོས་པ་ནི་སྨོས་ཅི་དགོས་ཞེས་བསམ་དགོས། དེ་ལྟ་བུའི་དཀའ་ལས་དེ་ལ་མི་སྐྲག་པ་མ་ཟད། བསྐལ་བའི་ཡུན་དང་འགྲོ་མང་གི་མཐའ་ལ་ཐུག་གི་བར་དུ་ལུས་སྲོག་ལ་ཡང་མི་བལྟ་བའི་འབད་པ་དང་དཀའ་བ་བརྒྱ་ཕྲག་སྤྱད་པར་བྱའོ་སྙམ་པའི་སེམས་བསྐྱེད་པ་ལ་བྱང་ཆུབ་སེམས་དཔའ་ཞེས་དཔའ་བོའི་མཚན་སྦྱར་བ་ཡིན། དེས་ན་རང་རེ་ཐེག་ཆེན་གྱི་ཆོས་སྒོ་རུ་ཞུགས། ཐེག་ཆེན་སོ་ཐར་གྱི་སྡོམ་པ་རིགས་བདུན་ལས་གང་རུང་ཞིག་ཞུས་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དུས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ནས་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་ལ་དགོངས་སུ་གསོལ་ནས་དཔང་པོར་བཞག་སྟེ། ཉི་མ་དེ་རིང་ནས་བཟུང་མཆོག་གསུམ་ལ་སྐྱབས་སུ་འཛིན་པས་མ་ཚད། སྔོན་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱིས་བྱང་ཆུབ་མཆོག་ཏུ་ཐུགས་ཇི་ལྟར་བསྐྱེད་པ་ལྟར་དུ་བདག་གིས་ཀྱང་དེ་བཞིན་དུ་སེམས་བསྐྱེད་པ་ཡིན། བྱང་ཆུབ་སེམས་དཔའི་བསླབ་པ་དག་ལའང་དེ་བཞིན་དུ་བསླབ་པ་ཡིན་ཞེས་ཁས་བླངས་དམ་བཅས་པས་མ་ཚད། ང་ནི་དུས་དེ་རིང་ནས་བཟུང་སངས་རྒྱས་ཀྱི་སྲས་བྱང་ཆུབ་སེམས་དཔའ་རུ་གྱུར་སོང་བས། རིགས་དང་མཐུན་པའི་ལས་གཞན་སེམས་ཅན་གྱི་དོན་སྒྲུབ་པ་ལས་རིགས་དེ་རྫོབ་པར་མི་བྱེད་པས། ལྷ་དང་ལྷ་མིན་མི་ལ་སོགས་པ་ཐམས་ཅད་དགའ་བར་གྱིས་ཤིག་ཅེས་གཏམ་ཆེན་པོ་བཤད་ཟིན་པ་ཡིན་པས་ཁ་བཤད་དོན་ལ་གནས་དགོས། དེས་མ་ཚད་ད་དུང་གསང་བ་སྔགས་ལ་ཞུགས་ནས། སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཀྱི་ཁྲིད་ཞུས་ཡོད་པས་སྔགས་ཀྱི་རང་སྲོག་དམ་ཚིག་ལ་ཐུག་པས་དམ་ཚིག་རྣམ་པར་དག་པར་བྱེད་པ་དང་། བྱིན་རླབས་རྒྱུད་ལ་ཨེ་འཕོ་མོས་གུས་ལ་རག་ལས་པས། ངོ་སྤྲད་པ་ཙམ་གྱིས་མི་ཆོག་པར་སྒྲུབ་ལ་བརྩོན་པར་བྱེད་དགོས་ཏེ། བསྐལ་བ་མང་པོའི་མཐའ་ཚེ་རབས་སྐྱེ་བའི་ཕྲེང་བ་རྗེས་མར་སྒུག་མི་དགོས་པར་ལོ་དང་ཟླ་བའི་ཁ་གྲངས་ཀྱིས་རྫོགས་པའི་བྱང་ཆུབ་འགྲུབ་པའི་ལམ་ཟབ་མོ། གདམས་པ་མྱུར་མོ་དང་ཕྲད་ནས་དཀའ་བ་སྤྱད་ས་ལོན་དུས་མི་སྤྱོད་ཟེར་བ་ནི་མི་སྲིད་པའི་དཔེ་དང་དོན་ཞིག་ལ་ཐུག་ཡོད་པ་ཡིན། གོང་ནས་ཞུས་པ་བཞིན་དུ་སྔོན་གྱི་སྐྱེ་བ་རྣམས་སུ་གོམས་པ་བཟང་པོའི་བག་ཆགས་མེད་པས་དགེ་བའི་ལས་སྒྲུབ་པ་ལ་འཚེར་སྣང་ཡོད་ཀྱང་། གོམས་ན་སླ་བར་མི་འགྱུར་བ་ནི་ཤེས་བྱར་མི་སྲིད་པ་ཡིན་པས་གོམས་ན་ཇེ་སླར་འགྲོ་བ་ཡིན། དམ་པའི་ཆོས་སྒྲུབ་པ་འདི་འཇིག་རྟེན་གྱི་བྱ་བ་ཁྱིམ་ཚང་ཞིག་གིས་ལས་དཀས་བསྡུར་རྒྱུ་མེད་པར་མ་ཟད། སྡེ་ཕྱོགས་ཤིག་དང་། མི་རིགས་ཤིག་གམ། རྒྱལ་ཁབ་ཅིག་མ་དགོས་འཛམ་བུ་གླིང་གི་ཁུར་ལེན་པའི་མིའི་འཇིག་རྟེན་གྱི་བྱ་བ་བས་དོན་ཆེ་བ་ནམ་མཁས་གར་ཁྱབ་ཀྱི་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི་དོན་ཆེན་སྒྲུབ་བཞིན་ཡོད་པས། དེའི་དོན་དུ་དཀའ་བ་སྤྱད་པ་ཙམ་གྱིས་མ་ཚད་སྲོག་ལུས་གྲངས་མེད་གཏོང་བར་བྱེད་དགོས་ཀྱང་འོས་ཤིང་རིགས་པ་མ་ཟད་བསོད་ནམས་ཀྱི་བགོ་སྐལ་ཡིན། གཞན་ཡང་འཇིག་རྟེན་འདིའི་ནང་གི་རང་གི་མི་ཚེ་གཅིག་པུ་ལ་བསམ་བློ་བཏང་ན། ནང་སེམས་ཀྱི་བདེ་སྐྱིད་ཀྱི་དཔལ་ཡོན་ཞིག་མེད་ཚེ། ཕྱིའི་དངོས་པོའི་ཚེ་གཡོག་ཅིག་ཕར་བྱེད་དགོས་སར་ཐུག་དུས་མ་འཇོན་པའི་ས་ཚོད་ལ་ཐུག་ཡོད་པ་ཡིན་ཏེ། ད་སྔ་ཉི་མ་ཡན་ཆོད་ལ་ས་འདིའི་ཐོག་ཏུ་རྐང་རྗེས་བཀོད་ཚད་པོ་ཐམས་ཅད། འཇིག་རྟེན་ཚེ་འདིའི་བྱ་གཞག་ཟིན་མེད་ནམ་མཁའི་འཇའ་དང་འདྲ་བ་དེ་དེད་དེད་པའི་མཐར་ཅི་ཡང་མ་ཐོབ་ནས་སྐལ་མེད་ལག་སྟོང་དུ་གྱུར་པས་མ་ཚད་སྡིག་དང་སྡུག་བསྔལ་གཉིས་ཀ་མི་ཐེག་རྒྱུ་རེ་སྐེར་ཁུར་ནས་མིག་མཆི་མ་ཙ་རེ་འགྲོ་དགོས་ཐུག་ཡོད་པ་ཡིན། ད་རང་ཡང་དེ་རྣམས་ཀྱི་རྗེས་འདེད་རྒྱུ་ལས་མ་མཐའ་དུས་བཟོད་དཀའ་བའི་གནས་ལ་ཐོན་ནས་ཡོད། དེ་བཟོད་ཐུབ་པར་མི་འདུག་བསམས་ཚེ་བྱ་རིག་པ་ཅན་གྱིས་ནམ་ཚོད་བཟུང་ནས། ད་མ་ལེགས་པར་འདུག་སྔོན་མ་དེ་དག་ལ་ཅི་ཡོང་རྗེས་མ་ལ་ཡང་འབྱུང་ཤག་ཤག་རེད། ཚེ་ཕྱེད་ཉི་མའི་ནམ་ཚོད་ལ་ཐོན་པས་མ་ཟད། ལུས་ཀྱི་འབྱུང་བཞི་རྒུད་ཅིང་འབྱུང་བ་འཁྲུགས། ནད་ཀྱིས་མནར་བ་སོགས་གང་ལ་བལྟས་ཀྱང་། འཆི་བདག་ཨ་ཁུ་ཆོས་རྒྱལ་གྱི་སྔ་ཆ་ཐེངས་འགའ་འབྱོར་ཟིན་པས། ནམ་ཞིག་ལ་ཟློག་ཐབས་མེད་པར་ཁ་འོ་དོད་འབོད་བཞིན་ཁྲིད་དུས་ཁྲིད་རྐྱང་ཡིན། དེའི་སྐབས་སུ་རྒྱུ་ནོར་རྫས་དང་ཁྱིམ་བཟའ་ཚང་མ་དགོས། ལུས་འབྱུང་བཞི་ང་དང་ངའི་ཡིན་བསམ་པ་འདི་ཡང་དོར་ནས་གྲོགས་མེད་ཁེར་རྐྱང་དུ་འགྲོ་དགོས་པ་ཡིན། དེ་ལྟར་ཡིན་པ་ཤེས་ནས་ད་དུང་སྔར་བཞིན་དུ་ཕྱིའི་དངོས་པོ་ཞིག་གི་དོན་དུ་དབང་མེད་དུ་རྒྱུག་པ་ནི་སེམས་མེད་བེམ་པོའི་འཕྲུལ་འཁོར་ཞིག་དང་ཁྱད་ག་ལ་ཡོད། སྤྱིར་བཤད་ན་མི་ལ་མིའི་རིན་ཐང་མེད་ན་རྒྱུ་ནོར་ཡོད་ཀྱང་བ་གླང་གསེར་རྒྱན་ཅན་དང་འདྲ་བར་སྙིང་པོས་དབེན་པ་ཡིན། དེས་ན་ཆོས་ཕྱོགས་ལ་བརྩོན་པ་བསྐྱེད་ནས་མི་ལུས་དོན་དང་ལྡན་པར་བྱེད་པ་ནི་བྱ་བ་བརྒྱ་སྟོང་མང་པོ་དག་ལས་ཆེས་གལ་འགང་ཆེ་བར་བརྩི་དགོས། དེ་ཡང་དཔེར་ན་རྒྱ་མཚོའི་ནང་གི་ནོར་བུ་ལེན་དགོས་ན་ཁྱིམ་གཞིས་བློས་གཏོང་ཕོད་པ་ཞིག་ལས་རང་གར་ལས་སླ་མོ་ཞིག་གིས་ཐོབ་པ་མིན་པར་བཞིན་དུ་ཚེ་འདིའི་བྱ་བ་ཐམས་ཅད་བློས་གཏོང་མ་ནུས་ཚེ་ཆོས་རྣམ་དག་ཅིག་འགྲུབ་ཏུ་མེད་པ་ཡིན། དེས་ན་རང་གཞན་གཉིས་དོན་འགྲུབ་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། མདོ་སྔགས་ཀྱི་རྫོགས་སྨིན་སྦྱོང་བའི་ལམ་ལ་འཇུག་པ་འདི་ཉིད་ལམ་མ་ནོར་བ་ཞིག་རེད་བསམ་པ་དང་། ད་རེས་དེ་ཉིད་བསོད་ནམས་ཀྱི་བགོ་སྐལ་དུ་ཐོབ་པ་ནི་ཡིད་བཞིན་གྱི་ནོར་བུ་བསམ་དགུ་ཐམས་ཅད་འགྲུབ་བྱེད་ཅིག་རྙེད་པ་ལས་ཀྱང་ལྷག་པ་ཡིན་པས་འདི་ཉིད་ཆུད་ཟོས་འཕྲོ་བརླག་ཤོར་མི་རུང་བསམ་དགོས། ད་དེ་ལྟ་བུའི་ཆོས་དེ་འགྲུབ་པར་བྱེད་པ་ལ་དང་པོ་བསམ་པ་བཟང་པོ་ནས་མགོ་འཛུགས་དགོས་ཏེ། སངས་རྒྱས་ཀྱི་གསུང་ཐམས་ཅད་ཚིག་གཉིས་ཀྱི་ནང་དུ་བསྡུས་ན་འདུས་པ་ཡིན། དེ་ཡང་གང་ཞེ་ན་གཞན་ལ་ངེས་པར་དུ་ཕན་འདོགས་དགོས་ཞེས་པ་དང་། གལ་ཏེ་ཕན་ཆེན་པོ་འདོགས་མ་ཐུབ་ཀྱང་གཞན་ལ་འཚེ་བ་མ་བྱེད་ཅེས་པ་དེ་གཉིས་ཀྱི་ཁོངས་སུ་འདུས་པ་ཡིན། དེ་ཡང་ཚིག་སྔ་མ་གཞན་ལ་ངེས་པར་ཕན་གདགས་དགོས་གསུངས་པ་དེའི་ནང་དུ་ཐེག་ཆེན་གྱི་ཆོས་དང་། ཕྱི་མ་ཕན་མ་ཐོགས་ན་གནོད་མ་སྐྱེལ་གསུངས་པ་དེའི་ནང་དུ་ཐེག་དམན་གྱི་ཆོས་སྐོར་ཡོངས་སུ་རྫོགས་པ་འདུས་ཡོད་པ་ཡིན། དེས་ན་རང་ཅག་ཐེག་ཆེན་གྱི་ཆོས་སྒོར་ཞུགས་ནས། སེམས་ཅན་གཞན་གྱི་དོན་སྒྲུབ་པར་ཁས་བླངས་པ་ཞིག་གིས་ཐོག་མར་བསམ་པ་བཟང་པོའི་རྨང་གཞི་དེའི་སྟེང་ནས་ཚད་མེད་རྣམ་བཞིའི་བློ་སྦྱོང་བསླབ་དགོས། གལ་ཏེ་དེ་ཡག་པ་ཞིག་མ་སྦྱངས་དུས་མཐའ་ཡས་སེམས་ཅན། ངན་སོང་གི་སྡུག་བསྔལ། ཡུན་རིང་མི་འགོར་འཆི་བ་སོགས་གང་ལྟར་བཤད་ཀྱང་། ཤིང་མདའ་སྒྲོ་མེད་ནགས་སུ་འཕངས་པ་འདྲ་བར། དུ་འཕངས་ཀྱང་གར་སོང་འདིར་བརྒྱབ་མེད་པར་འགྱུར་བ་ཡིན། དེ་ལ་ཚད་མེད་བཞི་ནི་བྱམས་དང་སྙིང་རྗེ་དགའ་བ་བཏང་སྙོམས་བཞི་ལ་ཟེར་ཞིང་། དེ་བཞི་ཚད་མེད་པ་མཐའ་མེད་པ་ཞིག་མ་ཡིན་པར་སྤྱིར་བཏང་བ་ཞིག་ཡིན་ན་དེ་ལ་ཚད་མེད་བཞིའི་མིང་མི་འཇུག་པར་ཚངས་པའི་གནས་པ་བཞི་ཞེས་གྲགས་པ་ཡིན། དེ་ནི་ཚངས་རིས་ལྷ་ཡུལ་དུ་སྐྱེ་བྱེད་ཙམ་ཡིན། དེ་བཞི་བོ་ཚད་མེད་པ་ཞིག་རྒྱུད་ལ་སྐྱེས་ན་བྱང་ཆུབ་སེམས་ཀྱི་རྒྱུའི་ངོ་བོ་རུ་གྱུར་པའི་ཚད་མེད་རྣམ་པ་བཞི་ཐར་བ་མྱ་ངན་ལས་འདས་པའི་གོ་འཕང་འགྲུབ་བྱེད་དུ་འགྲོ་བ་ཡིན། དེ་ཡང་བརྩེ་བས་སེམས་ཅན་ལ་ཕན་པར་འདོད་པ་བྱམས་པ་དང་། སྡུག་བསྔལ་དང་འབྲལ་བར་འདོད་པ་སྙིང་རྗེ། དེ་གཉིས་དང་མི་འབྲལ་བར་འདོད་པ་དགའ་བ་དང་། དགྲ་གཉེན་ཆགས་སྡང་ལ་སོགས་པ་ཐམས་ཅད་སྙོམས་པར་འདོད་པ་ལ་བཏང་སྙོམས་ཞེས་ཟེར་བ་ཡིན། ཚད་མེད་བཞི་བོ་དེ་ཉམས་སུ་ལེན་དུས། བཞི་བོ་དེ་བྱམས་པ་དང་སྙིང་རྗེ་གཉིས་ཀྱི་ནང་དུ་བསྡུས་ནས་ཉམས་སུ་བླངས་ནའང་ཆོག་པ་ཡིན། དེ་གཉིས་ཀྱི་ནང་དུ་མ་འདུས་པའི་ལྷག་པོ་ཞིག་མེད་པ་ཡིན། ཚད་མེད་བཞི་བོ་ནི་འགྲོ་བ་སེམས་ཅན་ཡོངས་ལ་ཕན་པ་དང་བདེ་བ་སྒྲུབ་པའི་སྙིང་པོ་ཅན་ཞིག་ཡིན་པས་ཚད་མེད་སྔ་མ་གསུམ་བདེ་བའི་དགོངས་པ་དང་། ཕྱི་མ་དེ་ཕན་པའི་དགོངས་པ་སྟེ། མདོར་ན་ཕན་དང་བདེ་བའི་དགོངས་པ་ལས་མ་འདས་པ་ཞིག་ཡིན་པ་རེད། དང་པོར་ཚད་མེད་བཞི་སྒོམ་པ་ནས་མགོ་བཙུགས་ན་བྱང་ཆུབ་སེམས་གོམས་སླ་བས། བགྲང་བའི་སྐབས་སུ་བྱམས་པ་ནས་མགོ་བཙུགས་ཀྱང་དངོས་སུ་སྒོམ་པའི་སྐབས་སུ་བཏང་སྙོམས་ནས་མགོ་འཛུགས་རྒྱུ་ལ་སོགས་པ་སྙིང་ཐིག་གི་སྔོན་འགྲོའི་ཁྲིད་ཡིག་ཆེན་མོའི་སྐབས་ལྟར་དུ་ཡིན་ལ། འདི་ལྟ་བུ་མ་སེམས་ཅན་གྱི་དོན་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སྐོར་ནས་གླེང་ཡོང་དུས་ཚེ་རབས་སྔོན་མ་ནས་དེའི་བག་ཆགས་ཡོད་པའི་བྱང་ཆུབ་སེམས་དཔའི་རིགས་ཅན་ཞིག་ཡིན་ན། དུ་བ་ཡོད་པའི་རྟགས་ཀྱིས་ལ་ཕར་རྒྱབ་ཏུ་མེ་ཡོད་པར་ཤེས་པ་བཞིན་དུ། རྟགས་བཞི་དང་ལྡན་པའི་གང་ཟག་དེ་ཐེག་པ་ཆེན་པོའི་རིགས་ཅན་ཞིག་ཡིན་པར་ཤེས་པ་ཡིན། རྟགས་བཞི་བོ་དེ་གང་དང་གང་ཡིན་ཞེ་ན། མདོ་སྡེ་རྒྱན་ལས། སྦྱོར་བའི་སྔོན་དུ་སྙིང་རྗེ་དང༌། །མོས་པ་དང་ནི་བཟོད་པ་དང༌། །དགེ་བ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ཤེས་པར་བྱ། །ཞེས་གསུངས་པ་ལྟར་དུ་ཐེག་ཆེན་དུ་ཞུགས་ནས་སྦྱོར་བ་སེམས་མ་བསྐྱེད་པའི་སྔོན་ནས་ཀྱང་། སེམས་ཅན་སྡུག་བསྔལ་ཅན་མཐོང་དུས་སྙིང་རྗེ་རང་ཤུགས་ཀྱིས་སྐྱེ་བ་དང་གཅིག ཐེག་ཆེན་གྱི་ཟབ་དང་རྒྱ་ཆེའི་ཆོས་ཐོས་ནས་དོན་དེ་ཙམ་མ་ཤེས་ཀྱང་རང་བཞིན་གྱིས་དེར་མོས་པ་སྐྱེ་བ་དང་གཉིས། གཞན་དོན་དུ་དཀའ་བ་སྤྱད་པའི་ལོ་རྒྱུས་ཤིག་ཐོས་ན་དེར་མི་སྐྲག་པར་དེ་ལྟ་བུའི་ངོ་མཚར་ཆེ་བ་ལ་བསམས་ནས་སེམས་ཀྱིས་བཟོད་ནུས་པ་དང་གསུམ། ཕར་ཕྱིན་དྲུག་གི་དགེ་བ་རྣམས་སུ་དགའ་བཞིན་སྤྲོ་བཞིན་དུ་དེར་སྤྱོད་བསམ་པ་དང་བཞི་སྟེ། དེ་དག་ལས་ལྡོག་ན་ཐེག་ཆེན་གྱི་རིགས་མ་ཡིན་ཞིང་། སྤྱིར་རིགས་ཀྱི་དབྱེ་བའི་ཐོག་ནས་བཤད་ན། ངེས་པའི་རིགས་དང་། མ་ངེས་པའི་རིགས་གཉིས་སུ་འབྱེད་པ་དང་། ངེས་པའི་རིགས་ནི་ཉན་རང་བྱང་སེམས་ཀྱི་རིགས་གསུམ་པོ་དེར་ངེས་པ་སྟེ། དཔེར་ན་གསེར་རྡོ་བཞུས་ན་གསེར་དང་། དངུལ་རྡོ་བཞུས་ན་དངུལ་དང་། ཞ་རྡོ་བཞུས་ན་ཞ་ཉེར་འགྱུར་འགྲོ་བ་བཞིན་དུ། རང་རང་གི་ཁམས་གང་ཡིན་ན་དེར་གནས་པས། དགེ་བའི་བཤེས་གཉེན་གྱིས་ཆོས་གང་བསྟན་ཀྱང་རང་རང་གི་རིགས་ཀྱི་ཕྱོགས་སུ་མ་གཏོགས་གཞན་གང་དུ་ཡང་བསྒྱུར་མི་ནུས་པས་རྐྱེན་གྱིས་མི་འཕྲོག་པ་དང་། རིགས་མ་ངེས་པ་ཡིན་ན་རྐྱེན་གྱིས་འཕྲོག་པ། དཔེར་ན་རས་དཀར་པོར་ཚོས་གང་དང་གང་འགོས་ན་དེ་དང་དེའི་མདོག་ཏུ་འགྱུར་འགྲོ་བ་བཞིན་དུ་དགེ་བའི་བཤེས་གཉེན་གྱིས་ཆོས་གང་དང་གང་བསྟན་ན་དེ་དང་དེའི་ལམ་དུ་སོང་ནས་འབྲས་བུ་ཐོབ་པ། མདོར་བསྡུས་ན་རིགས་ཀྱི་དབྱེ་བ་དེ་ལྟར་བཞི་རུ་ངེས་པ་དང་། རིགས་གཏན་ནས་ཆད་པ་རང་ལུགས་ལ་མི་བཞེད་ན་ཡང་། གནས་སྐབས་ལས་ཀྱི་དབང་གིས་གང་ཟག་ལ་ལ་ལ་སྨན་བྱིན་པའང་དུག་དུ་འགྱུར་བའང་ཡོད་དེ། བླ་མས་ལས་རྒྱུ་འབྲས། དཀོན་མཆོག་གི་ཡོན་ཏན། ས་ལམ་གྱི་རྣམ་བཞག་སོགས་ཇི་ཙམ་ཞིག་བཤད་ཀྱང་བ་སྤུ་ཙམ་ཡང་མི་འགུལ་ཞིང་། མ་རབས་སྡིག་སྤྱོད་ཀྱི་ལོག་པའི་སྐད་ཆ་ཞིག་གོ་དུས་རྣམ་རིག་དྭངས་འགྲོ་བའི་རིགས་ཅན་དེ་འདྲའང་ཡོད་པ་རེད། དེ་ཡང་ལས་ཀྱི་རྣམ་པར་སྨིན་པ་སངས་རྒྱས་ཀྱིས་ཀྱང་སྐྱོབ་ཏུ་མེད་པར་གསུངས་ཤིང་། ཇི་ལྟར་དུ་སྐྱོབ་ཏུ་མེད་ཅེ་ན། དཔེར་ན། སྨན་པ་ཅི་ཙམ་བཟང་ཡང་ནད་པས་སྨན་འཐུང་ཁ་མ་ཉན་ན་ནད་ལ་ཕན་ཐོགས་མི་འབྱུང་བ་དང་། ནམ་མཁའི་ཉི་མ་འོད་ཟེར་ཇི་ལྟར་ཆེ་ཡང་ཁ་བྱང་བསྟན་གྱི་བྲག་ཕུག་ནང་དུ་མི་འཆར་བ་ལྟར་དུ། སངས་རྒྱས་ལ་སེམས་ཅན་སྐྱོབ་པའི་ཡོན་ཏན་ཀུན་དང་ལྡན་ཡང་གདུལ་བྱའི་གང་ཟག་དེ་དང་བཟང་པོའི་ལས་ཀྱི་འབྲེལ་བ་མེད་ན་ལས་ཀྱི་རྣམ་པར་སྨིན་པས་མནར་ནས་ཡར་འདྲེན་གྱི་ནུས་པས་དབེན་པ་ཡིན། དེ་འདྲ་བ་ནི་ཉུང་མཐའི་ནང་གི་ཉུང་མཐའ་ཁ་ཤས་རེད་མ་གཏོགས། སྤྱིར་བཤད་ན་བོད་ཆོས་ལྡན་གྱི་ས་ཆ། འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་རིགས་གསུམ་སེམས་དཔའི་སྤྲུལ་བ་རྒྱུན་མི་ཆད་ས། ཕོ་ཐམས་ཅད་འཕགས་པའི་དགེ་བསྙེན་དང་། མོ་ཐམས་ཅད་ཆོས་ཀྱི་ལྷ་མོ་ཡིན་པར་གསུངས་པས་ཐེག་ཆེན་གྱི་རིགས་ཅན་མིན་པ་མེད་དགོས་པ་ཡིན། འོན་ཀྱང་ད་ལྟ་ནི་སྙིགས་མ་ལྔ་བདོ་བའི་དུས་ཡིན་ཞིང་། ཁྱད་པར་དུ་ཁྱིམ་པའི་དགེ་ཕྱོགས་རྒུད་པ་ཉོན་མོངས་པའི་སྙིགས་མ་དང་། རབ་བྱུང་གི་དགེ་ཕྱོགས་རྒུད་པ་ལྟ་བའི་སྙིགས་མ་ཡིན་གསུངས་པ་ལྟར་དང་། སྤྱིར་སོ་སོ་སྐྱེ་བོ་རྣམས་ཀྱིས་ཆོས་སྒྲུབ་པའི་མི་མཐུན་ཕྱོགས་ཆེན་པོ་ཞིག་ཡོད་པ་དེ་གང་ཡིན་ཟེར་ན། ཡུན་རིང་མི་འགོར་བར་ཚེའི་མཐར་གཏུགས་ནས་ཕུང་པོ་དུར་ཁྲོད་ནང་དུ་འཕེན་རྒྱུ་ཡིན་པ་དེ་གཞན་ལ་ཡོང་ནའང་རང་ལ་མགྱོགས་པོར་མི་ཡོང་སྙམ་པའི་རྟག་འཛིན་དེ་ལས་གནོད་ཆེ་བ་ཞིག་མེད་པ་ཡིན། དེས་ན་རང་གི་འཁྲུལ་བ་རང་གིས་རྟོག་ནས། མི་རྟག་འཆི་བ་དེ་རིང་ཡོང་དང་སང་ཉིན་ཡོང་མི་ཤེས་པའི་དྲན་སྐུལ་རང་གིས་རང་ལ་བྱེད་པའི་བརྩོན་འགྲུས་ཀྱི་ལྕག་གིས་ཐབས་ཤེས་ཀྱི་རྟ་མཆོག་བསྐུལ་ན། ད་སྔོན་དམ་ཆོས་རང་གིས་བསྐྱུར་ནས་མ་འགྲུབ་པ་རེད་མ་གཏོགས་བསྒྲུབས་ན་མི་འགྲུབ་པ་ཞིག་ཤེས་བྱའི་ལུགས་སུ་ཡོད་པ་མ་རེད་ཅེས་བསམ་དགོས། དེ་ལྟ་བུ་གང་བྱུང་ཅི་བབས་ཀྱི་དྲན་སྐུལ་ཞུས་པ་དང་ཆབ་ཅིག་ཏུ། སྐབས་སུ་བབས་པ་གང་ཞིག་འཆད་ཉན་བྱ་བའི་ཆོས་ཀྱི་རིམ་པ་རྫོགས་པ་ཆེན་པོ་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་སྙིང་བཅུད། ཡང་ཟབ་སྙིང་པོ་རྒྱུད་ཆེན་བཅུ་བདུན་གྱི་མན་ངག་གི་སྙིང་པོ། གསང་འཛིན་དགའ་རབ་དཔའ་བོའི་ཐུགས་ཀྱི་ཐིག་ལེ་མ་མཁའ་འགྲོའི་ཞལ་རླངས་ཐུལ་ལེ་བའི་དགོངས་པའི་ཡང་མཛོད་བཅུད་དུ་ཕྱུང་བ་སྙིང་ཐིག་གོང་མའིི་བཀའ་སྲོལ་རྒྱ་ཆེ་བ་པཎྜྀ་ཏའི་ལུགས་སུ་བཀྲལ་བ། ཟབ་དང་རྒྱ་ཆེའི་ཆོས་སྐུའི་སྟོན་པའི་བཀའ་མཛོད། ཀློང་ཆེན་མཛོད་བདུན་ཞེས་ཡོངས་སུ་གྲགས་པའི་ནང་ཚན་ལས། མན་ངག་རིན་པོ་ཆེའི་མཛོད་ཀྱི་གླེགས་བམ་རིན་པོ་ཆེ་འཆད་ཁྲིད་ཀྱི་སྐབས་ལས་ཁ་རྩང་ཡན་ཆད་མང་དག་ཅིག་སོང་ནས་དེ་རིང་གི་སྐབས་སུ་བབས་པ་ནི།

