Nitartha Digital Library
Tibetan
 
previousཉིན་བཅུ་གསུམ་པའི་ཆོས་ཁྲིད། next

ཉིན་བཅུ་གསུམ་པའི་ཆོས་ཁྲིད།

ད་རང་རེ་འདི་ན་ཆོས་གྲྭ་གཅིག་གི་ནང་ན་ཆོས་གཅིག་གིས་བསྡུས་ནས་མཉམ་དུ་འཛོམས་པའི་བླ་གྲྭ་དགེ་འདུན་པ་མན་ཆོད། ཁྱིམ་པ་དགེ་བསྙེན་གྱི་རྟེན་ཅན་ཡན་ཆོད། ལར་གང་ཟག་གི་ཚོད་གང་ཟག་གིས་སུས་ཟིན་ཏེ། རྒྱལ་བ་ཤཱཀྱ་སེངྒེས་ཁོང་དང་ཁོང་ལྟ་བུ་མ་གཏོགས་གང་ཟག་གི་ཚོད་གང་ཟག་གིས་མི་ཟིན་གསུངས་པས་ན། ང་ལྟ་བུ་སོ་སྐྱེ་ཕལ་པས་ག་ལ་ཟིན། སངས་རྒྱས་བྱང་སེམས་ཀྱི་སྤྲུལ་བ་མཚན་དང་ཆོ་ལོས་གསལ་ཁ་མ་བཏོད་པ་ཡང་འདིའི་ནང་དུ་ཅི་འདྲ་འདྲ་མེད། ལུས་གང་ཟག་མི་ཡི་གཟུགས་སུ་གྲུབ་ཀྱང་། སེམས་སྐྱེ་མེད་ཆོས་སྐུའི་རྒྱལ་ས་ཟིན་སོང་བའི་སྦས་པའི་རྣལ་འབྱོར་པ་ཡང་གང་མང་མང་ཡོད་རྒྱུ་རེད། སྔོན་སྨོན་དང་ཐུགས་བསྐྱེད་དུས་བབ་ཀྱི་དབང་གིས་མ་འོངས་བསྟན་དང་འགྲོ་བའི་གསོས་སྨན་ཆེན་པོར་འགྱུར་རྒྱུའི་བསྟན་འཛིན་གྱི་སྐྱེས་ཆེན་ཡང་དེ་བཞིན་ཅི་འདྲ་མེད། གཞན་ཡང་ལས་ཉོན་གྱི་དབང་དུ་སོང་ནས་མཐའ་མར་ལས་ཀྱི་མཐའ་ཆོས་ལམ་ལས་ལོག་པ་དང་། ཆོས་དྲེད་ཆོས་རྒྱུས་མཁན་ཡང་མེད་མི་སྲིད་པ་ནི་ཅི་ལ་ཡིན། ད་གང་ལྟར་ཡང་ཚང་མ་སྤྱི་སྙོམས་དབང་བཙན་དུ་བྱས་ན་སྔར་བསགས་བསོད་ནམས་ཀྱི་སྟོབས་ཀྱིས་ཆོས་འདོད་དོན་གཉེར་དང་ལྡན་པའི་ཆོས་གྲོགས། ལམ་གཅིག་ལ་སྙེགས། དམིགས་ཡུལ་གཅིག་ལ་བརྟེན་པའི་ལམ་འགྲུལ་ཟླ་ཡི་གྲོགས་པོ་དོན་མཐུན་འདུན་པ་གཅིག་ལ་དྲིལ་བ་ཤ་སྟག་ཡིན་པས། རང་རེའི་བར་དུ་གཅིག་གིས་ལམ་ཁྲིད། གཞན་པ་རྣམས་དེའི་རྗེས་སུ་འགྲོ་མཁན་བྱས་ནས། ཡང་དག་ལམ་གྱི་སྐྱེལ་མ་དང་འཁོར་བའི་མཚོ་ལས་སྒྲོལ་བའི་དེད་དཔོན། ཐར་བའི་གྲོང་དུ་འཁྲིད་པའི་ས་མཁན་གྱི་བླ་མའི་མིང་ང་ལྟ་བུ་ལ་བཏགས་ཀྱང་དོན་གྱིས་མི་ཐོབ། འོན་ཀྱང་དམ་པའི་ཆོས་ཀྱི་བརྒྱུད་པ་ཞེས་པ་དེ། ཆུ་ཕུགས་གངས་ལ་ཐུག་པ་ལྟར་དུ་ཞལ་ནས་སྙན་དུ་བརྒྱུད་དགོས་པ་ཞིག་ཡིན་པས། དུས་རབས་གསར་རྙིང་གི་ཁྱད་པར་དང་། སྐྱེས་སྔ་ཕྱིའི་མི་རབས་སྔོན་རྗེས་ཀྱི་དབང་གིས་ངས་མར་འཁོར་ནས་འདོན་མདོག་མདོག་དང་ཁྱེད་རྣམ་པ་ཡར་འཁོར་ནས་གསན་པའི་ཚུལ་བསྟན་པ་ལ། དམ་པའི་ཆོས་ཀྱི་ཆེ་བ་འདོན་ཕྱིར་དུ་ངས་ཀྱང་དེ་བཞིན་དུ་དང་ལེན་བྱས་པ་ཡིན། འདི་ལ་ཕྱོགས་གཅིག་ནས་བསམ་བློ་བཏང་ན། སྤྱིར་ཆོས་འཆད་མཁན་གྱི་ཆ་ཚད་དང་། སྒོས་ཁྱད་པར་དུ་གསང་སྔགས་ཀྱི་ཟབ་ཁྲིད་སྤེལ་མཁན་གྱི་ཚད་དང་མཚན་ཉིད་རྣམས་ཚང་མ་དགོས་ད་ཕྱོགས་ཙམ་མི་ཉེ་ཡང་། ཕྱོགས་གཞན་ཞིག་ནས་འདེང་བརྒྱབ་ན། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང་། །བགྱིས་པ་ཅི་འདྲའང་རུང་སྟེ་མཁས་པས་མཆོད། །དེ་བཞིན་བདག་གི་སྙན་ངག་འདི་ངན་ཡང་། །དམ་ཆོས་བརྗོད་ལ་བརྟེན་སླད་སྨད་མི་བགྱི། །གསུངས་པ་ལྟར་དུ། ང་བཤད་མཁན་རང་ག་བའི་མི་ཞིག་ཡིན་ཡང་། བཤད་རྒྱུ་དམ་པའི་ཆོས་ཡིན་པས། ཁ་རྩང་ཞིག་ནས་འུ་ཚོས་བཤད་པ་ནང་བཞིན། ཆོས་དུང་དཀར་པོ་གཡས་འཁྱིལ་དེ། བལྟས་ན་སྲོག་ཆགས་འབུ་ཞིག་གི་སྐོགས་ཡིན་ཡང་། དོན་སྐྱེ་བ་ལྔ་པ་བརྒྱ་བྱིན་གྱི་དུང་ཞེས་བཀྲ་ཤིས་པའི་རྫས་ལས་གྲུབ་པས་མི་ཚད་པར་དམ་པའི་ཆོས་ཀྱི་སྐུལ་བརྡ་བྱས་ན། སྒྲ་ཙམ་ཐོས་ནའང་ངན་སོང་དུ་མི་འགྲོ་བའི་འབྲེལ་བ་གྲུབ་པ་ཡིན་པ་ལ་དཔྱད་པར་བྱས་ན། འུ་བུ་སོ་སོ་སྐྱེ་བོ་ཐ་མལ་བ་ཡིན་ཡང་། མགྲིན་པ་ཆོས་དུང་དཀར་པོའི་ཚུལ་དུ་བྱས་ནས། ཆོས་ལ་སྐུལ་བའི་གཏམ་ཙམ་གྱིས་མི་ཚད་པར། མདོ་རྒྱུད་ཟབ་མོའི་དགོངས་དོན་བདེ་བར་གཤེགས་པའི་ཐུགས་ཀྱི་གསང་བ་སྒྲ་རུ་སྣང་བ་དེ། བརྗོད་འདོད་ཀྱི་རྟོག་པའི་རླུང་གིས་བསྐུལ་ནས། གནས་དང་བྱེད་པའི་རྐྱེན་རྩོལ་ལས་སྒྲར་གྲགས་པ། རྗོད་པ་ངག་གི་སྟེང་ནས་ཡི་གེའི་གཟུགས་བརྙན་དུ་སྣང་བའི་བརྡར་གྱུར་པ། སྐད་དང་ཐ་སྙད་ཀྱི་གོ་བརྡ་འཕྲོད་བྱེད་ཀྱི་གླེགས་བམ་གསོན་པོ་ཞིག་གི་ཚབ་བྱེད་བཞིན་ཡོད་པས། དེ་ཡང་འགལ་འདུ་ཅན་ནི་ག་ལ་ཡིན་ཏེ། བྱ་དང་ལྗོན་ཤིང་ཆུ་ཀླུང་རོལ་མོ་སོགས་ལས་ཆོས་སྒྲ་འབྱུང་བའང་ནང་བ་སངས་རྒྱས་པ་མཆོག་གསུམ་སྐྱབས་ཡུལ་དུ་འཛིན་པ་དག་གིས་སངས་རྒྱས་ཀྱི་མཛད་པ་འཕྲིན་ལས་ཀྱི་ཆེ་བ་རུ་ཤེས་པ་ཡིན་པའི་ཕྱིར། དེ་ལྟར་བསམ་བློ་བཏང་ན། བྱེད་པ་པོ་ལ་ཡོད་པའི་སངས་རྒྱས་ཀྱི་འཕྲིན་ལས་དང་། བྱ་བ་ཡུལ་ལ་ཡོད་པའི་ཕྲིན་ལས་གདུལ་བྱའི་དད་མོས་གཉིས་ཀ་ནང་ཕྲད་པར་བྱེད་པ་ལ། ནམ་མཁའི་ཉི་མས་ས་གཞིའིི་རྩི་ཤིང་སྲེག་པ་ལ་བར་དུ་མེ་ཤེལ་བརྒྱུད་དགོས་པ་ལྟར་དུ། བརྒྱུད་པའི་བྱིན་རླབས་ཀྱི་བར་ཐག་མཐུད་བྱེད་ཀྱི་མཚམས་སྦྱོར་ཞིག་ཏུ་འགྱུར་འགྲོ་བའི་ཡིད་ཆེས་རང་ངོས་ནས་ཀྱང་ཡོད་པའི་ཐོག་ནས། ངག་ཕལ་བའི་སྒྲ་ཚིག་ཐ་མལ་བའི་སྣང་ཚུལ་ཅན་འདི། ངེས་དོན་དམ་པའི་ཆོས་ཀྱི་སྒྲར་འགྱུར་བས་མ་ཚད་པར་འདི་འགྲོ་བ་གཟུགས་ཅན་དང་གཟུགས་མེད་དེ་དག་གི་སྐད་དུ་འགྱུར་ནས་ཀྱང་ཕན་ཐོགས་པར་ཤོག་ཅེས་པ་དང་། ལྷ་ཀླུ་གནོད་སྦྱིན་དྲི་ཟ་གྲུལ་བུམ་གྱིས་གཙོས་པ་ཐམས་ཅད་ཀྱང་ངས་ཆོས་འཆད་པའི་གནས་འདིར་འདུས་ནས་ཉན་དང་། གང་ཞིག་ཐོས་ན་གཏན་དུ་བདེ་བར་བྱེད་པའི་བདེ་གཤེགས་ཀྱི་གསུང་སྙན་ངས་སྒྲོག་པ་ཡིན་ཞེས་སྨྲས་པ་དེ། ཁ་སྟོང་བ་ཞིག་ཏུ་མི་འགྲོ་བའི་འདུན་པ་དང་སྨོན་པའང་ཡོད་པ་ཡིན། དེ་ལ་གང་བཤད་པར་བྱ་བའི་དམ་པའི་ཆོས་ནི། བདུད་རྩི་ཞི་བ། འདུས་མ་བྱས་པ། འགོག་ལམ་གྱིས་བསྡུས་པའི་རང་བཞིན། མཐར་གཏུགས་ན་སངས་རྒྱས་ཀྱི་ཐུགས་རྒྱུད་ན་བཞུགས་པའི་ཡོན་ཏན་དེ་ཡིན་པས། དེ་ལྟ་བུའི་ལམ་དང་འབྲས་བུའི་ཆོས་རྣམས་རྗོད་བྱེད་ཐེག་པ་སྣ་ཚོགས་ཀྱི་རིམ་པ་རྣམས་བདེ་བར་གཤེགས་པས་གདུལ་བྱའི་སེམས་ཅན་ཐམས་ཅད་འདུལ་བའི་དོན་དུ། སེམས་ཅན་སོ་སོའི་ཁམས་དང་དབང་པོ་དང་བསམ་པ་དང་མོས་པ་ཐ་དད་པའི་བགོ་སྐལ་གྱི་རྗེས་སུ་འགྲོ་བར་གསུངས་ཡོད་པས། བཅོམ་ལྡན་འདས་ཀྱིས་ཀྱང་། ངས་ནི་ཁྱོད་ལ་ཐར་བའི་ཐབས་བསྟན་གྱིས། །ཐར་བ་རང་ལ་རག་ལས་བརྩོན་པར་གྱིས་གསུངས་ནས། ཁོང་གིས་ཁྱེད་རྣམས་ལ་ཐར་བའི་ཐབས་བསྟན་ཟིན་པས། དེ་ལྟར་དུ་ཨེ་བྱེད་ཁྱེད་རྣམས་ལ་རག་ལས་པ་རེད་ཡིན་གསུངས་པ་རེད། དེས་ན་རང་རེའི་ཆོས་འཆད་ཉན་ཞིག་བྱས་པ་འདི་ཡང་། བདེ་བར་གཤེགས་པས་འདི་ལྟར་གསུངས་འདུག་པས་འུ་ཚོས་ཇི་ལྟར་བྱས་ན་བཟང་། གང་ལྟར་བྱས་ན་ལེགས་ཞེས་རང་རོགས་ཐམས་ཅད་ཀྱི་བདེ་ཐབས་སྐྱིད་ཐབས་ཀྱི་བློ་དང་བཀོད་པའི་ཇུས་འདོན་དང་། དམ་ཆོས་ལག་ལེན་ལ་འདེབས་ཐབས་ཤིག་གི་གྲོས་མགོ་འདོན་བཞིན་ཡོད་པ་ཡིན། རང་གཞན་མ་བགོས་ཐུན་མོང་གི་ལུས་སེམས་གང་གི་ཐད་ནས་ཀྱང་སྡུག་བསྔལ་ཞིག་ལ་དབྱར་ཉི་ཚན་གྱི་ནང་དུ་རྔུལ་ཆུ་ཡོང་བ་ཙམ་དང་། དགུན་གྲང་ངད་ཀྱི་ནང་ནས་མཛུབ་རྩེ་འཁྱག་པ་ཙམ་ཡང་མི་འདོད་པ་ཡིན་ན། དེ་ལས་ཆེ་བའི་ཚ་གྲང་གནད་གཅོད་དང་འཁྱག་ལྟོགས་སྐོམ་གསུམ་ཞིག་ག་ལ་འདོད། བདེ་བའི་ཕྱོགས་ནས་བསམ་བློ་བཏང་ན་ཡང་། ལུས་དཀའ་ནས་ཐང་ཆད་ནས་བསྡད་ཡོད་དུས་ཤིག་ལ་ངལ་ཞིག་གསོ་རྒྱུ་དང་། སེམས་ལ་ཡིད་མི་བདེ་བའི་ཟས་ཤིག་རྙེད་ཡོད་དུས་ཤིག་ལ་སེམས་གསོ་ཞིག་ཐོབ་པ་ཡན་ཆད་འདོད་ཅིང་དགོས་པ་ནི་ཐམས་ཅད་ལ་གཅིག་མཚུངས་ཡིན་པ་དང་། དེ་བཞིན་དུ་ལུས་སེམས་ཀྱི་བདེ་བ་དོན་དུ་གཉེར་བ་དང་སྡུག་བསྔལ་འབྲལ་འདོད་ཡོད་པའི་ཕྱོགས་ནས། ང་ཚོ་མིའི་རིགས་ཀྱིས་མི་ཚད་པར་བྱ་དང་བྱེའུ། རི་དྭགས་དང་གཡུང་དྭགས། འབུ་སྲིན་གྲོག་སྦུར་སོགས་སྲོག་ཆགས་ཕྲ་མོ་ཡན་ཆད་ཀྱི་འགྲོ་དྲུག་གི་སེམས་ཅན་གང་དང་གང་ཡིན་ཡང་། བདེ་བ་མི་འདོད་པ་ཞིག་མེད་ལ། དེ་བཞིན་དུ་སྡུག་བསྔལ་འདོད་མཁན་ཞིག་དང་། བདེ་བ་དེ་དོན་གཉེར་མི་བྱེད་མཁན་གྱི་སེམས་ཅན་གཅིག་ཙམ་ཡང་མེད་དེ། སྡུག་ཆེ་ནས་རང་སྲོག་རང་གིས་ལྕེབས་པ་དག་ཀྱང་སྡུག་བསྔལ་དང་བྲལ་ནས་བདེ་བ་དོན་དུ་གཉེར་བ་ལས་བདེ་བ་མི་འདོད་པ་ནི་ག་ལ་ཡིན། འོན་ཀྱང་བདེ་བའི་ཐབས་ལམ་དེ་ཁ་ཤས་ཀྱིས་མ་རྙེད་པ་དང་། ཁ་ཤས་ཀྱིས་ཨེ་རྙེད་ཙམ་ཡང་ལྟ་མ་ཤེས་པའི་དབང་གིས་འདོད་པ་བདེ་བ་འདོད་ཀྱང་སྤྱོད་པ་སྡུག་བསྔལ་གྱི་རྒྱུ་འབྲས་ལ་སྤྱད་ནས། ཁམས་གསུམ་འཁོར་བའི་གནས་སྡུག་བསྔལ་ཅན་གཉིད་མ་བདེ་བའི་རྨི་ལམ་ལྟ་བུ་རྨི་རྒྱུ་ཡོད་ཀྱང་སད་རྒྱུ་མེད་པའི་རིགས་དྲུག་གི་གནས་འདིར་ཐོག་མེད་ནས་ད་བར་དུ་དབང་མེད་དུ་འཁྱམས་པ་ཡིན་ནོ། །དེ་ལྟ་བུའི་འགྲོ་བ་རིགས་དྲུག་གི་གནས་ལས་འུ་ཚོའི་མིག་གིས་རིག་ཏུ་ཡོད་པ་ནི་རིགས་མཐུན་མིའི་འགྲོ་བའི་ནང་གི་ཁ་ཤས་དང་དུད་འགྲོའི་ཆ་ཤས་ཙམ་ལས་མེད་མོད། མ་མཐོང་ཡང་ཁྱི་ཆེ་ཆུང་རང་གི་སྒོ་རྩ་ལ་བལྟས་ན་ཤེས་པ་ལྟར་དུ། རིགས་མི་མཐུན་པའི་འགྲོ་བའི་བདེ་སྡུག་ལ་ཁྱད་པར་ཆེ་བ་ནི། རིགས་མཐུན་མིའི་འགྲོ་བའི་ནང་ལ་བལྟས་པས་ཀྱང་ངེས་ནུས་ཏེ། དེ་ཡང་འགའ་རེ་སྔར་བསགས་བསོད་ནམས་ཀྱི་སྟོབས་ཀྱིས་གནས་སྐབས་སུ་བདེ་བ་ཕྱོགས་རེ་བའི་ཆ་ནས་ལྷ་ཡུལ་གྱི་བདེ་བ་ལ་འགྲན་དུ་བཟོད་པ་ལྟ་བུ་དང་། སྔར་བསགས་ལས་ངན་གྱི་རྣམ་སྨིན་ཉམས་སུ་མྱོང་བ་ཁ་ཤས་ཀྱིས་ནི་གསོན་པོའི་མི་ལུས་ཀྱི་ཐོག་ནས་ངན་སོང་གི་སྡུག་བསྔལ་མངོན་དུ་བྱེད་པ་སོགས་སྐྱིད་སྡུག་འདྲ་འདྲེས་ཀྱི་སྣང་བ། སྐྱིད་ལ་སྡུག་པའི་འཇིག་རྟེན་མི་ཡུལ། །ཞེས་གསུངས་པ་ལྟ་བུ་དང་། ད་ལྟའི་སྣང་བ་འདི་ལ་བསམ་བློ་རེ་བཏང་ནས་མི་ཚེ་སྟོད་སྨད་བར་གསུམ་ལ་འདེང་རེ་བརྒྱབ་ཅིང་ཡིད་ཡུལ་དུ་བླངས་ན། མིག་འཁྲུལ་བརྙན་ཆས་གྱི་ངོས་སུ་ཤར་བ་དང་། བྱིས་པས་རྩེད་མོ་བྱས་པའི་སྣང་བ་ལྟ་བུ་ལས་ཡིད་རྟོན་ཆོག་སའི་དོན་ལ་གྲུབ་པ་ཞིག་མེད་པ་ཡིན། གསོན་འཇིག་རྟེན་ཁམས་ལ་སྐྱེས་ནས། ཚེ་འདིའི་སྣང་བ་ཁྲ་ཁྲ་ཟིང་ཟིང་བ་འདི་ཤར་ནས་མ་ཨ་མའི་ནུ་ཞོས་འཚོ་བཞིན་དུ་ཆུང་བྱིས་པའི་རྩེད་གྲོགས་རྣམས་དང་རྩེད་རྡོ་མཉམ་དུ་བསྒྲིགས་པ་ནས་བཟུང་། ཡུན་རིང་པོར་སོང་མེད་པའི་སྣང་བ་ཡེངས་མ་ལམ་དེའི་ངང་དུ། འགའ་རེས་ཡིག་རྩིས་རིག་གནས་རེ་སྦྱོང་ཁུལ་དང་། འགའ་རེས་འཇིག་རྟེན་ཁྱིམ་གྱི་བྱ་བཞག་ལ་འབད་ཁུལ་གྱིས་མི་རབས་སྔོན་མ་རྣམས་ཀྱི་བྱ་བའི་ལད་མོ་བྱེད་པ་སྟེ། དེ་ཡང་གཞོན་དར་མའི་དུས་སུ་སེར་སྐྱ་ཕོ་མོ་སུ་ཡིན་ཡང་འཇིག་རྟེན་ཁམས་ན་ངའི་ཡན་དུ་སུ་ཡོད་ཙམ་ཞིག་མ་བསམས་ཀྱང་། ང་ཡང་གཞན་ལས་མི་དམན་པ་ཞིག་ཡིན་སྙམ་ནས་སྣང་བ་ཨ་སྔོན་དགུང་བས་མཐོ་ཁུལ་བྱེད་པས་དུས་འདས་ནས། ལ་ལས་ཁ་རྩང་ད་ཞག ལ་ལས་ན་ནིང་གཞེས་ནིང་ཞིག་ལས་སོང་མེད་པའི་སྣང་བ་འཛིན་པ་ཡིན་ཡང་། དོན་ཉམས་སུ་བླངས་ནས་ལོ་རྩིས་ཤིག་བརྒྱབ་ཚེ། འགའ་རེ་གཞོན་པའི་དུས་མཇུག་ཏུ་ཐོན་ནས་ཡོད་པ་དང་། འགའ་རེ་ན་ཚོད་ཡོལ་ནས་རྒས་རྟགས་ཐོད་པའི་ཐོག་ཏུ་དོད་ཡོད་པ་དང་། འགའ་རེ་ནད་ན་ཚས་བཟུང་། ལོ་ནམ་ཟླས་མནན། ལུས་འབྱུང་བཞི་གཟུགས་མགོར་མི་ཆགས་ཤིང་། གནའ་ལུས་དང་ད་སེམས་གཉིས་ཀ་མ་འགྲིགས་ནས་སྡུག་བསྔལ་གྱི་ཁུར་བོ་མང་པོས་མནན་ནས་བྱུང་དུས། འུ་ཚོས་ཚེ་རིང་ལོ་བརྒྱ་ཟེར་ནས་ཁ་གཡང་སྨོན་ལམ་བྱེད་ཀྱང་། རྒས་པའི་སྡུག་བསྔལ་རྒས་པ་ཁོ་རང་མ་གཏོགས་པས་མི་ཤེས་པའི་ས་ཚོད་ལ་ཐོན་ཚེ། ད་དུང་གསོན་པོའི་ས་ཆ་ལ་འདུག་རྒྱུ་ཡོད་ཀྱང་། སྐྱིད་རྒྱུ་དགའ་རྒྱུའི་སྣང་བ་མེད་པ་དང་། ཤི་བ་རེད་ཟེར་ན་ཁྱིམ་ནོར་རྫས། པང་བུ་རྒྱུད། ཚ་ཉེ་གཞི་སོགས་མི་རྒྱུ་ཚང་མར་ཞེ་མཁྲེང་ཞིང་། བསྡད་ན་སྐྱིད་མེད། ཤི་ན་བློས་མ་ཐོང་བཞིན་དུ། ཤི་བར་དོ་སྐྱབས་མེད་མགོན་མེད་ལ་ཉེ་ཞིང་ཉེ་ལ་སྐྲག་སྣང་དང་འཇིགས་སྣང་ཇེ་ཆེ་ལ་འགྲོ་བ་སོགས་ཀྱི་སྡུག་བསྔལ་ཉམས་སུ་མྱོང་བ་ཡིན། ད་དེ་ལྟ་བུའི་འདས་དོན་གྱི་ཕྱོགས་ལ་ཕྱིར་བལྟས་ཤིག་བྱས་ནས་བརྟགས་ཤིང་དཔྱད་ནས་མི་ཚེའི་བྱ་བའི་ཕྱོགས་སྡོམ་ཞིག་བྱས་ཚེ། ན་ནིང་གཞེས་ནིང་ཙམ་ཞིག་ཡིན་སྙམ་པའི་དུས་ཀྱི་ཁྱུད་འཁོར་གྱི་ནང་དུ་། མི་ཚེའི་ཡག་ཤོས་བཟང་ཤོས་ཀྱི་ཚེ་སྲོག་གི་རྒྱུན་དེ་ཅི་འདྲའི་ཆུད་ཟོས་སུ་བཏང་བ་ལ། ཚེ་འདི་དང་ཕྱི་མ་ལ་རང་གཞན་གཉིས་དོན་ཡིན་པའི་སྙིང་པོ་ཅན་དོན་ཉག་མ་གཅིག་ཀྱང་འགྲུབ་མི་འདུག