Nitartha Digital Library
Tibetan
 
previousཉིན་བཅུ་གཅིག་པའི་ཆོས་ཁྲིད། next

ཉིན་བཅུ་གཅིག་པའི་ཆོས་ཁྲིད།

འགྲོ་བ་ནམ་མཁས་གར་ཁྱབ་ལ་མ་ཁྱབ་པ་མེད་པའི་མཐའ་ཡས་པའི་སེམས་ཅན། རང་ཉིད་ཇི་ལྟར་སྡུག་བསྔལ་བ་དེ་བཞིན་དུ་སྡུག་བསྔལ་བའི་སེམས་ཅན་འདི་དག་ཐམས་ཅད། གནས་སྐབས་ཙམ་དུ་མ་ཡིན་པར་གཏན་བདེ་རྫོགས་བྱང་གི་ས་ལ་འགོད་པའི་ཆེད་དུ། དམ་པའི་ཆོས་ཟབ་མོ་ཉན་འཆད་འཛིན་འཆང་དང་བཀླག་པར་བྱའོ་སྙམ་པའི་ཀུན་སློང་དང་ཆོས་ནམ་བཤད་ཀྱི་སྐབས་སུ་འོར་བ་ལྟར་དུ་འབྲལ་མི་རུང་བས་མ་ཚད། ད་དུང་དེའི་དོན་ཇི་བཞིན་དུ་བསྒྲུབ་དགོས་སྙམ་པའི་ཀུན་སློང་དེ་ཚེ་རབས་བསྐལ་བ་མང་པོ་རུ་མི་བརྗེད་པར་ཤོག་ཅིག་ཅེས་པའི་སྨོན་ལམ་ཡང་དང་ཡང་དུ་འདེབས་དགོས་པ་ཡིན། དེ་ཅིའི་ཕྱིར་ཞེ་ན། ཀུན་སློང་བཟང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་འདུན་པ་འདིའི་ཐོག་ནས་བྱང་ཆུབ་སེམས་དཔའི་མཛད་སྤྱོད་རླབས་ཆེན། རྫོགས་སྨིན་སྦྱངས་པ་རྒྱ་མཚོ་མཐར་སོན་དགོས་པས་དང་། བྱོན་བཞུགས་འབྱོན་འགྱུར་གྱི་རྫོགས་པའི་སངས་རྒྱས་ཐམས་ཅད་ལམ་དེར་བརྟེན་ནས་རྫོགས་སངས་རྒྱས་པ་ཡིན་པའི་ཕྱིར། ཞིང་འདིའི་ད་ལྟའི་སངས་རྒྱས་ལྟ་བུ་ལ་མཚོན་ན། བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོས་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དེ་ལ་བཤད་ཚུལ་མི་འདྲ་བ་མང་པོ་ཡོད་པ་སྟེ། ཉན་ཐོས་ཀྱི་ལུགས་སུ་རྒྱལ་པོ་གསལ་གྲགས་ཞེས་བྱ་བར་གྱུར་བའི་ཚེ་ན་ཐུགས་བསྐྱེད་པ་ཡིན་པ་དང་། ཐེག་ཆེན་གྱི་ལུགས་སུ་མདོ་སྡེ་བསྐལ་བ་བཟང་པོ་ལས་རྫ་མཁན་གྱི་ཁྱེའུ་སྣང་བྱེད་དུ་གྱུར་བའི་གནས་སྐབས་སུ་ཐུགས་བསྐྱེད་པ་དང་ནི་། སྙིང་རྗེ་པད་དཀར་ལས་བྲམ་ཟེའི་ཁྱེའུ་རྒྱ་མཚོའི་རྡུལ་དུ་སྐྱེ་བ་བཞེས་སྐབས་སུ་ཐུགས་བསྐྱེད་པ་དང་། དྲིན་ལན་བསབས་མདོ་ལས་དམྱལ་བའི་ཤིང་རྟ་འདྲེན་པའི་གྱད་པཀྴི་ཏར་སྐྱེ་བ་བཞེས་དུས་སུ་ཐུགས་བསྐྱེད་པ་ཡིན་པ་དང་། ཡང་འགའ་རེའི་ནང་དུ་ཚོང་དཔོན་གྱིི་བུ་མངོན་དགའ་འཁྲུངས་པའི་དུས་དང་། ཡང་རྒྱལ་པོ་འོད་ལྡན་དུ་གྱུར་དུས་ཐུགས་བསྐྱེད་པ་ལ་སོགས་པ་བཤད་ཚུལ་མང་བས་མི་ཚད་པར། ཚོགས་གསོག་ཚུལ་གྱི་དུས་ཀྱི་ཁྱད་པར་ལ་ཡང་འདྲ་མི་འདྲ་མང་པོ་གསུངས་པ་དང་། དེ་བཞིན་དུ་མངོན་པར་བྱང་ཆུབ་པའི་ཚུལ་ལ་ཡང་མདོ་སྔགས་ཀྱི་བཤད་ཚུལ་སྣ་ཚོགས་པ་ཞིག་ཡོད་པ་ཡིན། མདོ་ལུགས་སྤྱིའི་ལུགས་སུ་སྲོད་ལ་བདུད་བཏུལ། གུང་ལ་མཉམ་པར་བཞག ཐོ་རངས་མངོན་པར་རྫོགས་པར་སངས་རྒྱས་པ་དང་། སྔགས་ལྟར་ན་ཡང་རྒྱུད་སྡེ་བཞི་སོ་སོའི་དགོངས་བཞེད་ཡོད་པ་ལས། དེ་ལས་བླ་མེད་སྤྱིའི་དབང་དུ་བྱས་ན་སྔར་རང་གིས་ཞིང་སྦྱངས་པ་ལས་གྲུབ་པའི་འོག་མིན་གྱི་ཞིང་ཁམས་དེར། སྨོན་ལམ་ལེགས་པར་སད་པའི་འཁོར་དང་བཅས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འོད་ཟེར་ཆེན་པོའི་དབང་བསྐུར་ཐོབ་པའི་བྱང་ཆུབ་སེམས་དཔའ་དེས། དཔའ་བར་འགྲོ་བའམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མངོན་དུ་མཛད་ནས། སྒྲིབ་པའི་བག་ཆགས་ཕྲ་མོའང་ཡེ་ཤེས་ཀྱི་མེ་ལྕེས་སྐད་ཅིག་གཅིག་ལ་བསྲེགས་ནས་མངོན་པར་བྱང་ཆུབ་པར་བཤད་པ་དང་ནི། དེ་བཞིན་དུ་རྫོགས་པ་ཆེན་པོ་རང་ལུགས་ཐུན་མིན་གྱི་ལུགས་སུ་བཤད་པ་སོགས་མང་ན་ཡང་། དེ་དག་ཐམས་ཅད་གདུལ་བྱའི་ཁམས་དབང་མོས་པ་དང་བསྟུན་པ་སྟེ། འཇམ་དཔལ་མཚན་བརྗོད་ལས། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་སྟོན་པ་པོ། །གསུངས་པ་ལྟར་དུ་གདུལ་བྱ་མོས་པ་སྣ་ཚོགས་ཅན་དེ་དག་འདུལ་བའི་ཕྱིར་དུ་གསུངས་པ་དང་སྣང་བ་འབའ་ཞིག་ཡིན་པའི་ཕྱིར། གང་ལྟར་ཡང་ཐམས་ཅད་མདོ་འགག་གཅིག་ཏུ་དྲིལ་ན་ལམ་མྱུར་བུལ་གྱི་ཁྱད་པར་ཙམ་མ་གཏོགས་པར། བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་ལ་མཐུན་པ་ཡིན། དེ་ལྟར་ཡིན་དུས་བྱོན་དང་འབྱོན་འགྱུར་གྱི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་སྙིང་རྗེའི་སེམས་ལས་འཁྲུངས་ཤིང་སྙིང་རྗེ་ཆེན་པོའི་ཁྱད་པར་དུ་བྱས་པ་ཞིག་ཡིན་པས། དེ་རྣམས་ཀྱི་རྗེས་སུ་ཞུགས་པའི་རང་རེ་ལམ་ཞུགས་ཀྱི་སོ་སོ་སྐྱེ་བོས་ཀྱང་། སྔོན་གྱི་བདེ་བར་གཤེགས་པ་སྲས་དང་བཅས་པས་ཇི་ལྟར་བསླབས་པ་ལྟར་དུ། བདག་གིས་ཀྱང་འགྲོ་ལ་ཕན་པའི་ཆེད་དུ་བསླབ་པར་བགྱིའོ་ཞེས་ཁས་བླངས་དམ་བཅའ་བྱས་པ་དེ་མི་ཉམས་པའི་ཕྱིར་དུ། ནངས་རེ་བཞིན་དུ་དམ་བཅའ་ཐུན་རེ་བཞིན་དུ་བརྟག་དཔྱད་གཏོང་དགོས་པས། ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཞེས་པའི་ཚིག་ཙམ་ཞིག་ངག་ལ་བྱང་ན་ཡང་ཕན་པ་རྒྱ་ཆེན་འབྱུང་བའི་སྒོ་རུ་འགྲོ་ངེས་ཏེ། ནམ་ཞིག་དུས་ཀྱི་ཚེ་ན་ཁ་ཙམ་མིན་པའི་དོན་ལ་སེམས་རེ་ཕྱོགས་རྒྱུའི་དགོས་པ་དེ་ལྟར་ཆེ་བ་རེད་སྙམ་པ་ཡིན། དེས་ན་སྦྱོར་བ་སེམས་བསྐྱེད། དངོས་གཞི་དམིགས་མེད། རྗེས་བསྔོ་བ་སྟེ་དམ་པ་གསུམ་ཞེས་བཤད་རུང་མ་བཤད་རུང་། འཁོར་བར་ངེས་འབྱུང་གི་བློ་གཤའ་མ་ཞིག་སྐྱེས་པའི་ཐོག་ནས་ཐབས་སྙིང་རྗེ་ཆེན་པོ་དང་། ཤེས་རབ་སྟོང་བ་ཉིད་རྟོགས་པའི་བློ་དང་མ་བྲལ་བའི་ཐབས་ཤེས་ཟུང་འཇུག་དམིགས་པ་མེད་པས་ཁྱབ་པ་ཞིག་ཡོད་ན་མདོ་དོན་དེའི་ནང་དུ་འདུས་པ་ཡིན། རང་གཞན་སུ་ཡིན་རུང་ཆོས་ཁ་ནས་བཤད་ཀྱང་། དོན་དུ་མི་འགྲུབ་པར་འབྱུང་བའི་རྩ་བ་ནི་འདི་སྣང་ཚེ་འདིའི་ཞེན་པ་དེ་སྤངས་མ་ཐུབ་པས་ཡིན། དེའང་རྩ་བ་དེད་ནས་སོང་ན་བདག་འཛིན་གྱི་བློ་འདི་ཤུགས་དྲག་པ་དང་། འདིའི་བག་ཆགས་ཀྱི་དྲི་མ་དེ་འཐུག་ཆེ་སོང་བས་ལན་པ་ཡིན། དེས་ན་དང་པོ་མགོ་ཞིག་ནས་ས་ལམ་མཐོན་པོའི་སྤངས་རྟོགས་དང་། ལྟ་དགོངས་མཐོན་པོའི་ཉམས་ལེན་བཤད་འདུག་པ་ལས། བསམ་པ་བཟང་པོ་ནས་མགོ་འཛུགས། ཚད་མེད་བཞིས་གཞུང་བསྲངས་ནས། སྨོན་དང་འཇུག་པའི་བདག་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཉག་མ་རེ་རེ་ཡིན་ཡང་རྒྱུད་ལ་ཨེ་སྐྱེ་བལྟས་ན། རིམ་གྱིས་རྫོགས་ཆེན་གྱི་གདམས་པ་དང་། བླ་མའི་ཞལ་ཤེས་ལས་བདག་མེད་རྟོགས་པའི་ཤེས་རབ་ཀྱི་དོན། དེ་ཁོ་ན་ཉིད་གནས་ལུགས་དོན་གྱིི་ཡེ་ཤེས། ཀ་ལྷུན་ཟུང་དུ་འཇུག་པའི་བསྟན་དོན་དེ་གོ་ནས་གོམས་པ་བརྟན་ཡོང་དུས། ནམ་ཞིག་མཚོན་བྱེད་དཔེའི་ཡེ་ཤེས་དེ་ཉིད་མཚོན་བྱ་དོན་གྱི་ཡེ་ཤེས་སུ་གོ་འཕོས་ཏེ་དོན་དམ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་པ་དང་ཆབས་ཅིག་ཏུ། མཁྱེན་པའི་ཡེ་ཤེས་དང་བརྩེ་བའི་ཐུགས་རྗེ་གཉིས་ཁ་མ་བྲལ་བའི་སྒོ་ནས། ད་ལྟའི་སྐབས་ཀྱི་སྟོང་ཉིད་སྙིང་རྗེ་དང་འབྲེལ་བའི་སྦྱོང་བ་གོམས་པར་བྱས་པའི་ལག་རྗེས་སྟོབས་སུ་བདོ་ནས། ཚོགས་གཉིས་མཉམ་དུ་རྫོགས་པའི་སྟོབས་ཀྱིས། ཐབས་སྣང་བཅས་བསོད་ནམས་ཀྱི་ཚོགས་ཀྱིས་གཟུགས་སྐུ་རྣམ་གཉིས་འགྲུབ་པ་དང་། ཤེས་རབ་སྣང་མེད་ཡེ་ཤེས་ཀྱི་ཚོགས་ཀྱིས་ཆོས་སྐུ་འགྲུབ་པ་ཡིན་པས། སྐུ་གསུམ་གྱི་འཆར་གཞི་ངོ་བོ་ཉིད་སྐུ་དང་བཅས་པའི་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་མངོན་དུ་གྱུར་པའོ། །དེའི་ཕྱིར་ན་གཞི་བདེན་གཉིས་ཟུང་འཇུག་ཡིན་པའི་གནད་དེས། ལམ་ཚོགས་གཉིས་ཟུང་འཇུག་ལ་བརྟེན་ནས་འབྲས་བུ་སྐུ་གཉིས་ཟུང་འཇུག་མངོན་དུ་བྱ་དགོས་ཕྱིར། དང་པོ་ལམ་ལ་སློབ་དུས་ནས་ཀྱང་ཐབས་སྙིང་རྗེ་ཆེན་པོ་དང་འབྲེལ་བའི་སྟོང་ཉིད་གདུལ་བྱའི་བློ་རིམ་དང་འཚམ་པར་སྟོན་དགོས་པས། ཆོས་དུང་ནམ་འབུད་དུ་ཕ་མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཞེས་སྐུལ་འདེབས་བྱས་པ་ཡིན། དེས་ན་དང་པོ་ཉིད་ནས་ཁ་ཡིས་ཆེན་པོ་བཤད་མ་བཤད་མེད་པར་ཚེ་འདི་བློས་བཏང་བའི་འཁོར་བར་ངེས་འབྱུང་གི་བློ་ཞིག་སྐྱེ་བའི་ཆེད་དུ། བློ་ལྡོག་རྣམ་བཞི་ནས་སྦྱང་དགོས་པ་ཡིན་པས། ངེས་འབྱུང་རྣམ་དག་རྒྱུད་ལ་མ་སྐྱེས་ཐབས་མེད་ཡིན། དཔེར་ན་དགྲ་འཛིང་སའི་དམག་ས་ཞིག་ནས། གདོད་མའི་མིའི་ལུགས་སྲོལ་གྱི་ཁྲབ་རྨོག་འཁོར་གསུམ་བསྐོར་ཏེ། གཞུ་སྟེང་དུ་མདའ་བཞག་ནས་འཕེན་སྐབས་སུ་རྨོག་གི་འདབ་རས་མདའ་འཕེན་མི་བདེ་ན། ལྷམ་ཕུད་པ་དང་། དོར་མ་ཕུད་པ་དང་། རྒྱབ་ཀྱི་ཁྲབ་ཕུད་པ་སོགས་བྱས་ཀྱང་བེད་ཡོད་པ་མ་རེད། མི་བདེ་འདུག་བྱེད་ཀྱི་རྨོག་ཁོ་རང་ཕུད་བཞག་ན་གཞི་ནས་མདའ་འཕེན་བདེ་བར་འགྱུར་བ་བཞིན་དུ། ཚེ་གཅིག་ཡུན་ལ་ཕན་པའི་དམ་ཆོས་སྒྲུབ་དུས་སུ་ཡང་། ཤོམ་ཤོམ་དང་། ཆས་གྲབས་བྱས་པས་བེད་ཡོད་པ་མ་ཡིན། གནའ་མི་ཞིག་གིས་བོའུ་ཤེད་ཀྱིས་འཕོངས་ཞེས་སྐད་ཤུགས་ཆེན་པོའི་བོས་པ་བཞིན་དུ་ངས་ཆོས་སྒྲུབ་པ་ཡིན་ཞེས་ཤེད་ཀྱིས་མི་སྔུན་ནས་སྐད་བརྒྱབ་ཀྱང་བེད་ཡོད་པ་མ་ཡིན། འདུག་མི་ཐུབ་པ་ཞིག་གིས་ང་རྫ་མགོ་གངས་ཁྲོད་དེ་བས་མཐོ་མེད་པའི་སར་སོང་ནས་མི་ལོ་ཅི་ཞིག་འདྲ་ཞིག་ལ་འདུག་རྒྱུ་ཡིན་ཞེས་པའི་དམ་བཅའ་བྱས་པས་ཀྱང་བེད་ཡོད་པ་མ་ཡིན། འོ་ན་བེད་ཡོད་ཤག་ཤག་དེ་གང་ཡིན་ཞེ་ན། མདའ་འཕེན་བདེ་བ་ལ་མགོ་ན་ཡོད་པའི་རྨོག་འདབ་ར་ཅན་པོ་དེ་མར་ཕུད་ན་ཆོག་པ་བཞིན་དུ་ཚེ་འདི་ལ་ཞེན་པ་དེ་སྤོང་དགོས་པ་ཡིན། དེ་ཐུབ་དུས་ཆོས་རྣམ་དག་འགྲུབ་རྒྱུའི་ཁག་ཐེག་འགན་ལེན་ཐམས་ཅད་ཆོག་པ་ཡིན། དེ་མེད་དུས་གང་ནས་བཤད་ཀྱང་འལ་འོལ་ཕར་འགྱང་ཞིག་ལས་མེད་པས། གོང་ནས་གསུངས་པ་ལྟར་དུ་རྐུན་མ་ནགས་སུ་སོང་ཡང་རྐང་རྗེས་སྤང་ལ་བཅད་པ་དང་། འདྲེ་ཤར་དུ་བཞག་ནས་གླུད་ནུབ་ཏུ་བཏང་བ་ལྟར་དུ། ཞེན་མེད་ཁ་ནས་བཤད་ཀྱང་བདག་འཛིན་ཁོག་ཏུ་བཞག་སྟེ་ཉམས་སུ་རན་པའི་ཆོས་ཤིག་མི་འགྲུབ་པ་ཡིན། ད་ཆོས་བཤད་ཅེས་པ་འདི་ཡང་གྲོས་མགོ་ཞིག་བསྡུས་ནས་བློ་ཇུས་ཤིག་བཏོན་པ་སྟེ། འུ་ཚོའི་ཐོག་ཏུ་འདི་ལྟ་བུའི་མི་སྐྱིད་པའི་སྡུག་བསྔལ་སྣ་ཚོགས་ཤིག་ཡོང་བཞིན་ཡོད་པ་འདི། ཇི་ལྟར་བྱས་ནས་འགོག་དགོས་པ་དང་ཐབས་ཇི་ལྟར་བྱས་ན་ལེགས། བདེ་སྐྱིད་ལོངས་སྤྱོད་འདི་དང་ཡུན་གཏན་དུ་མི་འབྲལ་བར་ཇི་ལྟར་བྱེད་དགོས། འདི་ལ་ཐབས་འདི་ལྟར་བྱས་ན་ལེགས་སམ་སོགས་ཀྱི་གྲོས་གཞི་མང་པོ་བཏོན་ནས་ཐབས་ཤེས་ཕུད་པ་ཡིན། ཡང་འགའ་རེས་བསམས་ན་ཆོས་བཤད་ཅེས་པ་འདི་སྡུག་རབས་ཐ་རབས་ཏག་ཏག་བཤད་པ་ཞིག་རེད་བསམ་ན་ཐང་ཡང་། སྡུག་རབས་རང་ཐོག་ཏུ་ཡོད་པ་དེ་གཏམ་གྱི་གཞི་མ་རུ་འཕངས་ནས་མི་སྡུག་པའི་ཐབས་ཀྱི་གྲོས་མགོ་འདོན་བཞིན་ཡོད་པ་རེད། ཚིག་མགོ་རྔ་གཏུགས་ནས་ཉན་ལོང་མ་བྱུང་བར་ཁྱོད་དམུས་སོང་ན། སྐབས་ཤིག་ལ་ཁྱོད་རང་ཁ་བྱང་བསྟན་གྱི་བྲག་ཕུག་ཅིག་གི་ནང་དུ་འུག་རྒན་ཞིག་དང་མཉམ་དུ་འདུག་དགོས་པའི་སྔ་ལྟས་ཐོན་པ་རེད། ཨ་ལ་རྩེད་མོ་ཡིན། ཆོས་དང་མན་ངག་གི་ཐ་སྙད་ཆོས་སྐད་དང་མ་བསྲེས་པར། འུ་ཚོའི་ད་ལྟའི་གནས་ཚུལ་གྱི་འཚོ་བ་དངོས་ཀྱི་བབས་དང་བསྟུན་ནས་བསམ་བློ་བཏང་ན། འུ་ཚོ་འགྲོ་བ་མིའི་རིགས་འདི་ཇི་ལྟ་བུ་ཞིག་ཡིན་ན། དཀའ་ངལ་དང་སྡུག་བསྔལ་འདྲ་མིན་སྣ་ཚོགས་པ་ཐོག་བབ་ཏུ་འབྱུང་བ་ཞིག་ཡིན་ལ། དེ་ལས་ཀྱང་ཕྱི་ནས་ཡོང་བའི་དཀའ་ངལ་འགའ་རེ་ཟློག་ཏུ་མེད་པར་ཐད་ཀ་ཐད་དུ་ཡོང་བ་དང་། ཡང་དཀའ་ངལ་དང་སྡུག་བསྔལ་མང་ཆེ་བ་ཞིག་རང་གི་སེམས་ཀྱིས་བཟོས་པ་ཤ་སྟག་ཡིན་ལ། སེམས་ཀྱིས་བཟོ་ཚུལ་ཡང་སེམས་ཁོ་རང་ལ་ཆ་རྐྱེན་ཞིག་མ་ཚང་བའི་དབང་གིས་སྡུག་བསྔལ་དང་ན་ཚ་གཟེར་ཟུག་དེ་མྱོང་བ་ཡིན། དཀའ་ངལ་ཁོ་རང་གི་ངོས་ནས་བཤད་ན། དེ་ནི་མི་ལ་མི་དགོས་པ་དང་། མེད་ན་དགའ་བ་དང་། རང་ཉིད་ཀྱིས་སེལ་ཐབས་བྱས་ནས་སེལ་ཐུབ་པ་ཞིག་ཡིན། དེ་ཡང་དེང་སང་གི་སྐད་ཆའི་ཐོག་ནས་བཤད་ན་སེམས་ཀྱི་ལྟ་ཚུལ་ཡང་དག་པ་ཞིག་མེད་པའི་དབང་གིས་དེ་ལྟར་བྱུང་བ་ཡིན། དེས་ན་སེམས་ཀྱི་ལྟ་ཚུལ་ཡང་དག་པ་ཞིག་ཡོད་པ་དེ་རང་གཞན་གྱི་བདེ་བ་དོན་དུ་གཉེར་བ་ཞིག་ལ་གལ་ཤིན་ཏུ་ཆེ་བ་ནི་སྨོས་མ་དགོས་ལ། ཞིབ་འཇུག་པ་བཅོས་མ་ཞིག་གིས་བལྟས་ན་ཡང་། ལྟ་བ་དང་གྲུབ་མཐའ་ལ་མ་ལྟོས་པར་གཞན་ལ་བརྩེ་བའི་སྙིང་རྗེའི་སེམས་དང་། གཞན་གྱི་སྡུག་བསྔལ་ལ་སེམས་ཁུར་བྱེད་པ་དང་། རང་གཅེས་འཛིན་ཏག་ཏག་གཙོ་བོ་མི་བྱེད་པ་སྟེ། དེ་རྣམས་མིའི་རིགས་ལ་ཚང་དགོས་པ་ཤེས་བཞིན་ཡོད་ལ། དེས་ན་འཇིག་རྟེན་གྱི་ཐོག་གི་དངོས་པོ་ཐམས་ཅད་ཀྱི་ནང་ནས་ཆེས་རིན་ཐང་ཆེ་ཤོས་དེ་སྙིང་རྗེ་ཡིན་ཞིང་། དེ་ལྟ་བུའི་དངོས་པོ་རྩ་ཆེན་སྔོག་འདོན་བྱེད་པ་དང་། དེའི་རིན་ཐང་བེད་སྤྱོད་བྱེད་པ་དང་། དེ་ཁྱབ་སྤེལ་གཏོང་ཐུབ་མཁན་དེ་རང་རེ་མིའི་འགྲོ་བ་ཁོ་ན་ཡིན་ལ། མི་ལས་ཀྱང་གང་སུ་ཞིག་གིས་དེའི་རྒྱུ་ནོར་རྩ་ཆེན་དེ་བདག་བརྒྱབ་ནས་བསམ་པ་བཟང་པོ་དང་ཀུན་སློང་བཟང་པོའི་རིན་ཐང་དེ་བེད་སྤྱོད་གཏོང་ཤེས་ན། དེ་ཉིད་ལུས་བདེ་ཞིང་སེམས་སྐྱིད། འདོད་བློ་ཡང་གང་ཐུབ་པས་མི་ཚད་པར་དེའི་འཁོར་ཡུག་གི་མི་ཡིས་ཀྱང་དྲོད་བཅུད་འོད་སྣང་གི་ཟེར་ཐོབ་ནས་ཞེ་མཐུན་དགའ་སྐྱིད་ཀྱི་ཚོར་བ་ལ་རོལ་ཐུབ་པ་ཡིན། གལ་ཏེ་དེ་ཉིད་ཡུལ་གྲུ་མང་པོ་ཞིག་ཏུ་ཁྱབ་བརྡལ་དུ་སྤེལ་ཐུབ་ན་དེ་བས་ཀྱང་མང་བ་ཞིག་གིས་བདེ་སྐྱིད་ཀྱི་ཚོར་བ་ལ་དེ་བཞིན་དུ་རོལ་ཐུབ་པ་ཡིན། དེ་ཡང་མི་ཡིན་ཚད་ཐམས་ཅད་ཀྱི་བྱད་བཞིན་དང་། གཟུགས་དབྱིབས་དང་། ལོངས་སྤྱོད་དང་། འབྱོར་བ་དང་། འཚོ་བའི་སྤྱོད་སྟངས་སོགས་འདྲ་བ་མིན་ཡང་། བདེ་བ་འདོད་པ་དང་། སྡུག་བསྔལ་མི་འདོད་པའི་ཕྱོགས་ནས་བཤད་ན་མི་གཅིག་གི་དཔེ་ཡིས་ཐམས་ཅད་ཀུན་ལ་ཁེབས་པ་ཞིག་ཡིན། དེ་ལྟར་ཡིན་པའི་རྒྱུ་མཚན་ཅིའི་ཕྱིར་སྙམ་ན། ངའོ་སྙམ་པའི་གཅེས་འཛིན་གཅིག་དང་བསྡུར་ཐབས་མེད་པ་ཞིག་ཐམས་ཅད་ལ་ཡོད་པ་འདིའི་ཁོངས་ནས་བྱུང་བ་ཡིན། དེ་ལྟར་བྱས་ནས་བསམ་བློ་བཏང་ན་ང་ཞེས་རང་ལ་མཛུ་གུ་བཙུགས་ནས་སྐད་ཆ་བཤད་པའི་སྐབས་སུ། ང་ནི་གཅིག་པུ་བ་ཞིག་ཡིན་ལ། ང་ལས་གཞན་དུ་གྱུར་པའི་མཐའ་ཡས་པའི་སེམས་ཅན་ཚང་མ་གཞན་ཡིན་པས། འུ་ཚོས་སྔར་མེད་རིན་ཐང་ཅན་གྱི་བྱམས་སྙིང་རྗེ་མ་འདྲ་བ་ཞིག་རྒྱུད་ལ་སྐྱེ་ཐབས་བྱེད་དགོས་ན། ད་སྔོན་ལྟར་དུ་ང་དང་གཞན་ཞེས་ཕྱོགས་གཉིས་སུ་བཅད་པ་རྐྱང་བ་ལ་བསམ་བློ་མི་གཏོང་བར་། གང་ཟག་ཕུང་གསུམ་པ་བར་གྱི་གཏམ་དྲང་མོ་བཤད་པའི་མི་ཞིག་ཡོད་ན། མི་དེས་འདི་ལྟར་བཤད་ངེས། ཁྱོད་རང་གཅེས་འཛིན་བྱེད་པ་ཁག་མེད་དེ་ཁྱོད་རང་གིས་ཁྱོད་རང་ལོས་གཅེས་ཀྱང་། གཞན་པ་འདི་ཙམ་མང་བ་རྣམས་ཀྱིས་ཀྱང་དེ་དང་འདྲ་མཚུངས་སུ་རང་གིས་རང་ལ་གཅེས་པ་ཡིན་པས་མ་ཚད། རང་རང་གི་བདེ་བ་སྒྲུབ་པའི་ཐོབ་ཐང་ཡང་ཁྱོད་དང་འདྲ་བ་ཐམས་ཅད་ལ་ཡོད་པ་ཡིན། དེ་ལྟ་བུའི་གཅིག་དང་མང་པོ་གཉིས་ཀའི་ཁེ་ཕན་སྡུར་ས་ལ་ཐུག་དུས་མང་ཕྱོགས་གནད་ཆེན་བྱེད་པ་ལས་འོས་མེད་པ་ཡིན། དེ་ལྟར་བྱས་ནས་བསམ་བློ་བཏང་ན། མཐའ་ཡས་པའི་སེམས་ཅན་གཞན་དེ་ལྟར་མང་པོ་ཞིག་ལ་མཚོན་ན་ང་གང་ཟག་གཅིག་བས་གནད་ཆེན་བྱེད་དགོས་པ་དེ་རང་གིས་ཤེས་ཡོང་བ་རེད། དེའི་དུས་སུ་འདམ་ཁ་ཞིག་བསྐོར་ནས་ཁྱོད་ཀྱིས་རང་ཉིད་ཀྱི་བདེ་བ་ཐོབ་པའི་དོན་དུ་གཞན་ཐམས་ཅད་བཀོལ་སྤྱོད་གཏོང་བ་ཡིན་ནམ། གཞན་ཐམས་ཅད་ཀྱི་དོན་དུ་རང་ཉིད་བཀོལ་སྤྱོད་གཏོང་བ་ཡིན་ཞེས་དྲིས་ན་དེ་ལ་བསམ་བློ་ཞིག་གཏོང་ངེས། དེ་ལྟར་སེམས་ཤིང་དཔྱད་པའི་སྐབས་སུ་གཞན་དེ་ལྟར་མང་བ་ཞིག་བཀོལ་སྤྱོད་བྱས་ནས་ང་གཅིག་པུ་བདེ་ཐབས་བྱས་ན། གཞན་དེ་འདྲའི་མང་པོ་ཞིག་གི་བདེ་བ་བློས་བཏང་ཟིན་པས། དེ་དུས་ང་ལུས་བདེ་བར་ཡོད་ཀྱང་། སེམས་སྐྱིད་པོར་འོང་བར་མི་འདུག་པས་དེ་བས་ང་གཅིག་པུའི་བདེ་བ་བློས་བཏང་ནས། གཞན་ཐམས་ཅད་ལ་བདེ་བ་ཐོབ་པ་བདམས་པར་བྱས་ན་གཞན་ཐམས་ཅད་ལ་བདེ་བ་ཐོབ་པ་དང་། བདག་རང་གི་ཁོངས་ན་ཡོད་ཚད་པོས་ཕན་ཐོགས་སོང་བ་རེད། དེ་ཐོགས་སོང་ན་ཅི་འདྲའི་དགའ་བ་ལ། ཅི་འདྲའི་སྐྱིད་པ་ལ། དགའ་བ་དང་བདེ་བ་ཐམས་ཀྱི་གཞི་དེ་ན་ཡོད་འདུག་བསམ་པར་བྱུང་དུས། སེམས་ཀྱི་འཁྱེར་སོ་དེའི་ཐོག་ནས་མ་བཅོས་པའི་བྱམས་དང་སྙིང་རྗེ་བསྐྱེད་དགོས་པ་དང་། དེ་བསྐྱེད་ཐུབ་པ་ཡང་ཡིན་པས། ལྟ་ཚུལ་འདིའི་ཐོག་ནས་བྱམས་སྙིང་རྗེ་བསྐྱེད་པ་ཞིག་བྱུང་ན་དགྲ་བོ་ལ་ཡང་སྙིང་རྗེས་ཁྱབ་ཐུབ་པ་ཞིག་འབྱུང་བ་ཡིན་ལ། དེ་ཡང་དེ་ལྟ་བུའི་སྙིང་རྗེ་སྐྱེད་པར་བྱེད་པ་ལ་བཟོད་ཅིང་བསྲན་ཐུབ་པའི་བཟོད་པ་ཞིག་ངེས་པར་དུ་ཡོད་དགོས་པས། བཟོད་བསྲན་དེ་སྦྱོང་བ་ལ་དགེ་རྒན་མཆོག་ཏུ་གྱུར་བ་དེ་སུ་ཞིག་ཡིན་ན་དགྲ་བོ་ཡིན་པས། བཟོད་བསྲན་དེ་དགྲ་བོས་མ་གཏོགས་ཕ་མ་གཉེན་བཤེས་ལ་སོགས་པ་སུས་ཀྱང་སློབ་ཐུབ་པ་མ་ཡིན། དེས་ན་ལྟ་བ་དང་གྲུབ་མཐའི་སྐད་ཆ་མང་པོ་བཤད་མ་བཤད་ཡོད་པ་མ་ཡིན་ཆོས་ཀྱི་སྙིང་པོ་ནི་སྙིང་རྗེ་ཡིན། ཉིན་རེའི་མི་ཚེའི་དུས་ཚོད་ཀྱི་ནང་དུ་བྱམས་སྙིང་རྗེ་དང་ལྡན་ཞིང་རང་འདོད་ཆུང་བའི་མི་ཚེ་ཞིག་བསྐྱལ་ཏེ། རྒྱུན་གྱི་ཉམས་ལེན་དེ་ལ་བྱས་ན་ཆོས་དེ་ལ་བརྟེན་ནས་རང་ཤུགས་ཀྱིས་གཏན་བདེ་ཐར་བའི་ལམ་སྣེ་དེ་ཟིན་པར་བྱེད་པ་ཡིན། གལ་ཏེ་ཉམས་ལེན་དེ་དང་བྲལ་སོང་བ་ཡིན་ན། ཅི་འདྲའི་མཐོ་བཤད་དང་ཆེ་བཤད་བྱས་ཀྱང་ཕན་པ་མེད་ལ། ཕྱིའི་མཐུན་རྐྱེན་གྱི་དངོས་པོའི་འབྱོར་བ་ཡར་རྒྱས་སོང་ཞིང་སོང་ལ་ནང་སེམས་ཀྱི་བདེ་སྐྱིད་དེ་མེད་དུས། མི་བདེ་བ་དང་། མི་སྐྱིད་པ་དང་། འཇིགས་ཤིང་སྐྲག་པའི་སྣང་བ་དང་། བག་གྲང་བ་གྲོགས་མེད་ཁེར་རྐྱང་གི་སྣང་བ་ཅན། རྒྱབ་རྟེན་ས་སྐྱབས་བཅོལ་ས་མེད་པ་ཞིག་ཏུ་གྱུར་བའི་དབང་གིས། འབྱོར་བ་ཅན་མང་པོས་དེ་རིང་ཁ་སང་རང་ལྕེབས་བྱེད་དགོས་ཐུག་པ་ལ་སོགས་པས་མཚོན་ནས། མདོར་ན་བདེ་སྐྱིད་ཅེས་པ་དེ་ནང་རང་གི་སེམས་ལས་དམ་པའི་ཆོས་ཀྱིས་འཚོལ་བ་མ་གཏོགས་པར། ཕྱི་དངོས་པོའི་འབྱོར་བས་བྱ་རྒྱུ་མེད་པའི་གནད་དེ་དེང་སང་འཛམ་གླིང་གི་ས་སྒང་འདིའི་ཐོག་གི་གནས་ཚུལ་ལ་བལྟས་ན་ཡང་ཤེས་གསལ་ལྟར་ཡིན། དེས་ན་ཕྱིའི་དངོས་པོའི་གསོག་སྐྲུན་ལས་ནང་སེམས་ཀྱི་བདེ་སྐྱིད་དེ་ཆོས་ཀྱིས་བསྐྲུན་པར་བྱས་ན། ལོངས་སྤྱོད་ཐམས་ཅད་ཀྱི་མཆོག་དེ་རུ་ཡོད་པའི་ཚུལ་དེ་རང་གིས་ཤེས་པས་མ་ཚད་གཞན་ལ་ཡང་བཤད་དགོས་པ་ཡིན། དེ་ཚོ་ཁ་བརྡའི་ཐོག་ནས་ཞོར་འཕྲོས་སུ་བཤད་ནས་ད་སྐབས་སུ་བབས་པ་འུ་ཚོས་ཆོས་དུང་བུས་ནས་གང་བཤད་པར་བྱ་བ། རྒྱལ་བའི་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་གི་སྙིང་པོ། མདོ་རྒྱུད་ཆོས་མཛོད་རྒྱ་མཚོའི་ཉིང་བཅུད་དེ་ཉིང་ཁུ་རུ་ཚུར་བསྡུས་པའི་ཀུན་བཟང་དགོངས་པའི་ཐུགས་བཅུད། དགའ་རབ་དཔའ་བོའི་ཐུགས་ཐིག མ་མཁའ་འགྲོ་འབུམ་གྱི་སྙིང་གི་དྭངས་མ། སྒྲ་ཚིག་ཡི་གེའི་རྣམ་པ་རུ་ཤར་སོང་བའི་ཀློང་ཆེན་མཛོད་བདུན་གྱི་ནང་ཚན། མན་ངག་རིན་པོ་ཆེའི་མཛོད་འདི་ཉིད་འཆད་ཁྲིད་ཀྱི་སྐབས་ལས་མང་ཆེ་བ་ཞིག་སོང་ནས་དེ་རིང་།

