Nitartha Digital Library
Tibetan
 
previousཉིན་བཅུ་བའི་ཆོས་ཁྲིད། next

ཉིན་བཅུ་བའི་ཆོས་ཁྲིད།

མ་གྱུར་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན། རྒྱུ་ཀུན་འབྱུང་འཁོར་བའི་ལས་ཉོན་གྱིས་འབྲས་བུ་ཁམས་གསུམ་འཁོར་བའི་སྡུག་བསྔལ་འདི་བསྐྱེད་དེ། སྡུག་བསྔལ་གྱི་བདེན་པས་དངོས་སུ་གནོད་པ་དང་། ཀུན་འབྱུང་གི་བདེན་པས་བརྒྱུད་ནས་གནོད་ཅིང་ཐོག་མེད་ནས་མཐའ་མེད་ཀྱི་བར་དུ་སྡུག་བསྔལ་རྣམ་པ་གསུམ་གྱིས་བར་མེད་དུ་མནར་བཞིན་ཡོད་པའི་ཁམས་གསུམ་རིགས་དྲུག་གི་སེམས་ཅན་འདི་དག་ཐམས་ཅད་སྙིང་རེ་རྗེ་སྙམ་པའི་སྙིང་རྗེ་ཞིག་བསྒོམ་དགོས་པ་ཡིན། དེ་ལྟ་བུའི་སྙིང་རྗེ་ཞིག་ཅིའི་ཕྱིར་དུ་བསྒོམ་དགོས་ཤེ་ན། དེ་དག་གིས་ནི་དོས་དྲག་པའི་སྡུག་བསྔལ་མུ་མཐའ་མེད་པ་འདི་མྱངས་ནས་ཉམ་ཉེས་པའི་དབང་གིས་ཏེ། དེ་ཡང་ད་ལྟ་མཐོང་དུ་མེད་པའི་སྡུག་བསྔལ་དག་མི་བཤད་པར་རིག་ཤག་ཤག་ཤེས་ཤག་ཤག་གི་གནས་ཚུལ། རང་རང་སོ་སོའི་ཁ་རང་ཐོག་ལ་བསྐོར་ནས་བཤད་ན། འུ་བུ་ཅག་ལ་མཚོན་ན་ད་ལྟ་མཐོ་རིས་རྣམ་གསུམ་གྱི་ཡ་གྱལ་མིའི་འཇིག་རྟེན་ན་ཡོད་པས། དེའི་སྡུག་བསྔལ་ལ་སེམས་པར་བྱས་ནས་ལེགས་པར་དཔྱད་ན་དང་པོ་སྐྱེ་བའི་སྡུག་བསྔལ་ནི། བཙའ་བའི་དུས་གྱད་སྟོབས་པོ་ཆེ་ཞིག་གིས་རྐང་པ་ནས་བཟུང་སྟེ་རྩིག་ངོར་བརྒྱབ་པ་ལྟ་བུའི་སྡུག་བསྔལ་དང་། རུས་པའི་འཕྲུལ་འཁོར་གྱི་བར་ནས་བཙའ་སྐབས་ལྕགས་ཀྱི་འཇུར་མིག་ནས་དྲངས་པ་ལྟ་བུའི་སྡུག་བསྔལ་ཡོད་པས། བཙའ་སྒོ་དོག་པ་རྣམས་བཙའ་མི་ནུས་པར་དེ་ཉིད་དུ་འཆི་བའམ། ཡང་ན་མ་བུ་གཉིས་ཀ་འཆི་བ་དང་། མིན་ཡང་ཤི་ལ་ཐུག་པའི་སྡུག་བསྔལ་མྱོང་བ་སྟེ། ཨོ་རྒྱན་ཆེན་པོས། མ་བུ་གཉིས་ཀ་གཤིན་ཡུལ་གོམ་ཕྱེད་བོར། །མ་ཡི་ཁ་རུས་མ་གཏོགས་རུས་ཚིགས་བྱེ། །ཞེས་གསུངས་པ་ལྟ་བུ་དང་། དེ་ནས་བྱིས་པ་བསམ་མེད་དེས་སྐེས་མགོ་མི་ཁྱོག རྐང་པས་ལུས་མི་ཁྱོག དྲོས་འཁྱག་བཀྲེས་སྐོམ་གང་བྱུང་ཡང་ཅེ་རེ་བལྟས་ནས་ངུ་བ་ལས་ཅི་ཡང་མི་ཤེས་པའི་སྡུག་བསྔལ་དེ་ལོའི་ཁྱུད་འཁོར་དུ་མར་མྱོང་བ་དང་། འུ་ཚོ་རོང་འབྲོག་གི་བྱིས་པ་ཞིག་ལ་མཚོན་ན་ལོ་གྲངས་བདུན་བརྒྱད་ཀྱི་ཐོག་ཏུ་སོན་ཚེ་སྐད་ཡིག་བསླབ་ཁུལ་གྱིས་མི་ཤེས་པའི་སྡུག་བསྔལ་དང་། དེའི་ཐོག་ཏུ་དེང་སང་གི་རིག་གནས་ཀྱི་སྣེ་མོ་རེ་ལ་འཐམས་ཏེ་སློབ་གྲྭ་ཞིག་ལ་སོང་ནས་སློབ་སྦྱོང་སྤུས་དག་ཅིག་བྱེད་ན་རང་ལོ་ཉི་ཤུ་ཡན་ཞིག་ཏུ་མ་ཐོན་གྱི་བར་དུ་སྡུག་སྤྱད་དཀའ་འབད་ལ་བརྩོན་དགོས་པ་དང་། དེའི་མཚམས་སུ་ལས་ཀ་ཞིག་གི་སྣེ་མོ་ལ་འཇུས་ནས་སྐྱ་རྒྱུད་ཅིག་ཡིན་ན་ཁྱིམ་སོ་བཟུང་སྟེ་སྡུག་བསྔལ་གསར་བའི་རྨང་གཞི་མཇུག་རྫོགས་རྒྱུ་མེད་པ་ཞིག་གི་མགོ་ཚུགས་ནས། མི་འགྲུབ་ལས་དགོས་ཀྱི་སྡུག་བསྔལ། མི་ཟིན་ཁྱིམ་སྟོར་གྱི་སྡུག་བསྔལ། གོང་མ་བཀུར་དགོས་ཀྱི་སྡུག་བསྔལ། འོག་མ་བསྐྱང་དགོས་ཀྱི་སྡུག་བསྔལ། མཉམ་པར་འགྲོགས་མ་ཤེས་པའི་སྡུག་བསྔལ། ཁ་མཆུ་ཟེར་རྗོད་ཀྱི་སྡུག་བསྔལ། ན་ཚ་ཤི་ཆད་ཀྱི་སྡུག་བསྔལ། རྒྱག་རེས་འཛིང་རྩོད་ཀྱི་སྡུག་བསྔལ། ཡོད་པ་བོར་དོགས་ཀྱི་སྡུག་བསྔལ། མེད་པ་འཚོལ་དགོས་ཀྱི་སྡུག་བསྔལ། མཐོན་པོས་བརྙས་བཅོས་ཀྱི་སྡུག་བསྔལ། དམའ་མོས་སྙད་འཚོལ་གྱི་སྡུག་བསྔལ། བཟའ་གཉིས་འཛིང་རྩོད་ཀྱི་སྡུག་བསྔལ། དེའི་དབང་གིས་ནངས་ཆུ་ཁྲག་འཐུང་འཐུང་གི་སྡུག་བསྔལ། ནུབ་ཆུ་རྣག་འཇིབ་འཇིབ་ཀྱི་སྡུག་བསྔལ། དེའི་སྟེང་ལ་བཟའ་གཉིས་ཕན་ཚུན་མཐོང་བ་ཙམ་གྱིས་ཁོང་ཁྲོ་དང་ཞེན་ལོག་སྟེར་བའི་སྡུག་བསྔལ། འོན་ཀྱང་འཐོར་འབྲལ་དུ་འགྲོ་མི་བཏུབ་པའི་སྡུག་བསྔལ། ཁ་ཡར་གྲགས་པ་ཙམ་གྱིས་མཚང་འབྲུ་དང་སྨ་འབེབས་མྱོང་བའི་སྡུག་བསྔལ། གཉེན་ཉེ་ཡིན་ཡང་ཁ་ཟེར་དང་བརྙས་སྨོད་བྱུང་བའི་སྡུག་བསྔལ། དེས་མ་ཚད་པར་མ་རབས་ཚང་གི་རྒྱུད་པ་རྣམས་ཀྱང་། ཁ་ཡུ་ལུང་ཟད་ཡར་སོང་ཞེས་ཀྱང་མར་ལ་འགྲོ་བ། མར་སོང་ཞེས་ཀྱང་ཡར་ལ་འགྲོ་བ། ཁྱི་དེད་པ་ལམ་དུ་མི་འགྲོ་བ་ཏག་ཏག་རྐུ་རྫུན་གཉིས་དང་དུ་བ་སྣ་ཐ་སོགས་ལ་བསླབ་མ་དགོས་བྱང་ནས་ཡོད་པ། བཟང་ཡ་རབས་ཀྱི་བྱ་བ་སྤྱོད་པ་ཡར་དཔེ་ཞྭ་ལ་འགྲན་པ་ཞིག་བྱེད་དུ་བཅུག་ན། བོང་བུ་འཁྱག་ཐོག་ནས་དེད་པ་ལྟ་བུ་སྟེ། དེ་འདྲ་ཁོ་ནས་ཉི་མ་ནམ་ཚ་སྐྱེལ་ནས་ལོ་གྲངས་དུ་སོང་མ་གོ་མ་ཚོར་བཞིན་དུ་འདས་པའི་ལོ་རྩིས་ཤིག་བརྒྱབ་དུས་མི་ཚེ་ཉི་མའི་ཡག་ཤོས་བཟང་ཤོས་པོ་དོན་མེད་སྡུག་གི་ནང་ནས་ཟད་ཤོར་ཏེ་སྡུག་བསྔལ་བ་ཡིན། སྡུག་དེ་ཙམ་ཁོ་ན་ཡིན་ན་སྐྱོན་མེད་པར་འདུག་ཀྱང་། སྡུག་དེ་བས་ཆེ་མེད་པ་འཇིགས་ཤིང་སྐྲག་དགོས་པའི་གནས། མཐོ་དམན་སྐྱ་སེར་མེད་པ་ཐམས་ཅད་ཀྱི་མགོ་ལ་བབས་ནས་གསོན་ཟས་སུ་བྱེད་པའི་འཆི་བདག་གཤིན་རྗེའི་སྒུག་མ་དེ་དབུགས་རྟ་རྔ་འདྲ་བོ་ཕྲོག་ཏུ་ནམ་ཐོན་ཆ་མ་འཚལ་ཞིང་། གལ་ཏེ་དེ་ཐོན་པའི་ཉི་མ་ཚེས་པའི་སྐབས་སུ་ད་སྔ་ཉི་མ་ཡོན་ཆོད་དུ། ཆུང་ནས་ཆེ་བའི་བར། གཞོན་ནས་རྒས་པའི་བར་དུ་དཀའ་བ་ཁྱད་དུ་བསད། ངལ་བ་དང་དུ་བླངས་ནས་བརྒྱ་ཕྲག་སྡུག་བསྔལ་གྱི་ཁུར་ཆེན་གྱི་འོག་ནས་བྱས་པའི་རིག་གནས་ཀྱི་སྦྱང་བརྩོན། བཟའ་བཏུང་གི་རྩོལ་སྒྲུབ། གོང་གི་མི་ལ་ངོ་སྲུང་དང་ངོ་དགའ། ཐད་ཀའི་མི་ལ་འབྲེལ་འདྲིས་ཀྱི་བྲེལ་དོ། འོག་གི་མི་ལ་གསོ་སྐྱོང་གི་སེམས་ལས། གཏམ་ངན་རྣ་སྡུག་དཀའ་ལས་སྡུག་བསྔལ་ཐམས་ཅད་ཁྱད་དུ་བསད་ནས་རྒྱུག་རྒྱུག་འདུར་འདུར་གྱི་འབྲས་བུ་ཐམས་ཅད་ཡ་མ་བརླ་རུ་སོང་ནས། མི་ཚེའི་གར་སྟེགས་ཀྱི་སྟེང་ནས་འཁྲབ་སྟོན་མིག་འཁྲུལ་གྱི་རྩེད་མོའི་མཇུག་བསྡུས་སོང་བ་ཡིན། མཇུག་བསྡུས་ན་བསྡུས་ངེས་སུ་སོང་ནས་ཚེ་ཕྱི་མའི་རྣམ་སྨིན་མྱོང་མཁན་དང་། ལས་ཀྱི་རྗེས་སུ་འབྲང་མཁན་ཞིག་མེད་ན་ཆོག་ཀྱང་། དེ་ལྟར་མིན་པར་ལས་རྒྱུ་འབྲས་རྟེན་འབྲེལ་གྱི་ཆོས་དེ་མི་བསླུ་བ་ཡིན་པར་ནི། ཕྱིའི་རྟེན་འབྲེལ་ས་བོན་ལས་མྱུ་གུ་འབྱུང་བ་ལ་སོགས་པ་བཞིན་དུ། མ་རིག་པ་ལས་འདུ་བྱེད་སོགས་ནས་སྐྱེ་བ་ནས་རྒ་ཤི་བར་གྱི་ནང་གི་རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་སྲིད་པའི་འཁོར་ལོ་མུ་མཐའ་མེད་པར་འཁོར་བའི་དུས་སུ། བསགས་ཚད་བྱས་ཚད་ཀྱི་སྡིག་པའི་ཕུང་པོ་འདི་རི་རབ་འདྲ་ཞིག་ཡོད་པ་དེ། གཅིག་མ་ཆད་གཉིས་མ་ལུས་པར་ཡོད་པ་དེ་གསོག་མཁན་ཁོ་རང་གི་སྐེ་ཐོག་མ་གཏོགས་འགྲོ་ས་མེད་ཅིང་། འདིའི་ཐོག་མཐའ་བར་གསུམ་ན་བསམ་བློ་ཞིག་བཏང་ཚེ། ཉི་ཚན་ཞིག་གི་ནང་ནས་འབུ་ཞིག་ཚིག་ནས་འཆི་འགྲོ་བ་དང་། མི་ཞིག་ལ་མི་འདོད་པ་ཐོག་བབ་ཏུ་བྱུང་ནས་སྡུག་སྨྲེ་འདོན་བཞིན་ཡོད་པ་གཉིས་ཀ་ལ་ཁྱད་མེད་པར་མངོན་ཏེ། སྐྱེ་བ་རྗེས་མར་དེ་གཉིས་གང་སྐྱིད་མི་འཚལ་བ་ཡིན་པ་དང་། ད་འུ་ཚོས་མཐོ་རིས་ན་ཡོད་པའི་མི་ཞིག་གི་ལོ་རྒྱུས་རྣམ་ཐར་འཆད་བཞིན་ཡོད་ཀྱང་། དེ་དག་ལ་ཕ་མ་ཤི་རབས། བུ་ཚ་མ་འཚམས་རབས། བཟའ་བ་ཁ་ཡར་འཐོར་རབས། ནད་དང་ན་ཚས་མནར་རབས། དགྲས་ཟོས་ཆུས་ཁྱེར་ལ་སོགས་པ་བརྗོད་ཀྱིས་མི་ལང་བར་འཆད་དུ་ཡོད་ལ། དམྱལ་བ་དང་ཡི་དྭགས་རྣམས་ཀྱི་སྡུག་བསྔལ་ཕར་ཞོག་མཐོ་རིས་མིའི་སྡུག་བསྔལ་དེ་དག་མྱོང་མ་དགོས་རྣ་བས་གོ་ཚེ་སྐྱི་གཡའ་བྱེད་དུ་འདུག་པ་ནི་དེ་ལྟར་དང་། དེ་བཞིན་དུ་དུད་འགྲོའི་སྡུག་བསྔལ་ནི་ཤེས་བཞིན་པ་སྟེ། རང་རེའི་སྒོ་ན་ཡོད་པའི་ཁལ་འགེལ་རྨོ་བཀོལ་བྱས་བྱས་པ་དང་། མར་འབྲི་བཞོས་བཞོས་པའི་མཐའ་མར། ཡང་ན་གཞན་གྱི་བཤས་ལག་ཏུ་སྤྲད་པ་དང་། ཡང་ན་རང་གི་སྒོ་བཤས་བྱེད་པ་ལ་སོགས་པ་འགྲོ་བ་རིགས་དྲུག་གི་སྡུག་བསྔལ་བཤད་ཚོད་མེད་པ་ཞིག་ཡོད་པ་ཡིན། འུ་ཚོའི་སྐད་ཆ་འདི་གང་ནས་འཕྲོས་པ་ཡིན་ན་རིགས་དྲུག་གི་སེམས་ཅན་ཐམས་ཅད་སྙིང་རེ་རྗེ་ཞེས་པ་དེ་ལས་འཕྲོས་པ་སྟེ། དེ་ཡང་སྙིང་ལོས་རྗེ་དེ་འདྲའི་སྡུག་བསྔལ་དང་ལྡན་པ་རེད་ཅེས་པ་ཡིན། དེ་ལ་འགའ་རེས་རང་མི་དགའ་བའི་དགྲ་བོ་ལ་སྙིང་རྗེ་མི་རིགས་བསམ་པ་ཡོད་ཀྱང་། དགྲ་དེ་དག་གིས་ཚུར་ལ་གནོད་བསྐྱལ་བ་དང་། ངན་སེམས་འཚགས་པའི་རྣམ་སྨིན་ཡིད་དུ་མི་འོང་བ་མྱོང་དགོས་ཤིང་། ཁྱད་པར་དུ་འུ་ཚོའི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་རེ་སྐྱེས་ཡོད་ན། ཕ་རོལ་པོའི་ཉེས་དམིགས་ལྷག་ཏུ་ཆེ་ཞིང་། དེའི་དབང་གིས་ཉིན་རེ་བཞིན་དུ་དམྱལ་བའི་བཙོ་བསྲེག་གི་སྡུག་བསྔལ་དང་། ཤ་ཚལ་བ་ཁྲག་ཐིགས་པ་རུ་བྱས་པའི་སྡུག་བསྔལ་ཡང་དང་ཡང་དུ་མྱོང་བཞིན་ཡོད་པ་དེ་ད་ལྟ་མིག་གིས་མཐོང་དུ་ཡོད་ན་དེ་ལ་ཤ་མི་ཚ་བ་དང་སྙིང་མི་རྗེ་བའི་རང་དབང་ཞིག་ག་ལ་ཡོད། དེས་ན་ངེས་པར་དུ་ཀུན་ལ་ཁྱབ་པའི་སྙིང་རྗེ་བསྒོམ་པར་བྱ་དགོས་པས། ད་ལྟའི་སྐབས་ཀྱི་སྙིང་རྗེ་ཆུང་ཆུང་རང་གི་དགའ་ཉེ་མཐུན་པ་ལ་ཡོད་པའི་ཆགས་ཞེན་དང་འབྲེལ་བ་དེ་དང་། གཞན་དོན་མེད་ཡིན་ཡང་ཉམ་ཆུང་ཉམ་ཐག་སྡུག་པོ་དག་མཐོང་ཚེ་ཡོད་པའི་སྙིང་རྗེ་ཕྲ་མོ་དེ་ཡར་ལག་ཆགས་སུ་བཅུག་ནས་ཚད་མེད་པའི་སྙིང་རྗེ་ཆེན་པོ་ལ་བསྒྱུར་ནས་བསྒོམ་དགོས་པ་ཡིན། རང་གཞན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་ཆེན་པོ་སྒྲུབ་པ་ཞིག་ལ་སྙིང་རྗེ་ཆེན་པོ་དེ་ཐོག་མཐའ་བར་གསུམ་དུ་མེད་ཐབས་མེད་པ། ཞིང་གི་ནང་དུ་ཆུ་ཐོག་མཐའ་བར་གསུམ་དུ་མེད་ན་ཐབས་མེད་པ་དང་འདྲ་བ་ཡིན་ཕྱིར་ཆོས་ཚིག་བཞི་བ་གཅིག་ཙམ་ནམ་བཤད་ལ་སྙིང་རྗེ་བསྒོམ་དགོས་པའི་ཚུལ་གལ་པོར་ཆེ་ལ་ནན་ཏན་དུ་བཤད་པ་ཡིན། ཁྱད་པར་དུ་ཉམས་ལེན་པ་དག་གིས་གནས་ལུགས་རྟོགས་པའི་བློ་དང་མ་བྲལ་བའི་ངང་ནས་བྱམས་སྙིང་རྗེ་སྒོམས་དང་། ཡོངས་ལ་སྙོམས་པའི་སྙིང་རྗེ་དང་བྱམས་པས་མ་ཚད་པར། ཚད་མེད་བཞི་མིང་དོན་མཚུངས་པ་ཞིག་ཡོང་བ་ཡིན། དེས་ན་གནས་ལུགས་ཇི་བཞིན་རྟོགས་པའི་བློ། རྣམ་པར་མི་རྟོག་ཡེ་ཤེས་ཞེས་པ་ནི། གང་དུ་ཡང་མི་རྟོག་ཅིང་གར་ཡང་རྒྱ་མ་ཆད་པ་མཐའ་བཞི་སྤྲོས་པ་ཀུན་བྲལ་ཞིག་ཡིན་ལ། དེ་དེ་ལྟར་ཡིན་པ་ཅིས་ཞེ་ན། དེ་ནི་གནས་ལུགས་ཆོས་ཀྱི་དབྱིངས་རྟོགས་པའི་ཡེ་ཤེས་ཡིན་པའི་ཕྱིར་ཏེ། ཐེག་ཆེན་ཐུན་མོང་གི་ལུགས་ལྟར་དུ་བྱས་ན་ཆོས་ཀྱི་དབྱིངས་དེ་དངོས་དང་དངོས་མེད་ཡོད་པ་མེད་པ་ལ་སོགས་པའི་མཐའ་ཐམས་ཅད་ལས་གྲོལ་བ་ཞིག་ཡིན་པས། དེ་ལྟ་བུའི་བདེན་གཉིས་དབྱེར་མེད་ཀྱི་གནས་ལུགས་ཡེ་ཇི་བཞིན་པ་དེ་སོ་སོ་རང་གིས་རིག་པར་བྱ་བ་ལས། རྣམ་པར་རྟོག་པའི་སྤྱོད་ཡུལ་དང་ཐ་སྙད་ཐམས་ཅད་ལས་འདས་པ་ཡིན་པ་ནི། རྒྱལ་སྲས་ཞི་བ་ལྷས་ཀྱང་། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་དང་། རྒྱུད་རྒྱལ་གསང་བ་སྙིང་པོ་ལས། གང་གིས་དམིགས་མེད་མི་ཤེས་པ། །དེ་ཡིས་ཆོས་ཀྱི་དབྱིངས་མི་ཤེས། །དེ་ཕྱིར་དངོས་དང་དངོས་མེད་པ། །འཇིག་པས་དམིགས་མེད་ཤེས་པར་གྱིས། །ཞེས་དང་། ཕལ་པོ་ཆེ་ལས། ཆོས་རྣམས་ཆོས་ཀྱི་རང་བཞིན་མི་ཤེས་པར། །དེ་ཡིས་ཆོས་ཀྱི་དབྱིངས་ཉིད་མཐོང་བ་མེད། །ཅེས་གསུངས་པའི་ཕྱིར། དགག་རྟོག་སྒྲུབ་རྟོག་གང་ཡིན་ཡང་རྣམ་རྟོག་ལས་མི་འདའ་ལ། མི་རྟོག་ཡེ་ཤེས་ནི་དགག་རྟོག་སྒྲུབ་རྟོག་གཉིས་ཀའི་མཐའ་ལས་འདས་པ་ཡིན་པས་དེ་གཉིས་ཀ་མིན་ཏེ་གང་དུ་ཡང་མི་རྟོག་པ་ཡིན་པའི་ཕྱིར། སྤྲོས་པ་མཐའ་དག་ཁེགས་པ་ལ་སྤྲོས་པ་དང་བྲལ་ལོ་སྙམ་དུ་འཛིན་པ་ཙམ་ཡང་མེད་ཅིང་། དེ་ཡོད་ན་ད་དུང་སྤྲོས་པ་ཐམས་ཅད་མ་ཁེགས་པས་དེ་ལ་སྤྲོས་བྲལ་གྱི་ཐ་སྙད་མི་ཐོབ་པ་ཡིན། རྣམ་པར་རྟོག་པའི་རང་བཞིན་ཅན་གྱི་གསལ་ཞིང་རིག་པ་དེ་རྣམ་ཤེས་ཀྱི་མཚན་ཉིད་དང་། རྣམ་པར་མི་རྟོག་པ་གནས་ལུགས་སོ་སོ་རང་གིས་རིག་པའི་རང་བཞིན་འོད་གསལ་བ་དེ་ཡེ་ཤེས་ཀྱི་མཚན་ཉིད་ཡིན། རྣམ་ཤེས་ཀྱི་ཆོས་ཉིད་དེ་ཡེ་ཤེས་ཡིན། དེས་ན་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཡོངས་སུ་དག་པའི་ཡེ་ཤེས་མཐར་ཐུག་པ་དེ་སངས་རྒྱས་ཀྱི་མཚན་ཉིད་ཡིན། ཡེ་ཤེས་དེ་ལ་ཡང་ཆོས་ཉིད་གཟིགས་པའི་ཆ་ནས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་། ཆོས་ཅན་མཐའ་དག་གཟིགས་པའི་ཆ་ནས་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཞེས་ལྡོག་ཆ་ཐ་དད་ནས་བཏགས་པ་དང་། ངོ་བོའི་སྟེང་ནས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཉག་གཅིག་ལས་ཐ་དད་པ་ཞིག་མེད་པའི་ཕྱིར། དེས་ན་བདེན་གཉིས་དབྱེར་མེད་ཀྱི་གནས་ལུགས་དེ་མཐར་ཐུག་གཟིགས་པའི་ཡེ་ཤེས་ཡིན་པས། ཆོས་ཅན་རྣམ་ཤེས་ཚོགས་བརྒྱད་དང་། དེའི་རང་བཞིན་ཆོས་ཉིད་ཀྱི་ཡེ་ཤེས་གཉིས་ཀ་གཅིག་ཐ་དད་གང་དུ་ཡང་ཁས་བླང་བར་བྱ་བ་མ་ཡིན་ལ། དེ་ཡང་མདོ་ལམ་ནས་བདེ་གཤེགས་སྙིང་པོ་ཡོན་ཏན་ཡེ་ལྡན་དུ་ཡོད་གསུངས་པ་ནི། མདོ་སྔགས་མཚམས་སྦྱོར་གྱི་ཚུལ་དུ་གསུངས་པ་ཡིན་ལ། མདོ་ལམ་ནས་བདེ་གཤེགས་སྙིང་པོའི་རང་བཞིན་ད་ལྟ་ནས་གཏན་ལ་འབེབས་པའི་ལམ་དངོས་གསུངས་པ་མེད་ཅིང་། སྔགས་སྤྱིའི་སྐབས་སུ་ཡང་དབང་གིས་སྨིན་པར་བྱ་བ་སོགས་སྨིན་གྲོལ་གྱི་ལམ་བརྒྱུད་ནས་རིག་པའི་ཡེ་ཤེས་བཅར་ཕོག་ཏུ་ངོ་སྤྲོད་པའི་མན་ངག་ཡོད་པ་ཡིན་ལ། མདོ་སྔགས་གཉིས་ཀའི་ལམ་གྱི་མྱུར་བུལ་ནི་དེ་ལྟར་ཡིན་པ་དང་། ཁྱད་པར་དུ་འོད་གསལ་རྫོགས་ཆེན་གྱི་ལམ་ནས་སྐུ་གསུམ་ལྷུན་གྲུབ་གཉུག་མ་རིག་སྟོང་གི་ཡེ་ཤེས་རྗེན་པར་འཆར་དུ་ཡོད་པ་ནི། རྒྱུ་མཚན་ཉིད་ཐེག་པའི་དབུ་མ་ལ་སོགས་པ་ལ་ཡོད་པ་མིན་ཏེ། དབུ་མས་གཏན་ལ་ཕབ་པའི་སྤྲོས་བྲལ་གྱི་དབྱིངས་ལ་ཆོས་དབྱིངས་ཞེས་གསུངས་ལ། དེ་འདྲའི་སྤྲོས་བྲལ་གྱི་དོན་དེ་ཡང་ཚོགས་ལམ་གྱིས་གོམས་པའི་མཐུ་ལ་བརྟེན་ནས་མཐོང་ལམ་གྱི་སྐབས་སུ་མངོན་དུ་འགྱུར་བ་ཞིག་ཡིན་ཞིང་། དེ་འདྲའི་མཐོང་ལམ་དེ་ཡང་དབང་རྣོན་ཡིན་ཡང་བསྐལ་བ་གྲངས་མེད་གཅིག་གི་བསགས་སྦྱང་དགོས་པ་ལས་དེ་བས་མྱུར་དུ་ཐོབ་རུང་ཚུལ་མ་གསུངས་པ་དང་། སྔགས་ཀྱི་སྐབས་སུ་དབང་གིས་སྨིན་ཅིང་ངོ་སྤྲད་པའི་སྟོབས་ཀྱིས་དཔེ་ཡི་ཡེ་ཤེས་ད་ལྟ་ནས་ངོ་འཕྲོད་དུ་ཡོད་པ་ཡིན། དེ་ལྟར་དུ་མདོ་སྔགས་གཉིས་ཀའི་དགོངས་པ་ལྟོ་ཞིག་སྦྱར་ན། སེམས་ཉིད་གཉུག་མའི་ཡེ་ཤེས་མངོན་དུ་ཤར་བ་དེ་དག་ས་པས་སྲིད་ཞི་མཉམ་ཉིད་ཀྱི་དགོངས་པ་དང་། གཟུགས་སྐུ་དག་སྣང་གི་འོད་གསལ་མངོན་དུ་བྱེད་པ་ནི་དག་ས་པས་ཞིང་དག་སྦྱོར་དང་མཐུན་པར་གསུངས་པ་ཡིན། སྔགས་མཚན་བཅས་ཀྱི་ཐབས་ཀྱི་ལམ་མདོ་ལམ་ལས་དེ་ལྟར་འཕགས་པ་ཡིན་ཡང་། དེ་དག་ནི་དཔེ་ཡི་ཡེ་ཤེས་དོན་གྱི་ཡེ་ཤེས་མཚོན་བྱེད་ཀྱི་ལམ་ཙམ་ཞིག་ཡིན་ལ། དེས་མཚོན་པར་བྱ་བའི་མཚོན་བྱ་དོན་གྱི་ཡེ་ཤེས་ཐད་ཀར་འཆད་པའི་རྫོགས་ཆེན་གྱི་ལམ་ནི་དེ་བས་ཀྱང་མྱུར་བ་ཡིན། དེས་ན་རྫོགས་ཆེན་གྱི་ལམ་ནས་གང་སྣང་སྐུ་གསུམ་གྱི་རོལ་བར་ཤར་ཏེ་ཚེ་འདིར་སངས་རྒྱས་ནུས་པ་སྟེ། དེ་ཡང་ཆོས་སྐུ་ཀ་དག་གི་དགོངས་པ་ཁྲེགས་ཆོད་ཀྱིས་མངོན་སུམ་དུ་རྟོགས་ཤིང་། གཟུགས་སྐུ་ལྷུན་གྲུབ་ཀྱི་དགོངས་པ་ཐོད་རྒལ་གྱིས་མཐོང་སྟེ་མྱུར་དུ་རྫོགས་སངས་རྒྱས་པ་ཡིན། ད་དེ་དག་གིས་མདོ་དོན་ཚིག་གི་རྩ་བ་གང་བཤད་པ་ཡིན་ཞེ་ན། ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་ནི་རང་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པ་ལ་རག་ལས་ཤིང་། དེ་འདྲའི་རྟོགས་པ་སྐྱེ་བ་ནི་བླ་མའི་བྱིན་རླབས་ལ་རག་ལས་པ་དང་། བྱིན་རླབས་རང་རྒྱུད་ལ་འཇུག་པ་ནི་མོས་གུས་ཀྱི་རྟེན་འབྲེལ་ཁོ་ན་ལ་རག་ལས་པ་ཡིན། དེས་ན་རྟོགས་པ་དོན་གྱི་བརྒྱུད་པ་དང་ལྡན་པའི་བླ་མ་དམ་པ་རང་ཉིད་དང་ཚེ་རབས་སྔོན་མར་ལས་འབྲེལ་ཡོད་པ་ཞིག་ལ་བསྟེན་ནས། དེ་ལ་རྩེ་གཅིག་དད་དང་འདུན་པས་ཡིད་ཁྱེད་ཤེས་ཀྱིས་གསོལ་བ་བཏབ་ན། རྐྱེན་མོས་གུས་ཀྱིས་བྱས་ཏེ་བླ་མའི་རྟོགས་པ་སློབ་མ་ལ་འཕོས་ཏེ། ཅིར་སྣང་བླ་མར་ཤར་བའི་བསྐྱེད་རིམ་དང་། ཐུགས་ཡིད་དབྱེར་མེད་འདྲེས་པའི་རྫོགས་རིམ་འཆར་ནས། རང་བཞིན་རྗོད་པ་བྲལ་བའི་རྫོགས་པ་ཆེན་པོའི་གནས་ལུགས་མངོན་སུམ་དུ་རྟོགས་པ་ཡིན། དེ་ལྟར་ན་ཐབས་སྙིང་རྗེ་ཆེན་པོ་དང་ཤེས་རབ་སྟོང་པ་ཉིད་དབྱེར་མེད་དུ་གྱུར་པ་དེ་ཉིད་ལམ་གྱི་སྲོག་ལྟ་བུ་ཞིག་ཏུ་སོང་ཡོད་པས། དེའི་དུས་སུ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་སྙིང་རྗེའི་རང་མདངས་ཚད་མེད་པའི་ཐུགས་རྗེ་ལ་ཤར་ནས་དོན་གཉིས་ལྷུན་གྲུབ་ཀྱི་མཛད་པ་དང་འཕྲིན་ལས་རྒྱ་ཆེན་རྒྱུན་མི་ཆད་པར་རྟག་ཁྱབ་ལྷུན་གྲུབ་ཏུ་འབྱུང་བའི་གོ་དོན་རྣམས་ཤ་ཟིན་སྤུ་ཟིན་གྱིས་ཞུས་ནས། སྐབས་འདིར་དེ་ལྟ་བུའི་རྣམ་མཁྱེན་རྫོགས་པའི་བྱང་ཆུབ་མངོན་དུ་བྱེད་པའི་ལམ་བཟང་རྫོགས་པ་ཆེན་པོའི་ཟབ་རྒྱས་ཀྱི་ཆོས་མཛོད། ཀློང་ཆེན་མཛོད་བདུན་གྱི་ནང་ནས་མན་ངག་རིན་པོ་ཆེའི་མཛོད་འཆད་ཉན་བྱེད་བཞིན་པའི་སྐབས་ལས། དྲུག་ཚན་མང་དག་ཅིག་ཞུས་གྲུབ་ནས་དེ་རིང་།