ཆུང་ནས་དུས་འདི་ལ་ཐུག་གི་བར་དུ་ཉིན་གཅིག་ཉི་མ་གཅིག་ལ་ཁོམ་པ་མེད་པར་བྱས་བྱས་བསགས་བསགས་ཚང་མ། ཚེ་ཕྱི་མའི་སྡུག་བསྔལ་གྱི་ཁུར་བོ་ལྕི་བྱེད་ཅིག་ལས་ཅི་ཡང་མེད་པར་ཤེས་ཏེ། ཕོ་ཚོང་ཕམ་ཁུར་བའི་ཞེ་འགྱོད་ཀྱི། །སྡུག་ཁོག་ལ་ཡོད་པས་ཡི་མུག་སྐྱེ། །ཞེས་པ་ལྟ་བུའི་བྱ་བའི་མཐའ་ཞིག་ལ་ཐུག་དུས། སུ་ཞིག་འཇིགས་ཆེན་འདི་ལས་བདག །ལེགས་པར་སྐྱོབ་པར་བྱེད་འགྱུར་ཞེས། །བྲེད་ཤ་ཐོན་པའི་མིག་བགྲད་ནས། །ཕྱོགས་བཞིར་སྐྱབས་དག་འཚོལ་བར་བྱེད། །ཕྱོགས་བཞིར་སྐྱབས་མེད་མཐོང་ནས་ནི། །དེ་ནས་ཀུན་ཏུ་ཡི་མུག་འགྱུར། །ཞེས་པ་ལས་མ་འདས་པ་ཡིན་པས་ཐབས་མེད་འུ་ཐུག་གིས་མིག་རིལ་ཕར་ཅེར་ཚུར་ཅེར་གྱིས་སྒུར་འདུག་པ་ལས་མེད་དེ། དེ་དག་གང་ཞིག་ལ་སྐྱོབ་འདོད་ཀྱི་སེམས་ཙམ་ཡོད་ཀྱང་སྐྱོབ་པའི་ནུས་པས་དབེན་པའི་ཕྱིར་རོ། །དེ་ལྟ་བུའི་ས་འདིའི་སྟེང་དུ་རྐང་རྗེས་བཀོད་ཚད་པོས་བྱས་བྱས་འདུར་འདུར་གྱི་མཐའ་འབྲས་ཅི་ཡང་མ་འགྲུབ་པར་སེམས་ཡུས་ཀྱིས་གང་། མིག་མཆི་མས་གང་། བྲང་སེན་རྗེས་ཀྱིས་གང་ནས་ཕྱིར་ལྡོག་ཏུ་མེད་པའི་ཕྱི་མའི་ལམ་ཆེན་ལ་ཞུགས་པ་ཤ་སྟག་ཡིན། ད་རེས་སྟོན་པ་སངས་རྒྱས་འཇིག་རྟེན་དུ་བྱོན་པའི་དུས་སྐབས་དང་ཁེལ་བས་མ་ཚད། བསྟན་པ་དམ་ཆོས་མ་ནུབ་པར་རྗེས་ཟིན། དེ་ལས་ཀྱང་ཟབ་ཆོས་ཁྱད་འཕགས་གསང་སྔགས་ཀྱི་མྱུར་ལམ་ལ་ཞུགས་ནས་ཡོད་པ་དང་། དེས་མ་ཚད་དེར་ཇི་ལྟར་འཇུག་དགོས་པའི་གནད་དང་རྒྱུ་མཚན་ཤེས་ཤིང་། འཆད་ཉན་སྒོམ་སྒྲུབ་ཀྱི་སྲོལ་མ་ཉམས་པའི་ཐོག་ནས། གདན་ས་ཆོས་འཁོར་འདི་ལྟ་བུ་ཞིག་ལ་མཚོན་ན། དམ་པའི་ཆོས་ཁ་ནང་དུ་བཅུག་ནས་ལག་ནང་དུ་གཏོད་བཞིན་ཡོད་པའི་སྐབས་འདིར། འདི་ལྟར་བསམ་དགོས། ང་ནི་ཐོག་མེད་ནས་ད་ལྟའི་བར་དུ་ལམ་ལོག་ལམ་གོལ་མ་རུང་བའི་གནས་སུ་འཕྱན་ནས་ཆུ་བོ་ཤུགས་དྲག་གིས་རིལ་མ་དེད་པ་བཞིན་དུ་འཁོར་བའི་རྒྱུན་ཕྱོགས་སུ་སྐྱེལ་བཞིན་ཡོད་པ་ལས། ད་རེས་རྡོག་ཅིག་གཏད་ས་ལོན་པའི་སྐབས་འདིར་བསམ་བློ་ཡང་དག་པའི་ཕྱོགས་སུ་བཏང་ནས་ལམ་དེ་ཕྱོགས་ལས་ཕྱིར་ལྡོག་ནས་འདི་ཕྱོགས་སུ་འཇུག་པར་བྱས་ན། སྐྱིད་ལ་ཤར་རྒྱུ་ཞིག་དང་། སྡུག་ལ་འཛད་རྒྱུ་ཞིག་ཡོད་པ་དེ་ཤེས་པར་བྱ་དགོས། དེ་ཡང་ཆོས་ཉན་ཞེས་པ་དེ་ཡང་དེ་སྔོན་མ་ཤེས་མ་གོ་བའི་བློ་རིག་པའི་འཆར་སྒོ་གསར་བ་ཞིག་ཕྱེ་བ་ཡིན། དེས་ན་འདི་ཕྱི་ཀུན་ཏུ་ཕན་དང་བདེ་བ་འགྲུབ་བྱེད་ཀྱི་དམ་པའི་ཆོས་དེ་ཉམས་ལེན་གྱི་གནད་དུ་དྲིལ་ནས་བྱིན་པ་དེ། སྔར་མེད་པའི་སྟོབས་དང་ནུས་པ་རང་མགོ་འདོན་པས་མི་ཚད་གཞན་གྱི་སྐྱབས་མགོན་ཡང་བྱེད་ཐུབ་པའི་ནུས་པ་རྣམས་རང་ཉིད་ལ་ཡོད་དུ་འཇུག་པའི་སྐད་ཆ་དང་བསམ་བློའི་འཁྱེར་སོའི་གནད་རྣམས་ཤེས་དགོས་པ་ལས་བཟང་ངན་གྱི་གནད་གསང་ཅི་ཡང་མི་ཤེས་པར་ཁ་གདང་བཞིན་འདུག་པ་ནི་ཚབས་ཆེན་གྱི་རྨོངས་གཉིད་ལས་ད་དུང་མ་སད་པ་ཡིན། དེས་ན་མ་ཤི་གསོན་པོའི་སྣང་བ་འདི་ཡོད་པའི་སྐབས། རང་ལུས་འདོམ་གང་གྲུ་བཞི་ལ་དགྱེ་དགུ་གཉིས་ཀ་རང་ལག་ཡིན་པའི་དུས་ཚོད་འདིར། བྱ་བ་བཟང་ངན་ཡག་ཉེས་ཅི་བྱེད་རང་ལག་ལ་ཡོད་པས། རེ་ས་སྐྱབས་གནས་དམ་པའི་ཆོས་མ་གཏོགས་མེད་པའི་ཡུལ་ཁ་རིག་པར་བྱས་ནས། སྙིང་ལ་རུས་པ་བཅངས་པའི་ཁ་ཕོ་སོར་གསུམ་བསྡོམས་ནས། ངས་ད་སྔོན་འདི་བར་དུ་སྙིང་མེད་འཁོར་བའི་བྱ་བཞག་ལ་ཅི་འདྲས་འབད་པ་ཞིག་བྱས་པ་དང་། དགྲ་གཉེན་ཆགས་སྡང་གི་ལས་དང་བྱ་བ་ལ་ནམ་ཉིན་མཚན་ཚེ་སྟོད་ཚེ་སྨད་གང་གི་སྐབས་སུ་ཡང་། བསམ་བློ་འདི་མ་བཏང་བསམ་པ་དང་བློ་དྲན་འཕྲུལ་འདི་མ་བཀོད་ཅེས་པ། རྒྱུ་ཚེགས་གཉིས་ཀས་འབད་རྩོལ་མ་བྱས་སྙམ་པ་ཞིག་མེད་ཀྱང་འགྲུབ་པ་འདི་ལས་མ་བྱུང་བ་ཡིན། ད་རེས་ཚེ་འདི་ཕྱི་གཉིས་ཀའི་སོང་ན་འགྲོ་རྟེན། བསྡད་ན་འདུག་རྟེན། རང་གཞན་གཉིས་ཀའི་གཏན་བདེ་སྒྲུབ་པའི་དུས་སུ་བབ་ཡོད་པའི་དུས་སྐབས་འདི་ཤོར་ན་ཤོར་ངེས་ཡིན་པས། བློ་སྔོན་ནས་དྲན་ན་མཁས་པ་དང་། རྗེས་ནས་དྲན་ན་འགྱོད་པ། ཟེར་བ་དང་འགྱོད་པ་ནི་ལས་ཀྱི་ཐ་མའོ་སྙམ་པའི་འདང་བསམ་བློ་སྔོན་དུ་བཏང་ནས། དམ་པའི་ཆོས་སྒོ་རུ་མ་ཞུགས་པར་རང་གར་མི་རྗེས་སུ་ཁྱི་དེད་པ་བཞིན་དུ་ཅི་བསམ་འདི་དྲན་མེད་པ་ཞིག་གིས། ཆོས་གོ་བའི་ཕན་ཡོན་ཙམ་ཡོད་ཀྱང་འགྲུབ་བའི་ནང་དོན་ཡོད་པ་མིན། དེས་ན་དོན་ཆུང་འཇིག་རྟེན་ཚེ་འདིའི་བྱ་བ་ཞིག་སྒྲུབ་པའི་དུས་སུའང་མགོ་མཐའ་བར་གསུམ་དུ་ཚད་དང་ལྡན་པ་ཞིག་ཨེ་ཡོང་གི་འབད་པ་བྱེད་དགོས་ན། རང་གཞན་སེམས་ཅན་ཐམས་ཅད་ཚེ་རབས་གཏན་གྱི་སྡུག་བསྔལ་བྲལ་བའི་བདེ་བ་ཞིག་དང་འཕྲད་ཐབས་བྱེད་པ་ལ་བརྩོན་པ་བསྐྱེད་ལོས་དགོས་སྙམ་པའི་ཀུན་སློང་གི་ཐོག་ནས། ཆོས་ཕྱིར་དཀའ་སྤྱད་བཟོད་པའི་བཟོད་པ། སྔོན་བཅོམ་ལྡན་འདས་སློབ་པ་ལམ་གྱི་སྐབས་སུ་ཆོས་ཚིག་བཞི་བའི་ཚིགས་སུ་བཅད་པ་གཅིག་གི་ཆེད་དུ་སྐུ་ལུས་མེ་དོང་དུ་མཆོངས་པ་དང་། སྐུ་ལུས་ལ་ལྕགས་ཀྱི་འཛེར་མ་སྟོང་གདབས་པའི་ལོ་རྒྱུས་ཡོད་པ་ཡིན། ད་རེས་དེ་ལྟར་མ་དགོས་པར་གདམས་ངག་སྒོ་སྐྱེལ་བྱེད་པའི་དུས་སུ་ད་དུང་གནད་མ་ཤེས་ན། དུད་འགྲོའི་ནང་གི་དུད་འགྲོ་ཐ་མ་ཞིག་དང་ཁྱད་མི་འདུག་བསམས་ནས་དམ་བའི་ལྷ་ཆོས་སྒྲུབ་པ་ལ་ལ་འུར་ད་ལྟ་ཉིད་དུ་བརྩོན་དགོས་པའི་སྐུལ་འདེབས་ཀྱི་བསམ་བློ་ནང་དུ་སྐོར་བ་ནི་ཆོས་འགྲུབ་པའི་གོམ་པ་དང་པོ་ཡིན་པས་དེ་ལྟ་བུ་ལ་འཇུག་པ་ལྷུར་ལེན་པའི་ཐོག་ནས། སྐབས་སུ་བབས་པ་གང་ཞིག་གསན་པར་བྱ་བ། རྟོགས་པའི་དབང་ཕྱུག་ལྷ་བཙུན་ཆེན་པོ་དང་། །དགོངས་པའི་ཀློང་བརྡོལ་རིག་འཛིན་འཇིགས་མེད་གླིང་། །བསྟན་པའི་མངའ་བདག་གཏེར་ཆེན་བླ་མ་སོགས། །ཀུན་མཁྱེན་གཞུང་ལས་བྱིན་བརྒྱུད་ཐོབ་པ་ཡིན། །ཞེས་གསུངས་པ་ལྟར་དུ་ཀུན་མཁྱེན་རྒྱལ་བ་ཀློང་ཆེན་པའི་གསུང་གི་གསང་མཛོད། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་སྙིང་པོ་གཅིག་ཏུ་དྲིལ་བ། བྱོན་བཞུགས་འབྱོན་པར་འགྱུར་བའི་རིག་འཛིན་བརྒྱུད་པ་དང་བཅས་པའི་དགོངས་བརྒྱུད་རྟོགས་པའི་ཕ་ཕོགས་བརྙེས་སའི་བསྟན་བཅོས་ཆེན་པོ། མཛོད་ཆེན་རིན་པོ་ཆེ་རྣམ་པ་བདུན་གྱི་ནང་ནས་མན་ངག་རིན་པོ་ཆེའི་མཛོད་འཆད་ཉན་གྱི་སྐབས་ནས་མན་ངག་གི་བསྟན་བཅོས་འདིའི་བརྗོད་བྱ་གཞུང་དོན་མང་ཆེ་བ་སོང་ནས་དེ་རིང་།