༣༡༨ རྣལ་འབྱོར་རབ་ལ་དགོས་པའི་ཆོས་དྲུག་བསྟན་པ།

རྣལ་འབྱོར་རབ་ལ་དགོས་པའི་ཆོས་དྲུག་ནི།།

ལྟ་བ་རྒྱལ་པོ་འདྲ་བས་ས་ཟིན་དགོས།།

སྤྱོད་པ་བློན་པོ་འདྲ་བས་དུས་ཤེས་དགོས།།

སྲུང་སྡོམ་སྒོ་སྲུང་འདྲ་བས་རྐྱེན་ཐུབ་དགོས།།

ཤེས་རབ་བྲན་དང་འདྲ་བས་ཀུན་ཁྱབ་དགོས།།

རྣམ་རྟོག་སྤྲིན་དང་འདྲ་བས་རང་ཡལ་དགོས།།

ཡོན་ཏན་མཛོད་ཁང་འདྲ་བས་གང་ཡང་དགོས།།

དེ་དང་ལྡན་ན་དོན་གཉིས་ལྷུན་གྱིས་གྲུབ།།

ཅེས་གསུངས་པ་སྟེ། རྣལ་འབྱོར་པ་རབ་ལ་དགོས་པའི་ཆོས་དྲུག་དེ་གང་ཡིན་ན། ལྟ་བ་དེ་རྒྱལ་པོ་དང་འདྲ་བ་ཡིན་པས་ལྟ་བས་ཐག་ཆོད་ནས་རང་ས་ཟིན་དགོས་པ་དང་། སྤྱོད་པ་བློན་པོ་འདྲ་བས་དུས་ཤེས་དགོས་པ་སྟེ་སྤྱོད་པ་རང་ཉིད་ཀྱི་ཉམས་ལེན་གྱི་དུས་དང་བསྟུན་ཤེས་དགོས་པས། དང་པོར་ཐོས་བསམ་ལེན་པར་བྱེད་པ་བུང་བ་ལྟ་བུ་ལ་སོགས་པ་རྫོགས་ཆེན་གྱི་སྐབས་ནས་སྤྱོད་པའི་རྒྱལ་བོ་བདུན་དང་སྤྱོད་པ་ཉེར་གཅིག་ལ་སོགས་པ་དུས་དང་བསྟུན་ནས་གསུངས་ཡོད་པ་དེ་དག་དང་། སྡོམ་པ་དང་དམ་ཚིག་སྲུང་བར་བྱེད་པ་དེ་སྒོ་སྲུང་དང་འདྲ་བ་ཡིན་པས་ན་སྒོ་སྲུང་པས་སྒོ་སྲུང་བའི་སྐབས་སུ་ཚ་གྲང་ལ་སོགས་པའི་རྐྱེན་ཐུབ་དགོས་པ་དང་འདྲ་བར། འདོད་ཡོན་དང་རྣམ་གཡེང་གི་རྐྱེན་ཐུབ་དགོས་པ་དང་། ཤེས་རབ་དེ་ལས་བྱེད་མཁན་གྱི་བྲན་དང་འདྲ་བ་ཡིན་པས་ན། འདི་དུས་དགོས་ལ་འདི་དུས་མི་དགོས་ཞེས་བཤད་དུ་མེད་པར་ཀུན་ལ་ཁྱབ་པར་ཐར་བ་སྒྲུབ་པའི་ལམ་ལ་མཁོ་བ་ཐམས་ཅད་ཤེས་དགོས་པ་དང་། རྣམ་རྟོག་དེ་གློ་བུར་བའི་ཆོས་འཁྲུལ་བའི་རང་བཞིན་ཅན་མཁའ་ལ་སྤྲིན་དེངས་པ་དང་འདྲ་བས་རྣམ་རྟོག་རྗེས་མཐུད་མེད་པར་རང་སར་ཡལ་དུ་འཇུག་དགོས་པ་དང་། ཡོན་ཏན་དེ་ཕྱུག་པོའི་མཛོད་ཁང་དང་འདྲ་བར་ཅི་འདོད་གང་དགོས་ཐམས་ཅད་ལེན་དུ་ཡོད་པ་ཞིག་དགོས་པ་སྟེ། དེ་ལྟ་བུ་དགོས་པ་དྲུག་དང་ལྡན་ན་རང་གཞན་གྱི་དོན་གཉིས་ལྷུན་གྱིས་གྲུབ་པའོ།།

༣༡༩ བཟང་པོར་བསྒྲུབ་པའི་དམ་ཆོས་རྣམ་དྲུག་བསྟན་པ།

བཟང་པོར་བསྒྲུབ་པའི་དམ་ཆོས་རྣམ་དྲུག་ནི།།

རྗེ་དཔོན་རྒྱལ་པོར་འདོད་ན་རང་ཉིད་ཆོས་ལ་བསྐུལ།།

དཔའ་བོའི་རྒྱལ་པོར་འདོད་ན་ཉོན་མོངས་དགྲ་དཔུང་ཆོམས།།

གཙོ་བོའི་རྒྱལ་པོར་འདོད་ན་བཀའ་ལུང་འདུན་གྲོས་ཆོས།།

མཐུ་སྟོབས་རྒྱལ་པོར་འདོད་ན་བདག་ལྟའི་འགོང་པོ་ཐུལ།།

ཕྱུག་པོའི་རྒྱལ་པོར་འདོད་ན་ཚོགས་གཉིས་ལོངས་སྤྱོད་སྒྲུབས།།

སྨན་པའི་རྒྱལ་པོར་འདོད་ན་རང་སྐྱོན་གཅོང་ནད་ཐོན།།

དེ་ལྟར་ཤེས་ན་ལྷ་མིའི་གཙོ་བོར་འགྱུར།།

ཞེས་གསུངས་པ་སྟེ། རང་ཉིད་བཟང་པོར་སྒྲུབ་པར་བྱེད་པའི་དམ་ཆོས་རྣམ་དྲུག་ནི། རྗེ་དཔོན་གྱི་ནང་གི་མཆོག་ཏུ་གྱུར་བའི་རྒྱལ་པོ་འདི་ཕྱི་གཉིས་ཀར་རང་དབང་ཅན་ཞིག་བྱེད་པར་འདོད་ན་རང་ཉིད་དམ་པའི་ཆོས་ལ་བསྐུལ་ནས་དམ་ཆོས་སྒྲུབས་ཤིག རང་ཉིད་དཔའ་བོའི་ནང་གི་རྒྱལ་པོ་མཆོག་ཏུ་གྱུར་བ་ཞིག་བྱེད་པར་འདོད་ན་དགྲ་ཆེན་ཉོན་མོངས་པའི་དགྲ་དཔུང་ཆོམས་དང་དཔའ་བོ་མཆོག་ཏུ་གྱུར་བ་སྟེ་དཔའ་བོའི་རྒྱལ་པོ་ཡིན། རང་ཉིད་གྲོས་བྱེད་ཀྱི་ནང་ནས་འདུན་མའི་གཙོ་འཛིན་བྱེད་པའི་རྒྱལ་པོར་འདོད་ན་རྒྱལ་དང་དེ་སྲས་ཀྱི་བཀའ་ལུང་ལ་འདུན་གྲོས་ཆོས་དང་གཙོ་བོའི་ནང་གི་རྒྱལ་པོ་རུ་འགྱུར་བ་ཡིན། རང་ཉིད་མཐུ་སྟོབས་ཀྱི་ཐད་ནས་དེའི་ཡན་དུ་མེད་པའི་མཐུ་སྟོབས་ཀྱི་རྒྱལ་པོ་ཞིག་བྱེད་པར་འདོད་ན་བདག་ལྟའི་འགོང་པོ་ཐུལ་དང་གདུལ་དཀའ་བའི་རང་ཉིད་ཀྱི་བདག་ལྟའི་འགོང་པོ་དེ་ཐུལ་ཚེ། གཞན་སྣང་འདུལ་ཐུབ་པའི་མཐུ་སྟོབས་རང་ཤུགས་ཀྱིས་མངའ་བའི་མཐུ་སྟོབས་ཆེན་པོའི་བདག་ཉིད་དུ་འགྱུར་བ་ཡིན་ནོ། །རང་ཉིད་ཕྱུག་པོའི་ནང་གི་ཕྱུག་པོའི་རྒྱལ་པོར་འདོད་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཀྱི་ལོངས་སྤྱོད་སྒྲུབས་དང་འདི་ཕྱི་ཐམས་ཅད་ལ་འབྱོར་བ་ཡོད་པའི་ཕྱུག་པོ་རུ་འགྱུར་བ་ཡིན་པ་དང་། རང་ཉིད་སྨན་པའི་རྒྱལ་པོར་འདོད་ན་རང་སྐྱོན་གཅོང་ནད་ལྟ་བུ་ཕྱིར་ཐོན་ཅིག་དང་སྨན་པ་ཐམས་ཅད་ཀྱི་རྒྱལ་པོ་མཆོག་ཏུ་གྱུར་བ་སྟེ། དེ་ལྟར་བྱེད་དུ་ཤེས་ན་འགྲོ་བ་འདྲེན་པའི་དེད་དཔོན་ལྷ་མིའི་གཙོ་བོ་རུ་འགྱུར་བ་ཡིན་ནོ།།

༣༢༠ དགྲ་ལ་བག་ཟོན་བྱ་བའི་ཆོས་དྲུག་བསྟན་པ།

དགྲ་ལ་བག་ཟོན་བྱ་བའི་ཆོས་དྲུག་ནི།།

ཆོས་ལ་ངེས་འབྱུང་དད་པ་སྐྱེས་པའི་ཚེ།།

གཉེན་འདུན་གྲོས་འདེབས་བརྩེ་གདུང་དགྲ་རུ་ལྡང༌།།

འཁོར་བའི་བྱ་བ་ཐམས་ཅད་སྤང་བའི་ཚེ།།

ཆགས་ཞེན་འཁྲི་བ་རང་གི་དགྲ་རུ་ལྡང༌།།

ཆོས་སྤྱོད་ཟས་ནོར་སྦྱིན་གཏོང་བྱས་པའི་ཚེ།།

གཞན་གྱི་ཁར་འདྲེན་རློམ་སེམས་དགྲ་རུ་ལྡང༌།།

ཟབ་མོའི་གདམས་ངག་ཉམས་སུ་ལེན་པའི་ཚེ།།

ཡིད་གཉིས་སོམ་ཉི་ཐེ་ཚོམ་དགྲ་རུ་ལྡང༌།།

གོང་འཕེལ་ཉམས་ཀྱི་དྲོད་རྟགས་ཤར་བའི་ཚེ།།

དགའ་བྲོད་ཞེན་འཛིན་དམིགས་བཅས་དགྲ་རུ་ལྡང༌།།

སྣ་ཚོགས་ཡོན་ཏན་འཆར་སྒོ་ཕྱེད་པའི་ཚེ།།

ང་རྒྱལ་རློམ་སེམས་རང་མཐོང་དགྲ་རུ་ལྡང༌།།

ལྡང་བའི་དགྲ་ལ་བག་ཟོན་བྱ་བ་གཅེས།།

བྱམས་སེམས་བཟོད་པ་བསྒོམ་པའི་གོ་ཆ་མཆོག།

ཅེས་གསུངས་པ་སྟེ། དགྲ་ལ་བག་ཟོན་ནམ་དོགས་ཟོན་བྱ་བའི་ཆོས་དྲུག་དེ་གང་ཡིན་ན། ཆོས་ཕྱོགས་ལ་ངེས་འབྱུང་དང་དད་པ་ཞིག་སྐྱེས་ནས་ཆོས་བསྒྲུབ་བསམ་པའི་ཚེ་ན། གཉེན་འདུན་གྱི་གྲོས་འདེབས་ཤ་ཚ་ཁུལ་དང་རུས་ན་ཁུལ་གྱིས་ཕྱི་བཤོལ་བྱེད་པ་མང་བའི་བརྩེ་གདུང་དེ་དེའི་སྐབས་སུ་དགྲ་རུ་ལྡང༌བ་ཡིན། འཁོར་བའི་བྱ་བ་ཐམས་ཅད་སྤང་དགོས་ས་རུ་ཐུག་པའི་ཚེ་ན། ཆགས་ཞེན་འཁྲི་བ་རང་གི་ཁོངས་ནས་འབྱུང་བས་དེ་དགྲ་རུ་ལྡང༌བ་ཡིན། ཆོས་ལ་སྤྱད་ནས་ཟས་ནོར་ལ་སོགས་པའི་སྦྱིན་གཏོང་བྱེད་པའི་ཚེ་ན། གཞན་གྱི་ཁར་འདྲེན་ཏེ་གཞན་གྱིས་ལེགས་པ་དང་བཟང་བར་སྨྲས་པས་དེ་ལ་རློམ་སེམས་དང་མཆོག་འཛིན་གྱི་སེམས་སྐྱེས་པ་དེ་དགྲ་རུ་ལྡང༌བ་ཡིན་པ་དང་། ཟབ་མོའི་གདམས་ངག་ཉམས་སུ་ལེན་པར་བྱེད་པའི་ཚེ་ན། ཐེ་ཚོམ་སྔོན་ནས་ཆོད་ཡོད་དགོས་པ་ལས་དེའི་སྐབས་སུ་ཡིད་གཉིས་དང་སོམ་ཉིའི་ཐེ་ཚོམ་སྐྱེ་བ་དེ་དགྲ་རུ་ལྡང་བ་ཡིན་པ་དང་། སྒོམ་པའི་ཡོན་ཏན་གོང་དུ་འཕེལ་ནས་ལུས་སེམས་ཀྱི་སྟེང་དུ་ཉམས་ཀྱི་དྲོད་རྟགས་ཕྲན་བུ་རེ་ཤར་བའི་ཚེ། དེ་དུས་བདག་ནི་ཁྱད་པར་བ་རུ་གྱུར་པའོ་བསམས་ནས་དགའ་བྲོད་ཞེན་འཛིན་དམིགས་བཅས་ཀྱི་དགྲ་རུ་ལྡང༌བ་ཡིན་པ་དང་། ལམ་རྟགས་ཀྱི་ཡོན་ཏན་སྣ་ཚོགས་ཀྱི་འཆར་སྒོ་ཅུང་ཟད་ཕྱེད་པའི་ཚེ་ན། དེར་ང་རྒྱལ་དང་རློམ་སེམས་རང་མཐོང་རྣམས་དགྲ་རུ་ལྡང༌བ་སྟེ། དེ་ལྟ་བུའི་ལྡང་བའི་དགྲ་འདྲ་མིན་དེ་དག་ལས་ཐར་འདོད་ཀྱི་གང་ཟག་གིས་བག་ཟོན་བྱ་བ་གཅེས་ཏེ། བྱམས་སེམས་དང་བཟོད་པ་གཉིས་སྒོམ་པ་པོ་རྣམས་ཀྱི་དགྲས་མི་ཐུབ་པའི་གོ་ཆ་མཆོག་ཏུ་གྱུར་བ་ཡིན་པས་སོ།།

༣༢༡ ཆོས་བྱེད་མི་ལ་མིང་དྲུག་གདགས་པ་བསྟན་པ།

ཆོས་བྱེད་མི་ལ་མིང་དྲུག་གདགས་པ་ནི།།

རང་མགོ་ཆོས་སུ་ཐོན་ན་དྲག་པོ་ཡིན།།

སྒོ་གསུམ་དགེ་ལ་འཛུད་ན་དད་ལྡན་ཡིན།།

གཡོ་སྒྱུ་ཟོལ་ཁྲམ་མེད་ན་བཟང་པོ་ཡིན།།

ལོག་པའི་ལམ་ལོག་ཤེས་ན་བློ་ལྡན་ཡིན།།

མི་ཚེ་ཆོས་ཀྱིས་སྐྱེལ་ན་མདོ་ཅན་ཡིན།།

གཞན་ཕན་སྙིང་རྗེ་ཆེ་ན་ཐེག་ཆེན་ཡིན།།

དམ་པ་རྣམས་ཀྱི་སྤྱོད་ལམ་བསླབ་པར་བྱ།།

ཞེས་གསུངས་པ་སྟེ། ཆོས་ཚུལ་བཞིན་བྱེད་པའི་མི་ལ་མིང་དྲུག་ཇི་ལྟ་བུའི་སྒོ་ནས་གདགས་པ་ནི། རང་མགོ་ཆོས་སུ་ཐོན་པའམ་རང་གི་ཆོས་མགོ་རང་གིས་ཐོན་ཐབས་ཐོན་ན་དྲག་པོའམ་མི་རྒོད་པོ་དང་བུ་ངར་བ་ཡིན། སྒོ་ལུས་ངག་ཡིད་གསུམ་དགེ་བ་ལ་འཛུད་ཐུབ་པ་ཞིག་ཡིན་ན་དེའི་མིང་ལ་དད་ལྡན་ཞེས་པའི་མིང་དུ་གདགས་ཆོག་པ་ཡིན། གཡོ་སྒྱུ་དང་ཟོལ་ཁྲམ་སྟེ་བཅོས་མའི་ཚུལ་དུ་འཆོས་པ་མེད་ན་དེའི་མིང་ལ་མི་བཟང་པོ་ཞེས་གདགས་ཆོག་པ་ཡིན། གཞན་གྱི་དབང་ལ་སོགས་པས་དང་པོ་ལོག་པའི་ལམ་དུ་སོང་ཡང་མཐར་དེ་ལས་ལོག་ཤེས་ན་བློ་ལྡན་ཞེས་པའི་མིང་དེ་ཐོབ་པ་ཡིན། མི་ཚེ་དེ་སྡིག་ལས་ལྡོག་ནས་ཆོས་ཀྱིས་སྐྱེལ་ཐུབ་ན་མི་དེ་མདོ་ཅན་ནམ་མདོ་ཡོད་ཡིན་གསུངས་ནས་དེ་ལས་ལྡོག་ན་མདོ་མེད་ཡིན་པར་ཤུགས་ཀྱིས་བསྟན་པ་དང་། ཐེག་ཆེན་གྱི་ལམ་དུ་ཞུགས་པ་ཨེ་ཡིན་གཞན་ཕན་ཡོད་མེད་ཀྱིས་ཤེས་ཤིང་གཞན་ཕན་སྤྱོད་དང་མི་སྤྱོད་སྙིང་རྗེར་རག་ལས་པ་ཡིན་པས་གཞན་ཕན་སྙིང་རྗེ་ཆེ་ན་ཐེག་ཆེན་ཡིན་པ་སྟེ། དེ་ལྟ་བུའི་དམ་པ་རྣམས་ཀྱི་སྤྱོད་ལམ་ལ་བསླབ་པར་བྱའོ།།