༢༨༧ རང་བཞིན་མངོན་དུ་ཕྱུང་བའི་ཆོས་དྲུག་བསྟན་པ།

རང་བཞིན་མངོན་དུ་ཕྱུང་བའི་ཆོས་དྲུག་ནི།།

རྟོགས་པའི་དུས་ན་རང་གསལ་སང་ངེ་བ།།

མི་རྟོག་དུས་ན་མ་འགགས་ཝལ་ལེ་བ།།

ཅིར་སྣང་དུས་ན་རང་གསལ་ལྷག་གེ་བ།།

གཟུང་འཛིན་དུས་ན་ཀུན་གསལ་སལ་ལེ་བ།།

མཉམ་བཞག་དུས་ན་མཐའ་གྲོལ་སང་ངེ་བ།།

འཕྲོ་གནས་མཉམ་དུས་བར་མེད་ཧ་རེ་བ།།

འདི་འདྲའི་གནད་ཤེས་རྣལ་འབྱོར་རྩེ་མོར་ཕྱིན།།

ཞེས་གསུངས་པ་སྟེ། གོང་ནས་བཤད་མ་ཐག་པའི་རང་བཞིན་བརྗོད་བྲལ་གྱི་ཡེ་ཤེས་གནས་ལུགས་རྫོགས་པ་ཆེན་པོའི་ལྟ་བའི་གནད་མངོན་དུ་ཕྱུང་བའི་ཆོས་དྲུག་ནི། རིག་པའི་ཡེ་ཤེས་ཀྱི་ངོ་བོ་དེ་ཉིད་རྟོགས་པའི་དུས་ན། གསལ་བྱ་གསལ་བྱེད་དང་བྲལ་བའི་རང་གསལ་དྭངས་སང་ངེ་བ་རྒྱ་མཚོ་ཆེན་པོ་མི་གཡོ་མཉམ་པ་ལྟ་བུ་དང་། མི་རྟོག་པའི་དུས་ན་མ་འགགས་ཀྱང་ཅིར་ཡང་འཆར་བ། མཚོ་ལ་གཟའ་སྐར་གྱི་གཟུགས་བརྙན་བཀྲ་བ་ལྟ་བུའི་འཛིན་མེད་ཀྱི་ཝལ་ལེ་བ་དང་། ཅིར་སྣང་གི་དུས་ན་རང་གསལ་ཟུང་འཇུག་གི་ཡེ་ཤེས་ལྷག་མཐོང་རྣམ་པར་མི་རྟོག་པས་ལྷག་གེ་བ་དང་། གཟུང་འཛིན་གྱི་རྣམ་པ་ལྟ་བུའི་སྣང་ཡུལ་འགགས་མེད་དུ་འཆར་བའི་རྗེས་ཐོབ་ཀྱི་དུས་ན། ཚོགས་དྲུག་ཆ་མཉམ་གྱི་སྣང་ཡུལ་ཀུན་གསལ་སལ་ལེ་བ་དང་། མཉམ་བཞག་གི་དུས་ན་ཡོད་མེད་ཡིན་མིན་ལ་སོགས་པའི་མཐའ་ལས་གྲོལ་བའི་མཐའ་གྲོལ་སང་ངེ་བ་དང་། འཕྲོ་བ་དང་གནས་པ་མཉམ་ཚེ་འཕྲོ་གནས་བར་མེད་དུ་ཟང་ཐལ་ཧ་རེ་བ་སྟེ། གནད་འདི་དག་ཤེས་པའི་རྣལ་འབྱོར་བ་དེ་ཉིད་ཐེག་པ་མཆོག་གི་འབྲས་བུའི་རྩེ་མོར་ཕྱིན་པའོ།།

༢༨༨ ཁྱད་དུ་བསད་ནས་བསྒྲུབ་པ་རྣམ་དྲུག་བསྟན་པ།

ཁྱད་དུ་བསད་ནས་བསྒྲུབ་པ་རྣམ་དྲུག་ནི།།

ངལ་དུབ་བཀྲེས་སྐོམ་སྡུག་བསྔལ་ཁྱད་བསད་དགོས།།

མི་ཡུལ་འབྲེལ་འདྲིས་སོ་ནམ་ཁྱད་བསད་དགོས།།

དགྲ་གཉེན་ཆགས་སྡང་ཁེ་གྲགས་ཁྱད་བསད་དགོས།།

སྒོ་ལྔའི་ཡུལ་ལ་ཆགས་ཞེན་ཁྱད་བསད་དགོས།།

བསྟོད་སྨད་ཚིག་ལ་དགག་སྒྲུབ་ཁྱད་བསད་དགོས།།

དྲན་རྟོག་རང་ཡལ་སྤང་གཉེན་ཁྱད་བསད་དགོས།།

དེ་ལྟར་ལྡན་ན་ཐར་ལམ་བྱང་ཆུབ་འགྲུབ།།

ཅེས་གསུངས་པ་སྟེ། འཇིག་རྟེན་གྱི་བྱ་བ་ཁྱད་དུ་བསད་ནས་སྣང་མེད་དུ་བསྐྱུར་ཏེ་བསྒྲུབ་དགོས་པ་རྣམ་པ་དྲུག་ནི། ཐར་ལམ་སྒྲུབ་པའི་གནས་སྐབས་སུ་ངལ་དུབ་བཀྲེས་སྐོམ་གྱི་སྡུག་བསྔལ་ཐམས་ཅད་འཛེམས་མེད་ཀྱིས་ཁྱད་དུ་བསད་ནས་བསྒྲུབ་དགོས་པ་དང་། མི་ཡུལ་གྱི་མཐོན་པོ་བཀུར་བ་དང་། དམའ་མོ་སྐྱོང་བ་དང་། མཉམ་པར་བསྟུན་པ་དང་། གྲགས་པ་བསྐྱེད་པ་ལ་སོགས་པའི་ཆེད་དུ་འབྲེལ་འདྲིས་བྱེད་པ་དང་། སོ་ནམ་ཚོང་ཁེ་ལ་སོགས་པ་མདོར་ན་འཇིག་རྟེན་ཚེ་འདིའི་བྱ་བཞག་ཐམས་ཅད་ཁྱད་དུ་བསད་ནས་སྤོང་དགོས་པ་དང་། དགྲ་གཉེན་གྱི་ཆགས་སྡང་སྟེ་དགྲ་ལ་དགྲའི་འདུ་ཤེས་ཀྱིས་སྡང་བ་དང་། གཉེན་ལ་གཉེན་གྱི་འདུ་ཤེས་ཀྱིས་ཆགས་པ་དང་། གཞན་ཡང་ཁེ་བཟང་སྙན་གྲགས་བསྒྲུབ་པ་ལ་སོགས་པ་ཁྱད་དུ་བསད་པར་བྱ་དགོས་པ་དང་། སྒོ་ལྔའི་ཡུལ་མིག་གཟུགས་དང་རྣ་བ་སྒྲ་ལ་སོགས་པ་ལ་ཆགས་ཤིང་ཞེན་པ་མཐའ་དག་ཁྱད་དུ་བསད་ནས་སྤོང་དགོས་པ་དང་། གཞན་གྱིས་བསྟོད་པ་དང་སྨད་པའི་ཚིག་ལ་ངན་པ་དགག་པ་དང་བཟང་པོ་སྒྲུབ་པའི་འདོར་ལེན་ཁྱད་དུ་བསད་དེ་སྣང་མེད་ལ་གཏོང་དགོས་པ་དང་། དྲན་རྟོག་རང་ཡལ་ཡིན་པས་དེ་ལ་སྤང་བྱ་དང་གཉེན་པོ་སྤྲད་པ་ཁྱད་དུ་བསད་དེ་སྤོང་དགོས་པ་སྟེ། དེ་ལྟ་བུའི་ཁྱད་བསད་དྲུག་དང་སུ་ལྡན་ན་ཐར་ལམ་བྱང་ཆུབ་འགྲུབ་པར་འགྱུར་བའོ།།

༢༨༩ ཕ་རོལ་ཕྱིན་དྲུག་མ་བྲལ་སྒྲུབ་པ་བསྟན་པ།

ཕ་རོལ་ཕྱིན་དྲུག་མ་བྲལ་སྒྲུབ་པ་ནི།།

སྦྱིན་པ་སེར་སྣའི་དགྲ་ལ་མ་བསྐུར་ཅིག།

ཚུལ་ཁྲིམས་འཆལ་བའི་ཇག་པས་མ་འཇོམས་ཤིག།

བཟོད་པ་ཁོང་ཁྲོའི་མཚོན་གྱིས་མ་དབུག་ཅིག།

བརྩོན་འགྲུས་ལེ་ལོའི་སྒྲོག་ཏུ་མ་འཆིངས་ཤིག།

བསམ་གཏན་གཡེང་བའི་དུག་དང་མ་བསྲེ་ཞིག།

ཤེས་རབ་རྨོངས་པའི་མུན་པས་མ་སྒྲིབས་ཤིག།

དེ་ལྟར་མི་མཐུན་དྲུག་པོ་སྤངས་ལ་སྒྲུབས།།

ཞེས་གསུངས་པ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་མ་བྲལ་བ་བྱས་ཏེ་བསྒྲུབ་དགོས་པར་བསྟན་པ་ནི། སྦྱིན་པ་བྱེད་དུས་སེར་སྣའི་དགྲ་ལ་མ་བསྐུར་ཅིག ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་ཚུལ་འཆལ་གྱི་ཇག་པས་རྣམ་པར་དག་པའི་ཚུལ་ཁྲིམས་མ་འཇོམས་ཤིག དལ་བའི་རྟེན་ལ་དལ་བའི་སྤྱོད་ལམ་ཅན། །དུལ་བའི་སྒོ་གསུམ་འདུལ་བའི་ཁྲིམས་ཀྱིས་བསྡམས། །གདུལ་དཀའི་གཞན་རྒྱུད་ཞི་བའི་ཆོས་ཀྱིས་འདུལ། །འདུལ་འཛིན་མཆོག་དེ་རྒྱལ་བའི་རྒྱལ་ཚབ་ཡིན། །ཞེས་གསུངས་པ་ལྟར་སུ་ཚུལ་ཁྲིམས་གཙང་མ་དེ་ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་དང་། རྒྱལ་བའི་བསྟན་པ་གནས་ཡོད་མེད་ཀྱང་འདུལ་བའི་བསྟན་པ་ཡོད་མེད་ཀྱིས་ཕྱེ་བ་སྟེ། གཞི་གསུམ་ཚུལ་འདི་གང་དུ་གནས་པ་དེར། །རྒྱལ་བསྟན་རིན་ཆེན་གནས་ཞེས་གདགས་འོས་ལ། །ཡུལ་དབུས་ཡུལ་གྱི་སྙིང་པོ་དམ་པ་ཞེས། །བསྔགས་པའི་མེ་ཏོག་འདི་མིན་གང་ལ་འཐོར། །ཞེས་གསུངས་པ་ལྟ་བུའོ། །ཁྲོ་བ་མེད་པའི་བཟོད་པ་དེ་ཉིད་དེ་དང་འགལ་བའི་ཁོང་ཁྲོའི་མཚོན་གྱིས་མ་དབུག་ཅིག དགེ་ལ་སྤྲོ་བའི་བརྩོན་འགྲུས་དེ་ཉིད་དེའི་མི་མཐུན་ཕྱོགས་ལེ་ལོའི་སྒྲོག་ཏུ་མ་འཆིངས་ཤིག དམིགས་པ་ལ་རྩེ་གཅིག་པའི་བསམ་གཏན་གྱི་འགལ་ཟླ་རྣམ་པར་གཡེང་བའི་དུག་དང་མ་བསྲེ་ཞིག མི་ཤེས་པའི་སྨག་རུམ་གསལ་བྱེད་ཀྱི་ཤེས་རབ་དེ་རྨོངས་པའི་མུན་པས་མ་སྒྲིབས་ཤིག་སྟེ། མདོར་ན་ཕར་ཕྱིན་དྲུག་པོའི་རང་རང་གི་མི་མཐུན་པའི་ཕྱོགས་དང་མ་འདྲེས་པར་བྱས་ནས་ཕྱིན་དྲུག་རྣམ་པར་དག་པ་ཞིག་བསྒྲུབ་དགོས་སོ།།