༣༨༧ བདུད་དྲུག་སྤང་བར་གདམས་པའི་ཆོས་དྲུག་བསྟན་པ།

བདུད་དྲུག་སྤང་བར་གདམས་པའི་ཆོས་དྲུག་ནི།།

ཐར་ལམ་སེམས་བསྐྱེད་གཞན་དོན་སྒོམ་སྒྲུབ་བོར།།

རང་དོན་སྙན་གྲགས་བསྒྲུབས་ན་ཁེ་གྲགས་བདུད།།

རང་རྒྱུད་ཐ་མལ་གནས་ལས་མ་འཕགས་པར།།

འཕགས་པའི་སྤངས་རྟོགས་ཚིག་རྩོད་དྲེད་པོའི་བདུད།།

རྩེ་གཅིག་བསམ་གཏན་ཕྱི་དུས་རབ་བཞག་ནས།།

འབྲས་བུ་ཡིད་སྨོན་རེ་བ་ལེ་ལོའི་བདུད།།

རི་ངོགས་དབེན་པ་བསྟེན་པ་རབ་སྤངས་ནས།།

ཁེ་སྤོགས་སོ་ནམ་འབུན་སྐྱེད་འདོད་པའི་བདུད།།

ལུང་རིགས་མན་ངག་ཐོས་བསམ་རབ་སྤངས་ནས།།

བླུན་སྒོམ་ཡིད་དཔྱོད་སྤོམ་ཡོར་རྨོངས་པའི་བདུད།།

རང་སྐྱོན་ཁོང་དུ་སྦས་ནས་གཞན་གྱི་སྐྱོན།།

མེད་ཀྱང་སྒྲོ་འདོགས་གཤེ་བ་ཕྲག་དོག་བདུད།།

རང་རྒྱུད་བདུད་ཀྱིས་མ་ཟིན་ཤིན་ཏུ་གཅེས།།

ཞེས་གསུངས་པ་སྟེ། བདུད་དྲུག་སྤང་བར་གདམས་པའི་མན་ངག་གི་ཆོས་དྲུག་ནི། བྱེད་འོས་ཤིང་བྱེད་དགོས་རྒྱུའི་ཐར་ལམ་གྱི་སེམས་བསྐྱེད་དང་གཞན་དོན་གྱི་སྒོམ་སྒྲུབ་རྣམས་ཕར་བོར་ནས། མི་དགོས་རྒྱུ་རང་དོན་སྙན་གྲགས་བསྒྲུབས་པར་བྱས་ན་དེའི་མིང་ལ་ཁེ་གྲགས་ཀྱི་བདུད་ཟེར་བ་ཡིན་པས། སྙན་གྲགས་མེད་ནས་ཤོར་སོང་བ་ཞིག་མེད་པས་མ་ཚད། ཆོས་ཕྱོགས་ནས་ཐོབ་པ་ཡིན། ཐར་བའི་ལམ་དེ་བསྒྲུབ་དགོས་ཏེ། དེ་སྒྲུབ་ན་འདི་ཕྱི་གཉིས་ཀ་རུ་ཕན་ཐོགས་ཡོད་པའི་ཕྱིར། དེས་ན་ཐར་ལམ་སྒྲུབ་པ་ལ་ངེས་འབྱུང་རྣམ་དག་དང་གཞན་ཕན་གྱི་བསམ་པ་རྣམ་པར་དག་པ་དགོས་པས། ཁེ་གྲགས་ཀྱི་བདུད་ནི་དེའི་དགྲ་ཡིན། རང་རྒྱུད་སོ་སོ་སྐྱེ་བོ་ཐ་མལ་བའི་གནས་ཙམ་ལས་ད་དུང་མ་འཕགས་པར། འཕགས་པའི་སྤངས་རྟོགས་ཀྱི་ཚད་འཇལ་བའི་ཚིག་གི་རྩོད་པ་བྱེད་པ་འདི་དྲེད་པོའི་བདུད་ཡིན་པ་དང་། རྩེ་གཅིག་གི་བསམ་གཏན་ཉམས་ལེན་བྱེད་རྒྱུ་དེ་ཕྱིི་དུས་ཤིག་ལ་བཞག་ནས། འབྲས་བུ་འཕྲལ་དུ་ཐོབ་རྒྱུའི་ཡིད་སྨོན་གྱི་རེ་བ་བྱེད་པ་དེ་ལེ་ལོའི་བདུད་ཡིན། རི་ངོགས་དབེན་པའི་གནས་བསྟེན་པ་དེ་རབ་ཏུ་སྤངས་ནས། གྲོང་ནས་ཁེ་སྤོགས་སོ་ནམ་བུན་སྐྱེད་བྱེད་པ་ནི་འདོད་པ་ཆེ་བའི་བདུད་ཆོས་ཀྱི་བར་ཆད་དོ། །ལུང་དང་རིགས་པ་དང་མན་ངག་གི་ཐོས་བསམ་བྱེད་པ་རབ་ཏུ་སྤངས་ནས། ཐོས་པ་མེད་པའི་བླུན་སྒོམ་ཡིད་དཔྱོད་ལས་མ་འདས་པ་སྤོམ་ཡོར་རམ་སྤྱི་བཤད་ཙམ་ནི་རྨོངས་པའི་བདུད་ཡིན་པ་དང་། རང་སྐྱོན་དེ་ཁོང་དུ་སྦས་ནས་མི་རིག་ཁུལ་དང་མེད་ཁུལ་བྱས་ནས་གཞན་གྱི་སྐྱོན་གལ་སྲིད་མ་རིག་ཀྱང་ཡོད་པར་བཤད་ནས་སྒྲོ་ཡར་བཏགས་ནས་གཤེ་བ་དང་ནི་སྐུར་བ་འདེབས་པ་དེ་ཕྲག་དོག་གི་བདུད་ཡིན་གསུངས། དེ་ལྟ་བུའི་རང་རྒྱུད་བདུད་ཀྱིས་མ་ཟིན་པ་ནི་དཔེ་ཆ་བ་སྒོམ་པ་བ་སྒྲིབ་སྦྱོང་བ་སུ་ཡིན་ཡང་ཤིན་ཏུ་གཅེས་སོ།།

༣༨༨ མི་བསྐྱོད་སྐྱོན་ལས་ཐར་བའི་ཆོས་དྲུག་བསྟན་པ།

མི་བསྐྱོད་སྐྱོན་ལས་ཐར་བའི་ཆོས་དྲུག་ནི།།

ཉན་རང་སེམས་ཀྱིས་མི་བསྐྱོད་རི་རྒྱལ་འདྲ།།

ཉོན་མོངས་རྣམ་རྟོག་མི་བསྐྱོད་ནམ་མཁའ་འདྲ།།

རྙེད་བཀུར་འཆིང་བས་མི་བསྐྱོད་འཕགས་པ་འདྲ།།

ན་ཚ་སྡུག་བསྔལ་མི་བསྐྱོད་ས་གཞི་འདྲ།།

བཀྲེས་སྐོམ་ཚ་གྲང་མི་བསྐྱོད་རྒྱ་མཚོ་འདྲ།།

གདོན་བགེགས་འཚེ་བས་མི་བསྐྱོད་མེ་དཔུང་འདྲ།།

དེ་དང་སུ་ལྡན་ཐེག་མཆོག་དོན་ལ་གནས།།

ཞེས་གསུངས་པ་སྟེ། རྐྱེན་གྱིིས་མི་བསྐྱོད་ཅིང་སྐྱོན་ལས་ཐར་བར་བྱེད་པའི་ཆོས་དྲུག་ནི། ཉན་རང་གི་སེམས་རང་འདོད་ཡིད་བྱེད་ཀྱིས་མི་བསྐྱོད་པར་རི་རྒྱལ་དང་འདྲ་བ་ཐེག་པ་ཆེན་པོའི་ཆོས་ལ་རྩེ་གཅིག་ཏུ་འདུན་པ་ཞིག་དང་། ཉོན་མོངས་དང་རྣམ་རྟོག་གིས་མི་བསྐྱོད་པ་ནམ་མཁའ་འདྲ་བ་སྟེ། ནམ་མཁའ་ལ་འབྱུང་བཞིའི་ཆོ་འཕྲུལ་ཅི་བྱུང་ཡང་འགྱུར་བ་མེད་པ་ཡིན་པ་ལྟ་བུ་དང་། རྙེད་བཀུར་ལ་སོགས་པ་འཆིང་བས་མི་བསྐྱོད་པ་ནི་ཞེན་ཆགས་དང་བྲལ་བའི་འཕགས་པ་འདྲ་བར་རྙེད་བཀུར་ལ་ཆགས་པ་མི་བྱེད་པ་དང་། ན་ཚ་སྡུག་བསྔལ་གྱིས་དམ་ཆོས་སྒྲུབ་པ་ལ་མི་བསྐྱོད་པ་ས་གཞི་དང་འདྲ་བ་སྟེ། ས་འདི་ལ་སྐྱོ་བ་མེད་ཅིང་འཁང་ར་མེད་པར་བཟང་ངན་ཐམས་ཅད་ཁུར་དུ་འཛིན་པའི་དཔེར་འཇོག་པ་ལྟར་ཡིན་པ་དང་། བཀྲེས་སྐོམ་ཚ་གྲང་གིས་ཆོས་ལ་ཕྱི་བཤོལ་བྱེད་པས་མི་བསྐྱོད་པ་ནི་རྒྱ་མཚོ་རྟག་ཏུ་འཕེལ་འགྲིབ་དང་འཕོ་འགྱུར་མེད་པ་ལྟ་བུ་དང་། གདོན་དང་བགེགས་ཀྱི་འཚེ་བས་བསྐྱོད་མི་ཐུབ་པ་དམ་ཆོས་སྒྲུབ་པ་ལ་བར་ཆད་བྱེད་མི་ནུས་པ་མེ་དཔུང་འབར་བ་འདྲ་བ་སྟེ། མེ་དཔུང་ཆེན་པོ་འབར་དུས་རླུང་བྱུང་ཡང་འབར་བའི་གྲོགས་སུ་འགྱུར་བ་ལྟ་བུ་སྟེ། དཔེ་དེ་ལྟ་བུ་དག་དང་སུ་ལྡན་དེ་དག་ནི་ཐེག་པ་མཆོག་གི་དོན་ལ་གནས་པའོ།།