༢༥༥ ནོར་བ་དྲུག་གི་རང་བཞིན་བསྟན་པ།

ནོར་བ་དྲུག་གི་རང་བཞིན་བསྟན་པ་ནི།།

འདི་ཕྱིའི་སྐྱབས་གནས་བླ་མ་མི་མཆོད་པར།།

མགུ་བྱེད་ཉེ་འབྲེལ་སྐྱོང་བ་ཤིན་ཏུ་ནོར།།

དངོས་གྲུབ་རྩ་བ་བཟླས་བརྗོད་མི་བྱེད་པར།།

ཟད་མེད་ལོང་གཏམ་གཏོང་བ་ཤིན་ཏུ་ནོར།།

དད་སོགས་འཕགས་པའི་ནོར་བདུན་མི་གསོག་པར།།

སྡུག་བསྔལ་རྩ་བ་ནོར་སོག་ཤིན་ཏུ་ནོར།།

སེམས་ཉིད་དོན་གྱི་གནས་ལུགས་མི་སྒོམ་པར།།

རྣམ་གཡེང་འདུ་འཛིའི་བྱ་བ་སྒྲུབ་པ་ནོར།།

ཉེས་པའི་འབྱུང་གནས་ངར་འཛིན་མི་འདུལ་བར།།

ཁེ་གྲགས་ལོ་འདོད་མངོན་རློམ་བྱེད་པ་ནོར།།

མ་རིག་མུན་སེལ་ཐོས་བསམ་མི་བྱེད་པར།།

སྙམ་བྱེད་མུན་པའི་བླུན་སྒོམ་བྱེད་པ་ནོར།།

ནོར་བ་སྤངས་ན་ཐར་ལམ་ཉེ་བར་འགྱུར།།

ཞེས་གསུངས་པ་སྟེ། ནོར་བ་དྲུག་གི་རང་བཞིན་བསྟན་པ་ལ། ཚེ་འདི་དང་ཕྱི་མའི་སྐྱབས་གནས་གཅིག་ཆོག་དང་། མཆོད་ཡུལ་ཐམས་ཅད་ལས་མཆོག་ཏུ་གྱུར་པ་རྩ་བའི་བླ་མ་ལ་མཆོད་དགོས་པ་ཡིན་ཡང་དེ་ལ་མཆོད་པ་མི་བྱེད་པར། མགུ་བྱེད་ཀྱི་གཉེན་དང་ཉེ་འབྲེལ་སྐྱོང་བ་དོན་གྱི་གཙོ་བོར་འཛིན་པ་ཤིན་ཏུ་ནས་ཀྱང་ནོར་བ་ཡིན་པ་དང་། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ཡིན་ཞིང་། ཡི་དམ་བསྒྲུབས་ནས་དངོས་གྲུབ་ཐོབ་པར་བྱེད་པའི་རྩ་བ་བཟླས་བརྗོད་མི་བྱེད་པར། ཟད་མེད་འཁྲུལ་བའི་ལོང་གཏམ་དོན་མེད་ཏག་ཏག་བཏང་ནས་ཉིན་མཚན་འདའ་བར་བྱེད་པ་དེ་ཤིན་ཏུ་ནོར་བ་དང་། དད་པ་དང་ཚུལ་ཁྲིམས་དང་གཏོང་ལ་གོམས་པ་ལ་སོགས་པ་འཕགས་པའི་ནོར་བདུན་པོ་མི་གསོག་པར། སྡུག་བསྔལ་གྱི་རྩ་བ་རྒྱུ་ནོར་ཞིག་ཨེ་སོག་བལྟས་ནས། དེ་ཏག་ཏག་ལ་འབད་པ་བྱེད་པའང་ཤིན་ཏུ་ནས་ཀྱང་ནོར་བ་སྟེ། དཔལ་སྤྲུལ་རིན་པོ་ཆེས། སེར་སྣས་བཅིངས་པའི་ཟས་ནོར་ཕལ་ཆེར་ཞིག །ཤི་བའི་ཚེ་ན་དོན་མེད་མི་རྣམས་ཀྱིེས། །འཐབ་རྩོད་གཡོ་སྒྱུ་སྣ་ཚོགས་ཐབས་མང་པོས། །རང་གར་ཁྱེར་ན་སྡིག་དང་རྣམ་སྨིན་དག །ཁོ་ལ་བཞག་ནས་སོང་བ་གཟིགས་ལགས་སམ། །ཞེས་པ་ལྟར་ཡིན་པའི་ཕྱིར། སེམས་ཀྱི་ཆོས་ཉིད་མ་བཅོས་དོན་གྱི་གནས་ལུགས་བྱར་མེད་རྫོགས་ཆེན་གྱི་དོན་དེ་ཉིད་མི་སྒོམ་པར། དོན་མེད་རྣམ་གཡེང་འདུ་འཛིའི་དབང་དུ་ཤོར་བའི་འཁྲུལ་བའི་བྱ་བ་མནོག་ཆུང་ཚེ་འདིའི་དོན་ལ་བརྩོན་པ་ནི་ནོར་བ་དང་། ཉེས་པ་དང་རྒུད་པའི་རྩ་བའམ་འབྱུང་གནས་ངར་འཛིན་གྱི་འགོང་པོ་འདི་ཉིད་ནང་ནས་མི་འདུལ་བར། ཁེ་གྲགས་ལོ་འདོད་དམ་གྲགས་འདོད་མངོན་རློམ་ང་རྒྱལ་བྱེད་པ་ནོར་བ་དང་། སྐྱེས་རབས་ལས། ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །རྐུན་པོ་ལ་སོགས་མི་འཁྱེར་ནོར་གྱི་མཆོག །ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན། །ཐབས་ཚུལ་མན་ངག་སྟོན་པའི་གྲོགས་ཀྱི་མཆོག །ཅེས་གསུངས་པ་ལྟར་དུ། མ་རིག་པའི་རྨོངས་པའི་མུན་པ་སྙིང་ཁུངས་ནས་སེལ་བར་བྱེད་ཅིང་ཐར་ལམ་གྱི་སྣང་བ་ཐོབ་པའི་ཐོས་པ་དང་བསམ་པ་མི་བྱེད་པར། ཡིན་པར་རློམ་པའི་མངོན་པའི་ང་རྒྱལ་སྙམ་བྱེད་མུན་པའི་བླུན་སྒོམ་བྱེད་པ་ཐོམ་ཡོ་རེ་བ་ཞིག་གི་ནང་དུ་འདུག་པ་ནི་ནོར་བ་ཡིན་པ་སྟེ། ནོར་བ་དེ་དག་སྤངས་ན་ཐར་ལམ་ལ་ཉེ་ཞིང་ལེགས་པའི་ལམ་དུ་ཕྱིན་པར་འགྱུར་རོ།།

༢༥༦ གདམས་ངག་དྲུག་གིས་གནད་དུ་བསྣུན་པ་བསྟན་པ།

གདམས་ངག་དྲུག་གིས་གནད་དུ་བསྣུན་པ་ནི།།

རྐ་མེད་ཡུར་བར་མི་འབབ་མཁས་པའི་བླ་མ་བསྟེན།།

འཁྲུལ་བར་འགྲོ་བའི་རྟེན་ཡིན་ལོག་དམན་བྱ་བ་དོར།།

གཞན་གྱི་ངན་སྤྱོད་འགོ་བས་མི་དང་འགྲོགས་མི་བྱ།།

བསམ་གཏན་གཡེང་བའི་ཚེར་མ་ཐ་སྙད་ཚིག་མ་རྩོད།།

བྲེལ་དོ་ཟིན་པའི་དུས་མེད་བྱ་བྱེད་འཕྲོ་ལ་བོར།།

དངོས་གྲུབ་རིང་བར་འགྱུར་བས་ཡི་དམ་གཞན་མ་སྤེལ།།

བཟའ་བཏུང་སྲེད་པ་འཕེལ་བས་གང་བྱུང་འཚོ་བ་བསྟེན།།

དེ་ལྟར་བྱས་ན་ཀུན་སྤྱོད་དགེ་བ་འཕེལ།།

ཞེས་གསུངས་པ་སྟེ། གདམས་ངག་དྲུག་གིས་གནད་དུ་བསྣུན་པའམ་གནད་ལ་བརྡེག་པའི་མན་ངག་ནི། ཆུའི་རྐ་མེད་ན་ཆུ་ཡུར་བ་ནས་ཞིང་ལ་མི་འབབ་པ་དང་མཚུངས་པས་བརྒྱུད་པའི་བྱིན་རླབས་དང་ལྡན་པའི་མཁས་པའི་བླ་མ་བསྟེན་དགོས། རང་ཉིད་འཁྲུལ་བར་འགྲོ་བའི་རྟེན་ནམ་རྐྱེན་ཡིན་པས་ལོག་པ་དང་དམན་པའི་བྱ་བ་ཐ་ཆད་རྣམས་དོར་དགོས། གཞན་གྱི་ངན་སྤྱོད་དེ་རིམས་ནད་ཅིག་དང་འདྲ་བར་གཅིག་གི་སྐྱོན་གཅིག་ལ་འགོ་བ་ཡིན་པས་སྤྱིར་མི་དང་སྒོས་ཁྱད་པར་དུ་ངན་སྤྱོད་སྣ་དགུ་ཚང་བའི་མི་དང་འགྲོགས་མི་བྱ། སྤང་བ་བསམ་གཏན་པ་ཞིག་ཡིན་ཚེ་བསམ་གཏན་གྱི་གཡེང་བའི་ཚེར་མ་ཡིན་པས་ཐ་སྙད་ཀྱི་ཚིག་གི་ཐོག་ནས་མ་རྩོད། བྲེལ་དོ་འཇིག་རྟེན་གྱི་བྱ་བཞག་ཟིན་ཡོང་དུས་དང་འགྲུབ་ཡོང་དུས་ཤིག་མེད་པས་། བྱས་ན་མི་ཟིན་བསྐྱུར་ན་ཟིན། །ཞེས་གསུངས་པས་བྱ་བ་བྱེད་འཕྲོ་དེ་ནས་བསྐྱུར་ནས་བོར་བ་ལས་ཚར་སྒུག་བྱས་ཏེ་ཚར་བའི་དཔེ་མེད་པས་བོར་ལ་ཐོངས། དངོས་གྲུབ་རིང་བར་འགྱུར་བས་ངས་ཡི་དམ་གྱི་ལྷ་འདི་དང་འདི་སྒྲུབ་བཞིན་ཡོད་ཅེས་གཞན་ལ་ངོམས་ནས་མ་སྤེལ། འོན་ཀྱང་དེང་སང་ཁྱབ་བསྒྲགས་ཀྱིས་ཆེ་ཡོད་ཆུང་ཡོད་ཐམས་ཅད་རྣམ་ཐར་གྱི་ནང་དུ་བཀོད་པར་བྱས་འདུག བཟའ་བཏུང་ནི་འདོད་པའི་ཡོན་ཏན་ཡིན་པས་སྤྱད་ཅིང་སྤྱད་ལ་སྲེད་པ་འཕེལ་ཡོང་བས། གང་བྱུང་གི་འཚོ་བ་ཞིག་བསྟེན་དགོས། ཀློང་ཆེན་པས། འདོད་པ་ཟད་ན་འཕགས་པ་དངོས་ཡིན་ལ། །འདོད་པ་ཆུང་ན་འཕགས་པའི་རིགས་ཞེས་བྱ། །འདོད་ལྡན་སྡུག་བསྔལ་ཉོན་མོངས་འཕེལ་བ་ལྟར། །འདོད་པ་ཆུང་རྣམས་ངང་གིས་དགེ་བ་འཕེལ། །ཞེས་གསུངས་པ་ལྟར་དུ་ཡིན་ནོ། །དེ་ལྟར་བྱས་ན་ཀུན་སྤྱོད་དགེ་བ་ཡི་ཕྱོགས་སུ་འཕེལ་བར་འགྱུར་རོ།།

༢༥༧ སློབ་དཔོན་ངན་པའི་སྐྱོན་དྲུག་འགོ་བ་བསྟན་པ།

སློབ་དཔོན་ངན་པའི་སྐྱོན་དྲུག་འགོ་བ་ནི།།

བཤེས་གཉེན་ངན་པ་བསྟེན་པའི་སློབ་མ་དག།

གྲུབ་མཐའ་ངན་པས་རྟག་ཆད་མཐར་འཛིན་འགོ།

སྤྱོད་པ་ངན་པས་མི་དགེ་ལོག་པར་འཁྲིད།།

གྲུབ་རྟགས་ངན་པས་ཁོང་ཁྲོ་གདུག་རྩུབ་འཕེལ།།

སྒོམ་པ་ངན་པས་འཁྲུལ་སྣང་བག་ཆགས་སྦྱོར།།

ཉམས་ལེན་ངན་པས་འཇིག་རྟེན་ཆོས་ལ་འཆེལ།།

འབྲས་བུ་ངན་པས་འཁོར་བ་ངན་སོང་ལྟུང༌།།

དེ་ཕྱིར་དད་ལྡན་ཐར་ལམ་གཉེར་རྣམས་ཀྱིས།།

བར་ཆད་བདུད་དུ་སློབ་དཔོན་ངན་པ་ཆེ།།

དེ་བས་བརྟགས་ཏེ་རབ་ཏུ་སྤང་བར་བྱ།།

ཞེས་གསུངས་པ་སྟེ། སློབ་དཔོན་ངན་པ་བསྟེན་པའི་སྐྱོན་དྲུག་རང་རྒྱུད་ལ་འགོ་བ་དེ་གང་ཡིན་ན། སྤྱིར་སློབ་དཔོན་ངན་པ་བསྟེན་མི་རུང་མ་གཏོགས་དེའི་སྐྱོན་ཆ་ཐམས་ཅད་འགོ་ཡོང་བ་ཡིན་ཏེ། བཤེས་གཉེན་ངན་པ་དེ་བསྟེན་པའི་སློབ་མ་དག་ལ་གྲུབ་མཐའ་ངན་པ་ཞིག་ལས་ཡོད་དོན་མེད་དེ་བཤེས་གཉེན་ངན་པ་ཡིན་པས་དེས་རང་གི་གྲུབ་མཐའ་ངན་པ་དེ་བསྟན་པ་ཡིན་པའི་ཕྱིར། དེས་ན་ཡོད་པ་རྟག་པའི་མཐའ་དང་མེད་པ་ཆད་མཐར་འཛིན་པའི་ལྟ་བ་ངན་པ་དེ་འགོས་ནས་ཐོག་མར་ལྟ་བ་ཕྱིན་ཅི་ལོག་པར་འགྱུར་བ་ཡིན། དེ་ནས་ལྟ་བ་དེ་དང་འདྲ་བའི་སྤྱོད་པ་ངན་པ་རང་ཤུགས་ཀྱིས་འགོས་ནས་སློབ་མ་དེ་མི་དགེ་ཕྱིན་ཅི་ལོག་པའི་ལམ་དུ་འཁྲིད་པ་དང་། གྲུབ་མཐའ་ངན་པ་མི་སྟེགས་པའི་རིག་སྔགས་ལྟ་བུའི་མཐུ་ཡིས་གྲུབ་རྟགས་ངན་པ་རྒྱུད་བྱང་ཆུབ་སེམས་ཀྱི་མི་མཐུན་ཕྱོགས་ཁོང་ཁྲོ་གདུག་རྩུབ་རྣམས་ཡར་འཕེལ་བ་དང་། དེའི་ལྟ་སྤྱོད་གཉིས་དང་འབྲེལ་བའི་སྒོམ་པ་དེ་སྒོམ་པ་ཕྱིན་ཅི་ལོག་ལས་འགྲོ་ཐབས་མེད་པས་ལམ་གོལ་ལམ་ནོར་གྱི་སྒོམ་པ་ངན་པས་འཁྲུལ་སྣང་བག་ཆགས་ཐམས་ཅད་ལ་སྦྱོར་བ་དང་། ཉམས་ལེན་ངན་པས་རང་རྒྱུད་ལ་ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་མི་སྐྱེ་བར་འཇིག་རྟེན་གྱི་ཆོས་ལ་འཆེལ་ནས་ཆོས་བརྒྱད་དོན་གཉེར་ཅན་དུ་འགྲོ་བ་དང་། དེ་ལྟ་བུའི་ལྟ་སྒོམ་སྤྱོད་པ་ནོར་བའི་འབྲས་བུ་ངན་པས་འཁོར་བ་དང་ངན་སོང་དུ་ལྟུང༌བར་འགྱུར་བ་དེའི་ཕྱིར། དད་པ་དང་ལྡན་པའི་གང་ཟག་ཐར་ལམ་གཉེར་བ་རྣམས་ཀྱིས། བར་ཆད་བདུད་ཀྱི་ནང་ནས་སློབ་དཔོན་ངན་པ་འདི་བསྟེན་པ་ལས་ཐུ་བ་མེད་པས་བཤེས་གཉེན་བསྟེན་པའི་སྐབས་སུ་ལེགས་པར་བརྟག་དགོས། བརྟག་ལུགས་ཀྱང་མངོན་སུམ་གྱིས་བརྟག་པ་དང་། རྗེས་དཔག་གིས་བརྟག་པ་དང་། གཞན་ལ་སྐད་ཆ་འདྲི་བ་དང་། མོ་ལུང་པྲ་བ་ལ་སོགས་པ་ལ་བརྟེན་དགོས་ཐུག་ཀྱང་བརྟེན་ནས་བརྟག་པ་གལ་ཆེ་བ་རེད། བསྟེན་ཚར་དུས་སྤང་ལུགས་མེད་པས་དེའི་དུས་སུ་ཅི་མཛད་ལེགས་མཐོང་གིས་བསྟེན་དགོས། འོན་ཀྱང་ཧ་ཅང་ངན་པའི་བདུད་རིགས་བརྫུ་བག་ཅན་གྱི་དབང་དུ་འགྲོ་བ་ལ་ཕྱོགས་བཞིན་ཡོད་ན་མཐའ་གཅིག་ཏུ་དེའི་རྗེས་སུ་འགྲོ་མི་རུང་བ་ཡིན། དེང་གི་དུས་འདིར་བོད་ཆོས་ལྡན་གྱི་ཡུལ་དུ་སྐྱེས་ཀྱང་ཀླད་མེད་ཤེས་མེད་འགའ་རེ་མི་སྟེགས་པའི་ཆོས་ལ་ཞུགས་ནས་མི་རིགས་མཐུན་སྒྲིལ་དགོས་ཟེར་བ་འདུག་ཀྱང་། ལྟ་ལོག་འཁྱམས་པོ་རང་ཡུལ་ལ་གསར་དུ་མ་བཙུད་ན་ལེགས་པ་ཡིན། དེ་ནི་ཚོང་དོན་ལ་སོགས་པ་གནད་ཆུང་ལ་བལྟ་རྒྱུ་ཞིག་མིན་པར་དོན་དག་ཆེན་པོ་དང་ཐུག་ཡོད་པ་ཡིན་ནོ།།