༢༩༠ འབྲེལ་མེད་དྲུག་གི་རང་བཞིན་བཤད་པ་བསྟན་པ།

འབྲེལ་མེད་དྲུག་གི་རང་བཞིན་བཤད་པ་ནི།།

སྡུག་བསྔལ་རྒྱན་མཐོང་མི་ལ་ཐར་བའི་ལས་འབྲེལ་མེད།།

སྤྱོད་པ་ངོ་སྲུང་མི་ལ་འཁྲུལ་ཞིག་ལས་འབྲེལ་མེད།།

ཐོས་བསམ་ཁེ་གྲགས་མི་ལ་ཉམས་ལེན་ལས་འབྲེལ་མེད།།

མི་དགེ་སྡིག་སྤྱོད་མི་ལ་མཐོ་རིས་ལས་འབྲེལ་མེད།།

སྙོམ་ལས་ལེ་ལོའི་མི་ལ་ཉམས་མྱོང་ལས་འབྲེལ་མེད།།

བདག་ལྟ་ཆགས་སྡང་མི་ལ་སྒྲུབ་པའི་ལས་འབྲེལ་མེད།།

དེ་འདྲའི་འབྲེལ་མེད་དབང་དུ་རང་ཉིད་མ་སོང་གཅེས།།

ཞེས་གསུངས་པ་སྟེ། འབྲེལ་མེད་དམ་ལས་འབྲེལ་མེད་པ་དྲུག་གི་རང་བཞིན་བཤད་པ་ནི། སྡུག་བསྔལ་རྒྱན་ལྟར་དུ་མཐོང་བའི་མི་དེ་ལ་ཐར་བའི་ལས་འབྲེལ་མེད་པ་སྟེ། འདི་དག་ལ་རང་བསམ་བློ་ཞིག་བཏང་ན་འཇིག་རྟེན་གྱི་བྱ་བ་ཐམས་ཅད་སྡུག་བསྔལ་རྒྱན་ལ་ལེན་པ་ཏག་ཏག་ཡིན་ཏེ། སྡུག་བསྔལ་འདོད་པ་མིན་ཡང་སྡུག་བསྔལ་གྱི་རྒྱུ་འབའ་ཞིག་སྒྲུབ་བཞིན་ཡོད་དེ། དཔེར་ན་རང་ཉིད་ཆེ་ཐབས་གྲགས་ཐབས་བྱེད་པའི་སྐབས་སུ། དེ་ལ་མི་གཞན་དག་གིས་ཕྲག་དོག་དང་བརྙས་སྨོད་འབྱུང་བ་དང་། དེའི་རྐྱེན་གྱིས་རང་གཞན་གཉིས་ཀ་མི་བདེ་ཞིང་སྡུག་བསྔལ་རྒྱུན་མི་ཆད་པའི་འཛིང་རྩོད་བྱུང་བ་དང་། ཡང་རྙེད་པ་དང་བཀུར་སྟི་སྒྲུབ་པའི་ཆེད་དུ་ཡང་དེ་བཞིན་དུ་སྡུག་བསྔལ་མྱོང་བ་སྟེ། ལ་ལས་ནོར་རྫས་ཐོབ་པའི་དོན་དུ་རྐུ་འཕྲོག་བཅོམ་གསུམ་བྱེད་པ་དང་། དེའི་རྐྱེན་གྱིས་ཕྱི་མ་རྣམ་སྨིན་ཡིད་དུ་མི་འོང་བ་ཐོབ་པ་ནི་སྨོས་ཅི་དགོས་ཀྱང་། ཚེ་འདི་ལ་ཡང་སྡུག་བསྔལ་མང་དུ་འབྱུང་བ་དཔེར་ན། གྱོད་དང་ཁ་མཆུ་ཐུག་ཅིང་། དེའི་སྐབས་སུ་ཁེ་དང་རྒྱལ་ཁ་ཞིག་ལེན་ན་རྒྱན་ཡིན་བསམ་ཁུལ་བྱེད་ཀྱང་དེ་ལ་བདེ་བ་མེད་པ་ནི། རང་ལ་ཁེ་ཁ་ཐོབ་ཀྱང་དེ་དང་མཉམ་དུ་གཞན་ཞིག་ཕམ་དགོས་པས། དེས་ཉིན་ཞིག་ལན་ཞིག་ཨེ་འཕྲོད་བལྟས་ནས་གྱོད་ཀྱི་རྗེས་སུ་དགྲ་ལངས་པའང་ཡོད་པ་ཡིན། དེ་ལྟ་བུའི་དགྲ་ང་ཁེ་ཁྱོད་ཕམ་ཏག་ཏག་གིས་མི་ཚེ་བཅད་ནས་མི་ཕར་ལ་ཐུབ་ཀྱང་སྐྱིད་པོ་མེད་ཅིང་། རང་ཚུར་ལ་ཕམ་ན་དེ་བས་ཀྱང་སྡུག་པ་ཡིན་པ་དང་། དེ་བཞིན་དུ་གོ་ས་མཐོན་པོ་ལ་ཡོད་པའི་མི་དྲག་རྣམས་ནི་དེ་བས་ཀྱང་སྡུག་སྟེ། ཡུལ་གྲུ་གཅིག་དང་རྒྱལ་ཁབ་གཅིག་གི་སྡུག་ཚང་མ་དེས་ཁུར་ནས་ཡོད་ཅིང་། ཐམས་ཅད་མགུ་ཐབས་སུས་ཀྱང་དཀའ་བས་ཉིན་ཅིག་ཐུར་ལ་འགྲོ་བའི་ཉིན་དེར། ནག་ནག་ཡོ་ཡོ་ཚང་མ་དེའི་མགོར་འཇོག་པ་ཡིན། མདོར་ན་འཇིག་རྟེན་གྱི་བྱ་བ་ཞིག་བསྒྲུབས་ཚད་ཐམས་ཅད་སྡུག་བསྔལ་རྒྱན་དུ་བླངས་པ་འབའ་ཞིག་ཡིན་པས། དེ་ལྟ་བུ་དག་ལ་ཐར་བའི་ལས་འབྲེལ་མེད་པ་ཡིན་ཕྱིར། ཐར་བའི་ལམ་སྣ་འཚོལ་མཁན་ཞིག་ཡིན་ན་འཇིག་རྟེན་གྱི་བྱ་བ་ཐམས་ཅད་རྒྱབ་ཏུ་འདོར་དགོས་སོ། །སྤྱོད་པ་གང་བྱེད་ཀྱང་མི་ངོ་སྲུང་ཐབས་དང་། མིན་ཡང་གཞན་གྱི་དབང་དང་ཤུགས་ཏག་ཏག་ལ་ཤོར་ནས་ཡོད་ཚེ་རང་ལ་དགོས་པའི་དམ་ཆོས་འགྲུབ་པ་མིན་ལ། དེང་སང་གི་བསྟན་དགོན་ལ་གཟིགས་མཁན་ཞིག་ཡིན་ཚེ། བཤད་དང་སྒྲུབ་པས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་མཐུན་རྐྱེན་དུ་དབང་འབྱོར་བ་གཉིས་ཀའི་ཐད་ནས་མི་དང་འབྲེལ་འདྲིས་མི་མཛད་ཀ་མེད་དུ་ཐུག་པ་ལྟ་བུ་ཞིག་གནའི་གོམས་སྲོལ་ལམ་དུས་ཕྱིས་ཀྱི་བསྟན་པ་སྤེལ་སྟངས་ལ་སླད་སྐྱོན་ཞུགས་པའི་དབང་གིས་ཡོད་ཀྱང་། སྲིད་དོན་དང་འབྲེལ་བའི་མཛད་པ་ཐབས་མཁས་ཅན་གྱིས་བསྐྱངས་ན་རྒྱན་ཡིན་ན་ཐང་ཡང་། ཐབས་ལ་མི་མཁས་པའི་རྨོངས་པ་ཞིག་དེའི་རྗེས་ཤུལ་ལ་སྙེག་ཁུལ་བྱེད་དུས། ངོ་སྲུང་གིས་མི་ཚད་གཞོགས་སློང་དང་ཐོབ་འཇལ་སོགས་ལོག་པའི་འཚོ་བ་ཐམས་ཅད་འདྲེན་ནས་ཆོས་པ་རྣམ་དག་འཁྲུལ་ཞིག་ཆོས་བརྒྱད་ཀྱི་བྱ་བ་སྤོང་མཁན་གྱི་ལས་འབྲེལ་དེ་ལ་མེད་པའོ། །ཐོས་བསམ་གྱི་བྱ་བ་ལ་འཇུག་པའི་སྐབས་སུ་དང་པོ་ཉིད་ནས་ཁེ་དང་གྲགས་པ་ཞིག་གི་ཕྱོགས་སུ་ཁས་འཐེན་པའི་ལེགས་སྨོན་གྱི་ཀུན་སློང་ལས། ངས་བསྟན་པའི་སྲོག་འཛིན་དགོས་བསམ་པ་དང་། སེམས་ཅན་བདེ་བ་ལ་འགོད་པའི་ཆེད་དུ་རྒྱལ་བའི་འཕྲིན་ལས་ཤིག་བསྒྲུབ་དགོས་པ་བསམ་པའི་ཟུར་ཙམ་དུ་ཡང་མེད་པའི་མི་ལ་ཉམས་ལེན་གྱི་ལས་འབྲེལ་མེད་པ་ཡིན་པས། ཐོག་མ་ཉིད་ནས་ལེགས་སྨོན་དང་རང་དོན་ལ་མ་འདྲེས་པ་ནི་དཀའ་ཡང་། ནམ་ཞིག་ཐོས་པ་རང་རྒྱུད་ལ་འདྲེས་ནས་གནད་ཤེས་པའི་སྐབས་སུ་ཉམས་ལེན་གྱི་གནད་དང་འབྲེལ་ནས་གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་རྒྱུད་ལ་སྦྱར་ནས་ལས་འབྲེལ་ཡོད་པ་རུ་བསྒྲུབ་དགོས་སོ། །མི་དགེ་སྡིག་ལས་འབའ་ཞིག་ལ་སྤྱོད་པའི་མི་ལ་མཐོ་རིས་ལྷ་མིའི་གོ་འཕང་ཐོབ་པའི་ལས་འབྲེལ་མེད་པ་དང་། ཆོས་སང་སྒྲུབ་གནངས་སྒྲུབ་ཀྱི་སྙོམ་ལས་དང་ལེ་ལོ་འབའ་ཞིག་གི་ངང་ལ་ཤོར་ནས་ཕྱིར་བཤོལ་གྱིས་འདའ་བའི་མི་ལ་ཆོས་ཉམས་སུ་ལེན་པ་དང་ཉམས་མྱོང་ཐོབ་པའི་ལས་འབྲེལ་མེད་པ་དང་། བདག་ལྟ་དམ་པོ་ལ་ཞེན་ནས་ཆགས་སྡང་གིས་དུས་འདའ་བའི་མི་ལ་དམ་ཆོས་སྒྲུབ་པའི་ལས་འབྲེལ་མེད་པ་སྟེ། དེ་འདྲ་བའི་ལས་འབྲེལ་མེད་པའི་དབང་དུ་རང་ཉིད་མ་སོང་བ་གཅེས་སོ་ཞེས་གདམས་པའོ།།

༢༩༡ བསྒོམ་དུས་སེམས་ལ་བལྟ་ཐབས་རྣམ་དྲུག་བསྟན་པ།

བསྒོམ་དུས་སེམས་ལ་བལྟ་ཐབས་རྣམ་དྲུག་ནི།།

རེས་འགའ་སེམས་དེ་གནས་ཤིང་བརྟན་ལ་བལྟ།།

སྐྱེ་འགག་གནས་གསུམ་བྲལ་བར་སུས་ཤེས་པ།།

སེམས་ཉིད་རང་དབང་ཐོབ་པར་གོམས་པའི་གནད།།

རེས་འགའ་དེ་དུས་ཉམས་མྱོང་རང་ངོ་བལྟ།།

མི་གནས་ཆགས་ཡུལ་མེད་པར་སུས་ཤེས་པ།།

དགའ་བྲོད་རང་སྣང་སྐྱེ་མེད་རྟོགས་པའི་གནད།།

རེས་འགའ་ཡོན་ཏན་གོང་འཕེལ་རྣམས་ལ་བལྟ།།

མ་འགག་ཆོ་འཕྲུལ་རང་གྲོལ་སུས་ཤེས་པ།།

སྐྱེ་མེད་ཡོན་ཏན་འབྱུང་བ་སྤྱོད་པའི་གནད།།

རེས་འགའ་མཉམ་བཞག་ཆོས་ཉིད་དོན་ལ་བལྟ།།

རང་བྱུང་བདེ་ཆེན་ཡེ་དག་སུས་ཤེས་པ།།

ཆོས་ཀུན་མཉམ་ཉིད་ལམ་དུ་སློང་བའི་གནད།།

རེས་འགའ་ཕྱི་ནང་རིག་པ་རང་བབས་བལྟ།།

འཁོར་བ་གཟུང་འཛིན་བྲལ་བ་སུས་ཤེས་པ།།

དོན་དམ་ཉག་གཅིག་རྩད་ནས་ཆོད་པའི་གནད།།

རེས་འགའ་མ་བསྒོམ་རིག་པ་རང་བབས་བལྟ།།

ལྟ་སྒོམ་བྱར་མེད་ཟང་ཀ་སུས་ཤེས་པ།།

ཆོས་སྐུ་རང་ངོ་ཅེར་མཐོང་སྤྲོད་པའི་གནད།།

གནད་དྲུག་ལྡན་པའི་སྐལ་བཟང་རྣལ་འབྱོར་པ།།

ཆོས་ཟད་ངང་དུ་བློ་ཟད་ཉམས་རེ་དགའ།།

ཞེས་གསུངས་པ་སྟེ། བསྒོམ་དུས་རང་གི་སེམས་ལ་རང་གིས་བལྟ་བའི་ཐབས་རྣམ་པ་དྲུག་ནི། རེས་འགའ་སེམས་དེ་གནས་ཤིང་བརྟན་པའི་སྐབས་ལ་བལྟ་བར་བྱ་སྟེ། དེ་དུས་སྐྱེ་འགག་གནས་གསུམ་དང་བྲལ་བའི་གཞི་མེད་རྩ་བྲལ་ཆེན་པོར་སུས་ཤེས་པ་དེ་ཡིས། སེམས་ཉིད་ཆོས་སྐུ་སྒོམ་པ་ལ་རང་དབང་ཐོབ་པར་གོམས་པའི་གནད་ངེས་པའི་ཕྱིར། རེས་འགའ་ཉམས་མྱོང་ཤར་བའི་རང་ངོ་ལ་བལྟ་བར་བྱ་སྟེ། དེ་ལྟར་བལྟས་པའི་གནས་སྐབས་ན་མི་གནས་ཤིང་ཆགས་ཡུལ་མེད་པར་སུས་ཤེས་པ་དེ་ཡིས། ཉམས་དགའ་ཞིང་བྲོད་པའི་སེམས་ཀྱི་རང་སྣང་སྐྱེ་བ་མེད་པ་རྟོགས་པའི་གནད་ངེས་པའི་ཕྱིར། རེས་འགའ་རང་ཉིད་ཀྱི་གོམས་པའི་སྟོབས་ཀྱིས་ཡོན་ཏན་གོང་དུ་འཕེལ་བའི་ཚུལ་རྣམས་ལ་བལྟ་བར་བྱ་སྟེ། དེ་ལ་ཡང་མཆོག་ཏུ་མི་འཛིན་པར་མ་འགག་ཆོ་འཕྲུལ་རང་གྲོལ་ཟང་ཐལ་དུ་སུས་ཤེས་པ་དེ་ཡིས། སྐྱེ་མེད་གནས་འགག་བྲལ་བའི་ཡོན་ཏན་འབྱུང་བའི་སྤྱོད་པའི་གནད་ངེས་པའི་ཕྱིར། རེས་འགའ་མཉམ་པར་བཞག་སྟེ་ཆོས་ཉིད་མ་བཅོས་པའི་དོན་ལ་བལྟ་བར་བྱ་སྟེ། རང་བྱུང་བདེ་ཆེན་གྱི་ཡེ་ཤེས་ཡེ་གདོད་མ་ནས་དག་པ་སུས་ཤེས་པ་དེ་ཡིས། ཆོས་ཀུན་མཉམ་ཉིད་ཀྱི་དགོངས་ཀློང་ཆེན་པོ་ལམ་དུ་སློང་བའི་གནད་ངེས་པའི་ཕྱིར། རེས་འགའ་ཕྱི་ནང་གཟུང་འཛིན་དུ་གཞན་ནས་གྲུབ་པ་མེད་པ་རིག་པ་རང་བབས་ཀྱི་ངོ་བོ་ལ་བལྟ་བར་བྱ་སྟེ། དེ་ལྟར་བལྟས་པས་འཁོར་བ་གཟུང་འཛིན་དང་བྲལ་བ་སུ་ཡིས་ཤེས་པ་དེ་ཡིས། འཁྲུལ་གྲོལ་དོན་དམ་ཉག་གཅིག་རྩད་ནས་ཆོད་པའི་གནད་ངེས་པའི་ཕྱིར། རེས་འགའ་ཆེད་དུ་མ་བསྒོམས་རྩོལ་བས་མ་བསྒྲུབས་པའི་རིག་པ་རང་བབས་ཀྱི་ངོ་བོ་ལ་བལྟ་བར་བྱ་སྟེ། ལྟ་སྒོམ་བློས་བྱར་མེད་ཀྱི་ཟང་ཀ་རྗེན་པའི་ངོ་བོ་ཡིན་པར་སུས་ཤེས་པ་དེ་ཡིས། མི་གནས་ཆོས་སྐུའི་རང་ངོ་རྗེན་པར་ཅེར་མཐོང་དུ་ངོ་སྤྲོད་པའི་གནད་ངེས་པ་ཡིན་པས། དེ་ལྟར་གནད་དྲུག་ལྡན་པའི་སྐལ་བཟང་གི་རྣལ་འབྱོར་པ་དེ་ཉིད། ཆོས་ཟད་ཀྱི་ངང་དུ་བློ་ཡང་ཟད་ནས་གདོད་མའི་རྒྱལ་སར་གཤེགས་པ་ཉམས་རེ་དགའ་འོ།།

༢༩༢ ངན་པའི་རང་བཞིན་རྣམ་དྲུག་སྤང་བ་བསྟན་པ།

ངན་པའི་རང་བཞིན་རྣམ་དྲུག་སྤང་བ་ནི།།

སེར་སྣ་སྡུག་འཁུམས་མི་ཡིས་ཕྱི་མའི་རྒྱགས་མི་སོག།

དད་མེད་བླ་མ་མི་བསྟེན་གདམས་པའི་ནོར་མི་སོག།

གང་ཤེས་ཉམས་ལེན་མི་བརྩོན་བྱང་ཆུབ་ལམ་མི་རྙེད།།

མཛའ་བཤེས་ཉེ་འབྲེལ་ཆགས་པས་བར་དོར་ཟླ་མི་རྙེད།།

བདག་ལྟ་ངར་འཛིན་ཆོས་ཀྱིས་བདུད་བཞིའི་དཔུང་མི་བཟློག།

འདོད་པའི་ཁོལ་པོ་བྱེད་པས་གཏན་ཡུལ་ཚུགས་མི་ཟིན།།

ངན་པའི་ལས་དྲུག་བསགས་པའི་ཉེས་པ་རང་ལ་འཁོར།།

དེ་བས་བཟང་པོའི་ལས་ལ་བསླབ་པ་གཅེས།།

ཞེས་གསུངས་པ་སྟེ། ངན་པའི་རང་བཞིན་རྣམ་པ་དྲུག་དེ་སྤང་དགོས་པར་གདམས་པ་ནི། མི་སེར་སྣ་ཅན་མཆོད་སྦྱིན་གྱི་ཕྱོགས་ལ་སྡུག་གི་ལག་པ་འཁུམས་འདུག་པ་དེས། ཕྱི་མའི་རྒྱགས་ཆས་མི་སོག་པ་སྟེ། བསོད་ནམས་ཀྱི་ཚོགས་བསགས་ནས་རྒྱུ་ནོར་ཕྱི་མའི་ཡུལ་དུ་སྐྱེལ་མི་ནུས་པ་དག་ཤི་བའི་ཚེ་རྒྱུ་རྫས་ཤུལ་དུ་ལུས་ནས་ཕྱི་མའི་བྲོ་ཆས་མེད་པར་གྱུར་པ་ཡིན་ཞེས་པའི་དོན་ཡིན། དད་པ་མེད་པའི་མི་ཡིས་བླ་མ་མི་བསྟེན་ཞིང་། བླ་མ་མ་བསྟེན་པས་དེའི་གདམས་པ་མི་ཐོབ་པ་དང་། གདམས་པ་མ་ཐོབ་པས་དམ་པའི་ཆོས་ཀྱི་ནོར་མི་སོག་པའོ། །གདམས་པ་གང་ཤེས་ན་དེ་ཉམས་སུ་ལེན་པ་ལ་མི་བརྩོན་པས་ནི་བྱང་ཆུབ་ཀྱི་ལམ་རྙེད་པ་མིན་པ་དང་། བར་དོའི་གནས་སྐབས་ན་གྲོགས་བཟང་པོ་དང་འགྲོག་བསམ་ན་མཛའ་བཤེས་དང་ཉེ་འབྲེལ་ལ་ཆགས་ཞེན་ཡོད་མི་རུང་མ་གཏོགས་བར་དོར་ཟླ་བོའམ་གྲོགས་པོ་བཟང་པོ་མི་རྙེད་ཅེས་པ་སྟེ། འདི་སྲིད་པ་བར་དོའི་གནས་སྐབས་ལ་གོ་བའི་དབང་དུ་བྱས་ན། ཆགས་ཞེན་མེད་ན་གྲོགས་བཟང་པོ་དཔའ་བོ་མཁའ་འགྲོའི་ཚོགས་དང་འགྲོགས་ནས། རྣམ་གྲོལ་དབུགས་ཆེན་འབྱིན་པའི་ཞིང་ཁམས་ལ་དབུགས་འབྱིན་པའི་གོ་བ་དང་། འདི་འཆི་ཁའི་བར་དོ་ལ་གོ་བའི་དབང་དུ་བྱས་ན། ཆགས་ཞེན་མེད་པར་བདེ་བ་ཅན་གྱི་ཞིང་ཁམས་ཡིད་ལ་བྱེད་ཅིང་དེར་སྐྱེ་བའི་རྒྱུ་བཞི་འགྲུབ་པ་ཞིག་ཡིན་ན། དེའི་སྐབས་སུ་མེ་ཏོག་སྣ་ཚོགས་ཀྱི་ཆར་འབབ་པ་དང་། རོལ་མོ་སྙན་འཇེབས་ཀྱི་སྒྲ་གྲགས་པ་དང་། འཇའ་ཚོན་སྣ་ལྔའི་ལམ་བསྟན་ཏེ་སངས་རྒྱས་བྱང་ཆུབ་སེམས་དཔའི་འཁོར་དང་བཅས་པ་བསུ་མར་བྱེད་པར་འབྱོན་པ་ཡིན། དེའི་དུས་སུ་སེམས་དགའ་ནས་རིག་པ་སྤྲོ་ཤར་རེ། གནད་གཅོད་འཆི་བའི་སྡུག་བསྔལ་དང་། བར་དོ་འཁྲུལ་བའི་འཇིགས་སྐྲག་ཅི་ཡང་མི་མྱོང་བར་བདེ་བ་ཅན་གྱི་ཞིང་ཁམས་སུ་གྲོགས་བཟང་པོ་ས་ཐོབ་ཀྱི་སེམས་དཔའ་དག་དང་འགྲོགས་ནས་སྐྱེ་བ་གཅིག་གིས་རྫོགས་སངས་རྒྱས་པའོ། །བདག་ཏུ་ལྟ་བའི་མདུད་པ་དམ་པོས་བཅིངས་ནས་ང་དང་ང་ཡིར་འཛིན་ན། བདུད་བཞིའི་རྩ་བ་ངར་འཛིན་སྙེམས་བྱེད་ཀྱི་བདུད་ཡིན་པས་བདུད་བཞིའི་དཔུང་མི་བཟློག་པ་དང་། འདོད་པའི་ཁོལ་པོའམ་འདོད་པའི་གཡོག་ཏུ་སོང་བས་གཏན་ཡུལ་གྱི་ཚུགས་མི་ཟིན་པའམ་འཆར་གཞི་ལེགས་པོའི་གཞི་འདིང་མི་ཐུབ་པ་དང་། ངན་པའི་ལས་དྲུག་རང་གིས་བསགས་པའི་ཉེས་པ་རྣམས་རང་གི་སྟེང་ལ་ཚུར་འཁོར་བ་ཡིན་པ། དེས་ན་བཟང་པོའི་ལས་ལ་བསླབ་པ་ཤིན་ཏུ་གཅེས་སོ།།