༣༨༩ ཤིན་ཏུ་གཅེས་པའི་ཆོས་དྲུག་བསྟན་པ།

ཤིན་ཏུ་གཅེས་པའི་ཆོས་དྲུག་བསྟན་པ་ནི།།

རང་བདེ་གཞན་བདེ་བྱེད་པ་ཤིན་ཏུ་གཅེས།།

གོང་མས་དམན་པའི་དོན་བྱེད་ཤིན་ཏུ་གཅེས།།

བདེ་ལེགས་སེམས་ཅན་དྲིན་ཤེས་ཤིན་ཏུ་གཅེས།།

གནོད་ལན་ཕན་བདེ་བྱེད་པ་ཤིན་ཏུ་གཅེས།།

རྒྱལ་བ་མཆོད་པས་སེམས་ཅན་དོན་བྱེད་གཅེས།།

རང་བདེ་བོར་ནས་གཞན་སྡུག་བསལ་བ་གཅེས།།

འདི་དག་ཐེག་ཆེན་གཞུང་སྲོལ་ཆེན་པོ་ཡིན།།

ཞེས་གསུངས་པ་སྟེ། ཐེག་ཆེན་གྱི་ཆོས་ལམ་ལ་ཞུགས་པའི་གང་ཟག་ཅིག་ལ་ཤིན་ཏུ་གཅེས་པའི་ཆོས་རྣམ་པ་དྲུག་བསྟན་པ་ནི། སོ་སོ་སྐྱེ་བོས་རང་ཉིད་བདེ་ཐབས་ཤིག་མ་གཏོགས་བསམ་བློ་གཏོང་བ་མིན་ཡང་ཐེག་ཆེན་ལ་སློབ་པའི་གང་ཟག་གིས་རང་བདེ་བར་བྱེད་པ་བཞིན་དུ་གཞན་ལ་ཡང་བདེ་བ་སྟེར་བ་ནི་ཤིན་ཏུ་གཅེས་ཤིང་། ཐོབ་དང་གོ་ས་དབང་དང་འབྱོར་བ་དང་ཡོན་ཏན་ལ་སོགས་པའིི་ཐད་ཀྱི་ཕལ་བ་ལས་མཐོ་བའི་གོང་མ་དག་གིས་རང་ལས་དམན་པའི་སེམས་ཅན་གཞན་གྱི་དོན་བྱེད་པ་དེ་ཉིད་ཤིན་ཏུ་གཅེས་པ་སྟེ། ད་སྔོན་ད་བར་དུ་རང་ཏག་ཏག་ལ་གཅེས་པའི་ཆགས་ཞེན་གྱིས་འཁོར་བའི་གནས་ལ་འཁྱམས་པ་ཡིན་ཞིང་། ད་རེས་ནི་གཞན་གཅེས་པའི་སེམས་དེའི་ཐོག་ནས་རང་གཞན་གྱི་དོན་ཆེན་བསྒྲུབ་པར་བྱ་དགོས་པ་བསྟན་པ་སྟེ། དཔེར་ན་དགོན་པའི་བསྟན་བདག་བླ་སྤྲུལ་ཞིག་ལ་ཆ་མཚོན་ན། བཤད་སྒྲུབ་ལས་གསུམ་གྱི་ནང་དུ་ཞུགས་པའི་གྲྭ་ཚང་འདུས་པ་དང་། སྡེ་ཡུལ་འབངས་དང་བཅས་པ་ཐམས་ཅད་ལྟོས་པ་ཅན་ཡིན་པས། གོང་མས་དེ་ཐམས་ཅད་ཀྱི་དོན་ཇི་ལྟ་བུའི་སྒོ་ནས་བྱེད་དགོས་པ་ཡིན། དེ་རྣམས་ལ་ཁ་ཟས་རྒྱབ་གོས་ཕུལ་ནས་གསོ་དགོས་པ་ཡིན་ནམ་ཞེ་ན། རྒྱུ་ཟས་ནོར་གྱིས་ཕན་བཏགས་ན་སྦྱིན་པ་ཡིན་པས་ལོས་བཟང་ཡང་། མི་གཅིག་ལ་བརྟེན་ནས་མི་མང་པོ་འཚོ་དཀའ་ཞིང་གལ་སྲིད་ཉིན་ཞིག་ལ་དེ་མེད་ཚེ་ཇི་ལྟར་བྱེད། ལར་མ་གཞི་ཟང་ཟིང་གི་སྦྱིན་པ་ནི་བྱང་ཆུབ་སེམས་དཔའ་ཁྱིམ་པ་ལ་བསྔགས་པ་ཡིན། འོ་ན་དེ་རྣམས་ལ་ཕན་པའི་ཐབས་གང་དགོས་པ་ཡིན་ཞེ་ན། དམ་པའི་ཆོས་ཀྱིས་ཕན་འདོགས་དགོས་པ་ཡིན་ཏེ། ཁྱིམ་པ་ཕོ་མོ་ཞིག་ཡིན་ན་དང་པོ་འཇིག་རྟེན་ཡ་རབས་ཀྱི་སྤྱོད་པ་ནས་མགོ་བཟུང་སྟེ་རང་གཞན་གཉིས་ཕན་འདི་བདེ་ཕྱི་སྐྱིད་ཀྱི་དམ་པའི་ལྷ་ཆོས་བསྒྲུབ་ཏུ་བཅུག་ནས་ཐར་བའི་ལམ་སྣེ་ཞིག་ཟིན་ཐབས་བྱེད་དགོས་པ་དང་། གྲྭ་པ་སེར་མོ་བའི་ཕྱོགས་ནས་བཤད་ན། དཔེ་ཆ་པ་དང་། སྒོམ་པ་པ་དང་། དེ་གཉིས་ཀ་མིན་པའི་ཁ་འདོན་དགེ་སྦྱོར་རེ་ལ་འབད་ཅིང་གསུར་ཆུ་གཏོར་རེ་མི་ཆགས་པར་བྱེད་པའི་དགེ་སྡིག་སྤང་བླང་ལ་འཛེམ་མཁན་གྱི་སྒྲིབ་སྦྱོང་བ་ཞིག་ཡིན་ནའང་འདྲ་སྟེ། ཐམས་ཅད་ལ་ཕན་སེམས་བསམ་པ་རྣམ་དག་རེ་དང་། སྙིང་རྗེས་དྲངས་པའི་བྱང་ཆུབ་ཀྱི་སེམས་རེ་རྒྱུད་ལ་སྐྱེ་ཐབས་རེ་བྱེད་ཤེས་ན་དེ་མཛད་དགོས་པ་ཡིན། དོན་གྱི་བསྟན་པ་འཇིག་རྟེན་གྱིི་ཁམས་སུ་གནས་ན་སེམས་ཅན་གྱི་བདེ་སྐྱིད་དེ་ལས་འབྱུང་བ་ཡིན། མདོར་ན་གང་ཟག་རེ་རེའི་རྒྱུད་ལ་སངས་རྒྱས་ཀྱི་བསྟན་པ་ཆ་ཚང་རེ་བཞུགས་པ་ཡིན་པས། རང་ངོས་ནས་གཅེས་སྐྱོང་བྱེད་དགོས་པའི་ཐུགས་ཁུར་སློབ་སྟོན་རེ་གནང་བ་སྟེ་གོང་མས་དམན་པའི་དོན་དེ་ལྟ་བུ་བྱེད་དགོས་པ་ཡིན། ཡང་དེ་ནི་བླ་སྤྲུལ་ཆེན་པོ་རྣམས་ཀྱི་འོས་འགན་ཡིན་པས་ང་ལ་ཁུར་ཐང་མེད་ཅེས་ཟེར་རྒྱུ་མེད་དེ། རབ་ཏུ་བྱུང་བ་ཞིག་ཡིན་ནས་བཟུང་སྟེ་ཐུན་མོང་དུ་བསྟན་པའི་འགན་མ་བགོས་ཕྲག་བབ་ཏུ་ཡོད་པས་མ་ཚད། མི་རེའི་ངོས་ནས་རང་རྒྱུད་ཀྱི་བསྟན་པ་དྭངས་གཙང་ཞིག་ཡོང་ན་བསྟན་པ་འཇིག་རྟེན་ཐུང་མོང་གི་མིག་རྒྱན་དུ་འགྱུར་བ་ཞིག་འོང་བ་ཡིན་པའི་ཕྱིར། གཞན་ཡང་གྲྭ་པ་གྲྭ་རྐྱང་ཞིག་ལ་མཚོན་ན་དེའི་མན་ན་ཡོད་པ་དེ་ཁྱིམ་པ་ཕོ་མོ་དག་རེད། ལར་གང་ཟག་གི་ཚོད་གང་ཟག་གིས་ཟིན་པ་མིན་པས་ཡན་མན་ཟེར་སུས་ཤེས་ཀྱང་། ཡིག་ངོ་རེ་ཟིན་མི་ཟིན་དང་དགེ་སྡིག་བླང་དོར་གྱི་གནས་རེ་སྦྱོང་སྔ་ཕྱིའི་ཁྱད་པ་དང་། ཡང་སྒོས་སུ་ཕྱག་དད་པས་ཐལ་མོ་སྦྱར་ནས་དགེ་འདུན་པའི་གྲལ་མཇུག་ནས་སྐྱབས་གནས་མཆོད་པའི་ཡུལ་ཞིང་ས་ཁྱད་པར་ཅན་ཡིན་པར་བསམ་བཞིན་ཡོད་པས། སྦྱིན་པ་ཐམས་ཅད་ལས་མཆོག་ཏུ་གྱུར་པའི་ཆོས་ཀྱི་སྦྱིན་པ་བཏང་ནས་དེ་རྣམས་ཀྱི་དགེ་ངོ་སྡིག་ངོ་རེ་ཤེས་ཐབས་དང་། ཐ་ན་ཡ་རབས་ཀྱི་སྤྱོད་བཟང་ཞིག་ཚུན་ཆོད་ཤེས་ཐབས་བྱེད་པ་སྟེ། གོང་མ་དག་གིས་དམན་པའི་དོན་དེ་ལྟར་བྱེད་དགོས་པ་ཡིན། དེས་ན་བླ་མ་སེར་མོ་བ་ཞིག་གིས་བྱེད་དགོས་པ་ལས་གཞན་པས་ལས་རྒྱུ་ཞིག་མ་རེད་བསམ་རྒྱུ་ཡོད་པ་མིན། དེས་མ་ཚད་མིའི་མན་དུ་མིག་རིག་ལག་ཟིན་དུ་ཡོད་པ་ནི་དུད་འགྲོ་རྣམས་ཡིན་པས། སྐྱ་སེར་སུ་ཡིན་ཡང་རྔོན་རི་དྭགས་སྒོ་བཤས་ལ་སོགས་པ་མི་དགེ་བའི་ལས་སྣ་རེ་སྤངས་ན་སེམས་ཅན་ལ་ཕན་པ་འབྱུང་བ་དང་རང་ཉིད་ཀྱིས་བསོད་ནམས་བསགས་པ་ཡིན་པ་དང་། ཁྱད་པར་དུ་བྱང་ཆུབ་ཀྱི་སེམས་དང་འབྲེལ་ན་དགེ་རྩ་རྒྱུན་མི་ཆད་པ་དགེ་བ་གོང་ནས་གོང་དུ་འཕེལ་ནས་བྱང་ཆུབ་ཆེན་པོ་འཐོབ་པའི་རྒྱུར་འགྱུར་བ་ཡང་ཡིན་པས། དུད་འགྲོ་ཞིག་གི་རྣ་ལམ་དུ་མ་ཎི་རྡོག་མ་གཅིག་བཏོན་པ་ཡང་དེ་ཆོས་ཀྱི་སྦྱིན་པ་ཡིན། ས་སྟོང་ལུང་སྟོང་ཞིག་ཏུ་ཐོན་ཚེ་སྐད་ཆེན་པོར་བྱས་ནས་མ་ཎི་དང་སངས་རྒྱས་ཀྱི་མཚན་བརྗོད་དང་འབུ་སྲིན་ཕྲ་མོ་ཚུན་ཆོད་ཀྱིས་དེ་གོ་སོང་ན་ཐར་བའི་ས་བོན་ཐེབས་པ་ཡིན། གཞན་ཡང་གྲོང་ཁྱེར་ཆེན་པོ་མི་འབུམ་ཕྲག་མང་པོ་ཡོད་ས་ཞིག་ནས་མ་ཎི་དང་སངས་རྒྱས་ཀྱི་མཚན་རེ་བརྗོད་པར་བྱས་ནས་དེ་རྣམས་ཀྱི་རྣ་ལམ་དུ་ཐོས་ན་ཕན་པ་དཔག་ཏུ་མེད་པ་འབྱུང་བ་ཡིན། གོང་མས་དམན་པའི་དོན་བྱེད་ཤིན་ཏུ་གཅེས་ཞེས་པ་དེའི་གོ་བ་དེ་ལྟར་དུ་བླངས་ན་ཆོག་པ་ཡིན། བདེ་ལེགས་དང་ཕུན་ཚོགས་ཐམས་ཅད་ཀྱི་རྒྱལ་པོ་དེ་གང་ཡིན་ཞེ་ན། གཏན་བདེ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དེ་ཡིན་པ་རེད། དེ་ནི་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་བྱས་པ་ལས་བྱུང་བ་ཡིན་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོ་ལྟ་བུ་དེ་མ་སེམས་ཅན་མེད་ན་འབྱུང་ཐབས་མེད་པ་དང་། མ་སེམས་ཅན་མེད་ན་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡང་མེད་པ་ཡིན་པས་སོ། །དེས་ན་མ་རྒན་སེམས་ཅན་ཐམས་ཅད་ཀྱི་དྲིན་ཤེས་ཤིང་དྲན་པ་དེ་ཤིན་ཏུ་ནས་ཀྱང་གཅེས་པ་དང་། དགྲ་ལ་སོགས་པས་གནོད་པ་བྱས་ན་དེའི་དུས་སུ་བཟོད་པ་སྒོམ་པའི་སྟབས་ལེགས་ཤིག་ལ་ཁེལ་བ་སྟེ། དགྲས་ལོག་སྒྲུབ་བྱས་ཀྱང་ཐུགས་དམ་གྱི་བོགས་འདོན། །ཞེས་གསུངས་པ་ལྟར་ཡིན། བྱང་ཆུབ་སེམས་དཔས་སྤྱིར་སྤྱོད་ཡུལ་ཐམས་ཅད་ལམ་དུ་ཁྱེར་ཤེས་པ་དང་ཁྱད་པར་དུ་ཚུར་གནོད་པ་བྱས་ཀྱང་ཕར་ཕན་འདོགས་དགོས་ཏེ། ཕ་རོལ་པོ་ནི་རྨོངས་པའི་གཞན་དབང་དུ་གྱུར་པའི་སྐྱེ་བ་ཚེ་རབས་མང་པོའི་མ་རྒན་དེ་ལ་སྙིང་རྗེ་ལྷག་ཏུ་བསྐྱེད་པ་དཔེར་ན་མ་གཅིག་ལ་བུ་དགུ་ཡོད་ན་ཐམས་ཅད་ལ་མི་གཅེས་པ་མེད་ཀྱང་ན་བའི་བུ་ལ་ལྷག་པར་དུ་བརྩེ་བ་བཞིན་དུ། ཉོན་མོངས་པའི་ནད་ཀྱི་གདུང་བ་དྲག་པོས་མནར་བ་ལ་ཕན་པ་དང་བདེ་བ་ལྷག་པོར་བྱེད་པ་ཤིན་ཏུ་གཅེས་པ་ཡིན། དེ་ནི་བྱང་ཆུབ་སེམས་དཔའ་ཞིག་ལ་མཚོན་ན་རྙེད་པ་དཀའ་བའི་དུས་སྐབས་ཤིག་གོ །ཡར་མཆོད་ཡུལ་གྱི་ཞིང་ས་རྒྱལ་བ་སྲས་བཅས་ཡིན་པས། རྒྱལ་བ་སྲས་བཅས་མཆོད་པས་ན་ཚོགས་རྫོགས་པ་དང་། ཚོགས་རྫོགས་པས་གཞན་དོན་བྱེད་པའི་ནུས་པ་དང་ལྡན་ཕྱིར་སེམས་ཅན་གྱི་དོན་བྱེད་པ་གཅེས་པ་དང་། སེམས་ཅན་གྱི་དོན་བྱེད་པ་དེ་ཡང་རྒྱལ་བ་མཉེས་པའི་མཆོད་པ་ཡིན་པས་ཕན་ཚུན་གོ་བ་ལེན་ཆོག་པ་ཡིན། རང་གི་བདེ་བ་བོར་བའམ་བློས་བཏང་ནས་གཞན་སེམས་ཅན་གྱི་སྡུག་བསྔལ་སེལ་བ་ལ་བརྩོན་པར་བྱེད་པ་དེ་ཉིད་ཤིན་ཏུ་ནས་ཀྱང་གཅེས་པ་ཡིན་པ་སྟེ། གླང་རི་ཐང་པ་ངོ་ནག་པས་སེམས་ཅན་གྱི་སྡུག་བསྔལ་ལ་དགོངས་ནས་ཁོང་གི་སྐུ་ཚེ་གང་པོ་རུ་ཞལ་ངོ་འཛུམ་ཙམ་ཡང་བྱེད་མ་མྱོང་བ་ཡིན། དེ་འདྲ་དེའི་སེམས་ཅན་གྱི་སྡུག་བསྔལ་ཐུགས་སུ་ཡོད་པའི་དབང་གིས། སེམས་ཅན་གྱི་སྡུག་བསྔལ་སེལ་ཐུབ་པ་ལ་བདེ་བ་རུ་འཛིན་པ་ཡིན། འདི་དག་ཐམས་ཅད་ཐེག་པ་ཆེན་པོའི་གཞུང་གི་རྒྱལ་སྲས་བྱང་ཆུབ་སེམས་དཔའི་ལམ་སྲོལ་ཆེན་པོ་ཡིན་ནོ། །ད་སྐབས་དང་སྐབས་སུ་ཚིག་གི་འབྲུ་དེད་ནས་ཧང་ཧང་ཙམ་གྱིས་མར་འགྲོ་དུས་འདིའི་གོ་བའི་སྤྱི་ཁོག་སྟོར་བ་དང་མ་ཟིན་པའི་སྐྱོན་འབྱུང་ཉེན་ཡོད་པར་འདུག་པས། འདིའི་དྲུག་ཚན་རེའི་ནང་དུ་རྒྱལ་བའི་ཆོས་མཛོད་ཀྱི་གནད་བསྡུས་ནས་ཡོད་ན་དེ་ཇི་ལྟར་འདུས་པ་དང་། དངོས་ཤུགས་གཉིས་ཀ་ནས་ཇི་ལྟར་བསྟན་པའི་དོན་དེ་སྟོར་རུང་བ་མིན། དེ་ནི་མན་ངག་མཛོད་བཤད་པའི་སྐབས་ཀྱི་མན་ངག་དངོས་དེ་ཡིན། དུས་ཚོད་དང་བསྟུན་པའི་ལྡེབ་གྲངས་ཀྱི་ས་ཆོད་དགོས་དུས་ཚིག་རེའི་ཐོག་ནས་མང་པོ་ཞིག་བཤད་དུ་མི་ལོང་ཡང་། དཔེར་ན་ཤིན་ཏུ་གཅེས་པའི་ཆོས་དྲུག་བསྟན་པ་ནི་གསུངས་པ་འདི་ལྟ་བུ་ཞིག་ལ་མཚོན་ན། གཅེས་པ་དྲུག་གི་ནང་ན་ཐེག་ཆེན་གྱི་གཞུང་སྲོལ་ཐམས་ཅད་བསྡུས་ནས་གསུངས་འདུག ཐེག་ཆེན་ཟེར་དུས་ཁྱབ་ཆེན་པོ་རྒྱལ་བའི་ཆོས་མཛོད་དེའི་ནང་འདུས་པ་ཞིག་ཡིན་པས། དེའི་འགྲེལ་བ་ལ་པོ་ཏི་བརྒྱ་ཁ་ལོངས་པ་བརྩམས་ན་ཡང་ཆོག་པ་ཡིན། འདིའི་དྲུག་ཚན་འདི་རྣམས་རང་གར་དྲུག་རེ་དྲུག་རེའི་ཁ་ལོངས་པར་བྱས་པ་ཙམ་ཞིག་ག་ལ་ཡིན། གོང་དུ་ཚད་མེད་དྲུག་གསུངས་པ་དེ་དག་གི་སྐབས་སུ་ཞིབ་རྒྱས་སུ་བཤད་པ་མ་བྱུང་བ་ལས། ཚད་མེད་བཞིའི་སྟེང་དུ་དམིགས་པ་དང་དམིགས་མེད་གཉིས་ཀ་བསྣན་ནས་དྲུག་བྱས་པ། འཇུག་པའི་ཆོས་ལ་དམིགས་པ་ལག་ཏུ་བླང་། །འཁོར་གསུམ་མི་རྟོག་དམིགས་མེད་ལག་ཏུ་བླང་། །སེམས་བསྐྱེད་སྤེལ་བའི་དོན་ལ་བསླབ་པ་གཅེས། །ཞེས་གསུངས་ནས་ཚད་མེད་བཞི་བོ་དེའི་ཐོག་ཏུ་འཇུག་པའི་ཆོས་ལ་དམིགས་པ་ལག་ཏུ་བླང་ཞེས་པ་དེས། ཚད་མེད་སྔ་མ་ལྔ་དེ་ཀུན་རྫོབ་སེམས་བསྐྱེད་ཡིན་པར་བསྟན་པ་དང་། ཕྱི་མ་འཁོར་གསུམ་མི་རྟོག་དམིགས་མེད་ལག་ཏུ་བླང་། །ཞེས་པ་འདིས་དོན་དམ་སེམས་བསྐྱེད་བསྟན་པ་སྟེ། དེ་ལྟ་བུའི་བདེན་གཉིས་སེམས་བསྐྱེད་ཀྱི་ནང་ན་མདོ་ལམ་ཐམས་ཅད་འདུས་པ་དང་། དེ་གསང་སྔགས་ཀྱི་ལམ་དང་སྦྱར་ན་དམིགས་པ་ཅན་གྱིས། མཚན་བཅས་ཐབས་བསྐྱེད་པའི་རིམ་པ་བསྟན་པ་དང་། དམིགས་མེད་དམ་མཚན་མེད་ཀྱིས་ཤེས་རབ་རྫོགས་པའི་རིམ་པ་བསྡུས་ནས། ལམ་རིམ་གཉིས་དང་། དབང་དང་། དམ་ཚིག་དང་། དཀྱིལ་འཁོར་དང་། སྔགས་དང་། ཕྱག་རྒྱ་དང་། མཆོད་པ་དང་། འཕྲིན་ལས་ལ་སོགས་པ་སྔགས་ཀྱི་དེ་ཉིད་ཐམས་ཅད་དེའི་ནང་དུ་བསྡུས་ནས། ཐ་མའི་ཚིག་གི་ནང་ན་སེམས་བསྐྱེད་སྤེལ་བའི་དོན་ལ་བསླབ་པར་བྱ་གསུངས་པ་དེས། མདོ་སྔགས་ཀྱི་ལམ་ཐམས་ཅད་སེམས་བསྐྱེད་གཅིག་གི་ཁོངས་སུ་བསྡུས་པའི་མན་ངག་གི་དོན་བསྡུས་ཏེ་བཀོད་པ་གསལ་བར་མཛད་པ་ཤ་སྟག་ཡིན། ཐམས་ཅད་ལ་གོ་བ་དེ་ལྟར་དུ་ལེན་དགོས། ངོ་མ་དལ་མོར་བྱས་ཏེ་བཤད་རྒྱུ་ཞིག་ཡིན་ན་ཉིན་རེ་དྲུག་ཚན་བཞི་རེ་ཙམ་གྱི་ཡན་ལ་མ་སོང་བར་བྱས་ན། ཚིག་དོན་གཉིས་ཀའི་འགྲེལ་བ་ཞིབ་མོ་ཞིག་འབྱུང་བར་འདུག་བསམ་པ་ཞིག་རེད། ཀློང་ཆེན་པའི་གཞུང་ཐམས་ཅད་དེ་ལྟར་རེད། མན་ངག་གི་གཞུང་བཤད་དུས་ཚིག་གི་འབྲུ་གནོན་ལོས་དགོས་ཀྱང་དོན་གྱི་འབྲེལ་བཀོད་ནས་སྤྱི་ཆིངས་དང་དགོས་གནད་ཟིན་པར་བྱས་ཏེ། དེ་ཉམས་སུ་ཇི་ལྟར་ལེན་པའི་ལག་ལེན་གྱི་གནད་དང་སྦྲེལ་བ་ནི་གལ་ཆེའི་ནང་གི་དོན་ཆེན་ཡིན་ནོ།།