༢༥༨ གྲོགས་ངན་སྤྱོད་པ་འགོ་བའི་ཆོས་དྲུག་བསྟན་པ།

གྲོགས་ངན་སྤྱོད་པ་འགོ་བའི་ཆོས་དྲུག་ནི།།

བསམ་མེད་བྱིས་དང་འགྲོགས་ན་དོན་ཆུང་སྤྱོད་པ་འགོ།

ན་ཕྲད་གཞོན་དང་འགྲོགས་ན་རྩེ་རྒོད་སྤྱོད་པ་འགོ།

ཁྱིམ་པ་རྣམས་དང་འགྲོགས་ན་སོ་ནམ་ཁེ་གྲགས་འགོ།

ཚོང་པ་དག་དང་འགྲོགས་ན་ཁེ་སྤོགས་གསོག་གྲུན་འགོ།

ཞེ་སྡང་ཅན་དང་འགྲོགས་ན་གདུག་རྩུབ་སྤྱོད་པ་འགོ།

གཉེན་བཤེས་སྐྱོང་དང་འགྲོགས་ན་ལྟོ་གོས་བཟའ་འཚོལ་འགོ།

དེ་བས་གྲོགས་ངན་སྤངས་ལ་གྲོགས་བཟང་ཆོས་ལྡན་བསྟེན།།

ཞེས་གསུངས་པ་སྟེ། གྲོགས་ངན་སྤྱོད་པ་ངན་པ་འགོ་བའི་ཆོས་དྲུག་སྤང་བར་བྱ་བ་ནི། བསམ་མེད་ཀྱི་བྱིས་པ་ཆུང་ཆུང་དང་འགྲོགས་ན་དོན་ཆུང་ལ་དོན་གཉེར་འདུ་འགོད་བྱེད་པའི་སྤྱོད་པ་འགོ་བ་སྟེ། ཆོས་ཕྱོགས་ནས་བསམ་བློ་བཏང་ན་དད་དང་ངེས་འབྱུང་ལ་སོགས་པ་རྒྱུད་ལ་མེད་པའི་སོ་སྐྱེ་ཐ་མལ་པ་ལ་བསམ་མེད་ཀྱི་བྱིས་པ་ཞེས་འགྲེལ་ན་ཆོག་ཀྱང་། གཙོ་བོ་འདི་ནས་ན་ཆུང་བྱིས་པ་ལ་གོ་དགོས། ན་ཕྲ་ལོ་གཞོན་དར་ལ་བབས་པ་དང་འགྲོགས་ན་རྩེ་རྒོད་ཀྱི་སྤྱོད་པ་འགོ་བ། དེ་ཡང་སྤྱིར་བཏང་ལོ་ཉུང་རྩེད་མོར་དགའ་བ་ཡིན་ཡང་མ་རབས་ཀྱི་སྤྱོད་པ་ཅན་དང་འགྲོགས་ན་འགྲོག་མཁན་ལོ་ཆུང་ཡིན་ཚེ་སྤྱོད་པ་ལྷག་ཏུ་འགོ་སླ་བ་རེད། ཡང་འགའ་རེ། གཞོན་ཡང་རྒན་པའི་ཉེ་བར་བྱེད་ལ་དགའ། །མཁས་པར་གྱུར་ཀྱང་ཤེས་པའི་ང་རྒྱལ་མེད། །ཅེས་པ་ལྟ་བུ་ཡང་ཡོད་པ་ཡིན། ཁྱིམ་པ་རྣམས་ཀྱིས་བཤད་རྒྱུ་དང་ལས་རྒྱུ་ནི་སོ་ནམ་ཁེ་གྲགས་ལས་མེད་པས་དེ་རྣམས་དང་འགྲོགས་ཡུན་རིང་ན་དེ་དག་འགོ་བ་དང་། ཚོང་པ་དག་དང་འགྲོགས་ན་ཁེ་སྤོགས་གསོག་གྲུན་འགོ་གསུངས་ན། ཚོང་པ་དག་གིས་ཚོང་བརྒྱབ་རབས་ཁེ་ཟོས་ཚུལ། གཅིག་ཟོས་རབས་གཉིས་བཅད་རབས་སོགས་བཤད་ཚེ་དེར་ཧེབ་ལངས་ནས་རང་གིས་ཀྱང་ཁེ་སྤོགས་གསོག་གྲུན་དགོས་འདུག་སྙམ་ནས་འགོ་བ་དང་། གྲོགས་ཞེ་སྡང་ཅན་དང་འགྲོགས་ན་དེའི་གདུག་རྩུབ་སྤྱོད་པ་འགོ་བ་དང་། གཉེན་བཤེས་སྐྱོང་རྒྱུ་ཏག་ཏག་གིས་དུས་འདའ་བ་རྣམས་དང་འགྲོགས་ན་ཚེ་གཅིག་ལ་ལྟོ་གོས་བཟའ་འཚོལ་གྱི་སྤྱོད་པ་འགོ་བ་སྟེ། སྤྱིར་འཇིག་རྟེན་གྱི་མི་ལུས་ཤིག་བླངས་ནས། ཟས་གོས་ཉེར་སྤྱད་མེད་ན་འདུག་ཐབས་མེད་པ་རེད། དེ་རིང་ཁ་རྩང་གི་དུས་སྐབས་སུ་སྤྱི་ཚོགས་སྤྱི་ཁྱབ་ཀྱིས་ཡར་རྒྱས་སུ་འགྲོ་བའི་སྐབས་ཡིན་པས། བླ་མ་གྲྭ་བ་ཡིན་རུང་དཀའ་སྤྱད་སྡུག་སྒུར་བྱེད་མཁན་དཀོན་པས་མ་ཚད་དེ་ལྟར་བྱེད་དགོས་དོན་ཡང་མེད། འོན་ཀྱང་དགོས་རྒྱུ་མང་དྲགས་ན་འདོད་པའི་ཁ་གང་རྒྱུ་མེད་པས། ནམ་ཞིག་མི་དགོས་རྒྱུ་ཤུལ་དུ་མེད་པ་ཞིག་ཏུ་འགྱུར་བ་ཡིན། དེ་དུས་བཟང་དཔེ་ཡར་ལ་མི་འགྲན་པ་ངན་དཔེ་ཐུར་དུ་བལྟས་ནས་འགྲན་བསྡུར་བྱེད་ས་ཆས་ཅ་ལག་དང་། ལ་རྒྱ་འཚོ་ས་རླངས་འཁོར་དང་ཤོག་སྒོར་སོགས་ལ་སོང་ནས་སེམས་ཁ་ལ་གང་དུས་དང་། ཧེབ་རྒན་ལ་སོད་དུས་ཤིག་མེད་པར་འགྱུར་བ་ཡིན། དེའི་སྐབས་སུ་བསམ་ངན་འདྲ་དང་མི་འདྲ་འཆར་ནས་ལུགས་དང་མི་མཐུན་ཅིང་ཁྲིམས་དང་འགལ་བས་མ་ཚད། ཆོས་དང་མི་མཐུན་པའི་བྱ་སྤྱོད་བརྩམས་ནས་ཚེ་འདི་ཕྱི་གཉིས་ཀ་ཕུང་བར་བྱེད་པ་ནི། འདོད་པ་ཆེ། ཆོག་མ་ཤེས། ཚོད་མ་ཟིན་པའི་ཁུངས་ནས་བྱུང་བ་རེད། གྲྭ་པ་སེར་མོ་བ་ཡང་མི་ཞིག་ཡིན་དུས་ཕ་མ་སྤུན་སྲིང་མེད་པ་ཞིག་དང་། དེར་ཤ་ཚ་གཅེས་ཞེན་མེད་པ་ཞིག་སུ་ཡོད། དེ་དག་གིས་ཀྱང་ད་བར་དུ་རྔུལ་ཆུ་ཤ་ཁྲག་གི་ཐིགས་པ་དང་བརྗེས་ནས་བསགས་པའི་ཟས་གོས་ཀྱིས་བསྐྱངས་པ་ཡིན་པས། དེ་ལ་དྲིན་ལན་དང་ཟོས་དོམ་ཞིག་སྤྲོད་དགོས་ངེས་ཅན་ཡིན། དེ་ཡང་སྔར་གྱི་དུས་དང་ད་ལྟའི་དུས་མི་འདྲ་བས་ཟོས་དོམ་ལྔ་ལོག་བཅུ་ལོག་སྤྲོད་དགོས། འོན་ཀྱང་དེ་རྣམས་ལ་ཁ་གསོ་རོགས་བྱེད་པ་ཙམ་ལས་དྲིན་ལན་ཆོས་ཀྱིས་འཇལ་ནས་དེ་དག་ལ་ཚེ་འདི་ཕྱི་གཉིས་ཀར་བདེ་སྐྱིད་འཐོབ་བྱེད་ཀྱི་ཆོས་ལམ་ལ་བཙུད་ནས་ལམ་ལ་སློབ་ཏུ་འཇུག་པ་གལ་ཆེ་བ་ལས། དཀོར་རྒྱུ་དཀོར་ཟས་དེ་དག་ལ་ལོངས་སུ་སྤྱོད་དུ་བཅུག་ན་ཕན་མ་དགོས་གནོད་ཀྱི་གཞི་མ་ཁྲོ་ཆུ་ཁོལ་མ་བླུད་པ་དང་འདྲ་བར་ཡང་འགྱུར་ཐང་བ་དང་། ཕ་མ་ཉེ་འབྲེལ་ཤེས་ཆེན་བསམ་བཟང་ཡིན་ཚེ་བུ་གྲྭ་པས་ཆོས་མགོ་ཐོན་ན་དགའ་བ་ལས། དང་པོ་སྐྱ་སེར་གཉིས་ཀའི་ལམ་དུ་ཞུགས་ནས་མཐར་སྐྱ་སེར་གཉིས་ཀའི་གོ་མི་ཆོད་མཁན་དུ་གྱུར་ཚེ་འགྱོད་པ་དང་སེམས་ནད་ཀྱི་གཞི་རུ་འགྱུར་བ་ཡིན། དེ་ཡང་གྲྭ་ཆུང་གསར་བུ་འགའ་རེ་ཞིག་ལ་ཆ་མཚོན་ན་དང་པོ་བསམ་མེད་ཀྱི་སྐབས་སུ་ཅི་ཡིན་འདི་ཡིན་མེད་ནས་གྲྭ་པའི་གྲལ་དུ་ཞུགས་པའི་རྗེས་སུ་ནར་སོན་ནས་བལྟས་དུས། སེམས་ཅན་རྣམས་ནི་ལས་དང་མོས་པ་སྣ་ཚོགས་པ་ཡིན་པ་དང་། ཐམས་ཅད་པོ་བསོད་ནམས་ཅན་ངུར་སྨིག་གི་རྒྱལ་མཚན་འཆང་མཁན་ཤ་སྟག་མིན་པའི་དབང་གིས། བསླབ་ལ་བརྩོན་མི་ནུས་མཁན་ཡང་ཡོད་པ་ཡིན། དེ་དག་ལ་སྒེར་རང་ངོས་ཀྱིས་འདང་རྒྱག་ཅིག་ཡོད་དགོས་པས་མ་ཚད་སྤྱིའི་བསྟན་པའི་ལ་རྒྱ་ལའང་བསམ་བློ་བཏང་ནས་འདི་ལྟ་བུའི་ཝ་མིན་སྦྲེ་མིན་ཞིག་གིས་ཅི་ཡང་མི་འོང་ངོ་བསམས་ནས་བསླབ་པ་ཡར་ཕུལ་བར་གྱིས་དང་། དེའི་ཉིན་ནས་སྐྱ་ལམ་སེར་ལམ་ཁ་ཁ། འབྲོང་བྲེ་མོའི་རྫ་ལམ་སོ་སོ་རུ་འགྲོ་བ་ཡིན། སོར་ཐར་གྱི་སྡོམ་པ་བསྲུང་མི་ནུས་ཀྱང་གསང་སྔགས་ཀྱི་དམ་ཚིག་ཉམས་པའི་དམ་ཉམས་དང་མི་འདྲ་བས། དེ་ནས་བཟུང་སྟེ་བླ་མ་དང་དགོན་པ་ལ་འབྲེལ་བ་བྱེད་མི་རུང་པ་ནི་མིན་པས། ཐུབ་ན་བསྟན་པའི་སྦྱིན་བདག་དང་། དགེ་བཅུའི་ཁྲིམས་བསྲུངས་ནས་ཟབ་དོན་ལ་ཉམས་ལེན་གྱིས། དེ་ནས་བཟུང་སྟེ་ལས་ཀྱི་མཐའ་ལོག་དགོས་པའི་དོན་མེད་དེ། ད་དུང་། ཙམ་པ་ཀ་ཡི་མེ་ཏོག་རྒས་གྱུར་ཀྱང་། །མེ་ཏོག་ཕལ་བ་བརྒྱ་ཡིས་དོ་ཟླར་མེད། །ཅེས་གསུངས་པ་ནང་བཞིན་རེད། རྒྱུ་མཚན་དེ་ལྟ་བས་ན་གྲོགས་ངན་པའི་རིགས་སྤངས་ལ་གྲོགས་བཟང་པོ་ཆོས་དང་ལྡན་པ་ཤ་སྟག་བསྟེན་པར་བྱའོ།།

༢༥༩ བྱུར་ངན་ཁྱིམ་ཐབ་བསྟེན་པའི་ཉེས་དྲུག་བསྟན་པ།

བྱུར་ངན་ཁྱིམ་ཐབ་བསྟེན་པའི་ཉེས་དྲུག་ནི།།

མི་རྟག་རྒྱུད་ལ་སྐྱེས་ཀྱང་སྒྲུབ་པ་ལེ་ལོས་འཁྱེར།།

དད་པ་ཤེས་རབ་འཛོམ་ཡང་བྱ་བའི་སྐབས་མི་རྙེད།།

ཚེ་འདི་དགོས་མེད་ཤེས་ཀྱང་འཇིག་རྟེན་བློས་མི་ཐོངས།།

ཟབ་མོའི་གདམས་པ་ཡོད་ཀྱང་ཉམས་ལེན་ཡིད་སྨོན་ལུས།།

ཐོས་བསམ་ཤེས་རྒྱ་ཆེ་ཡང་རང་གཞན་ཕན་མི་ཐོགས།།

གནས་ལུགས་ལྟ་བ་གོ་ཡང་ཐ་མལ་ངང་དུ་འཆི།།

དེ་འདྲའི་དབང་དུ་མ་སོང་ཤིན་ཏུ་གཟབ་པར་བྱ།།

ཞེས་གསུངས་པ་སྟེ། ཕུང་བར་བྱེད་པའི་བྱུར་ངན་ཁྱིམ་ཐབ་བསྟེན་བའི་ཉེས་པ་རྣམ་དྲུག་སྟེ་འདི་ནི་རབ་ཏུ་བྱུང་བ་རྣམས་ལ་གསུངས་པ་ཡིན། ཁྱིམ་ཐབ་བསྟེན་པའི་དབང་གིས་མི་རྟག་པའི་སེམས་རྒྱུད་ལ་སྐྱེས་ནས་ཡོད་ཀྱང་། ཁྱིམ་གྱི་བྱ་བས་བྲེལ་བའི་རྐྱེན་གྱིས་སྒྲུབ་པ་ཉམས་ལེན་ཐམས་ཅད་བྱ་བ་ངན་ཞེན་གྱི་ལེ་ལོས་འཁྱེར་བ་དང་། དད་པ་དང་ཤེས་རབ་གཉིས་ཀ་འཛོམས་པ་ཞིག་ཡིན་ཡང་བཟའ་ངན་མི་ལོ་འདུག་ཚེ་དམ་ཆོས་བསྒྲུབ་པར་བྱ་བའི་གོ་སྐབས་མི་རྙེད་པ་དང་། ཞེ་ནས་ཚེ་འདི་དགོས་མེད་ཡིན་པར་ཤེས་ཀྱང་འཇིག་རྟེན་གྱི་བཟའ་མི་ཁྱིམ་ཚང་དང་པང་བུ་རྒྱུད་བློས་མ་ཐོངས་ནས་དེ་རྣམས་སྐྱུར་བའི་ཐབས་མེད་ནས་ལུས་པ་དང་། ཟབ་མོའི་གདམས་པ་ཞིག་སྔར་ཐོས་ཡོད་ཀྱང་ཉམས་ལེན་དགོས་སོ་སྙམ་པའི་ཡིད་སྨོན་ཙམ་དུ་ལུས་པ་མ་གཏོགས་སྒྲུབ་པའི་དབང་དང་གོ་སྐབས་མེད་པ་དང་། ཐོས་བསམ་ཤེས་རྒྱ་ཆེ་ཡང་རང་གཞན་ལ་ཕན་མི་ཐོགས་པ་དང་། གནས་ལུགས་ཀྱི་ལྟ་བ་གོ་ཞིང་ཟབ་མོའི་དབང་ཐོབ་ཀྱང་སྒོམ་པའི་སྐལ་བ་མ་ལྡན་པས་ཐ་མལ་གྱི་ངང་དུ་འཆི་བ་སྟེ། དང་པོ་ཉིད་ནས་དེ་འདྲའི་དབང་དུ་མ་སོང་བ་ཤིན་ཏུ་གཟབ་པར་བྱ་བ་གལ་ཆེའོ།།

༢༦༠ བསླུ་བྲིད་བདུད་ཀྱི་ཆོས་དྲུག་བསྟན་པ།

བསླུ་བྲིད་བདུད་ཀྱི་ཆོས་དྲུག་བསྟན་པ་ནི།།

ནོར་སྲེད་ཅན་རྣམས་རྫས་ཀྱིས་བསླུས་པའི་བདུད།།

མཁྱེན་རྒྱ་ཅན་རྣམས་ཡོན་ཏན་བསླུས་པའི་བདུད།།

མཐོན་པོའི་རིགས་རྣམས་སྐྱེས་པས་བསླུས་པའི་བདུད།།

འདུ་བ་ཅན་རྣམས་བསོད་ནམས་བསླུས་པའི་བདུད།།

ལས་ངན་ཅན་རྣམས་རྐྱེན་ངན་བསླུས་པའི་བདུད།།

གྲགས་འདོད་ཅན་རྣམས་གཏམ་གྱིས་བསླུས་པའི་བདུད།།

ཤིན་ཏུ་མང་བས་དེ་དབང་མ་སོང་བྱ།།

ཞེས་གསུངས་པ་སྟེ། བསླུ་བྲིད་ཅེས་མགོ་གཡོགས་བྱེད་པའི་བདུད་ཀྱི་ཆོས་དྲུག་བསྟན་པ་ནི། གང་ཟག་ལ་ལ་ཞིག་རྒྱུ་ཏག་ཏག་བསམ་མཁན་ཏེ། ལར་མ་གཞི་འདོད་ཁམས་པ་ཡིན་དུས་འདོད་ཡོན་ལ་མི་ཞེན་པ་ནི་དཀོན་ཀྱང་། ཤིན་ཏུ་འཐས་པའི་ནོར་སྲེད་ཅན་ནོར་ལ་ལྷག་པར་ཞེན་པ་དག་ནོར་རྫས་ཀྱིས་བསླུས་པའི་བདུད་ཀྱིས་ཁྱེར་ནས་ཆོས་སྒྲུབ་པའི་སྐབས་མེད་པ་དང་། མཁྱེན་རྒྱ་ཅན་ཡོན་ཏན་གྱི་རིགས་ཅུང་ཟད་ཤེས་པ་རྣམས་ཡོན་ཏན་སྦྱོང་རྒྱུ་ཏག་ཏག་ལ་ཞེན་ནས་འདོར་མ་ཐུབ་པའི་བདུད་ཀྱིས་བསླུས་ནས་ཟིན་པ། གཅིག་ཤེས་དགོས་བསམ་པ་ཁོ་ནས་དུས་འདས་པས་ཉམས་ལེན་གྱིས་རྒྱུད་ལ་སྦྱར་དུ་མ་ཐུབ་པ་དང་། མཐོན་པོའི་རིགས་རྣམས་སྐྱེ་ས་མཐོན་པོ་རིགས་རུས་པ་ཅན་ཡིན་བསམས་པའི་དྲེགས་པས་བསླུས་པའི་བདུད་ཀྱི་དབང་དུ་སོང་བ་དང་། མི་ནོར་ཟས་གསུམ་གྱི་འདུ་བ་ཅན་རྣམས་སྔར་བསགས་ཀྱི་བསོད་ནམས་ལས་བྱུང་ཡང་དེར་གཡེངས་པའི་བདུད་ཀྱིས་བསླུས་པ་དང་། སྔར་བསགས་ཀྱི་ལས་ངན་ཅན་རྣམས་རྐྱེན་ངན་པ་མང་པོ་འདྲ་དང་མི་འདྲ་ཐོག་ཏུ་བབས་ནས་འདི་ཕྱིིའི་དོན་ཆེན་མ་འགྲུབ་པར་བསླུས་པའི་བདུད་དང་། གྲགས་འདོད་ཅན་སྙན་གྲགས་འབའ་ཞིག་དོན་གཉེར་བྱེད་པ་དེ་དག་བསྟོད་པའི་གཏམ་གྱིས་བསླུས་ནས་དེ་ལ་བདེན་པར་བཟུང་སྟེ་མཐོ་སྣང་ཆེ་སྣང་ཤར་བའི་བདུད་ཀྱིས་ཟིན་པ་སྟེ། སྙན་པའི་གཏམ་གྱིས་འཛམ་གླིང་གང་གྱུར་ཀྱང་། །རང་ཉིད་འཆི་ཚེ་ཕན་པ་གཅིག་ཀྱང་མེད། །ཅེས་གསུངས་པ་ལྟར་དུ་གྲགས་སྐམ་སྟོང་བ་དེས་ཕན་པ་ཅི་ཡང་མེད་ཀྱང་དེས་བསླུས་ནས་གཡེངས་པའི་བདུད་ཀྱིས་ཟིན་ཏེ་ཆོས་སྒྲུབ་པ་ལ་གོ་སྐབས་མི་སྟེར་བ་སྟེ། དེ་ལྟ་བུའི་བདུད་ཀྱི་རིགས་ཤིན་ཏུ་མང་བ་ཡིན་པས་དེ་དག་གི་དབང་དུ་མ་སོང་བར་བྱའོ།།

༢༦༡ བསླབ་ཉེས་དྲེད་པོར་སོང་བའི་སྐྱོན་དྲུག་བསྟན་པ།

བསླབ་ཉེས་དྲེད་པོར་སོང་བའི་སྐྱོན་དྲུག་ནི།།

ཐ་མལ་བསམ་བློ་བྱ་བྱེད་ལོང་གཏམ་མང༌།།

འཁྲུལ་བའི་ཉེས་སྤྱོད་གཅིག་ཕྱིར་གཅིག་མཐུད་འབྱུང༌།།

ལྟ་བར་བདག་འཛིན་ཆགས་སྡང་སྣ་ཚོགས་སྤྱོད།།

སྒོམ་པར་ངན་སེམས་ལོག་ལྟ་རྒྱུན་མི་འཆད།།

སྤྱོད་པར་མི་དགེ་ཆོས་མིན་སྣ་ཚོགས་སྤྱོད།།

ཆོས་ལ་བློ་འདྲེད་ཚེ་འདིའི་དབང་སོང་བ།།

དེ་དག་ཐར་བའི་ལམ་སྟོར་དྲེད་པོ་སྟེ།།

བསླབ་ཉེས་ངན་ལང་ཆེ་བས་རིང་དུ་སྤང༌།།

ཞེས་གསུངས་པ་སྟེ། བསླབ་ཉེས་ཞེས་པ་འདི་བསླབ་པའམ་སྦྱོང་བ་ཉེས་པའི་རྐྱེན་གྱིས་ཉམ་ཉེས་ནས་དྲེད་པོར་སོང་བའི་སྐྱོན་དྲུག་ནི། ཆོས་དང་མི་མཐུན་པའི་འཇིག་རྟེན་ཐ་མལ་གྱི་བསམ་བློ་དང་འཆལ་སྤྱོད་མང་བས་མ་ཚད་དེ་དང་འབྲེལ་བའི་དོན་མེད་ཀྱི་ལོང་གཏམ་མང༌བ་དང་། བསམ་པ་ཉེས་པའི་དབང་གིས་འཁྲུལ་བའི་ཉེས་སྤྱོད་མ་རུང་བ་གཅིག་ཕྱིར་གཅིག་མཐུད་འབྱུང༌བ་བྱ་ངན་རེ་རེའི་མཐར་སྤྱོད་ངན་རེ་རེ་འབྱུང་བ་དང་། ལྟ་བ་ལ་བདག་འཛིན་དང་བདག་རྟོག་ཡོད་པའི་དབང་གིས་ཆགས་སྡང་སྣ་ཚོགས་པ་ལ་སྤྱོད་པ་དང་། སྒོམ་པ་ལ་ཡང་ངན་སེམས་དང་ལོག་ལྟ་རྒྱུན་མི་ཆད་པར་འབྱུང་བ་དང་། སྤྱོད་པ་ལའང་མི་དགེ་བ་ཆོས་མིན་སྣ་ཚོགས་པ་སྔར་བཅོམ་ལྡན་འདས་ཀྱིས་བཅས་པའི་ཁ་ན་མ་ཐོ་བ་མིན་ཡང་། མིག་འཕྲུལ་ལྟ་བུར་འགྱུར་བའི་འཇིག་རྟེན་གྱི་རྒུད་པ་དང་འགྲོགས་པའི་ཉེས་སྤྱོད་བསམ་གྱིས་མི་ཁྱབ་པ་དག་སྤྱོད་པ་དང་། ཆོས་གོ་མྱོང་དང་ཐོས་མྱོང་ཡོད་ནས་ཁས་བཤད་ཤེས་ཀྱང་དོན་ལག་ལེན་དུ་འདེབས་མི་ཐུབ་པས་མ་ཚད། དེ་སྔོན་གོ་མྱོང་བའི་དབང་གིས་ད་གསར་དུ་ཐོས་ཀྱང་། བརྒྱ་རྫས་ཤྭ་རྭ་ཀོག་ཐོ་ལ། །ཆར་ཟ་ཟིལ་བབས་པས་བང་རྒྱུ་དང་། །སྟོང་རྫས་མཛོ་རྭ་སྨུག་པོ་ལ། །མེ་དམར་མོ་འབར་བས་ཚིག་རྒྱུ་མེད་མཁན། ཀུན་ལ་ཁྱད་གསོད་ཉེ་བར་མ་ཞི་བ། །དོན་ལ་རྨོངས་པའི་མཁས་པ་ཡ་མཚན་ཅན། །ཞེས་གསུངས་པ་ལྟར་དུ་དོན་ལ་རྨོངས་ཤིང་ཚིག་ཙམ་བཤད་ཤེས་པ། ཚིག་ལས་འདྲེད་ནས་དོན་ལས་འཆོལ་བ། ཆོས་ལས་བློ་ཉམས་ནས་དར་ཤུད་བྱས་པ་བཞིན་དུ་འདྲེད་སོང་བའི་མར་སྐོགས་གྱོང་པོ་སྣུམ་གྱིས་མི་ཐུལ་བ་དང་འདྲ་བའི་དྲེད་པོའི་མཚན་གཞི་ང་ཡིན་ཟེར་མཁན་ལྟ་བུ་རང་རོགས་གཉིས་ཀའི་ནང་དུ་ཡོད་པ་དེ་དག་ནི་ཐར་བའི་ལམ་སྟོར་བའི་དྲེད་པོ་ཡིན་པ་སྟེ། དེ་ཅི་ཞིག་གིས་ཉེས་ཤེ་ན། བསླབ་ཉེས་ངན་ལང་ཆེ་བའི་དབང་གིས་ཡིན་པས་དེ་དག་རིང་དུ་སྤང༌བར་བྱའོ། །འདི་དག་ནི་མན་ངག་གི་ཆོས་ཡིན་པས་རང་ལ་ཚུར་ཁ་སྐོར་ནས་རང་ཉིད་དེ་ལྟར་ཡིན་མིན་བརྟགས་ཤིང་དཔྱད་ནས་ཡིན་པར་མཐོང་ཚེ་བསྒྱུར་ཏེ་མིན་པར་བྱེད་པ་དང་། མིན་ཚེ་དགའ་བ་སྒོམ་ནས་ཕྱིན་ཆད་དེ་ལྟར་དུ་མི་འགྱུར་བའི་དམ་བཅའ་དང་སྨོན་ལམ་བཏབ་སྟེ། མན་ངག་ནི་རང་རྒྱུད་དུ་སྦྱར་བྱའི་སྨན་དུ་ཤེས་དགོས། འདི་དག་གཞན་སྐྱོན་ལྟ་བྱེད་དུ་སོང་དུས་མན་ངག་བསྟེན་མ་ཤེས་པ་ཡིན་པས། དྲེད་པོ་ཞེས་པ་རྒྱང་ཞིག་ལ་ཡོད་པ་དང་གཞན་གྱི་སྟེང་ལ་ཡོད་རྒྱུ་འབའ་ཞིག་ལ་བསམ་བློ་མི་གཏོང་བར་རང་ལ་ཚུར་ཁ་སྐོར་ནས་ཉམས་སུ་ལེན་དགོས་སོ།།