༣༢༢ སྡུག་བསྔལ་རྒྱ་ལས་ཐར་བའི་ཆོས་དྲུག་བསྟན་པ།

སྡུག་བསྔལ་རྒྱ་ལས་ཐར་བའི་ཆོས་དྲུག་ནི།།

རྙེད་དཀའི་མི་ལུས་ཐོབ་ནས་ཆོས་དང་འཕྲད།།

མཚན་ལྡན་བླ་མ་མཇལ་ནས་མོས་གུས་ཐོབ།།

འཁོར་བའི་བྱ་བ་སྤངས་པས་འདུ་འཛི་མེད།།

ཟབ་མོའི་གདམས་པ་འཆང་བས་གོལ་སྒྲིབ་མེད།།

སྤྱོད་ལམ་དགེ་བས་འདའ་བས་སྙོམ་ལས་མེད།།

བདེ་ཆེན་ལྷུན་གྱིས་གྲུབ་པས་དམིགས་འཛིན་བྲལ།།

དེ་དྲུག་ལྡན་ན་ཟུག་རྔུ་ལྡང་མི་ནུས།།

ཞེས་གསུངས་པ་སྟེ། སྡུག་བསྔལ་གྱི་རྒྱའམ་འཛིན་བྱེད་རྙི་ལྟ་བུ་དེ་ལས་ཐར་བར་བྱེད་པའི་ཆོས་དྲུག་དེ་གང་ཡིན་ན། རྙེད་པར་དཀའ་བའི་དལ་རྟེན་གྱི་མི་ལུས་རིན་པོ་ཆེ་འདི་ཐོབ་ནས་དམ་པའི་ཆོས་དང་འཕྲད་པ་ནི་སྡུག་བསྔལ་གྱི་རྒྱ་ལས་ཐར་བ་ཡིན་པ་དང་། མཚན་ཉིད་ཀུན་ལྡན་གྱི་བླ་མ་དམ་པའི་ཞལ་མཇལ་ནས་མོས་གུས་ཐོབ་ན་སྡུག་བསྔལ་གྱི་རྒྱ་ལས་ཐར་བ་ཡིན་པ་དང་། འཇིག་རྟེན་འཁོར་བའི་བྱ་བ་དེ་སྤངས་ཏེ་འདུ་འཛི་མེད་ན་སྡུག་བསྔལ་གྱི་རྒྱ་ལས་ཐར་བ་དང་། ཟབ་མོའི་གདམས་པ་འཆང་བས་གོལ་སྒྲིབ་མེད་ན་སྡུག་བསྔལ་གྱི་རྒྱ་ལས་ཐར་བ་ཡིན་པ་དང་། སྤྱོད་ལམ་དགེ་བས་འདའ་ཞིང་སྙོམ་ལས་མེད་པའི་བརྩོན་འགྲུས་ཅན་དེས་ཅི་བྱེད་དགེ་བ་ཤ་སྟག་ཡིན་པས་སྡུག་བསྔལ་གྱི་རྒྱ་ལས་ཐར་བ་ཡིན་པ་དང་། བདེ་བ་ཆེན་པོའི་ཡེ་ཤེས་ལྷུན་གྱིས་གྲུབ་པས་དམིགས་འཛིན་བྱ་རྩོལ་དང་བྲལ་བ་ཡིན་པ་སྟེ། དེ་དག་དྲུག་པོ་དང་ལྡན་ན་ཉོན་མོངས་པའི་ཟུག་ངུ་ལྡང་མི་ནུས་པའམ་སྡུག་བསྔལ་གྱི་རྒྱ་ལས་ཐར་བའོ།།

༣༢༣ ཤེས་པ་དྲུག་གི་གདམས་པ་བསྟན་པ།

ཤེས་པ་དྲུག་གི་གདམས་པ་བསྟན་པ་ནི།།

དབེན་པར་སྐྱོ་བས་གཅིག་པུར་མི་ཚུགས་ན།།

སེམས་འཛིན་ལ་སོགས་ཉམས་ལེན་མེད་པར་ཤེས།།

མང་པོའི་མི་དང་འགྲོགས་པར་མི་ཤེས་ན།།

ཐབས་ལ་མི་མཁས་རང་རྒྱུད་ངན་པར་ཤེས།།

བླ་མ་བསྟེན་ཡང་ཆོས་མིན་མི་སྤོང་ན།།

དེ་ཡི་བྱིན་རླབས་ཡོན་ཏན་མ་འགོས་ཤེས།།

ཁེངས་ཤིང་མ་དུལ་ང་རྒྱལ་ཆེ་བ་ན།།

ཉམས་མྱོང་རྩི་མེད་གནས་ལུགས་མ་རྟོགས་ཤེས།།

གདམས་ངག་ཆུང་ལ་ལེ་ལོ་ཆེ་བ་ན།།

ཐར་ལམ་མི་སྙོགས་འཁོར་བར་འཁྱམས་པར་ཤེས།།

རང་དོན་གཙོར་འཛིན་སྙིང་རྗེ་མེད་པ་ན།།

ཐེག་ཆེན་ལམ་དང་སེམས་བསྐྱེད་མེད་པར་ཤེས།།

རྟགས་ལ་བརྟེན་ནས་ནང་གི་ཚུལ་རིག་པས།།

ཆོས་མིན་ལོག་པར་ཞུགས་པ་སྤང་འཚལ་ལོ།།

ཞེས་གསུངས་པ་སྟེ། རྟགས་ལ་བརྟེན་ནས་གང་ཡིན་ཤེས་ཡོང་བ་དྲུག་གི་གདམས་པ་བསྟན་པ་ནི། དབེན་པའི་གནས་སུ་སོང་ཡང་ཡུན་རིང་བསྡད་ན་སྐྱོ་བས་གཅིག་པུར་མི་ཚུགས་པར་རི་ཁྲོད་དུ་ཕྱིན་ཀྱང་ཕྱིར་ལོག་པ་དེ་ལ། སེམས་འཛིན་ལ་སོགས་པའི་ཏིང་འཛིན་གྱི་ཉམས་ལེན་མེད་པར་ཤེས་པ་དང་། མང་པོའི་མི་དང་ཡུན་རིང་དུ་འགྲོགས་པར་མི་ཤེས་པར་གང་ལ་སོང་ན་སུ་དང་འགྲོགས་ཀྱང་། རྩོད་གླེང་དང་ཁ་མཆུ་འབྱུང་བའི་མི་དེ་ནི། ཐབས་ལ་མི་མཁས་ཤིང་གཞན་དང་བསྟུན་མི་ནུས་པའི་གཤིས་རྒྱུད་ངན་པའི་རྟགས་ཡིན་པ་དང་། བླ་མ་ཡུན་རིང་དུ་བསྟེན་པར་བྱས་ཀྱང་ཆོས་མིན་གྱི་བསམ་སྤྱོད་གཏན་ནས་མི་སྤོང་མཁན་ཞིག་ཡིན་ན། མོས་གུས་མེད་པའི་དབང་གིས་བླ་མ་དམ་པ་དེ་ཡི་བྱིན་རླབས་ཀྱི་ཡོན་ཏན་ཁོ་རང་ལ་མ་འགོས་པའི་རྟགས་སུ་ཤེས་པ་དང་། ང་ནི་གཟུགས་མཛེས་པ་དང་། རིགས་མཐོ་བ་དང་། ནོར་ཕྱུག་པ་ཡིན་བསམས་ནས་མ་དུལ་བར་ང་རྒྱལ་གྱིས་ཁེངས་ན། དེ་ནི་ཉམས་མྱོང་གི་རྩི་མེད་ཅིང་གནས་ལུགས་ཀྱི་དོན་མ་རྟོགས་པ་ཞིག་ཡིན་པར་ཤེས་ཏེ། ཡོན་ཏན་གྱི་མཆོག་དང་ཐར་བའི་ཟོང་ནི། ཚུལ་ཁྲིམས་དང་། ཏིང་འཛིན་དང་། ཤེས་རབ་གསུམ་སྟེ་དེ་ལྟ་བུའི་བསླབ་གསུམ་གྱི་ཡོན་ཏན་མེད་པའི་དབུལ་ཕོངས་ཅན་ཏེ། བསླབ་གསུམ་གྱི་ཡོན་ཏན་དང་ཉམས་རྟོགས་ཀྱི་ཡོན་ཏན་ཅན་ཞིག་ཡིན་ན་རས་བལ་རྡོག་པས་བརྫིས་པ་ལྟར་དུ་དམན་ས་འཛིན་མཁན་ཞིག་ཡིན་པའི་ཕྱིར། དེས་ན་བླ་གྲྭ་སུ་ཡིན་ཡང་ང་རྒྱལ་དང་ཁྱད་པར་དུ་མི་གཞན་ལ་ཁྱད་གསོད་བྱེད་མི་རུང་མ་གཏོགས། རང་གི་ནང་ཆ་ཕྱིར་ཕྱུང་ནས་བསྟན་པ་ལས་མ་འདས་སོ། །གདམས་ངག་ནི་ཆུང་ལ་ལེ་ལོ་ནི་ཆེ་བར་སོང་ན། ཐར་ལམ་མི་སྙོགས་པར་འཁོར་བར་ཕྱིིར་འཁྱམས་པ་ཡིན་པར་ཤེས་པ་དང་། རང་གི་དོན་གཙོ་བོར་བཟུང་ནས་གཞན་ཕན་སྙིང་རྗེའི་བསམ་པ་ཞིག་གཏན་ནས་མེད་པ་ཞིག་ཡིན་ན། དེ་ལ་ཐེག་ཆེན་གྱི་ལམ་དང་སེམས་བསྐྱེད་མེད་པར་ཤེས་པ་དང་། སྤྱིར་བཏང་གི་འདང་བརྒྱབ་ན་དེང་སང་སྐྱེས་བུ་དམ་པ་རྣམས་ཞི་བའི་གཟིམ་ཁྲི་ལ་མནལ་ཟིན་པའི་རྗེས་ཀྱི་དུས་འདིར། རང་དོན་ཡིད་བྱེད་ཀྱིས་ཀུན་ནས་བསླངས་ཏེ་ང་སྡིག་པ་ཆེ་བས་ཕྱི་མའི་ལམ་ནས་ཅི་རེད་འགྲོ་སྙམ་ནས་ཕྱི་མར་ཕན་པའི་ཆོས་ཤིག་སྒྲུབ་པ་ལ་སྙིང་རུས་བྱེད་པ་རྣམས་ད་ལྟའི་གནས་སྐབས་སུ་ཆོས་པ་རབ་ལ་བརྩི་བ་རུ་འདུག་མོད། འོན་ཀྱང་ཁ་ནས་གཞན་ཕན་ལ་སོགས་པ་བཤད་པ་ཡིན་རུང་དོན་དུ་རང་དོན་ཙམ་ཞིག་སྒྲུབ་ཐུབ་མིན་དཀའ་བའི་གནས་སུ་ཡོད་པས། ཐེག་ཆེན་མ་དགོས་ཐེག་དམན་གྱི་ལམ་ལ་ཚུད་ཡོད་མེད་འཕྱང་མོ་ཉུག་གི་གཞིའོ། །མདོར་ན་ཕྱིའི་རྟགས་ལ་བརྟེན་ནས་གང་ཟག་དེའི་ནང་གི་ཚུལ་རིག་པ་ཡིན་པ་དུ་བ་ལས་མེ་ཡོད་པར་དཔོག་པ་ལྟ་བུ་ཡིན་པས་ན། ཆོས་པའི་མིང་འཆང་ཐར་བའི་ལམ་ལ་ཞུགས་པ་ཞིག་ཡིིན་དུས་ཆོས་མིན་ལོག་པར་ཞུགས་པ་སྤངས་ནས་ཐར་ལམ་རྣམ་དག་ཅིག་སྙིང་ནས་བསྟེན་འཚལ་ལོ།།

༣༢༤ ཆུད་གཟན་དྲུག་གི་རྣམ་གྲངས་བསྟན་པ།

ཆུད་གཟན་དྲུག་གི་རྣམ་གྲངས་བསྟན་པ་ནི།།

ངན་སོང་མི་འཇིགས་སྡིག་པའི་ལས་ངན་སོག།

རྙེད་དཀའི་དལ་འབྱོར་མི་ལུས་ཆུད་རེ་གཟན།།

ཆོས་སྒོར་ཞུགས་ནས་ཕྱོགས་རིས་ཆགས་སྡང་བྱེད།།

ཡང་དག་དོན་གྱི་དད་པ་ཆུད་རེ་གཟན།།

ཐོས་བསམ་ཚིག་གི་ང་རྒྱལ་རྡོ་འཇོང་འཆང༌།།

གནས་ལུགས་རྟོགས་པའི་ཤེས་རབ་ཆུད་རེ་གཟན།།

ཟབ་མོའི་གསང་སྔགས་ཉམས་ལེན་དོན་བཞག་ནས།།

གནད་མེད་བརྩོན་འགྲུས་དཀའ་ཐུབ་ཆུད་རེ་གཟན།།

ཟུང་འཇུག་གཉིས་མེད་ཡེ་ཤེས་མཆོག་བོར་ནས།།

སྣང་སྟོང་མཐར་འཛིན་སྒོམ་པ་ཆུད་རེ་གཟན།།

རི་ངོགས་དབེན་གནས་ཆོས་འགྲུབ་གནས་བཞག་ནས།།

སྡེ་དགོན་གྲོང་འགྲིམ་དངོས་གྲུབ་ཆུད་རེ་གཟན།།

དེ་བས་དེ་དག་ལམ་དུ་མ་སོང་གཅེས།།

ཞེས་གསུངས་པ་སྟེ། ཆུད་གཟན་ནས་འཕྲོ་བརླག་ཏུ་སོང་བ་རྣམ་པ་དྲུག་གི་རྣམ་གྲངས་བསྟན་པ་ནི། རྨོངས་པའི་གཞན་དབང་དུ་སོང་བ་དུད་འགྲོ་དང་ཀླ་ཀློའི་རང་གཤིས་ཅན་ལུས་ལ་ཚེར་མ་ཟུག་པ་ཙམ་གྱི་སྡུག་བསྔལ་ལའང་གཟེ་རེ་དང་དངངས་སྐྲག་ཆེ་ཡང་། རྒྱུ་འབྲས་ལ་ཡིད་ཆེས་ཀྱི་དད་པ་དང་བྲལ་བའི་སྟོབས་ཀྱིས་ངན་སོང་གི་སྡུག་བསྔལ་ལ་སྐྲག་མ་ཤེས་པའི་དབང་གིས་མི་འཇིགས་པར་མི་དགེ་སྡིག་པའི་ལས་ངན་སོག་པར་བྱེད་པ་དེས། རྒྱུ་དཔེ་གྲངས་གསུམ་གྱི་ཐོག་ནས་རྙེད་པར་དཀའ་བའི་དལ་འབྱོར་ཚང་བའི་ལུས་རྟེན་ཆུད་རེ་གཟན་པ་དང་། སངས་རྒྱས་བསྟན་པའི་ཆོས་སྒོར་ཞུགས་ནས་ཕྱོགས་རིས་ཆགས་སྡང་བྱེད་རུང་བ་མིན། རྒྱ་གར་ན་གྲུབ་མཐའ་སྡེ་བཞི་མ་གཏོགས་མེད་ལ། བོད་ན་ཆོས་བརྒྱུད་ཆེན་པོ་ཁག་བཞི་དང་། དེ་ལ་ནང་ཚན་དུ་ཕྱེ་ན་སྒྲུབ་བརྒྱུད་བསྟན་པའི་ཤིང་རྟ་བརྒྱད་དང་། བཤད་བརྒྱུད་འདེགས་པའི་ཀ་ཆེན་བཅུ་གཉིས་ལ་སོགས་པའི་རྣམ་གྲངས་ཡོད་པ་ཐམས་ཅད། སྟོན་པ་གཅིག་གི་བསྟན་པ་ཐེག་ཆེན་མདོ་སྔགས་ཟུང་འབྲེལ་གྱི་ཆོས་ཤ་སྟག་ཡིན་པས་ཐམས་ཅད་ལ་དད་པའི་ཐོག་ནས་རང་གང་ལ་ཞུགས་པའི་ཆོས་དེ་ཉམས་ལེན་དང་སྒྲུབ་པ་མཐར་ཕྱིན་པར་བྱེད་དགོས་པ་ལས། ཡས་མ་ཉན་ཚུལ། མས་མ་བཟང་ཚུལ། ངེད་ཚང་བཟང་རབས་བཤད་ནས་མི་ཤེས་པ་དང་མ་གུས་པའི་དབང་གིས་སར་གནས་ཀྱི་སེམས་དཔའ་ལ་བསྐུར་བ་བཏབས་ནས་ཡང་དག་དོན་གྱི་དད་པ་ཆུད་རེ་གཟན་ནས་ངན་སོང་གི་གཏིང་རྡོ་ལ་འགྱུར་བ་དང་། ཐོས་བསམ་རྒྱུད་ལ་མ་སྦྱར་བར་ཚིག་གི་རྒྱག་བཙོག་བྱེད་པའི་ང་རྒྱལ་གྱི་རྡོ་འཇོང་ངམ་རྡོ་ལོག་ཅིག་འཆང༌ནས་གཞན་རྒྱུད་སྲེག་པར་བྱེད་ན། ཐོས་བསམ་སྒོམ་པའི་དོན་པོ་གནས་ལུགས་རྟོགས་པའི་ཤེས་རབ་དང་བྲལ་ནས་ཆུད་རེ་གཟན་པ་དང་། ལམ་ཟབ་མོའི་གསང་སྔགས་ཀྱི་ཉམས་ལེན་གྱི་དོན་དེ་བཞག་ནས། ཉམས་ལེན་གྱི་ཐབས་དང་གནད་མེད་པ་ཞིག་ལ་སྡུག་བཙིར་གྱིས་བརྩོན་འགྲུས་དང་དཀའ་ཐུབ་བྱེད་པའང་ཆུད་རེ་གཟན་པ་དང་། འོད་གསལ་བདེ་སྟོང་ཟུང་འཇུག་གཉིས་མེད་དོན་གྱི་ཡེ་ཤེས་མཆོག་དེ་ཉིད་བོར་ནས། སྣང་སྟོང་མཐར་འཛིན་གྱི་སྒོམ་པ་བློས་བྱས་སེམས་ཀྱི་འདུ་འཕྲོ་བྱེད་པ་དེ་ཆུད་རེ་གཟན་པ་ཡིན་པ་དང་། རི་ངོགས་སམ་བྲག་སྐྱིབས་ཀྱི་དབེན་པའི་གནས་དམ་ཆོས་རང་བཞིན་གྱིས་འགྲུབ་པའམ་ཏིང་ངེ་འཛིན་རང་ཤུགས་ཀྱིས་སྐྱེ་བའི་གནས་དེ་བཞག་ནས། འདུ་འཛིའི་གནས་སྡེ་བ་དང་དགོན་པའི་མིང་ཡོད་པའི་ཁྱིམ་ཆུང་སྤངས་པའི་ཁྱིམ་ཆེན་ཅན་གྱི་དགོན་པ་སྟེ་དེ་ལྟ་བུའི་སྡེ་གྲོང་འགྲིམས་ནས་འཁྱར་ན་དངོས་གྲུབ་ཆུད་རེ་གཟན་པ་དེ་བས་ཆུད་གཟན་པར་འགྱུར་བའི་ལམ་དེ་དག་ཏུ་མ་སོང་བ་ཤིན་ཏུ་ནས་ཀྱང་གཅེས་སོ།།

༣༢༥ གོང་མའི་རྗེས་སུ་སྙེགས་པའི་ཆོས་དྲུག་བསྟན་པ།

གོང་མའི་རྗེས་སུ་སྙེགས་པའི་ཆོས་དྲུག་ནི།།

སྡིག་སྒྲིབ་བག་ཆགས་རྩད་ནས་གཅོད་འདོད་ན།།

སེམས་ཉིད་རང་བཞིན་གཞི་རྩ་བྲལ་བ་ལྟོས།།

དགོས་འདོད་ནོར་བུ་ཡིད་བཞིན་བཙལ་འདོད་ན།།

ཟབ་མོའི་ལམ་ལ་རྩོལ་བ་རྒྱུན་དུ་བསྲིངས།།

གནས་ལུགས་དོན་གྱི་ཆོས་ཉིད་རྟོགས་འདོད་ན།།

བཙལ་བས་མི་རྙེད་རང་བཞིན་ཞོག་ལ་ལྟོས།།

གདམས་ངག་ཉམས་ལེན་རྒྱུད་ལ་སྦྱོར་འདོད་ན།།

རང་རྒྱུད་ཐུལ་ལ་དེ་ནས་ཉམས་སུ་ལོངས།།

སྙིང་ནས་དམ་ཆོས་ཚུལ་བཞིན་སྒྲུབ་འདོད་ན།།

ཚེ་འདི་བློས་ཐོངས་ཞེན་ཐག་འཁྲི་བ་ཆོད།།

གོང་མའི་རྗེས་སུ་མྱུར་དུ་སྙེགས་འདོད་ན།།

མཛད་སྤྱོད་ལྟོས་ལ་སྒྲུབ་པ་སྙིང་པོར་གྱིས།།

འདི་དག་གནད་ཀྱི་མན་ངག་སྙིང་པོ་ཡིན།།

ཞེས་གསུངས་པ་སྟེ། གོང་མའི་རྗེས་སུ་སྙེགས་འདོད་ན་ཇི་ལྟར་དགོས་པའི་ཆོས་དྲུག་ནི། འཁོར་བར་འཁྱམ་བྱེད་ཀྱི་རྩ་བ་སྡིག་སྒྲིབ་བག་ཆགས་ཡིན་པས་དེ་རྩད་ནས་གཅོད་པར་འདོད་ན། སེམས་ཉིད་དོན་གྱི་གནས་ལུགས་ཀྱི་རང་བཞིན་གཞི་རྩ་དང་བྲལ་བ་དེ་ཉིད་ཀྱི་ངོ་བོ་ལ་ལྟོས་ཤིག དགོས་འདོད་ཅི་བསམ་འགྲུབ་པའི་ནོར་བུ་བསམ་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་ཞིག་བཙལ་ནས་ཐོབ་པར་འདོད་ན། ཟབ་མོའི་ལམ་ལ་རྩོལ་བ་རྒྱུན་དུ་བསྲིངས་ནས་གདམས་པ་ཟབ་མོ་རྒྱུན་དུ་བསྟེན་ཏེ་ཡུན་རིང་པོར་འབད་པ་བྱེད་དགོས་པ་དང་། བཅོས་མ་མིན་པའི་གནས་ལུགས་དོན་གྱི་ཆོས་ཉིད་དངོས་སུ་རྟོགས་པར་འདོད་ན། བྱ་བྱེད་དང་རྩོལ་བའི་ཡུལ་མིན་ཕྱིར་བཙལ་བས་མི་རྙེད་པས་མ་བཙལ་བྱ་རྩོལ་བྲལ་བའི་ངང་དུ་རང་བཞིན་རང་བབས་སུ་ཞོག་ལ་ལྟོས་དང་རྟོགས་པ་སྟེ། རང་བཞིན་བཞག་པས་འོད་གསལ་ཉི་ཟླ་འཆར། །ཞེས་གསུངས་པ་ལྟར་རོ། །དེ་ཡང་ཐུན་མོང་དང་ཐུན་མིན་གྱི་སྔོན་འགྲོ་སྔོན་དུ་སོང་བས་མ་ཚད། དབང་གིས་སྨིན་ཅིང་ཁྲིད་ཀྱིས་གྲོལ་བ་སྟེ་མཚན་ལྡན་གྱི་བླ་མས་རིག་པ་ངོ་སྤྲོད་ཀྱི་སྐབས་གདམས་ངག་ཐེབས་པ་དག་གིས་དེ་ལྟར་རྟོགས་པ་ཡིན་ལ། དེ་ལས་གཞན་དུ་རང་བཞིན་གྱིས་བཞག་ན་ཐ་མལ་བ་ད་ལྟའི་འདི་ལས་མི་འཕགས་པས། ཇི་ཙམ་བཟང་ཡང་ལུང་མ་བསྟན་ཙམ་དང་། ཡང་ན་ཀུན་གཞིའི་ཁམས་ལ་ལྕགས་ཀྱི་དྲྭ་མིག་ཏུ་ཚུད་པ་ལྟར་དུ་ཕར་འཇུག་ཤེས་ཀྱང་ཚུར་འབུད་མི་ཤེས་པ། བསོད་ནམས་ཀྱིས་ཁྱོག་ན་གཟུགས་མེད་ཁམས་སུ་སྐྱེ་བ་དང་། མ་ཁྱོག་ཚེ་འཕྱི་བ་སོགས་དུད་འགྲོའི་ལུས་རྟེན་གྱི་རྒྱུ་རུ་འགྱུར་བ་ལའང་ཐང་མེད་དོ། །དེས་ན་གདམས་ངག་ཡང་དག་པར་ཉམས་སུ་ལེན་པས་རྒྱུད་ལ་སྦྱོར་འདོད་པ་ཡིན་ན། དང་པོར་བློ་སྦྱོང་གིས་རང་རྒྱུད་ཐུལ་ལ་དེ་ནས་གདམས་ངག་ཉམས་སུ་ལོངས༌ཤིག་དང་གོ་རིམ་མ་འཆོལ་བའོ། །སྙིང་ཁོང་རུས་པའི་གཏིང་ནས་དམ་པའི་ཆོས་རྣམ་པར་དག་པ་ཚུལ་བཞིན་དུ་བསྒྲུབ་པར་འདོད་ན། དང་པོར་ཚེ་འདི་བློས་ཐོངས་དང་ཞེན་ཐག་གི་འཁྲི་བ་ཆོད་ནས་ཆོས་ཚུལ་བཞིན་དུ་འགྲུབ་པ་ལས་ཚེ་འདི་བློས་མ་ཐོངས་དུས་ཆོས་བརྒྱད་ཀྱི་ཞེན་པ་ཡོད་པས་དམ་པའི་ཆོས་ལ་རྒྱབ་ཀྱིས་ཕྱོགས་པ་ཡིན། དེ་ཡང་ཚེ་འདི་བློས་གཏང་དགོས་ཞེས་པ་དེ། ཚེ་འདི་བློས་བཏང་ནས་རང་མེད་གྱིས་ཤོག་ཅེས་པའི་དོན་མིན་པར་ཚེ་འདིའི་དོན་ཆུང་གི་བྱ་བ་བློས་བཏང་ནས་ཕྱི་མའི་དོན་ཆེན་སྒྲུབས་ཤིག་ཅེས་པའི་དོན་ཡིན། དེས་ན་ཚེ་འདི་བློས་མི་ཐོངས་པ་ནི་ཆོས་བརྒྱད་ལ་ཞེན་པ་མ་ཆོད་པ་ཡིན། གལ་སྲིད་ཆོས་བརྒྱད་ལ་ཞེན་པ་མེད་ན་ཟས་གོས་གནས་ཁང་སོགས་ཀྱི་ཉེར་སྤྱོད་ལ་བཀག་པ་མེད་དེ། ཞེན་པ་མེད་ན་གོས་འབུམ་རི་བ་སོགས་གྱོན་དུ་རུང་བ་ནི་བཅོམ་ལྡན་འདས་ཀྱི་བཀའ་ལས་འབྱུང་བའི་ཕྱིར་རོ། །དམ་པ་གོང་མ་དག་གི་རྗེས་སུ་མྱུར་དུ་སྙེགས་པར་འདོད་ན་དེ་དག་གི་དམ་པའི་རྣམ་ཐར་དང་མཛད་སྤྱོད་ལ་ལྟོས་ལ་རྗེས་སུ་སྒྲུབ་པ་སྙིང་པོར་གྱིས་ཤིག་དང་། དྲུག་པོ་འདི་དག་གནད་ཀྱི་མན་ངག་སྙིང་པོ་ཡིན་ནོ།།