༣༩༠ བཀའ་དྲིན་ཆེ་བའི་གདམས་པ་རྣམ་དྲུག་བསྟན་པ།

བཀའ་དྲིན་ཆེ་བའི་གདམས་པ་རྣམ་དྲུག་ནི།།

འཚེ་བས་ཉེན་ནས་ཆོས་དང་ཕྲད་པ་སྟེ།།

ཐར་ལམ་རྙེད་པས་གནོད་བྱེད་བཀའ་དྲིན་ཆེ།།

སྡུག་བསྔལ་ཡིད་དབྱུང་ཆོས་དང་ཕྲད་པ་དེ།།

གཏན་བདེ་རྙེད་པས་སྡུག་བསྔལ་བཀའ་དྲིན་ཆེ།།

མི་མིན་གནོད་པས་ཆོས་དང་འཕྲད་པ་དེ།།

འཇིགས་མེད་རྙེད་པས་འདྲེ་གདོན་བཀའ་དྲིན་ཆེ།།

མི་སོགས་སྡང་བས་ཆོས་དང་འཕྲད་པ་དེ།།

ཕན་བདེ་རྙེད་པས་སྡང་བྱེད་བཀའ་དྲིན་ཆེ།།

རྐྱེན་ངན་དྲག་པོས་ཆོས་དང་འཕྲད་པ་དེ།།

འགྱུར་མེད་ལམ་རྙེད་རྐྱེན་ངན་བཀའ་དྲིན་ཆེ།།

གཞན་གྱིས་བསྐུལ་བས་ཆོས་དང་འཕྲད་པ་དེ།།

སྙིང་པོའི་དོན་རྙེད་སྐུལ་མཁན་བཀའ་དྲིན་ཆེ།།

མཉམ་དུ་དྲིནགཟོ་དགེ་བ་དེ་ལ་བསྔོ།།

ཞེས་གསུངས་པ་སྟེ། བཀའ་དྲིན་ཆེ་བའི་གདམས་པ་རྣམ་དྲུག་བཤད་པ་ནི། འཚེ་བས་ཉེན་ནས་ཆོས་དང་ཕྲད་པ། རྗེ་བཙུན་མི་ལ་རས་པ་ལ་ཨ་ཁུ་ཨ་ནེ་གཉིས་ཀྱིས་སྡུག་བཀལ་ནས་མནར་གཅོད་བཏང་བའི་རྐྱེན་གྱིས། དང་པོ་མཐུ་བསླབས་དགྲ་ལ་རྟགས་བསྟན། དེ་ནས་སེར་བ་ཕབ་དགྲ་ཡུལ་དུ་གནོད་པ་བསྐྱལ། དེ་ལྟ་བུའི་སྡིག་སྡུག་དེ་རྣམས་ཀྱིས་ཐུགས་སུན་ནས་འཁོར་བ་ལས་ངེས་པར་འབྱུང་ནས། ལྷོ་གྲོ་བོ་ལུང་གི་དགོན་པར་སྐྱེས་མཆོག་སྒྲ་བསྒྱུར་གྱི་རྒྱལ་བོ་མར་བ་ལོ་ཙཱའི་མདུན་དུ་བཅར་ནས་དཀའ་ཆེན་དཀའ་ཆུང་མང་རབས་སྤྱད་མཐར་ཟབ་མོའི་གདམས་ངག་ཐོབ་ནས་སྐུ་ཚེ་དེར་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་བརྙེས་པ་ལྟ་བུ་དང་། གཞན་ཡང་སྐྱིད་སྐྱིད་བདེ་བདེ་རུ་ཡོད་དུས་སུ་འཁོར་བར་ཞེན་ལོག་དང་ངེས་འབྱུང་སྐྱེ་དཀའ་ཞིང་། མི་འདོད་པ་ཐོག་ཏུ་བབས་ནས་དགྲས་འཇིགས་ཆུས་ཁྱེར་དང་། དགྲ་གྱོད་ཐོག་ཏུ་བབས་ནས་མི་གཅེས་མ་དབང་བའི་མྱ་ངན་གྱིས་ནོན་པ་དང་། ནད་དང་ན་ཚ་རང་གི་ལུས་ཐོག་ཏུ་བྱུང་བ་དང་། མ་ཉེས་ཁ་ཡོག་གི་ངན་ལྷོང་ཕོག་པ་དང་། ལོ་ན་རྒས་རྒུད་དུ་སོང་བ་སོགས་དེ་ལྟ་བུ་མ་ཡོང་བར་ཤོག་ཅེས་སྨོན་ལམ་འདེབས་སའི་འཚེ་བ་སྣ་ཚོགས་པའི་ཉེན་ཁ་ཐོག་ཏུ་བབ་དུས། བསམ་བློ་ནང་དུ་བསྐོར་ན་དམ་པའི་ཆོས་མ་གཏོགས་པའི་རེ་ས་ཞིག་མེད་པ་དང་། དེ་ཡང་ཐེག་ཆེན་མདོ་སྔགས་ཀྱི་ལམ་བདེ་ཞིང་མྱུར་བ་འདིར་ཞུགས་ནས་ཐར་བའི་བྱང་ཆུབ་སྡུག་བསྔལ་མེད་པའི་གཏན་བདེ་ཞིག་ཟིན་དགོས་འདུག་བསམས་པའི་ངེས་འབྱུང་རྣམ་དག་གིས་རྒྱུད་བསྐུལ། རང་ཅི་འདྲ་བ་རོགས་ཀྱང་ཡིན་པར་ཤེས་ནས་སྙིང་རྗེས་དྲངས་པའི་བྱང་ཆུབ་སེམས་ཀྱང་སྐྱེས་ནས་ཐར་ལམ་རྣམ་དག་ཅིག་ཟིན་ཡོང་བ་ཡིན། དེ་དུས་བཀའ་དྲིན་སུ་ཆེ་བ་རེད་ཟེར་ན་གནོད་བྱེད་བཀའ་དྲིན་ཆེ་བ་ལས་གཉེན་ཉེ་བ་བཀའ་དྲིན་ཆེ་བ་མིན་ཏེ། འཇམ་པོའི་ཐབས་བཀོད་ལ་བརྟེན་འཁོར་བའི་འདམ་དུ་སླར་ཡང་འཕེན་པ་ཡིན་པའི་ཕྱིར་དང་དགྲས་འཚེ་བ་ལ་བརྟེན་ནས་ཆོས་དང་ཕྲད་པས་དགྲ་བཀའ་དྲིན་ཆེ་བ་ཡིན་ནོ། །སྤྱིར་ན་འཁོར་བའི་སྡུག་བསྔལ་སེམས་ཤེས་པ་ཞིག་ཡིན་དུས་དེས་ཡིད་འབྱུང་བ་དང་། ཁྱད་པར་དུ་འགྱུར་བའི་སྡུག་བསྔལ་དང་། སྡུག་བསྔལ་གྱི་སྡུག་བསྔལ་ཐོག་ཏུ་བབས་ནས་ཕ་མ་སྤུན་སྲིང་གྲོགས་དགའ་མཛའ་དེ་དག་ལ་གློ་བུར་དུ་འཆི་བདག་གི་ཞགས་པ་ཐེབས་ནས་ཡུན་རིང་འགྲོགས་པའི་དབང་མེད་པར་ཤི་གསོན་སྣང་བ་སོ་སོ་བྲལ་ཚེ། འདི་སྣང་སྐད་ཅིག་མའི་བདེ་སྐྱིད་འདི་རྟག་བརྟན་མེད་པར་སེམས་དཔའི་ཡིད་ཀྱི་སྡུག་བསྔལ་ལུས་ཀྱི་སྡུག་བསྔལ་བས་བརྒྱ་འགྱུར་དུ་ཆེ་བ་ཡིན། དེ་ལྟ་བུའི་སྡུག་བསྔལ་ཆེ་བའི་སྐབས་དེར་སེམས་ཡོད་ཀྱི་མི་ཞིག་ཡིན་ཚེ། ང་དང་འདྲ་བར་གཅེས་དགུ་དམར་དགུ་དག་དང་ཁ་བྲལ་བའི་སྡུག་བསྔལ་དྲག་པོ་ཉམས་སུ་མྱོང་མཁན་ནི་གྲངས་ཀྱིས་མི་ཆོད་པ་ཡོད་ཅིང་། དེ་དག་དང་བཅས་པའི་རང་གཞན་གཉིས་ཀས་གཏན་བདེ་ཐོབ་ནས། ཕྱིན་ཆད་སྡུག་བསྔལ་འདི་ལྟ་བུ་གཏན་དུ་མྱོང་མི་དགོས་པའི་ཆེད་དུ་ཐར་ལམ་རྣམ་དག་ཅིག་བསྒྲུབ་པར་བྱའོ་སྙམ་ནས་གཏན་བདེ་རྙེད་པ་ཡིན་པས། སྐྱིད་ན་མི་དགའ་སྡུག་ན་དགའ། ཞེས་གསུངས་པ་ནི་ཐུགས་མད་པ་སྟེ། སྐྱིད་ན་མི་དྲན་དགུ་དྲན་འདོད་པས་ཆོག་མི་ཤེས་ནས་རང་གཞན་མི་བདེ་བའི་རྒྱུ་བསྒྲུབས་པ་དང་། སྡུག་ན་སྡུག་བསྔལ་ལམ་དུ་ཁྱེར། ལྟས་ངན་གཡང་དུ་བླངས། རྐྱེན་ངན་གྲོགས་སུ་བསྒྱུར་ནས་འབྲས་བུ་ཐོབ་པ་ཡིན་པས་སྡུག་བསྔལ་བཀའ་དྲིན་ཆེ་བའོ། །མི་མིན་ལྷ་འདྲེའི་གནོད་པ་བྱུང་བ་ལ་བརྟེན་ནས་དམ་ཆོས་བདུད་ཀྱི་གཅོད་ཡུལ་ཟབ་མོ་དང་འཕྲད་པས། ཡུམ་ཤེར་ཕྱིན་གྱི་དགོངས་དོན་རྟོགས་ནས་ནང་སྙེམས་བྱེད་ཀྱི་བདུད་ཚོགས་བཅོམ་ནས་འཇིགས་པ་མེད་པའི་དཔའ་གདེང་རྙེད་པས་ན་འདྲེ་གདོན་བཀའ་དྲིན་ཆེ་བ་དང་། མི་ལ་སོགས་པས་སྡང་ནས་སྡུག་པོར་བཏང་བས་ངེས་འབྱུང་སྐྱོ་ཤས་སྐྱེས་ནས་ཆོས་དང་འཕྲད་པ་དེ། རྐྱེན་དེའི་དབང་གིས་ཕན་དང་བདེ་བའི་ལམ་རྙེད་པས་ན་སྡང་བྱེད་དེ་དག་བཀའ་དྲིན་ཆེ་བ་དང་། གོང་དུ་བཤད་པ་ལྟ་བུའི་མི་འདོད་པ་སྤྱི་དང་ཁྱད་པར་དུ་བཅོས་སུ་མེད་པའི་ནད་མཛེ་ནད་ལྟ་བུ་ཞིག་ལུས་ཐོག་ཏུ་བྱུང་བ་ལྟ་བུའི་རྐྱེན་ངན་དྲག་པོའི་དབང་གིས་ཆོས་དང་འཕྲད་པ་དང་དེའི་དབང་གིས་འགྱུར་མེད་ཐར་བའི་ལམ་རྙེད་པ་དང་། རྐྱེན་དེ་མ་བྱུང་ན་མི་རྙེད་པ་ཡིན་པས་རྐྱེན་ངན་དེ་དག་བཀའ་དྲིན་ཆེ་བ་དང་། གཞན་དགེ་བའི་བཤེས་གཉེན་ནམ་མིན་ཡང་ཆོས་མཐུན་གྱི་གྲོགས་བཟང་པོ་ཕ་མ་ཉེ་འབྲེལ་ཡ་རབས་དམ་ཆོས་ལ་བློ་དཀར་མཁན་དེ་དག་གིས་བསྐུལ་བ་དེའི་རྐྱེན་གྱིས་དམ་པའི་ཆོས་དང་འཕྲད་པ་དེ། ཟབ་དོན་སྙིང་པོའི་དོན་རྙེད་པ་ཡིན་པས་བློ་སྣ་ཆོས་ཕྱོགས་སུ་སྐུལ་མཁན་དེ་ཚོ་བཀའ་དྲིན་ཆེ་བ་སྟེ། དེ་ལྟ་བུའི་དྲིན་ཅན་དེ་དག་ལ་མཉམ་དུ་དྲིན་གཟོས་ནས་རང་ཉིད་ཀྱིས་བསྒྲུབས་པའི་དགེ་རྩ་རྣམས་ཐམས་ཅད་ལ་བསྔོ་བར་བྱའོ།།