༢༦༢ དགེ་སྡིག་འདྲེས་མ་སྤང་བའི་ཆོས་དྲུག་བསྟན་པ།

དགེ་སྡིག་འདྲེས་མ་སྤང་བའི་ཆོས་དྲུག་ནི།།

བཅུད་མེད་ཆགས་སྡང་འཕེལ་བའི་སློབ་དཔོན་མ་བསྟེན་ཅིག།

སྣོད་མེད་ཉེས་སྐྱོན་རྟོག་པའི་སློབ་མ་མ་བསྟེན་ཅིག།

མི་དགེ་སྡིག་པ་བསགས་པའི་དགེ་བ་མ་བྱེད་ཅིག།

བཀུར་སྟི་ཁ་ལན་རེ་བའི་སྦྱིན་པ་མ་བཏང་ཅིག།

ཟས་ནོར་ཉེ་འབྲེལ་གསོ་བའི་མཆོད་པ་མ་བྱེད་ཅིག།

གཡོ་སྒྱུས་རྙེད་པ་འཚོལ་བའི་ཆོས་བཤད་མ་བཏང་ཅིག།

འདི་ལ་ཉན་ན་ཆོས་དང་མཐུན་པར་འོང༌།།

ཞེས་གསུངས་པ་སྟེ། གང་སྤང་བྱ་རུ་གྱུར་པའི་དགེ་སྡིག་འདྲེས་མ་ཡིན་པའི་ཆོས་དྲུག་པོ་ནི། ཡོན་ཏན་གྱི་བཅུད་མེད་ཅིང་ཆགས་སྡང་གི་སྐྱོན་གྱིས་ཁེངས་པའི་སློབ་དཔོན་བསྟེན་དུ་མི་རུང་སྟེ། སློབ་མ་ལ་སྦྱིན་རྒྱུའི་ཡོན་ཏན་གྱི་བཅུད་ཁོ་རང་ལ་ཡང་མེད་ཅིང་། ཡོན་ཏན་གྱི་བཅུད་མེད་པའི་ཤུལ་དུ་ཆགས་སྡང་སོགས་ཉོན་མོངས་པའི་སྐྱོན་གྱིས་གང་བ་ཡིན་པས། དེ་ལྟ་བུའི་ཆགས་སྡང་ཅན་ལ་བརྟེན་ན་གང་ལ་བརྟེན་པ་དེ་ཡི་རྗེས་སུ་འབྲངས་ནས་ཆགས་སྡང་འཕེལ་བར་བྱེད་པ་ཡིན་པའི་ཕྱིར། སྣོད་མེད་པའམ་སྣོད་ཡང་དག་མིན་པའི་སློབ་མ་ཉེས་སྐྱོན་རྟོག་པར་དགའ་བའི་སློབ་མ་བསྟེན་དུ་མི་རུང་སྟེ། བླ་མས་ཅི་གསུངས་ཐམས་ཅད་ཀྱི་ལེགས་པའི་ཕྱོགས་སུ་མི་སེམས་པར། ངན་པར་རྟོག་ནས་སྐྱོན་ཁོ་ནར་འདྲེན་པ་དེ་འདྲ་དེ་འཁོར་དུ་བསྡུས་ཀྱང་ཕན་པ་མི་འབྱུང་བའི་ཕྱིར། དེ་ཡང་། ད་ལྟ་ལྷོད་ལྷོད་འདྲ་ཡང་ནམ་ཕུགས་མི་བསྐྱང་། །དེ་རིང་ཤེས་ཤེས་འདྲ་ཡང་ག་ལེར་རྗེས་མེད། །བརྒྱ་ལ་ལོབ་ནས་སོང་ཡང་སེམས་ལ་མི་བསྐོར། །དོ་གལ་ཆེ་འདོག་ཁུར་བའི་སློབ་མ་སྐྱུར་ཐོངས། །ཞེས་གསུངས་པ་ལྟ་བུའོ། །མི་དགེ་སྡིག་པས་བསགས་པའི་དགེ་བ་ལྟར་སྣང་བ་བྱེད་མི་རུང་སྟེ། དེ་ཡང་། རྟེན་ཆེན་བཞེངས་དང་ཡོ་ལང་འགྱེད་ལ་སོགས། །དགེ་ལ་བརྟེན་ནས་གཞན་སྡིག་གསོག་པའི་རྒྱུ། །ཞེས་གསུངས་པ་ལྟར་དུ། རྟེན་ཆེན་པོ་བཞེངས་པ་དང་། གདན་ས་རྒྱ་བསྐྱེད་བཏང་བ་དང་། ཆོས་ཚོགས་ཆེན་པོ་འཚོགས་པ་དང་། གཏོང་སྒོ་ཆེན་པོ་བྱེད་པ་སྟེ་དེ་ཚོ་ངན་པ་མ་རེད་དགེ་བ་རེད། ཁྱད་པར་བསམ་པ་བཟང་ན་དེ་བས་ཀྱང་ཡག་པ་རེད། འོན་ཀྱང་དེ་ལ་བརྟེན་ནས་སྡིག་ཆེན་པོ་བསགས་པ། དཔེར་ན་དཀོར་འབུལ་ཟོག་བཤས་ལ་བརྒྱབ་པ་དང་། གཞན་གྱི་རྒྱུ་རྫས་ཀྱི་སྒོར་མོ་མགོ་གཡོགས་ནས་ཁྱེར་ཡོང་བ་དང་། རྟེན་བཞེངས་ཀྱི་ཐེབས་རྩའི་དོན་དུ་མི་ཆོས་བླ་མའི་རྫུན་བཤད་ནས་མི་བསླུ་ཐབས་ཀྱིས་བླངས་པ་དེ་དག་ནི། ཀློང་ཆེན་པས་རྒྱུ་ལ་ཁམས་འདུས་མེ་ཏོག་ཕྲེང་ལྡན་གྱི་ནང་དུ། གནོད་འཚེའི་སྦྱིན་པ་དགེ་བ་བྱས་པར་རློམ། །ཆོས་མིན་བྱས་ནས་བདེ་འགྲོ་ཐོབ་ཏུ་རེ། །རྣམ་བཞག་ཕྱིན་ཅི་ལོག་འདིས་ཁམས་འདི་འདུས། །ཞེས་གསུངས་པ་ལྟར་ཡིན་པས། སྡིག་པ་བསགས་པའི་དགེ་བ་དེ་དག་ནི་བྱེད་པ་ལས་མི་བྱེད་པས་དགའ་བ་ཡིན་ཏེ། དཔེར་ན་རང་རེའི་གདན་ས་འདི་ནས་ཚོགས་སུ་དམར་ཟས་འདྲེན་ཆོག་པ་མ་རེད་མ་གཏོགས། ཚོགས་མང་སྟོང་ཕྲག་མང་པོ་བསྡུས་ནས་དེར་ཤ་ཁྲག་གི་སྟོན་མོ་ཞིག་བཏང་ན་དེར་ཤ་བུད་དུ་འགྲོ་ས་འདུག སེམས་ཅན་ཅི་ཙམ་ཞིག་གི་སྲོག་གཅད་དགོས་ས་འདུག ཤ་ཉོས་ཡོང་བ་ཡིན་ཡང་ཚོང་པས་དེའི་མ་རྩ་དེ་ལ་བརྟེན་ནས་དེའི་འཕྲོར་དེ་བས་མང་གི་ཕྱུགས་ཟོག་ཉོས་ནས་གསོད་པར་བྱེད་པའི་རྒྱུ་རུ་འགྱུར་བ་ཡིན་པའི་ཕྱིར། བཀུར་སྟི་ཁ་ལན་དང་རྣམ་སྨིན་ལ་རེ་བའི་སྦྱིན་པ་ཕན་ཡོན་ཆུང་བས་མ་གཏོང་ཞིག ཟས་ནོར་ཉེ་འབྲེལ་གསོ་བའི་མཆོད་པ་ནི་མ་དག་པའི་སྦྱིན་པ་ཡིན་པས་མ་བྱེད་ཅིག ཆོས་བཤད་ཁྲམ་པའི་ཁ། །བསྐྱེད་རིམ་སྤྲེའུའི་མིག །ཅེས་པ་ལྟར་དུ་ཚུལ་འཆོས་ཅན་གྱིས་རང་རྒྱུད་ལ་མེད་ཀྱང་མི་ཐོག་ལ་བཤད་མཁས་པའི་གཡོ་སྒྱུ་ཅན་གྱིས་གཡོ་སྒྱུས་རྙེད་པ་འཚོལ་བའི་ཆོས་བཤད་མ་གཏོང་ཞིག དེ་ཡང་བཅོམ་ལྡན་འདས་ཀྱིས་བསྡུ་བའི་དངོས་པོ་བཞིའི་ནང་དུ་དོན་མཐུན་དོན་སྤྱོད་ཅེས་གསུངས་ཡོད་པས། ཆོས་བཤད་མཁན་རང་ཉིད་ཀྱི་སྤྱོད་པ་གཞན་གྱིས་བརྟག་ཀྱང་སླད་མེད་ཅིང་། རྙེད་པ་དང་སྙན་གྲགས་ཀྱི་དོན་དུ་མ་ཡིན་པར་གཞན་ལ་ཕན་པའི་བསམ་པ་གཅིག་པུས་ཀུན་ནས་སློང་དགོས་པ་སྟེ། མན་ངག་འདི་དག་ལ་ཉན་ནས་དང་དུ་བླངས་ན་ཆོས་དང་མཐུན་པར་འོང༌ངོ་།།

༢༦༣ ལོ་འདོད་དོན་དང་འགལ་བའི་ཆོས་དྲུག་བསྟན་པ།

ལོ་འདོད་དོན་དང་འགལ་བའི་ཆོས་དྲུག་ནི།།

ཐ་མལ་བློ་མ་ལོག་པའི་ཆོས་པ་ཡིན་ལོ་དང༌།།

དད་གུས་བསྙེན་བཀུར་མེད་པའི་བླ་མ་བསྟེན་ལོ་དང༌།།

ཆོས་དང་རང་རྒྱུད་མ་འདྲེས་སྟོན་ཆེན་ཡིན་ལོ་དང༌།།

འདུ་འཛི་སྙོམ་ལས་མ་སྤངས་དགོན་པ་བསྟེན་ལོ་དང༌།།

ཡོན་ཏན་གོང་དུ་མི་འཕེལ་བསམ་གཏན་སྒོམ་ལོ་དང༌།།

སྒྲུབ་པ་གནད་དུ་མ་བསྣུན་གཞན་དོན་བྱེད་ལོ་དང༌།།

འདི་དྲུག་འདྲ་མིན་འཆོལ་བས་མཁས་པས་རིང་དུ་སྤང༌།།

ཞེས་གསུངས་པ་སྟེ། ལོ་འདོད་དམ་གྲགས་ངན་ལ་ཞེན་པའི་དབང་གིས་ཆོས་ཀྱི་དོན་དང་འགལ་བའི་ཆོས་དྲུག་ནི། ཆོས་པ་སྟེ་དམ་པའི་ལྷ་ཆོས་སྒྲུབ་པ་པོའི་གང་ཟག་དེ་ཐ་མལ་ལས་བློ་ལོག་པ་ཞིག་ཡིན་དགོས། ཐ་མལ་དེ་གང་ཡིན་ན་འཇིག་རྟེན་ཐ་མལ་བ་འཁོར་བ་ལ་ངེས་འབྱུང་མ་སྐྱེས། ལས་རྒྱུ་འབྲས་ལ་ཡིད་ཆེས་ཞན། འཇིག་རྟེན་ཆོས་བརྒྱད་རྙེད་བཀུར་གྲགས་སྙན་ལ་སོགས་པ་ལ་ཞེན་ཅིང་ཆགས། ང་དང་ང་ཡིར་འཛིན་པའི་གཟུང་འཛིན་བདག་རྟག་གི་བློ་དང་མ་བྲལ་བ་ཞིག་ལ་ཐ་མལ་ཟེར་བ་ཡིན། དེ་རྣམས་ལ་བློ་ལོག་སོང་བ་ཞིག་ལ་ཆོས་པ་ཞེས་སུ་གྲགས་པ་ཡིན། ཆོས་པ་དེ་ལའང་རབ་འབྲིང་ཐ་གསུམ་གྱི་དབྱེ་བ་ཕྱེས་ནས། ཆོས་པ་ཐ་མ་ཡིན་ཡང་ཐེག་པ་དམན་པ་དང་ཐུན་མོང་གི་ཆོས་འཇིག་རྟེན་ཆོས་བརྒྱད་ལས་བློ་ལོག་ནས་འཁོར་བར་ཞེན་ལོག་གི་ངེས་འབྱུང་ཡོད་དགོས། འབྲིང་ཞིག་གི་དབང་དུ་བཏང་ན། རང་འདོད་ཡིད་བྱེད་ཀྱི་བློ་མེད་པར་ཅི་བྱེད་གཞན་དོན་འབའ་ཞིག་བྱེད་པ་ལྟ་སྤྱོད་ཟུང་དུ་འབྲེལ་བ་ཞིག་ངེས་པར་དུ་ཡིན་དགོས་ཏེ། དེ་ནི་ཐེག་ཆེན་གྱི་ཁྱད་ཆོས་ཡིན་པས་ཐེག་ཆེན་པའི་ཆ་རྐྱེན་དེ་ཚང་དགོས་པའི་ཕྱིར། ཆོས་པ་རབ་ཅིག་ཡིན་ན་ད་རུང་དེའི་ཐོག་ཏུ་ལྟ་བ་ཁྱད་པར་ཅན་གྱི་རྩིས་ཟིན་ཏེ་བདེན་འཛིན་རང་རྒྱུད་པ་ལས་ལོག་པའི་ལྟ་སྒོམ་སྤྱོད་འབྲས་ཀྱི་འཁྱེར་སོ་དང་ལྡན་པ་ཞིག་དགོས་པ་ཡིན། འོ་ན་ཁྱེད་རང་གང་ཅན་པོའི་གྲལ་ན་ཡོད་ཅེས་ང་ལ་འདྲི་ན། ང་རང་ནི་གང་གི་གྲལ་ནའང་མ་ཐེ་བ་ཞིག་ཡིན། དེས་ན་དུས་ངས་རྒྱུན་དུ་ཚོགས་ལམ་ཆུང་ངུའི་སྣེ་ཟིན་མེད་མཁན་ཞིག་ཡིན་ཞེས་བཤད་པ་ཡིན། དེས་ཕྱིར། ཐ་མལ་བློ་མ་ལོག་པའི་ཆོས་པ་ཡིན་ལོ་དང༌། །ཞེས་པ་འདིའི་མཚན་གཞི་དེ་ང་ལ་ཟེར་འདུག་བསམ་པ་ཞིག་བྱུང་། དད་གུས་པ་བསྙེན་བཀུར་གཅིག་ཀྱང་མེད་པའི་བླ་མ་བསྟེན་ལོའམ་བསྟེན་ཁུལ་བྱས་པ་དང་། ཆོས་དང་རང་རྒྱུད་མ་འདྲེས་ཀྱང་ཁ་བཤད་ཀྱིས་སྟོན་ཆེན་ཡིན་ལོ་དང༌། འདུ་འཛི་སྙོམ་ལས་འཇིག་རྟེན་གྱི་བྱ་བ་སྒྲུབ་པ་མ་སྤངས་པར་དགོན་པ་བསྟེན་ལོ་དང༌། དེང་སང་འཛམ་བུའི་གླིང་འདིར་མགོ་སེར་ནག་གཉིས་ཀའི་ནང་ན་རྫོགས་པ་ཆེན་པོའི་ཆོས་བཤད་པ་ཡིན་ཟེར་ནས་ཟབ་ཆོས་ཁྱབ་བསྒྲགས་བྱེད་མཁན་མང་པོ་ཡོད་འདུག དེ་དག་རང་རང་ལ་དགོས་པ་རེ་དང་དམིགས་ཡུལ་རེ་མེད་པར་རང་གར་བསྟན་པ་ནི་མིན་ངེས་ཀྱང་། ད་འགའ་རེས་ལོ་ཉི་ཤུ་སུམ་ཅུའི་རིང་ལ་ཁྲིད་ཡིག་གང་ཟབ་ཟབ་དང་། བླ་མ་གང་བཟང་བཟང་གི་མན་ངག་ཐར་ཐོར་ཁྱེར་ཡོང་ནས་མ་བཤད་བསམ་རྒྱུ་ཅི་ཡོད་ཀྱང་། སློབ་མའི་རྒྱུད་ལ་ཡར་བསྐྱེད་ནི་ལོ་བཅུ་སོང་ན་ཡང་དེ་དང་དེ། ཉི་ཤུ་སོང་ན་ཡང་དེ་དང་དེ་རུ་གྱུར་ནས་ཡོན་ཏན་གོང་དུ་མི་འཕེལ་བ་ནི་བསམ་གཏན་སྒོམ་ལོ་སྟེ་སྒོམ་ཁུལ་སོང་བས་ཡིན། བླ་མ་རྫུན་མས་སྒོམ་རྫུན་མ་ཞིག་བསླབས་ནས་དེ་སློབ་མས་བསྒོམ་ཁུལ་བྱས་ཀྱང་ཡར་བསྐྱེད་མེད་པ་ཡིན། འུ་ཚོའི་འཁོར་ཡུག་གི་ནང་ལྟ་བུ་ཞིག་ལ་ཆ་མཚོན་ན། ལ་ལ་ནི་རྒན་ཞུགས་ཡིན་པ་ཡོན་ཏན་སྦྱོང་བ་དང་ཐོས་བསམ་ལ་བརྟེན་མ་མྱོང་ཡང་། འཆི་ཁར་མི་འཇིགས་པའི་ཉམས་ལེན་གྱི་གདེང་དང་ལྡན་པ་ཡང་མཐོང་དུ་ཡོད་པ་དང་། ཡང་ལ་ལ་ཐོས་བསམ་གྱི་གོ་བའི་ཐད་ནས་ཁྲིད་ཡིག་རེ་ཟུང་རང་གིས་ཀྱང་འབྲི་ཤེས་པ་ཡིན་ཡང་དོན་དང་མ་འབྲེལ་བ་ང་འདྲ་འདྲ་ཡང་ཡོད་པ་རེད། དེས་ན་བསམ་གཏན་སྒོམ་ལོ་རུ་སོང་ཡོད་མེད་ནི་བྱམས་སྙིང་རྗེ་ངེས་འབྱུང་བྱང་སེམས་ཀྱི་ཡོན་ཏན་འཕེལ་དང་མི་འཕེལ་ལ་བལྟ་དགོས་པ་ཡིན། རང་ཉིད་ཀྱི་སྒྲུབ་པ་གནད་དུ་མ་བསྣུན་གོང་ནས་གཞན་དོན་བྱེད་ལོ་བྱེད་པ་སྟེ། སྤྱིར་ན་གཞན་དོན་བྱེད་པ་ལ་རང་སྣང་དབང་དུ་འདུས་ནས་གཞན་སྣང་ཟིལ་གྱིས་གནོན་ཐུབ་ནི་ཞིག་ཡིན་དགོས་ཏེ། རང་རྒྱུད་མ་དུལ་བར་གཞན་དོན་རླབས་ཆེན་འབྱུང་བ་མིན་པའི་ཕྱིར། དེ་ཡང་ཇོ་བོ་རྗེ་ལ་འཁོར་སློབ་མ་རྣམས་ཀྱིས་ཚོགས་པ་སྐྱོང་བའི་དུས་ནམ་ཡིན། གཞན་དོན་བྱེད་པའི་དུས་ནམ་ཡིན། གཤིན་པོར་འཕོ་བ་འདེབས་པའི་དུས་ནམ་ཡིན་ཞེས་ཡར་དྲི་བ་ཞུས་དུས། ཚོགས་པ་སྐྱོང་བའི་དུས་དེ་སྟོང་ཉིད་རྟོགས་ཤིང་མངོན་ཤེས་སྐྱེ་སྐབས་ཀྱི་དུས་སུ་ཡིན། གཞན་དོན་བྱེད་པའི་དུས་དེ་རང་དོན་ཟད་ཙ་ན་ཡིན། གཤིན་པོ་ལ་འཕོ་བ་འདེབས་པའི་དུས་དེ་མཐོང་ལམ་ཐོབ་དུས་ཡིན། ཞེས་གསུངས་པས་སྒྲུབ་པ་གནད་དུ་མ་བསྣུན་པར་གཞན་དོན་བྱེད་རྒྱུ་ཡོད་པ་མིན། དང་པོ་གཞན་དོན་བསྒྲུབས། དེ་ནས་ཚོགས་པ་བསྐྱངས། དེ་ནས་རང་དོན་སྒྲུབ་པ་ཉམས་ལེན་བྱེད་པ་དེ་ཡང་གོ་ལྡོག་ཏུ་སོང་བ་ཡིན་པས། གསང་སྔགས་ཀྱི་རྡོ་རྗེ་སློབ་དཔོན་དང་ཟབ་མོའི་མན་ངག་གི་གདམས་ཁྲིད་འདེབས་མཁན་དེ་མ་མཐའ་ཡང་སྒྲུབ་པའི་རྟགས་ཐོན་ནས་རང་རྒྱུད་ལ་བོགས་ཕྲན་བུ་ཐོབ་པ་ཞིག་དགོས་པ་ཡིན། འོན་ཀྱང་ལུས་ངག་གི་སྒོ་ནས་བསམ་སྤྱོད་དག་པའི་གཞན་ཕན་གཏན་ནས་མ་བྱེད། ཁྱོད་ཀྱིས་སྟོང་ཉིད་མ་རྟོགས་མངོན་ཤེས་མ་ཐོབ་བར་དུ་ཆོས་ཚིག་གཅིག་ཀྱང་མ་བཤད་ཅེས་པའི་དོན་ནི་མིན་ཏེ། སྦྱིན་པའི་མཆོག་ཆོས་ཀྱི་སྦྱིན་པ་ཡིན་པས་ཚོགས་ཆུང་རིམ་ནས་རྫོགས་པའི་དོན་དུ་ད་ལྟ་ནས་གཞན་ཕན་གྱི་སྤྱོད་པ་རུ་སློབ་དགོས་པ་ཡིན་པས། མདོར་ན་གཞན་ལ་ཆོས་བཤད་ཅིང་ཚོགས་པ་ཞིག་བསྡུ་དུས་ཀུན་རྫོབ་སེམས་བསྐྱེད་བླངས་ལ་མ་ཉམས་པ་རྒྱུད་ལ་ཡོད་དགོས་པ་སྟེ། འདི་དྲུག་འདྲ་མིན་འཆོལ་བས་མཁས་པས་རིང་དུ་སྤང༌བར་བྱའོ།།

༢༦༤ ཟོལ་མ་དྲུག་གིས་བསླུ་བའི་ཆོས་དྲུག་བསྟན་པ།

ཟོལ་མ་དྲུག་གིས་བསླུ་བའི་ཆོས་དྲུག་ནི།།

ལྟ་བ་ཟོལ་མ་གདེང་དུ་མ་ཚུད་པའི།།

གཡམ་རྒྱུག་སྤྲོས་བྲལ་འདིས་ཀྱང་རང་སེམས་སླུ།།

སྒོམ་པ་ཟོལ་མ་གནད་དུ་མ་ཐེབས་པའི།།

བླུན་སྒོམ་ཡིད་དཔྱོད་འདིས་ཀྱང་རང་སེམས་སླུ།།

སྤྱོད་པ་ཟོལ་མ་བག་དང་མི་ལྡན་པའི།།

སྨྱོ་སྤྱོད་རྩིང་པོ་འདིས་ཀྱང་རང་སེམས་སླུ།།

དམ་ཚིག་ཟོལ་མ་ཉེས་ལྟུང་མི་འཛེམ་པའི།།

སྲུང་སྡོམ་ངོ་ལྐོག་འདིས་ཀྱང་རང་སེམས་སླུ།།

ཐོས་བསམ་ཟོལ་མ་སངས་རྒྱས་མི་འདོད་པའི།།

ང་མཁས་གྲགས་འདོད་འདིས་ཀྱང་རང་སེམས་སླུ།།

འབྲས་བུ་ཟོལ་མ་སེམས་ཉིད་མ་རྟོགས་པའི།།

ཕྱི་དུས་ཡིད་སྨོན་འདིས་ཀྱང་རང་སེམས་སླུ།།

སླུ་བྲིད་དབང་དུ་མ་སོང་ཤིན་ཏུ་གཅེས།།

ཞེས་གསུངས་པ་སྟེ། ཟོལ་མ་སྟེ་ངོ་མ་མ་ཡིན་པ་དྲུག་གིས་བསླུ་བའི་ཆོས་དྲུག་བསྟན་པ་ནི། ལྟ་བ་མ་རྟོགས་ཀྱང་རྟོགས་སྣང་ཤར་བའི་ཟོལ་མའམ་རྫུས་མ་གདེང་དུ་མ་ཚུད་པའམ་གདེང་མ་རྙེད་པའི་གཡམ་རྒྱུག་གམ་ཧོལ་རྒྱུག་གིས་སྤྲོས་བྲལ་ཏེ་ཡོད་མེད་ཡིན་མིན་གྱི་བསམ་གཏན་ལ་སྤྲོས་བྲལ་གྱི་མིང་བཏགས་པའི་ལྟ་བ་ཕྱིན་ཅི་ལོག་ཡིན་པ་འདིས་རང་སེམས་སླུ་བར་བྱེད་པ་དང་། ལྟ་བ་ཟོལ་མ་དེས་རྒྱུན་སྐྱོང་བའི་སྒོམ་པ་དེ་ཟོལ་མ་ལས་འོས་མེད་པས་དེ་ལྟ་བུའི་སྒོམ་པ་ཟོལ་མ་གནད་དུ་མ་ཐེབས་པའི་བླུན་སྒོམ་ཡིད་དཔྱོད་ཀྱི་སྒོམ་པ་གོལ་ཤོར་ནོར་བའི་འཕྲང་ལས་མ་ཐར་བ་འདིས་ཀྱང་རང་སེམས་སླུ་བ་ཡིན་པ་དང་། དེ་དང་འདྲ་བའི་སྤྱོད་པ་ཟོལ་མ་གཟོབ་པ་ལྷུར་ལེན་པའི་བག་དང་མི་ལྡན་པའི་སྨྱོ་སྤྱོད་མིའི་ཆོས་ལས་ཀྱང་འདས་པའི་སྤྱོད་པ་རྩིང་པོ་འདིས་ཀྱང་རང་སེམས་སླུ་བ་དང་། དམ་ཚིག་ཟོལ་མ་ཉེས་ལྟུང་འཛེམ་པ་ལྟ་ཅི་ཉེས་ལྟུང་གི་རྣམ་གྲངས་ཙམ་ཡང་མ་ཤེས་ནས་མི་འཛེམ་པའི་སྲུང་སྡོམ་ངོས་ནས་ནི་སྲུང་མདོག་སྟོན་བཞིན་ཡོད་ཀྱང་ལྐོག་ནས་མི་བསྲུང་བ་འདིས་ཀྱང་རང་སེམས་སླུ་བ་དང་། ཐོས་བསམ་ཟོལ་མ་སངས་རྒྱས་པར་མི་འདོད་པའི་ཀུན་སློང་གཞན་ང་རང་ཉིད་མཁས་པའི་གྲགས་པ་ཞིག་ཐོབ་པར་འདོད་པའི་ཆོས་བརྒྱད་དང་འདྲེས་པ་འདིས་ཀྱང་རང་སེམས་སླུ་བ་ཡིན། སྤྱིར་ན་ཐོས་བསམ་མེད་པ་ཞིག་དང་བསྡུར་ན་ཐོག་མའི་ཀུན་སློང་གང་ལྟར་ཡིན་ཡང་ཐོས་བསམ་བྱས་ནས་ཐོས་པ་ནི་མ་རིག་མུན་པ་སེལ་བའི་སྒྲོན་མེ་ཡིན་པས་རིམ་གྱིས་གནད་རྒྱུ་མཚན་ཤེས་པ་ལ་ཕྱོགས་པའི་གང་ཟག་དེ་མཆོག་ཡིན་ཏེ། དེང་གི་དུས་འདི་ལྟ་བུ་ཞིག་ལ་མཚོན་ན་བསྟན་འཛིན་གྱི་སྐྱེས་བུ་མིན་ཡང་བསྟན་པའི་ཞབས་འདེགས་པ་ཞིག་ལ་འགྲོ་བ་ཡིན། འོན་ཀྱང་ཀུན་སློང་གི་ཁྱད་པ་གནམ་ས་འདྲ་ཞིག་ཡོད་པས། གཞན་ཕན་གྱི་སེམས་ཀྱིས་བསྟན་ལ་ལྷག་བསམ་ཟོལ་མེད་ཀྱིས་ཐོས་བསམ་བྱས་པའི་བསོད་ནམས་ཀྱི་ཚད་ནི་གཞལ་དུ་མེད་པ་ཡིན་ནོ། །འབྲས་བུ་ཟོལ་མའམ་བཅོས་མ་སེམས་ཉིད་ཀྱི་རང་ངོ་མ་རྟོགས་པའི་སངས་རྒྱས་ཕྱི་དུས་ཤིག་ལ་ཡིད་སྨོན་བྱེད་པ་འདིས་ཀྱང་རང་སེམས་སླུ་བ་སྟེ། དེ་ལྟ་བུའི་སླུ་བྲིད་ཀྱི་དབང་དུ་མ་སོང་བ་ཤིན་ཏུ་གཅེས་སོ།།