༣༢༦ སྤྱི་ཡི་ཚུལ་དང་མི་མཐུན་ཆོས་དྲུག་བསྟན་པ།

སྤྱི་ཡི་ཚུལ་དང་མི་མཐུན་ཆོས་དྲུག་ནི།།

རང་གི་ངན་སྤྱོད་སྣ་དགུ་ཚང་བྱས་ནས།།

གཞན་དག་མགུ་རེ་ཆོས་པའི་ལུགས་མ་ཡིན།།

རང་གི་གཡོ་སྒྱུ་ཁྲམ་གསུམ་ཚང་བྱས་ནས།།

དཀོན་མཆོག་མཉེས་རེ་ཆོས་པའི་ལུགས་མ་ཡིན།།

དབེན་པའི་གནས་སུ་བརྩོན་པས་མི་བསྒྲུབ་པར།།

ཆོས་ལ་རེ་འཁང་ཆོས་པའི་ལུགས་མ་ཡིན།།

ཚིག་ཏུ་སྙིང་རྗེ་ལག་ལེན་རང་འདོད་སྒྲུབ།།

གཞན་དོན་འགྲུབ་རེ་ཆོས་པའི་ལུགས་མ་ཡིན།།

སེམས་ལ་བདག་འཛིན་ཁ་ལ་སྟོང་པ་ཉིད།།

ཐར་ལམ་སྙོགས་རེ་ཆོས་པའི་ལུགས་མ་ཡིན།།

སེམས་ལ་རང་ལྟ་ཁ་ལ་མཐའ་བྲལ་ཟེར།།

གནས་ལུགས་རྟོགས་རེ་ཆོས་པའི་ལུགས་མ་ཡིན།།

དེ་བས་བསྟན་པ་སྤྱི་ཡི་སྲོལ་ཉམས་སྤང༌།།

ཞེས་གསུངས་པ་སྟེ། ཆོས་པ་སྤྱི་ཡི་ཚུལ་དང་མི་མཐུན་པའི་ཆོས་དྲུག་དེ་གང་ཡིན་ན། རང་གི་ངོས་ནས་ངན་སྤྱོད་སྣ་དགུ་མི་བྱེད་རྒྱུ་ཞིག་མེད་པར་བྱས་ནས། ད་དུང་གཞན་དག་མགུ་བའི་རེ་བ་བྱེད་པ་ནི་ཆོས་པའི་ལུགས་མ་ཡིན་ཏེ། ངན་སྤྱོད་སྣ་དགུས་བསྟན་པ་མགོ་ནས་བཤིག་ན་དེ་བསྟན་པའི་བླ་བཙོང་ཡིན་པ་དང་། ཁྱད་པར་བསྟན་འཛིན་གྱི་མིང་བཟུང་ནས་བསྟན་པའི་སེལ་བྱས་ན་དེ་བདུད་ཀྱི་སྤྲུལ་བ་ཡིན་པ་རྟགས་ཀྱིས་གྲུབ་པ་ཡིན། དེ་བཞིན་དུ་བསྟན་འཛིན་ཡང་དག་ཡིན་ན་མངོན་སུམ་ཚད་མའི་ལམ་ནས་མཐོང་དུ་ཡོད་པའི་རྟགས་ཡོད་དགོས། རྟགས་དང་གཏན་ཚིགས་གཙོ་བོར་བྱེད་པ་ནི་རིགས་པ་སྨྲ་བའི་ལུགས་ཡིན། གཞན་ཡང་རང་གི་རྒྱུད་ན་གཡོ་སྒྱུ་ཁྲམ་གསུམ་ཚང་བ་ཞིག་བྱས་ནས། ད་དུང་དཀོན་མཆོག་གསུམ་པོ་མཉེས་པའི་རེ་བ་བྱེད་པའང་ཆོས་པའི་ལུགས་མ་ཡིན་པ་དང་། དབེན་པའི་གནས་སུ་བརྩོན་པས་སྒྲུབ་པ་ཉམས་སུ་ལེན་པའི་སྒོ་ནས་རྒྱུད་ལ་སྦྱར་ནས་ཆོས་ཕྱོགས་ཀྱི་བྱ་བ་མི་བསྒྲུབ་པར། ང་ད་དུང་ཡོན་ཏན་ཞིག་མི་སྐྱེ་བ་ཅིའི་ཕྱིར་བསམས་ནས་ཆོས་ལ་རེ་འཁང་བྱེད་པ་ཆོས་པའི་ལུགས་མ་ཡིན་ཏེ་རང་གིས་མ་འགྲུབ་པ་ལས་ཆོས་ཀྱིས་མ་འགྲུབ་པ་མིན་པའི་ཕྱིར། ཚིག་ཏུ་སྙིང་རྗེ་བར་བཤད་ཀྱང་ལག་ལེན་དུ་རང་འདོད་འབའ་ཞིག་བསྒྲུབས་པ་སྟེ། དཔེར་ན་ཉིན་རྟག་པར་ཚིག་བཞི་རེ་ལས་མ་བཏོན་ཡང་ཐེག་ཆེན་མདོ་སྔགས་ཀྱི་ཆོ་ག་དང་སྒྲུབ་པ་རྒྱུན་ཁྱེར་གང་བྱས་ཀྱང་། སྐྱབས་འགྲོ་སེམས་བསྐྱེད་མེད་ས་ཞིག་མེད་པ་དང་། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །ཞེས་སོགས་ཀྱི་སེམས་བསྐྱེད་རྟེན་མཛུབ་མོ་ཙམ་ཞིག་ལས་མ་མཇལ་ཡང་ལེན་ཁུལ་བྱེད་པ་ཡིན་ཡང་། དོན་དུ་སྙིང་རྗེ་དང་འབྲེལ་བ་དཀོན་པོ་ཡིན་པ་དང་། ཆོས་བཤད་པའི་ཚེ་ཡང་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་ཞེས་པ་ནི་ཁར་བྱང་ནས་ཡོད་ཀྱང་། དོན་ལག་ལེན་གྱི་ཐོག་ནས་ཅི་བྱེད་ཐམས་ཅད་རང་འདོད་ཀྱིས་ཁྱེར་ཏེ། བྱང་སྡོམ་བླངས་པ་དེ་ཡང་འདི་ནི་དགེ་བ་རླབས་ཆེན་ཡིན་པ་སྟེ། དེ་རིང་ཉིད་ནས་སངས་རྒྱས་ཀྱི་སྲས་ཀྱི་རིགས་སུ་གཏོགས་པ་དང་། སྡིག་པ་འདིས་འདག་པ་དང་། བསྐལ་ཆེན་མང་པོའི་ཚོགས་འདིས་སྡུད་པ་རེད་སོགས་བསམས་པའི་ཕུགས་དེ་དེད་ནས་ཡོང་ན་རང་འདོད་ལ་ཐུག་ཡོད་དུས་དེ་ནི་རང་འདོད་ཆེ་བའི་ཅོལ་ཆུང་ཡིན་པས་བསླབ་སྤྱོད་ཀྱང་སྲུང་མི་ཐུབ་པས་བྱང་ཆུབ་ཀྱི་ལམ་དམ་པ་ལ་འགྲོ་བ་མིན་ནོ། །འོན་ཀྱང་འབད་པ་བྱེད་དགོས་ཏེ། དང་པོ་མ་དག་པའི་སེམས་ཅན་རང་འདོད་ཅན་ཞིག་གིས་སྦྱངས་ནས་སྐབས་ཤིག་རང་དོན་དང་བྲལ་ནས་སངས་རྒྱས་འགྲུབ་དགོས་པ་སྟེ། སེམས་ཅན་སངས་རྒྱས་ཀྱི་ས་བོན་མེད་པ་ཞིག་དང་། འབད་ཀྱང་ཐར་བ་མི་ཐོབ་པ་ཞིག་མེད་པའི་ཕྱིར། དེས་ན་ཁས་སྙིང་རྗེ་བཤད་ཅིང་ལག་གིས་རང་འདོད་བསྒྲུབས་ནས་ད་དུང་གཞན་དོན་འགྲུབ་པར་རེ་བ་ནི་ཆོས་པའི་ལུགས་མ་ཡིན་པ་དང་། སེམས་ལ་བདག་འཛིན་དམ་ཧྲང་ངེ་ཡོད་པ་ཞིག་གིས་ཁ་ལ་སྟོང་པ་ཉིད་བཤད་དེ། ཐར་ལམ་སྙོགས་པར་རེ་བ་ཡང་ཆོས་པའི་ལུགས་མ་ཡིན་པ་དང་། སེམས་ལ་རང་ལྟའམ་བདག་ཏུ་ལྟ་བའི་མདུད་པ་དམ་པོ་བརྒྱབ་ཡོད་པ་ཞིག་གིས་ཁ་ལ་སྟོང་ཉིད་དང་མཐའ་བྲལ་ཟེར་བ་རྐྱང་པ་ཞིག་གིས། གནས་ལུགས་རྟོགས་པར་རེ་བ་དེའང་ཆོས་པའི་ལུགས་མ་ཡིན་པ་སྟེ། དེ་དག་ནི་ཆོས་པ་སྤྱི་ཡི་ཚུལ་དང་མི་མཐུན་ཞིང་བསྟན་པ་སྤྱི་ཡི་སྲོལ་ཉམས་པར་བྱེད་པས་སྤང༌དགོས་སོ། །འདི་ཚོ་ལ་ལྟ་དུས་འདི་ཡང་ང་ལ་གསུངས་འདུག དེ་ཡང་ང་ལ་གསུང་བར་འདུག་གོ་སྙམ་པ་ཤ་སྟག་ཏུ་འདུག་པ་ནི་གདམས་ངག་གི་མཆོག་མཚང་ལ་རྒོལ་བ་གསུངས་པ་དེ་ཡིན་པས། རང་སྐྱོན་གྱི་མཚང་རང་ལ་ཡོད་པ་དེ་ཤེས་ཐུབ་དགོས་པ་དང་། ཤེས་ནས་སྤང་ཐབས་ལ་འབད་དགོས་སོ། །དེ་བཞིན་དུ་ཀློང་ཆེན་པས་དུས་ལ་མངོན་པར་སྐྱོ་བ་བི་ཛ་ཧ་ར་ལས། མི་རྟག་ཚིག་ཏུ་འཆད་ཀྱང་རྟག་པར་འཛིན། །ཚད་མེད་སྙིང་རྗེ་བརྗོད་ཀྱང་རྒྱུད་མ་ཐུལ། །ཐམས་ཅད་བདེན་མེད་ཟེར་ཡང་དངོས་པོར་ཞེན། །འདོད་ཡོན་འདུ་འཛི་ཟེར་ལ་སེམས་འདི་སྐྱོ། །རང་ཉིད་བཤེས་གཉེན་དམ་པ་རློམ་ན་ཡང་། །ཀུན་ལ་ཁྱད་གསོད་ཉེ་བར་མ་ཞི་བ། །དོན་ལ་རྨོངས་པའི་མཁས་པ་ཡ་མཚན་ཅན། །ཆོས་མེད་དྲེད་པོར་གྱུར་ལ་སེམས་འདི་སྐྱོ། །གསུངས་པ་ལྟ་བུའོ།།

༣༢༧ ཤིན་ཏུ་དགེ་ཞིང་ལེགས་པའི་ཆོས་དྲུག་བསྟན་པ།

ཤིན་ཏུ་དགེ་ཞིང་ལེགས་པའི་ཆོས་དྲུག་ནི།།

བསྟན་པ་གནས་ཤིང་དལ་འབྱོར་ཐོབ་དུས་འདིར།།

འཁོར་བའི་དོང་ལས་མྱུར་དུ་འབྲོས་རེ་རན།།

ཐོས་བསམ་སྙིང་པོའི་ཉམས་སུ་ལེན་དུས་འདིར།།

རང་རྒྱུད་ཁེངས་པའི་ཆོས་དང་བསྲེ་རེ་རན།།

སྣ་ཚོགས་སྡུག་བསྔལ་འགལ་རྐྱེན་མང་དུས་འདིར།།

སྒྲུབ་པའི་ཆོས་ལ་སྙིང་རུས་བསྐྱེད་རེ་རན།།

ཚོགས་དྲུག་སྒོ་ལ་ཡུལ་དྲུག་ཤར་དུས་འདིར།།

གཟུང་འཛིན་གཉིས་སྣང་རང་སར་གྲོལ་རེ་རན།།

ལྟ་སྒོམ་སྤྱོད་པའི་དོན་ལ་བསྒོམ་དུས་འདིར།།

རིག་པའི་རྩལ་སྦྱོང་ཕྱོགས་མེད་བྱེད་རེ་རན།།

གཏན་གྱི་འདུན་མ་ད་རེས་བསྒྲུབ་དུས་འདིར།།

བརྩེ་བའི་གདམས་ངག་འབད་པས་སྒྲུབ་རེ་རན།།

དེ་ལྟར་གཉེན་པོས་རང་ཚོད་མ་ཟིན་ན།།

འཆི་དུས་ལུས་ལ་འཆི་བདག་བཞད་གད་བྱེད།།

ཅེས་གསུངས་པ་སྟེ། འདི་ལྟར་བྱས་ན་ཤིན་ཏུ་དགེ་ཞིང་ལེགས་པའི་ཆོས་དྲུག་བསྟན་པ་ནི། རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པ་ད་དུང་གནས་ཤིང་མ་ཉམས་པ་དང་། རང་ངོས་ནས་ཀྱང་དལ་འབྱོར་གྱི་རྟེན་བཟང་ཐོབ་ཡོད་པའི་དུས་འདིར། འཇིགས་སུ་རུང་བའི་འཁོར་བའི་དོང་ཆེན་འདི་ལས་མྱུར་དུ་འབྲོས་རེ་རན་པ་ཡིན་པ་དང་། འཁོར་བའི་གནས་ནས་འབྲོས་དུས་རྟ་ཟིན་སྒ་ཟིན་བྱས་ནས་བྲོས་པའམ། ཡང་ན་འཕྲུལ་ཆས་ཀྱི་འཁོར་རིལ་ཞིག་ཏུ་བསྡད་ནས་ས་ཡུལ་བརྗེས་ནས་འབྲོས་འགྲོ་ས་མེད་དེ། དུག་ཁོག་ཏུ་བཟུང་ནས་ང་དུག་ལ་འབྲོས་པ་ཡིན་ཞེ་ན་སྨྱོན་པའི་སྐད་ཆ་ཡིན་པ་དང་ཁྱད་མེད་པ་ཡིན། འོ་ན་ཇི་ལྟ་བུའི་སྒོ་ནས་འབྲོས་དགོས་པ་རེད་ཅེ་ན། བསྟན་པ་གནས་ཤིང་དལ་འབྱོར་ཐོབ་དུས་འདིར་སྙིང་ནས་སྙིང་པོའི་ལྷ་ཆོས་རྣམ་དག་ཅིག་བསྒྲུབས་ནས་འབྲོས་དགོས་ལ། དེ་ཡང་མགོ་ངེས་འབྱུང་གིས་འཛིན་དགོས་པས། དལ་འབྱོར་རྙེད་པར་དཀའ་བ་དང་། ཚེ་ལོང་མེད་ཡིན་པ་དང་། ལས་རྒྱུ་འབྲས་བསླུ་བ་མེད་པ་དང་། ངན་སོང་དུ་སྐྱེས་ན་སྡུག་བསྔལ་ཆེ་བ་སྟེ་དེ་རྣམས་ཁ་བཤད་མིན་པའི་དོན་ཐོག་ནས་ཤེས་ཚེ། འཁོར་བ་ལས་བློ་ལྡོག་སྟེ་དེ་ལས་ཐར་འདོད་ཀྱི་བློ་དང་བཅས་པའི་ངེས་འབྱུང་རྣམ་དག་བསྐྱེད་པའི་གོམ་པ་དང་པོ་དོར་ནས། སྙིང་རྗེས་ཀུན་ནས་བསླངས་པའི་བྱང་ཆུབ་ཀྱི་སེམས་དང་ཡང་དག་པའི་ལྟ་བ་རྒྱུད་ལ་བསྐྱེད་དགོས་པ་ཡིན། དེ་ཡང་འཁོར་བའི་གནས་ལས་འབྲོས་ལུགས་ཐ་མ་ནི། ངེས་འབྱུང་གིས་ཀུན་ནས་བསླངས་ཏེ་རང་གཅིག་པུ་ཐར་བའི་གོ་འཕང་ཐོབ་པར་བྱེད་པ་དང་། འབྲོས་ལུགས་རབ་ནི་སྙིང་རྗེ་དང་བྱང་ཆུབ་སེམས་ཀྱིས་ཀུན་ནས་བསླངས་ཏེ་མ་རྒན་འགྲོ་དྲུག་གི་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཐར་བའི་ཆེད་དུ་ཐེག་ཆེན་མདོ་དང་སྔགས་ཀྱི་ལྟ་སྒོམ་སྤྱོད་གསུམ་ཉམས་སུ་ལེན་པ་ལ་བརྩོན་པའོ། །ཐོས་བསམ་བྱས་པའི་སྙིང་པོའི་དོན་ཉམས་སུ་བླངས་ནས་གནད་ལ་ཕབ་པའི་དུས་འདིར། རང་རྒྱུད་ཁེངས་པའམ་རང་རྒྱུད་གང་བྱེད་ཀྱི་ཆོས་དང་རང་གི་རྒྱུད་བསྲེ་རན་པ་སྟེ། ཆོས་དང་རང་རྒྱུད་མ་འདྲེས་ནས་ཆོས་ཀྱིས་རང་རྒྱུད་ལ་ཕན་མེད་པ། དཔེར་ན་ཆོས་རང་གིས་སྦྱངས་པས་མི་ཚད་པར་མི་ལ་བཤད་ནས་ཚེ་ཕྱེད་སོང་ཡོད་ཀྱང་ཆོས་དང་རང་རྒྱུད་བསྲེ་ཐུབ་མེད་པའི་དབང་གིས་བདག་འཛིན་གྱི་སྤུ་རིས་གྲ་མ་ཉམས་དྲི་མ་ཞུགས་པར་ཡོད་ན་རང་རྒྱུད་དང་པོའི་ས་ནས་སོར་གང་མ་འཕགས་པ་དང་། ཆོས་སྒྲུབ་པའི་ཚེ་སྣ་ཚོགས་སྡུག་བསྔལ་གྱི་འགལ་རྐྱེན་མང་པོ་ཞིག་བྱུང་ན་དེའི་སྐབས་སུ་སྒྲུབ་པའི་ཆོས་ལ་སྙིང་རུས་ལྷག་པར་དུ་བསྐྱེད་རེ་རན་པ་དང་། མིག་སོགས་རྣམ་ཤེས་ཚོགས་དྲུག་གི་སྒོ་ལ་གཟུགས་སོགས་ཡུལ་དྲུག་གི་སྣང་བ་ཤར་བའི་དུས་འདིར། གཟུང་དང་འཛིན་པ་གཉིས་སུ་སྣང་བའི་གཟུང་འཛིན་རྒྱང་ཆད་དུ་སྣང་བའི་བློ་འདི་རང་སར་གྲོལ་ནས་འཛིན་མེད་མཉམ་པ་ཆེན་པོའི་ངང་དུ་དྭངས་རེ་རན་པ་དང་། ལྟ་སྒོམ་སྤྱོད་པའི་དོན་ལ་བསྒོམས་ནས་ཉམས་ལེན་གནད་དུ་དྲིལ་བའི་དུས་འདིར། གང་ཤར་གསལ་སྟོང་འཛིན་མེད་ཀྱི་རིག་པའི་རང་རྩལ་སྦྱངས་ནས་བྱ་བྲལ་རྒྱ་ཡན་ལྷུན་མཉམ་གྱི་ཕྱོགས་མེད་སྤྱོད་པའི་རྣལ་འབྱོར་གྱི་ཉམས་ལེན་བྱེད་རེ་རན་པ་དང་། ཚེ་རབས་གཏན་གྱི་འདུན་མ་ད་རེས་ཚེ་ལུས་འདིའི་སྟེང་ནས་བསྒྲུབ་པའི་དུས་སྐབས་འདིར། བརྩེ་བའི་གདམས་ངག་གནང་བ་དེ་འབད་པས་སྒྲུབ་རེ་རན་པས། ད་ལྟ་རན་པའི་དུས་འདིར་མ་བསྒྲུབས་ན་དཀའ་ཚེགས་ཆེན་པོ་དང་ཕྲད་པ་ཡིན་པའི་ཕྱིར་ཏེ། དང་པོ་ཆོས་ལམ་དུ་མ་ཞུགས་གོང་དུ་མ་ཤེས་པའི་དབང་དུ་སོང་བ་དང་། དེ་ནས་གཟུགས་བརྙན་ཙམ་གྱི་ཆོས་ལམ་དུ་ཞུགས་ཁུལ་བྱས་ནས་གོས་ཀྱི་ཚོན་མདོག་ཅིག་བསྒྱུར་ཀྱང་། ཕྱི་བསྒྱུར་ཀྱང་ནང་འགྱུར་བ་དཀའ་བའི་ཚད་ལ་ཐོན་ནས་བསག་རྒྱུ་སྡིག་པ་ཤ་སྟག་ལ་སོང་། དེ་ནས་ཆོས་མང་པོ་ཞུས་ལོ་དང་། ཉམས་ལེན་ཡང་མང་རབ་ཏུ་བྱས་ལོ་དང་། ཁ་ཏོན་དགེ་སྦྱོར་མི་ཆད་པ་ལ་སོགས་པ་ལ་འཇུག་ཁུལ་བྱས་ཀྱང་། ལུས་ངག་གི་དགེ་སྦྱོར་དང་མཐུན་པའི་ནང་སེམས་ཀྱི་ཀུན་སློང་དང་མཐུན་པའི་ལྟ་སྤྱོད་རྣམ་དག་ཅིག་ད་དུང་དཀའ་བའི་ཚད་ལ་ཐོན་ནས། ཉིན་རེའི་དགེ་སེམས་དང་སྡིག་ལས་གཉིས་ཀ་བསྡུར་ཡོང་ན་དགེ་སེམས་ཀྱི་རྡེའུ་དཀར་པོས་ཆ་ཤས་མང་པོ་ཞིག་ཟིན་མེད་པའི་ས་ཚོད་ལ་སླེབས་ནས་འཆི་དུས་ཐ་མལ་དུ་ལུས་པའི་སྐབས་སུ་འཆི་བདག་གི་བཞད་གད་དེ་ཆོས་པ་ཡིན་མདོག་པར་ཡོད་ཀྱང་ཚད་འདི་ལྟ་བུ་ལ་ཐོན་པ་ལ་ཞེས་པའི་ཁྲེལ་དགོད་བྱེད་བཞིན་ཐུར་དུ་འཁྲིད་པ་ཡིན་ནོ།།

༣༢༨ མི་འགྲུབ་འགལ་བ་གླབ་ཅོལ་ཆོས་དྲུག་བསྟན་པ།

མི་འགྲུབ་འགལ་བ་གླབ་ཅོལ་ཆོས་དྲུག་ནི།།

རང་གིས་རང་ལ་རང་དབང་མ་ཐོབ་པར།།

གཞན་དབང་བྱེད་འདོད་འགལ་བ་གླབ་ཅོལ་ཞིག།

རང་ཕན་མ་བསྒྲུབས་ཕན་འདོགས་མི་ནུས་བཞིན།།

གཞན་ཕན་སྒྲུབ་འདོད་འགལ་བ་གླབ་ཅོལ་ཞིག།

རང་ཉིད་སློབ་མའི་མཚན་ཉིད་མི་ལྡན་པར།།

སློབ་དཔོན་བྱེད་འདོད་འགལ་བ་གླབ་ཅོལ་ཞིག།

རང་ཉིད་ཀོ་སྐམ་བཞིན་དུ་མ་དུལ་བར།།

གཞན་རྒྱུད་འདུལ་བ་འགལ་བ་གླབ་ཅོལ་ཞིག།

རང་ལ་འདིར་རྒྱག་རྟོགས་པའི་གདེང་མེད་པར།།

གཞན་ལ་སྒོམ་འབོགས་འགལ་བ་གླབ་ཅོལ་ཞིག།

རང་ཉིད་ཐ་མལ་ཀུན་སྤྱོད་མ་ལོག་པར།།

གཞན་དག་ཆོས་འགོད་འགལ་བ་གླབ་ཅོལ་ཞིག།

དེ་འདྲའི་རང་བཞིན་སྐྱོན་གྱིས་མ་གོས་གཅེས།།

ཞེས་གསུངས་པ་སྟེ། མི་འགྲུབ་འགལ་བ་ཅན་གྱི་གླབ་ཅོལ་ལམ་བབ་ཅོལ་གྱི་ཆོས་དྲུག་དེ་གང་ཡིན་ན། དང་པོ་རང་རྒྱུད་དུལ་བའི་རང་དབང་རང་གིས་མ་ཐོབ་པར་ཉོན་མོངས་པའི་དབང་དུ་ཤོར་སོང་བ་ཞིག་གིས། གཞན་ལ་དབང་བྱེད་འདོད་ནི་འགལ་བ་ལྟག་སྤྲོད་གླབ་ཅོལ་ཏེ་བབ་ཅོལ་གྱི་ལས་ཡིན་པ་དང་། གཞན་དོན་སྒྲུབ་པའི་ཆེད་དུ་རང་རྒྱུད་ལ་ནུས་པ་ཡོད་པ་བྱེད་པའི་རང་ཕན་མ་བསྒྲུབས་པས་གཞན་ལ་ཕན་འདོགས་མི་ནུས་པ་ཡིན་བཞིན་དུ། ད་དུང་གཞན་ཕན་སྒྲུབ་འདོད་བྱེད་པར་རློམ་པ་དེ་འགལ་བ་གླབ་ཅོལ་ཡིན་པ་དང་། རང་ཉིད་སློབ་མ་ཞིག་བྱེད་པའི་ཆ་ཚད་དམ་མཚན་ཉིད་མི་ལྡན་པར། གཞན་གྱི་སློབ་དཔོན་བྱེད་པར་འདོད་པ་དེ་འགལ་བ་གླབ་ཅོལ་དཔེར་ན་ང་འདྲ་བ་ལ་གསུངས་པ་རེད། དོན་ངོ་མས་བཤད་ན་རང་ཉིད་སློབ་མ་ཚད་འཚམས་ཤིག་གི་ཆ་ཚད་མི་ལྡན་བཞིན་དུ་ད་རུང་གཞན་ལ་བཤད་རྒྱུ་འདི་ཚོ་མ་བབས་པའི་ལས་རེད། འདིའི་གོང་འོག་གི་དྲུག་པོ་འདི་ཚང་མ་ང་ལ་ཚད་གཞི་བླངས་འདུག་བསམ་རྒྱུའི་མཚན་གཞི་བྱེད་ཆོག་པར་འདུག ཡིན་ཡང་དུས་རབས་འདིའི་བསྟན་སྲོག་ཆོས་བརྒྱུད་མཐུད་པའི་དོན་དུ་བསམ་བློ་བཏང་བའི་ཀུན་སློང་གི་དབང་དུ་བྱས་ན་འགལ་གཞི་དེ་ཙམ་ཞིག་མི་ཆེ་བ་ཡིན་ནམ་སྙམ་པ་ཡིན། རང་ཉིད་ཀོ་གྱོང་སྐམ་པོ་བཞིན་དུ་རྒྱུད་མ་དུལ་བར། གཞན་གྱི་རྒྱུད་འདུལ་བ་དེ་འགལ་བ་གླབ་ཅོལ་ཞིག་ཡིན་པ་དང་། རང་ལ་ཚེ་འདིར་རྒྱགས་ཕྱེ་ལྟ་བུའི་རྟོགས་པའི་གདེང་མེད་པར་རམ་ཡང་ན་རང་མདའ་འདི་ནས་འཕངས་ན་མདེའུ་འདིར་རྒྱག་པར་འདུག་སྙམ་པའི་ཞེ་ཚོད་དང་རྟོགས་པའི་གདེང་མེད་པར། གཞན་ལ་སྒོམ་འབོགས་ནས་ཕྱག་རྫོགས་ཀྱི་ཁྲིད་བཤད་པ་ནི་འགལ་བ་གླབ་ཅོལ་ཡིན་པ་དང་། རང་ཉིད་ཀྱིས་མི་དགེ་བ་ཙམ་ཞིག་སྤངས་ནས་ཐ་མལ་གྱི་ཀུན་སྤྱོད་ལས་མ་ལོག་བཞིན་དུ། གཞན་དག་ཆོས་ལ་འགོད་པའི་ཚུལ་བྱེད་པ་དེ་ཡང་འགལ་བ་གླབ་ཅོལ་ཡིན་པ་སྟེ། དེ་འདྲའི་རང་བཞིན་གྱི་སྐྱོན་དྲུག་པོ་དང་དེ་ལས་གཞན་པའི་སྐྱོན་གྱིས་མ་གོས་པ་ཤིན་ཏུ་ནས་ཀྱང་གཅེས་སོ།།

༣༢༩ དམ་ཆོས་ལེགས་པར་བསྐུལ་བའི་ཆོས་དྲུག་བསྟན་པ།

དམ་ཆོས་ལེགས་པར་བསྐུལ་བའི་ཆོས་དྲུག་ནི།།

དོན་མེད་འཇིག་རྟེན་བྱ་བ་སྤོང་འདོད་ན།།

དད་པ་སྐྱེ་དུས་བྱ་བྱེད་འཕྲོ་ལ་ཞོག།

བྱས་ཀྱང་ཆུ་གཉེར་འདྲ་སྟེ་ཟིན་དུས་མེད།།

དབེན་པའི་གནས་སུ་ཕྱིན་ནས་སྒྲུབ་འདོད་ན།།

དྲན་དུས་དྲན་པ་ཤོལ་མེད་དེ་ཀར་སོང༌།།

དེ་དུས་མ་ཕྱིན་འགལ་རྐྱེན་ཤོལ་འདེབས་མང༌།།

བླ་མ་བསྟེན་དུས་ཅི་གསུང་བཀའ་ཉན་དགོས།།

ངས་བྱས་ཡུས་ཀྱིས་ཐུགས་ཟིན་དུས་མི་འོང༌།།

སེམས་ཉིད་བལྟ་དུས་མ་བཅོས་རང་བཞག་དགོས།།

མ་བཞག་བཅོས་མས་རང་ངོ་མཐོང་དུས་མེད།།

ཡོན་ཏན་འཚོལ་དུས་བརྩོན་འགྲུས་གཉུག་བསྲིང་དགོས།།

ངང་ཐུང་རེས་འཇོག་ཡོན་ཏན་རྫོགས་དུས་མེད།།

ཟད་སར་སྐྱེལ་དུས་གནས་ལུགས་ས་ཟིན་དགོས།།

གཞན་དུ་བཙལ་བས་རྙེད་པའི་དུས་མི་འོང༌།།

ཞེས་གསུངས་པ་སྟེ། དམ་ཆོས་རྣལ་མ་སྒྲུབ་པ་ལ་ལེགས་པར་བསྐུལ་བའི་ཆོས་རྣམ་པ་དྲུག་ནི། སྡུག་བསྔལ་གྱི་རྒྱུ་རུ་གྱུར་པའི་དོན་མེད་འཇིག་རྟེན་གྱི་བྱ་བ་ཐམས་ཅད་སྤོང་བར་འདོད་ན། ངེས་འབྱུང་དང་དད་པ་སྐྱེ་བའི་དུས་སུ་བྱ་བྱེད་ཐམས་ཅད་འཕྲོ་ལ་བཞག་དགོས་པ་ལས་ཚར་སྒུག་བྱེད་དུ་མེད་དེ། བྱས་ཀྱང་འཇིག་རྟེན་གྱི་བྱ་བ་ཐམས་ཅད་གཅིག་ཚར་དུས་གཅིག་ལངས་ནས་ཚར་དུ་མེད་པ་ཆུའི་གཉེར་མ་དང་འདྲ་བར་གཅིག་གི་ཟླ་ལ་གཅིག་བྱུང་ནས་ཟིན་དུས་ཤིག་མེད་པའི་ཕྱིར། དེས་ན་བྱས་ན་མི་ཟིན་བསྐྱུར་ན་ཟིན་པས་ལས་འཕྲོ་བྱེད་འཕྲོ་ལ་བཞག་ཐུབ་དགོས་པ་ལས། སང་ཉིན་བྱེད་དགོས་བསམ་དུ་མེད་དེ་སང་ཉིན་གྱི་རྗེས་སུ་སང་ཉིན་ཟད་དུ་མེད་པ་ཡོད་པས་སོ། །ཁྱད་པར་དུ་དབེན་པའི་གནས་སུ་ཕྱིན་ནས་སྒྲུབ་པ་བྱེད་འདོད་ན། དྲན་དུས་དྲན་པ་དེའི་ཐོག་ནས་ཤོལ་ལམ་ཕྱི་བཞག་མེད་པར་དེ་ཀར་སོང༌། དེ་དུས་མ་ཕྱིན་པའམ་འགྲོ་མ་ཐུབ་དུས་འགལ་རྐྱེན་ཤོལ་འདེབས་བྱེད་མཁན་མང༌པོ་ཐོན་ནས་མཐར་འགྲོ་མི་བཏུབ་པར་འགྱུར་བ་དང་། བླ་མ་བསྟེན་དུས་བླ་མས་ཅི་གསུང་གི་བཀའ་ཉན་དགོས་པ་ལས། ཡར་བླ་མ་ལ་ངས་སྒྲུབ་པ་བྱས་རབས་ཀྱི་ཡུས་འདྲེན་བྱས་པས་བླ་མའི་ཐུགས་ཟིན་པའི་དུས་མི་འོང་བའི་ཕྱིར། བླ་མའི་ཐུགས་ཟིན་པར་བྱེད་པ་ལ་ཞབས་ཏོག་རྣམ་གསུམ་གྱི་ནང་ནས་ཡང་རབ་སྒྲུབ་པའི་མཆོད་པ་འབུལ་དགོས་ལ། དེ་ཡང་གཞན་དོན་སྒྲུབ་པ་ལ་འདུས་པ་ཡིན། དེ་སྒྲུབ་པའི་ནུས་པ་ཁྱད་འཕགས་ཤིག་ཐོབ་པའི་ཆེད་དུ་ལུང་རྟོགས་གཉིས་ཀྱི་ནང་ནས་རྟོགས་པའི་ཆོས་སྒྲུབ་པས་ཉམས་སུ་ལེན་པ་དེ་གཙོ་བོ་ཡིན་ཞིང་། ཕན་སེམས་སྣ་གཅིག་ཙམ་སྐྱེ་བ་དང་། ཆོས་ཚིགས་སུ་བཅད་པ་གཅིག་ཙམ་བཤད་པ་ཡང་ལུང་རྟོགས་གཉིས་ཀྱིི་ནང་དུ་མ་འདུས་པ་ཞིག་མེད་དོ། །སེམས་ཉིད་ཀྱི་ངོ་བོ་ལྟ་དུས་མ་བཅོས་རང་བཞག་གིས་རང་བབས་སུ་འཇོག་དགོས་པ་ལས། དེ་ལྟར་མ་བཞག་པར་བཅོས་ཤིང་བསྒྱུར་བས་སེམས་ཉིད་ཀྱི་རང་ངོ་མཐོང་བའི་དུས་མེད་པའོ། །ཐོས་བསམ་གྱི་ཡོན་ཏན་འཚོལ་དུས་བརྩོན་འགྲུས་ཀྱི་གཉུག་གམ་རྒྱུན་བསྲིང་ཐུབ་དགོས་པ་ལས། ངང་ཐུང་རེས་འཇོག་ཅན་དང་པོར་ཨ་གསར་གྱི་དུས་སུ་སྙིང་རུས་བྱེད་མདོག་པར་ཡོད་ཀྱང་ཉིན་ཁ་ཤས་ནས་འཇའ་ཡལ་བ་ལྟར་འགྲོ་བའི་མཚམས་རེར་ཡོད་ལ་མཚམས་རེར་མེད་པའི་བརྩོན་འགྲུས་ཀྱིས་ཡོན་ཏན་རྫོགས་དུས་ཤིག་དང་ཆ་ཚང་དུས་མེད་པ་དང་། རྫོགས་ཆེན་གྱི་ཆོས་ཉིད་ཟད་སར་སྐྱེལ་བའི་རྒྱུན་སྐྱོང་དུས་གནས་ལུགས་དོན་གྱི་བཙན་ས་ཟིན་དགོས་པ་ལས། རང་ལ་ཡོད་པ་གཞན་དུ་བཙལ་བས་རྙེད་པའི་དུས་མི་འོང༌ངོ་།།

༣༣༠ གནས་ལུགས་སྒྲུབ་པའི་གཉེན་པོ་རྣམ་དྲུག་བསྟན་པ།

གནས་ལུགས་སྒྲུབ་པའི་གཉེན་པོ་རྣམ་དྲུག་ནི།།

ཆེ་བཟང་མཐོ་ས་མི་གཟུང་དམན་པའི་འདུག་སར་བསྡད།།

མང་པོའི་མགོ་དཔོན་མི་བྱ་བཟང་པོའི་འོག་ཏུ་ཞུགས།།

བཟང་འདོད་སྙན་གྲགས་མི་སྒྲུབ་ངར་འཛིན་རི་བོ་སྒྱེལ།།

རང་འདོད་རྒྱལ་ཁ་མི་སྒུག་ཆོག་ཤེས་ཕམ་ཁ་བླང༌།།

མི་ངོའི་དཀར་ནག་མི་བལྟ་རང་རྒྱུད་དགེ་སྡིག་ལྟ།།

ཚོགས་དྲུག་ཡུལ་ལ་མི་ཡེངས་སེམས་ཀྱི་རང་ངོ་ལྟོས།།

དེ་ལྟར་རྣམ་པ་དྲུག་ལྡན་སྒྲུབ་པ་གནད་དུ་ཕྱིན།།

ཅེས་གསུངས་པ་སྟེ། གནས་ལུགས་སྒྲུབ་པའི་སྐབས་སུ་བསྟེན་དགོས་པའི་གཉེན་པོ་རྣམ་པ་དྲུག་ནི། དམན་ས་གོང་མའི་གདན་ས་ཡིན་པས་ཆེ་བཟང་གི་གོ་ས་མཐོན་པོ་མི་གཟུང་བར་དམན་པའི་འདུག་སར་བསྡད་པར་བྱ་བ་དང་། བསྟན་པ་དང་སེམས་ཅན་གྱི་བདེ་དོན་གྱི་ཆེད་དུ་མིན་པའི་ཡོན་ཏན་མེད་པའི་རང་ཆེ་དེ་རང་སྨ་རང་གིས་འབེབས་བྱེད་ཡིན་པ་དང་། སྤྱིར་སྟེང་ནས་བཀོད་འདོམས་བྱེད་པ་ལ་བདེ་བ་མེད་པ་དང་། ཁྱད་པར་དུ་མ་རབས་དམུ་རྒོད་ཀྱི་སྡིག་སྤྱོད་མང་པོའི་མགོ་འཚོས་ན་ཐ་མར་རང་གཞན་གཉིས་ཕུང་དུ་འགྱུར་བ། བྱ་མི་ཐོན་ཁ་མགོན་བསྐྱུར་ན་མཛེས། །ཞེས་པ་ལྟ་བུ་ཡིན་པས་ཆོས་པ་དག་གིས་མང་པོའི་མགོ་དཔོན་མི་བྱ་བར་བཟང་པོ་བླ་མ་དགེ་བའི་བཤེས་གཉེན་གྱི་འོག་ཏུ་ཞུགས་ནས་ཅི་གསུང་གི་བཀའ་བཞིན་སྒྲུབས་དང་སྒྲུབ་པ་མཐར་ཕྱིན་ནས་འབྲས་བུ་གྲོལ་རྟགས་རྙེད་པ་ཞིག་ཡོང་བ་དང་། བཟང་འདོད་སྙན་གྲགས་ཀྱི་ཆོས་བརྒྱད་མི་བསྒྲུབ་པར་ངར་འཛིན་གྱི་རི་བོ་རྨང་ནས་བསྒྱེལ་བར་བྱ་སྟེ། གྲགས་པ་སྐམ་པོའི་ཚིག་གི་རོ་མ་ལ་ཞེན་པ་ནི་བླུན་པོའི་བསམ་བློ་དངོས་ཏེ། འཆི་བའི་ཚེ་གྲགས་པ་སྐམ་པོས་ནི་སུ་ལའང་ཕན་པ་ཏིལ་ཙམ་མེད་པ་ནི། དེང་སང་གི་དུས་འདིར་སྙན་གྲགས་ཅན་མང་པོ་སྡུག་བསྔལ་གྱིས་མནར་བཞིན་འཆི་བ་མངོན་གསལ་ཡིན་པའི་ཕྱིར། རང་འདོད་ཀྱི་རྒྱལ་ཁ་ཞིག་ཨེ་ཐོབ་བསམས་ནས་མི་སྒུག་པར་འདོད་ཆུང་ཆོག་ཤེས་ཀྱི་ཕམ་ཁ་དེ་བླངས༌ན་དོན་གྱིས་རྒྱལ་ཁ་ཐོབ་པ་ཡིན་པ་དང་། མིའི་ངོ་སྲུང་གི་བྱ་བ་དེ་བསྒྲུབས་ནས་མི་ངོའི་དཀར་ནག་འཚོ་བའི་ངོ་སྲུང་བྱེད་བཞིན་མི་འདུག་པར་རང་རྒྱུད་ཀྱི་དགེ་སྡིག་དཀར་ནག་གི་ཚོད་ལྟ་དགོས་པ་དང་། ཕྱི་ཚོགས་དྲུག་གི་ཡུལ་ལ་མི་ཡེངས་པར་ནང་སེམས་ཉིད་ཀྱི་རང་ངོ་ལ་ལྟོས་ཤིག་དང་། དེ་ལྟར་རྣམ་པ་དྲུག་པོ་དེ་ལྡན་ན་སྒྲུབ་པ་གནད་དུ་ཕྱིན་པ་ཡིན་ནོ།།

༣༣༡ ངེས་པ་རྣམ་དྲུག་མན་ངག་བསྟན་པ།

ངེས་པ་རྣམ་དྲུག་མན་ངག་བསྟན་པ་ནི།།

མོས་གུས་གདུང་སེམས་བཅས་ཏེ་གསོལ་བ་འདེབས་ནུས་ན།།

སེམས་ཉིད་རང་ངོ་རྟོགས་ཤིང་བྱིན་རླབས་འཇུག་པར་ངེས།།

རང་བབས་བྱར་མེད་ངང་ལ་ལྷུག་པར་གློད་ཤེས་ན།།

རང་རིག་གཉིས་མེད་ཡེ་ཤེས་ཇི་བཞིན་གསལ་བར་ངེས།།

གཉིས་འཛིན་མཚན་མའི་རྣམ་རྟོག་རང་ངོ་བལྟ་ཤེས་ན།།

རང་ཐོག་བཅོས་བསླད་མེད་པར་རང་སར་གྲོལ་བར་ངེས།།

འཁྲུལ་སྣང་གཟུང་འཛིན་རྣམ་རྟོག་རང་སར་འཇོག་ཤེས་ན།།

རང་དྭངས་མི་རྟོག་ཡེ་ཤེས་རང་བཞིན་འཆར་བར་ངེས།།

ཐབས་ཀྱིས་རིག་པ་གཅུན་ན་གནས་ལུགས་གདོད་མའི་གཞི།།

མི་གཡོ་སྤྲོས་དང་བྲལ་བའི་ལྷུན་གྲུབ་འཆར་བར་ངེས།།

སྙོམ་ལས་ལེ་ལོ་མེད་པར་བརྩོན་འགྲུས་རྒྱུན་བསྲིངས་ན།།

ས་ལམ་ཡོན་ཏན་དྲོད་རྟགས་ནང་ནས་འཆར་བར་ངེས།།

ཞེས་གསུངས་པ་སྟེ། ངེས་པ་རྣམ་པ་དྲུག་འབྱུང་བའི་མན་ངག་བསྟན་པ་ནི། མོས་གུས་གདུང་སེམས་ཀྱི་ཤུགས་དྲག་པོ་དང་བཅས་ཏེ་རྩ་བའི་བླ་མ་ལ་གསོལ་བ་འདེབས་ནུས་ན། གནས་ལུགས་མ་བཅོས་པའི་སེམས་ཉིད་ཀྱི་རང་ངོ་རྟོགས་ཤིང་བྱིན་རླབས་ཀྱི་འཇུག་པ་རང་རྒྱུད་ལ་ཐོབ་པར་ངེས་པ་སྟེ། རྟོགས་པ་དོན་བརྒྱུད་ཀྱི་བདག་པོའི་བྱིན་རླབས་དེ་རང་རྒྱུད་ལ་འདྲེན་ཐབས་ནི། བླ་མ་ལ་མོས་གུས་དང་དད་པ་ཡོད་མེད་རྐྱང་བའི་རྗེས་སུ་འགྲོ་བས། མོས་གུས་རབ་ཅིག་ཡོད་ན་བྱིན་རླབས་རབ་དང་། མོས་གུས་འབྲིང་ཞིག་ཡོད་ན་བྱིན་རླབས་འབྲིང་དང་། མོས་གུས་ཐ་མ་ལས་མེད་ན་བྱིན་རླབས་ཐ་མ་ཞིག་ལས་མི་འཐོབ་པའོ། །གནས་ལུགས་མ་བཅོས་པའི་དོན་རང་བབས་བྱར་མེད་ཀྱི་ངང་ལ་ལྷུག་པར་གློད་པའམ་རང་བབས་སུ་གློད་ཤེས་ན། རང་ལ་ཡེ་ནས་ཡོད་པའི་རང་རིག་གཉིས་མེད་ཀྱི་ཡེ་ཤེས་ཇི་བཞིན་དུ་གསལ་བར་ངེས་པ་དང་། བཟང་ངན་གཉིས་འཛིན་གྱི་མཚན་མའི་རྣམ་རྟོག་གང་ཤར་གྱི་རང་ངོ་ལ་བལྟ་ཤེས་ན། གདངས་གྲོལ་བ་རང་ཐོག་ཏུ་བཅོས་བསླད་མེད་པར་རང་སར་གྲོལ་བར་ངེས་པ་དང་། འཁྲུལ་སྣང་གཟུང་འཛིན་གྱི་བློ་གཉིས་འཛིན་གྱི་རྣམ་རྟོག་རང་བབས་མ་བཅོས་སོ་མའི་ངང་དུ་རང་སར་འཇོག་ཤེས་ན། རང་གི་ངང་གིས་དྭངས་པའི་རང་དྭངས་མི་རྟོག་ཡེ་ཤེས་ཀྱི་རང་བཞིན་ནང་ནས་ཚུར་འཆར་བར་ངེས་པ་སྟེ། འདི་དག་ནི་ཀ་དག་ཁྲེགས་ཆོད་ཀྱི་དགོངས་པ་བསྟན་པ་དང་། བཞུགས་སྟངས་གསུམ་དང་གཟིགས་སྟངས་རྣམ་གསུམ་ལ་སོགས་པའི་ཐབས་ཀྱིས་རིག་པ་གཅུན་པར་བྱས་ན། གནས་ལུགས་གདོད་མའི་གཞི་མི་གཡོ་སྤྲོས་དང་བྲལ་བའི་ཡེ་གདངས་ལྷུན་གྲུབ་ཀྱི་འཆར་སྒོ་སྣ་ཚོགས་འཆར་བར་ངེས་པ་སྟེ་ལྷུན་གྲུབ་ཐོད་རྒལ་གྱི་དགོངས་པ་བསྟན་པའོ། །དེ་ལྟ་བུའི་གཞི་ཀ་དག་དང་ཁྲེགས་ཆོད། ལམ་ལྷུན་གྲུབ་དང་ཐོད་རྒལ་ལ་སྙོམ་ལས་ལེ་ལོ་མེད་པར་བརྩོན་འགྲུས་ཀྱི་རྒྱུན་བསྲིངས་ཐུབ་ན། ས་ལམ་གྱི་ཡོན་ཏན་དང་དྲོད་རྟགས་ནང་ནས་ཚུར་འཆར་བར་ངེས་པའོ།།

༣༣༢ ཡིན་པ་དྲུག་གི་རྣམ་གྲངས་བསྟན་པ།

ཡིན་པ་དྲུག་གི་རྣམ་གྲངས་བསྟན་པ་ནི།།

གཞན་དག་གཡོ་སྒྱུས་བསླུས་ན་རང་ཉིད་བསླུས་པ་ཡིན།།

གཞན་ལ་རྒྱལ་ཁ་བྱིན་ན་རང་ལ་བྱིན་པ་ཡིན།།

གཞན་ལ་གདུག་རྩུབ་གནོད་པ་རང་ལ་བསྐྱལ་བ་ཡིན།།

གཞན་ལ་ཇི་ལྟར་ཕན་བཏགས་རང་ལ་བཏགས་པ་ཡིན།།

གཞན་ལ་ཕྲག་དོག་གཤེ་སྐུར་རང་ལ་བཏབ་པ་ཡིན།།

གཞན་དོན་ཚོགས་གཉིས་ཅི་བསགས་རང་ལ་བསགས་པ་ཡིན།།

དེ་འདྲ་གོ་བ་དཀོན་ཏེ་རྒྱུད་ལ་འགེལ་བ་དཀོན།།

དེ་བས་དེ་ཉིད་དོན་ལ་རང་གི་སེམས་སྦྱང་བྱ།།

ཞེས་གསུངས་པ་སྟེ། ཡིན་པ་དྲུག་གི་རྣམ་གྲངས་དེ་ངེས་དགོས་པར་བསྟན་པ་ནི། མི་མཁས་རྨོངས་པའི་གཞན་དབང་དུ་གྱུར་པ་དག་གིས་གཞན་དག་གཡོ་སྒྱུས་བསླུས་ནས་ཁེ་དང་རྒྱལ་ཁ་བླངས་ཡོད་པར་རློམ་ནའང་དོན་གྱིས་ཕམ་ཁ་རང་གིས་ཉོས་པ་ཡིན་པས་གཞན་དག་གཡོ་སྒྱུས་བསླུས་པ་ནི་རང་ཉིད་བསླུས་པ་ཡིན། དེས་ན་གཞན་ལ་རྒྱལ་ཁ་བྱིན་དང་དོན་དུ་རང་ལ་བྱིན་པ་དང་འདྲ་བ་ཡིན་པ་སྟེ། ཁྱད་པར་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཞིག་གིས་གཞན་གྱིས་རང་ལ་གནོད་བསྐྱལ་ན་ངས་དེ་ལ་ཕན་གདགས་པར་བྱའོ་སྙམ་པའི་དམ་བཅའ་ཞེ་ལ་ལེན་པས་མི་ཚད་ལག་ལེན་གྱི་སྟེང་དུ་བཀོལ་ཅི་ནུས་བྱས་ན་རིམ་གྱིས་ཇེ་བཟང་དུ་འགྲོ་བའོ། །དེ་བཞིན་དུ་གཞན་ལ་གདུག་རྩུབ་ཀྱི་སྒོ་ནས་གནོད་པ་བསྐྱལ་བ་ནི་དོན་དུ་རང་གིས་རང་ལ་འཚེ་བར་བྱས་པ་དང་ཁྱད་པར་མེད་པ་སྟེ། དེའི་སྡིག་སྒྲིབ་ཉེས་ལྟུང་གི་རྣམ་སྨིན་ཡིད་དུ་མི་འོང་བ་རང་གིས་ཁུར་དགོས་པའི་ཕྱིར། གཞན་ལ་ཇི་ལྟར་ཕན་བཏགས་པ་དེ་དོན་དུ་རང་ལ་བཏགས་པ་དང་འདྲ་བ་ཡིན་ཏེ། དེའི་དགེ་བ་རང་ལ་འབྱུང་བ་ཡིན་པའི་ཕྱིར། ཕྲག་དོག་གི་བསམ་པའི་དབང་གིས་གཞན་ལ་གཤེ་སྐུར་བཏབ་ངན་སྨོད་བྱས་ན་དོན་དུ་རང་ལ་ངན་སྨོད་བྱས་པ་དང་འདྲ་བ་ཡིན་པ་དང་། གཞན་དོན་དུ་ཚོགས་གཉིས་ཅི་ཙམ་བསགས་པ་དེ་ནི་རང་ལ་བསགས་པ་དང་འདྲ་བ་ནི་དེའི་དགེ་རྩ་ཐམས་ཅད་རང་གིས་ཀྱང་ཐོབ་པའི་ཕྱིར་ཏེ། དགེ་བ་སྒྲུབ་ཚེ་གཞན་དོན་དུ་སྒྲུབ་པའི་སེམས་བསྐྱེད་དང་ལྡན་ན་དེ་གཞན་ལ་མ་གཏོགས་རང་ལ་མེད་པ་དེ་ལྟར་མིན་པའི་ཕྱིར། དེ་བཞིན་དུ་དགེ་རྩ་གཞན་ལ་བསྔོས་པས་ཀྱང་རང་ཉིད་ཀྱི་དགེ་རྩ་གོང་ནས་གོང་དུ་བླ་ལྷག་ཏུ་འཕེལ་བ་ལས་བསོད་ནམས་འགྲིབ་པ་ནི་མི་སྲིད་དོ། །ཡང་དེ་ལ་བསམས་ནས་གཞན་དོན་བཅོས་མ་བྱས་ན་དེ་གཞན་དོན་གྱི་གྲས་སུ་འགྲོ་བ་མ་ཡིན་པར་རང་དོན་ཡིད་བྱེད་ཀྱིས་བསླད་པ་ཡིན། རང་དོན་ཡིད་བྱེད་ལ་ཁ་དོག་གང་གིས་བསྒྱུར་ཀྱང་རང་དོན་ཡིད་བྱེད་ཡིན་པས་ཐེག་ཆེན་གྱི་ཆོས་གྲལ་དུ་འགྲོ་བ་མ་ཡིན། གནའ་ཞིག་ལ་ཝ་མོ་ཞིག་ཚོས་རྫའི་ནང་དུ་ལྷུང་ནས་སྤུ་མདོག་ཚོས་ཀྱིས་འགྱུར་དུས། ཁོ་རི་དྭགས་མ་འདྲ་བ་ཞིག་ཡིན་པའི་རྫུན་གྱིས་མགོ་བསྐོར་ནས་སེང་གེས་ཀྱང་རྒྱབ་ཏུ་ཁུར་བར་བྱས་པའི་ཉིན་ཞིག་རྐུབ་བུད་ནས་ཉམ་དམས་སོང་བ་ལྟར་དུ། ངེས་འབྱུང་ཙམ་རྒྱུད་ལ་མ་སྐྱེས་པ་ནི་ཐེག་དམན་གྱི་གྲལ་དུའང་མི་ཚུད་ན་ཐེག་ཆེན་ལྟ་ཅི་སྨོས། དེས་ན་ཡིན་མདོག་པར་བསྟན་ཀྱང་མཐར་རང་མདོག་མངོན་པ་ཡིན། དེས་ན་ངེས་འབྱུང་དང་བྱང་སེམས་ནས་མགོ་བརྩམས་ཏེ་བསླབ་པར་གལ་ཆེ་ལ། འོན་ཀྱང་དེ་དང་དེ་འདྲ་བ་གོ་བ་དཀོན་པས་མ་ཚད་རྒྱུད་ལ་འགེལ་བ་ནི་དེ་བས་ཀྱང་དཀོན་པ་སྟེ། དེ་ལྟ་བུའི་ཚུལ་དེ་དག་ཉིན་རྟག་པར་འཆད་བཞིན་ཡོད་ཀྱང་། བཤད་མཁན་གྱིས་ནེ་ཙོའི་འདོན་པ་དང་། ཉན་མཁན་གྱིས་རྫ་རྒྱབ་ཆུ་བླུག་ཏུ་གྱུར་ནས་ནང་སེམས་ཀྱི་རྒྱུད་ལ་མ་འབྱོར་ནས་མི་ཚེ་ཐོས་པས་བསྐྱལ་ཡང་རང་རྒྱུད་མཐོ་གང་གིས་ཇེ་བཟང་དུ་མེད་པ་ནི་ལམ་ལོག་ལམ་སྟོར་གྱི་ཕྱོགས་སུ་འཕྱན་པ་ཡིན་པས་གོ་བ་རྒྱུད་ཐོག་ཏུ་བཀལ་ནས་དེ་ཁོ་ན་ཉིད་ཀྱི་དོན་ལ་རང་གི་སེམས་ཉིད་སྦྱང་བར་བྱ་བ་གལ་ཆེའོ།།

༣༣༣ འཛིན་པ་མེད་པའི་རྣམ་གྲངས་དྲུག་པོ་བསྟན་པ།

འཛིན་པ་མེད་པའི་རྣམ་གྲངས་དྲུག་པོ་ནི།།

དད་གུས་མེད་པའི་མི་ལ་ཐུགས་རྗེས་འཛིན་པ་མེད།།

ཤེས་རབ་མེད་པའི་མི་ལ་ཐོས་བསམ་འཛིན་པ་མེད།།

དམ་ཚིག་མེད་པའི་མི་ལ་དངོས་གྲུབ་འཛིན་པ་མེད།།

བསླབས་ཀྱང་མི་ཉན་མི་ལ་ཁ་ཏས་འཛིན་པ་མེད།།

རང་རྒྱུད་ངན་པའི་མི་ལ་ཆོས་ཀྱིས་འཛིན་པ་མེད།།

དྲིན་གཟོ་མེད་པའི་མི་ལ་ཕན་ཐོགས་འཛིན་པ་མེད།།

ཅེས་གསུངས་པ་སྟེ། འཛིན་པ་མེད་པའི་རྣམ་གྲངས་ཡོད་མི་ནུས་པ་དྲུག་ནི། དད་པ་དང་གུས་པ་མེད་པའི་མི་ལ་ལྷ་དང་བླ་མས་ཐུགས་རྗེས་འཛིན་པའི་ཐབས་མེད་དེ། དད་པའི་ཨ་ལོང་མེད་ན། ཐུགས་རྗེའི་ལྕགས་ཀྱུས་འཛིན་ཐབས་མེད་པའི་ཕྱིར། སྐྱེ་བ་སྔོན་མར་ཐོས་བསམ་ལ་འབད་པ་མ་བྱས་པས་སྐྱེས་སྟོབས་ཀྱི་ཤེས་རབ་གཏན་ནས་མེད་པའི་མི་ལ་ཐོས་བསམ་མི་ཆགས་པས་ཐོས་བསམ་འཛིན་པ་མེད་པ་དང་། གསང་སྔགས་ཀྱི་སྐབས་སུ། གསང་སྔགས་སེང་གེའི་འོ་མ་འདྲ། རིན་ཆེན་གསེར་སྣོད་མ་ལགས་པའི། །སྣོད་གཞན་ཕལ་བར་བླུགས་གྱུར་ན། །སྣོད་ཀྱང་ཆགས་ལ་བཅུད་ཀྱང་ཟགས། །གསུངས་པ་ལྟར་དུ། གངས་སེང་དཀར་མོའི་འོ་མ་ལྟར་དུ་དཀོན་ཞིང་འགངས་ཆེ་བའི་གསང་སྔགས་ཀྱི་བཅུད་བཟང་དེ། གསེར་སྣོད་ལྟ་བུའི་དཀོན་ཞིང་མཆོག་ཏུ་གྱུར་པའི་དམ་ཚིག་ཅན་གྱི་སློབ་མ་ལས་དམ་ཚིག་མེད་པའི་མི་ལ་དངོས་གྲུབ་འཛིན་པའི་ནུས་པ་མེད་པ་དང་། ཇི་ཙམ་བསླབས་ཤིང་བཤད་ཀྱང་མི་ཉན་པའི་མི་ལ་ཁ་ཏ་བྱས་པ་འཛིན་པ་མེད་པ་དཔེར་ན། བསོད་ནམས་ཟད་པའི་བུ་རྒྱུད་ལ། །ཁ་ཏ་བྱས་དང་མ་བྱས་མེད། །ཕྱི་ཁ་ཆད་པའི་ཨ་ཀྲད་ལ། །ཡང་འཐེན་བྱས་དང་མ་བྱས་མེད། །ཅེས་པ་བཞིན་དུ་ཇི་ཙམ་བསླབས་ཀྱང་སྨན་བླུད་པ་དུག་ཏུ་སོང་བ་ལྟར་དུ་ཤ་ཚ་རུང་ཕན་མི་ཐོགས་པ་དང་། རང་རྒྱུད་ངན་པའི་མི་གཤིས་ངན་ཀུན་གཞི་ཐ་ཆད་པ། ལས་མཐའ་ལོག་པ་དེ་ལ་ཆོས་བཤད་ཀྱང་ཁོག་ཏུ་ཆགས་པ་མེད་པས་ཆོས་ཀྱིས་འཛིན་པ་མེད་པ་སྟེ། སློབ་མ་ལ་ཡོན་ཏན་མེད་ན་སློབ་ཆོག་ཀྱང་། མི་གཤིས་ངན་པ་དེ་ལ་བྱ་ཐབས་མེད་ཚུལ་སྔོན་གྱི་དགེ་བའི་བཤེས་གཉེན་རྣམས་ཀྱིས་གསུངས་པ་ལྟར་དང་། བྱས་པ་ཤེས་ཤིང་དྲིན་གཟོ་མེད་པའི་མི་ལ་ཕན་པ་སྟེར་མཁན་ཉུང་བས་དེའི་རྒྱུད་ལ་ཕན་ཐོགས་ཅན་གྱི་བྱ་བ་འབྱུང་དཀའ་བའོ།།