༢༩༣ དགོས་པ་དྲུག་གི་རང་བཞིན་བཤད་པ་བསྟན་པ།

དགོས་པ་དྲུག་གི་རང་བཞིན་བཤད་པ་ནི།།

དང་པོར་ཡིད་ཕམ་ངེས་འབྱུང་སྐྱེ་དགོས་ཏེ།།

ཡུལ་ལ་མི་འཇུག་ཆོས་ལ་དམིགས་པ་དགོས།།

དེ་ནས་ཤེས་པ་ངལ་གསོ་ཤེས་དགོས་ཏེ།།

རྒྱལ་བའི་སྐུ་གསུང་ཐུགས་སུ་གློད་ཤེས་དགོས།།

དེ་ནས་སེམས་ལ་དབུགས་ཆེན་འབྱིན་དགོས་ཏེ།།

རྟོགས་པའི་གདེང་གིས་ཉམ་ང་མེད་པ་དགོས།།

དེ་ནས་བློ་མཆོག་བདེ་ཆེན་ཐོབ་དགོས་ཏེ།།

ཀ་དག་ས་ལ་མངོན་དུ་གྱུར་པ་དགོས།།

དེ་ནས་བདེ་བ་གཞན་ལ་སྤེལ་དགོས་ཏེ།།

འཕྲིན་ལས་རྣམ་བཞིས་འགྲོ་བ་འདྲེན་པ་དགོས།།

དེ་ནས་མི་ལྡོག་ས་ལ་གནས་དགོས་ཏེ།།

ལྷུན་གྲུབ་ཕྱག་རྒྱ་མངོན་དུ་གྱུར་པ་དགོས།།

དགོས་པ་དྲུག་གིས་མཐར་ཕྱིན་བྱ་བ་གཅེས།།

ཞེས་གསུངས་པ་སྟེ། དགོས་པ་དྲུག་གི་རང་བཞིན་དུ་གདམས་པ་ནི། དང་པོར་འཁོར་བའི་གནས་ལ་ཡིད་ཕམ་པའམ་བློ་ལྡོག་པའི་སྐྱོ་ཤས་དང་ལྡན་ཞིང་ཐར་བ་འདོད་པའི་ངེས་འབྱུང་ཞིག་སྐྱེ་དགོས་ཏེ། འཁོར་བའི་འདོད་ཡོན་གྱི་ཡུལ་ལ་མཁྲིས་ནད་ཅན་ལ་སྣུམ་ཟན་བྱིན་པ་ལྟར་དུ་མི་འཇུག་པས་མ་ཚད་ཆོས་ལ་དམིགས་པ་ཐར་བ་བྱང་ཆུབ་ཀྱི་གོ་འཕང་དོན་དུ་གཉེར་བ་ཞིག་དགོས་པའི་ཕྱིར། ཐོག་མེད་ནས་ངལ་ཞིང་དུབ་པའི་སེམས་དེས་འཁྲུལ་རྟོག་ཆོས་དབྱིངས་སུ་ཞི་བའི་དམིགས་མེད་མཚན་མ་དང་བྲལ་བའི་ངང་ལ་ངལ་གསོ་ཤེས་དགོས་ཏེ། མཚན་མའི་སྒྲུབ་རྟོག་ལས་འདས་པའི་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་གསང་བ་གསུམ་གྱི་ངང་དུ་གློད་ཤེས་དགོས་པའི་ཕྱིར། དེ་ནས་ཆོས་ཅན་སེམས་ཀྱི་ངོ་བོ་ལ་ཆོས་ཉིད་ཀྱི་དབུགས་ཆེན་འབྱིན་དགོས་ཏེ། གནས་ལུགས་ཇི་བཞིན་པའི་དོན་རྟོགས་པའི་གདེང་གིས་སྐྱེ་རྒ་ན་འཆིས་གཙོས་པའི་འཁོར་བའི་སྡུག་བསྔལ་ལ་ཉམ་ང་བ་མེད་པ་ཞིག་དགོས་པའི་ཕྱིར། དེ་ནས་བློ་མཆོག་བརྙེས་པའི་བདེ་ཆེན་ཐོབ་པར་བྱ་དགོས་ཏེ། རྫོགས་པ་ཆེན་པོའི་བསྟན་དོན་ཀ་དག་གི་ས་ལ་རིག་པའི་བཙན་ས་ཟིན་ནས་མངོན་དུ་འགྱུར་དགོས་པའི་ཕྱིར། དེ་ནས་རང་གིས་བརྙེས་པའི་བདེ་བ་གཞན་ལ་སྤེལ་དགོས་ཏེ། ཞི་རྒྱས་དབང་དྲག་གི་འཕྲིན་ལས་རྣམ་པ་བཞིས་འགྲོ་བ་འདྲེན་ཐུབ་པ་ཞིག་དགོས་པའི་ཕྱིར། དེ་ནས་ནམ་ཡང་ཕྱིར་མི་ལྡོག་པའི་ས་ལ་གནས་པར་བྱ་དགོས་ཏེ། ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་ནང་གསལ་ཆོས་སྐུའི་དབྱིངས་ལས་མ་གཡོས་བཞིན་དུ། ཕྱིར་གསལ་གཟུགས་སྐུའི་ཚུལ་གྱིས་འགྲོ་བ་འདུལ་བའི་ཡིད་བཞིན་གྱི་ནོར་བུ་ལྟར་འགྲོ་དོན་འབད་མེད་དུ་འབྱུང་བ་དེ་མངོན་དུ་འགྱུར་བར་བྱ་དགོས་པའི་ཕྱིར། དེ་ལྟ་བུའི་དགོས་པ་དྲུག་གིས་ལམ་དང་འབྲས་བུའི་ཆོས་ཐམས་ཅད་མཐར་ཕྱིན་པར་བྱ་བ་གཅེས་སོ།།

༢༩༤ མ་སྐྱོལ་ལམ་དུ་བསླང་བའི་ཆོས་དྲུག་བསྟན་པ།

མ་སྐྱོལ་ལམ་དུ་བསླང་བའི་ཆོས་དྲུག་ནི།།

མ་བསྒོམས་སྣ་ཚོགས་འགྱུ་དྲན་རང་ངོ་ལྟོས།།

གང་བྱུང་རང་སར་རང་ངོ་ཤེས་པ་དེས།།

ཅིར་སྣང་སྐྱེ་མེད་ཞིང་དུ་གྲོལ་བར་ངེས།།

སྒོམ་ལ་འཇུག་པའི་སྦྱོར་བའི་ཤེས་པ་ལྟོས།།

བདེ་སྡུག་རྒྱུ་མཐུན་མཉམ་པར་ཤེས་པ་དེས།།

བླང་དོར་མཉམ་ཉིད་དབྱེར་མེད་གྲོལ་བར་ངེས།།

དངོས་གཞི་ཟག་མེད་མ་སྐྱེས་བར་ལ་ལྟོས།།

སེམས་ཉིད་ཀུན་སྣང་རང་བཞིན་ཤེས་པ་དེས།།

རིམ་གྱིས་སེམས་འཇུག་སྐྱེ་མེད་ཚུད་པར་ངེས།།

མཉམ་བཞག་ལས་ལངས་རྗེས་ཤེས་ངོ་ལ་ལྟོས།།

སེམས་ཉིད་དོན་དང་གཉིས་མེད་འདྲེས་ཤེས་དེས།།

མཉམ་རྗེས་དབྱེར་མེད་ངང་དུ་ཚུད་པར་ངེས།།

དེ་རྗེས་གང་འགྱུས་རྣམ་རྟོག་རང་ངོ་ལྟོས།།

ཉོན་མོངས་གང་སྐྱེས་རང་ཞིར་ཤེས་པ་དེས།།

སྣང་ཤེས་ཐོག་མའི་གཞི་ལ་སྦྱོར་བར་ངེས།།

སྦྱོར་དངོས་རྗེས་གསུམ་གཅིག་ཏུ་དྲིལ་ལ་ལྟོས།།

གསུམ་ག་རྗེས་མེད་བྱ་ལམ་ཤེས་པ་དེས།།

དུས་གསུམ་རང་བཞིན་གནད་ཅིག་རྟོགས་པར་ངེས།།

དེ་ལྟར་ཤེས་ན་རྗེས་ཤེས་ཆོས་ཉིད་འཆར།།

ཞེས་གསུངས་པ་སྟེ། ཆེད་དུ་མ་སྐྱོལ་བར་ལམ་དུ་བསླང་བར་བྱ་བའི་ཆོས་དྲུག་ནི། ཆེད་དུ་མ་བསྒོམས་པར་སྣ་ཚོགས་འགྱུ་དྲན་གྱི་རྟོགས་པའི་རང་ངོ་ལ་ལྟོས་དང་། བལྟས་པའི་སྐབས་སུ་གང་བྱུང་ཐད་ཀར་རང་སར་རང་ངོ་ཤེས་པ་དེས། ཅིར་སྣང་གར་ཤར་ཐམས་ཅད་སྐྱེ་མེད་འགག་པ་མེད་པའི་ཆོས་ཉིད་ཀྱི་ཞིང་དུ་གྲོལ་བར་ངེས། སྒོམ་ལ་འཇུག་པའི་སྦྱོར་བའི་ཤེས་པ་དེའི་རང་ངོ་ལ་ལྟོས་དང་། བདེ་སྡུག་གཉིས་ཀ་རྒྱུ་མཐུན་བཟང་ངན་མེད་པར་མཉམ་པར་ཤེས་པ་དེས། བླང་དོར་གཉིས་ཀ་མཉམ་པ་ཉིད་ཀྱི་ངང་དུ་དབྱེར་མེད་པར་གྲོལ་བར་ངེས། མཉམ་བཞག་གི་དངོས་གཞི་ཟག་མེད་ཀྱི་ཡེ་ཤེས་མ་སྐྱེས་པའི་བར་ལ་ལྟོས་དང་། སེམས་ཀྱི་ཆོས་ཉིད་ཀུན་ཏུ་སྣང་བའི་རང་བཞིན་ཤེས་པ་དེས། རིམ་གྱིས་སེམས་ཉིད་འོད་གསལ་བའི་གནས་ལུགས་ལ་འཇུག་ཅིང་སྐྱེ་མེད་ཀྱི་གདེང་དུ་ཚུད་པར་ངེས། མཉམ་བཞག་དེ་ལས་ལངས་པའི་སྐབས་ཀྱི་རྗེས་ཤེས་ཀྱི་ངོ་ལ་ལྟོས་དང་། རྗེས་ཤེས་དེ་ཉིད་སེམས་ཉིད་སྔར་མཉམ་པར་བཞག་པ་དང་དབྱེར་མེད་ཀྱི་དོན་དང་གཉིས་སུ་མེད་པར་བསྲེ་ཞིང་འདྲེས་ཤེས་པ་ཞིག་ཡོང་བ་དེས། མཉམ་རྗེས་དབྱེར་མེད་པའི་ངང་དུ་གང་སྣང་ཆོས་ཉིད་ཀྱི་འཁོར་ལོ་རུ་ཚུད་པར་ངེས། དེའི་རྗེས་སུ་གང་འཕྲོ་ཞིང་འགྱུས་པའི་རྣམ་རྟོག་གི་རང་ངོ་དེ་ལ་ལྟོས་དང་། ཉོན་མོངས་གང་སྐྱེས་རང་གྲོལ་རང་ཞི་ལ་འགྲོ་བར་ཤེས་པ་དེས། སྣང་བ་དང་ཤེས་པ་ཐ་མི་དད་པར་མ་བཅོས་ཐོག་མའི་གཞི་ལ་སྦྱོར་བར་ངེས། དེ་ལྟར་ན་སྦྱོར་དངོས་རྗེས་གསུམ་ཐ་མི་དད་པ་གཅིག་ཏུ་དྲིལ་ལ་ལྟོས་དང་། སྦྱོར་དངོས་རྗེས་གསུམ་ག་རྗེས་མེད་བྱ་ལམ་ལྟ་བུར་ཤེས་པ་དེས། དུས་གསུམ་འཕོ་འགྱུར་དང་བྲལ་བའི་རང་བཞིན་གྱི་གནད་ཅིག་མཉམ་པ་ཉིད་དུ་རྟོགས་པར་ངེས། དེ་ལྟར་ཤེས་ན་རྗེས་ཤེས་ཆོས་ཉིད་ཀྱི་ངང་དུ་འཆར་ནས་མཉམ་རྗེས་དབྱེར་མེད་ཆུ་བོ་རྒྱུན་གྱི་ཉམས་ལེན་བསྐྱང་ཐུབ་པའོ།།།

༢༩༥ ཡོན་ཏན་དྲུག་ཚང་རང་བཞིན་བཤད་པ་བསྟན་པ།

ཡོན་ཏན་དྲུག་ཚང་རང་བཞིན་བཤད་པ་ནི།།

འཁོར་བའི་སྡུག་བསྔལ་བྲེད་ནས་སྐྱབས་འཚོལ་དང༌།།

དད་པས་རྒྱུད་འདུལ་རྒྱལ་བའི་རྗེས་སུ་སློབ།།

བསོད་ནམས་ཆེ་མཐོང་གཏོང་ཕོད་ཚོགས་གཉིས་འབད།།

བརྩོན་པའི་ལྕག་འདེབས་ཉིན་མཚན་དགེ་ལ་འབད།།

ངོ་ཚ་ཁྲེལ་ཡོད་ཆོས་ཕྱོགས་སྲོག་གཏོང་ཕོད།།

ཤེས་རབ་དོན་དཔྱོད་སྣང་ཤེས་ཆོས་ཉིད་འཁྱེར།།

དེ་དག་ཚང་རྣམས་འཁོར་བའི་ཕ་རོལ་འགྲོ།།

ཞེས་གསུངས་པ་སྟེ། ཡོན་ཏན་དྲུག་ཚང་བའི་རང་བཞིན་བཤད་པ་ནི། འཁོར་བའི་སྡུག་བསྔལ་གྱིས་སྐྲག་ཅིང་བྲེད་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འཚོལ་བ་བྱིས་པ་ཁྱིས་བདའ་དུས་མི་ཆེན་ལ་སྐྱབས་འཚོལ་བ་ལྟ་བུ་དང༌། བླ་མ་དཀོན་མཆོག་ལ་དད་པ་བརྟན་པོ་དེས་རང་རྒྱུད་འདུལ་ཞིང་རྒྱལ་བའི་རྗེས་སུ་སློབ། བསོད་ནམས་ཆེན་པོའི་གཞིར་གྱུར་པར་མཐོང་ནས་གཏོང་ཕོད་ཀྱི་སྒོ་ནས་ཚོགས་གཉིས་བསགས་པ་ལ་འབད། བརྩོན་འགྲུས་ཀྱི་ལྕག་འདེབས་ཏེ་རྟ་མཆོག་ལྕག་གིས་སྐུལ་བ་ལྟར་དུ་ཉིན་མཚན་དགེ་བའི་ལས་ལ་བརྩོན་པ་ལ་འབད་དགོས་པ་དང་། ངོ་ཚ་བ་དང་ཁྲེལ་ཡོད་པས་དམ་པའི་ཆོས་ཕྱོགས་སུ་སྲོག་ཀྱང་གཏོང་བར་ཕོད་པའི་དམ་བཅའ་བ་དང་ནི། ཤེས་རབ་ཆེ་བས་དོན་ལ་དཔྱོད་ཅིང་སྣང་ཤེས་ཐམས་ཅད་ཆོས་ཉིད་གཅིག་གི་དབྱིངས་སུ་འཁྱེར་ཤེས་པ་སྟེ། དེ་དག་ཚང་བའི་གང་ཟག་རྣམས་འཁོར་བའི་ཕ་རོལ་མྱ་ངན་ལས་འདས་པའི་སར་འགྲོ་བ་ལ་ཚེགས་མེད་དོ།།

༢༩༦ ཅིས་ཀྱང་དགོས་པའི་བསྒྲུབ་བྱ་རྣམ་དྲུག་བསྟན་པ།

ཅིས་ཀྱང་དགོས་པའི་བསྒྲུབ་བྱ་རྣམ་དྲུག་ནི།།

ཚེ་འདིའི་བྱ་བ་མི་གཙང་འདམ་རྫབ་བོར།།

མཐའ་གྲོལ་ཡེ་ཤེས་ཁྲི་གདུགས་ཅི་འཆར་གྱིས།།

མ་རིག་མུན་པའི་སྨག་རུམ་ཅི་སངས་གྱིས།།

ཉམས་རྟོགས་སྒྲོ་བཏགས་མྱུ་གུ་ཅི་སྐྱེས་གྱིས།།

གཟུང་འཛིན་འཁྲུལ་སྣང་རྨི་ལམ་ཅི་སངས་གྱིས།།

འབྲས་བུ་སྐུ་གསུམ་ནོར་བུ་ཅི་ལོན་གྱིས།།

དམ་པའི་གདམས་ངག་ཡིན་ནོ་སེམས་ལ་ཞོག།

ཅེས་གསུངས་པ་སྟེ། ཅིས་ཀྱང་དགོས་པའི་བསྒྲུབ་པར་བྱ་བ་རྣམ་པ་དྲུག་དེ་གང་ཡིན་ན། ཚེ་འདིའི་འདིར་སྣང་གི་བྱ་བ་རྣམ་གཡེང་འདུ་འཛིའི་ལས་ཐམས་ཅད་མི་གཙང་བའི་འདམ་རྫབ་བཞིན་དུ་བོར། མཐའ་གྲོལ་གྱི་ཡེ་ཤེས་ཁྲི་གདུགས་ཉི་མ་ལྟ་བུ་དེ་ཅི་འཆར་གྱིས། ཡེ་ཤེས་དེ་ཡིས་མ་རིག་པའི་སྨག་རུམ་ཅི་སངས་གྱིས། དོན་ལ་མེད་ཀྱང་ས་ལམ་བརྩི་བའི་ཆེད་དུ་ཉམས་རྟོགས་ཀྱི་སྒྲོ་བཏགས་བྱས་པའི་མྱུ་གུ་ཅི་སྐྱེས་བྱས་ནས་ཉམས་རྟོགས་གོང་འཕེལ་གྱིས། གཟུང་འཛིན་འཁྲུལ་སྣང་གི་རྨི་ལམ་འདི་ཅི་སངས་བྱས་ནས་འཁྲུལ་བའི་ངང་དུ་མ་འབྱམས། འབྲས་བུ་སྐུ་གསུམ་ལྷུན་གྱིས་གྲུབ་པའི་ནོར་བུ་དེ་ཅི་ལོན་གང་ལོན་གྱིས། དེ་དག་རྣམས་ནི་དམ་པའི་གདམས་ངག་ཡིན་ནོ་སེམས་ལ་ཞོག་ཅིག

༢༩༧ རང་བཞིན་མཆོག་ལ་བསླབ་པའི་ཆོས་དྲུག་བསྟན་པ།

རང་བཞིན་མཆོག་ལ་བསླབ་པའི་ཆོས་དྲུག་ནི།།

འཁྲུལ་བའི་ལུས་ཀྱི་བྱ་བྱེད་སྤངས་པ་དང༌།།

དོན་མེད་ངག་གི་སྨྲ་བརྗོད་སྤངས་པ་དང༌།།

རྣམ་རྟོག་ཡིད་ཀྱི་འཕྲོ་འདུ་སྤངས་པ་དང༌།།

འདོད་ཡོན་རང་གའི་ཞེན་འཛིན་སྤངས་པ་དང༌།།

རྣམ་གཡེང་འདུ་འཛིའི་འབྲེལ་འདྲིས་སྤངས་པ་དང༌།།

གཞན་སེམས་འཛིན་པའི་ངོ་སྲུང་སྤངས་པ་སྟེ།།

འདི་དང་སུ་ལྡན་དམ་ཆོས་ཚུལ་བཞིན་འོང༌།།

ཞེས་གསུངས་པ་སྟེ། རང་བཞིན་མཆོག་ལ་བསླབ་པར་བྱེད་པའི་ཆོས་དྲུག་ནི། འཁྲུལ་སྣང་ཚེ་འདིའི་དབང་དུ་སོང་བའི་ལུས་ཀྱི་བྱ་བྱེད་ལས་ཀ་ཐམས་ཅད་སྤངས་པ་དང༌། དོན་མེད་ཚེ་གཅིག་ལ་བཤད་བཞིན་ཡོད་པའི་ངག་གི་སྨྲ་བརྗོད་ཀྱི་ཚིག་འཆལ་ཐམས་ཅད་སྤངས་པ་དང༌། ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་ཡིད་ཀྱི་འཕྲོ་འདུ་དགག་སྒྲུབ་ཐམས་ཅད་སྤངས་པ་དང༌། གཟུགས་སྒྲ་ལ་སོགས་པ་འདོད་ཡོན་རང་ག་མའི་ཞེན་འཛིན་ཐམས་ཅད་སྤངས་པ་དང༌ནི། རྣམ་གཡེང་འདུ་འཛིའི་འབྲེལ་འདྲིས་ཆགས་ཞེན་ཐམས་ཅད་སྤངས་པ་དང༌། མགུ་བར་རེ་ནས་གཞན་གྱི་སེམས་འཛིན་པའི་ངོ་སྲུང་དང་ངོ་དགའ་བཤད་པ་དེ་དག་སྤངས་པ་སྟེ། འདི་དག་སུ་ལ་ལྡན་ན་དམ་པའི་ཆོས་ཚུལ་བཞིན་དུ་འོང༌བའི་རྟགས་ཡིན་ནོ།།

༢༩༨ འདོད་པའི་གཟེབ་ཏུ་བཅིང་བའི་ཆོས་དྲུག་བསྟན་པ།

འདོད་པའི་གཟེབ་ཏུ་བཅིང་བའི་ཆོས་དྲུག་ནི།།

སྤྲོས་པའི་བློ་དང་བྲལ་བར་འདོད་པ་དང༌།།

བདེ་སྟོང་དབྱེར་མེད་ཟུང་འཇུག་འདོད་པ་དང༌།།

དམིགས་མེད་མཁའ་ལྟར་རྣམ་དག་འདོད་པ་དང༌།།

སྟོང་པ་ཡེ་ཤེས་སྙིང་པོ་ཅན་འདོད་དང༌།།

རིག་པ་འོད་ཀྱི་ཁང་བུ་ཅན་འདོད་དང༌།།

གདོད་ནས་ཡེ་གྲོལ་རང་བྱུང་ཡེ་ཤེས་འདོད།།

ཕྱོགས་རེའི་དོན་མཐོང་གླང་ཆེན་སྨོས་པ་བཞིན།།

བདག་ལྟའི་དངོས་པོ་མཚན་མ་ཞེན་པ་ཡིན།།

དེ་བས་ཕྱོགས་འཛིན་བདག་ལྟའི་གཟེབ་བོར་ལ།།

ཡིན་མིན་མེད་པའི་རང་རིག་ཕྱོགས་བྲལ་ནི།།

མཐའ་གྲོལ་ཡངས་པ་ཆེན་པོར་ཐག་ཆོད་ཅིག།

ཅེས་གསུངས་པ་སྟེ། འདོད་པའི་གཟེབ་ཏུ་བཅིང་བར་འགྱུར་བའི་ཆོས་དྲུག་ནི། སྤྲོས་པའི་བློ་དང་བྲལ་མི་དགོས་པ་མིན་ཡང་ཆེད་དུ་སྤྲོས་བློ་དང་བྲལ་བར་འདོད་པ་ནི་ཆེད་འཛིན་ཡིན་པས་དེ་སྤངས་ནས་མཐའ་གྲོལ་ཡང་བ་ཆེན་པོར་ཐག་ཆོད་དགོས་པ་དང༌། བདེ་སྟོང་དབྱེར་མེད་པའི་ཟུང་འཇུག་དེ་ཉིད་འདོད་ཅིང་དེ་ལ་ཆེད་དུ་འཛིན་པ་དང༌། ཆོས་ཉིད་དམིགས་མེད་ནམ་མཁའ་ལྟར་རྣམ་པར་དག་པར་འདོད་པའི་བློ་མཚན་མ་ཅན་དང༌། སྟོང་པ་སྟོང་རྐྱང་མ་ཡིན་པར་རིག་པ་ཡེ་ཤེས་ཀྱི་སྙིང་པོ་ཅན་དུ་འདོད་པའི་ཕྱོགས་འཛིན་གྱི་བློ་དང༌། ངོ་བོའི་གཞི་དང་གནས་སྐབས་ཀྱི་གཞིའི་བཞུགས་ཚུལ་མ་ཕྱེད་པར་རིག་པ་འོད་ཀྱི་ཁང་བུ་ཅན་དུ་འདོད་པ་དང༌། གདོད་ནས་ཡེ་གྲོལ་དུ་གྱུར་བའི་རང་བྱུང་ཡེ་ཤེས་དངོས་འཛིན་ཅན་དུ་འདོད་པ་སྟེ། དེ་ལྟ་བུའི་ཕྱོགས་རེ་བའི་དོན་ཙམ་ལས་ཆ་ཡོངས་སུ་རྫོགས་པར་མ་གོ་བའི་ལོང་བ་དྲུག་གིས་གླང་ཆེན་གྱི་གཟུགས་ལ་དཔྱད་ནས་མཐོང་ཚུལ་དྲུག་སྨོས་པ་ལྟ་བུ་ཡིན་པས། ཚིག་བཟང་ངན་གང་གི་ཐོག་ནས་བཤད་ཀྱང་བདག་ལྟའི་དངོས་པོ་མཚན་མར་ཞེན་པ་ལས་མ་འདས་པ་ཡིན། དེ་ལྟར་ཡིན་པས་ཕྱོགས་སུ་འཛིན་པ་བདག་ལྟའི་གཟེབ་བམ་འཆིང་བྱེད་ཀྱི་དྲ་བ་དེ་ཉིད་བོར་ལ། ཡིན་མིན་གྱི་མཐའ་ཐམས་ཅད་ལས་གྲོལ་བའི་རང་རིག་ཕྱོགས་མེད་མཐའ་དང་བྲལ་བ་ནི། མཐའ་གྲོལ་ཡངས་པ་ཆེན་པོ་རུ་གནས་པས་དེའི་ངང་དུ་ཐག་ཆོད་ཅིག