༢༦༥ མི་རིགས་བྱ་བ་སྤང་བའི་ཆོས་དྲུག་བསྟན་པ།

མི་རིགས་བྱ་བ་སྤང་བའི་ཆོས་དྲུག་ནི།།

ཕ་མེས་བླ་འཚོང་ཆོས་དཔག་ཁྲམ་མ་བྱེད།།

སྤུན་གྲོགས་དམེ་ཤོར་མཆེད་གྲོགས་རྩོད་མ་བྱེད།།

སྤྱི་ཡུལ་ཁྲིམས་འཇིག་ཆོས་མིན་ལས་མ་བྱེད།།

ངན་སྐྱུགས་དུག་འཐོར་གཞན་གྱི་རྔན་མ་འདྲེན།།

ཚོད་མེད་ཞལ་བཙེ་གང་ཟག་ཆོས་མ་གཤེ།

མ་བཅོལ་གཉེར་བ་མི་ཆོས་འདུན་མ་ཞོག།

བཅོལ་ཞིང་དབང་བ་ཆོས་ཀྱིས་སངས་རྒྱས་བསྒྲུབ།།

ཅེས་གསུངས་པ་སྟེ། རིགས་ཤིང་འཐད་པ་མིན་ཞིང་འོས་པ་མིན་པའི་བྱ་བ་སྤང་དགོས་པའི་ཆོས་དྲུག་ནི། ཕ་མེས་ཡ་རབས་ཀྱི་སྲོལ་བཟང་རྣམས་ཤེས་པར་བྱས་ནས་ལག་ལེན་དུ་མི་བསྟར་བར་འཆོལ་ཉོག་ཏུ་སྤྱོད་པས་མེས་པོའི་བླ་འཚོང་ཞིང་རུས་མར་འདྲུད་བྱེད་ཀྱི་མི་ཆོས་ཚོད་དཔག་བྱེད་པའི་ཁྲམ་པ་མ་བྱེད་ཅིག སྤུན་དང་གྲོགས་པོའི་བར་དུ་ནང་དམེ་ཤོར་བ་དང་མཆེད་གྲོགས་ཀྱི་བར་དུ་རྩོད་པ་མ་བྱེད། ཁམས་གསུམ་སེམས་ཅན་རྣམས་ནི་སྤྱིའི་མཆེད་དང་། ཆོས་ལྡན་གྱི་མི་ཚང་མ་བྱེ་བྲག་དང་ནང་གི་མཆེད་ཡིན། འུ་ཚོ་བོད་ཀྱི་མིར་མཚོན་ན་ཤ་རུས་གཅིག་གིས་འབྲེལ་བའི་སྤུན་ཡིན། ནང་དམེ་བྱེད་པ་ནི་ཤིན་ཏུ་ཐ་ཆད་རེད། ནང་དམེ་ཕྱི་དམེ་ཚང་མ་ཐ་ཆད་རེད། འོན་ཀྱང་བོད་ན་དར་བ་མང་ཆེ་བ་ནང་དམེ་ཏག་ཏག་ཡིན་པ་རེད། སྤུན་གྲོགས་དམེ་ཤོར་ཕ་མེས་ཀྱི་བླ་བཙོངས་པ་ཡིན། རང་གར་དམེ་བྱེད་ཉུང་ཡང་དོན་ཆུང་ཆུང་ཞིག་གིས་སློང་བ་རེད། འདིའི་དམེ་འཁྲུགས་འདི་མི་འོང་བའི་ཆེད་དུ་དོན་ཆུང་ལ་བཟོད་སྒོམ་བྱེད་པ་དང་། ཐམས་ཅད་ཀྱིས་རང་ཅི་འདྲ་རོགས་ཀྱི་འདེང་རྒྱག་དང་། བསམ་བློ་གུ་ཡངས་མོ་རེ་བཏང་ནས་ཕན་ཚུན་མ་འཆམ་པ་བྱུང་ན་གཏམ་གྱིས་གྲོས་མཐུན་བྱེད་དགོས། དེ་དག་ཀྱང་གྲྭ་པ་བླ་སེར་ཞིག་ལ་ཁུར་བཏང་མེད་བསམ་རྒྱུ་མེད་དེ་དེ་ཡང་གཞན་ཕན་གྱི་བྱ་བ་ཆེན་པོ་ཞིག་ཡིན་པའི་ཕྱིར། སྤྱི་ཡུལ་གྱི་ཁྲིམས་འཇིག་པའི་ཆོས་མིན་གྱི་ལས་བྱས་ནས་སྤྱི་ལ་སྤྱི་ཁྲིམས་ཤིག་མེད་ན་མི་ཆགས་ཐབས་མེད་པ་ཡིན་པས་དེ་ཉམས་སུ་མི་འཇུག་པ་དང་། ཁ་ཨ་ཀྲད་འདྲ་ཞིག་གི་ནང་ནས་། གཏམ་ལྷམ་རྩྭ་འདྲ་ཞིག་བུད་ནས། ཤར་འཕུང་ལྷོ་རྫོད་ཀྱི་ངན་སྐྱུགས་དུག་འཐོར་ལྟ་བུའི་གཞན་གྱི་རྔན་ནམ་གཞན་ལ་ངན་སྨོད་སུན་འབྱིན་གྱི་གཏམ་ངན་འདྲེན་པ་མ་བྱེད་ཅིག ཡུལ་གཉན་པོ་ལ་ཚོད་མེད་ཞལ་བཙེའམ་ཅོ་འདྲི་བྱས་ནས་གང་ཟག་དང་ཆོས་ལ་གཤེ་བ་མ་བྱེད་ཅིག མ་བཅོལ་གཉེར་བ་མ་བབས་ཁུར་ལེན་བྱས་ནས་ཡས་མས་ཐམས་ཅད་ལ་བྲེལ་དོ་བའི་མི་ཆོས་ཀྱི་འདུན་མ་སྐྱུར་ལ་ཞོག བཅོལ་ཞིང་དབང་བ་རང་ཉིད་ཀྱི་ཐོག་ཏུ་བབས་པའི་ལས་བསྒྲུབ་བྱའི་ཆོས་ཀྱིས་སངས་རྒྱས་སྒྲུབ་པར་གྱིས་དང་མ་ནོར་བའི་ལས་ནི་དེ་ཀའོ།།

༢༦༦ གྲོང་ཡུལ་ཕྱིན་པའི་ཉེས་པ་རྣམ་དྲུག་བསྟན་པ།

ཚུལ་བཞིན་ཆོས་ལ་སྒྲུབ་པར་ཞུགས་རྣམས་ཀྱིས།།

གྲོང་ཡུལ་ཕྱིན་པའི་ཉེས་པ་རྣམ་དྲུག་ནི།།

ཉམས་གྲིབ་ཕོག་པས་ཉམས་དང་བྱིན་རླབས་ཡལ།།

ཉོན་མོངས་ལྡང་བས་བསླབ་གསུམ་སྲུང་སྡོམ་ཤོར།།

དམ་བཅའ་འཆག་པས་རྐྱེན་དང་བར་ཆད་མང༌།།

འཁྲུལ་སྣང་འགོས་པས་ལྟ་སྒོམ་རྩལ་གསུམ་ཤོར།།

ཐ་མལ་འགོས་པས་རང་རྒྱུད་ཆོས་ལས་འདྲེད།།

ལས་ངན་དབང་གིས་ཐ་མལ་ཁྱིམ་ཐབ་འགྲོ།།

དེ་ཕྱིར་གྲོང་ཡུལ་མི་འགྲིམ་དབེན་པ་བསྟེན།།

རྒྱ་ལམ་འགྲོ་ཡང་བཙོན་རའི་འདུ་ཤེས་ཀྱིས།།

དབང་པོ་ཡུལ་ལ་མ་ཡེངས་ཤིན་ཏུ་གཟབ།།

ཅེས་གསུངས་པ་སྟེ། ཚུལ་བཞིན་དུ་དམ་པའི་ཆོས་ལ་སྒྲུབ་པ་ཉམས་ལེན་བྱེད་པར་ཞུགས་པ་རྣམས། གྲོང་ཡུལ་མི་ནག་སྐྱེ་བོ་གནས་པ་རུ་ཕྱིན་པའམ་དེར་སོང་པའི་ཉེས་པ་རྣམ་པ་དྲུག་ནི། གྲོང་ནག་གི་གསེབ་ན་རྒྱུན་དུ་བསྡད་ན་ཉམས་གྲིབ་ཀྱིས་ཕོག་ནས་གོས་པས། སྔར་ཡོད་ཀྱི་ཉམས་དང་རྟོགས་པའི་བྱིན་རླབས་ཡལ་བ་དང་། བརྟུལ་ཞུགས་བརྟན་པར་མ་སོན་གང་དང་གང་། །ཡུལ་དང་གྲོགས་ལ་བརྟེན་ནས་མཐོ་དམན་བྱེད། །ཅེས་གསུངས་པ་ལྟར་དུ་གྲོང་ཡུལ་ན་ཆགས་སྡང་གི་རྐྱེན་མང་བས། དེ་ལ་བརྟེན་ནས་ཉོན་མོངས་རགས་པ་ལྡང་ནས་བསླབ་པ་སྲུང་སྡོམ་ལ་སྐྱོན་འབྱུང་བ་དང་། གྲོང་ཡུལ་གྱི་འདུ་འཛིའི་དབང་གིས་ཐུན་གྱི་དམ་བཅའ་འཆག་པས་ཉམས་ལེན་ལ་བརྩོན་པ་ལྷོད་པའི་རྐྱེན་དང་བར་ཆད་མང༌དག་འབྱུང་བ་དང་། གྲོགས་ངན་ལྟ་སྤྱོད་མ་དག་པ་ཏག་ཏག་དང་འགྲོགས་ནས་འཁྲུལ་བ་རྒྱ་འབྱམས་སུ་སོང་བའི་གནད་ཀྱིས་འཁྲུལ་སྣང་གི་སྐྱོན་འགོས་ཏེ་ལྟ་སྒོམ་གྱི་རྩལ་གསུམ་ཤོར་བ་དང་། ཐ་མལ་གྱི་སྤྱོད་པ་ངན་པ་ཚང་མ་རང་ལ་འགོས་པས་རང་རྒྱུད་ཆོས་ལས་འདྲེད་ཅིང་ཉམས་ནས་ཆོས་ལས་ཁ་ཐག་ཇེ་རིང་དུ་འགྲོ་བ་དང་། ལས་ངན་པ་ཆུ་ཀློང་ཐུར་དུ་རྒྱུག་པའི་ཤུགས་ལྟ་བུ་དེས་དེད་པའི་དབང་གིས་ཐ་མལ་ཁྱིམ་ཐབ་ཅན་ལ་འགྲོ་བ་ལ་སོགས་པའི་ཉེས་པ་མང་བ་དེའི་ཕྱིར་ན་གྲོང་ཡུལ་མི་འགྲིམ་དབེན་པ་བསྟེན་པ་ཤིན་ཏུ་ནས་ཀྱང་གལ་ཆེ་བ་དང་། གལ་ཏེ་བརྒྱ་ལམ་རེས་འགའ་ཞིག་ལ་འགྲོ་དགོས་ཐུག་པ་མ་སོང་ཐབས་མེད་གཞན་དོན་ལ་སོགས་པ་རུ་ཁེལ་ན་འགྲོ་དགོས་པའི་དུས་སུ་ཡང་གྲོང་མི་ནག་གི་ཁྱིམ་འདི་ནི་བཙོན་ར་ལྟ་བུ་ཡིན་པ་ལ་བསམ་པའི་འདུ་ཤེས་ཀྱིས། དབང་པོ་ཡུལ་ལ་མ་ཡེངས་ཡུལ་ཕྱིར་ཞེན་པས་མ་འབྲངས་པར་ཤིན་ཏུ་གཟབ་པར་བྱའོ། །ཆོས་ལྡན་ཆོས་ཀྱིས་འཚོ་བའི་གང་ཟག་གྲོང་ཡུལ་དུ་འགྲོ་རྒྱུ་འདི་ལྟ་བུར་བཀག་ཡོད་པས་གྲོང་ཡུལ་དུ་གཏན་འདུག་བྱས་པའི་ཉེས་པ་བསམ་གྱིས་མི་ཁྱབ་པ་ཡོད་པ་ནི་སྨོས་མ་དགོས་ལ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱོན། དམ་ཆོས་འདུལ་བའི་བསླབ་ཁྲིམས་བཅས་ནས་ཐོག་མར་རབ་ཏུ་བྱུང་བ་ནས་བཟུང་སྟེ་ཁྱིམ་ནས་ཁྱིམ་མེད་པར་གྲོང་ནས་རྒྱང་གྲགས་ཀྱིས་འཕགས་པའི་དགོན་པར་གནས་འཆའ་དགོས་པར་གསུངས་པ་དེས་ན། ཁྱིམ་པ་རྣམས་ཀྱིས་དགེ་འདུན་པ་དགེ་འདུན་འདུ་བའི་གནས་དགོན་པའི་ནང་ནས་མཇལ་ན་དང་བ་ལྷག་པར་འདྲེན་པ་དང་། ཁྱིམ་པ་རང་ཉིད་དང་མཉམ་འགྲོ་མཉམ་འདུག་མཉམ་ཟ་མཉམ་འཐུང་བྱས་པས་མཉམ་འགྲོགས་ཀྱི་བདུད་ཞུགས་ནས་ནམ་ཞིག་དད་པ་ལྡོག་པ་མ་ཟད། མནའ་མཉམ་ཁུར་ཚོང་མཉམ་བརྒྱབ་བྱས་པའི་དབང་གིས་སྟོན་པའི་ན་བཟའ་དམར་པོ་དེ་དང་མིག་འདྲིས་ཁུར་ནས་དགོན་པའི་གདོང་གྲལ་གྱི་ནང་དུ་བཞུགས་པའི་དུས་སུའང་དད་པ་དེ་ཙམ་མེད་པར་གྱུར་ཚེ་ཁྱིམ་པ་སུན་འབྱིན་དུ་སོང་བ་ཡིན་པ་དང་། དེ་བཞིན་དུ་འབྲེལ་འདྲིས་ཆེ་བའི་དབང་གིས་ནམ་ཞིག་ལ་འཛིང་རྩོད་འཐབ་མོ་བྱུང་ནས་གྲི་མགོ་འཕུར་རེས་བྱེད་དུས་ཆོས་གོས་འོག་གི་དུག་མདའ་ཕར་ཚད་ནའང་ཤིན་ཏུ་ཐ་ཆད་ཅིང་། ཚུར་སངས་རྒྱས་ཀྱི་ན་བཟའ་ཅན་ལ་མཚོན་ཆ་ཚད་ན་ཡང་ཉེས་པའི་ཐོག་ཏུ་ཉེས་པར་འགྱུར་བ་ཡིན། དེས་ན་གྲྭ་པ་དགོན་ན་འདུག་པ་ལ་ཡོན་ཏན་ཆེན་པོ་ཡོད་དོ།།

༢༦༧ སྒྲུབ་པའི་གནས་དྲུག་ཆིངས་སུ་བཅིང་བ་བསྟན་པ།

སྒྲུབ་པའི་གནས་དྲུག་ཆིངས་སུ་བཅིང་བ་ནི།།

ལྟ་བའི་གནས་ལུགས་སངས་རྒྱས་དགོངས་པར་སྐྱོལ།།

ཉམས་ལེན་མན་ངག་ཐབས་ཀྱིས་གནད་དུ་གཟིར།།

རིག་པའི་ཡེ་ཤེས་གཏན་ཚིགས་འགག་ཏུ་གཏེམས།།

སྐྱེ་ཚུལ་གནད་རྣམས་ཡུལ་སྣང་ཐུག་ཕྲད་གྲོལ།།

ཐམས་ཅད་སེམས་ཉིད་འགྱུར་མེད་ངང་དུ་བསྡམ།།

ཆོས་སྤྱི་རྫོགས་པ་ཆེན་པོར་བཅིང་བ་སྟེ།།

འདི་དག་གནད་བསྣུན་ཚེ་འདིས་བྱང་ཆུབ་འགྲུབ།།

ཅེས་གསུངས་པ་སྟེ། སྒྲུབ་པ་ཉམས་ལེན་བྱེད་པའི་གནད་ཀྱི་གནས་རྣམ་པ་དྲུག་ཆིངས་སུ་བཅིང་ནས་བསྟན་པ་ནི། ལྟ་བའི་གནས་ལུགས་དེ་ཆོས་ཐམས་ཅད་ཡེ་སངས་རྒྱས་པའི་དགོངས་པ་ལ་སྐྱོལ། ཉམས་ལེན་དེ་མན་ངག་གི་ཐབས་ཀྱིས་གནད་ངོ་མའི་ཐོག་ཏུ་གཟིར་བར་གྱིས། མཐར་ཐུག་གི་རིག་པའི་ཡེ་ཤེས་འོད་གསལ་ལྷུན་གྲུབ་དེ་སྒྲ་ཚིག་བརྗོད་པའི་གཏན་ཚིགས་འགག་ཏུ་གཏེམས་ནས་སྨྲ་བསམ་བརྗོད་བྲལ་གྱི་ཆིངས་སུ་ཆིངས། རིག་རྩལ་གྱི་རྟོག་པ་སྐྱེ་ཚུལ་གྱི་གནད་ནི་རྣམ་རྟོག་རྣམས་ཡུལ་སྣང་ཐུག་ཕྲད་རང་གྲོལ་དུ་འགྲོ་བ་གྱིས། ཐམས་ཅད་སེམས་ཉིད་འགྱུར་མེད་ཆོས་དབྱིངས་ཆེན་པོའི་ངང་དུ་འགག་སྡོམས། འཁོར་འདས་ཀྱི་ཆོས་སྤྱི་རྫོགས་པ་ཆེན་པོར་བཅིང་བ་སྟེ། འདི་དག་ནི་ཤྲཱི་སེང་ཧའི་འདེབས་ལུགས་གསུམ། ཆོས་ཟད་ཀ་དག་ཆེན་པོར་ལ་བཟླ། བྱ་བྲལ་ཟང་ཐལ་རྗེན་པར་འགག་བསྡམ། ཡང་གྲོལ་མཉམ་པ་ཆེན་པོར་ཆིངས་སུ་བཅིང་བར་གསུངས་པ་དང་དོན་གཅིག་གོ །འདི་དག་ཐམས་ཅད་གནད་དུ་བསྣུན་ཐུབ་ན་ཚེ་སྐྱེ་བ་འདིར་བྱང་ཆུབ་འགྲུབ་པ་ཡིན་ནོ།།

༢༦༨ གཞི་དྲུག་འདིངས་པའི་གདམས་ངག་བསྟན་པ།

གཞི་དྲུག་འདིངས་པའི་གདམས་ངག་བསྟན་པ་ནི།།

ཤེས་རབ་གཞི་འདིངས་ཐོས་བསམ་སྦྱོར་བ་དང༌།།

ཐེག་ཆེན་གཞི་འདིངས་སེམས་བསྐྱེད་བསླབ་པ་དང༌།།

བྱིན་རླབས་གཞི་འདིངས་བརྒྱུད་པ་བཟང་བ་དང༌།།

རྟོགས་པའི་གཞི་འདིངས་སེམས་ཉིད་རྟོགས་པ་དང༌།།

ཡོན་ཏན་གཞི་འདིངས་དད་བརྩོན་འབྲེལ་བ་དང༌།།

བདེ་སྐྱིད་གཞི་འདིངས་འཁོར་བ་སྤང་བ་སྟེ།།

དམ་པ་རྣམས་ཀྱི་མཛད་པའི་རྗེས་སུ་སློབ།།

ཅེས་གསུངས་པ་སྟེ། གཞི་དྲུག་འདིངས་བའམ་གདིང་བར་བྱེད་པའི་གདམས་ངག་བསྟན་པ་ནི། ཤེས་རབ་ཀྱི་གཞི་འདིངས་པའམ་གཞི་ཞིག་འཇོག་པར་བྱེད་པ་ལ་ཐོས་བསམ་སྦྱོར་བ་གནད་དུ་ཆེ་བ་དང༌། ཐེག་ཆེན་གྱི་གཞི་འདིངས་བྱེད་ནི་སེམས་བསྐྱེད་ཡིན་པས་དེར་བསླབ་པ་དང༌། བྱིན་རླབས་ཀྱི་གཞི་འདིངས་བར་བྱེད་དགོས་ན་བླ་མ་དམ་པ་བརྒྱུད་པ་བཟང་བོ་བར་མ་ཆད་པ་ཞིག་དགོས་པ་དང༌། ཉམས་དང་རྟོགས་པའི་གནད་ཁྱད་པར་ཅན་གྱི་གཞི་ཞིག་འདིང་བ་བྱེད་པ་ལ་སེམས་ཉིད་མཐའ་བྲལ་གྱི་དོན་རྟོགས་པར་བྱེད་པ་དང༌། ཡོན་ཏན་གྱི་གཞི་འདིང་བར་བྱེད་པ་ལ་མེད་ཀྱི་ཐབས་མེད་ནི་དད་པ་དང་བརྩོན་འགྲུས་འབྲེལ་བ་དང༌། གཏན་དུ་བདེ་ཞིང་སྐྱིད་པའི་གཞི་འདིངས་བར་བྱེད་པ་ལ་འཁོར་བ་གཏན་དུ་སྤང་བ་སྟེ། དེ་ལྟ་བུའི་གཞི་འདིང་བ་དྲུག་གི་གདམས་ངག་དམ་པ་གོང་མ་རྣམས་ཀྱི་མཛད་སྤྱོད་ཡིན་པ་དེའི་རྗེས་སུ་སློབ་ཅིག

༢༦༩ ཟང་ཟིང་ནོར་རྫས་བསགས་པའི་སྐྱོན་དྲུག་བསྟན་པ།

ཟང་ཟིང་ནོར་རྫས་བསགས་པའི་སྐྱོན་དྲུག་ནི།།

དུག་ལྔའི་རྟེན་ཡིན་ཆགས་སྡང་ཟག་པ་འཕེལ།།

སེར་སྣའི་འཆིང་བྱེད་ཡི་དྭགས་ལས་ངན་སོག།

འཇིག་རྟེན་ཆོས་སོང་བྱང་ཆུབ་ལམ་དང་བྲལ།།

སྐྱེད་འཕེལ་བསྐྱང་སྲུང་མི་ཚེ་སྡུག་བསྔལ་ཟད།།

ཉམས་ལེན་ཆོས་འཛོལ་ལྷ་མིའི་ངན་སྨྲས་འདུ།།

བར་ཆད་བདུད་ཡིན་ཐ་མར་སྲོག་ལ་རྒོལ།།

དེ་བས་ནོར་རྫས་གསོག་གྲུན་སྐྱེད་འཕེལ་ཀུན།།

དམ་ཆོས་སྒྲུབ་པས་རིང་དུ་སྤང་བར་བྱ།།

ཞེས་གསུངས་པ་སྟེ། ཟང་ཟིང་ནོར་རྫས་བསགས་པའི་སྐྱོན་དྲུག་དེ་གང་ཡིན་ན་ནི། ནོར་རྫས་འདི་དུག་ལྔ་བོ་བསྐྱེད་པའི་རྟེན་ཡིན་པས་ཆགས་སྡང་གི་ཟག་པ་འཕེལ་བ་སྟེ། རྒྱུ་ནོར་གསོག་སྐྲུན་བྱེད་པ་འདི་ལ་བརྟེན་ནས་ཆགས་ཞེན་འཕེལ་བ་དང་། དེ་བསགས་དང་བསྲུངས་དང་བརླགས་པའི་ཁོངས་ནས་ཁོང་ཁྲོ་ཚིག་རྩུབ་གནོད་སེམས་ཕྲག་དོག་ལ་སོགས་པ་འཕེལ་བ་དང་། དེ་དག་རྨོངས་པ་ཁྱབ་བྱེད་ཀྱི་ཚུལ་དུ་འདིར་སྣང་ལ་ཞེན་ནས་ཕྱི་མའི་ཕུགས་འདུན་རྒྱག་མི་ཤེས་པ་དང་། རྒྱུ་ནོར་ལ་སེར་སྣའི་དབང་གིས་ཕྱི་མ་ངན་འགྲོ་ཡི་དྭགས་ལ་སྐྱེ་བའི་ལས་ངན་རྣམས་སོག་ནས་ད་ལྟ་ནས་ཀྱང་ཡི་དྭགས་ཀྱི་རྒྱུ་མཐུན་འཇུངས་ཤིང་འཇུར་གེགས་བྱེད་པ་དང་། བྱ་བ་ཐམས་ཅད་འཇིག་རྟེན་གྱི་ཆོས་སུ་སོང་ནས་བྱང་ཆུབ་ཀྱི་ལམ་དང་བྲལ་བ་དང་། བསགས་དང་བསྲུངས་དང་བརླགས་པའི་གདུང་བ་ཡིས། །ནོར་ནི་ཕུང་ཁྲོལ་མཐའ་ཡས་ཤེས་པར་བྱ། །ནོར་ལ་ཆགས་པས་གཡེངས་པར་གྱུར་པ་རྣམས། །སྲིད་པའི་སྡུག་བསྔལ་ལས་གྲོལ་སྐབས་མེད་དོ། །ཞེས་གསུངས་པ་ལྟར་དུ། བརྒྱ་ཉིས་བརྒྱ་དང་། ཉིས་བརྒྱ་སུམ་བརྒྱར་ཨེ་འགྱུར་གྱི་སྐྱེད་འཕེལ་དང་ཉར་ཚགས་བདག་སྐྱོང་དང་དགྲ་རྐུན་སྲུང་བ་སོགས་ཀྱིས་མི་ཚེ་སྡུག་བསྔལ་གྱིས་ཟད་པ་དང་། ཉམས་ལེན་གྱི་ཆོས་དང་འཛོལ་ནས་དཀར་ཕྱོགས་ཀྱི་ལྷ་མི་དགའ་ཞིང་བྱ་བ་ལམ་དུ་མི་འགྲོ་བ་དང་མིའི་ངན་སྨྲས་མང་པོར་འདུ་བ་དང་། རྒྱུ་ནོར་གསོག་གྲུན་གྱི་ངང་དུ་མི་ཚེ་ཤོར་འགྲོ་བ་དེ་ཆོས་པ་ཞིག་ལ་མཚོན་ན་བར་ཆད་ཀྱི་བདུད་དངོས་ཡིན་པས་ཐ་མར་ཏེ་མཐར་རྒྱུའི་དོན་དུ་སྲོག་ལ་རྒོལ་ནས་ཤོར་བ་དང་། རྒྱུ་མཚན་དེ་ལྟ་བས་ན་ནོར་རྫས་གསོག་གྲུན་དང་སྐྱེད་འཕེལ་དེ་དག་ཐམས་ཅད་དམ་ཆོས་སྒྲུབ་པའི་ཆོས་པ་ཞིག་ཡིན་ཚེ་རིང་དུ་སྤང་བར་བྱའོ།།

༢༧༠ བཟའ་ཚང་ལེགས་པར་བཙལ་བའི་ཆོས་དྲུག་བསྟན་པ།

བཟའ་ཚང་ལེགས་པར་བཙལ་བའི་ཆོས་དྲུག་ནི།།

ཕ་ཡི་དམ་པར་ཆོས་དབྱིངས་འགྱུར་མེད་ཚོལ།།

མ་ཡི་དམ་པར་རང་བྱུང་ཡེ་ཤེས་ཚོལ།།

བུ་ཡི་དམ་པར་རང་བྱུང་ཁྱེའུ་ཆུང་ཚོལ།།

གྲོགས་ཀྱི་དམ་པར་གཉིས་མེད་ཟུང་འཇུག་ཚོལ།།

ནོར་གྱི་དམ་པར་སེམས་ཉིད་ནོར་བུ་ཚོལ།།

གནས་ཀྱི་དམ་པར་སྐུ་གསུམ་ཞིང་ཁམས་ཚོལ།།

དེ་དག་འཛོམས་ན་རིག་པའི་གཏན་ཡུལ་ཟིན།།

ཞེས་གསུངས་པ་སྟེ། བཟའ་ཚང་ལེགས་པ་མ་འདྲ་བ་ཞིག་བཅའ་དགོས་བསམས་ན། ཕ་ཡི་དམ་པར་གཞི་ཆོས་དབྱིངས་འགྱུར་བ་མེད་པ་ཀ་དག་གདོད་ནས་དག་པའི་ཡེ་ཤེས་དེ་ཚོལ། མ་ཡི་དམ་པར་རང་བྱུང་གི་འབྲས་བུའི་ཡེ་ཤེས་ལྷུན་གྲུབ་བྱ་རྩོལ་དང་བྲལ་བ་དེ་ཉིད་ཚོལ་། བུ་ཡི་དམ་པར་རང་བྱུང་གི་རིག་པའི་ཁྱེའུ་ཆུང་ལམ་གྱི་ཡེ་ཤེས་ཚོལ། གྲོགས་ཀྱི་དམ་པར་སྣང་སྟོང་གཉིས་སུ་མེད་པའི་གཉིས་མེད་མཉམ་པ་ཉིད་ཟུང་འཇུག་གི་ཡེ་ཤེས་དེ་ཉིད་ཚོལ། ནོར་ཐམས་ཅད་ཀྱིི་ནང་ནས་མཆོག་ཏུ་གྱུར་བ་དམ་པ་དེ་གང་ཡིན་ན་སེམས་ཉིད་རང་བྱུང་གི་ཡེ་ཤེས་གནས་ལུགས་དོན་གྱི་ནོར་བུ་ཡིན་པས་དེ་ཉིད་ཚོལ། གནས་ཀྱི་དམ་པ་གནས་ཁྱད་པར་ཅན་སངས་རྒྱས་སྐུ་གསུམ་གྱི་ཞིང་ཁམས་གཞན་ནས་མ་འོང་རང་ལ་གནས་པ་དེ་ཉིད་ཚོལ། དེ་ལྟ་བུའི་ཕ་མ་བུ་གསུམ་གྲོགས་དང་ནོར་གནས་དེ་དག་འཛོམས་ན་རིག་པའི་གཏན་ཡུལ་ཟིན་ནས་ཁྱིམ་བཟང་པོ་ཞིག་བཅའ་ཐུབ་པའོ།།