༣༣༤ ཆོས་ཀྱིས་རྡུགས་པར་བསྟན་པ་རྣམ་དྲུག་བསྟན་པ།

ཆོས་ཀྱིས་རྡུགས་པར་བསྟན་པ་རྣམ་དྲུག་ནི།།

ནང་ནས་ཉོན་མོངས་དགྲ་རུ་མ་མཐོང་ན།།

ཕྱི་ནས་བླ་མའི་གདམས་པ་རྡུགས་པར་གདའ།།

ཚེ་འདིའི་བྱ་བ་རྒྱབ་ཏུ་མ་བོར་ན།།

ཉམས་ལེན་འགྲུབ་པའི་དུས་ཤིག་རྡུགས་པར་གདའ།།

རྒས་ཀའི་ཕྱི་ཚིས་སྡུག་དོགས་མ་སྤངས་ན།།

སྙིང་ནས་བརྩོན་པའི་དམ་ཆོས་རྡུགས་པར་གདའ།།

ནང་ནས་རང་ལ་ངེས་ཤེས་མ་སྐྱེས་ན།།

ཆོས་དང་བླ་མའི་མོས་གུས་རྡུགས་པར་གདའ།།

འཁོར་བའི་སྡིག་སྤྱོད་མི་དགེ་མ་སྤངས་ན།།

འཕགས་པའི་ཐུགས་རྗེས་འདྲེན་པ་རྡུགས་པར་གདའ།།

གཅིག་ཏུ་ཨ་འཐས་བདེན་ཞེན་མི་འདོར་ན།།

ཕྱོགས་རིས་མེད་པའི་གདམས་པ་རྡུགས་པར་གདའ།།

ཞེས་གསུངས་པ་སྟེ། ཆོས་ཡིན་ཡང་མཐུ་རྡུགས་པར་བསྟན་པ་རྣམ་པ་དྲུག་ནི། སློབ་མ་རང་ཉིད་ཀྱིས་ནང་ནས་ཉོན་མོངས་པའི་དགྲ་དེ་དགྲ་བོ་ཡིན་པ་རུ་མ་མཐོང་ན། ཕྱི་ནས་བླ་མས་ལན་བརྒྱར་གསུངས་ཀྱང་བླ་མའི་གདམས་པ་མཐུ་རྡུགས་ནས་གོ་མི་ཆོད་པར་འགྱུར་བ་དང་། འདིར་སྣང་ཚེ་འདིའི་དོན་མེད་པའི་བྱ་བ་ཐམས་ཅད་བསྐྱུར་ནས་རྒྱབ་ཏུ་མ་བོར་ན། ཉམས་ལེན་འགྲུབ་པའི་དུས་ཤིག་མེད་པར་རྡུགས་པར་གདའ་བ་དང་། གསོན་ཚེ་ད་ལྟའི་སྐབས་འདིའི་ཟས་གོས་ཙམ་མ་ཡིན་པར་རྒས་ཀའི་དུས་བེད་སྤྱོད་གཏང་རྒྱུ་དང་། ཤི་རྗེས་ཀྱི་ཆོས་སྐལ་དགེ་ལས་ལ་སོགས་པའི་གྲབས་ཤོམ་ཕྱི་ཚིས་ཀྱི་སྡུག་དོགས་དེ་མ་སྤངས་ན། སྙིང་ནས་བརྩོན་པའི་དམ་ཆོས་བསླད་མེད་ཕན་ཐོགས་ཅན་གྱི་མཐུ་རྡུགས་པར་གདའ་བ་དང་། ནང་ནས་ཚུར་རང་གི་རྒྱུད་ལ་ངེས་ཤེས་ཤིག་མ་སྐྱེས་ན། ཆོས་ཟབ་མོ་དང་བླ་མ་བཟང་པོའི་མན་ངག་ཡིན་ཡང་དེ་མཐུ་རྡུགས་པར་གདའ་བ་དང་། འཁོར་བའི་སྡིག་པ་ལ་སྤྱོད་པའི་མི་དགེ་བ་རང་ཉིད་ཀྱིས་མ་སྤངས་ན། འཕགས་པའི་ཐུགས་རྗེ་ཁོ་ནས་འདྲེན་དགོས་དུས་དཀའ་བ་ཡིན་པས་རང་གིས་ཡར་འཐམ་པ་དང་། འཕགས་པས་ཡར་འཐེན་པ་གཉིས་ཀ་གང་ཞིག་མ་འཛོམས་ན་ཡང་མཐུ་རྡུགས་པར་གདའ་བ་དང་། གཅིག་ཏུ་ཨ་འཐས་པའི་བདེན་འཛིན་གྱི་ཞེན་པ་འདི་མི་འདོར་བ་ཞིག་ཡིན་ན། ཕྱོགས་རིས་མེད་པའི་གདམས་པ་གང་ཡིན་ཡང་མཐུ་རྡུགས་པར་གདའ་འོ།།

༣༣༥ ཡི་ཆད་དགོད་རེ་བྲོ་བའི་ཆོས་དྲུག་བསྟན་པ།

ཡི་ཆད་དགོད་རེ་བྲོ་བའི་ཆོས་དྲུག་ནི།།

འདུག་དང་མི་འདུག་རང་དབང་ཆ་མེད་པའི།།

གནས་ཀྱི་སོ་ཚིས་ཡི་ཆད་དགོད་རེ་བྲོ།།

སྤྱོད་དང་མི་སྤྱོད་རང་དབང་ཆ་མེད་པའི།།

ནོར་གྱི་གསོག་གྲུན་ཡི་ཆད་དགོད་རེ་བྲོ།།

གོན་དང་མི་གོན་རང་དབང་ཆ་མེད་པའི།།

གོས་ཀྱི་རྩོལ་སྒྲུབ་ཡི་ཆད་དགོད་རེ་བྲོ།།

ཟ་དང་མི་ཟ་རང་དབང་ཆ་མེད་པའི།།

ཟས་ཀྱི་བྱ་བྱེད་ཡི་ཆད་དགོད་རེ་བྲོ།།

འགྲོགས་དང་མི་འགྲོགས་རང་དབང་མེད་པ་ཡི།།

གྲོགས་ཀྱི་ཉེས་ཁ་ཡི་ཆད་དགོད་རེ་བྲོ།།

བསྟོངས་དང་མི་བསྟོངས་རང་དབང་མེད་པ་ཡི།།

བུ་ཚའི་གཅེས་སྤྲས་ཡི་ཆད་དགོད་རེ་བྲོ།།

འཇིག་རྟེན་འཁྲུལ་བའི་སྤྱོད་པ་མཐོང་ཙ་ན།།

ཡི་ཆད་དགོད་རེ་བྲོ་བ་ཤིན་ཏུ་མང༌།།

ཞེས་གསུངས་པ་སྟེ། རྟག་འཛིན་ལ་སོགས་པས་ཚོད་མ་ཐིག་པའི་བྱ་བ་ཡི་ཆད་དགོད་རེ་བྲོ་བའི་ཆོས་དྲུག་ནི། འདུག་དང་མི་འདུག་གི་རང་དབང་ཡོད་མེད་ཀྱི་ཆ་མེད་པའི་མཁར་ལས་སོགས་གནས་ཀྱི་བཟོ་བཀོད་ཀྱི་སོ་ཚིས་མང་པོ་བྱེད་པ་ནི་ཡི་ཆད་དགོད་རེ་བྲོ་བའི་སྣང་ཚུལ་ཞིག་ཡིན་པ་དང་། རྒྱུ་རྫས་ལོངས་སྤྱོད་ལ་སྤྱད་པའི་དབང་ཡོད་མེད་ཀྱི་ཆ་མེད་པའི་མི་ཚེ་གང་པོ་ནོར་གྱི་གསོག་གྲུན་ལ་འབད་ནས་གསོག་པ་དེ་ཡི་ཆད་དགོད་རེ་བྲོ་བ་སྟེ། སྤྱིར་ན་རྒྱུ་ནོར་ལོངས་སྤྱོད་དུ་གྲགས་པ་འདི་དག་ནི་ཐུན་མོང་བ་ལས་མེད་དེ། གང་ཟག་སོ་སོ་ལ་རང་གི་ལས་དང་བསྟུན་པའི་ཟ་གོན་རེ་བྱེད་པའི་དབང་ཡོད་པས། རྒྱུ་ནོར་དེ་རང་གི་ལག་ཏུ་ཡོད་དུས་ངའི་ཡིན་བསམ་པ་ཡིན་ཡང་དེ་ནི་དུས་ཉི་ཚེ་བ་ཡིན་པས་དེ་གཞན་ཞིག་གི་ལག་ཏུ་ངེས་པར་འགྲོ་བ་ཡིན། དེའི་ཚེ་དེས་ཀྱང་ཉིན་ཤས་ཀྱི་རིང་ལ་ངའི་ཡིན་སྙམ་པར་བྱེད་པ་ཡིན། དཔེར་ན་བོད་ཀྱི་རྒྱུ་ནོར་རྩ་ཆེན་དུ་བརྩི་བའི་གཟི་ལྟ་བུ་ཞིག་གམ། ད་དུང་དེ་བས་ཀྱང་ཡུན་རིང་བའི་ཕ་ལམ་གྱི་རིགས་འདི་ལྟ་བུ་ལ་མཚོན་ན་བདག་པོ་ཤིན་ཏུ་མང་པོས་ལག་བརྒྱུད་བྱས་ནས་བྱུང་བ་ཡིན་ལ། དེ་བཞིན་དུ་ས་ཆ་དང་ཡུལ་རིས། ཁང་ཁྱིམ་དང་མངའ་འབངས་ལ་སོགས་པའི་ལོངས་སྤྱོད་ཐམས་ཅད་དེ་དང་དེའི་རང་བཞིན་ཞིབ་ཏུ་དཔྱད་ན་བཞད་གད་བྲོ་བའི་ཆོས་སུ་ཡོད་པའོ། །དེ་བཞིན་དུ་གོན་ལོང་ཡོད་མེད་མི་ཤེས་པས་གོན་དང་མི་གོན་གཉིས་ཀྱི་རང་དབང་རང་ལ་ཆ་མེད་པའི་གོས་ཀྱི་རྩོལ་སྒྲུབ་བྱེད་པ་འདིའང་ཡི་ཆད་དགོད་རེ་བྲོ་བ་ཡིན་པ་དང་། དེ་བཞིན་དུ་བསགས་པར་བྱས་པ་དེ་ནམ་ཟ་དང་། ཟ་བའི་ལོང་གི་རང་དབང་ཡོད་མེད་ཀྱི་ཆ་མེད་པའི་ཟས་ཀྱི་བྱ་བྱེད་ཀྱི་འདུ་འགོད་བྱེད་པ་འདི་ཡི་ཆད་དགོད་རེ་བྲོ་བ་དང་། འགྲོགས་དང་མི་འགྲོགས་ཀྱི་རང་དབང་མེད་པ་ཡི་གྲོགས་ཀྱི་ཆེད་དུ་ཉེས་ཆ་དང་ཉེན་ཁ་ལ་མ་འཛེམས་པ་དེ་ཚོ་ཡི་ཆད་དགོད་རེ་བྲོ་བ་དང་། བསྟོངས་དང་མི་བསྟོངས་ཏེ་ཕན་འདོགས་དང་མི་འདོགས་ཀྱི་རང་དབང་མེད་པར་མི་ལོ་བཅུ་ཕྲག་ཁ་ཤས་ཀྱི་མཚམས་ནས་གཏན་བྲལ་དུ་འགྲོ་བའི། བུ་ཚའི་གཅེས་སྤྲས་བྱེད་པ་དེ་ཡི་ཆད་དགོད་རེ་བྲོ་བ་སྟེ། དེ་དང་དེ་འདྲ་བའི་འཇིག་རྟེན་འཁྲུལ་བའི་སྤྱོད་པ་སྣ་ཚོགས་མཐོང་ཙ་ན། ཡི་ཆད་དགོད་རེ་བྲོ་བ་ཤིན་ཏུ་མང༌ངོ་།།

༣༣༦ དགོས་པ་དྲུག་གི་རྣམ་གྲངས་བསྟན་པ།

དགོས་པ་དྲུག་གི་རྣམ་གྲངས་བསྟན་པ་ནི།།

འཇིག་རྟེན་བྱ་བ་ཅིས་ཀྱང་འབོར་དགོས་ཤིང༌།།

མ་རིག་མུན་པ་ཅིས་ཀྱང་སངས་པ་དགོས།།

གཟུང་འཛིན་མཁར་པོ་ཅིས་ཀྱང་འགྱེལ་དགོས་ཤིང༌།།

ཉམས་རྟོགས་ཡོན་ཏན་ཅིས་ཀྱང་གོང་འཕེལ་དགོས།།

ཟུང་འཇུག་ཡེ་ཤེས་ཅིས་ཀྱང་འཆར་དགོས་ཤིང༌།།

སྐུ་གསུམ་ནོར་བུ་ཅིས་ཀྱང་ལོན་པ་དགོས།།

ཞེས་གསུངས་པ་སྟེ། བླང་དགོས་པ་དྲུག་གི་རྣམ་གྲངས་བསྟན་པ་ནི། ཆོས་པ་ཞིག་བྱེད་བསམ་ནས་བཟུང་སྟེ་འཇིག་རྟེན་གྱི་བྱ་བ་འདི་ངེས་པར་དུ་བློས་གཏོང་དགོས་པ་ལས་འཇིག་རྟེན་གྱི་བྱ་བ་བློས་གཏོང་མ་ནུས་པར་ཚེ་འདི་ལ་ཞེན་ན་ཆོས་པ་མིན་པ་དེས་ན་འཇིག་རྟེན་གྱི་བྱ་བ་ཅིས་ཀྱང་འབོར་དགོས་ཤིང༌། འཇིག་རྟེན་གྱི་བྱ་བ་དོར་བ་ཙམ་གྱིས་མ་ཚད་པར་རིག་པའི་ཡེ་ཤེས་བསྟེན་ནས་མ་རིག་པའི་མུན་པ་ཅིས་ཀྱང་དྭངས་ཤིང་སངས་པ་ཞིག་བྱེད་དགོས། གཟུང་བ་དང་འཛིན་པའི་མཁར་ཆེན་པོ་འདི་ཅིས་ཀྱང་རྨང་ནས་འགྱེལ་བར་བྱས་ཏེ་མེད་པར་བྱེད་དགོས་ཤིང་། དེ་དང་མཉམ་དུ་ཉམས་དང་རྟོགས་པའི་ཡོན་ཏན་ཅིས་ཀྱང་གོང་དུ་འཕེལ་བར་བྱ་དགོས་ལ། ཟུང་འཇུག་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ཉིད་ཅིས་ཀྱང་འཆར་དགོས་ཤིང༌། ཟད་མི་ཤེས་པའི་ཡོན་ཏན་དང་ལྡན་པའི་སྐུ་གསུམ་གྱི་ནོར་བུ་དེ་ཉིད་ཅིས་ཀྱང་ལོན་པར་བྱ་དགོས་སོ།།

༣༣༧ ཡ་ཆའི་རྣམ་གྲངས་དྲུག་པོ་བསྟན་པ།

ཡ་ཆའི་རྣམ་གྲངས་དྲུག་པོ་བསྟན་པ་ནི།།

རབ་ཏུ་བྱུང་ནས་ལོ་མང་ལོན་ན་ཡང༌།།

སྲུང་སྡོམ་གནང་བཀག་མི་ཤེས་ཡ་རེ་ཆ།།

ཆོས་སྒོར་ཞུགས་ནས་ལོ་མང་ལོན་ན་ཡང༌།།

དགེ་སྡིག་ད་གཟོད་བསླབ་དགོས་ཡ་རེ་ཆ།།

ཐེག་ཆེན་ཞུགས་ནས་ལོ་མང་ལོན་ན་ཡང༌།།

སེམས་བསྐྱེད་བསླབ་ཕྱོགས་མི་ཉེ་ཡ་རེ་ཆ།།

ཐོས་བསམ་བྱས་ནས་ལོ་མང་ལོན་ན་ཡང༌།།

ཉམས་ལེན་བློ་ཁ་མ་ཕྱོགས་ཡ་རེ་ཆ།།

སྒོམ་པ་བྱས་ནས་ལོ་མང་ལོན་ན་ཡང༌།།

དྲོད་རྟགས་ཡོན་ཏན་མ་སྐྱེས་ཡ་རེ་ཆ།།

ལྟ་བ་རྟོགས་ནས་ལོ་མང་ལོན་ན་ཡང༌།།

དངོས་ཞེན་འཁྲུལ་བ་མ་ཞིག་ཡ་རེ་ཆ།།

འདི་དག་མཁར་ལས་ཐོག་མར་བྱས་རྗེས་སུ།།

རྩིག་རྨིང་གདོད་ནས་བླང་བ་ཤིན་ཏུ་མཚར།།

བརྟགས་ཤིང་དགོད་བྲོ་བསམས་ཤིང་ཡི་མུག་པས།།

དམ་པ་བསྟེན་ལ་ཐོས་བསམ་སྒོམ་པ་སྒྲུབས།།

ཞེས་གསུངས་པ་སྟེ། ཡ་རེ་ཆ་བའམ་ཡི་རེ་མུག་པའི་རྣམ་གྲངས་དྲུག་པོ་བསྟན་པ་ནི། རབ་ཏུ་བྱུང་བ་དགེ་ཚུལ་གྱིས་མ་ཚད་དགེ་སློང་གི་སྡོམ་པ་མནོས་ནས་ལོ་མང་ལོན་ན་ཡང༌། ཆོས་འདུལ་བ་མི་ཤེས་བན་དེ་སྐྱིད་ཅེས་པ་ལྟར་དུ་ད་དུང་སྲུང་སྡོམ་གནང་བཀག་གི་གནས་རྣམས་མི་ཤེས་པ་ནི་ཡ་རེ་ཆ་བའམ་ཡི་རེ་མུག་པ་དང་། རང་རེ་རྫོགས་ཆེན་པའི་ཆོས་བརྒྱུད་འདི་ལ་མཚོན་ན་དགེ་ཚུལ་གསར་བུ་ཞིག་ཐོག་མར་ཡར་ཞུགས་དུས་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་ཀཱ་རི་ཀཱ་ལྔ་བཅུ་བ་ཐོས་བསམ་དང་རྩ་བ་ཡང་བློ་འཛིན་བྱེད་དུ་འཇུག་པ་ཡིན། དེ་ནས་ངེས་འབྱུང་དང་བྱང་སེམས། ཡང་དག་པའི་ལྟ་བ་རྣམ་དག་ཅིག་རྒྱུད་ལ་སྐྱེ་བའི་ཆེད་དུ་རྩ་འཇུག་བཞི་སྤྱོད་ཟབ་མོ་དབུ་མའི་གཞུང་ནས་དབུ་བཙུགས་ཏེ་སྦྱང་དགོས་པས་མ་ཚད་དེ་དང་མཉམ་དུ་འདུལ་བ་གསུངས་དར་བ་ཡིན། དགེ་ཚུལ་སློང་ཐམས་ཅད་ཀྱིས་སྡོམ་པ་ཞུས་པ་ཙམ་གྱིས་མི་ཚད་པར་བསྲུང་བྱའི་བསླབ་པའི་གཞི་ཐམས་ཅད་ཤེས་པའི་དོན་དུ་བསྟན་རྩ་དམ་ཆོས་འདུལ་བའི་རྩ་བ་དེ་བརྟན་པོ་ཞིག་ཚུགས་པར་བྱས་ཏེ། དེ་ནས་མཛོད་དང་ཕར་ཕྱིན་སོགས་ལ་འཇུག་པ་ནི་བསྟན་པའི་བབས་ལ་གཟིགས་པའི་ཕྱག་སྲོལ་རྣམ་དག་དེ་ལྟར་མཛད་ཡོད་པ་ཡིན། དེས་ན་བསྟན་པ་ལ་ཞུགས་ཚད་པོས་འདུལ་བ་ཤེས་དགོས་པ་དང་། ཁྱད་པར་དུ་བསྟན་འཛིན་གྱི་སྐྱེས་བུ་དག་གིས་འདུལ་བ་མཁྱེན་དགོས་པ་ཡིན། ཆོས་སྒོར་ཞུགས་ནས་ལོ་མང་ལོན་ཞིང་དེ་བཞིན་དུ་ཆོས་ཀྱང་མང་དུ་ཐོབ་ཡོད་ཀྱང་། དགེ་སྡིག་བླང་དོར་གྱི་གནས་རྣམས་ད་གཟོད་བསླབ་དགོས་པ་ནི་ཡ་རེ་ཆ་བ་དང་། ཐེག་ཆེན་གྱི་ཆོས་སྒོ་རུ་གཟུགས་བརྙན་ཙམ་གྱིས་ཞུགས་ནས་ལོ་མང་པོ་ཞིག་ལོན་ན་ཡང༌། སེམས་བསྐྱེད་ཀྱི་བསླབ་པའི་ཕྱོགས་སུ་མི་ཉེ་བ་ནི་ཡ་རེ་ཆ་བ་སྟེ། དེ་ཚོའི་ཕྱོགས་ལ་རང་བསམ་རང་གིས་བཏང་ན་ཆུང་ནས་ཆོས་ལ་ཞུགས། ཆོས་ཐེག་ཆེན་གྱིས་མ་ཚད་རྫོགས་ཆེན་ལ་བསྙབས་ནས་ཡོད་ཀྱང་། མགོ་མཐོ་ས་ན་བཏགས་ཀྱང་སྐེ་དམའ་ས་ནས་ཆད་ཅེས་པའི་དཔེ་ལྟར་དུ། ཐེག་ཆེན་མ་དགོས་ཐེག་དམན། ཐེག་དམན་མ་དགོས་ནང་བའི་སྐྱབས་འོག་ཏུ་ཚུད་ཡོད་མེད་ཀྱང་འཕྱང་མོ་ཉུག་ལ་ཐོན་ནས་ཡ་ཆ་ཡི་མུག་གི་གནས་མང་བ་དང་། འོན་ཀྱང་ཡི་མུག་ནས་འདུག་རྒྱུ་ཡོད་པ་མིན་ཏེ། ཤི་མདའ་དགུ་བརྒྱབ་ན་སོས་པའི་རེ་བ་དང་། སྤྲང་བེར་ཀ་བཟུང་ན་ཕྱུག་པའི་རེ་བ་ཞེས་པ་ལྟར་དུ། ཐར་བའི་ལམ་སྣ་ཡིན་གཅིག་མིན་གཉིས་ཨེ་ཟིན་བལྟ་དགོས་པ་ཡིན། ཐོས་བསམ་གྱི་གཟུགས་བརྙན་ཙམ་ཞིག་བྱས་ནས་ལོ་མང་པོ་ལོན་པ་ཡིན་ན་ཡང༌། ཉམས་ལེན་གྱི་ཕྱོགས་སུ་བློ་ཁ་མ་ཕྱོགས་པ་ནི་ཡ་རེ་ཆ་ལ་ཡི་རེ་མུག་པ་ཡིན་པ་དང་། འདི་དག་ཐམས་ཅད་གདམས་ངག་མཚང་ཐོག་ལ་རྒོལ་བ་རེད། ཉམས་ལེན་ཁས་བཤད་ནས་ལོ་མང་པོ་སོང་ཡོད་ཀྱང་ཉམས་ལེན་གྱི་ཕྱོགས་ཙམ་ཞིག་རང་རྒྱུད་ལ་ཉེ་ཡོད་པ་མིན་ཞིང་། ད་སྔོན་མ་ཉེ་ན་བླ་ཡང་ད་དུང་ཉེ་བའི་ཤོམ་ར་ཞིག་མེད་དུས་ཡི་ཆད་སྡུག་གི་མཆི་མ་གང་ན་འཕོ་དགོས་མི་ཤེས་ས་རུ་ཐུག་པ་རེད། སྒོམ་པ་བྱས་ནས་ལོ་མང་ལོན་ཞིང་གདམས་ངག་མིང་གང་ཆེ་དང་དབང་ཁྲིད་གང་ཟབ་ཟབ་ཞུས་ནས་ཡུན་རིང་སོང་ན་ཡང༌། དད་པ་དང་སྙིང་རྗེ། ངེས་འབྱུང་དང་བློ་སྣ་ཇེ་ཐུང་ཙམ་ཞིག་སོང་མེད་པའི་ཚུལ་ལ་བལྟས་ན་ད་རུང་དྲོད་རྟགས་ཀྱི་ཡོན་ཏན་ཁྱད་པར་ཅན་མ་སྐྱེས་པ་ཡ་རེ་ཆ་ཞིང་ཡི་རེ་མུག་པའི་གནས་ཡིན་པ་དང་། ལྟ་བ་རྟོགས་ཡོད་མདོག་པར་བྱས་ནས་ལོ་མང་རབ་ལོན་ན་ཡང༌། དངོས་ཞེན་གྱི་འཁྲུལ་བ་མ་ཞིག་སྟེ་ཚིག་རྩུབ་མོ་ཙམ་ཞིག་གི་སྣ་མ་ཁྱོག་ན་ཡི་རེ་མུག་ཡ་རེ་ཆ་བ་སྟེ། འདི་དག་དཔེར་ན་མཁར་གྱི་ལས་ཀ་དེ་ཐོག་མར་བྱས་རྗེས་སུ། རྩིག་རྨིང་ད་གདོད་གཞི་ནས་བྱེད་པ་དང་འདྲ་བར་ཤིན་ཏུ་མཚར་བའམ་སྨད་པའི་གནས་སོ། །འདི་དག་ལ་བརྟགས་ཤིང་བརྟགས་ན་དགོད་བྲོ་བ་དང་། བསམས་ཤིང་བསམས་ན་ཡི་མུག་པའི་གནས་སུ་འདུག་པས། བཤེས་གཉེན་དམ་པ་ལ་སྒོ་གསུམ་གུས་པ་ཆེན་པོས་བསྟེན་ཏེ་གསུང་གི་བདུད་རྩི་མནོས་ནས་ཐོས་བསམ་སྒོམ་པ་སྒྲུབས་ཤིག་དང་དེ་འདྲའི་ཡི་མུག་བྱེད་མི་དགོས་སོ།།

༣༣༨ ཆོས་ཉིད་རང་ཆས་གནད་དྲུག་བསྟན་པ།

ཆོས་ཉིད་རང་ཆས་གནད་དྲུག་བསྟན་པ་ནི།།

མ་བརྟག་མ་དཔྱད་རང་ངོ་རང་གིས་མཐོང༌།།

མ་བསམས་མ་ཕྱིས་འཁོར་བ་ཀ་ནས་དག།

མ་བཅད་མ་བཀྲོལ་མཚན་མ་རང་སར་གྲོལ།།

མ་བཙལ་མ་བསྒྲུབས་སྐུ་ལྔ་ལྷུན་གྱིས་གྲུབ།།

མ་སྤངས་མ་བླངས་སྐྱོན་ཡོན་མཐའ་ལས་འདས།།

མ་བྱས་མ་འབད་འཕྲིན་ལས་ལྷུན་གྱིས་གྲུབ།།

དེ་ལྟར་སུས་ཤེས་སྙིང་པོའི་གནད་ལ་མཁས།།

ཞེས་གསུངས་པ་སྟེ། ཆོས་ཉིད་གཞན་ནས་བཙལ་མི་དགོས་པར་རང་ཆས་སུ་ཡོད་པའི་གནད་དྲུག་བསྟན་པ་ནི། རང་ལས་མ་གཏོགས་པར་གཞན་ནས་བཙལ་ཏེ་རྙེད་དུ་མེད་པས་མ་བརྟགས་མ་དཔྱད་པར་རང་བབས་ལ་ཞོག་དང་རང་ལ་ཡོད་པའི་ཆོས་ཉིད་ཀྱི་རང་ངོ་རང་གིས་མཐོང༌བར་འགྱུར་བ་ཡིན། ཆེད་དུ་མ་བསམས་རྩོལ་བས་བྱི་དོར་བྱས་ཏེ་མ་ཕྱིས་པར་འཁོར་བ་ཁོ་རང་གི་ངོ་བོ་ཀ་ནས་དག་པའམ་གདོད་ནས་དག་པ་ཡིན་པ་དང་། ཆེད་དུ་གཟུང་འཛིན་གྱི་ཐག་པ་མ་བཅད་ཅིང་ཞེན་འཛིན་གྱི་མདུད་པ་མ་བཀྲོལ་ཡང་སྤྲོས་པའི་མཚན་མ་རང་སར་གྲོལ་ནས་ཡོད་པ་དང་། གཞན་དུ་མ་བཙལ་ཞིང་གང་དུ་ཡང་མ་བསྒྲུབས་ཀྱང་སྐུ་ལྔ་རང་ཤུགས་ཀྱིས་ལྷུན་གྱིས་གྲུབ་པ་དང་། སྐྱོན་ཆེད་དུ་མ་སྤངས་ཤིང་ཡོན་ཏན་ཆེད་དུ་མ་བླངས་ཀྱང་། གནས་ལུགས་འཁྲུལ་མ་མྱོང་བ་དེ་ཇི་ལྟ་བུ་ཞིག་ཡིན་ན་སྐྱོན་ཡོན་གཉིས་ཀྱི་མཐའ་ལས་འདས་པ་ཞིག་ཡིན་པ་དང་། མ་བྱས་མ་འབད་ཀྱང་སྣ་ཚོགས་པའི་འཕྲིན་ལས་ཐམས་ཅད་ཡེ་ནས་ལྷུན་གྱིས་གྲུབ་པ་ཡིན་པ་སྟེ། དེ་ལྟ་བུའི་གནད་དེ་དག་སུས་ཤེས་སྙིང་པོའི་དོན་ལ་མཁས་པའོ།།