༢༩༩ ཉམས་སུ་ལེན་པའི་རང་འགགས་རྣམ་དྲུག་བསྟན་པ།

ཉམས་སུ་ལེན་པའི་རང་འགགས་རྣམ་དྲུག་ནི།།

ཕྱི་རོལ་གཟུང་བའི་ཤེས་པ་རང་འགགས་དང༌།།

ནང་གི་འཛིན་རྟོག་ཤེས་པ་རང་འགགས་དང༌།།

གསང་བ་སྣང་ངོ་དམིགས་པ་རང་འགགས་དང༌།།

ཁོ་ན་ཉིད་དྲན་ཆད་ཆོད་རང་འགགས་དང༌།།

མཐར་ཐུག་ཉམས་སྣང་རང་ངོ་རང་འགགས་དང༌།།

མཉམ་རྗེས་རེས་འཇོག་རིག་པ་རང་འགགས་ཏེ།།

འདི་དྲུག་མཐར་ཕྱིན་དགོངས་པ་ཟད་སར་སྐྱོལ།།

ཞེས་གསུངས་པ་སྟེ། ཉམས་སུ་ལེན་པའི་རང་འགགས་རྣམ་པ་དྲུག་ནི། ཕྱི་རོལ་གཟུང་བའི་ཡུལ་དུ་ཞེན་པའི་ཤེས་པ་རང་འགགས་སུ་འགྲོ་བ་དང༌། ནང་གི་འཛིན་སེམས་ཞེས་པའི་འཛིན་རྟོག་གི་ཤེས་པ་རང་སར་འགགས་པ་དང༌། གསང་བ་སྣང་ངོར་དམིགས་པའི་འདུ་ཤེས་ཙམ་ཡང་རང་འགགས་སུ་འགྲོ་བ་དང༌། གནས་ལུགས་དེ་ཁོ་ན་ཉིད་དྲན་པས་ཆད་ཆོད་དུ་བྱུང་བ་རང་འགགས་དང༌། མཐར་ཐུག་ཉམས་ཀྱི་སྣང་བ་སྣ་ཚོགས་པའི་རང་ངོ་རང་འགགས་དང༌། མཉམ་རྗེས་གཉིས་སུ་འཛིན་པའི་རེས་འཇོག་གི་རིག་པ་རང་འགགས་ཏེ། རང་འགགས་ཀྱི་རྣམ་པ་འདི་དྲུག་དེ་མཐར་ཕྱིན་ནས་ཆོས་སྐུའི་དགོངས་པའི་ཀློང་དུ་ཟད་སར་སྐྱོལ་དགོས་སོ།།

༣༠༠ མ་འདས་དྲུག་གིས་ཉམས་སུ་བླང་བ་བསྟན་པ།

མ་འདས་དྲུག་གིས་ཉམས་སུ་བླང་བ་ནི།།

རང་ལུས་རྒྱལ་བའི་དཀྱིལ་འཁོར་མ་འདས་དང༌།།

ངག་བརྗོད་གསུང་གི་འགྲོ་དོན་མ་འདས་དང༌།།

ཡིད་ནི་ཆོས་སྐུའི་དགོངས་པ་མ་འདས་དང༌།།

བཟའ་བཏུང་བདུད་རྩིའི་མཆོད་ལས་མ་འདས་དང༌།།

འགྲོ་འདུག་སྒྱུ་མའི་འཕྲིན་ལས་མ་འདས་དང༌།།

ཉམས་ལེན་ཆོས་ཉིད་དོན་ལས་མ་འདས་དང༌།།

རྣམ་པ་དྲུག་ལ་གང་གིས་བསླབས་གྱུར་པ།།

གསང་མཆོག་རྒྱལ་པོའི་མཛོད་ལ་སྤྱོད་པ་ཡིན།།

ཞེས་གསུངས་པ་སྟེ། མ་འདས་པ་རྣམ་པ་དྲུག་གིས་ཉམས་སུ་བླང་དགོས་པར་གདམས་པ་ནི། རང་ལུས་གདན་གསུམ་ཚང་བའི་རང་བཞིན་རྒྱལ་བའི་དཀྱིལ་འཁོར་ལས་མ་འདས་པ་དང༌། ངག་གི་སྨྲ་བརྗོད་རྒྱལ་བའི་གསུང་གི་འགྲོ་དོན་ལས་མ་འདས་པ་ཡིན་པ་དང༌། ཡིད་ཀྱི་དྲན་རྟོག་འགྱུ་འཕྲོ་ཐམས་ཅད་ཆོས་སྐུའི་དགོངས་པ་ཟབ་མོ་ལས་མ་འདས་པ་དང༌། ལུས་རྒྱལ་བའི་དཀྱིལ་འཁོར་ལ་བཟའ་བཏུང་ཚོགས་འཁོར་གྱི་བདུད་རྩིའི་མཆོད་པ་ལས་མ་འདས་པ་ཡིན་པ་དང༌། འགྲོ་འདུག་ཐམས་ཅད་སྒྱུ་མའི་ཕྱག་རྒྱ་འཕྲིན་ལས་སྟངས་སྟབས་ཀྱི་ངོ་བོ་ལས་མ་འདས་པ་ཡིན་པ་དང༌། ཉམས་ལེན་ཐམས་ཅད་ཆོས་ཉིད་ཀྱི་དོན་ལས་མ་འདས་པ་སྟེ། དེ་ལྟ་བུའི་མ་འདས་པ་རྣམ་པ་དྲུག་པོ་དེ་ལ་གང་གིས་བསླབས་པར་གྱུར་པའི་གང་ཟག་དེ། གསང་མཆོག་རྒྱལ་པོའི་མཛོད་ལ་མངའ་དབང་བསྒྱུར་ནས་སྤྱོད་པ་ཡིན་ནོ།།

༣༠༡ འཁོར་བའི་རང་བཞིན་དཔེ་དྲུག་བསྟན་པ།

འཁོར་བའི་རང་བཞིན་དཔེ་དྲུག་བསྟན་པ་ནི།།

གང་ཡང་བདེན་མེད་སྒྱུ་མའི་སྐྱེས་བུ་འདྲ།།

དེ་བཞིན་འཁྲུལ་སྣང་སྣ་ཚོགས་རྨི་ལམ་འདྲ།།

སྣང་དུས་རང་བཞིན་མེད་པ་ཆུ་ཟླ་འདྲ།།

བཟང་ངན་བདེ་སྡུག་འགྱུར་བས་སྤྲིན་དང་འདྲ།།

ཚོར་དང་མ་ཚོར་མི་རྟག་ཟིལ་བ་འདྲ།།

རང་བྱུང་རང་ཞིག་ཆུ་ཡི་ཆུ་བུར་འདྲ།།

དེ་ལྟར་རྒྱུད་ལ་སྦྱར་ཏེ་བསྒོམ་པ་གཅེས།།

ཞེས་གསུངས་པ་སྟེ། འཁོར་བའི་རང་བཞིན་དཔེ་དྲུག་བསྟན་པ་ནི། འདི་ལྟར་སྣང་བའི་ཆོས་ཐམས་ཅད་གང་དུ་ཡང་བདེན་པར་གྲུབ་པ་མེད་པར་སྒྱུ་མའི་སྐྱེས་བུ་དང་སྒྱུ་མའི་རྟག་གླང་སོགས་དང་འདྲ་བ་དང་། དཔེ་དེ་བཞིན་དུ་འཁྲུལ་བའི་སྣང་བ་སྣ་ཚོགས་པ་དེ་མདང་གི་རྨི་ལམ་དང་འདྲ་བ་དང་། སྣང་དུས་ཉིད་ནས་རང་བཞིན་མེད་པ་ཆུ་ནང་གི་ཟླ་བའི་གཟུགས་བརྙན་དང་འདྲ་བ་དང་། བཟང་ངན་བདེ་སྡུག་གི་རི་མོ་དེ་འགྱུར་བའི་ཆོས་ཅན་ཡིན་པས་མི་བརྟན་པར་སྤྲིན་དང་འདྲ་བ་དང་། ཚོར་བ་དང་མ་ཚོར་བའི་དངོས་པོ་ཐམས་ཅད་མི་རྟག་པ་ནངས་སྔ་མོའི་རྩྭ་མགོའི་ཟིལ་བ་ཉི་མ་ཤར་ཙམ་གྱིས་སྐམ་དུ་འགྲོ་བ་དང་འདྲ་བ་དང་། ཆོས་ཐམས་ཅད་རྟག་པ་མེད་ལུགས་ལ་བསམ་བློ་བཏང་ན་རང་བྱུང་རང་ཞིག་དཔེར་ན་ཆུའི་ཆུ་བུར་དང་འདྲ་བ་སྟེ། འཁོར་བའི་རང་བཞིན་གྱི་དཔེ་དེ་ལྟར་རྒྱུད་ལ་སྦྱར་ཏེ་སྒོམ་མེད་ཀྱི་ངང་དུ་བསྒོམ་པ་གཅེས་སོ།།

༣༠༢ མྱང་འདས་རང་བཞིན་དཔེ་དྲུག་བསྟན་པ།

མྱང་འདས་རང་བཞིན་དཔེ་དྲུག་བསྟན་པ་ནི།།

སྣ་ཚོགས་སེམས་ཉིད་འདུས་པ་ཉི་ཟེར་སྙིང་པོ་འདྲ།།

སེམས་ཉིད་སྐྱོན་གྱིས་མ་གོས་འདམ་གྱི་པདྨ་འདྲ།།

ཡོན་ཏན་ལྷུན་གྱིས་གྲུབ་པ་ཡིད་བཞིན་ནོར་བུ་འདྲ།།

རང་གསལ་རྟོག་པས་མ་བསྒྲིབས་ཉི་ཟླ་སྤྲིན་བྲལ་འདྲ།།

ཀུན་ཁྱབ་ཕྱོགས་ལྷུང་མེད་པ་སྟོང་གསལ་ནམ་མཁའ་འདྲ།།

ཀུན་རྫོབ་འཕེལ་འགྲིབ་མེད་པས་རྒྱ་མཚོ་ཆེན་པོ་འདྲ།།

དེ་ལྟར་སུས་ཤེས་འཁོར་འདས་གཉིས་མེད་གྲོལ།།

ཞེས་གསུངས་པ་སྟེ། མྱང་འདས་རང་བཞིན་མེད་པའི་དཔེ་དྲུག་བསྟན་པ་ནི། སྣ་ཚོགས་སེམས་ཀྱི་འཕྲོ་འདུ་ཐམས་ཅད་སེམས་ཉིད་རིག་པའི་ཡེ་ཤེས་གཅིག་ལ་འདུས་པ་དང་འཕྲོ་བ་ནི། དཔེར་ན་ཉི་མའི་ཟེར་གྱི་འཕྲོ་གཞིའི་སྙིང་པོ་ལས་འོད་རྣམས་འཕྲོ་བ་དང་འདྲ་བ་དང་། དེ་ལྟ་བུའི་སེམས་ཉིད་དེ་སྐྱོན་གྱིས་མ་གོས་པ་ནི་འདམ་གྱི་པདྨ་འདམ་ལས་སྐྱེས་ཀྱང་འདམ་གྱི་དྲི་མས་མ་གོས་པ་དང་འདྲ་བ་དང་། སེམས་ཉིད་རིག་པའི་ཡེ་ཤེས་དེ་ལ་ཡོན་ཏན་རང་ཆས་ལྷུན་གྱིས་གྲུབ་པའི་ཐད་ནས་ཡིད་བཞིན་ནོར་བུ་དང་འདྲ་བ་དང་། རང་གསལ་གྱི་གནས་ཚུལ་དེ་རྟོག་པས་མ་བསྒྲིབས་པ་ཉི་ཟླ་སྤྲིན་དང་བྲལ་བ་དང་འདྲ་བ་དང་། དམིགས་མེད་ཀུན་ཁྱབ་ཕྱོགས་ལྷུང་མེད་པ་འདི་ཞེས་མཚོན་བརྗོད་དང་བྲལ་བ་སྟོང་གསལ་ནམ་མཁའ་དང་འདྲ་བ་དང་། ཀུན་རྫོབ་ཀྱི་ཆོས་ཀྱིས་འཕེལ་འགྲིབ་བྱེད་དུ་མེད་པས་ན་དེ་ཉིད་རྒྱ་མཚོ་ཆེན་པོ་བྲི་བ་དང་གང་མེད་པ་དང་འདྲ་བ་སྟེ། དེ་ལྟར་སུས་ཤེས་པ་ནི་འཁོར་འདས་གཉིས་སུ་མེད་པར་གྲོལ་བ་ཡིན་ནོ།།

༣༠༣ གཅེས་པ་དྲུག་གིས་རང་ལ་བསྐུལ་བ་བསྟན་པ།

གཅེས་པ་དྲུག་གིས་རང་ལ་བསྐུལ་བ་ནི།།

རང་མདུན་རང་གིས་བཅད་དེ་ཆོས་ལ་འཇུག་པ་གཅེས།།

རང་བསྐུལ་རང་ལ་བཏབ་སྟེ་དགེ་སྦྱོར་བསྐུལ་བ་གཅེས།།

རང་གྲོས་རང་ལ་བཏབ་སྟེ་གཉེན་པོ་བསྟེན་པ་གཅེས།།

རང་ལས་རང་གིས་བྱས་ཏེ་དཀའ་བ་སྤྱད་པ་གཅེས།།

རང་མགོ་རང་གིས་བཏོན་ཏེ་སྒྲུབ་པ་མཐར་ཕྱིན་གཅེས།།

རང་གཉེན་རང་གིས་བསྐྱངས་ཏེ་འགྲོ་དྲུག་བསྒྲལ་བ་གཅེས།།

སྤྱི་ཡི་གདམས་ངག་ཡིན་པས་སེམས་ལ་ཞོག།

ཅེས་གསུངས་པ་སྟེ། གཅེས་པ་དྲུག་གི་གདམས་ངག་གིས་རང་ལ་སྐུལ་མ་བཏབ་པ་ནི། རང་ཐག་རང་གིས་གཅད། །སྣ་ཐག་མགོ་ལ་དཀྲི། །ཞེས་པ་ལྟར་དུ་རང་གི་མདུན་མའི་ཐག་དེ་རང་གིས་བཅད་པ་སྨྱོན་པ་འུར་ལངས་པ་ལྟར་དུ་སུས་ཀྱང་བཅོས་སུ་མེད་པའི་ཐོག་ནས་དམ་པའི་ཆོས་ལ་འཇུག་པ་གཅེས་པ་དང་། གཞན་གྱི་ཅི་ཟེར་མི་བལྟ་བར་རང་ལ་སྐུལ་མ་རང་གིས་བཏབ་སྟེ་རང་ཉིད་ཀྱི་སྒོ་གསུམ་དགེ་སྦྱོར་གྱི་ཕྱོགས་ལ་བསྐུལ་བ་ནི་ཤིན་ཏུ་ནས་ཀྱང་གཅེས་པ་དང་། གཞན་སུ་ལ་ཡང་གྲོས་བྱེད་དུ་མེད་པར་རང་གི་གྲོས་དེ་རང་ལ་བཏབ་ནས་རྒྱུད་མ་རུང་བར་མི་འགྱུར་བའི་གཉེན་པོ་བསྟེན་པའང་ཤིན་ཏུ་གཅེས་པ་དང་། རང་གི་ཆུས་དེ་རང་གིས་མི་འཚོ་བར་སུས་འཚོ་སྟེ་དེས་ན་རང་ལས་རང་གིས་བྱས་ཏེ་དམ་པའི་ཆོས་སྤྱོད་པའི་ཕྱོགས་ལ་དཀའ་བ་སྤྱད་པ་གཅེས་པ་དང་། རང་མགོ་ཐོན་པ་རང་གིས་བྱེད་དགོས་པས་ལྷ་བླ་མ་དཀོན་མཆོག་གིས་མ་འཁྲུལ་བའི་ལམ་བསྟན་པ་དེ་ལ་རང་ཉིད་འཇུག་ཅིང་རང་ལས་རང་གིས་བྱས་ནས་རང་མགོའི་ཉི་མ་ཆོས་ཀྱིས་བཏོན་ཏེ་ཉམས་ལེན་སྒྲུབ་པ་མཐར་ཕྱིན་པར་བྱེད་པ་གཅེས་པ་དང་། རང་གི་གཉེན་རང་གིས་བསྐྱངས་དགོས་པ་ཡིན་པས་ཁམས་གསུམ་འགྲོ་དྲུག་གི་སེམས་ཅན་རྣམས་རང་གིས་བསྐྱངས་ཏེ་འཁོར་བའི་རྒྱ་མཚོ་ལས་བསྒྲལ་བ་གཅེས་པ་སྟེ། དེ་དག་ཐམས་ཅད་ནི་སྤྱི་ཡི་གདམས་ངག་ཡིན་པས་སེམས་ལ་ཞོག་ཅིག

༣༠༤ རྒྱུད་དང་དགེ་སྦྱོར་བསྲེ་བའི་ཆོས་དྲུག་བསྟན་པ།

རྒྱུད་དང་དགེ་སྦྱོར་བསྲེ་བའི་ཆོས་དྲུག་ནི།།

དགེ་སྡིག་ཅི་བྱས་ཡང་ཡང་བརྟག་པར་བྱ།།

ཐ་མལ་རང་གའི་རྣམ་རྟོག་གདུལ་བར་བྱ།།

རྟག་ཏུ་གུས་པས་གསོལ་བ་ཡེངས་མེད་གདབ།།

བཀའ་དང་བསྟན་བཅོས་གཞུང་བཞིན་ནན་ཏན་བྱ།།

རྟོགས་པའི་གདེང་གིས་རང་སྣང་བསླང་བར་བྱ།།

ཅི་བྱེད་ཕྱོགས་བྲལ་དགོངས་པས་ཟིན་པར་བྱ།།

དེ་ལྟར་བྱས་ན་ཐར་ལམ་བྱང་ཆུབ་འགྲུབ།།

ཅེས་གསུངས་པ་སྟེ། རྒྱུད་དང་དགེ་སྦྱོར་གཉིས་ཀ་བསྲེ་བའི་ཐབས་ཀྱི་ཆོས་དྲུག་ནི། རང་ཉིད་ཀྱི་དགེ་བ་དང་སྡིག་པ་ཅི་བྱས་གང་བྱས་ལ་ཡང་དང་ཡང་དུ་བརྟགས་པར་བྱས་ཏེ་དགེ་སྡིག་དཀར་ནག་གི་རྩིས་གྲངས་བྱ་བ་དང་། ཐ་མལ་རང་ག་མའི་རྣམ་རྟོག་ཐམས་ཅད་ཐབས་དང་གཉེན་པོས་གདུལ་བར་བྱ་དགོས་པ་དང་། དུས་རྟག་ཏུ་གུས་ཤིང་གདུང་བས་གསོལ་བ་ཡེངས་མེད་དུ་གདབ་པ་དང་། རྒྱལ་བའི་བཀའ་དང་རྗེས་འཇུག་མཁས་པའི་བསྟན་བཅོས་ཀྱི་ནང་ནས་ཇི་ལྟར་གསུངས་པ་བཞིན་དུ་སྒྲུབ་པ་ལ་ནན་ཏན་བྱ་བ་དང་། ཉམས་དང་རྟོགས་པའི་གདེང་གིས་རང་སྣང་ལམ་དུ་བསླང་བར་བྱ་བ་དང་། ཅི་བྱེད་ཐམས་ཅད་ཕྱོགས་རིས་དང་བྲལ་བའི་དགོངས་པ་མཁའ་ལྟར་ཁྱབ་པས་ཟིན་པར་བྱ་བ་སྟེ། དེ་ལྟར་བྱས་ན་ཐར་ལམ་བྱང་ཆུབ་འགྲུབ་པ་ཡིན་ནོ།།

༣༠༥ ཆོས་བྱེད་རྣམས་ཀྱི་མ་སོང་རྣམ་དྲུག་བསྟན་པ།

ཆོས་བྱེད་རྣམས་ཀྱི་མ་སོང་རྣམ་དྲུག་ནི།།

དད་པའི་ཞིང་ས་མེད་ན་བདེ་བའི་འབྲས་མི་འབྱུང༌།།

མཁས་བཙུན་བླ་མ་མེད་ན་རིག་པའི་མུན་མི་སེལ།།

སྐྱིད་བདེའི་དམ་ཆོས་མ་སྤྱད་སྡུག་བསྔལ་མཚོ་མོ་རྡོལ།།

དགེ་བཅུས་ལམ་སྣ་མ་དྲངས་ཆོས་ཀྱི་རྩ་བ་ཤོར།།

ད་ལྟའི་ཡུལ་ནས་མ་ཕྱིན་སྙོམས་ལས་སྒྲོག་གིས་བཅིངས།།

ཤེས་རབ་མིག་དང་མ་ལྡན་འཁོར་བའི་གཡང་སར་ལྷུང༌།།

དེ་ལྟར་མ་སོང་འབད་པས་བསྒྲུབ་པ་གཅེས།།

ཞེས་གསུངས་པ་སྟེ། ཆོས་བྱེད་རྣམས་ཀྱི་སྔོན་དུ་མ་སོང་ན་མི་འགྲུབ་པའི་བྱ་བ་རྣམ་པ་དྲུག་ནི། དད་པའི་ཞིང་ས་གཤིན་པོ་དེ་མེད་ན་བདེ་བའི་འབྲས་བུ་འབྱུང་ཐབས་མེད་པ་དང་། ལམ་སྟོན་མཁས་བཙུན་གྲུབ་པ་གཉིས་ལྡན་གྱི་རྒྱལ་སར་གཤེགས་པའི་བླ་མ་དམ་པ་ཞིག་མེད་ན་རིག་པའི་སྒྲིབ་བྱེད་ཀྱི་མུན་པ་དེ་མི་སེལ་བ་དང་། སྐྱིད་པ་དང་བདེ་བའི་འབྱུང་གནས་དམ་པའི་ཆོས་དེ་མ་སྤྱད་ན་སྡུག་བསྔལ་གྱི་མཚོ་མོ་རྡོལ་ནས་སྡུག་བསྔལ་ཟད་མེད་མྱོང་བ་དང་། དགེ་བ་བཅུ་ཡི་ལམ་གྱི་སྣ་མ་དྲངས་ཚེ་ཆོས་ཀྱི་རྩ་བ་ཤོར་བ་དང་། ད་ལྟའི་འདུ་འཛིའི་ཡུལ་ནས་ཕྱིན་ཏེ་དབེན་པའི་གནས་སུ་མ་སྙོག་ན་སྙོམས་ལས་ཀྱི་སྒྲོག་གིས་ད་དུང་བཅིངས་པ་དང་། ཤེས་རབ་ཀྱི་མིག་དང་མ་ལྡན་ན་འཁོར་བའི་གཡང་སར་ལྷུང་སྟེ་ལོང་བས་ལོང་བསྙབས་བྱེད་པ་བཞིན་དུ་འཁྱམས་པ་ཡིན་པས། དེ་ལྟ་བུའི་ཚུལ་ལ་མ་སོང་བར་འབད་པའི་སྒོ་ནས་བསྒྲུབ་པ་ཤིན་ཏུ་གཅེས་སོ།།