༢༧༡ ཉམས་ལེན་སྲོལ་དུ་འཇུག་པའི་ཆོས་དྲུག་བསྟན་པ།

ཉམས་ལེན་སྲོལ་དུ་འཇུག་པའི་ཆོས་དྲུག་ནི།།

འཁོར་བའི་སྐྱེལ་མར་སྐྱབས་འགྲོ་ཉམས་སུ་བླང༌།།

སོ་ནམ་ལས་སུ་ཆོས་སྤྱོད་ཉམས་སུ་བླང༌།།

མྱུར་མགྱོགས་རྟ་ཕོར་ཐབས་ལམ་ཉམས་སུ་བླང༌།།

ནོར་གྱི་དབྱིག་ཏུ་ཚོགས་གཉིས་ཉམས་སུ་བླང༌།།

ཁེ་སྤོགས་འཕེལ་དུ་ཡོན་ཏན་ཉམས་སུ་བླང༌།།

ཟས་སྐོམ་བཅུད་དུ་གདམས་ངག་ཉམས་སུ་བླང༌།།

དེ་ལྟར་སུས་བྱས་གོང་མའི་བརྒྱུད་པ་ཟིན།།

ཞེས་གསུངས་པ་སྟེ། ཉམས་ལེན་ལམ་སྲོལ་དུ་འཇུག་པའི་ཆོས་དྲུག་ནི། སྐྱེལ་མ་བཟང་བོ་ཞིག་གིས་དགྲ་དོགས་དགོས་ས་ཞིག་ནས་བསྐྱལ་ན་མགོ་ཐོན་ལམ་ཡག་ཏུ་འདོད་པའི་སར་བདེ་བླག་ཏུ་འབྱོར་བར་བྱེད་པ་བཞིན་ཡིན་པས་འཁོར་བའི་སྐྱེལ་མར་སྐྱབས་འགྲོ་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་ཉམས་སུ་བླང་དགོས་པ་དེས་ན་སྐྱབས་འགྲོ་སེམས་བསྐྱེད་འདི་དག་དང་པོ་མགོ་ཞིག་ནས་ཉམས་སུ་བླངས་པས་ཆོག་པ་དཔེར་ན་འབུམ་ལྔ་བསགས་ཚར་དུས་མི་དགོས་པ་དེ་འདྲ་མ་ཡིན་ནོ། །ཞིང་པ་སོ་ནམ་པ་ཞིག་ལ་ཆ་མཚོན་ན་དབྱར་དགུན་སྟོན་དཔྱིད་ཀུན་ཏུ་ཞིང་དང་ལོ་ཏོག་ལ་ཕན་པའི་བྱ་བ་ཆག་མེད་རྒྱུན་དུ་བྱེད་དགོས་པ་བཞིན་དུ། ཆོས་པ་དག་གིས་ཀྱང་ཆོས་སྤྱོད་ཀྱི་ཉམས་ལེན་རྒྱུན་མི་ཆད་པ་དགོས་པ་དང་། ས་ཐག་རིང་གཅད་དགོས་ན་མྱུར་མགྱོགས་ཀྱི་རྟ་ཕོར་བརྟེན་དགོས་པ་ལྟར་དུ་ས་ལམ་མྱུར་བགྲོད་བྱེད་བསམ་པ་ཞིག་གིས་ཐབས་ལམ་ཁྱད་པར་ཅན་ཉམས་སུ་བླང་དགོས་པ་དང་། འཁོར་བའི་གནས་ནས་བྲོས་ཏེ་ཐར་ལམ་སྙེགས་པ་ཞིག་གིས་མེད་ཐབས་མེད་པའི་ནོར་གྱི་དབྱིག་ནི་ཚོགས་གཉིས་ཡིན་པས་ཉམས་སུ་བླང་དགོས་པ་དང་། ཁེ་སྤོགས་འཕེལ་དུ་ཡོན་ཏན་ཉམས་སུ་བླང༌། སྐྱེད་ཁེ་ཞིག་ཡར་འཕེལ་དགོས་འདུག་བསམས་ན་ཡོན་ཏན་ཉམས་སུ་ལོངས་དང་ཁེ་སྤོགས་ཀྱི་སྐྱེད་དེར་འཕེལ་དུ་ཡོད་པ་ཡིན། མི་རྣམས་ལུས་སྟོབས་རྒྱས་དགོས་ཚེ་ཟས་སྐོམ་གྱི་བཅུད་ལ་བརྟེན་དགོས་པ་དང་འདྲ་བར་ཐར་ལམ་བགྲོད་པ་དམ་པའི་ལུས་ཟུངས་ཤིག་རྒྱས་དགོས་དུས་གདམས་ངག་གི་བཅུད་བཟང་ཉམས་སུ་བླང་དགོས་པ་སྟེ། དེ་ལྟར་དུ་སུས་བྱས་པ་དེས་གོང་མའི་བརྒྱུད་པ་ཡང་དག་པ་ཟིན་ནས་དམ་པའི་རྒྱལ་ས་ཟིན་པ་ཡིན་ནོ།།

༢༧༢ རིག་པ་ལམ་གཞུག་གདམས་ངག་རྣམ་དྲུག་བསྟན་པ།

རིག་པ་ལམ་གཞུག་གདམས་ངག་རྣམ་དྲུག་ནི།།

སྐབས་སུ་རང་སྣང་མཐུན་པའི་རྐྱེན་གྲོགས་ལྟོས།།

རང་སྣང་ཤེས་པས་ཉམས་མྱོང་གྲོགས་སུ་འཆར།།

སྐབས་སུ་མི་མཐུན་གནོད་པའི་རྐྱེན་སྣང་ལྟོས།།

འཁྲུལ་བ་ཞེན་ལོག་གནད་དུ་ཆེ་བ་ཡིན།།

སྐབས་སུ་གྲོགས་དང་གཞན་གྱི་བླ་མ་ལྟོས།།

བཟང་ངན་ཤེས་ན་ཉམས་ལེན་སྐུལ་མ་ཡིན།།

སྐབས་སུ་མཁའ་ལ་འབྱུང་བཞིའི་ཆོ་འཕྲུལ་ལྟོས།།

སེམས་ཉིད་ངང་དུ་འབད་རྩོལ་ཞིག་པ་ཤེས།།

སྐབས་སུ་རང་གི་ཡུལ་མཁར་ལོངས་སྤྱོད་ལྟོས།།

སྒྱུ་མར་ཤེས་པས་འཁྲུལ་སྣང་ཞེན་པ་ལོག།

སྐབས་སུ་གཞན་གྱི་མི་ནོར་ལོངས་སྤྱོད་ལྟོས།།

སྙིང་རྗེར་ཤེས་པས་འཁོར་བའི་འདོད་པ་སྤོང༌།།

མདོར་ན་སྣ་ཚོགས་སྣང་བའི་ཆོས་རྣམས་ལ།།

རང་བཞིན་བརྟགས་པས་བདེན་ཞེན་འཁྲུལ་བ་འཇིག།

ཅེས་གསུངས་པ་སྟེ། རིག་པ་ལམ་གཞུག་གི་གདམས་ངག་རྣམ་དྲུག་དེ་གང་ཡིན་ན། སྐབས་དང་སྐབས་སུ་རང་སྣང་དང་མཐུན་པའི་རྐྱེན་དང་གྲོགས་རང་ཉིད་གང་ལ་མོས་པའི་ས་ཕྱོགས་དང་། གང་ཉན་པར་འདོད་པའི་གཏམ་སྙན་དང་། གང་དང་འགྲོགས་པར་འདོད་པའི་གྲོགས་སོགས་ལ་ལྟོས་དང་། དེ་ཚོ་རང་སྣང་ལས་འཆར་བར་ཤེས་པས་ན་ཉམས་མྱོང་གི་གྲོགས་སུ་འཆར་བ་ཡིན་པ་དང་། ཡང་སྐབས་དང་སྐབས་སུ་མི་མཐུན་གནོད་པའི་རྐྱེན་སྣང་ཡུལ་ཡིད་དུ་མི་འོང་བ་དང་། གྲོགས་མི་དགའ་ས་ལ་སོགས་པར་ལྟོས་དང་། འཁྲུལ་བར་ཞེན་ལོག་སྐྱེད་བྱེད་ཀྱི་གནད་དུ་ཆེ་བ་ཡིན། སྐབས་དང་སྐབས་སུ་གྲོགས་གཞན་དང་གཞན་གྱི་བླ་མ་ལ་ལྟོས་དང་གྲོགས་དང་བླ་མ་དེ་ཚོའི་བཟང་ངན་གྱི་དབྱེ་བ་ཤེས་པ་ཡིན་པས། གཅིག་ན་ཉམས་ལེན་གནད་ཀྱི་སྐུལ་མ་དང་། གཉིས་ན་བཟང་ངན་གྱི་དབྱེ་བ་འབྱེད་ཤེས་པ་ཡིན། ཡང་སྐབས་དང་སྐབས་སུ་མཁའ་ལ་འབྱུང་བཞིའི་ཆོ་འཕྲུལ་ནམ་མཁའ་ནས་གློག་འཁྱུག་པ་དང་། འབྲུག་གི་སྒྲ་གྲགས་པ་དང་། ཆར་བྱུང་བ་དང་། སེར་བ་འབེབ་པ་དང་། སྤྲིན་འཐིབས་པ་དང་། ན་བུན་འཁྲིགས་པ་སོགས་ལ་ལྟོས་ཤིག་དང་། གང་བྱུང་དེ་དག་ཐམས་ཅད་རེ་ཞིག་ནས་ནམ་མཁའི་ངང་དུ་གཞི་མེད་རང་སངས་སུ་འགྲོ་བ་ཡིན། དེ་དང་འདྲ་བ་རྟོག་པའི་སྤྲིན་ཚོགས་དགེ་དང་མི་དགེའི་གཟུགས་བརྙན་གང་སྣང་བ་ཐམས་ཅད་སེམས་ཉིད་འོད་གསལ་བའི་དབྱིངས་སུ་འབད་རྩོལ་མི་དགོས་པར་ཞིག་ནས་རང་ཞུ་རང་ཐིམ་དུ་འགྲོ་བར་ཤེས་པ་ཡིན། ཡང་སྐབས་དང་སྐབས་སུ་རང་གི་ཡུལ་མཁར་ལོངས་སྤྱོད་ལ་ལྟོས་དང་། སྔར་ཡོད་པ་ད་མེད་པ་ལ་སོགས་པ་མི་རྟག་པའི་ངང་ཚུལ་སྒྱུ་མའི་རང་བཞིན་ཡིན་པར་ཤེས་པས་རང་ཉིད་ཀྱི་འཁྲུལ་སྣང་དང་ཞེན་པ་གཏིང་ནས་ལོག་པའི་དཔེ་དངོས་སུ་མཐོང་བའི་ཕན་པ་ཆེན་པོ་ཡོད་པ་དང་། སྐབས་དང་སྐབས་སུ་གཞན་གྱི་མི་ནོར་ལོངས་སྤྱོད་དང་དེའི་བྱུང་བ་ལ་བལྟས་དུས། བསགས་པ་ཐམས་ཅད་ལོངས་སྤྱད་ལོང་མ་བྱུང་བ་དང་། ནོར་རྫས་ཕྱི་མའི་ཡུལ་དུ་ཁྱེར་ས་མེད་པ་དང་། ཚེ་གཅིག་ལ་དཀའ་བས་བསགས་པ་དེ་ཉིན་གཅིག་ལ་སྟོང་སོང་བ་སོགས་ལ་ལྟོས་དང་། དེ་དག་ལ་སྙིང་རྗེ་སྐྱེ་བ་དང་བདེ་སྐྱིད་ལ་ཞེན་ཅིང་ཆགས་པའི་འདོད་པ་སྤོང་བར་བྱེད་དོ། །མདོར་ན་འདི་ལྟར་འཇིག་རྟེན་གྱི་ཁམས་ཀྱི་སྣ་ཚོགས་སྣང་བའི་ཆོས་འདི་དག་རྣམས་ལ་ངེས་པར་སེམས་ནས་དེ་དག་གི་རང་བཞིན་བརྟགས་པས་རང་ཉིད་ཀྱི་བདེན་ཞེན་ཞིག་ནས་འཁྲུལ་བའི་ཚོགས་ཐམས་ཅད་འཇིག་པ་ལ་ཕན་པ་ཆེའོ།།

༢༧༣ བལྟས་པས་ལེགས་པར་མཐོང་བའི་ཆོས་དྲུག་བསྟན་པ།

བལྟས་པས་ལེགས་པར་མཐོང་བའི་ཆོས་དྲུག་ནི།།

ཕྱི་རོལ་སྣང་བ་དུས་བཞིའི་འགྱུར་ལྡོག་ལྟོས།།

མི་རྟག་སྐྱོ་ཤས་བློ་སྣ་ཐུང་བ་འཆར།།

ཕན་བཏགས་ལན་དུ་གནོད་པ་བྱེད་པ་ལྟོས།།

སྙིང་ནས་ཞེན་ལོག་ཐུན་མོང་མ་ཡིན་འཆར།།

དོན་མེད་གཞན་གྱིས་ཆགས་སྡང་བྱེད་པ་ལྟོས།།

ངེས་འབྱུང་དྲག་པོས་གང་ལའང་དགོས་མེད་འཆར།།

བསྐྱངས་པའི་བུ་ཚས་ཕ་མར་མི་བསྟོངས་ལྟོས།།

གཞན་ལ་བློ་ལྟོས་རེ་བ་ཆུང་བ་འཆར།།

འབྱོར་ལྡན་ཤི་ནས་སྒྲེན་མོར་སོང་བ་ལྟོས།།

ཡོ་བྱད་གཉེན་འདུན་ཞེན་པ་ལོག་པ་འཆར།།

ཐར་ལམ་དེད་དཔོན་བླ་མའི་སྐུ་དྲིན་ལྟོས།།

སྙིང་ནས་མོས་གུས་མཆི་མ་གཡོ་བ་འཆར།།

དེ་ལྟར་བདེ་སྡུག་འཁྲུལ་བའི་རྐྱེན་རྣམས་ལ།།

ལེགས་པར་བསམས་ཏེ་ངེས་འབྱུང་སྐྱོ་ཤས་བསྐྱེད།།

ཅེས་གསུངས་པ་སྟེ། ལེགས་པར་བལྟས་པས་ལེགས་པར་མཐོང་བའི་ཆོས་དྲུག་དེ་གང་ཡིན་ན། ཕྱི་རོལ་གྱི་སྣང་བ་ནམ་ཟླ་དུས་བཞིའི་འགྱུར་ལྡོག་དབྱར་གཞུག་ལ་སྟོན་དང་། སྟོན་གཞུག་ཏུ་དགུན་ལ་སོགས་པས་འགྱུར་བ་ལ་ལྟོས་དང་། མི་རྟག་སྐྱོ་ཤས་སྐྱེ་ནས་བློ་སྣ་ཐུང་བར་འཆར་བ་དང་། དྲིན་ཅན་གྱི་ཕ་མ་སོགས་ཀྱིས་ཆུང་དུས་དྲིན་གྱིས་བསྐྱངས་ནས་ཕན་བཏགས་པའི་ལན་དུ། རང་ལག་ཁྱོག་པ་དང་དེ་དག་རྒས་པའི་སྐབས་སུ་བཀུར་བསྟི་མེད་ནས་ཡི་མུག་ཏུ་འཇུག་པའི་ཚུལ་ལ་ལྟོས་དང་། སྙིང་ནས་ཞེན་ལོག་ཐུན་མོང་མ་ཡིན་པ་འཆར་བ་ཡིན་པའི་ཕྱིར། དོན་མེད་ཚེ་འདིའི་བྱ་བཞག་ཆུང་ཆུང་ཞིག་གི་དོན་དུ་ཡང་ཆགས་སྡང་གི་སྒོ་ནས་ལས་ངན་སྣ་ཚོགས་བྱེད་པ་ལ་ལྟོས་དང་། འཁོར་བའི་ལས་དེར་ངེས་འབྱུང་དང་སྐྱོ་ཤས་དྲག་པོ་སྐྱེས་ནས་ཚེ་འདིིའི་བྱ་བཞག་ཐམས་ཅད་ལ་དགོས་མེད་ཀྱི་སྣང་བ་འཆར་བ་ཡིན་པ་དང་། ཕ་མས་དྲིན་གྱིས་བསྐྱངས་པའི་བུ་ཚས་མི་བསྟོངས་པའམ་ཕན་པས་མི་བསྐྱངས་པའི་ཚུལ་ལ་ལྟོས་དང་། མི་གཞན་ལ་བློ་ལྟོས་ཀྱི་རེ་བ་ཆུང་བ་དེ་འཆར་བ་ཡིན་པ་དང་། གསོན་ཚེ་རྒྱུ་ནོར་ལོངས་སྤྱོད་ཀྱི་འབྱོར་བ་ལྡན་པའི་མི་ཤི་བའི་སྐབས་སུ་ཇི་ལྟ་བུའི་ཕྱུག་པོ་ཞིག་ཡིན་རུང་སྒྲེན་མོ་གཅེར་བུར་ཁབ་སྐུད་ཙམ་ཁྱེར་དབང་མེད་པར་མར་གྱི་ནང་ནས་སྤུ་བཏོན་པ་ལྟར་དུ་སོང་བ་ལ་ལྟོས་དང་། རྒྱུ་ནོར་ལོངས་སྤྱོད་ཀྱི་ཡོ་བྱད་དང་གཉེན་འདུན་ཐམས་ཅད་ལ་ཞེན་པ་ལོག་པའི་ཉམས་སྣང་འཆར་བ་ཡིན་པ་དང་། ཐར་བའི་ལམ་དུ་འཁྲིད་པའི་དེད་དཔོན་བླ་མ་དམ་པའི་སྐུ་དྲིན་ལ་ལྟོས་དང་། སྙིང་ནས་མོས་གུས་ཀྱི་མཆི་མ་གཡོ་བ་ཞིག་འཆར་བ་ཡིན། དེ་ལྟར་འཇིག་རྟེན་འདིར་སྣང་གི་བདེ་སྡུག་འཁྲུལ་བའི་རྐྱེན་རྣམས་ཐམས་ཅད་ལ། ལེགས་པར་བསམས་པའི་གནད་ཤེས་པ་བྱས་ཏེ་ངེས་འབྱུང་སྐྱོ་ཤས་བསྐྱེད་པར་བྱའོ།།

༢༧༤ སྐབས་སུ་ལེགས་པར་ལྟ་བའི་ཆོས་དྲུག་བསྟན་པ།

སྐབས་སུ་ལེགས་པར་ལྟ་བའི་ཆོས་དྲུག་ནི།།

སྐབས་སུ་རང་གཞན་ལུས་ཀྱི་བྱེད་སྤྱོད་ལྟོས།།

གར་མཁན་རྩེད་མོ་འདྲར་མཐོང་བདེན་མེད་འཆར།།

སྐབས་སུ་ངག་གི་སྨྲ་བརྗོད་སྒྲ་ལ་ལྟོས།།

གྲགས་སྟོང་བྲག་ཅ་འདྲར་མཐོང་བརྗོད་མེད་འཆར།།

སྐབས་སུ་ཡིད་ཀྱི་བདེ་སྡུག་ཅི་ཤར་ལྟོས།།

རིག་པའི་རོལ་བར་མཐོང་བས་གནས་ལུགས་འཆར།།

སྐབས་སུ་འགྱུ་དྲན་རྟོག་པའི་རང་ངོ་ལྟོས།།

རང་ཡལ་ཤེས་པ་ཆོས་སྐུ་ཅེར་མཐོང་འཆར།།

སྐབས་སུ་སེམས་ཉིད་མ་གཡོས་ངང་ལ་ལྟོས།།

འཕྲོ་འདུ་མེད་མཐོང་ཟད་པའི་དགོངས་པ་འཆར།།

སྐབས་སུ་ཅོག་གཞག་བྱ་བཙལ་བྲལ་ལ་ལྟོས།།

བྱར་མེད་མཐོང་བས་བློ་བདེ་ཁོང་ནས་འཆར།།

དེ་ལྟར་སུས་ཤེས་ཟབ་མོའི་དོན་ལ་མཁས།།

ཞེས་གསུངས་པ་སྟེ། སྐབས་སུ་ལེགས་པར་ལྟ་བའི་ཆོས་དྲུག་དེ་གང་ཡིན་ན། སྐབས་དང་སྐབས་སུ་རང་གཞན་གྱི་ལུས་ཀྱི་བྱེད་སྤྱོད་ལས་ལུགས་བཅའ་སྟངས་ལ་ལྟོས་དང་། གར་མཁན་གྱིས་ལུས་ཀྱི་རྩེད་མོའི་རྣམ་འགྱུར་འདྲ་དང་མི་འདྲར་བརྫུས་པར་མཐོང་བས་དེ་དག་ཐམས་ཅད་བརྫུས་པ་ཙམ་ལས་བདེན་མེད་དུ་ཤེས་པ་འཆར་བ་ཡིན་པ་དང་། སྐབས་དང་སྐབས་སུ་རང་དང་གཞན་གྱི་ངག་གི་སྨྲ་བརྗོད་སྣ་ཚོགས་སྨྲས་པ་ལ་ལྟོས་དང་། གྲག་བཞིན་དུ་སྟོང་བའི་བྲག་ཅ་འདྲ་བར་མཐོང་ནས་ཆོས་སྐུའི་གསུང་བརྗོད་དུ་མེད་པ་འཆར་བ་ཡིན། སྐབས་སུ་རང་གི་ཡིད་ཀྱི་བདེ་སྡུག་ཅི་ཤར་ལ་ལྟོས་དང་། རིག་པའི་རོལ་བ་བལྟ་བྱ་ལྟ་མཁན་དང་བྲལ་བ་མེད་བཞིན་དུ་མ་འགག་པར་སྣང་བ་དེ་རིག་པའི་རོལ་བ་ཡིན་པར་མཐོང་བས་ན་གནས་ལུགས་རྟོགས་པ་བཅོས་མིན་འཆར་བའི་སྒོ་བྱེ་བ་ཡིན་པ་དང་། སྐབས་དང་སྐབས་སུ་རྣམ་རྟོག་འགྱུ་དྲན་གྱི་རྟོག་པ་སེམས་ཕྱི་རུ་འཕྲོ་བའི་རང་ངོ་ལ་ལྟོས་དང་། རང་ཡལ་གྱི་ཤེས་པ་ཆོས་སྐུ་ཅེར་མཐོང་སྒྲིབ་མེད་དུ་འཆར་བ་སྟེ་འཕྲོ་ཐོག་ཏུ་ཆོས་སྐུ་རང་གསལ་ངོ་ཤེས་པ་ཡིན། སྐབས་དང་སྐབས་སུ་སེམས་ཉིད་རང་གི་ངོ་བོ་མ་གཡོས་པར་གནས་པའི་ཆོས་སྐུའི་རང་ངོ་ལ་ལྟོས་དང་། སེམས་ཉིད་འཕྲོ་འདུ་མེད་པར་གནས་པའི་ཐོག་ནས་རང་ངོ་མཐོང་སྟེ་འཕྲོ་འདུའི་རྣམ་རྟོག་ཟད་པའི་དགོངས་པ་འཆར་བ་ཡིན། སྐབས་དང་སྐབས་སུ་ཅོག་གིས་གཞག་པ་བྱ་བཙལ་བྲལ་བའི་ངོ་བོ་ལ་ལྟོས་དང་། བྱར་མེད་བྱས་ཆོས་བྲལ་བའི་རང་ངོ་མཐོང་བས་ན་གང་ལའང་ཡིད་སྨོན་མེད་པའི་བློ་བདེ་ཁོང་ནས་འཆར་བ་སྟེ། དེ་ལྟ་བུའི་རྫོགས་ཆེན་གྱི་མན་ངག་སུས་ཤེས་པ་དེ་ནི་ཟབ་མོའི་དོན་ལ་མཁས་པའོ།།

༢༧༥ རང་བཞིན་ལེགས་པར་བསམ་པའི་ཆོས་དྲུག་བསྟན་པ།

རང་བཞིན་ལེགས་པར་བསམ་པའི་ཆོས་དྲུག་ནི།།

སྐྱེ་རྒ་ན་འཆིའི་དམག་ལ་བག་ཟོན་བསྐྱེད།།

སྔར་བསགས་ལས་ཀྱི་བུ་ལོན་ད་རེས་སྦྱངས།།

གཟུང་འཛིན་འཇིགས་པའི་འཕྲང་ལས་ད་རེས་བྲོས།།

རྣམ་སྨིན་སྡིག་པའི་ཁུར་པོ་རྒྱབ་ཏུ་བོར།།

འཛད་ངེས་ཚེ་ཡི་ཐར་ལམ་བྱང་ཆུབ་སྒྲུབས།།

འཆི་བའི་ལ་ཆེན་རྒལ་ལ་བསམ་བློ་ཐོངས།།

དེ་ལྟར་བྱས་ན་ཐར་བའི་སྐམ་སར་སྙེགས།།

ཞེས་གསུངས་པ་སྟེ། རང་བཞིན་ལེགས་པར་བསམ་པའི་ཆོས་དྲུག་དེ་གང་ཡིན་ན། སྐྱེ་རྒ་ན་འཆི་བཞི་བོ་དེ་དམག་གི་དཔུང་ཆེན་དང་འདྲ་བས་དེ་ལ་བག་ཟོན་བསྐྱེད་དགོས་པ་དང་། སྔར་སྐྱེ་བ་སྔོན་མར་བསགས་པའི་ལས་ཀྱི་བུ་ལོན་ཐམས་ཅད་ད་རེས་ཀྱི་ལུས་རྟེན་འདི་ལ་སྦྱངས་ནས་ཚེ་རབས་རྗེས་མར་བུ་ལོན་འཇལ་མི་དགོས་པར་རྟེན་འདིའི་ཐོག་ནས་ཐར་ལམ་སྙོགས་པ་ཞིག་བྱེད་པ་དང་། གཟུང་དང་འཛིན་པའི་འཇིགས་པའི་འཕྲང་དམ་པོ་འཁོར་བའི་ནང་དུ་ད་བར་དུ་འཁོར་བའི་སྡུག་བསྔལ་ནས་མི་ཐར་བ་ལས་ད་རེས་འབྲོས་དགོས་པ་དང་། སྔོན་བསགས་ཀྱི་རྣམ་སྨིན་སྡིག་པའི་ཁུར་པོ་ད་རེས་རྒྱབ་ཏུ་བོར་ནས་འཕེན་ཐུབ་པ་བྱེད་པ་དང་། འཛད་ངེས་པ་ཟད་འགྲོ་ཤག་ཤག་ཡིན་པའི་ཚེ་ཡི་ཚད་ལ་བསམ་བློ་བཏང་ནས་ཐར་ལམ་མ་ནོར་བའི་བྱང་ཆུབ་སྒྲུབས་ཤིག འཆི་བ་ནི་དཔེར་ན་ལ་ཆེན་པོ་ཞིག་དང་འདྲ་ལ། དེ་ཡང་ཐམས་ཅད་ཀྱིས་ལ་དེ་ངེས་པར་རྒྱག་དགོས་པ་ན། འགའ་རེ་ནི་ལའི་རྩ་བ་ནས་འགྲོ་བཞིན་ཡོད་ལ། འགའ་རེ་ནི་ལ་རྐེད་ནས་འགྲོ་བཞིན་ཡོད་པ་དང་། འགའ་རེ་ལ་སྒང་གི་ཉག་ག་མདའ་ལྟོང་འདྲ་དེར་ཐོན་བཞིན་ཡོད་པ་ལ་བསམ་བློ་ཐོངས་ཤིག དེ་ལྟར་རང་བཞིན་ལེགས་པ་བསམ་པའི་ཆོས་དྲུག་ལ་བསམ་བློ་བསྐོར་ནས་བསམ་པར་བྱས་ན་ཐར་བའི་སྐམ་སར་སྙེགས་པའོ།།