༣༣༩ བཤེས་གཉེན་མཁས་པའི་གདམས་ངག་རྣམ་དྲུག་བསྟན་པ།

བཤེས་གཉེན་མཁས་པའི་གདམས་ངག་རྣམ་དྲུག་ནི།།

དད་མེད་དད་པ་བསྐྱེད་ལ་མཁས་པ་དང༌།།

བླང་དོར་གནས་ལ་སློབ་པར་མཁས་པ་དང༌།།

སྒྲུབ་པས་གནད་དུ་གཏོང་ལ་མཁས་པ་དང༌།།

བར་ཆད་བགེགས་ལས་སྐྱོབ་པར་མཁས་པ་དང༌།།

ཟུང་འབྲེལ་སྙན་བརྒྱུད་སྟོན་ལ་མཁས་པ་དང༌།།

རྐྱེན་ངན་ལམ་དུ་བསྒྱུར་ལ་མཁས་པའོ།།

ཞེས་གསུངས་པ་སྟེ། བཤེས་གཉེན་མཁས་པའི་མཚན་ཉིད་བརྟག་པའི་གདམས་ངག་རྣམ་དྲུག་དེ་གང་ཡིན་ན། དད་པ་མེད་པའི་མི་ལ་དད་པ་བསྐྱེད་པའམ་དད་པ་ཡོད་འཇུག་པ་ལ་མཁས་པ་དང༌། བླང་བྱ་དགེ་བའི་ལས་དོར་བྱ་མི་དགེ་བའི་ལས་ཀྱི་ཕན་ཡོན་དང་ཉེས་དམིགས་བསྟན་པའི་སྒོ་ནས་དགེ་སྡིག་བླང་དོར་གྱི་གནས་ལ་གདུལ་བར་བྱ་བ་དག་སློབ་པར་བྱེད་པ་ལ་མཁས་པ་དང༌། སྒྲུབ་པ་ཉམས་ལེན་གྱིས་གནད་དུ་གཏོང་བའམ་གནད་ལ་ཁེལ་དུ་འཇུག་པ་ལ་མཁས་པ་དང༌། སྒོམ་སྒྲུབ་ཀྱི་སྐབས་སུ་སྤྱིར་བར་ཆད་དང་བགེགས། ཁྱད་པར་དུ་སྒོམ་པའི་སྐྱོན་ལས་སྐྱོབ་པར་མཁས་པ་དང༌། ལྟ་སྤྱོད་ཟུང་དུ་འབྲེལ་བའི་མན་ངག་སྙན་བརྒྱུད་སྟོན་པའི་གནད་ལ་མཁས་པ་དང༌། རྐྱེན་ངན་ལམ་དུ་བསྒྱུར་ལྟས་ངན་གཡང་དུ་ལེན་པ་ལ་མཁས་པ་སྟེ། དེ་ལྟ་བུའི་དགེ་བའི་བཤེས་གཉེན་དང་འཕྲད་ན་མཚན་ལྡན་གྱི་བླ་མ་ཡིན་པའོ།།

༣༤༠ རིགས་པ་དྲུག་གི་རང་བཞིན་བསྟེན་པ།

རིགས་པ་དྲུག་གི་རང་བཞིན་བསྟེན་པ་ནི།།

ཐ་མལ་ནད་ལ་སྨན་པ་བསྟེན་ཚོད་དུ།།

འཁོར་བའི་ནད་འབྱིན་བླ་མ་བསྟེན་པར་རིགས།།

འཇིགས་པའི་འཕྲང་ལ་སྐྱེལ་མ་བསྟེན་ཚོད་དུ།།

བར་དོའི་སྐྱབས་ལ་བླ་མ་བསྟེན་པར་རིགས།།

གྲོས་འདུན་ཆེད་དུ་རྒན་རབས་བསྟེན་ཚོད་དུ།།

གཏན་གྱི་གྲོས་འདུན་བླ་མ་བསྟེན་པར་རིགས།།

ཁ་ཉེན་དབང་གིས་རྗེ་དཔོན་བསྟེན་ཚོད་དུ།།

རྐྱེན་ངན་ཞི་ཕྱིར་བླ་མ་བསྟེན་པར་རིགས།།

གྲུ་པས་ཐབས་མཁས་མཉན་པ་བསྟེན་ཚོད་དུ།།

སྡུག་བསྔལ་མཚོ་སྒྲོལ་བླ་མ་བསྟེན་པར་རིགས།།

ཚོང་པས་རྒྱ་མཚོའི་དེད་དཔོན་བསྟེན་ཚོད་དུ།།

བྱང་ཆུབ་འགྲུབ་ཕྱིར་བླ་མ་བསྟེན་པར་རིགས།།

ཞེས་གསུངས་པ་སྟེ། རིགས་ཤིང་འཐད་ཅིང་སྒྲུབ་པར་འོས་པའི་གདམས་ངག་དྲུག་གི་རང་བཞིན་བསྟེན་དགོས་པར་གདམས་པ་ནི། ཐ་མལ་གྱི་ལུས་ཁམས་མི་བདེ་བའི་ནད་འབྱིན་པའི་ཆེད་དུ་སྨན་པ་བསྟེན་པའི་ཚོད་དུ། འཁོར་བའི་གཅོང་ནད་ཆེན་པོ་འདི་འབྱིན་ནས་གཏན་གྱི་སྡུག་བསྔལ་སེལ་བར་བྱེད་པ་ལ་བླ་མ་དམ་པ་སྨན་པ་མཁས་པ་ལྟ་བུ་འདི་དེ་བས་ཀྱང་བསྟེན་པར་རིགས་པ་དང་། འཇིགས་པ་ཆེན་པོ་ཡོད་སའི་ཉམ་ང་བའི་འཕྲང་ལ་འགྲོ་བའི་སྐབས་སུ་སྐྱེལ་མ་དཔའ་བོ་བསྟེན་པའི་ཚོད་ཙམ་དུ། ཤི་བར་དོའི་འཇིགས་སྐྲག་གི་སྐབས་སུ་ཐོན་དུས་དེའི་སྐྱབས་ལ་བླ་མ་བསྟེན་པར་རིགས་པ་དང་། འཇིག་རྟེན་གྱི་གྲོས་འདུན་གྱི་ཆེད་དུ་ཕ་ཁུ་རྒན་རབས་ཐམས་ཅད་ལ་བློ་འདྲི་ཡུལ་གྱི་བློ་ཕུགས་གྲོས་ཕུགས་ལ་བཞག་ནས་བསྟེན་པའི་ཚོད་ཙམ་དུ། གཏན་གྱི་གྲོས་འདུན་སྒྲུབ་པའི་ཆེད་དུ་བླ་མ་དམ་པ་ལ་ཅིས་ཀྱང་བསྟེན་པར་རིགས་པ་དང་། ཁ་ཉེན་ནམ་ཁས་དམན་དབང་ཆུང་དུ་གྱུར་ནས་གཞན་གྱིས་བརྙས་ཤིང་སྨོད་དུས་དེའི་དབང་གིས་རྗེ་དཔོན་དམ་པ་ཞིག་སྐྱབས་སུ་བཙལ་ནས་བསྟེན་པའི་ཚོད་དུ། འཕྲལ་རྐྱེན་ངན་པའི་བར་ཆད་ཞི་བའི་ཕྱིར་དུ་བླ་མ་དམ་པ་ལ་བསྟེན་པར་རིགས་ཤིང་འོས་པ་དང་། ཆུ་བོའི་ཕ་རོལ་དུ་བདེ་བླག་ཏུ་ཐོན་དགོས་པའི་གྲུ་དོན་གཉེར་བྱེད་པའི་མི་ཞིག་གིས་ཐབས་མཁས་ཀྱི་མཉན་པའམ་གྲུ་བ་བསྟེན་ཚོད་ལྟར་དུ། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདི་ལས་སྒྲོལ་བར་བྱེད་པ་ལ་བླ་མ་དམ་པ་དེད་དཔོན་ལྟ་བུ་དེ་བསྟེན་པར་རིགས་པ་དང་། རྒྱ་མཚོའི་གླིང་དུ་ནོར་བུ་ལེན་དུ་འགྲོ་བའི་ཚོང་པས་རྒྱ་མཚོ་ལས་སྒྲོལ་བར་བྱེད་པའི་དེད་དཔོན་བསྟེན་པ་ལྟར་དུ། གཏན་བདེ་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་འགྲུབ་པའི་ཕྱིར་དུ་བླ་མ་དམ་པ་བསྟེན་པར་རིགས་པ་སྟེ། གོང་འོག་གི་དཔེ་རྣམ་པ་དྲུག་ལ་བརྟེན་ནས་འོས་ཤིང་རིགས་པའི་རྣམ་པ་དྲུག་བསྟན་པའོ།།

༣༤༡ ལྟོས་པ་དྲུག་གི་རྣམ་གྲངས་བསྟན་པ།

ལྟོས་པ་དྲུག་གི་རྣམ་གྲངས་བསྟན་པ་ནི།།

ད་ལྟའི་ནད་ཀྱི་སྡུག་བསྔལ་ཟུག་རྔུ་ལྟོས།།

ངན་སོང་གསུམ་གྱི་སྡུག་བསྔལ་བཟོད་དམ་སོམས།།

བཙོན་རར་བཟུང་རྣམས་འབྲོས་པའི་འབད་རྩོལ་ལྟོས།།

འཁོར་བའི་བཙོན་རར་རང་བརླག་བྱེད་དམ་སོམས།།

ཚེ་འདིའི་ལྟོ་གོས་རྩོལ་བ་བྱེད་ལ་ལྟོས།།

གཏན་གྱི་སོ་ནམ་ད་རེས་འཆོར་བ་སོམས།།

ཡུད་ཙམ་འགྲོགས་པའི་གྲོགས་ངན་སྐྱོན་ལ་ལྟོས།།

བཟོད་དཀའི་སེམས་ཅན་འགྲོགས་དཀའ་བཟོད་དམ་སོམས།།

ཐ་མལ་གཡང་སར་བག་ཟོན་བྱེད་ལ་ལྟོས།།

ངན་སོང་གཡང་སར་འགྲོ་བའི་སྡུག་བསྔལ་སོམས།།

ཚེ་འདིའི་བཟའ་ཚོ་ཤི་བའི་མྱ་ངན་ལྟོས།།

གཏན་གྲོགས་ཆོས་དང་བྲལ་བའི་རང་བཞིན་སོམས།།

དེ་ལྟར་བསམས་ན་སྲིད་པའི་ཕ་རོལ་འགྲོ།།

ཞེས་གསུངས་པ་སྟེ། ལྟོས་དང་ཤེས་རྒྱུ་ཡོད་པའི་ལྟོས་པ་དྲུག་གི་རྣམ་གྲངས་བསྟན་པ་ནི། ད་ལྟའི་སྐབས་སུ་རླུང་མཁྲིས་བད་ཀན་ལ་སོགས་པའི་ནད་ཀྱི་སྡུག་བསྔལ་དེ་དང་དེའི་ཟུག་རྔུ་མྱོང་བ་ལ་ལྟོས་དང་། ངན་སོང་གསུམ་གྱི་སྡུག་བསྔལ་ནི་དེ་བས་ཁྲི་འགྱུར་འབུམ་འགྱུར་གྱིས་ཆེ་བས་དེ་བཟོད་ཐུབ་པར་འདུག་གམ་ལེགས་པར་སོམས་ཤིག འཇིག་རྟེན་པའི་བཙོན་རར་བཟུང་བ་རྣམས་ཉེས་ཆད་ཕོག་པར་སྐྲག་ནས་འབྲོས་པའི་ཐབས་ལ་འབད་རྩོལ་བྱེད་ཅིང་བྲོས་ས་ཞིག་ལ་ངེས་པར་མྱུར་དུ་བྲོས་པ་ཡིན་པའི་ཚུལ་ལ་ལྟོས་དང་། དེ་ལས་ཀྱང་ཚབས་ཆེ་བའི་འཁོར་བའི་བཙོན་ར་དེའི་ནང་དུ་རང་གིས་རང་བརླག་བྱེད་པ་ལས་དེ་ནས་འབྲོ་པའི་ཐབས་ལ་མི་བརྩོན་པར་སོས་དལ་དུ་འདུག་པར་ཕོད་དམ་བསམ་བློ་ལེགས་པར་ཐོངས་ཤིག ཚེ་འདིའི་ལྟོ་གོས་ཀྱི་དོན་དུ་རྩོལ་བ་བྱེད་པ་ལ་ལྟོས་དང་། སྐྱེ་བ་ཚེ་རབས་མང་པོའི་གཏན་གྱི་སོ་ནམ་རླབས་ཆེན་དེ་ད་རེས་སྒྲུབ་ཆོག་པས་མ་ཚད་སྒྲུབ་ཤེས་པའི་དུས་སུ་ཐོན་པའི་སྐབས་འདིར་དོན་ཆེན་འཆོར་དུ་འཇུག་པ་རུང་ངམ་ལེགས་པར་སོམས་ཤིག ཡུན་ཐུང་ཐུང་དུས་ཡུད་ཙམ་ཞིག་ལ་འགྲོགས་དགོས་ན་འགྲོགས་དཀའ་བའི་འཁོར་བའི་གནས་ཀྱི་གྲོགས་ངན་གྱི་ངན་སྐྱོན་ལ་ལྟོས་དང་། བཟོད་དཀའ་བའི་སེམས་ཅན་སྐྱོན་ཅན་མང་པོ་དང་ཡུན་རིང་སྐྱེ་བ་མང་པོ་རུ་འགྲོགས་དགོས་ན་དེ་བཟོད་ས་ཨེ་འདུག་སོམས་ཤིག ཐ་མལ་གྱི་གཡང་སར་ལྷུང་ན་ཆུང་ན་རྨ་ཙམ་དང་། འབྲིང་ན་རྐང་ལག་བཅག་པ་དང་། ཆེ་ན་ཚེ་འདིའི་སྲོག་ལ་ཉེན་ཁ་ཡོད་པ་ལ་བག་ཟོན་བྱེད་པ་ལ་ལྟོས་དང་། ངན་སོང་གི་གཡང་ས་ཆེན་པོ་སྐྱེ་བ་ཚེ་རབས་མང་པོ་རུ་སྡུག་བསྔལ་མྱོང་བའི་གནས་དེ་ལ་འཛེམ་དགོས་པར་འདུག་གམ་བསམ་བློ་ཐོངས་ཤིག སྐྱེ་བ་ཚེ་འདིའི་མགྲོན་ཁང་གི་མགྲོན་པོ་ལྟ་བུའི་བཟའ་ཚོ་ཤི་བའི་མྱ་ངན་ལ་ལྟོས་དང་། གཏན་གྱི་གྲོགས་བཟང་པོ་དམ་པའི་ཆོས་དང་བྲལ་བའི་རང་བཞིན་ནི་དེ་བས་བརྒྱ་ཕྲག་གིས་གཞལ་དུ་མེད་པར་སྡུག་པ་ཡིན་ན་འབྲལ་དུ་ཕོད་པར་འདུག་གམ་སོམས་ཤིག་དང་། དེ་ལྟར་བསམས་ན་སྲིད་པའི་ཕ་རོལ་དུ་འགྲོ་བ་ཡིན་ནོ།།

༣༤༢ ཉམས་སུ་ལེན་པའི་མན་ངག་རྣམ་དྲུག་བསྟན་པ།

ཉམས་སུ་ལེན་པའི་མན་ངག་རྣམ་དྲུག་ནི།།

བར་སྣང་ངོས་ལ་ཉི་མ་ཤར་བ་ལྟར།།

རང་བྱུང་ཡེ་ཤེས་གསལ་སྟོང་གནད་ལ་དབབ།།

རི་རབ་རྩེ་ནས་རི་ཕྲན་ཀུན་མཐོང་ལྟར།།

སེམས་ཉིད་དོན་མཐོང་དགོངས་པའི་རྩེ་མོར་དཔྱད།།

གསེར་གླིང་ཕྱིན་དུས་བོང་བ་མི་རྙེད་ལྟར།།

ཡེང་རྐྱེན་ཡུལ་རྣམས་ཆོས་ཉིད་རང་ངོ་སྤྲད།།

སེར་བུ་རྡུལ་བྲལ་མཁའ་ལ་འགྱུ་བ་ལྟར།།

རྣམ་རྟོག་མཚན་མ་རང་སར་དྭངས་སུ་གཞུག།

མཚོན་ཚོགས་འཕངས་པ་མེ་ཏོག་ཆར་གྱུར་ལྟར།།

ཅི་སྣང་ཐམས་ཅད་ཆོས་སྐུའི་ལམ་དུ་བླང༌།།

སེང་གེ་རྩལ་གསུམ་རང་ལ་རྫོགས་པ་ལྟར།།

རེ་དོགས་མཚན་མ་མཉམ་ཉིད་ཟིལ་གྱིས་མནན།།

དེ་ལྟར་སུས་ཤེས་ཡང་ཟབ་གནད་ལ་མཁས།།

ཞེས་གསུངས་པ་སྟེ། འདིའི་ཉམས་སུ་ལེན་པར་འོས་པའི་མན་ངག་རྣམ་པ་དྲུག་ནི། བར་སྣང་གི་ངོས་ལ་ཉི་མ་ཤར་བ་ན་སྟོང་གསལ་མཐའ་དབུས་དང་བྲལ་བ་ལྟར་དུ། རང་བྱུང་གི་ཡེ་ཤེས་ཆོས་ཐམས་ཅད་ཀྱི་གནས་ལུགས་དེའང་གསལ་སྟོང་སྤྲོས་པ་དང་བྲལ་བ་ཞིག་ཡིན་པས་དེའི་གནད་ལ་དབབ་པར་བྱ། རི་རབ་ཀྱི་རྩེ་མོར་སོང་ནས་བལྟས་ན་དམའ་བའི་རི་ཕྲན་ཀུན་དུས་གཅིག་ལ་མཐོང་བ་ལྟར་ཡིན་པས། སེམས་ཉིད་མ་བཅོས་པའི་དོན་མཐོང་བའི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དགོངས་པའི་རྩེ་མོར་གྱུར་བ་ཨ་ཏི་རྫོགས་པ་ཆེན་པོའི་ལྟ་བ་དེའི་ཐོག་ནས་དཔྱད་པ་ཞིག་ཞོག རིན་པོ་ཆེའི་གསེར་གྱི་གླིང་དུ་ཕྱིན་དུས་བོང་བའམ་ས་རྡོ་དང་གྱོ་མོ་ལ་སོགས་པ་ཕལ་བ་མི་རྙེད་པ་ལྟར་ཡིན་པས། ཡེང་རྐྱེན་གྱི་ཡུལ་རྣམས་ཆོས་ཉིད་དུ་གྲོལ་བ་བུད་ཤིང་མེ་རུ་བསྒྱུར་བ་ལ་བུད་ཤིང་ལོགས་ན་མེད་པ་ལྟར་དུ་རང་ངོ་སྤྲད་པར་བྱ། སྟོན་ཀའི་སེར་བུའམ་རླུང་ཕྲན་རྡུལ་དང་བྲལ་བ་མཁའ་ལ་འགྱུ་བ་ལྟར་ཡིན་པས། རྣམ་རྟོག་མཚན་མ་གང་ཤར་ཐམས་ཅད་རང་ས་རང་སར་དྭངས་སུ་གཞུག་དགོས། བདུད་ཀྱི་དཔུང་གིས་བཅོམ་ལྡན་འདས་ཀྱི་སྐུ་ལ་མཚོན་ཆའི་ཆར་འབེབས་དུས་མཚོན་ཆའི་ཚོགས་འཕངས་པ་ཐམས་ཅད་མེ་ཏོག་གི་ཆར་བར་གྱུར་སོང་བ་ལྟར་ཡིན་པས། ཅི་སྣང་གང་ཤར་ཐམས་ཅད་ཆོས་སྐུའི་ལམ་དུ་བླང༌བ། ཅི་ཤར་རིག་སྟོང་རྗེན་པའི་ཟས། །ཅི་འགྱུ་ཆོས་སྐུ་རྒྱལ་པོའི་རྩལ། །ཞེས་གསུངས་པ་ལྟར་བྱ་དགོས་པ་དང་། གཅན་གཟན་གྱི་རྒྱལ་པོ་སེང་གེ་དེ་ལུས་ལ་རྩལ་གསུམ་རང་ཤུགས་ཀྱིས་རྫོགས་ཡོད་པ་ལྟར་ཡིན་པས། རེ་དོགས་ཀྱི་མཚན་མ་ཐམས་ཅད་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་ཟིལ་གྱིས་མནན་པར་བྱ་བ་དེ་ལྟར་སུས་ཤེས་ཀྱང་ཟབ་གནད་ལ་མཁས་པའོ།།

༣༤༣ ཐེག་པའི་ལམ་ཁྱེར་དྲིལ་བའི་ཆོས་དྲུག་བསྟན་པ།

ཐེག་པའི་ལམ་ཁྱེར་དྲིལ་བའི་ཆོས་དྲུག་ནི།།

སྣོད་བཅུད་འཁྲུལ་སྣང་ངོ་སྤྲད་དག་སྣང་ལམ་དུ་ཁྱེར།།

འཁོར་བ་སྡུག་བསྔལ་ངོ་སྤྲད་སྙིང་རྗེ་ལམ་དུ་ཁྱེར།།

འགྲོ་དྲུག་ཕ་མར་ངོ་སྤྲད་བྱམས་པ་ལམ་དུ་ཁྱེར།།

རྒྱུ་འབྲས་རྟེན་འབྲེལ་ངོ་སྤྲད་སྡོམ་གསུམ་ལམ་དུ་ཁྱེར།།

དབང་བཞི་སྒོ་གསུམ་ངོ་སྤྲད་བསྐྱེད་རྫོགས་ལམ་དུ་ཁྱེར།།

སྣང་གྲགས་སེམས་ཉིད་ངོ་སྤྲད་ཆོས་ཉིད་ལམ་དུ་ཁྱེར།།

དེ་དང་ལྡན་ན་གོལ་ས་སྒྲིབ་པ་མེད།།

ཅེས་གསུངས་པ་སྟེ། ཐེག་པའི་ལམ་ཁྱེར་གནད་དུ་དྲིལ་བའི་ཆོས་དྲུག་ནི། སྣོད་བཅུད་འཁྲུལ་སྣང་འདི་དོན་དུ་རྒྱལ་བའི་ཞིང་ཁམས་རྟེན་དང་བརྟེན་པའི་རང་བཞིན་ཅན་ཡིན་པར་ངོ་སྤྲད་ནས་དག་སྣང་ལམ་དུ་ཁྱེར་དགོས་ཏེ་གསང་སྔགས་དག་སྣང་གི་ལམ་ཡིན་པའི་ཕྱིར། འཁོར་བ་ནི་སྡུག་བསྔལ་ཅན་ཆུ་སྲིན་གདུག་པའི་ཁ་ལྟ་བུ་ཡིན་པར་ངོ་སྤྲད་ནས་སྙིང་རྗེ་ལམ་དུ་ཁྱེར་བར་བྱ་དགོས། འགྲོ་དྲུག་ཕ་མ་ཡིན་པར་ངོ་སྤྲད་ནས་ཚད་མེད་བཞི་ལས་བྱམས་པ་ལམ་དུ་ཁྱེར་བ་དང་། རྒྱུ་དང་འབྲས་བུ་རྟེན་ཅིང་འབྲེལ་བ་ལ་བརྟེན་ནས་འབྱུང་བར་ངོ་སྤྲད་ནས་སོ་བྱང་སྔགས་ཀྱི་སྡོམ་གསུམ་ལམ་དུ་ཁྱེར་ཏེ་སྡོམ་དམ་ཚིག་རྣམ་པར་དག་པས་རང་ལམ་གྱི་འབྲས་བུ་བསྐྱེད་པར་བྱེད་པ་དང་། བུམ་པའི་དབང་དང་། གསང་བའི་དབང་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་དང་། ཚིག་དབང་རིན་པོ་ཆེ་སྟེ་དབང་བཞི་བོ་བསྐུར་བས་སྒོ་གསུམ་ཀུན་གཞི་དང་བཅས་པའི་སྒྲིབ་པ་དག་པའི་ཆེད་དུ་ངོ་སྤྲད་ནས་བསྐྱེད་རིམ་དང་རྫོགས་རིམ་ལམ་དུ་ཁྱེར་བར་བྱེད་པ་དང་། སྣང་ཞིང་གྲགས་པའི་ཆོས་ཐམས་ཅད་སེམས་ཉིད་ཆོས་དབྱིངས་སྐྱེ་བ་མེད་པར་ངོ་སྤྲད་ནས་ཆོས་ཉིད་ལམ་དུ་ཁྱེར་བ་སྟེ། དེ་ལྟར་ལམ་ཁྱེར་དེ་དག་གི་གནད་དང་ལྡན་ན་གོལ་ས་དང་སྒྲིབ་པ་མེད་དོ།།

༣༤༤ ལེ་ལོར་མི་འཇོག་གནད་ཀྱི་ཆོས་དྲུག་བསྟན་པ།

ལེ་ལོར་མི་འཇོག་གནད་ཀྱི་ཆོས་དྲུག་ནི།།

དབེན་གནས་བས་མཐའ་བཙལ་འདོད་ཕྱི་ཐལ་འགྲོ།།

སེམས་ལ་གཟུང་འཛིན་དབེན་པར་བྱ་བ་གནད།།

གདམས་ངག་ཚིག་ལས་བཙལ་འདོད་ཕྱི་ཐལ་འགྲོ།།

ཐབས་ལམ་ཉམས་ལེན་ཟབ་མོ་བཙལ་བ་གནད།།

འཚོ་བ་གསོག་གྲུན་ལྟོས་པ་ཕྱི་ཐལ་འགྲོ།།

གང་བྱུང་ཆོག་ཤེས་བྱ་འཚོལ་བསླབ་པ་གནད།།

སྒོམ་སྒྲུབ་བྲེལ་ཤོམ་རྗེས་བྱེད་ཕྱི་ཐལ་འགྲོ།།

བྱ་བྱེད་རྩལ་འཕྲོ་བོར་ནས་བྱེད་པ་གནད།།

ཉམས་རྟོགས་བསགས་སྦྱོང་བསྐྱལ་ཏེ་ཕྱི་ཐལ་འགྲོ།།

ཟབ་མོ་གནད་བསྣུན་བཙན་ཐབས་བསྐྱེད་པ་གནད།།

ས་ལམ་རིམ་གྱིས་འཚོལ་བ་ཕྱི་ཐལ་འགྲོ།།

སེམས་ཉིད་སྐུ་གསུམ་བརྟན་ཞིང་གོམས་པ་གནད།།

ཉམས་སུ་བླངས་ན་སངས་རྒྱས་བྱང་ཆུབ་འགྲུབ།།

ཅེས་གསུངས་པ་སྟེ། དམ་ཆོས་སྒྲུབ་པའི་དུས་སུ་ལེ་ལོར་མི་འཇོག་པའི་གནད་ཀྱི་ཆོས་དྲུག་ནི། དམ་ཆོས་སྒྲུབ་པའི་དབེན་པའི་གནས་འཚོལ་བ་དེ་བས་མཐའ་འམ་ས་སྟོང་ཞིག་བཙལ་བར་འདོད་པ་ནི་ཕྱི་ཐལ་ཆེས་པའི་གྲས་སུ་འགྲོ་བས། ཕྱིའི་དབེན་པ་རྐྱང་བས་མི་ཆོག་པར་ནང་གི་སེམས་ལ་གཟུང་འཛིན་གྱིས་དབེན་པར་བྱ་བ་གནད་ཡིན་པ་དང་། ཉམས་ལེན་གྱི་གནད་རྣམས་བླ་མའི་གདམས་ངག་ལ་བསྟེན་དགོས་པ་ལས་གདམས་ངག་ཚིག་ལས་བཙལ་འདོད་པ་དེའང་ཕྱི་སོ་རུ་ཐལ་ཉན་ཆེ་བའི་བྱ་བ་ཡིན་པས། ཉམས་ལེན་གྱི་གནད་ཐབས་ཀྱི་མྱུར་ལམ་ཟབ་མོ་དེ་བཙལ་བ་གནད་ཡིན་པ་དང་། སྒྲུབ་པ་ཉམས་ལེན་བྱེད་པའི་སྐབས་སུ་འཚོ་བ་མཚམས་ཆས་རྣམས་གསོག་གྲུན་ལ་ལྟོས་པ་དེ་ཡང་ཕྱི་ཐལ་ལ་འགྲོ་བས། འཚོ་བ་གང་བྱུང་དེས་ཆོག་གི་བྱ་འཚོལ་བསླབ་པ་གནད་དེ་འཚོ་བ་བྱ་འཚོལ་བྱི་འཚོལ་ཞེས་བཀའ་གདམས་པའི་དགེ་བའི་བཤེས་གཉེན་རྣམས་ཀྱིས་གསུངས་འདུག་པ་དེ་ལྟར་ཏེ། བྱ་དང་བྱི་བས་ཟས་འཚོལ་བ་ལྟར་ཟས་གོས་ཡུལ་ངེས་མེད་ནས་འཚོལ་བ་ལས་གཏན་ཁེལ་བའི་འབྱུང་ཁུངས་མེད་པར་དགོས་པ་དང་། སྒོམ་སྒྲུབ་ཉམས་ལེན་བྱེད་པ་དེ་བྲེལ་བའི་དབང་དུ་སོང་ནས་ཤོམ་ར་ཙམ་ཞིག་གི་རྗེས་ནས་བྱེད་འདོད་པ་ནི་ཕྱི་ཐལ་ཆེས་པའི་ཕྱོགས་སུ་འགྲོ་བས། བྱས་ན་མི་ཟིན་བསྐྱུར་ན་ཟིན། །ཅེས་པ་ལྟར་དུ་བྱས་པས་མི་ཟིན་པར་ནམ་བསྐྱུར་གྱི་དུས་དེར་ཟིན་པས་བྱ་བྱེད་དང་རྩོལ་བའི་འཕྲོ་ཐམས་ཅད་བོར་ནས་ཉམས་ལེན་བྱེད་པ་གནད་ཡིན་པ་དང་། སྤྱིར་ཉམས་རྟོགས་སྐྱེ་བ་བསགས་སྦྱང་ལ་རག་ལས་པ་ཡིན་ཡང་ཉམས་རྟོགས་སྐྱེ་བའི་དོན་དུ་བསགས་སྦྱང་གཅིག་པུས་མི་ཚེ་བསྐྱལ་ཏེ་གནད་གཞན་མི་བཙལ་བ་ཡང་ཕྱི་ཐལ་དུ་འགྲོ་བ་ཡིན་པས། གདམས་ངག་ཟབ་མོ་གནད་དུ་བསྣུན་ནས་བྱིན་རླབས་ལ་བརྟེན་པའི་ཉམས་རྟོགས་བཙན་ཐབས་ཀྱི་སྒོ་ནས་བསྐྱེད་པར་བྱ་བ་དེ་ཉིད་གནད་ཡིན་པ་དང་། འོག་མའི་ལམ་ནས་ངལ་བ་ཆེན་པོས་ས་ལམ་རིམ་གྱིས་འཚོལ་ནས་ཡུན་རིང་པོར་འགོར་བ་དེའང་ཕྱི་ཐལ་འགྲོ་ཆེས་པ་ཞིག་ཡིན་པས། སེམས་ཉིད་ཆོས་དབྱིངས་ཆེན་པོ་སྐུ་གསུམ་རང་ཆས་ཀྱི་ལམ་དུ་སྦྱོང་བ་བརྟན་ཞིང་གོམས་པར་བྱ་བ་གནད་ཡིན་པ་སྟེ། དེ་ལྟར་ཕྱི་ཐལ་ཆེས་པ་དྲུག་གི་དབང་དུ་མ་ཤོར་བར་བརྩོན་པས་ལ་འུར་ཉམས་སུ་བླངས་ན་སངས་རྒྱས་ཀྱི་བྱང་ཆུབ་གཏན་བདེའི་གོ་འཕང་བདེ་བླག་ཏུ་འགྲུབ་པ་ཡིན་ནོ།།