༣༠༦ མ་བྱས་རེ་བ་དྲུག་གི་རང་བཞིན་བསྟན་པ།

མ་བྱས་རེ་བ་དྲུག་གི་རང་བཞིན་ནི།།

སྡིག་སྤྱད་ངན་སོང་སྡུག་བསྔལ་མི་མྱོང་རེ།།

དགེ་བ་མ་བྱས་བདེ་འགྲོ་ཐོབ་ཏུ་རེ།།

ཉོན་མོངས་མ་སྤངས་འཁྲུལ་བ་འདག་ཏུ་རེ།།

ཚོགས་གཉིས་མ་འབད་སངས་རྒྱས་ཐོབ་ཏུ་རེ།།

ཅི་བྱེད་ཚེ་འདི་བྱས་པས་ཕྱི་མ་བདེ་རུ་རེ།།

ཐར་ལམ་ཆོས་ལ་མ་སྤྱད་འཁོར་བར་མི་འཁྱམ་རེ།།

རེ་བ་འདོད་ཀྱང་ཐོག་ཏུ་མི་འབབ་མཆི།།

ཞེས་གསུངས་པ་སྟེ། རྒྱུ་སྔོན་སོང་མ་བྱས་པའི་རེ་བ་དྲུག་གི་རང་བཞིན་མི་འགྲུབ་པར་བསྟན་པ་ནི། སྡིག་པ་སྤྱད་སྤྱད་ནས་ངན་སོང་གི་སྡུག་བསྔལ་མི་མྱོང་བའི་རེ་བ་བྱེད་དུ་མེད་ལ། དེ་ལྟར་བྱས་ཀྱང་འདོད་ཐོག་ལ་འབབ་པ་མིན་པ་དང་། དེ་བཞིན་དུ་དགེ་བ་གཏན་ནས་མ་བྱས་པར་བདེ་འགྲོ་ཐོབ་ཏུ་རེ་བ་དང་ནི། ཉོན་མོངས་མ་སྤངས་ནས་འཁྲུལ་བ་འདག་ཏུ་རེ་བ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ལ་འབད་པ་མ་བྱས་པར་སངས་རྒྱས་ཐོབ་ཏུ་རེ་བ་དང་། ཅི་བྱེད་ཐམས་ཅད་ཚེ་འདིའི་བྱ་བར་བྱས་པས་ཕྱི་མར་བདེ་འགྲོ་ཐོབ་ཏུ་རེ་བ་དང་། ཐར་ལམ་གྱི་ཆོས་ལ་མ་སྤྱད་བཞིན་དུ་འཁོར་བར་མི་འཁྱམ་པར་རེ་བ་སྟེ། དེ་ལྟ་བུའི་རེ་བ་དེ་དག་སྟོང་པ་ཡིན་པས་འདོད་པར་བྱས་ཀྱང་ཐོག་ཏུ་མི་འབབ་མཆི་སྟེ་ཐོག་ཏུ་མི་འབབ་པ་ཡིན་ནོ་ཞེས་པའོ།།

༣༠༧ བདེ་འགྲོ་མཐོ་རིས་ཐོབ་པའི་ཆོས་དྲུག་བསྟན་པ།

བདེ་འགྲོ་མཐོ་རིས་ཐོབ་པའི་ཆོས་དྲུག་ནི།།

སྔོན་བསགས་ལེགས་པར་སྤྱད་པའི་ལས་འཕྲོ་ཡོད།།

ད་ལྟ་སྒོ་གསུམ་གཡོ་མེད་དྲང་པོར་གནས།།

སེམས་ཅན་རིགས་ལ་རྣམ་པར་འཚེ་བ་མེད།།

ལས་འབྲས་དད་པས་དགེ་སྡིག་ཤན་ཐང་ཕྱེད།།

ཡང་དག་ངེས་དོན་ལྟ་བ་བཟང་ལ་མོས།།

དད་གུས་ལྡན་པས་ཆོས་ལ་བརྩོན་པ་སྟེ།།

མཐོ་རིས་དགའ་བདེ་ལག་པའི་མཐིལ་ན་ཡོད།།

ཅེས་གསུངས་པ་སྟེ། བདེ་འགྲོ་མཐོ་རིས་ཐོབ་པར་བྱེད་པའི་ཆོས་དྲུག་ནི། སྐྱེ་བ་སྔོན་མ་རྣམས་སུ་བསགས་པའི་རྣམ་དཀར་གྱི་དགེ་བ་ལེགས་པར་སྤྱད་པའི་ལས་འཕྲོ་ད་ལྟ་མཐུད་དུ་ཡོད་པ་དང་། ད་ལྟའི་སྐབས་སུ་ཡང་སྒོ་གསུམ་གཡོ་དང་སྒྱུ་མེད་པར་དྲང་པོར་གནས་པ་དང་། སེམས་ཅན་གྱི་རིགས་གང་དང་གང་ལ་ཡང་རྣམ་པར་འཚེ་བ་མེད་པ་དང་ནི། ལས་རྒྱུ་འབྲས་ལ་ཡིད་ཆེས་ཀྱི་དད་པ་ཡོད་པས་ན་དགེ་སྡིག་གི་ཤན་ཐང་ངམ་དབྱེ་བ་ཕྱེད་ཐུབ་པ་དང་། ཡང་དག་པའི་ངེས་དོན་གྱི་ལྟ་བ་བཟང་པོ་ལ་ལྷག་པར་མོས་པ་དང་། དད་པ་དང་གུས་པ་ལྡན་པའི་སྒོ་ནས་དམ་པའི་ཆོས་ལ་བརྩོན་པ་སྟེ། དེ་ལྟ་བུའི་འཇིག་རྟེན་ཡང་དག་གི་ལྟ་བ་ཡོད་པའི་གང་ཟག་དེ་མཐོ་རིས་ལྷ་དང་མི་ཡི་དགའ་བདེ་ཐམས་ཅད་ལག་པའི་མཐིལ་ན་ཡོད་པ་བཞིན་དུ་འགྲུབ་ངེས་པ་ཡིན་ནོ།།

༣༠༨ ངན་སོང་འགྲོ་བ་དག་གི་ཆོས་དྲུག་བསྟན་པ།

ངན་སོང་འགྲོ་བ་དག་གི་ཆོས་དྲུག་ནི།།

རང་གར་ཁྲོ་ཞིང་ངང་རྒྱུད་རྩུབ་པ་དང༌།།

དགེ་ལ་སྨོད་ཅིང་སྡིག་པའི་ལས་ལ་བསྟོད།།

ཐབས་ཀྱིས་གཞན་བསླུ་གཡོ་དང་སྒྱུར་ལྡན་ཞིང༌།།

གཞན་དག་ཕུན་ཚོགས་མཐོང་ལ་ཕྲག་དོག་བྱེད།།

ནོར་རྫས་ཞེན་ཆགས་སེར་སྣ་གཏོང་སེམས་མེད།།

གཞན་ལ་ཁྱད་གསོད་ང་རྒྱལ་རློམ་སེམས་ཆེ།།

འདི་དག་སུ་ལྡན་ངན་སོང་མདུན་ནས་བསུ།།

སྡུག་བསྔལ་ཚད་མེད་ཐར་བའི་དུས་མེད་མྱོང༌།།

ཞེས་གསུངས་པ་སྟེ། ངན་སོང་དུ་འགྲོ་བའི་སེམས་ཅན་དག་གི་ཆོས་དྲུག་ནི། རང་གར་རྒྱུ་མཚན་ཅི་ཡང་མི་དགོས་པར་ཁྲོ་ཞིང་རྒྱུན་དུ་ངང་རྒྱུད་རྩུབ་པ་དང༌། དགེ་བ་དང་དགེ་བ་སྒྲུབ་པའི་གང་ཟག་ལ་སྨོད་ཅིང་དེ་ལ་བསྐུར་བ་འདེབས་ཤིང་། སྡིག་པའི་ལས་དང་སྡིག་པ་སྒྲུབ་མཁན་གྱི་གང་ཟག་ལ་བསྟོད་པ་བྱེད་པ་དང་། སྒྱུ་གཡོ་རྒྱགས་དང་འཚིག་པ་དང་། །འཁོན་འཛིན་རྣམ་འཚེ་དྲི་མ་དྲུག །ཅེས་པའི་ཉེ་ཉོན་དྲི་མ་དྲུག་ལས། ཐབས་ཀྱིས་གཞན་བསླུ་ཞིང་འདྲིད་པར་བྱེད་པའི་གཡོ་དང་སྒྱུར་ལྡན་པ་དང་། གང་ཟག་གཞན་དག་ལ་ཚེ་རིང་བ་དང་། ནད་མེད་པ་དང་། འབྱོར་བ་རྒྱས་པ་ལ་སོགས་པའི་ཕུན་ཚོགས་ཡོད་པར་མཐོང་ན་དེ་ལ་ཕྲག་དོག་བྱེད་པ་དང་། ནོར་རྫས་ལ་ཞེན་ཆགས་ཆེ་ཞིང་། སེར་སྣ་ཆེ་བས་གཏོང་ཕོད་ཀྱི་སེམས་ཤིག་གཏན་ནས་མེད་པ་དང་། རང་མཐོང་དང་ཁེངས་པ་ཆེ་བས་གཞན་ལ་ཁྱད་གསོད་བྱེད་ཅིང་རྒྱུན་དུ་ང་རྒྱལ་རློམ་སེམས་ཆེ་བ་སྟེ། སྐྱོན་འདི་དག་དང་སུ་ལྡན་རྣམས་ངན་སོང་གིས་མདུན་ནས་བསུ་ཞིང་། སྡུག་བསྔལ་ཚད་མེད་མྱོང་བ་ལས་ཐར་བའི་དུས་མེད་པར་བསྐལ་བ་མང་པོར་སྡུག་བསྔལ་བ་ཡིན་ནོ།།

༣༠༩ ཐར་ལམ་སྒྲུབ་པའི་དམ་ཆོས་རྣམ་དྲུག་བསྟན་པ།

ཐར་ལམ་སྒྲུབ་པའི་དམ་ཆོས་རྣམ་དྲུག་ནི།།

མོས་གུས་དྲག་པོས་བླ་མ་མཁས་བསྟེན་ལ།།

ཐོས་བསམ་རྒྱ་སྐྱེད་རྩ་བ་ཆོད་པ་ཡིན།།

བྱིན་རླབས་མགོན་སྐྱབས་མེད་ན་བར་མ་དོར།།

བར་ཆོད་བདུད་ཀྱིས་བསླུ་བས་དཀོན་མཆོག་ཁུར།།

དགྲ་གཉེན་ཡིད་འབྱུང་མ་སྐྱེ་ཉོན་མོངས་ཀྱི།།

འདམ་ལས་མི་ཐོན་ཆགས་སྡང་བདུད་ལས་ཁྲོལ།།

ཤེས་བཞིན་བྱ་རས་མ་ཟིན་ངན་སོང་གི།

གཡང་སར་སྐྱུར་བས་བག་ཡོད་རྒྱུན་དུ་བསྟེན།།

ཆོས་སྤྱོད་དཔུང་དང་མི་ལྡན་འཁོར་བ་ཡི།།

གཡུལ་ངོ་མི་བཟློག་གསོ་སྦྱོང་ལས་ལ་འབད།།

དམིགས་མེད་རྩིས་མ་ཟིན་ན་འདུས་བྱས་ཀྱི།།

དགེ་བས་བྱང་ཆུབ་མི་འགྲུབ་ཤེས་རབ་སྦྲེལ།།

དེ་ལྟར་བརྩོན་ན་བྱང་ཆུབ་མྱུར་དུ་འགྲུབ།།

ཅེས་གསུངས་པ་སྟེ། ཐར་ལམ་བསྒྲུབས་ནས་འགྲུབ་པར་བྱེད་པའི་དམ་པའི་ཆོས་རྣམ་པ་དྲུག་ནི། དང་པོ་མོས་གུས་དྲག་པོས་བླ་མ་སྤྱིར་མཚན་ཉིད་ཐམས་ཅད་དང་ལྡན་པ་དང་། ཁྱད་པར་དུ་མཁས་པའི་ཡོན་ཏན་དང་ལྡན་པ་ཞིག་བསྟེན་ལ། ཐོས་པ་དང་བསམ་པ་རྒྱ་སྐྱེད་པར་བྱས་ན་ཆོས་ཀྱི་རྩ་བ་ཆོད་ནས་ཐེ་ཚོམ་མེད་པར་ངེས་ཤེས་རྙེད་པ་དང་། དམ་པའི་བྱིན་རླབས་རང་རྒྱུད་ལ་ཞུགས་པའི་མགོན་དང་། སྐྱབས་དང་། དཔུང་གཉེན་ཞིིག་མེད་ན་ཆོས་སྒྲུབ་པའི་ལམ་གྱི་གནས་སྐབས་ཀྱི་བར་མ་དོ་རུ་བར་ཆོད་པའི་བདུད་ཀྱིས་བསླུ་བར་འགྱུར་བ་ཡིན་པས་དཀོན་མཆོག་གསུམ་པོ་སྤྱི་བོའི་གཙུག་ཏུ་ཁུར་ཅིག དེ་ཡང་སེར་སྐྱ་སུ་ཡིན་ཡང་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱེད་པ་ལས་ལྷག་པའི་བར་ཆད་སེལ་བྱེད་ཀྱི་ཞབས་བརྟན་རིམ་གྲོ་ཞིག་དགོས་པ་མིན་པས། རྒྱུན་དུ་སྐྱབས་འགྲོ་ལ་ཡི་དམ་དུ་བྱས་ནས་མ་ཆགས་པ་བྱེད་པ་ནི་གནད་དུ་ཆེའོ། །དགྲ་གཉེན་ངེས་པ་མེད་པའི་འཁོར་བའི་སྣང་ཚུལ་ལ་ཡིད་འབྱུང་བ་མ་སྐྱེས་ན། ཉོན་མོངས་ཀྱི་འདམ་ལས་མི་ཐོན་པ་ཡིན་པས། དགྲ་གཉེན་ཆགས་སྡང་གི་བདུད་ལས་ཁྲོལ་ཅིག ལམ་དང་ལམ་མིན་ཤེས་པའི་ཤེས་བཞིན་གྱི་བྱ་རའམ་སོ་པས་མ་ཟིན་ན་ངན་སོང་གི་གཡང་སར་སྐྱུར་ཞིང་ལྷུང་བས་བག་ཡོད་པ་རྒྱུན་དུ་སྟེན་ཅིག ཆོས་སྤྱོད་ཀྱི་དཔུང་ཆེན་པོ་དང་མི་ལྡན་ན་འཁོར་བ་ཡི་གཡུལ་ངོ་མི་བཟློག་པས། དགེ་བ་གསོ་ཞིང་སྡིག་པ་སྦྱོང་བའི་ལས་ལ་དུས་རྒྱུན་དུ་འབད་པ་གྱིས་ཤིག དམིགས་པ་མེད་པ་འཁོར་གསུམ་རྣམ་པར་དག་པའི་རྩིས་མ་ཟིན་ན་ཟག་བཅས་འདུས་བྱས་ཀྱི་དགེ་བ་ཐེག་དམན་ཐར་བ་ཆ་མཐུན་ཙམ་གྱིས་བྱང་ཆུབ་ཆེན་པོ་མི་འགྲུབ་པས། གྲོགས་ཤེས་རབ་དང་ངེས་པར་དུ་སྦྲེལ་བར་གྱིས་ཤིག་དང་། དེ་ལྟར་བརྩོན་པར་བྱས་ན་བྱང་ཆུབ་དམ་པ་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་འགྲུབ་པ་ཡིན་ནོ།།

༣༡༠ ཚོགས་བསགས་དགེ་ལ་འབད་པའི་ཆོས་དྲུག་བསྟན་པ།

ཚོགས་བསགས་དགེ་ལ་འབད་པའི་ཆོས་དྲུག་ནི།།

ཡར་ལ་གོང་མའི་བཀུར་སྟི་ཚོགས་ཆེ་བས།།

བླ་མ་ཡི་དམ་མཁའ་འགྲོ་མཆོད་པ་གཅེས།།

མར་ལ་འོག་མའི་ཕན་འདོགས་ཚོགས་ཆེ་བས།།

ཚད་མེད་སྙིང་རྗེས་སྡུག་ཕོངས་བསྐྱང་བ་གཅེས།།

ནང་དུ་ཕྱོགས་མེད་དམ་ཆོས་ཚོགས་ཆེ་བས།།

ཐོས་པ་བསམ་པ་སྒོམ་པ་བརྩོན་པར་གྱིས།།

ཕར་ལ་གཞན་ལ་ཕན་འདོགས་ཚོགས་ཆེ་བས།།

སེམས་བསྐྱེད་ཆོས་བཤད་མགོན་སྐྱབས་དཔུང་གཉེན་མཛོད།།

ཚུར་ལ་མཚན་མའི་དམིགས་མེད་ཚོགས་ཆེ་བས།།

ངར་འཛིན་རློམ་སེམས་མཚན་མར་འཛིན་པ་སྤངས།།

བར་དུ་གནས་ལུགས་སྒྲུབ་པ་ཚོགས་ཆེ་བས།།

མཐར་ཐུག་དོན་གྱི་དཀོན་མཆོག་གསུམ་པོ་སྒྲུབས།།

དེ་ལྟར་སྤྱད་ན་མྱུར་དུ་སངས་རྒྱས་འགྲུབ།།

ཅེས་གསུངས་པ་སྟེ། ཚོགས་བསགས་དགེ་ལ་འབད་དགོས་པའི་ཆོས་དྲུག་ནི། ཚོགས་བསགས་པའི་ཞིང་ལ་ཡར་མར་གཉིས་སུ་ཕྱེས་ནས་ཡར་གོང་མའི་ཚོགས་ཞིང་མཆོག་ཏུ་གྱུར་པ་ལ་བཀུར་སྟི་ཇི་ལྟར་བྱས་པ་དེ་ལྟར་དུ་ཚོགས་སམ་བསོད་ནམས་ཆེ་བ་ཡིན་པས། བྱིན་རླབས་ཀྱི་རྩ་བ་བླ་མ། དངོས་གྲུབ་ཀྱི་རྩ་བ་ཡི་དམ། འཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་དང་། དེ་ཐམས་ཅད་འདུས་པའི་སྐྱབས་གནས་གཅིག་ཆོག་མ་ནི་བླ་མ་ཡིན་ཕྱིར། བླ་མའི་བ་སྤུའི་ཁུང་བུ་ཞིག་མཆོད་ན་སངས་རྒྱས་བྱེ་བ་ཁྲག་ཁྲིག་མཆོད་པའི་བསོད་ནམས་དང་མཉམ་པར་གསུངས་པས་བླ་མ་དང་མཁའ་འགྲོ་ལ་མཆོད་པ་གཅེས་པ་སྟེ། དེ་ཡང་མཆོད་པ་རབ་ནི་སྒྲུབ་པའི་མཆོད་པ་ཡིན་པས་གཞན་ལ་ཕན་པའི་ཆེད་དུ་ཐེག་ཆེན་མདོ་སྔགས་ཀྱི་ལམ་རྣམས་ཉམས་སུ་བླངས་ན་ཐུགས་དགོངས་རྫོགས་པ་ཡིན། མར་སྙིང་རྗེའི་ཞིང་ལ་འོག་མ་སྡུག་བསྔལ་ཇི་ལྟར་ཆེ་བ་དེ་ལྟར་དུ་ཕན་འདོགས་པའི་ཚོགས་རྫོགས་སྟོབས་ཀྱང་དེ་བཞིན་དུ་ཆེ་བས། ཚད་མེད་པའི་སྙིང་རྗེས་གང་སྡུག་བསྔལ་བ་དང་གང་ཕོངས་པ་རྣམས་བསྐྱང་བ་དེ་ཉིད་གཅེས་པ་སྟེ། ཕན་འདོགས་པ་ལས་ཆོས་ཀྱི་ཕན་འདོགས་པ་མཆོག་ཏུ་འཛིན་པ་དང་། གནོད་པ་སྤོང་བ་ལས་སྲོག་གཅོད་པ་སྤོང་བ་གཙོ་བོར་འཛིན་དགོས་པ་དང་། ནང་དུ་ཕྱོགས་མེད་ཀྱི་དམ་ཆོས་སྒྲུབ་པ་དེ་ཚོགས་བསགས་བསོད་ནམས་ཆེ་བར་ཡོད་པས། ཐོས་པ་དང་བསམ་པ་དང་སྒོམ་པ་ལ་བརྩོན་པར་གྱིས། ཕར་གཞན་ལ་ཕན་འདོགས་འདི་བས་ཚོགས་ཆེ་བ་ཞིག་མེད་པས། ཐོག་མར་གལ་ཆེ་བ་སེམས་བསྐྱེད་ཀྱི་གཞི་བཅས་ནས་དམ་པའི་ཆོས་བཤད་དེ་སེམས་ཅན་ཉམ་ཐག་གི་མགོན་དང་སྐྱབས་དང་དཔུང་གཉེན་མཛོད། དེ་ཡང་སེམས་ཅན་ལ་མགོན་སྐྱབས་དང་དཔུང་གཉེན་བྱེད་པ་ནི་སེམས་ཅན་གྱི་སྡུག་བསྔལ་སེལ་ཐབས་བྱེད་པ་དེ་ཡིན་ལ། སེམས་ཅན་རྣམས་ནི་སྡུག་བསྔལ་དུ་མ་མྱངས་ནས་ཉམ་ཐག་པར་ཡོད་པས། དེ་ལྟ་བུའི་སྡུག་བསྔལ་གྱི་རྒྱུ་གང་ཡིན་པར་དཔྱད་ཚེ་ཀུན་འབྱུང་ལས་དང་ཉོན་མོངས་ཀྱིས་བསྐྱེད་པ་ཡིན་ཕྱིར། དེ་ཡང་ཕྱོགས་གཅིག་ནས་སྔར་བསགས་ལས་དང་ཉོན་མོངས་ཀྱི་འབྲས་བུ་སྡུག་བསྔལ་ཉམས་སུ་མྱོང་བཞིན་པ་དང་། ཕྱོགས་གཅིག་ནས་རྨོངས་པའི་གཞན་དབང་དུ་གྱུར་ནས་ཕྱི་མའི་སྡུག་བསྔལ་འདྲེན་པའི་ལས་གསོག་བཞིན་ཡོད་པས། གནས་སྐབས་ཀྱི་སྡུག་བསྔལ་ཕྲན་ཚེགས་རེ་བསལ་བ་དང་། ཕན་ཆུང་ཆུང་རེ་བཏགས་ཀྱང་སྡུག་བསྔལ་གྱི་རྩ་བ་འདོན་པར་བྱེད་ཐུབ་པ་མིན། དེ་བས་ཀུན་འབྱུང་ལས་དང་ཉོན་མོངས་པ་བཟློག་ཐབས་ཤིག་བྱས་ན་ཕྱི་མའི་སྡུག་བསྔལ་གྱི་རྩ་བ་ཆོད་པ་མེ་ཤི་ན་དུ་བ་ཆད་པ་ལྟར་དུ་འགྲོ་བ་དང་། དེའི་སྟེང་དུ་ད་ལྟའི་སྡུག་བསྔལ་མྱུར་དུ་བྱང་ཐབས་ཀྱི་ལམ་ཟབ་མོ་བསྟན་པར་བྱས་ན་སེམས་ཅན་ལ་ཕན་ཐོགས་དངོས་སུ་འབྱུང་བས། འདི་དང་ཕྱི་མའི་བདེ་སྐྱིད་འབྱུང་བ་དང་། སྡུག་བསྔལ་མི་འབྱུང་བའི་ཐབས་དམ་པའི་ཆོས་བསྒྲུབ་པ་ལས་མེད་ཅིང་། སེམས་ཅན་རྨོངས་པའི་གཞན་དབང་ཅན་རྣམས་ཀྱིས་དམ་ཆོས་སྒྲུབ་མི་ཤེས་པས། བླ་སེར་དགེ་འདུན་པ་རྣམས་ཀྱིས་སེམས་བསྐྱེད་ཀྱིས་ཟིན་པའི་དམ་པའི་ཆོས་བཤད་དེ་ཐེག་པ་ཆེན་པོའི་ཆོས་སྒོ་ལ་འཛུད་པ་དང་། དེ་ནས་རང་རང་གི་རྒྱུད་ཚོད་དང་བསྟུན་པའི་ཉམས་ལེན་ཤེས་པར་བྱས་ནས་སེམས་ཅན་གཅིག་གིས་ཐར་ལམ་ཟིན་པར་བྱས་ཚེ། དེ་དག་ཚེ་རབས་གཏན་དུ་སྡུག་བསྔལ་མྱོང་མི་དགོས་པས་མ་ཚད། དེས་སེམས་ཅན་གཞན་ཕན་བདེ་ལ་འགོད་པ་སོགས་ཀྱི་ཕན་པ་བསམ་གྱིས་མི་ཁྱབ་པས་ཕར་སེམས་ཅན་ལ་ཕན་འདོགས་ན་དེ་འདྲ་དགོས་པ་དང་། ཚུར་རང་གི་ཕྱོགས་ནས་མཚན་མའི་ཆོས་ཀྱི་དམིགས་གཏད་འཛིན་པ་དང་བྲལ་བ་དམིགས་མེད་ཀྱི་ལྟ་བ་རྟོགས་པ་ནི་ཚོགས་ཆེ་བའམ་བསོད་ནམས་ཆེ་བ་ཡིན་པས། ངར་འཛིན་གྱི་རློམ་སེམས་བདག་འཛིན་མངོན་གྱུར་མཚན་མར་འཛིན་པ་དེ་ཉིད་སྤོངས་ཤིག བར་དུ་གནས་ལུགས་དེ་ཁོ་ན་ཉིད་སྒྲུབ་པ་དེ་ཚོགས་ཆེ་བ་ཡིན་པས། གནས་ལུགས་མཐར་ཐུག་དོན་གྱི་དཀོན་མཆོག་གསུམ་པོ་དེ་བསྒྲུབ་པར་བྱ་བ་སྟེ། དེ་ལྟར་སྤྱད་ན་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་འགྲུབ་པ་ཡིན་ནོ།།