༢༧༦ གཅུད་ལ་བོར་བའི་དམ་ཆོས་རྣམ་དྲུག་བསྟན་པ།

གཅུད་ལ་བོར་བའི་དམ་ཆོས་རྣམ་དྲུག་ནི།།

སྐྱུག་ལོག་བསམ་པས་འཁོར་བ་གཅུད་ལ་བོར།།

བརྩོན་འགྲུས་བསྟེན་ནས་ཉམས་ལེན་གཅུད་ལ་བོར།།

མོས་གུས་གསོལ་བས་བླ་མ་གཅུད་ལ་བོར།།

དམ་ཚིག་བསྙེན་སྒྲུབ་ཡི་དམ་གཅུད་ལ་བོར།།

གཏོར་ཚོགས་བརྩོན་པས་མཁའ་འགྲོ་གཅུད་ལ་བོར།།

ཡང་ཟབ་གདམས་པས་ལྟ་སྒོམ་གཅུད་ལ་བོར།།

དེ་ལྟར་སུས་བྱས་དངོས་གྲུབ་མྱུར་དུ་ཐོབ།།

ཅེས་གསུངས་པ་སྟེ། གཅུད་ལ་བོར་བའམ་གནད་དུ་བོར་བའི་དམ་ཆོས་རྣམ་པ་དྲུག་ནི། སྐྱུག་ལོག་སྟེ་ཞེན་ལོག་གི་ངེས་འབྱུང་ལ་བསམ་པས་འཁོར་བ་གཅུད་ལ་བོར་བའམ་གནད་ལ་བོར་ཏེ་དགོས་མེད་དུ་འདོར་ཐུབ་པ་དང་། བརྩོན་འགྲུས་ཀྱི་ཤུགས་དྲག་པོ་བསྟེན་ནས་ཉམས་ལེན་གཅུད་ལ་བོར་ནས་གནད་དུ་བསྣུན་པ་དང་། མོས་གུས་ཀྱི་སྒོ་ནས་གསོལ་བ་བཏབ་པས་བླ་མ་སྒོམ་པ་ནི་དེ་ཉིད་གནད་དུ་བསྣུན་ནས་གཅུད་ལ་བོར་བ་ཡིན་པ་དང་། དམ་ཚིག་སྲུང་བའི་བསྙེན་སྒྲུབ་ཀྱིས་ཡི་དམ་སྒྲུབ་པ་ནི་གཅུད་ལ་བོར་ནས་དངོས་གྲུབ་ཐོབ་པ་དང་། མཁའ་འགྲོ་སྒྲུབ་དུས་གཏོར་ཚོགས་ཀྱི་མཆོད་པ་རྒྱུན་མི་ཆད་པ་མཆོད་ལ་བརྩོན་པས་མཁའ་འགྲོ་གནད་ལ་བསྣུན་ནས་གཅུད་ལ་བོར་ཐུབ་པ་དང་། ཡང་ཟབ་ཀྱི་གདམས་པ་ཁྱད་པར་ཅན་གྱིས་ལྟ་སྒོམ་གནད་དུ་བསྣུན་ནས་གནད་ལ་བོར་བ་སྟེ། དེ་ལྟར་སུས་བྱས་ན་དངོས་གྲུབ་མྱུར་དུ་ཐོབ་པ་ཡིན་ནོ།།

༢༧༧ མཉམ་པ་དྲུག་དགོས་ལེགས་པར་བསྟན་པ།

མཉམ་པ་དྲུག་དགོས་ལེགས་པར་བསྟན་པ་ནི།།

འགྲོ་དྲུག་ཕ་མར་ཤེས་པས་དགྲ་དང་བུ་མཉམ་དགོས།།

ནོར་རྫས་འཁྲུལ་སྣང་ཤེས་པས་གསེར་དང་བོང་མཉམ་དགོས།།

གཤིས་ལ་ལས་འབྲས་མེད་པས་དགེ་སྡིག་མཉམ་ཤེས་དགོས།།

ཚོགས་དྲུག་ཆོས་ཉིད་ཤེས་པས་མཉམ་རྗེས་མེད་ཤེས་དགོས།།

ཉོན་མོངས་ཡེ་ཤེས་གསལ་བས་སྤང་བླང་མེད་ཤེས་དགོས།།

གནས་ལུགས་གདོད་ནས་དག་པས་འཁོར་འདས་མཉམ་ཤེས་དགོས།།

དེ་ལྟར་མཉམ་ཤེས་ཆེན་པོའི་རྣལ་འབྱོར་ཡིན།།

ཞེས་གསུངས་པ་སྟེ། མཉམ་པ་དྲུག་དགོས་པའི་ཚུལ་ལེགས་པར་བསྟན་པ་ནི། འགྲོ་དྲུག་གི་སེམས་ཅན་ཐམས་ཅད་ཕ་མ་ཡིན་པར་ཤེས་པས་ན་ཚེ་འདིའི་དགྲ་དང་ཚེ་འདིའི་བུ་ངོ་མཉམ་པའི་བཏང་སྙོམས་ཚད་མེད་དགྲ་དང་བུ་གཉིས་ཀ་ཁྱད་མེད་པ་གཅེས་པ་ཞིག་དགོས་པ་དང་། འཇིག་རྟེན་སྒྱུ་མའི་ནོར་རྫས་འདི་སླུ་བྱེད་ཀྱི་འཁྲུལ་སྣང་ཙམ་ཞིག་ཏུ་ཤེས་པས་གསེར་དང་བོང་བ་གཉིས་ལ་ཞེན་ཆགས་མེད་པའི་ཆ་ནས་འདྲ་བ་ཞིག་དགོས། ཆོས་ཉིད་ཀྱི་གཤིས་ལ་ལས་འབྲས་མཚན་མ་གྲུབ་པ་ཞིག་མེད་པ་ཡིན་པས་དགེ་སྡིག་མཉམ་པར་ཤེས་པའི་ངེས་ཤེས་ཅན་གྱི་ལྟ་དགོངས་མཐོན་པོ་ལ་གནས་དགོས་པ་དང་། ཕྱི་ཚོགས་དྲུག་ཆོས་ཉིད་ཀྱི་རོལ་བར་ཤེས་པས་ན་མཉམ་བཞག་དང་རྗེས་ཐོབ་དབྱེ་བ་མེད་པར་ཤེས་པ་ཞིག་དགོས་པ་དང་། ཉོན་མོངས་གནས་སུ་དག་པ་ཡེ་ཤེས་ལྔའི་རང་བཞིན་ནམ་ཉོན་མོངས་རང་གྲོལ་ཡེ་ཤེས་སུ་གསལ་བས་དོན་ལ་སྤང་བླང་མེད་པར་མཉམ་པ་ཉིད་ཤེས་པ་ཞིག་དགོས། གནས་ལུགས་གཞི་ཡི་བཞུགས་ཚུལ་འཁོར་འདས་གདོད་ནས་དག་པ་ཡིན་པས་འཁོར་འདས་གཉིས་ཀ་མཉམ་པར་ཤེས་དགོས་པ་སྟེ། དེ་ལྟར་མཉམ་ཉིད་དུ་ཤེས་པ་ནི་ཆེན་པོའི་རྣལ་འབྱོར་ཡིན་ནོ།།

༢༧༨ མི་འཇུག་དྲུག་གི་གདམས་ངག་བསྟན་པ།

མི་འཇུག་དྲུག་གི་གདམས་ངག་བསྟན་པ་ནི།།

ཅིར་སྣང་བདེན་མེད་རྟོགས་པས་འཁྲུལ་སྣང་ཡིད་མི་འཇུག།

ཅི་བྱས་དོན་མེད་རྟོགས་པས་འཇིག་རྟེན་ཡིད་མི་འཇུག།

རང་དོན་གོལ་སར་རྟོགས་པས་ཐེག་དམན་ཡིད་མི་འཇུག།

གཞི་ལ་སྐྱེ་མེད་རྟོགས་པས་སྐྱེ་འགག་ཡིད་མི་འཇུག།

སེམས་ཉིད་དམིགས་མེད་རྟོགས་པས་མཚན་འཛིན་ཡིད་མི་འཇུག།

ཆོས་ཉིད་བྱ་བྲལ་རྟོགས་པས་རྩོལ་སྒྲུབ་ཡིད་མི་འཇུག།

གནས་ལུགས་རྟོགས་པའི་རྟགས་སུ་ཤུགས་ལ་འཆར།།

ཞེས་གསུངས་པ་སྟེ། མི་འཇུག་དྲུག་གི་གདམས་ངག་བསྟན་པ་ནི། ཅིར་སྣང་གང་ཤར་ཐམས་ཅད་བདེན་མེད་དུ་རྟོགས་པས་ན་འཁྲུལ་བའི་སྣང་བ་ཞིག་ལ་ཡིད་མི་འཇུག་པ་དང་། འཇིག་རྟེན་འདི་སྣང་གི་བྱ་བ་ཅི་བྱས་ཐམས་ཅད་དོན་མེད་དུ་རྟོགས་སོང་བས་འཇིག་རྟེན་གྱི་ཕྱོགས་སུ་ཡིད་མི་འཇུག་ཅིང་བློས་ཞེན་མི་འབྱུང་བ་དང་། རང་དོན་ཞི་བ་ཕྱོགས་གཅིག་པ་སྒྲུབ་པ་དེ་སྤྱིར་ཐེག་ཆེན་དང་སྒོས་རྫོགས་ཆེན་གྱི་ལུགས་སུ་དེ་གོལ་སར་ཡིན་པར་རྟོགས་པས་ན་ཐེག་དམན་གྱི་ཕྱོགས་སུ་ཡིད་མི་འཇུག་པ་དང་། གཞི་ཀ་དག་ལ་སྐྱེ་བ་མེད་པར་འཁོར་འདས་ལས་འདས་པའི་ཆོས་ཡིན་པར་རྟོགས་པས་སྐྱེ་འགག་གི་ཕྱོགས་སུ་ཡིད་མི་འཇུག་པ་དང་། སེམས་ཉིད་ཆོས་སྐུའི་ངོ་བོ་དམིགས་མེད་བསམ་བརྗོད་དང་བྲལ་བར་རྟོགས་པས་ན་མཚན་འཛིན་ལ་ཡིད་མི་འཇུག་པ་དང་། ཆོས་ཉིད་བྱ་བ་བྲལ་བར་རྟོགས་པས་ན་དེ་ལ་རྩོལ་སྒྲུབ་དཔྱད་དཔྱོད་ཀྱི་ཡིད་མི་འཇུག་པ་སྟེ། དེ་ལྟར་ཡིད་མི་འཇུག་པ་དྲུག་གི་གདམས་ངག་གིས་གནས་ལུགས་རྟོགས་པའི་རྟགས་སུ་ཉམས་རྟོགས་ཤུགས་ལ་འཆར་བ་ཡིན་ནོ།།

༢༧༩ མ་སོང་དྲུག་གི་གདམས་ངག་བསྟན་པ།

མ་སོང་དྲུག་གི་གདམས་ངག་བསྟན་པ་ནི།།

ལམ་ཁྱེར་གཡོམ་རྒྱུག་མ་སོང་ཕྲ་རགས་རྣམ་རྟོག་འཇོམས།།

ས་ལམ་གཡོམ་རྒྱུག་མ་སོང་སྒྲིབ་གཉིས་སྤང་བྱ་ཞིང༌།།

རྒྱུ་འབྲས་གཡོམ་རྒྱུག་མ་སོང་དགེ་སྡིག་བླང་དོར་བྱེད།།

སྒོམ་པ་གཡོམ་རྒྱུག་མ་སོང་རང་གསལ་འཛིན་པ་མེད།།

སྤྱོད་པ་གཡོམ་རྒྱུག་མ་སོང་བྱ་བྱེད་ཆོས་ལ་སྤྱོད།།

མཛད་སྤྱོད་གཡོམ་རྒྱུག་མ་སོང་དམ་པའི་རྣམ་ཐར་སྐྱོང༌།།

དེ་དང་གང་ལྡན་དམ་ཆོས་སྙིང་པོར་འགྲུབ།།

ཅེས་གསུངས་པ་སྟེ། མ་སོང་དྲུག་གི་གདམས་ངག་བསྟན་པ་ནི། གདམས་ངག་ལམ་དུ་ཁྱེར་འོས་པ་དེ་ཉིད་གཡོམ་རྒྱུག་གམ་ཧོལ་རྒྱུག་ཏུ་མ་སོང་བར་ཕྲ་རགས་འཁྲུལ་བའི་རྣམ་རྟོག་ལམ་དུ་ཁྱེར་ནས་རྣམ་རྟོག་གཞི་མེད་རྩ་བྲལ་དུ་འཇོམས་པར་བྱེད་པ་ལས། ས་དང་ལམ་ཆེ་གེ་མོ་ཞིག་ཐོབ་ཡོད་པ་དང་། ལམ་རྟགས་མཐོན་པོའི་ཡོན་ཏན་གང་དག་ཅིག་ཐོབ་ཡོད་པ་ཁ་ནས་བཤད་ཀྱང་དོན་དུ་མེད་པའི་གཡོམ་རྒྱུག་དུ་མ་སོང་བར་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་སྤང་བར་བྱ་ཞིང༌། རྒྱུ་འབྲས་གཡོམ་རྒྱུག་ཁྱད་གསོད་དུ་མ་སོང་བར་དགེ་སྡིག་རྒྱུ་འབྲས་གཞུང་བཞིན་དུ་བསྲུངས་ནས་བླང་དོར་བྱེད་དགོས་པ་དང་། སྒོམ་པ་གཡོམ་རྒྱུག་ཡིན་སྙམ་ལ་ཡོད་ཀྱང་དོན་དུ་ཅི་ཡིན་འདི་ཡིན་མ་ཤེས་པའི་ཐོམ་མེའི་ངང་དུ་མ་སོང་བར་རང་གསལ་འཛིན་པ་དང་བྲལ་བའི་ཏིང་འཛིན་བསྟེན་དགོས་པ་དང་། སྤྱོད་པ་གཡོམ་རྒྱུག་ཆལ་ལེ་ཆོལ་ལེ་རུ་མ་སོང་བར་བྱ་བྱེད་ཅི་མཛད་ཐམས་ཅད་ཆོས་ལ་སྤྱོད་པ་ཞིག་དགོས་ཤིང་། མཛད་སྤྱོད་གཡོམ་རྒྱུག་མ་སོང་བ་ཚུལ་མིན་གྱི་སྤྱོད་པ་མ་དད་ལོག་ལྟའི་གཞི་རུ་མ་སོང་བར་དམ་པའི་རྣམ་ཐར་གང་ཡིན་པ་དེ་ཉིད་སྐྱོང༌བ་སྟེ། དེ་དག་དང་གང་ལྡན་པའི་སྐྱེས་བུ་དེས་དམ་པའི་ཆོས་ཀྱི་སྙིང་པོ་ལ་སྤྱོད་པས་འགྲུབ་པ་ཡིན་ནོ།།

༢༨༠ སྐྱོན་དྲུག་སྤོང་བར་གདམས་པའི་ཆོས་དྲུག་བསྟན་པ།

སྐྱོན་དྲུག་སྤོང་བར་གདམས་པའི་ཆོས་དྲུག་ནི།།

ལྟ་བ་རྟོགས་ཆོག་དེ་ནས་བྱ་རྒྱུ་མེད།།

ཉམས་ལེན་ཁ་འབྱམས་སྐྱོན་དེ་ངོས་ཟིན་དགོས།།

བསམ་གཏན་རང་གསལ་ངང་དུ་གནས་པ་བཙལ།།

སྒོམ་པ་སྙེམས་བྱེད་དོན་དེ་ངོས་ཟིན་དགོས།།

དངས་གསལ་མ་ཕྱེད་བྱིང་འཐིབས་འཁྱིམས་པ་ཙམ།།

སེམས་འཛིན་གོལ་བའི་སྐྱོན་དེ་ངོས་ཟིན་དགོས།།

གཅིག་ལ་ཨ་འཐས་དྲོད་རྟགས་སྐྱེས་ན་ཡང༌།།

ཀོར་ཙེར་བཅིངས་པའི་སྐྱོན་དེ་ངོས་ཟིན་དགོས།།

གཅིག་ལ་བལྟས་པས་གཉིས་སུ་བྱུང་ཚོར་འཕྲོ།།

རྣམ་རྟོག་རྐུན་བུའི་སྐྱོན་དེ་ངོས་ཟིན་དགོས།།

མཉམ་བཞག་དུས་ན་དུག་ལྔ་མགོ་ནོན་ཡང༌།།

རྗེས་ལ་རགས་སྐྱེ་རྩ་བ་མ་ཆོད་སྐྱོན།།

ད་རུང་སེམས་ཉིད་མ་རྟོགས་ངོས་ཟིན་དགོས།།

ངོས་ཟིན་བྱས་ཏེ་གཉེན་པོས་གྲོལ་བ་གཅེས།།

ཞེས་གསུངས་པ་སྟེ། སྐྱོན་དྲུག་སྤོང་བར་གདམས་པའི་ཆོས་དྲུག་ནི། ལྟ་བ་རྟོགས་པས་ཆོག་ལ་དེ་ནས་བྱ་རྒྱུ་མེད་པ་ཡིན་ཕྱིར་བྱ་བྱེད་དེ་བས་མང་ན་ཡང་སྐྱོན་ཡིན་པས། ཉམས་ལེན་དོན་དུ་མེད་པའི་ཁ་འབྱམས་སྐྱོན་དེ་ངོས་ཟིན་པར་བྱས་ནས་སྤོང་དགོས། བསམ་གཏན་རང་གསལ་གྱི་ངང་དུ་གནས་པ་བཙལ་དགོས་པས་གསལ་སྟོང་མཉམ་པར་མ་ཤར་ནས། སྒོམ་པ་སྙེམས་བྱེད་ཀྱི་དོན་རེ་དོགས་ཀྱི་སྐྱོན་དེ་ངོས་ཟིན་དགོས། དྭངས་གསལ་མ་ཕྱེད་ན་བྱིང་རྨུགས་འཐིབས་པས་འཁྱིམས་པའམ་སྐོར་ནས་འཁྲི་བ་ཙམ་གྱི་སེམས་འཛིན་དེ་གོལ་བའི་སྐྱོན་ཡིན་པས་ན་ངོས་ཟིན་དགོས་པ་དང་། འཕྲོ་གནས་ལྟ་བུ་གཅིག་ལ་ཨ་འཐས་ནས་དེར་ཆེད་དུ་བཟུང་བའི་དྲོད་རྟགས་ཕྲན་བུ་སྐྱེས་ན་ཡང༌། ཀོར་ཙེ་འམ་ཁོལ་བུར་བཅིངས་པའི་སྐྱོན་དེ་ཉིད་ངོས་ཟིན་དགོས་པ་དང་། གཅིག་ལ་བལྟས་པས་གཉིས་སུ་འཛིན་པ་བདག་ཏུ་འཁྲུལ་བའི་བྱུང་ཚོར་འོག་འགྱུའི་རྟོག་པ་ཕུབ་མའི་ཞབས་ཀྱི་ཆུ་ལྟ་བུ་དེ་འཕྲོ་ན་། དེ་ནི་རྣམ་རྟོག་རྐུན་བུ་འཇབ་པའི་སྐྱོན་ཡིན་པས་དེ་ངོས་ཟིན་དགོས་ཤིང་། མཉམ་བཞག་གི་དུས་ན་དུག་ལྔ་མགོ་ནོན་པ་ལྟར་སྣང་ཡང༌། རྗེས་ཐོབ་ཀྱི་སྐབས་སུ་རྣམ་རྟོག་ཕུབ་མའི་འོག་གི་ཆུ་ལྟ་བུ་དེའི་རྐྱེན་གྱིས་ཉོན་མོང་རགས་པ་སྐྱེ་བའི་རྐྱེན་བྱེད་པ་ནི་རྩ་བ་མ་ཆོད་པའི་སྐྱོན་ཡིན་ལ། དེ་ནི་ད་རུང་སེམས་ཉིད་མ་རྟོགས་པའི་སྐྱོན་ཡིན་པས་ངོས་ཟིན་པར་བྱ་དགོས་པས། ངོས་ཟིན་བྱས་ཏེ་གཉེན་པོས་གྲོལ་ཐུབ་པ་བྱ་བ་གཅེས་སོ།།

༢༨༡ ལ་བཟླ་དྲུག་གིིས་འཁོར་བ་བསྒྲལ་བ་བསྟན་པ།

ལ་བཟླ་དྲུག་གིས་འཁོར་བ་བསྒྲལ་བ་ནི།།

གནས་ལུགས་རང་བཞིན་བློ་ཡི་ཡུལ་ལས་འདས།།

གཞི་ཡི་དུས་སུ་སེམས་ཀྱི་ཆོས་ལ་རྟོག།

མྱོང་འཛིན་ཞེན་རྟོག་འཁོར་བའི་ཆོས་ཡིན་པས།།

ལམ་གྱི་དུས་སུ་ཉམས་མྱོང་ཆོས་མི་སྒོམ།།

རྣམ་དག་སྤྱོད་ཡུལ་འཁོར་འདས་གཉིས་མེད་པས།།

འབྲས་བུའི་དུས་ན་སེམས་ཅན་དོན་མི་བྱེད།།

རང་རིག་བློ་ཡིས་མ་བསླད་གནས་ལུགས་གཞི།།

ཤེས་བྱའི་ཡུལ་དང་བྲལ་བས་སྤྲོས་དང་བྲལ།།

ཅིར་ཡང་མི་ཤེས་མི་འཛིན་ཡང་དག་ལམ།།

དྲན་བསམ་འཚོལ་འཕྲོའི་དམིགས་གཏད་ཀུན་དང་བྲལ།།

མཚན་མར་མི་དམིགས་མཐར་ཐུག་འབྲས་བུའི་མཆོག།

སྒྲིབ་མེད་ཟང་ཀ་རང་གསལ་ཕྱོགས་ལྷུང་བྲལ།།

དེ་ལྟར་སུས་ཤེས་ཡངས་པའི་རྣལ་འབྱོར་ཆེ།།

ཞེས་གསུངས་པ་སྟེ། ལ་བཟླ་བའམ་ཐག་བཅད་པའི་དོན་དྲུག་གིས་འཁོར་བ་བསྒྲལ་བ་ནི། གནས་ལུགས་དོན་དམ་པའི་རང་བཞིན་དེ་རྣམ་རྟོག་བློ་ཡི་ཡུལ་ལས་འདས་པ་ཞིག་ཡིན་པས་། གཞི་ཡི་དུས་སུ་སེམས་ཉིད་ཀྱི་རང་བཞིན་ལ་རྟོག་པ་མེད་པའི་ཚུལ་རྟོག མྱོང་འཛིན་དང་དེར་ཞེན་རྟོག་ཡོད་ན་དེ་འཁོར་བའི་ཆོས་ཡིན་པས། ལམ་གྱི་དུས་སུ་ཉམས་སུ་མྱོང་བའི་ཞེན་ཚོར་གྱི་ཆོས་དེ་མི་བསྒོམ་པར་གྱིས། རྣམ་པར་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་འཁོར་འདས་གཉིས་སུ་མེད་པ་ཡིན་པས་ན། འབྲས་བུའི་དུས་ན་སེམས་ཅན་གྱི་དོན་ཆེད་དུ་མི་བྱེད་དེ་བྱ་བྱེད་ལས་འདས་པའི་སྐབས་ཡིན་པའི་ཕྱིར། རང་རིག་ཡེ་ཤེས་སྤྲོས་མཐའ་དང་བྲལ་བ་དེ་བློ་ཡིས་མ་བསླད་སེམས་ཀྱིས་མ་བཅོས་པའི་གནས་ལུགས་ཀྱི་གཞི་ཡིན་པས་དེ་ནི། ཡོད་པ་མ་ཡིན་རྒྱལ་བས་འདི་མ་གཟིགས། །མེད་པ་མ་ཡིན་འཁོར་འདས་ཀུན་གྱི་གཞི། །འགལ་འདུ་མ་ཡིན་བརྗོད་བྱའི་ཡུལ་ལས་འདས། །ཞེས་གསུངས་པ་ལྟར་དུ་ཤེས་བྱའི་ཡུལ་དང་བྲལ་བས་ན་སྤྲོས་པའི་མཐའ་ཐམས་ཅད་དང་ཡེ་ནས་བྲལ་བ་དང་། ཅིར་ཡང་མི་ཤེས་མི་འཛིན་ཡང་དག་ལམ། །གསུངས་ན་གནས་ལུགས་ཀྱི་དོན་དེ་དམིགས་གཏད་ཀུན་དང་བྲལ་བ་ཡིན་པས་ན་ཤེས་བྱ་ཤེས་བྱེད་དང་བྲལ་བས་ཅིར་ཡང་མི་ཤེས་ཤིང་། འཛིན་བྱ་འཛིན་བྱེད་དང་བྲལ་བས་ཅིར་ཡང་མི་འཛིན་པའི་ཡང་དག་པའི་ལམ་ཡིན་པའི་ཕྱིར་ན། དྲན་བསམ་འཚོལ་འཕྲོའི་དམིགས་གཏད་ཀུན་དང་བྲལ་བ་དང་། དེའི་ཕྱིར་ན་ཡུལ་དང་མཚན་མར་མི་དམིགས་པར་རང་གྲོལ་གྱུར་བའི་མཚན་མའི་སྒྲོ་འདོགས་བྲལ་བའི་ཡེ་གྲོལ་དེ་ཉིད་མཐར་ཐུག་གི་འབྲས་བུའི་མཆོག་སྟེ། དེ་ཡང་སྒྲིབ་མེད་ཟང་ཀ་རང་གསལ་མཉམ་ཉིད་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་ངང་ལ་ལྟ་བས་ལ་བཟླས་པ་དེ་ལྟར་སུས་ཤེས་པ་དེ་ཉིད་ཡངས་པ་ཆེན་པོའི་རྣལ་འབྱོར་བ་འཁོར་འདས་ཡེ་གྲོལ་རྫོགས་པ་ཆེན་པོའི་རྣམ་འབྱོར་བྱ་བྲལ་གྱི་རྒྱལ་པོའོ།།