༣༤༥ གནས་དྲུག་དོན་ལ་བསླབ་པའི་ཆོས་དྲུག་བསྟན་པ།

གནས་དྲུག་དོན་ལ་བསླབ་པའི་ཆོས་དྲུག་ནི།།

ཉམས་པ་མེད་པའི་བྱང་ཆུབ་སེམས་ལ་གནས།།

ཚོགས་གཉིས་མི་ངོམས་ཕ་རོལ་ཕྱིན་ལ་གནས།།

ཤེས་རབ་སྦྱང་ཕྱིར་ཆོས་ཀྱི་གཏམ་ལ་གནས།།

བསམ་གཏན་བསྒྲུབ་ཕྱིར་དགོན་པ་དབེན་ལ་གནས།།

འདུ་བྱེད་སྐྱུང་ཕྱིར་སྦྱངས་པའི་དོན་ལ་གནས།།

ས་མཆོག་བསྒྲུབ་ཕྱིར་བླ་མ་བཀུར་ལ་གནས།།

དེ་ལྟར་སུ་གནས་ཐེག་མཆོག་ལམ་ཆེན་ཞུགས།།

ཞེས་གསུངས་པ་སྟེ། གནས་པ་དྲུག་གི་དོན་ལ་བསླབ་པར་བྱ་བའི་ཆོས་དྲུག་ནི། སེམས་མཆོག་བསྐྱེད་པ་མི་གཙོ་སྐྱེས་པ་གཙོ། །ཞེས་གསུངས་པ་ལྟར་དུ་བྱང་ཆུབ་ཀྱི་སེམས་སྐྱེས་ནས་མི་ཉམས་པ་དེ་ཤིན་ཏུ་གལ་ཆེ་བས་ནམ་ཡང་ཉམས་པ་མེད་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རང་རྒྱུད་ལ་རྟག་ཏུ་གནས་པར་བྱེད་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་མི་ངོམས་པར་གསོག་དགོས་པས་སྦྱིན་སོགས་བསོད་ནམས་ཀྱི་ཚོགས་དང་། ཤེས་རབ་ཡེ་ཤེས་ཀྱི་ཚོགས་གཉིས་ཟུང་དུ་འབྲེལ་བའི་ཕྱིན་དྲུག དྲུག་དྲུག་སོ་དྲུག་གི་བདག་ཉིད་ཅན་གྱི་ཕར་ཕྱིན་ལ་གནས་པར་བྱ་བ་དང་། རང་ཉིད་ཀྱི་ཤེས་རབ་སྦྱང་ཞིང་ཆེར་བསྐྱེད་པའི་ཕྱིར་དུ་དུས་རྟག་ཏུ་ཆོས་ཀྱི་གཏམ་ལ་གནས་པར་བྱ་བ་དང་། བསམ་གཏན་སྒྲུབ་ཅིང་འགྲུབ་པའི་ཕྱིར་དུ་གནས་དབེན་པ་དགོན་པའི་གནས་སུ་གནས་པར་བྱ་བ་དང་། འདུ་བྱེད་ཟས་གོས་ཀྱི་རྩོལ་བ་ལ་སོགས་པའི་བྱ་བ་མང་པོ་སྐྱུང་བའམ་སྤང་བའི་ཕྱིར་དུ་སྦྱངས་པའི་ཡོན་ཏན་བཅུ་གཉིས་དང་ལྡན་པའི་དོན་ལ་གནས་པར་བྱ་བ་དང་། གོང་མའི་འབྲས་བུ་འཐོབ་པའི་ས་མཆོག་ཏུ་གྱུར་བ་དེ་ཉིད་བསྒྲུབ་པའི་ཕྱིར་དུ། བླ་མ་དམ་པ་ལ་བཀུར་སྟི་དང་ཕུ་དུད་བྱ་བ་དེ་ལ་གནས་པར་བྱེད་པ་སྟེ། དེ་ལྟར་གནས་དགོས་པ་དྲུག་ལ་སུ་གནས་པ་དེ་ནི་ཐེག་པ་མཆོག་གི་ལམ་ཆེན་དུ་ཞུགས་པའོ།།

༣༤༦ ཉལ་ན་མལ་དྲུག་ལེགས་པར་བསྟན་པ།

ཉལ་ན་མལ་དྲུག་ལེགས་པར་བསྟན་པ་ནི།།

ལུས་སེམས་གཡོ་བ་སྤང་ཕྱིར་དགོན་པའི་མལ།།

བདག་གཞན་གདུང་བ་མེད་ཕྱིར་ཚངས་པའི་མལ།།

རང་བཞིན་འགྱོད་པ་མེད་ཕྱིར་ལེགས་པའི་མལ།།

ཡོན་ཏན་བསྒྲུབ་ཕྱིར་ཡང་དག་འཇོག་པའི་མལ།།

བརྩམས་པ་མཐར་ཕྱིན་བྱ་ཕྱིར་གྲུབ་པའི་མལ།།

སྔོན་ནས་ལེགས་པར་སྦྱང་ཕྱིར་ལྷུན་གྲུབ་མལ།།

མལ་དྲུག་སུ་ཉལ་བདེ་ཞིང་སྐྱིད་པ་ཡིན།།

ཞེས་གསུངས་པ་སྟེ། སྤྱོད་ཡུལ་ཡོངས་སུ་དག་པ་དང་སྦྱར་ནས་ཉལ་ན་མལ་དྲུག་ལེགས་པར་བསྟན་པ་ནི། ལུས་སེམས་གཡོ་བ་དང་རྩོལ་བའི་བྱ་བཞག་མང་པོའི་བྱེད་པ་སྤང་བའི་ཕྱིར་དུ་དགོན་པའམ་དབེན་པའི་མལ་དགོས་པ་དང་། བདག་དང་གཞན་ཐམས་ཅད་གདུང་བས་གཟིར་བ་མེད་པའི་ཕྱིར་དུ་སྤྱོད་པ་གཙང་མ་ཞིག་བྱེད་དགོས་པས་ཚངས་པའི་མལ་དགོས་པ་དང་། རང་བཞིན་གྱིས་འགྱོད་པ་མེད་པའི་ཕྱིར་དུ་ལེགས་པའི་མལ་འཚོལ་དགོས་པ་དང་། ཐུན་མོང་དང་ཐུན་མིན་གྱི་ཡོན་ཏན་བསྒྲུབ་པའི་ཕྱིར་དུ་ནང་དུ་ཡང་དག་འཇོག་པའམ་མི་གཡོ་བའི་ཏིང་ངེ་འཛིན་པ་ལ་མཉམ་པར་འཇོག་པའི་མལ་དགོས་པ་དང་། བརྩམས་པ་མཐར་ཕྱིན་པར་བྱ་བའི་ཕྱིར་དུ་བྱ་བའི་ལས་ལ་འགྲུབ་པའི་མཐའ་ཡོད་པའི་གྲུབ་པའི་མལ་ཞིག་དགོས་པ་དང་། སྔོན་ནས་ལམ་ལ་ལེགས་པར་བསླབས་ནས་སྦྱང་བའི་ཕྱིར་དུ་ས་ལམ་གཞི་ནས་རྫོགས་པའི་ལྷུན་གྲུབ་རྫོགས་ཆེན་གྱི་གནད་འབྱུང་བའི་མལ་དགོས་པ་སྟེ། དེ་ལྟ་བུའི་མལ་དྲུག་ཏུ་སུ་ཉལ་བ་དག་ནི་བདེ་ཞིང་སྐྱིད་པ་ཡིན་ནོ།།

༣༤༧ ཐེག་ཆེན་རྣམས་ཀྱི་འགྲོ་བའི་ས་དྲུག་བསྟན་པ།

ཐེག་ཆེན་རྣམས་ཀྱི་འགྲོ་བའི་ས་དྲུག་ནི།།

སངས་རྒྱས་ཆོས་འདོད་ཆོས་ཉིད་ངང་དུ་འགྲོ།།

སེམས་ཅན་དོན་འདོད་གང་འཚམས་ཆོས་སྟོན་འགྲོ།།

རང་སེམས་རྟོགས་འདོད་དུག་གསུམ་མེད་པར་འགྲོ།།

ཤེས་རབ་ཐོབ་འདོད་ཆོས་ཀྱི་རྒྱུན་དུ་འགྲོ།།

གདུལ་བྱའི་དབང་གིས་སྐྱེ་བ་ཀུན་ཏུ་འགྲོ།།

ཐར་ལམ་འདོད་པས་བླ་མ་བསྟེན་དུ་འགྲོ།།

དེ་ལྟར་སུ་འགྲོ་སངས་རྒྱས་ཆོས་བསླབ་ཡིན།།

ཞེས་གསུངས་པ་སྟེ། ཐེག་ཆེན་པ་རྣམས་ཀྱི་འགྲོ་བར་བྱ་བའི་ས་དྲུག་ནི། སངས་རྒྱས་སའི་ཆོས་དང་ཡོན་ཏན་ཐོབ་པར་འདོད་པས་ཆོས་ཉིད་བྱ་རྩོལ་མེད་པའི་ངང་དུ་འགྲོ་བར་བྱ་དགོས་པ་དང་། སེམས་ཅན་གྱི་དོན་བྱེད་པར་འདོད་ན་གང་ལ་གང་འཚམས་ཀྱི་ཆོས་སྟོན་པར་འགྲོ་དགོས་པ་སྟེ། དེ་ཡང་སེམས་ཅན་ལ་ཕན་པ་ཡོད་པ་ཞིག་བྱེད་དགོས་བསམས་ནས་རྟ་ནོར་ལུག་གསུམ། གསེར་དངུལ་དར་ཟབ་སོགས་ཀྱི་ནོར་ལོངས་སྤྱོད་དམ། དེ་རིང་ཁ་རྩང་གི་གནས་སྐབས་སུ་ཆེས་བྲིམ་ཁ་ཚ་བའི་སྒོར་མོ་འབུམ་དངུལ་ལྟ་བུ་ཞིག་བྱིན་ཀྱང་། དེ་ཉམ་ཆུང་གི་མདོག་ལ་བལྟས་ནས་འཕྲོག་པའམ། ཡང་ན་སྤྲང་པོ་རྒྱགས་རྒྱུ་ངན་པ་ཞིག་ཡིན་ན་རྒྱུ་རྩ་དེ་ལ་བརྟེན་ནས་སྡིག་ལས་བྱེད་པའམ། སྤྲང་པོ་ངན་ལང་སོང་བ་ཞིག་ཡིན་ན་ཟ་འདོད་འགུལ་འཚེར་དུ་འགྲོ་བ་སོགས་མ་ངེས་པས་སྦྱིན་པ་བྱིན་ཀྱང་། ཕན་གནོད་གང་ལ་འགྲོ་བ་ཆ་མི་འཚལ་བ་དང་། ཡང་ན་གཅིག་ལ་ཐོབ་གོ་ས་བྱིན་ནས་མི་ས་ལྷ་གྲས་ཤིག་ལ་བཞག་ཀྱང་དེ་གཞན་ཕན་གྱི་སེམས་དང་ལྡན་པ། བརྒྱ་ལུག་འཚོ་བའི་རྫི་བོ། སྟོང་རྟ་འདོགས་སའི་ཕུར་བ་རུ་ཆོག་པ་ཚེ་འདི་ཕྱི་གཉིས་ཀྱི་བདེ་བའི་ལམ་སྣེ་འདྲེན་ཐུབ་པ་ཞིག་ཏུ་སོང་ན་མ་གཏོགས་ལ། གཞན་དུ་ངན་པ་ཡར་ས་ཐོན་ན་ར་ལེ་རིལ་ལེ་བཅོ་བརྒྱད། སྲན་མ་རྔ་ཐོག་བཞག་པ་ལྟ་བུ་ཞིག་ཏུ་མི་འགྱུར་བའི་ངེས་པ་མེད་པས། མིང་དང་གོ་ས་བྱིན་པ་དེས་དེར་ཕན་མི་ཐོགས་པ་དང་། དེས་སེམས་ཅན་གཞན་ལ་ཕན་མི་ཐོགས་པར་ཐ་མར་རང་གཞན་གཉིས་ཕུང་དུ་འགྱུར་བའང་ཡོད་པས། ཁེ་ཆེ་ཞིང་ཉེན་མེད་པ་ནི་དམ་པའི་ཆོས་ཀྱིས་བླང་དོར་གྱི་གནས་བསྟན་ནས་དེ་ལ་ཤེས་སུ་འཇུག་པ་དེ་ཡིན། འུ་ཚོའི་མི་ཤི་ནས་ཞག་གསུམ་ཞེ་དགུའི་ནང་དུ་ཡོད་དུས་རྟ་ཕོ་བདམས་བསལ་མ་དེ་ལ་སྒ་སྟན་སྲབ་གསུམ་དང་། ས་ཆ་འགའ་རེས་ལྭ་བ་དང་སྣོད་ཐབ་ཆ་དང་བཅས་པ་ཤི་བོའི་རྗེས་སུ་བཏང་ནས་བླ་རྒན་རེའི་ལག་ཏུ་འཇོག་པར་བྱེད་པ་ཡིན། དེའི་དུས་སུ་ཕན་ཐོགས་མཁན་དག་གིས་ཐོགས་ངེས་ཀྱང་། མང་ཆེ་བ་དཀའ་བའི་གནས་སུ་ཐོན་པས་གསོན་པོ་རྣམས་ཀྱིས་བརྒྱབ་ཐལ་འཕང་ཐལ་ཞེས་པའི་གོ་རེ་ཆོད་པ་ཙམ་ལས་དཀའ་བ་ནི། ཨོ་རྒྱན་ཆེན་པོས། མཚན་བྱང་མགོ་ལ་དབང་བསྐུར་བྱེད་ཙ་འཕྱིས། །རྣམ་ཤེས་བར་དོར་ཁྱི་གླེན་བཞིན་དུ་འཁྱམས། །མཐོ་རིས་དྲན་ཏེ་དེ་ལ་དཀའ་ལས་ཡོད། །ཅེས་གསུངས་པ་ལྟར་ཡིན་པའི་ཕྱིར། དེས་ན་ད་ལྟ་མི་གསོན་པོའི་ཤ་ཚུགས་མ་འགྱུར་ཞིང་ཕར་བཤད་ཚུར་གླེང་གི་གོ་བརྡ་འཕྲོད་ཅིང་། ཤི་བོའི་མཚན་བྱང་གི་འགོར་རྣམ་ཤེས་ཨེ་ཁུག་ལྟ་མི་དགོས་པའི་སྐབས་འདིར་བླང་དོར་གྱི་གནས་བསྟན་ནས་བཤད་ན་ཕན་པ་ཆེ་བ་ཡིན། གལ་ཏེ་ཐབས་མེད་ལས་མེད་ཀྱི་དབང་གིས་བཤད་ཀྱང་སྒྲུབ་ཁ་མི་ཉན་པར་ཐབས་མེད་པ། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང་། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱུང་གྱུར་ཀྱང་། །སྐལ་བ་མེད་པས་བཟང་མི་མྱོང་། །ཞེས་པ་ལྟར་གྱུར་ཚེ་སྐབས་ཤིག་ལ་སྨོན་ལམ་དག་པས་མཚམས་སྦྱོར་ཙམ་ལས་ཐབས་མེད་ལ། དེ་ལས་གཞན་དུ་གང་ལ་གང་འཚམས། ཁམས་དང་དབང་པོ། བསམ་པ་དང་མོས་པ་ལ་བསྟུན་པའི་ཆོས་སྟོན་སར་འགྲོ་ནས་ཕན་འདོགས་དགོས་སོ། །རང་གི་སེམས་ཉིད་རིག་པའི་ཡེ་ཤེས་རྟོགས་པར་འདོད་ན། དུག་གསུམ་མེད་པའི་ཆོས་ལམ་ལ་དོན་གཉེར་བྱེད་པར་འགྲོ་དགོས་པ་དང་། ཤེས་རབ་ཐོབ་པར་འདོད་པས་གོང་ནས་གསུངས་པ་བཞིན་དུ་ཤེས་རབ་ཀྱི་དོན་དུ་རྒྱུན་མི་གཅོད་པར་ཆོས་ལམ་དུ་ཞུགས་ཏེ་འགྲོ་བ་དང་། གདུལ་བྱ་འདུལ་བའི་དབང་གིས་གང་ལ་གང་འདུལ་གྱིས་སྐྱེ་བའི་ཕྲེང་བ་ཀུན་ཏུ་འགྲོ་བར་བྱེད་པ་དང་། ཐར་བའི་ལམ་མཆོག་བགྲོད་པར་འདོད་པས་མཚན་ལྡན་གྱིི་བླ་མ་བསྟེན་དུ་འགྲོ་བ་སྟེ། དེ་ལྟར་གང་ཟག་སུ་ཞིག་འགྲོ་བ་དེ་ཉིད་སངས་རྒྱས་ཀྱི་ཆོས་ལ་བསླབ་པ་ཡིན་ནོ་ཞེས་མཐའ་བསྡུས་པའོ། །དེ་རིང་། དེ་ལྟར་སུ་འགྲོ་སངས་རྒྱས་ཆོས་བསླབ་ཡིན། །ཞེས་པ་འདིར་བཞག་ནས་སང་ཉིན་ཡིད་གནས་དགོས་པའི་རྣམ་གྲངས་རྣམ་དྲུག་ནས་འཆད་རྒྱུ་བྱེད། སྤྱིར་མན་ངག་མཛོད་འདི་ཡིད་ལ་འཛིན་བདེ་བའི་ཆེད་དུ་དགོངས་ནས་ཚིགས་སུ་བཅད་པ་རེ་རེས་དོན་རེ་རེ་དང་། དྲུག་ཚན་གཅིག་གིས་ལམ་གནད་ཀྱི་གདམས་པ་ཆ་ཚང་རེ་བསྟན་པ་དང་། མཚམས་རེ་དྲུག་ཚན་གྱི་ནང་གསེས་རེ་རེའི་ནང་དུ་གཏན་ཚིགས་རྒྱུ་མཚན་དགོས་པ་དང་བཅས་པ་ཚིག་རྐང་གཉིས་སམ་གསུམ་གྱིས་བསྟན་པ་ཡང་ཡོད་འདུག ངས་ཀྱང་ཁྱེད་རྣམ་པ་དང་མཉམ་དུ་ཞིབ་མཇལ་ཐེངས་གཅིག་གྲུབ་སོང་བས་སྐལ་བ་བཟང་བྱུང་། འདི་ནི་རྒྱ་ཆེན་སྡུད་པའི་བསྟན་བཅོས་མན་ངག་དུམ་ཁྲིགས་ཕྱོགས་བསྡུས་སུ་བཀོད་པ་རྒྱལ་པོའི་མཛོད་ཁང་ལྟ་བུ་མ་ཚང་བ་གཅིག་ཀྱང་མེད་ཅིང་གང་དགོས་ལེན་དུ་ཡོད་པ་དང་། དེ་ཡང་ལེན་ཁ་བདེ་མོ་དྲུག་ཚན་རེ་རེས་ཀྱང་གནད་འདུས་ཆ་ཚང་དུ་བསྟན་ནས་ཡོད་པས་མ་ཚད། འདི་མན་ངག་གི་ཡི་གེ་ཡིན་པས་གོ་དཀའ་བའི་བསྟན་བཅོས་ཀྱི་ཚིག་གིས་མ་གསུངས་པར་ཕལ་བའི་སྐད་ཀྱིས་དོན་རྒྱ་ཆེན་མཚོན་པར་བྱས་ཏེ་གསུངས་པ་ཡིན། འདི་ཉམས་ལེན་བྱེད་དུས་གཞན་སྐྱོན་འཚོལ་བའི་ཐུར་མ་རུ་མི་འཛིན་པར། རང་སྐྱོན་འབའ་ཞིག་གི་སྟེང་དུ་བསྐོར་ནས་རང་གིས་རང་ལ་ལྟ་བར་བྱེད་པའི་མེ་ལོང་དུ་འཛིན་དགོས། འདི་གསན་ནས་ཐོབ་ཡིག་གི་ནང་དུ་ལེ་ཚན་གཅིག་གསར་བ་བསྣན་དུ་ཡོད་པ་ཙམ་དུ་མི་འཇོག་པར། གཙོ་བོའི་དོན་པོ་འདི་གསན་པའི་རྗེས་སོར་གྱི་ཐུགས་རྒྱུད་དུ། འཁོར་བ་ལ་ངེས་འབྱུང་དང་སྐྱོ་ཤས། བླ་མ་དཀོན་མཆོག་ལ་དད་དང་མོས་གུས། སེམས་ཅན་ལ་བྱམས་དང་སྙིང་རྗེ། བླང་དོར་གྱི་གནས་ལ་དྲན་དང་ཤེས་བཞིན་བག་ཡོད་པ་རྣམས་སྔར་ལས་ལྷག་ཅིང་མི་འབྲལ་བ་ཞིག་ཡོང་བ་ལ་ཐུགས་བཞག་མཛད་པ་གལ་ཆེ་བས་མ་ཚད། ཐུགས་རྒྱུད་སྙིང་རྗེས་གང་བའི་བྱང་ཆུབ་ཀྱི་སེམས་མཆོག་བརྙེས་ནས། མཐའ་ཡས་འགྲོ་ཁམས་རྒྱ་མཚོ་ལ་ཕན་བདེ་སྒྲུབ་པའི་ཐུགས་བསྐྱེད་མི་ཉམས་པར་བྱེད་པ་ནི་སྨོས་ཅི་དགོས། འཕྲལ་དང་འཕྲལ་དུ་རིགས་མཐུན་གྱི་མིའི་འགྲོ་བ་བཤད་ན་སྐད་བརྡ་འཇགས་པ་རྣམས་ལ། སྐད་བརྡ་འཕྲོད་ཤག་ཤག་ཡིན་པས་རྣམ་པ་རེ་རེའི་ངོས་ནས་མ་མཐའ་ཡང་གང་ཟག་བརྒྱ་ཕྲག་ཁ་ཤས་སམ་ཡང་ན་བཅུ་ཕྲག་འགའ་རེ་ལ་དད་དང་སྙིང་རྗེའི་བག་ཆགས་རེ་སེམས་སུ་སིམ་པའི་ཐབས། ཐ་ན་ཁ་བརྡ་ཚུན་ཆོད་ཀྱིས་བྱུང་ན་དེ་དག་གི་རྒྱུད་ལ་ཐར་བའི་ས་བོན་རེ་ཐེབས་ནས་ཕན་ཐོགས་པ་དང་། ཡང་ནུས་པ་ཅན་དག་གིས་དེ་བས་མང་ཕན་པ་བྱུང་ན་རང་རེས་འདི་ནས་འཆད་ཉན་བྱས་པ་དེ་བསྟན་དང་འགྲོ་བའི་གསོས་སྨན་ཆེ་ཚོད་ཆུང་མིན་རེ་སྨིན་པ་ཡིན། འདི་གསན་མཁན་གྱི་གྲལ་དུ་མཁན་སྤྲུལ་མང་བས་མ་ཚད། ཐོས་བསམ་སློབ་གཉེར་མཛད་མཁན་གྱི་མཁས་པ་ཡང་ཅི་འདྲའི་མང་འདུག དད་དང་སྙིང་རྗེའི་ས་བོན་ཙམ་རེ་གཞན་རྒྱུད་དུ་འཇོག་པ་ལ་མཁས་པ་མིན་ན་ཡང་ཆོག་པས། དགེ་བསྙེན་ཕོ་མོ་དག་གིས་ཀྱང་རང་རང་གི་ཉེ་གཞི་རྩ་ལག་དང་རང་རྩའི་བུ་ཚ། གྲོང་རོགས་ཁྱིམ་མཚེས་སོགས་ལ་མི་ཚེ་ལ་རྟག་བརྟན་མེད་ལུགས་དང་། འདི་སྣང་ལ་ཞེན་ཆགས་ཆེ་ན་ཕྱི་མ་ཕན་པའི་དམ་པའི་ལྷ་ཆོས་འགྲུབ་དཀའ་རབས་དང་། སྙིང་རྗེ་དང་གཞན་ཕན་གྱི་སེམས་རྒྱུད་ལ་མེད་དུས་ཐེག་ཆེན་གྱི་ཆོས་གྲལ་དུ་མི་འགྲོ་བའི་ཚུལ། ཆོས་དགེ་སྡིག་དེ་ལྟར་སྣང་གི་གཟུགས་བརྙན་ཆེ་ཆུང་མིན་པར་བསམ་པའི་ཁྱད་པ་ཡིན་ལུགས། དམ་པ་གསུམ་དང་མ་འབྲེལ་ན་ཆོས་གང་བྱས་ཀྱང་ཐེག་དམན་གྱི་ཆོས་ལས་མི་འཕགས་ཚུལ། དེའང་ངེས་འབྱུང་གི་སེམས་དང་བྲལ་ན་ཐེག་དམན་གྱི་ཆོས་སུའང་མི་འགྲོ་བའི་ཚུལ་སོགས་ཤོད་དང་། མི་རེ་རེའི་སེམས་སུ་ཕན་ཐོགས་བྱུང་ཚེ་དེ་ཆོས་ཀྱི་སྦྱིན་པ་ཡིན། སྦྱིན་པ་ལྟ་བུ་གཅིག་གི་ནང་དུ་ཕར་ཕྱིིན་དྲུག་པོ་འདུ་ལུགས་ཀྱང་ཡོད་པ་ཡིན། ཚོགས་གཉིས་དེ་ལྟར་བྱས་ནས་ཆུང་རིམ་ནས་སོག་དགོས་པ་ཡིན། མདོར་ན་སེར་སྐྱ་མཆོག་དམན་སུ་ཡིན་ཡང་། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེ་ཐབས་ཏེ། དེ་ཡང་མ་སྐྱེས་པ་བསྐྱེད་པ་དང་། སྐྱེས་པ་མི་ཉམས་པར་གོང་ནས་གོང་དུ་འཕེལ་ཐབས་ལ་བརྩོན་པ་ལྷོད་མེད་དུ་མཛད་གལ་ཆེ་ཞེས་ཞུས་པའོ།།


previousཉིན་བཅུ་གཅིག་པའི་ཆོས་ཁྲིད། next