༣༡༡ རང་ཕུང་རང་གིས་བསྒྲུབ་པའི་ཆོས་དྲུག་བསྟན་པ།

རང་ཕུང་རང་གིས་བསྒྲུབ་པའི་ཆོས་དྲུག་ནི།།

བྱམས་པས་སྨྲ་བའི་གདམས་ངག་མི་ཉན་ཏེ།།

རུས་སྦལ་ཁ་ནས་ཤིང་ཤོར་འདྲ་བས་ཕུང༌།།

ལས་ངན་བྱས་ནས་སྐྱིད་པར་འདོད་པ་དེ།།

ཁོང་དུ་དུག་ཟོས་བདེ་བར་འདོད་འདྲས་ཕུང༌།།

བླ་མ་བོར་ནས་སྡིག་གྲོགས་བསྟེན་པ་དེ།།

སྐྱེལ་མ་བཞག་ནས་དགྲ་གསེབ་ཕྱིན་འདྲས་ཕུང༌།།

ལྷ་ཆོས་བབས་ནས་མི་ཆོས་སྤྱོད་པ་དེ།།

རྒྱལ་སྲིད་བབས་ནས་ཕྱུགས་རྟ་འཚོ་འདྲས་ཕུང༌།།

དེ་ལྟར་མ་སོང་ཤིན་ཏུ་གཅེས་པ་ཡིན།།

ཞེས་གསུངས་པ་སྟེ། རང་ཕུང་རང་གིས་བསྒྲུབ་པའི་ཆོས་དྲུག་ནི། གཞན་གྱིས་བྱམས་པ་དང་བརྩེ་བའི་ངག་གིས་སྨྲས་པའི་ཕན་པའི་གདམས་ངག་བཤད་ན་དེ་ལ་མི་ཉན་ཏེ། ཕན་པའི་གདམས་ངག་ལ་མ་ཉན་ན། རུས་སྦལ་གྱི་ཁ་ནས་ཤིང་ཤོར་ནས་ཕུང་བ་དང་འདྲ་སྟེ། དེ་ཡང་བྱ་ངང་བ་གཉིས་ཀྱི་ཤིང་ཐུར་ཞིག་བཟུང་ནས་འཕུར་གྲབས་བྱེད་དུས་རུས་སྦལ་ཞིག་གིས་ངས་ཁ་ཡིས་བཟུང་ནས་འུ་ཚོ་མཉམ་དུ་འཕུར་ཟེར་བ་ལ། ངང་པ་གཉིས་ཀྱིས་ཁྱོད་ཀྱི་ཁ་ནས་གཏམ་མ་སྨྲ་མ་གཏོགས་ཕུང་བར་འགྱུར་རོ་ཟེར་ནས་ཁ་ཏ་བྱས་ཏེ། ཁོ་ཚོ་མཉམ་དུ་འཕུར་ནས་ཡོང་དུས་ས་སྟེང་གི་མི་འགའ་ཞིག་གིས་རིག་ནས། ཅི་འདྲའི་བློ་ཐབས་མཁས་པ་ཨང་སུ་ཞིག་གིས་དྲན་པ་ལ་ཟེར་ནས་འུར་སྒྲོག་པའི་ཚེ། རུས་སྦལ་གྱིས་ངང་པའི་ཁ་ལ་མ་ཉན་པར་ངས་དྲན་པ་ཡིན་ཟེར་དུས་ཁ་ཡི་ཤིང་ཤོར་ནས་ལྷུང་སོང་བ་ཡིན། ལས་ངན་མི་དགེ་བ་བསགས་པར་བྱས་ནས་ད་རུང་སྐྱིད་པར་འདོད་པ་དེ་ནི་ཁོང་དུ་དུག་ཟོས་ནས་ད་དུང་བདེ་བར་འདོད་པ་དང་འདྲ་བས་ཕུང་བ་ཡིན་པ་དང་། བླ་མ་དམ་པར་བསྟེན་པ་དེ་བོར་ནས་སྡིག་གྲོགས་བསྟེན་པ་དེ། སྐྱེལ་མ་བཞག་ནས་དགྲ་དམག་གི་གསེབ་ལ་ཕྱིན་པ་འདྲ་བར་ཕུང་བ་དང་། ལྷ་ཆོས་སྒྲུབ་པ་ལས་བབས་ནས་མི་ཆོས་ཀྱི་དགྲ་འདུལ་གཉེན་སྐྱོང་ལ་སྤྱོད་པ་དེ། རྒྱལ་སྲིད་ཀྱི་ཐོག་ནས་མར་ལ་བབས་ནས་ནོར་ཕྱུགས་དང་ནི་རྟ་འཚོ་བར་བྱེད་པ་རྒྱལ་པོ་མ་བྱས་པར་རྟ་རྫི་བྱས་པ་དང་འདྲ་བས་ཕུང་བ་སྟེ། དེ་ལྟ་བུ་རྣམས་སུ་མ་སོང་བ་ཤིན་ཏུ་གཅེས་པ་ཡིན་ནོ།།

༣༡༢ མ་སོང་དྲུག་གིས་རང་གྲོས་བཏབ་པ་བསྟན་པ།

མ་སོང་དྲུག་གིས་རང་གྲོས་བཏབ་པ་ནི།།

གྲོང་བར་མ་སོང་རི་ཁྲོད་དབེན་པ་བསྟེན།།

གདོལ་ཆོས་མ་སོང་སྒོ་གསུམ་ཞི་དུལ་ལྡན།།

བློ་རྒོད་མ་སོང་བློ་སྣ་ཆོས་ལ་ཁུག།

ཁྲེལ་མེད་མ་སོང་ཁས་བླངས་དམ་བཅའ་བསྒྲུབ།།

དམ་མེད་མ་སོང་བླ་མ་མཆེད་གྲོགས་བཀུར།།

སྡུག་འཁུམས་མ་སོང་ཡངས་པ་ཁྲོལ་ལེ་བ།།

བློ་བདེའི་མལ་དུ་ཉལ་བ་ཤིན་ཏུ་གཅེས།།

ཞེས་གསུངས་པ་སྟེ། ལས་དང་པོ་བ་རྣམས་ལ་གནད་ཆེ་བའི་མ་སོང་དྲུག་གམ་མི་འགྲོ་བར་བྱ་བ་དྲུག་གིས་རང་གྲོས་རང་ལ་བཏབ་པ་ནི། ཆོས་ཡང་དག་པར་འགྲུབ་པའི་ཆེད་དུ་གྲོང་བར་མ་སོང་བའམ་མི་འགྲོ་བར་རི་ཁྲོད་དབེན་པ་བསྟེན་པ་དང་། གདོལ་སྤྱོད་མཁན་གྱི་ཆོས་སུ་མ་སོང་བར་སྒོ་གསུམ་ཞི་དུལ་དང་ལྡན་པར་དགོས་པ་དང་། བློ་རྒོད་དྲན་བསམ་མང་པོ་ཅན་དུ་མ་སོང་བར་བློ་སྣ་ཆོས་ལ་ཁུག་པར་བྱས་ནས་སྒྲུབ་པར་བྱེད་པ་དང་། ཁྲེལ་མེད་དུ་མ་སོང་བར་ཁས་བླངས་དམ་བཅའ་ཚུལ་བཞིན་དུ་བསྒྲུབ་པ་དང་། དམ་ཚིག་འགལ་ཉམས་རལ་གྱིས་མེད་པར་མ་སོང་བར་བླ་མ་མཆེད་གྲོགས་ལ་བཀུར་བ་དང་། སྒོམ་པ་པ་ནི་ངེས་ཤེས་ནང་ནས་འཁྲུངས་ཁོ་ཐག་གདིང་ནས་ཆོད་པ་ཞིག་དགོས་པས་སྡུག་འཁུམས་ཏེ་རང་གར་སྡུག་སྒུར་བྱེད་པ་རུ་མ་སོང་བར་གནས་ལུགས་མ་བཅོས་པའི་ངང་དུ་རང་ཤར་ཡངས་པ་ཁྲོལ་ལེ་བར་བློ་བདེའི་མལ་དུ་ལུས་སེམས་ཁོང་གློད་ནས་མི་ཡེངས་མི་སྒོམ་གྱི་ངང་ལ་ཉལ་བ་ཤིན་ཏུ་གཅེས་སོ།།

༣༡༣ ཕངས་པ་དྲུག་གིས་ལེགས་པར་བསམ་པ་བསྟན་པ།

ཕངས་པ་དྲུག་གིས་ལེགས་པར་བསམ་པ་ནི།།

ཕ་རྒན་དྲིན་ཅན་བླ་མ་བཀའ་དྲིན་ཅན།།

བརྗེད་དུ་ཕངས་པས་བསྙེན་བཀུར་གསོལ་བ་ཐོབ།།

མ་རྒན་དྲིན་ཅན་འགྲོ་དྲུག་སེམས་ཅན་རྣམས།།

སྡུག་ཏུ་ཕངས་པས་བདེ་ཆེན་ལམ་སྣ་དྲོངས།།

རང་ཉིད་དལ་འབྱོར་རྙེད་དཀའི་སྒོ་གསུམ་འདི།།

དལ་དུ་ཕངས་པས་གཞན་དོན་དགེ་ལ་བཀོལ།།

གྲོགས་མཆོག་རྣམས་དང་དངོས་གྲུབ་ཡི་དམ་ལྷ།།

འབྲལ་དུ་ཕངས་པས་རྟག་ཏུ་གུས་པས་འགྲོགས།།

བུ་མཆོག་རང་བྱུང་ཁྱེའུ་ཆུང་མཛེས་པ་འདི།།

འཁྲུལ་དུ་ཕངས་པས་ཆོས་ཉིད་བཙན་ས་ཟུངས།།

ཕ་ནོར་སེམས་ཉིད་ནོར་བུ་རིན་ཆེན་འདི།།

ཤོར་དུ་ཕངས་པས་མ་ཡེངས་གཅེས་སྤྲས་ཀྱིས།།

གཏན་སྲིད་འཛིན་ན་གདམས་པ་དེ་དྲུག་གཅེས།།

ཞེས་གསུངས་པ་སྟེ། ཕངས་པའམ་གྱོང་ཆེན་པོ་དྲུག་གིས་ལེགས་པར་བསམ་པ་ནི། ཚེ་འདིའི་ལུས་སྲོག་བསྐྱེད་པའི་ཕ་ལས་ཀྱང་ལྷག་པའི་ཆོས་སྲོག་བསྐྱེད་པའི་ཕ་རྒན་དྲིན་ཅན་བླ་མ་བཀའ་དྲིན་ཅན་དེ་ནི། བརྗེད་དུ་ཕངས་པའམ་བརྗེད་མི་བྲ་བས་ན་ཞལ་བཞུགས་ཚེ་བསྙེན་བཀུར་བྱོས་གསོལ་བ་ཐོབ་ཅེས་གསུངས་པ་སྟེ། དེ་ཡང་བླ་མ་ཞལ་བཞུགས་ཚེ་དེ་ལ་བསྙེན་བཀུར་དང་གསོལ་འདེབས་བྱེད་དགོས་ཀྱང་། གཙོ་བོ་ངོ་ལྐོག་དང་འདས་བཞུགས་མེད་པར་སེམས་ཅན་གྱི་དོན་བྱེད་པ་ནི་བླ་མའི་ཞབས་ཏོག་རྣམ་གསུམ་གྱི་ནང་ནས་མཆོག་ཡིན་ནོ། །ཚེ་འདིའི་སྐྱེ་བ་གཅིག་གིས་མི་ཚད་པར་སྐྱེ་ལུས་གྲངས་མེད་མང་པོར་ལུས་བསྐྱེད་པའི་མ་རྒན་དྲིན་ཅན་འགྲོ་དྲུག་གི་སེམས་ཅན་རྣམས། སྡུག་ཏུ་ཕངས་པས་ཤ་ཚ་དང་སྙིང་རྗེའི་སྒོ་ནས་དམ་པའི་ཆོས་ལ་བརྟེན་ཏེ་བདེ་ཆེན་ལམ་སྣ་ལ་འདྲོང་ནུས་པ་ཡང་། མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། །ཞེས་པ་ལྟར་དུ་སངས་རྒྱས་ཀྱི་མཚན་སེམས་ཅན་རྣམས་ཀྱི་རྣ་ལམ་དུ་ལན་གཅིག་བསྒྲགས་ཀྱང་ངན་སོང་གི་གནས་ལས་དྲངས་ནས་བདེ་ཆེན་གྱི་ས་ལ་རིམ་གྱིས་འགོད་པ་ཡིན་ཏེ། སངས་རྒྱས་ཀྱི་ཐུགས་བསྐྱེད་དང་སྨོན་ལམ་ལ་བསླུ་བ་མི་སྲིད་པའི་ཕྱིར། གཞན་ཡང་དགེ་སྡིག་བླང་དོར་གྱི་དམིགས་ཕྱེས་ནས་སྲོག་བཅད་ན་དམྱལ་བར་སྐྱེ་བ་དང་། སྲོག་སྐྱོབ་བྱས་ན་མཐོ་རིས་ཐོབ་པ་ལྟ་བུའི་རྒྱུ་དགེ་སྡིག་གི་ལས་བསགས་ན་འབྲས་བུ་བདེ་སྡུག་སྨིན་ཚུལ་རྣམས་གཞན་ཕ་རོལ་པོས་ཤེས་པར་བྱས་ན་བདེ་ཆེན་གྱི་ལམ་སྣ་ལ་དྲངས་པ་ཡིན་པས། རང་སོ་སོ་སྐྱེ་བོ་ཡིན་ཡང་གཞན་བདེ་ཆེན་ཐར་བའི་ལམ་སྣ་ལ་འདྲེན་ལུགས་དེ་ལྟར་ཡོད་པ་ཡིན་ནོ། །རང་ཉིད་རྙེད་དཀའི་དལ་འབྱོར་ཚང་བའི་སྒོ་གསུམ་གྱི་རྟེན་རིན་ཐང་ཅན་འདི་ཐོབ་ནས་ཡོད་དུས་འདིར། རང་གར་སོས་དལ་ཚེ་འདི་ཡེངས་མ་ལམ་གྱི་ངང་དུ་འཛད་དུ་འཇུག་པ་ནི་ཤིན་ཏུ་ཕངས་པས། ཐེག་ཆེན་ཆོས་ཀྱི་སྙིང་པོ་གཞན་དོན་དགེ་ལ་བཀོལ་སྟེ་སྒྲུབས་ཤིག གྲོགས་མཆོག་ཆོས་ཀྱི་མཆེད་པོ་དག་དང་དངོས་གྲུབ་ཀྱི་རྩ་བ་ཡི་དམ་གྱི་ལྷ་རྣམས་དང་འབྲལ་དུ་ཕངས་པས་རྟག་ཏུ་གུས་པ་ཆེན་པོས་འགྲོགས་པ་དང་། བུ་མཆོག་ཏུ་གྱུར་བ་རང་བྱུང་གི་རིག་པའི་ཁྱེའུ་ཆུང་མཛེས་པ་འདི་རང་ངོ་མ་ཤེས་ནས། འཁྲུལ་དུ་ཕངས་པས་ན་ཆོས་ཉིད་རང་གནས་ཀྱི་བཙན་ས་ཟུངས། ཕ་ནོར་སེམས་ཉིད་ཆོས་དབྱིངས་སྐྱེ་བ་མེད་པའི་ནོར་བུ་རིན་ཆེན་ལྟ་བུ་འདི། དབུལ་པོའི་ལག་ནས་ནོར་བུ་ཤོར་བ་དང་འདྲ་བར་ནོར་ངོ་མ་ཤེས་པར་ཤོར་དུ་ཕངས་པས་ན་མ་ཡེངས་པའི་སྒོ་ནས་གཅེས་སྤྲས་བྱེད་པ་སྟེ། གཏན་གྱི་རྒྱལ་སྲིད་འཛིན་ན་གདམས་པ་དེ་དྲུག་མཆོག་ཏུ་གཅེས་སོ།།

༣༡༤ ཆོས་མཐར་མ་ཕྱིན་ཉེས་པ་རྣམ་དྲུག་བསྟན་པ།

ཆོས་མཐར་མ་ཕྱིན་ཉེས་པ་རྣམ་དྲུག་ནི།།

སྲིད་པར་སྐྱེ་བའི་སྡུག་བསྔལ་མི་འདོད་ཀྱང༌།།

ཆུ་འབུར་སས་མི་ནོན་པ་ལྟ་བུ་འབྱུང༌།།

རྒས་ཤིང་འཁོགས་པའི་སྡུག་བསྔལ་མི་འདོད་ཀྱང༌།།

མེ་ཏོག་སད་ཀྱིས་རྙིང་བ་བཞིན་དུ་འོང༌།།

ན་བའི་སྡུག་བསྔལ་དྲག་པོ་མི་འདོད་ཀྱང༌།།

གསེར་མིག་ཉ་མོ་བྱེ་ཚན་བསྒྲེས་བཞིན་འོང༌།།

རང་གཞན་འབྲལ་བའི་སྡུག་བསྔལ་མི་འདོད་ཀྱང༌།།

རྔ་མོ་རང་གི་བུ་སྟོར་བཞིན་དུ་འོང༌།།

དགྲ་འདྲེས་གནོད་པའི་སྡུག་བསྔལ་མི་འདོད་ཀྱང༌།།

བྱེའུ་ཆུང་ཁྲ་ཡིས་འདེད་པ་ལྟ་བུ་འོང༌།།

འཆི་བའི་སྡུག་བསྔལ་དྲག་པོ་མི་འདོད་ཀྱང༌།།

མར་མེ་རླུང་གིས་བཏབ་བཞིན་འོང་བ་སྟེ།།

འདི་དག་བསམས་ནས་ཆོས་ལ་བརྩོན་པར་མཛོད།།

ཅེས་གསུངས་པ་སྟེ། ཆོས་མཐར་མ་ཕྱིན་ན་ཉེས་པ་རྣམ་པ་དྲུག་འབྱུང་བ་ནི། སྲིད་པ་ཁམས་གསུམ་འཁོར་བའི་གནས་འདིར་སྐྱེ་བའི་སྡུག་བསྔལ་ནི་སུ་ཞིག་གིས་འདོད་པ་མིན་ཡང་། ཆུ་འབུར་བ་སས་མནན་ཡང་མི་ནོན་པ་བཞིན་དུ་ལས་སྔར་བསགས་ཀྱི་འབྲས་བུ་ལྡོག་ཏུ་མེད་པར་འབྱུང་བ་དང་། རྒས་ཤིང་འཁོགས་པའི་སྡུག་བསྔལ་མགོ་སེ་བོ་རུ་གྱུར་པ་དང་། སོ་ལྷུང་བ་དང་། ལུས་ཀྱི་མདངས་ཤོར་བ་དང་། སེམས་ཀྱི་སྟོབས་ཞན་པ་དེ་དག་སུས་ཀྱང་མི་འདོད་ཀྱང༌། མེ་ཏོག་གསར་བ་སད་ཀྱིས་ཁྱེར་ནས་རྙིང་སོང་བ་བཞིན་དུ་འོང་བ་དང་། དེ་བཞིན་དུ་རྒ་བས་མི་ཚད་ན་བའི་སྡུག་བསྔལ་དྲག་པོ་རླུང་མཁྲིས་བད་ཀན་ལ་སོགས་པ་མི་འདོད་ཀྱང༌། སྔོན་ལས་ལྡོག་མེད་ཀྱི་དབང་གིས་གསེར་མིག་ཉ་མོ་བྱེ་ཚན་ལ་བསྒྲེས་པ་བཞིན་དུ་འོང་བ་དང་། ཕ་མ་སྤུན་སྲིང་ལ་སོགས་པ་རང་གཞན་འབྲལ་བའི་སྡུག་བསྔལ་འདི་གཅིག་སེམས་གཅིག་ལ་ཡོད་པ་ཞིག་གིས་མི་འདོད་ཀྱང༌། རྔ་མོ་ནི་སེམས་ཅན་རང་གི་བུ་ལ་ལྷག་པར་གཅེས་པ་ཞིག་ཡིན་པའི་དབང་གིས་དེའི་བུ་སྟོར་བའི་སྐབས་སུ་སྡུག་བསྔལ་དོས་དྲག་ལ་ཡུན་རིང་བར་མྱོང་བ་བཞིན་དུ་འོང་བ་དང་། དགྲ་དང་འདྲེས་གནོད་པའི་སྡུག་བསྔལ་མི་འདོད་རྐྱེན་ངན་ཐོག་བབས་ནི་སུས་ཀྱང་མི་འདོད་ཀྱང༌། ལས་ཀྱི་ལན་ཆགས་འཁོར་བའི་དུས་སུ་བྱེའུ་ཆུང་ཁྲ་ཡིས་འདེད་པ་ལྟ་བུ་རུ་འོང༌བ་དང་། འཆི་བའི་སྡུག་བསྔལ་དྲག་པོ་དེ་སུས་ཀྱང་མི་འདོད་ཀྱང༌། སྲོག་གཅོད་འཆི་བདག་གི་གཤེད་མ་དེས་འཆི་ཁའི་དབུགས་བསྡུས་ནས་མར་མེ་རླུང་གིས་བཏབ་བཞིན་དུ་འོང་བ་སྟེ། འདི་དག་གི་ཚུལ་ལ་ལེགས་པར་བསམས་ནས་ཆོས་ལ་བརྩོན་པར་མཛོད་ཅིག