༢༨༢ རྟོགས་པ་དྲུག་གི་རང་བཞིན་བསྟན་པ།

རྟོགས་པ་དྲུག་གི་རང་བཞིན་བསྟན་པ་ནི།།

གཞན་གྱིས་སྒྲས་རྟོགས་བླ་མའི་མན་ངག་དང༌།།

སྣང་བའི་ཡུལ་རྟོགས་བདེན་མེད་སྒྱུ་མ་དང༌།།

འཛིན་པའི་སེམས་རྟོགས་རྩ་བྲལ་ནམ་མཁའ་དང༌།།

རིག་པའི་ངོ་རྟོགས་སྒྲིབ་མེད་གཅེར་བུ་དང༌།།

མཐོང་བའི་དོན་རྟོགས་བློ་ཡི་མཐའ་འདས་དང༌།།

སྒོམ་པའི་གདེང་རྟོགས་གཞི་མའི་ཟད་ས་སྟེ།།

གང་གིས་དེ་རྟོགས་དགོངས་པ་ནམ་མཁའི་ངང༌།།

བྱ་བྱེད་མེད་པར་ཡེ་བབས་ལྷུན་གྱིས་གྲུབ།།

ཅེས་གསུངས་པ་སྟེ། རྟོགས་པ་དྲུག་གི་རང་བཞིན་བསྟན་པ་ནི། གཞན་གྱི་སྒྲས་གནས་ལུགས་ཀྱི་དོན་དེ་ཇི་ལྟར་རྟོགས་ན་བླ་མའི་མན་ངག་གིས་རྟོགས་པ་དང༌། སྣང་བའི་ཡུལ་ཐམས་ཅད་ཇི་ལྟ་བུར་རྟོགས་ན་བདེན་མེད་སྒྱུ་མ་ལྟ་བུར་རྟོགས་པ་དང་། འཛིན་པའི་སེམས་རྟོགས་པ་ནི་གཞི་མེད་རྩ་བྲལ་ནམ་མཁའ་ལྟ་བུར་རྟོགས་པ་དང༌། རིག་པའི་ངོ་བོ་ཇི་ལྟར་རྟོགས་ན་གཟུང་འཛིན་གྱིི་སྒྲིབ་གཡོགས་མེད་པར་གཅེར་བུ་རུ་རྟོགས་པ་དང༌། མཐོང་བའི་དོན་དེ་རྟོགས་ཚུལ་ནི་བློ་ཡི་མཐའ་ལས་འདས་པར་རྟོགས་པ་དང༌། སྒོམ་པའི་གདེང་རྟོགས་ནི་ཆོས་ཅན་བུ་ཡི་སྣང་བ་ཐམས་ཅད་གཞི་ཆོས་ཉིད་མ་ཡི་ཀློང་དུ་ཟད་པའི་ས་སྟེ། གང་ཟག་གང་གིས་དེ་ལྟར་རྟོགས་པའི་རྣལ་འབྱོར་བ་དེ་དགོངས་པ་ནམ་མཁའ་དང་མཉམ་པའི་ངང༌ལ་གནས་པ་ཡིན་པས། དེ་ཡི་ཚེ་ན་བྱ་བྱེད་རྩོལ་སྒྲུབ་མེད་པར་ཡེ་བབས་ལྷུན་གྱིས་གྲུབ་པ་ཡིན་ནོ།།

༢༨༣ བདུད་ཀྱི་བར་དུ་གཅོད་པའི་ཆོས་དྲུག་བསྟན་པ།

བདུད་ཀྱི་བར་དུ་གཅོད་པའི་ཆོས་དྲུག་ནི།།

བླ་མ་བོར་ནས་སྡིག་གྲོགས་བསྟེན་པ་དང༌།།

བྱང་ཆུབ་བོར་ནས་འཁོར་བའི་ལམ་ཞུགས་དང༌།།

རང་དོན་བོར་ནས་གཞན་དོན་ལྟར་སྣང་བྱེད།།

དགོས་མེད་བོར་ནས་འཇིག་རྟེན་ཆོས་བརྒྱད་གཉེར།།

དབེན་པ་བོར་ནས་འདུ་འཛི་རྣམ་གཡེང་ཞུགས།།

གཉིས་མེད་བོར་ནས་མཚན་མ་ཚིག་ཕྱིར་འབྲེང༌།།

དེ་འདྲའི་མི་ལ་བདུད་ཀྱིས་བྱིན་བརླབས་པས།།

འདི་ཕྱིར་སྡུག་བསྔལ་གཏན་གྱི་འདུན་མ་འཕྱུགས།།

ཞེས་གསུངས་པ་སྟེ། བདུད་ཀྱི་བར་དུ་གཅོད་པའི་ཆོས་དྲུག་དེ་གང་ཡིན་ན་ནི། བསྟེན་དགོས་རྒྱུ་འཁོར་བའི་གནས་ནས་འདྲེན་པའི་བླ་མ་དེ་མི་བསྟེན་པར་བོར་ནས་སྡིག་པའི་གྲོགས་པོ་མི་དགེ་བའི་བཤེས་གཉེན་བསྟེན་པ་དང༌། ཐར་བ་བྱང་ཆུབ་ཀྱི་ལམ་དེ་བོར་བའམ་ཕར་འཕངས་ནས་འཁོར་བའི་ལམ་དུ་ཞུགས་པ་དང༌། རང་དོན་གྱི་ལམ་སྒྲུབ་པར་བྱེད་པ་དེ་བོར་ནས་གཞན་དོན་ལྟར་སྣང་ཞིག་བྱེད་པ་སྟེ། འདི་རང་དོན་ཉི་ཚེ་བ་ཉན་རང་གི་ལམ་ལྟ་བུར་གསུངས་པ་མིན་པར་གཞན་དོན་བྱེད་པ་ལ་དང་པོར་རང་ཉིད་ཀྱི་ནུས་པ་བསྒྲུབ་དགོས་པ་སྟེ། རང་ཉིད་ལ་ནུས་པ་མེད་ན་གཞན་དོན་འགྲུབ་པ་མིན་ཕྱིར་རང་དོན་ཆོས་སྐུ་བསྒྲུབས་ནས་གཞན་དོན་གཟུགས་སྐུས་འགྲོ་བའི་དོན་བྱེད་དགོས་པས། ཐོག་མར་རང་ལ་ཡོན་ཏན་གྱི་ནུས་པ་མེད་ན་གཞན་ལ་ཕན་མི་ཐོགས་པར་གཞན་དོན་ལྟར་སྣང་བར་འགྲོ་ཞེས་པའི་དོན་ཏེ། གཞན་ལ་ཕན་མི་ཐོགས་པའི་ཁར་འཇིག་རྟེན་ཆོས་བརྒྱད་ཀྱི་བྱ་བ་བསྒྲུབས་པ་དེ་གཞན་དོན་ལྟར་སྣང་བ་རེད་ཅེས་གསུངས་པ་ཡིན། གཞན་དོན་བྱེད་པ་ཞིག་ལ་མཚོན་ན་རང་དོན་ཞེས་བཤད་ཀྱང་དོན་དུ་གཞན་དོན་ཡིན་ཏེ། ཐེག་པ་ཆེན་པོའི་རིགས་ཅན་གྱིས་རང་གི་དོན་སྒྲུབ་པ་མིན་པས་ཅི་བྱེད་གཞན་དོན་ལས་མེད་པ་ཡིན། དེས་ན་གཞན་དོན་སྒྲུབ་པ་ལའང་རང་སྨིན་པ་ཞིག་མིན་ན་གཞན་སྨིན་པ་དང་གྲོལ་བའི་ལམ་དུ་ཇི་ལྟར་དུ་འགོད། དེས་ན་གཞན་དོན་བྱེད་པ་ལ་དེའི་ནུས་པ་བསྒྲུབ་དགོས་པས་དེ་སྒྲུབ་པ་ལ་ཐེག་པ་ཆེན་པོའི་སྐབས་སུ་རང་དོན་གྱི་སྒྲར་སྦྱར་བ་ཡིན། ཚེ་འདིའི་བྱ་བཞག་ཐམས་ཅད་དགོས་མེད་རེད་ཅེས་བསམ་པ་དེ་བོར་ནས་འདི་སྣང་འཇིག་རྟེན་ཆོས་བརྒྱད་ཀྱི་དོན་གཉེར་བྱེད་པ་དང་། དབེན་པའི་གནས་དེ་བོར་ནས་གྲོང་ལ་སོགས་པར་སོང་སྟེ་འདུ་འཛི་དང་རྣམ་གཡེང་ལ་སོགས་པར་ཞུགས་པ་དང་། གཉིས་མེད་མཉམ་པ་ཉིད་ཀྱི་དོན་སྒོམ་པ་དེ་བོར་ནས་མཚན་མ་ཚིག་ཕྱིར་འབའ་ཞིག་ལ་འབྲངས༌ནས་དོན་མེད་ཀྱི་ལས་ལ་གཡེང་བ་སྟེ། དེ་འདྲའི་མི་དེ་ལ་བདུད་ཀྱི་བྱིན་རླབས་ཞུགས་པ་ཡིན་པས། ཚེ་འདི་དང་ཕྱི་མར་སྡུག་བསྔལ་ཏེ། གཏན་གྱི་འདུན་མ་དེ་ཉིད་འཕྱུགས་པ་ཡིན་ནོ།།

༢༨༤ ཡེང་མེད་བྱ་ར་བཏང་བའི་ཆོས་དྲུག་བསྟན་པ།

ཡེང་མེད་བྱ་ར་བཏང་བའི་ཆོས་དྲུག་ནི།།

སྤྱོད་པའི་རང་བཞིན་གླང་ཆེན་ཡན་འདྲ་འདི།།

ཉམ་ངའི་འདམ་དུ་ཚུད་དམ་བྱ་ར་བཏང༌།།

ལྟ་བའི་རང་བཞིན་སྣང་སྟོང་དབྱེར་མེད་འདི།།

བདག་འཛིན་འདྲེ་ཡིས་ཁྱེར་རམ་བྱ་ར་བཏང༌།།

རིག་པའི་ངང་དྭངས་འོད་གསལ་ཁྱེའུ་ཆུང་འདི།།

འཁྲུལ་བའི་རྗེས་ཕྱིར་འབྲངས་སམ་བྱ་ར་བཏང༌།།

བྱིན་རླབས་རྩ་བ་མོས་གུས་ལོ་ཐོག་འདི།།

ལོག་ལྟའི་སད་ཀྱིས་ཁྱེར་རམ་བྱ་ར་བཏང༌།།

བྱང་ཆུབ་ཐར་ལམ་བགྲོད་པའི་སྒྲོན་མེ་འདི།།

འདོད་པའི་རླུང་གིས་གཡོས་སམ་བྱ་ར་བཏང༌།།

འཆི་མེད་བདུད་རྩི་བླ་མའི་གདམས་ངག་འདི།།

ཐེ་ཚོམ་དུག་དང་འདྲེས་སམ་བྱ་ར་བཏང༌།།

དེ་ཕྱིར་ཡེངས་མེད་བྱ་ར་གཅེས་པ་ཡིན།།

ཞེས་གསུངས་པ་སྟེ། ཡེང་མེད་བྱ་ར་བཏང་བའམ་སོ་བྱེད་དགོས་པའི་ཆོས་དྲུག་དེ་གང་ཡིན་ན་ནི། གླང་པོ་ཆེ་མ་དུལ་བ་དེ་རི་ཡན་མ་ཡིན་ཕྱིན་དེའི་སྤྱོད་པ་བྱུང་རྒྱལ་ཡིན་པས་དེ་ལུས་རེག་བྱར་ཆགས་ནས་ཉམ་ངའི་འདམ་དུ་ཚུད་དམ་བྱ་ར་བཏང་བ་བཞིན་དུ་སྤྱོད་པ་མ་དུལ་བའི་དབང་གིས་ཉམ་ངའི་སྡུག་བསྔལ་གྱི་འདམ་དུ་བྱིངས་སམ་བྱ་ར་བཏང་དགོས་པ་དང་། ལྟ་བའི་རང་བཞིན་སྣང་དང་སྟོང་བ་གཉིས་སུ་མ་ཡིན་པ་དབྱེར་མེད་པའི་བདག་ཉིད་འདི་བདག་གཉིས་འཛིན་གྱི་འདྲེ་ཡིས་ཁྱེར་རམ་མ་ཁྱེར་བྱ་ར་བཏང༌དགོས། རིག་པའི་རང་བཞིན་གསལ་ཞིང་དྭངས་པ་འོད་གསལ་གྱི་ཁྱེའུ་ཆུང་འདི་རྣམ་རྟོག་འཁྲུལ་བའི་རྗེས་ཤུལ་དུ་འབྲངས་སམ་ཡང་ན་མ་འབྲངས་པའི་བྱ་ར་བཏང་ནས་རང་གིས་རང་ལ་སོ་བྱེད་དགོས། བྱིན་རླབས་ཀྱི་རྩ་བ་མོས་གུས་ཡིན་པས་མོས་གུས་ཀྱི་ལོ་ཏོག་སྨིན་ཞིང་རྡོལ་བ་འདི། ལོག་ལྟའི་སད་ཀྱིས་ཁྱེར་རམ་བྱ་ར་བཏང་བ་དང་། བྱང་ཆུབ་ཆེན་པོ་ཐར་ལམ་ལ་བགྲོད་པར་བྱེད་པའི་ལམ་གྱི་སྒྲོན་མེ་འདི། འདོད་པའི་མདའ་ལ་སོགས་པ་བདུད་ཀྱི་བར་ཆད་ཀྱི་རླུང་གིས་གཡོས་སམ་བྱ་ར་བཏང༌། རྙེད་པ་ཙམ་གྱིས་སྡུག་བསྔལ་གྱི་ནད་ལས་གྲོལ་བར་བྱེད་པའི་སྨན་འཆི་བ་མེད་པའི་བདུད་རྩི་ལྟ་བུའི་བླ་མའི་གདམས་ངག་འདི། ཐེ་ཚོམ་གྱི་དུག་དང་འདྲེས་སམ་མ་འདྲེས་བྱ་ར་བཏང༌དགོས་པ་དེ་ཕྱིར་ཡེངས་མེད་བྱ་ར་གཅེས་པ་ཡིན་ནོ།།

༢༨༥ ཡང་དག་དོན་ལ་མི་རྟོགས་ཆོས་དྲུག་བསྟན་པ།

ཡང་དག་དོན་ལ་མི་རྟོགས་ཆོས་དྲུག་ནི།།

སྐྱེ་བློས་སྐྱེ་མེད་མི་རྟོགས་བློ་འདས་ཕྱིར།།

དངོས་བློས་སྟོང་ཉིད་མི་རྟོགས་ཡུལ་འདས་ཕྱིར།།

བྱ་བློས་བྱར་མེད་མི་རྟོགས་བྱ་བྲལ་ཕྱིར།།

སྙམ་བློས་གཉིས་མེད་མི་རྟོགས་བསམ་བྲལ་ཕྱིར།།

ཞེན་བློས་མཐའ་བྲལ་མི་རྟོགས་ཕྱོགས་བྲལ་ཕྱིར།།

སྤྱོད་བློས་སྤྲོས་མེད་མི་རྟོགས་སྤྲོས་འདས་ཕྱིར།།

དངོས་པོ་མཚན་མར་མ་འཛིན་གནས་ལུགས་དོན།།

མ་བསམས་ཟང་ཀ་ཐ་མལ་དམིགས་རྟོག་བྲལ།།

ཞེས་གསུངས་པ་སྟེ། ཡང་དག་དོན་ལ་མི་རྟོགས་ཆོས་དྲུག་ནི། སྐྱེ་འཇིག་ལ་སོགས་པ་མཚན་མར་འཛིན་པའི་བློ་ཡིས་སྐྱེ་མེད་བློ་ལས་འདས་པའི་དོན་མི་རྟོགས་ཏེ། སྐྱེ་མེད་ཀྱི་དོན་ལ་སོགས་པ་ནི་བློ་ལས་འདས་པ་ཡིན་པའི་ཕྱིར་ན། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། ཅེས་གསུངས་པའི་ཕྱིར། དངོས་འཛིན་ཅན་གྱི་བློས་སྟོང་ཉིད་མི་རྟོགས་ཏེ། སྟོང་ཉིད་ནི་དངོས་འཛིན་གྱི་ཡུལ་ལས་འདས་པ་ཡིན་པའི་ཕྱིར། བྱ་བྱེད་རྩོལ་བ་ཅན་གྱི་བློས་བྱར་མེད་ཀྱི་དོན་དེ་མི་རྟོགས་ཏེ། དེ་ནི་བྱར་མེད་བྱ་བ་དང་བྲལ་བའི་ཕྱིར། ཡས་མས་སེམས་པར་བྱེད་པའི་སྙམ་བྱེད་ཀྱི་བློས་གཉིས་མེད་ཀྱི་དོན་རྟོགས་པ་མིན་ཏེ། དེ་ནི་བསམ་བློའི་བརྗོད་པ་དང་བྲལ་བ་ཡིན་པའི་ཕྱིར། ཞེན་འཛིན་ཕྱོགས་རེ་བའི་བློས་མཐའ་བྲལ་བསམ་བརྗོད་ལས་འདས་པའི་དོན་མི་རྟོགས་ཏེ། དེ་ནི་མཐའ་བྲལ་རིས་མེད་མཉམ་ཉིད་ཕྱོགས་བྲལ་ཡིན་པའི་ཕྱིར། སྤྱོད་པ་སྤྲོས་པ་ཅན་གྱི་བློས་སྤྲོས་མེད་ཡེ་ཤེས་ཀྱི་དོན་མི་རྟོགས་ཏེ། དེ་ནི་སྤྲོས་པའི་བློ་ལས་འདས་པ་ཡིན་པའི་ཕྱིར། དེས་ན་གནས་ལུགས་ཀྱི་དོན་ལ་དངོས་པོ་དང་མཚན་མར་མ་འཛིན་ལ། རྣམ་པར་རྟོག་པའི་བློས་མ་བསམས་ཤིག དེ་ནི་བསམ་བརྗོད་དང་བྲལ་བ་ཟང་ཀ་མ་ཐ་མལ་དམིགས་རྟོག་དང་བྲལ་བའོ།།

༢༨༦ གནས་ལུགས་རང་ངོ་བརྟག་པའི་ཆོས་དྲུག་བསྟན་པ།

གནས་ལུགས་རང་ངོ་བརྟག་པའི་ཆོས་དྲུག་ནི།།

རང་རིག་ཟང་ཀ་བཅོས་བསླད་མེད་པ་ནི།།

ཐ་མལ་མ་ཡིན་ལུང་མ་བསྟན་ལས་ལོག།

ཀུན་རྟོག་མ་ཡིན་གཟུང་འཛིན་གཉིས་དང་བྲལ།།

གཉེན་པོ་སེམས་མིན་སྤང་གཉེན་ཀུན་ལས་འདས།།

གཞན་གྱིས་མི་མཐོང་སོ་སོ་རང་རིག་སྟེ།།

རང་ཞེས་མི་དམིགས་དམིགས་མྱོང་ཀུན་ལས་འདས།།

རྟག་ཏུ་ཡོད་ཀྱང་གསང་འདི་ཤེས་དཀའ་བས།།

རྟོགས་དང་མི་རྟོགས་ཀུན་འདས་ཀུན་ཁྱབ་ཡིན།།

གང་གིས་འདི་ཤེས་གནས་ལུགས་དོན་ལ་མཁས།།

ཞེས་གསུངས་པ་སྟེ། གནས་ལུགས་རང་ངོ་བརྟག་པའི་ཆོས་དྲུག་ནི། རང་རིག་ཀ་ནས་དག་པའི་ཡེ་ཤེས་དེ་མ་བཅོས་ཟང་ཀ་བཅོས་བསླད་མེད་པ་ཞིག་ཡིན་པས། དེ་ནི་ཐ་མལ་འཁྲུལ་བའི་རྣམ་རྟོག་ཀྱང་མ་ཡིན་ལ། ལུང་མ་བསྟན་ལས་ཀྱང་ལོག་པ་ཞིག་ཡིན། དེ་ནི་གཉིས་འཛིན་གྱི་ཀུན་རྟོག་མ་ཡིན་པས་མ་ཚད། དེའི་རང་ངོ་གཟུང་འཛིན་གཉིས་དང་བྲལ་བ་ཡིན། དེ་ནི་གཉེན་པོའི་སེམས་མིན་ཏེ། སྤང་བྱ་དང་གཉེན་པོའི་ཆོས་ཀུན་ལས་འདས་པ་ཡིན་པའི་ཕྱིར། བལྟ་བྱ་ལྟ་མཁན་དང་བྲལ་བས་གཞན་གྱིས་མི་མཐོང་བས་སོ་སོ་རང་གིས་རིག་པར་བྱ་བ། སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །ཞེས་གསུངས་པ་ལྟ་བུ་དང་། རང་ཞེས་པའང་མི་དམིགས་ཏེ། དམིགས་པ་དང་མྱོང་བ་ཀུན་ལས་འདས་པས་སོ། །དེ་ལྟ་བུའི་རིག་པ་ཡེ་ཤེས་དེ་སེམས་ཅན་ཐམས་ཅད་ལ། བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། །ཅེས་གསུངས་པ་བཞིན་དུ་རྟག་ཏུ་ཡོད་ཀྱང་ཡོད་པའི་གསང་འདི་སུ་ཡིན་ཡིན་གྱིས་ཤེས་དཀའ་བས། རྟོགས་དང་མི་རྟོགས་ཀུན་ལས་འདས་ཤིང་རྟོགས་དང་མི་རྟོགས་ཀུན་ལ་ཁྱབ་པ། ལུས་ཀྱིས་ཡན་ལག་ལ་ཁྱབ་ཀྱང་ཡན་ལག་གིས་ལུས་ལ་མ་ཁྱབ་པ་ལྟར་དུ། ཆ་མེད་ཀུན་འགྲོ་ཁྱབ་པ་པོ། །ཞེས་གསུངས་པ་བཞིན་དུ་གོ་དགོས་པས། གང་ཟག་གང་གིས་འདིའི་ངང་ཚུལ་འདི་ཤེས་ན་གནས་ལུགས་ཀྱི་དོན་ལ་མཁས་པའོ། །དེ་རིང་གནས་ལུགས་རང་ངོ་བརྟག་པའི་ཆོས་དྲུག་གི་མཐའ་མའི་མཇུག་སྡུད་བསྡུས་དོན་གྱི་ཚིག གང་གིས་འདི་ཤེས་གནས་ལུགས་དོན་ལ་མཁས། །ཞེས་པ་འདིར་འཇོག་རྒྱུ་བྱེད། ད་དགེ་བསྙེན་ཕོ་མོ་རྣམས་ཀྱིས་འདིའི་མན་ངག་མཛོད་ཀྱི་ཡི་གེ་ལ་ཡང་བལྟ་རེ་བྱས་ཀྱང་མི་གོ་སའི་རྫོགས་ཆེན་གྱི་ཆོས་སྐོར་དེ་ཚོ་གོ་བ་མིན་པས་བསྐྱུར་ནས་བར་མཆོང་གྱིས། ཆོས་ཁྲིད་ཀྱི་སྐབས་སུའང་དེ་ཚོ་ལ་ཐུག་དུས་ཁྲིད་བཤད་པ་ལྟ་བུའི་ཞིབ་འགྲེལ་བྱེད་ཀྱིན་མེད་པས་ཚིག་ཙམ་རེ་གོ་ཡང་དོན་གོ་བ་མིན། དེས་ན་གསང་སྔགས་ཁྲོམ་བསྒྲགས་ཀྱི་ཉེས་པ་འབྱུང་མི་ངེས། གོང་ནས་བཤད་པ་བཞིན་དུ་ཡེ་གསང་ཐབས་ཀྱིས་ཆོད་ནས་ཡོད་པས་མ་གསང་ཡང་གསང་བ་དང་ཁྱད་མེད་པ་ཡིན། གོ་བདེ་མོ་བློ་སྦྱོང་གི་སྐོར་དེ་ཚོ་ཡང་ཉན་ཡང་བལྟ་རེ་བྱས་ནས་རང་རྒྱུད་ལ་སྦྱར་ཨེ་ཐུབ་ལྟོས་དང་། རང་གི་སེམས་ལ་ཕན་པ་ཡོད་ཅིང་ཁམས་དང་མཐུན་པ་ཡང་མང་རབས་ཡོད་པ་ཡིན། འདིར་ཆོས་ཞུ་རུ་ཡོང་ནས་འདིའི་གདམས་ངག་དྲུག་ཚན་གཅིག་ཙམ་དང་། དྲུག་ཚན་གཅིག་ལས་ཚིག་འབྲུ་མ་གཅིག་ཙམ་ཞིག་བསལ་ནས། འདི་སེམས་ལ་འཛིན་དགོས་ཉམས་སུ་ལེན་དགོས་བསམ་པ་ལྟ་བུ་ཞིག་བྱུང་ན། དེ་ནི་སེམས་ཀྱི་རྟེན་ཕུར། ཚེ་གང་པོར་ཉར་ཚགས་ཆོག་པ་ཞིག་ལོན་ཡོད་པས་འདིར་ཡོང་བའི་གོ་ཡང་ཆོད་སོང་བ་ཡིན་པ་དང་། གཞན་ཡང་སྐོར་བ་སྐོར་བྱེད། མ་ཎི་འདོན་བྱེད་ཐམས་ཅད་ཀྱང་འདིར་འདུས་པ་དང་། འདི་ཚིགས་སུ་བཅད་པ་ཡིན་པས་བློ་ལ་འཛིན་བདེ་བའང་ཡིན། མདོར་ན་སོང་ན་འགྲོ་རྟེན། བསྡད་ན་འདུག་རྟེན། དགོས་མཁོ་ཆེ་བ། རིན་ཐང་གཞལ་མེད་ཡིན་པས་ད་ལྟ་ནས་སེམས་ཀྱི་རྒྱབ་རྟེན་བཅོལ་ས་ཞིག་ཡོད་དགོས་མ་གཏོགས། ན་སོ་རྒས་གཞོན་སུ་ཡིན་ཡང་རང་གར་འཆི་བདག་གཤིན་རྗེ་དང་གདོང་ཐུག་རྒྱུར་སྒུག་བཞིན་འདས་ཚེ་དཀའ་ཚེགས་ཆེན་པོར་འཕྲད་ངེས་པ་ཡིན། དེས་ན་མི་ཚེ་སྐྱིད་ལ་འཁོར་བ་དང་། ཕྱི་མ་བདེ་བ་ཅན་དུ་བགྲོད་པར་བྱེད་པའི་རྟ་བྲོ་རོགས་གསུམ་འདི་ཡིན་བསམ་པ་ཞིག་ད་ནས་ཉེར་བསྡོགས་ཚགས་སུ་ཚུད་དེ། འཆི་བདག་གི་བདུད་པོ་ད་ལྟ་ཟུར་དུ་ཐོན་ཡང་ཧ་ལས་ཧང་སང་མི་དགོས་པར་སེམས་སྐྱིད་ཀྱིས་ཁེངས་ཤིང་། བཞིན་འཛུམ་གྱིས་ཁེངས་བཞིན་འགྲོ་ཆོག་པ་ཞིག་དགོས་པ་ཡིན་ནོ།།


previousཉིན་དགུ་བའི་ཆོས་ཁྲིད། next