༣༡༥ འདོད་ཀྱང་མི་འོང་གདམས་པ་རྣམས་དྲུག་བསྟན་པ།

འདོད་ཀྱང་མི་འོང་གདམས་པ་རྣམ་དྲུག་ནི།།

བཟའ་ཚང་ཉེ་འབྲེལ་འདི་དང་དུས་རྟག་ཏུ༌།།

མི་འབྲལ་འགྲོགས་པར་འདོད་ཀྱང་འབྲལ་བར་ངེས།།

བཟང་པོའི་གནས་མལ་འདི་རུ་དུས་རྟག་ཏུ།།

མི་འབྲལ་འདུག་པར་འདོད་ཀྱང་འགྲོ་བར་ངེས།།

བདེ་སྐྱིད་ལོངས་སྤྱོད་འདི་དང་དུས་རྟག་ཏུ།།

མི་འབྲལ་སྤྱོད་པར་འདོད་ཀྱང་འབོར་བར་ངེས།།

དལ་འབྱོར་མི་ལུས་མཆོག་འདི་དུས་རྟག་ཏུ།།

མི་འབྲལ་རྟག་པར་འདོད་ཀྱང་འཆི་བར་ངེས།།

བཟང་པོའི་བླ་མ་འདི་དང་དུས་རྟག་ཏུ།།

མི་འབྲལ་ཆོས་ཉན་འདོད་ཀྱང་འབྲལ་བར་ངེས།།

དམ་པའི་གྲོགས་བཟང་རྣམས་དང་དུས་རྟག་ཏུ།།

མི་འབྲལ་འགྲོགས་པར་འདོད་ཀྱང་འབྲལ་ངེས་པས།།

དེ་རིང་ཉིད་ནས་བརྩོན་པའི་གོ་བགོས་ཏེ།།

འབྲལ་མེད་བདེ་ཆེན་གླིང་དུ་བགྲོད་རེ་རན།།

སྐྱོ་ཤས་གཏིང་ནས་སྐྱེ་བའི་གྲོགས་རྣམས་ལ།།

ཆོས་མེད་སྤྲང་པོ་བདག་གིས་དེ་སྐད་བསྐུལ།།

ཞེས་གསུངས་པ་སྟེ། འདོད་ཀྱང་མི་འོང་གདམས་པ་རྣམ་དྲུག་ནི། ཁྱིམ་བཟའ་ཚང་གཉེན་ཉེ་འབྲེལ་འདི་དག་དང་དུས་རྟག་ཏུ་མི་འབྲལ་བར་འགྲོགས་པར་འདོད་ཀྱང་། འདུག་དབང་མེད་པར་འབྲལ་བར་ངེས་པ་དང་། རང་རང་སོ་སོའི་འདུག་གནས་བཟང་པོའི་གནས་མལ་འདི་རུ་ཞེན་པའི་དབང་གིས་དུས་རྟག་ཏུ། མི་འབྲལ་འདུག་པར་འདོད་ཀྱང་འདུག་དབང་མེད་པར་འགྲོ་བར་ངེས་པ་དང་། ཚེ་འདིའི་མི་ཡུལ་གྱི་བདེ་སྐྱིད་ལོངས་སྤྱོད་འདི་དང་དུས་རྟག་ཏུ་མི་འབྲལ་བར་སྤྱོད་པར་འདོད་ཀྱང་སྤྱོད་དབང་མེད་པར་འབོར་བར་ངེས་པ་དང་། དལ་འབྱོར་ཚང་བའི་མིའི་ལུས་རྟེན་མཆོག་འདི་མི་འབྲལ་རྟག་པར་འདོད་ཀྱང་། དེ་ལྟར་མིན་པར་ནམ་ཞིག་འཆི་བར་ངེས་པ་དང་། མཚན་ལྡན་ལས་ཀྱིས་འབྲེལ་བའི་བཟང་པོའི་བླ་མ་འདི་དང་དུས་རྟག་ཏུ། མི་འབྲལ་བར་འདི་ལྟར་དུ་ཆོས་ཉན་པར་འདོད་ཀྱང་འབྲལ་བར་ངེས་པ་ཡིན་པ་སྟེ། དེ་ཡང་བླ་མའི་ཐུགས་ཡེ་ཤེས་ཆེན་པོ་གནས་ལུགས་དོན་གྱི་བླ་མ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་ཆེན་པོ་དང་གཉིས་སུ་མེད་པ་དེ་ཉིད་ཀྱི་ངོ་ཤེས་ནས། རང་སེམས་དང་གཉིས་མེད་དུ་བསྒོམས་ན་འབྲལ་བ་མེད་ཀྱང་དེ་མ་ཤེས་ན་མཚོན་བྱེད་དཔེ་ཡི་བླ་མ་གཟུགས་སྐུའི་བཀོད་པ་འདི་དང་འབྲལ་བར་ངེས་པ་ཡིན་ཞེས་བསྟན་པའོ། །དམ་པའི་གྲོགས་བཟང་ཡ་རབས་ཆོས་ཀྱི་མཆེད་པོ་རྣམས་དང་དུས་རྟག་ཏུ་མི་འབྲལ་བར་འགྲོགས་པར་འདོད་ཀྱང་། དེ་ཡང་འགྲོགས་དབང་མེད་པར་འབྲལ་ངེས་པར་ཅན་ཡིན་པས། མཐའ་བཞིའི་བསྡུས་པའི་འཇིག་རྟེན་གྱི་ཆོས་ལ་སྐྱོ་བ་བསྐྱེད་ནས་ཕྱི་བཤོལ་མེད་པར་དེ་རིང་ཉིད་ནས་བརྩོན་པའི་གོ་ཆ་ལེ་ལོས་མི་བརྫི་བ་ཞིག་བགོས་ཏེ། འབྲལ་བའི་སྡུག་བསྔལ་མེད་པའི་འབྲལ་མེད་བདེ་ཆེན་གྱི་གླིང་དུ་བགྲོད་རེ་རན་པ་ཡིན་ནོ་ཞེས་སྐྱོ་ཤས་གཏིང་ནས་སྐྱེ་བའི་མ་མཐོང་ཕྱི་རབས་ཀྱི་གྲོགས་པོ་རྣམས་ལ། ཆོས་མེད་སྤྲང་པོ་ཀུན་མཁྱེན་བླ་མ་བདག་གིས་དེ་སྐད་དུ་བསྐུལ་བའོ།།

༣༡༦ མི་འདོད་ངང་གིས་འོང་བའི་ཆོས་དྲུག་བསྟན་པ།

མི་འདོད་ངང་གིས་འོང་བའི་ཆོས་དྲུག་ནི།།

འཁོར་བའི་ཆོས་ལ་དགོས་མེད་རྒྱབ་ཏུ་བོར།།

མྱང་འདས་བདེ་བ་མི་འདོད་ངང་གིས་འོང༌།།

དཀར་པོའི་ཆོས་ལ་དད་བརྩོན་ཕྱོགས་མེད་གྱིས།།

བདེ་སྐྱིད་དམ་ཆོས་མི་འདོད་ངང་གིས་འོང༌།།

ཅི་སྤྱོད་བླ་མ་དམ་པའི་གསུང་བཞིན་སྒྲུབས།།

ཟབ་མོའི་གདམས་པ་མི་འདོད་ངང་གིས་འོང༌།།

ཚད་མེད་བཞི་ལ་རང་གི་སེམས་སྦྱོངས་དང༌།།

གཞན་དོན་འགྲོ་དོན་མི་འདོད་ངང་གིས་འོང༌།།

འདོད་བློ་བོར་ལ་ཅི་ཡོད་ཚོགས་སུ་ཐོངས།།

ལོངས་སྤྱོད་འབྱོར་པ་མི་འདོད་ངང་གིས་འོང༌།།

སངས་རྒྱས་དགོངས་པ་འདུ་འབྲལ་མེད་པ་སྒོམས།།

འཁྲུལ་སྣང་བདག་འཛིན་ངང་གིས་སྟོངས་པར་འོང༌།།

གཞུང་བཞིན་བསྒྲུབས་ན་དེ་ལྟར་འོང་བར་ངེས།།

ཞེས་གསུངས་པ་སྟེ། མི་འདོད་ཀྱང་ངང་གིས་འོང་བར་བྱེད་པའི་ཆོས་དྲུག་ནི། འཁོར་བའི་ཆོས་ལ་ཞེན་པ་མི་བྱེད་པར་དགོས་མེད་དུ་བལྟས་ནས་རྒྱབ་ཏུ་བོར་དང་། སྡུག་བསྔལ་དང་བྲལ་བའི་མྱང་འདས་ཀྱི་བདེ་བ་དེ་མི་འདོད་ངང་གིས་འོང༌བ་དང་། དཀར་པོ་དགེ་བའི་ཆོས་ལ་དད་པ་དང་བརྩོན་འགྲུས་ཕྱོགས་མེད་གྱིས་དང་། བདེ་སྐྱིད་ཀྱི་གཞི་མ་དམ་ཆོས་མི་འདོད་ཀྱང་རང་རྒྱུད་ལ་ངང་གིས་འོང༌བ་དང་། ལས་བྱ་བ་ཅི་སྤྱོད་ཅི་སྒྲུབ་ཐམས་ཅད་བླ་མ་དམ་པའི་གསུང་བཞིན་སྒྲུབས་དང་། ཟབ་མོའི་གདམས་པ་མི་འདོད་ཀྱང་རང་ཤུགས་ངང་གིས་འོང༌བ་སྟེ། དེ་ཡང་བླ་མ་དམ་པ་ཡིན་པས་གསུང་ལས་དམ་ཆོས་དང་གདམས་ངག་མིན་པ་ཞིག་འབྱུང་དོན་མེད་ལ། གསུང་བཞིན་བསྒྲུབས་ཀྱང་ཆོས་དང་མི་མཐུན་པ་ནི་དམ་པ་མིན་པའི་རྟགས་སོ། །ཐེག་པ་ཆེན་པོ་ལ་ཉམས་ལེན་བྱེད་མཁན་ཡིན་ན་མ་སྦྱངས་ཐབས་མེད་ཀྱི་བྱམས་དང་སྙིང་རྗེ་དགའ་བ་བཏང་སྙོམས་ཏེ་ཚད་མེད་བཞི་ལ་རང་གི་སེམས་སྦྱོངས་དང༌། བློ་དེ་འབྱོངས་དུས་གཞན་དོན་འགྲོ་དོན་མི་འདོད་ཀྱང་རང་བཞིན་ངང་གིས་འགྲུབ་འོང༌བ་དང་། འདོད་ཞེན་དང་རྒྱུ་རྔམ་རྣམས་བོར་ལ་ཅི་ཡོད་ཀྱིས་ཚོགས་ཀྱི་འཁོར་ལོ་བསྐོར་བ་དང་། བསོད་ནམས་བསགས་པའི་བསྟན་རྩ་ལ་ཐོངས་དང་། ལོངས་སྤྱོད་འབྱོར་པ་མི་འདོད་བཞིན་དུ་ངང་གིས་འོང༌བ་ཡིན་ཏེ། ནོར་ལོངས་སྤྱོད་ནི་འབད་པ་རྐྱང་བས་འབྱུང་བ་མིན་པར་བསོད་ནམས་བསགས་ན་འབྱུང་བ་ཡིན་པའི་ཕྱིར། འོ་ན་ཆོས་མེད་ནོར་ཅན་རྣམས་ཇི་ལྟར་ཡིན་ཞེ་ན། དེ་དག་ནི་སྔོན་བསགས་ཀྱི་བསོད་ནམས་ཡོད་པའི་དབང་གིས་སོ། །སངས་རྒྱས་ཀྱི་དགོངས་པ་དང་རང་སེམས་འདུ་འབྲལ་མེད་པའི་ཆོས་ཉིད་སྐྱེ་བ་མེད་པའི་དོན་སྒོམས་དང་། འཁྲུལ་སྣང་བདག་འཛིན་ངང་གིས་སྟོངས་པའི་མྱ་ངན་ལས་འདའ་འོང་བ་སྟེ། དེ་ལྟར་རང་རང་སོ་སོའི་གཞུང་བཞིན་དུ་བསྒྲུབས་ན་དེ་ལྟར་དུ་འོང་བར་ངེས་སོ།།

༣༡༧ དགོས་པའི་ཆོས་དྲུག་ལེགས་པར་བསམ་པ་བསྟན་པ།

དགོས་པའི་ཆོས་དྲུག་ལེགས་པར་བསམ་པ་ནི།།

འཁོར་བའི་འཁྲུལ་སྣང་འདི་ལ་སྐྱུག་ལོག་པ།།

རོ་མྱགས་འདམ་མཐོང་ལྟ་བུའི་ཞེན་ལོག་དགོས།།

མི་དགེ་ལས་ངན་རྣམས་ལ་འཛེམ་པ་ནི།།

བག་མ་ཡོང་མ་ཐག་འདྲ་བག་ཡོད་དགོས།།

ཆོས་མིན་ལས་ལ་འགྱོད་པའི་བློ་སྐྱེས་པས།།

སྐྱེས་བུས་དུག་འཐུངས་སྡུག་བསྔལ་དྲན་འདྲ་དགོས།།

ཉོན་མོངས་སྤང་བྱ་ཟིལ་གྱིས་གནོན་ནུས་པ།།

རི་དྭགས་རྒྱལ་པོ་འདྲ་བའི་གཉེན་པོ་དགོས།།

རྣམ་རྟོག་ཅི་སྐྱེས་རང་སར་གྲོལ་ནུས་པ།།

ལན་ཚྭ་ཆུ་ཐིགས་འདྲ་བའི་ཐུག་ཕྲད་དགོས།།

ཆོས་དང་ཆོས་མིན་ལེགས་པར་འབྱེད་ཤེས་པ།།

ངང་པའི་མཆུ་དང་འདྲ་བའི་ཤེས་རབ་དགོས།།

དེ་དྲུག་ལྡན་ན་དམ་ཆོས་ཀུན་དང་མཐུན།།

ཞེས་གསུངས་པ་སྟེ། དགོས་པའི་ཆོས་དྲུག་ལེགས་པར་བསམ་པ་ནི། འཁོར་བའི་འཁྲུལ་སྣང་འདི་དག་མཐོང་ཚེ་མ་ཆགས་པར་སྐྱུག་ལོག་པ་ནི། རོ་མྱགས་ཀྱི་འདམ་མཐོང་བ་ལྟ་བུའི་ཞེན་ལོག་དགོས་པ་དང་། མི་དགེ་བའི་སྡིག་ལས་ངན་པ་རྣམས་ལ་འཛེམ་པར་བྱ་བ་དེ་ནི། བག་མ་གསར་བ་ཁྱིམ་རྒྱུས་མེད་ལ་ཡོང་མ་ཐག་པ་དང་འདྲ་བར་གཟོབ་པ་ལྷུར་བླངས་ནས་བག་ཡོད་པར་བྱ་དགོས་པ་དང་། ཆོས་མིན་གྱི་ལས་བྱས་པ་ལ་འགྱོད་པའི་བློ་སྐྱེས་པས། སྐྱེས་བུས་དུག་འཐུངས་པའི་སྡུག་བསྔལ་མྱོང་བ་རྗེས་སུ་དྲན་ཚེ་སྔར་མ་ཤེས་པའི་དབང་གིས་འཐུངས་པ་ལ་འགྱོད་པ་དང་། ཕྱིས་སུ་ཅི་ལ་བབས་ཀྱང་མི་འཐུང་སྙམ་པ་དང་འདྲ་བར་འགྱོད་སྡོམ་དགོས་པ་སྟེ། འགྱོད་པ་ཡོད་ན་ལས་རྣམས་མ་ངེས་པར་འགྱུར་བ་གསུངས་པའི་ཕྱིར། ཉོན་མོངས་དང་ཉེ་བའི་ཉོན་མོངས་ཀྱི་སྤང་བྱ་དེ་དག་ཐམས་ཅད་གཉེན་པོས་ཟིལ་གྱིས་གནོན་ནས་དྲུངས་ནས་འབྱིན་ནུས་པ། དཔེར་ན་རི་དྭགས་ཀྱི་རྒྱལ་པོ་སེངྒེས་སྡེར་ཆགས་ཐམས་ཅད་ཟིལ་གྱིས་གནོན་ནས་ཚར་བཅད་པ་དང་འདྲ་བ་ཞིག་དགོས་པ་དང་། རྣམ་རྟོག་བཟང་ངན་ཅི་ཞིག་སྐྱེས་ཀྱང་རང་སར་གྲོལ་ནུས་པ། ལན་ཚྭ་ཆུ་ལ་ཐིགས་མ་ཐག་ཏུ་ཞུ་ནས་ཆུ་རུ་འགྲོ་བ་དང་འདྲ་བར། རྣམ་རྟོག་ལྟ་བས་རྩིས་ཟིན་ནས་ཐུག་ཕྲད་ཀྱི་གྲོལ་བ་ཞིག་དགོས་པ་དང་། ཆོས་དང་ཆོས་མིན་པ་ལེགས་པར་འབྱེད་ཤེས་པ་དེ། ངང་པའི་མཆུ་ཡིས་ཆུ་དང་འོ་མ་སོ་སོར་ཕྱེས་ནས་ལེན་ཤེས་པ་དང་འདྲ་བའི་ཤེས་རབ་ཞིག་དགོས་པ་སྟེ། དེ་ལྟ་བུའི་དགོས་པ་དྲུག་དང་ལྡན་ན་དམ་ཆོས་ཀུན་དང་མཐུན་པ་ཡིན་ནོ། །དེ་རིང་མཚམས་འདིར་འཇོག་རྒྱུ་བྱེད། ད་དུས་ཚོད་ཟེར་བ་ནི་ཤིན་ཏུ་མྱུར་མགྱོགས་ཀྱིས་འགྲོ་བ་མིག་འབྱེད་འཛུམ་ཙམ་གྱིས་ཀྱང་ཕྱིར་འོང་མེད་པའི་ས་ལ་འདས་པས། རང་རེས་མན་ངག་མཛོད་ཀྱི་ཆོས་ཁྲིད་འདི་ཁ་སང་ཁས་ཉིན་ཞིག་ལ་བཤད་པ་ཡིན་སྙམ་པའི་ངང་ནས་ཟླ་ཕྱེད་ཀྱི་དུས་ལ་ཉེ་ཞིང་། ཆོས་ཁྲིད་ཀྱི་མཇུག་ཀྱང་རྫོགས་ལ་ཉེ་བཞིན་ཡོད་པ་ཡིན། ད་ལྟ་ནམ་ཟླ་སྟོན་མཇུག་ལ་ཐོན་ནས་རང་རེ་འདུས་པ་མཉམ་དུ་འཚོགས་པ་རྣམས་ཀྱང་རིང་པོར་མི་འགོར་ནས་རང་རང་གི་གནས་ལ་ཕྱིར་དེངས་པའི་ཕྱོགས་ལ་བསམ་བློ་གཏོང་བའི་སྐབས་སུ་བབས་ནས་ཡོད་པ་འདིས་ཀྱང་མི་རྟག་མངོན་སུམ་གྱི་བརྡ་ཆོས་སྟོན་པ་ཡིན། ཀུན་མཁྱེན་ཆེན་པོས། ཤིང་རྣམས་ཡལ་ག་ལོ་མ་ལྷུང་བ་དང་། །ཚལ་རྣམས་མེ་ཏོག་འདབ་མ་རྙིང་མཐོང་ནས། །རིང་པོར་མི་ཐོགས་འཆི་བ་དྲན་བྱས་ཏེ། །ཡོན་ཏན་འབྱུང་གནས་དབེན་པ་བསྟེན་པར་མཛོད། །ཅེས་གསུངས་པ་ལྟར་དུ། དེ་ཉིན་དང་པོར་རྩི་ཤིང་གི་ཁ་འབུས་པ་དང་། མེ་ཏོག་སྣ་ཚོགས་ཀྱི་མདངས་བཀྲ་བའི་དབྱར་གྱི་རྗེས་སུ་སྟོན་ཚེས་ནས། སྟོན་སེར་རླུང་བུས་གདུངས་ནས་ཤིང་ལོ་ས་ལ་ལྷུང་། མེ་ཏོག་གི་འདབ་ལོ་འཐོར་བ་འདིས་ཀྱང་། མི་ཚེ་ཉི་མས་ལ་མོ་བརྒལ་ནས་རིང་པོར་མི་ཐོགས་པར་འཆི་བའི་ཆོས་ཅན་ཡིན་པའི་བརྡ་ཆོས་སྟོན་པ་ཡིན་པས། འཆི་བ་ཐོག་ཏུ་བབས་པའི་སྐབས་སུ་འཇིགས་སྐྲག་མེད་པའི་དཔའ་གདེང་ཐོབ་པའི་ཆེད་དུ། ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་དབེན་པ་བསྟེན་ནས་ཉམས་ལེན་ལ་འབད་དགོས་པ་ཡིན་ལ། དབེན་པ་ཟེར་བ་དེ་ཡང་གནས་དབེན་པ་དམ་པའི་སྒྲུབ་གནས་ལ་གསུངས་པ་ཡིན་ཡང་། དེ་ཡང་མཐའ་གཅིག་ཏུ་མི་མེད་ཀྱི་ས་སྟོང་ཞིག་ཡིན་པའི་ངེས་པ་མེད་དེ། དབེན་གསུམ་ཞི་བའི་རྒྱལ་ས་ཞེས་གསུངས་པས། གཙོ་བོ་ནང་ལུས་འདུ་འཛིས་དབེན་པ་དང་། གསང་བ་སེམས་མི་དགེ་བའི་རྣམ་རྟོག་གིས་དབེན་པ་གཉིས་གལ་ཆེ་བར་གསུངས་པ་དང་། ཉམས་ལེན་རང་རྒྱུད་ལ་འབྱོར་བའི་གང་ཟག་རབ་གཅིག་ལ་མཚོན་ན། གནས་གང་དུ་བསྡད། གྲོགས་སུ་དང་འགྲོགས་ཀྱང་དམ་པའི་ཆོས་ཉམས་སུ་ལེན་པའི་གྲོགས་དང་བོགས་འབྱིན་ལ་འགྲོ་བ་ཡང་ཡིན་པའི་ཕྱིར། ད་གང་ལྟར་ཡང་འདུས་པ་མི་རྟག་འབྲལ་བའི་ཆོས་ཅན། རང་རང་སོ་སོའི་གནས་ལ་འགྲོ་རན་ནས་གྱེས་ན་ཡང་། ས་ཁ་ཐག་རིང་ཐུང་ལ་མ་ལྟོས་པར་དམ་པའི་གདམས་ངག་སྙིང་གི་དྲོད་བཅུད་གཅིག་གིས་འབྲེལ་ནས་ཡོད་པས། ཕྱིའི་སྣང་བ་སྣ་ཚོགས་ཀྱི་ཆུ་ཟླའི་རི་མོའི་རྐྱེན་བཟང་ངན་སྣ་ཚོགས་གང་དང་གང་བྱུང་ཡང་། ནང་རང་སེམས་དམ་པའི་ལྷ་ཆོས་ཀྱི་མན་ངག་ཟབ་མོའི་དོན་གྱི་བཅུད་དང་མ་བྲལ་ན། གང་སྣང་གང་ཤར་ཐམས་ཅད་མི་བདེ་བ་དང་མི་སྐྱིད་པ་ཞིག་ཡོད་པ་མིན་པས། རྣམ་པ་ཐམས་ཅད་ཀྱིས་ཐུགས་བདེ་བག་ཡངས་མཛད་པ་ནི་དུས་དང་རྣམ་པ་ཀུན་ཏུ་གལ་ཆེ་བ་ཡིན། ཕྱིའི་ལྷགས་རླུང་དང་གྲང་ངར་ཇེ་ཆེ་རུ་འགྲོ་ཞིང་འགྲོ་ལ། ནང་རྣལ་འབྱོར་པའི་ཉམས་རྟོགས་ཀྱི་རྩལ་ཤུགས་དང་བདེ་དྲོད་ཇེ་ཆེ་ལ་སྦར་དགོས་པ་ཡིན་པས། གོང་ནས་གསུངས་མ་ཐག་པའི་དལ་འབྱོར་མི་ལུས་མཆོག་འདི་དུས་རྟག་ཏུ། །མི་འབྲལ་རྟག་པར་འདོད་ཀྱང་འཆི་བར་ངེས། །བཟང་པོའི་བླ་མ་འདི་དང་དུས་རྟག་ཏུ། །མི་འབྲལ་ཆོས་ཉན་འདོད་ཀྱང་འབྲལ་བར་ངེས། །དམ་པའི་གྲོགས་བཟང་རྣམས་དང་དུས་རྟག་ཏུ། །མི་འབྲལ་འགྲོགས་པར་འདོད་ཀྱང་འབྲལ་ངེས་པས། །དེ་རིང་ཉིད་ནས་བརྩོན་པའི་གོ་བགོས་ཏེ། །འབྲལ་མེད་བདེ་ཆེན་གླིང་དུ་བགྲོད་རེ་རན། །སྐྱོ་ཤས་གཏིང་ནས་སྐྱེ་བའི་གྲོགས་རྣམས་ལ། །ཆོས་མེད་སྤྲང་པོ་བདག་གིས་དེ་སྐད་བསྐུལ། །གསུངས་པ་དེ་སླར་ཡང་རྗེས་སུ་བཟློས་ནས་སྐུལ་མ་ཞུས་པའོ།།


previousཉིན་བཅུ་བའི་ཆོས་ཁྲིད། next