༣༩༡ འཚེ་བ་ལམ་སློང་གཏན་ཚིགས་རྣམ་དྲུག་བསྟན་པ།

འཚེ་བ་ལམ་སློང་གཏན་ཚིགས་རྣམ་དྲུག་ནི།།

གནོད་པའི་སྐྱབས་གནས་བླ་མ་ཕྲད་ཕྱིར་དང༌།།

སྡུག་བསྔལ་སྐྲག་ནས་ཆོས་ལ་འཇུག་ཕྱིར་དང༌།།

ཚད་མེད་གཅིག་སྐྱེས་སེམས་བསྐྱེད་འཕེལ་ཕྱིར་དང་།།

སེམས་ཅན་དོན་སྦྱངས་བསག་སྦྱོང་བརྩོན་ཕྱིར་དང༌།།

རང་ངོ་བལྟས་པས་རྟོགས་པ་བསྐྱེད་ཕྱིར་དང༌།།

ས་ལམ་ཡོན་ཏན་གོང་དུ་འཕེལ་ཕྱིར་དང༌།།

དགེ་ལ་བསྐུལ་ཕྱིར་གནོད་འཚེ་དང་དུ་བླང༌།།

ཞེས་གསུངས་པ་སྟེ། འཚེ་བ་དང་གནོད་པ་གང་བྱུང་ལམ་སློང་གི་གཏན་ཚིགས་རྣམ་པ་དྲུག་ནི། གནོད་པ་མེད་ན་སྐྱབས་གནས་མི་འཚོལ་ཞིང་གནོད་པ་ཡོད་པས་འཇིགས་དད་གཉིས་ཀྱི་སྒོ་ནས་སྐྱབས་སུ་འགྲོ་བ་ཡིན་པས། དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ་བླ་མ་ཕྲད་པའི་ཕྱིར་དུ། གནོད་འཚེ་གང་བྱུང་ནའང་དང་དུ་བླང་དགོས་པ་དང་། འཁོར་བའི་སྡུག་བསྔལ་སྣ་ཚོགས་ཀྱིས་སྐྲག་ནས་དམ་པའི་ཆོས་ལ་འཇུག་པའི་ཕྱིར་དུ། གནོད་འཚེ་གང་བྱུང་དང་དུ་བླང་བ་དང་། ཚད་མེད་རྣམ་བཞིའི་ནང་ནས་གཅིག་སྐྱེས་ཀྱང་སེམས་བསྐྱེད་གོང་ནས་གོང་དུ་འཕེལ་བར་བྱེད་པའི་ཕྱིར་ན་གནོད་འཚེ་དང་དུ་བླང་བར་བྱ་དགོས་པ་དང་། སེམས་ཅན་གྱི་དོན་སྒྲུབ་པ་ལ་སྦྱངས་པའི་ཚོགས་བསགས་སྒྲིབ་སྦྱོང་ལ་བརྩོན་པའི་ཕྱིར་ཡང་གནོད་འཚེ་གང་བྱུང་དང༌དུ་བླང་བ་དང་། སེམས་ཉིད་ཀྱི་རང་ངོ་བལྟས་པས་ཉམས་དང་རྟོགས་པ་ཁྱད་པར་ཅན་བསྐྱེད་པའི་ཕྱིར་ཡང་གནོད་འཚེ་གང་བྱུང་དང༌དུ་བླང་བ་དང་། རྟོགས་པ་ཁྱད་པར་ཅན་གོམས་པའི་འབྲས་བུ་ས་ལམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ་བའི་ཕྱིར་དུ་ཡང་གནོད་འཚེ་དང༌དུ་བླང་བར་བྱ་བ་སྟེ། མདོར་ན་སེམས་ཅན་གཞན་དགེ་བ་ལ་བསྐུལ་ཕྱིར་ལ་སོགས་པའི་གཞན་དོན་གྱི་ཆེད་དུ་གནོད་འཚེ་གང་བྱུང་དང་དུ་བླང་བར་བྱའོ།།

༣༩༢ གཞན་དོན་བསྒྲུབས་པའི་ཕན་ཡོན་རྣམ་དྲུག་བསྟན་པ།

གཞན་དོན་བསྒྲུབས་པའི་ཕན་ཡོན་རྣམ་དྲུག་ནི།།

འཇིགས་ཀུན་བསྐྱབ་པའི་སྐྱེལ་མ་བྱེད་པ་དང༌།།

གདོན་བགེགས་རྣམས་ཀྱི་སྲུང་བ་བྱེད་པ་དང༌།།

འདུ་བའི་ནད་སེལ་སྨན་པ་བྱེད་པ་དང༌།།

བར་ཆད་བདུད་སེལ་དཔའ་བོ་བྱེད་པ་དང༌།།

ལས་དང་ཉོན་མོངས་རྩད་ནས་གཅོད་པ་དང༌།།

ཚོགས་གཉིས་རྫོགས་ནས་བྱང་ཆུབ་ཐོབ་པ་སྟེ།།

དཔག་མེད་ཕན་ཡོན་ནམ་མཁའི་དབྱིངས་བཞིན་ནོ།།

ཞེས་གསུངས་པ་སྟེ། གཞན་དོན་བསྒྲུབས་པའི་ཕན་ཡོན་རྣམ་དྲུག་སྟེ། དེ་ཡང་གནས་སྐབས་ཚེ་འདིའི་འཇིགས་པ་དགྲ་ཇག་ཆོམ་རྐུན་ནད་དང་དབུལ་ཕོངས་སོགས་ལས་བསྐྱབས་ནས་སྐྱེལ་མ་བྱེད་པ་དང་། མཐར་ཐུག་སྲིད་ཞིའི་རྒུད་པ་མཐའ་དག་ལས་བསྐྱབས་ནས་ཕན་བདེ་སྒྲུབ་པའི་ཕན་ཡོན་རྣམས་བསྟན་པ་སྟེ། གཞན་དོན་སྒྲུབ་པའི་དབང་གིས་རང་ཉིད་ཆུ་འཕྲང་ཆོམ་རྐུན་ལ་སོགས་པ་འཇིགས་པ་ཀུན་ལས་སྐྱོབ་པའི་སྐྱེལ་མ་བྱེད་པ་དང༌། མི་མིན་གྱི་འཚེ་བ་གདོན་དང་བགེགས་ཀྱི་རིགས་རྣམས་ཀྱི་གནོད་པ་མི་ཚུགས་པའི་ཐབས་སུ་གསང་སྔགས་དང་རིག་སྔགས་ཀྱིས་སྲུང་བ་བྱེད་པ་སྟེ། སྤྱིར་ན་གདོན་བགེགས་ཀྱི་རིགས་སུ་གྱུར་བའི་ལྷ་འདྲེ་མཐུ་བོ་ཆེ་དེ་རྣམས་རྒྱོབ་རྒྱོབ་སོད་སོད་ཧཱུྃ་ཧཱུྃ་ཕཊ་ཕཊ་ཀྱིས་ཁ་ནས་ངར་སྐད་བསྒྲགས་པ་ཙམ་གྱིས་ལྟ་དགོངས་ཏིང་འཛིན་མེད་ན་འདུལ་མི་ནུས་ཏེ། དེ་རྣམས་ཀྱི་རྒྱུད་ལ་གཞན་སེམས་ཤེས་པའི་མངོན་ཤེས་ཡོད་པས་དེའི་ཁོག་ན་ཅི་ཡོད་ཤེས་འགྲོ་བ་ཡིན། དེ་བས་གཞན་ཕན་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་བྱམས་དང་སྙིང་རྗེས་ཆོས་བཤད་བཀའ་བགོ་སོགས་བྱས་ན་དེ་རྣམས་ཀྱིས་གནོད་པ་མི་བྱེད་པའི་ཐོག་ཏུ་སྲུང་བ་བྱེད་པ་ཡིན། འབྱུང་བཞིའི་ཁམས་འཁྲུགས་པའི་འདུ་བའི་ནད་སེལ་ཐབས་སུ་སྨན་པ་བྱས་ནས་དེའི་ནད་ཀྱི་སྡུག་བསྔལ་ཐམས་ཅད་འཇོམས་པར་བྱེད་པ་སྟེ། བསམ་པ་བཟང་ན་འདུ་བའི་ནད་སེལ་བའི་སྐུ་རིམ་ཞབས་བརྟན་དུ་འགྱུར་བ་ཡིན་པ་དང་། ཁྱད་པར་དུ་ཆོས་མིན་ནག་པོའི་ཕྱོགས་ཀྱི་བར་ཆད་ཀྱི་བདུད་སེལ་བའི་དཔའ་བོ་བྱེད་པ་དང༌། སེམས་ཅན་གྱིས་སྡུག་བསྔལ་མྱོང་བ་དེ་རྒྱུ་ཀུན་འབྱུང་ལས་ཉོན་གྱིས་བསྐྱེད་པ་ཡིན་ཕྱིར་ལས་དང་ཉོན་མོངས་པ་རྩད་ནས་གཅོད་པ་དང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་ནས་བླ་ན་མེད་པ་རྫོགས་པའི་བྱང་ཆུབ་ཐོབ་པ་སྟེ། བྱང་ཆུབ་སེམས་དཔའི་རླབས་ཆེན་གྱི་སྤྱོད་པ་དེ་དག་སྤྱད་ན་དཔག་ཏུ་མེད་པའི་ཕན་ཡོན་ནམ་མཁའི་དབྱིངས་བཞིན་དུ་ཕ་མཐའ་གཞལ་དུ་མེད་པའོ། །དེ་ཡང་བསམ་པ་བཟང་ན་འདུ་བའི་ནད་སེལ་བའི་སྐུ་རིམ་ཞབས་བརྟན་དུ་འགྱུར་བ་སོགས་གོང་དུ་བཤད་པ་ལྟར། འུ་ཚོས་དམ་པའི་ཆོས་སྒྲུབ་པ་ནི་ད་སྔོན་ཚོགས་མ་བསགས་སྒྲིབ་པ་མ་སྦྱངས་ནས་ཁམས་གསུམ་འཁོར་བའི་གནས་སུ་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བ་ཡིན། ད་དམ་པའི་ལྷ་ཆོས་ལ་བརྟེན་པའི་ཚོགས་བསགས་སྒྲིབ་སྦྱོང་བྱས་ནས་སྡུག་བསྔལ་མེད་པའི་གཏན་བདེ་ཞིག་ཐོབ་དགོས་སྙམ་པ་ནི་ཆོས་སྒྲུབ་པའི་དམིགས་ཡུལ་ཡིན། དེས་ན་ཚོགས་གཉིས་བསགས་པ་ལ་གཞན་དོན་སྒྲུབ་པ་ལས་ལྷག་མེད་པ་དང་། གཞན་དོན་སྒྲུབ་པ་ནི་གཞན་ཕན་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བའི་དབང་གིས་བྱུང་བ་ཡིན། འོན་ཀྱང་ངའི་ཚོགས་རྫོགས་པའི་དོན་དུ་གཞན་དོན་བྱེད་དགོས་ལ། གཞན་དོན་མ་བསམས་དུས་ཚོགས་དེ་རྫོགས་པ་མ་རེད་བསམས་ནས་ཁ་གཞན་དོན་དུ་ཡོད་ཀྱང་དོན་རང་དོན་དུ་སོང་ན་བྱང་ཆུབ་ཀྱི་སེམས་དང་རྒྱབ་འགལ་བ་ཡིན་ཏེ། ཉན་རང་རྣམས་ཀྱིས་གཞན་དོན་གཏན་ནས་མི་མཛད་པ་ཞིག་ག་ལ་ཡིན། དགྲ་བཅོམ་པ་རྣམས་ཀྱིས་རྫུ་འཕྲུལ་ལ་བརྟེན་ནས་གཞན་དོན་བསྒྲུབས་རབས་གསུངས་ཡོད། འོན་ཀྱང་ཕུགས་རང་ཉིད་ཀྱི་ཞི་བདེ་དོན་དུ་གཉེར་བའི་འདུན་པ་དེ་དང་མ་བྲལ་བས། ཐེག་ཆེན་བཅོས་མིན་ཞིག་ཏུ་འགྱུར་ཐུབ་མེད་པ་ཡིན། དེས་ན་རང་དོན་གཏན་ནས་མེད་པའི་གཞན་ཕན་ལྷག་པའི་བསམ་པས་ཀུན་ནས་བསླངས་ན་ཕན་ཡོན་དེ་ལྟར་ཆེ་བའོ།།

༣༩༣ རབ་ཏུ་བསྔགས་པའི་ཕན་ཡོན་རྣམ་དྲུག་བསྟན་པ།

རབ་ཏུ་བསྔགས་པའི་ཕན་ཡོན་རྣམ་དྲུག་ནི།།

སྡིག་ཆེན་མ་ལུས་འཇོམས་པར་བྱེད་པ་དང༌།།

སངས་རྒྱས་ཅན་གྱིས་བསྔགས་པར་འགྱུར་བ་དང༌།།

འཁོར་བ་སྤང་ཞིང་ཕན་བདེ་འགྲུབ་པ་དང་།།

རྒྱལ་སྲས་ས་ཐོབ་མཆོད་སྡོང་འགྱུར་བ་དང༌།།

ཚད་མེད་འགྲོ་བའི་དེད་དཔོན་འགྱུར་བ་དང༌།།

གནས་སྐབས་མཐར་ཐུག་དོན་གཉིས་ཕུན་སུམ་ཚོགས།།

ཞེས་གསུངས་པ་སྟེ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་ཡོད་པས་རབ་ཏུ་བསྔགས་པའི་ཕན་ཡོན་རྣམ་པ་དྲུག་པོ་དེ་གང་ཞེ་ན། བྱང་ཆུབ་ཀྱི་སེམས་དེ་རྒྱུད་ལ་སྐྱེས་ན་ཉི་མའི་འོད་ཟེར་གྱིས་ལོ་སྟོང་གི་མུན་པ་ཡིན་ཡང་འཇོམས་པ་བཞིན་དུ་ཐོག་མེད་ནས་བསགས་པའི་སྡིག་ཆེན་མ་ལུས་པ་སྐད་ཅིག་གཅིག་གིས་འཇོམས་པར་བྱེད་པ་དང༌། ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་སངས་རྒྱས་ཀྱི་ཡེ་ཤེས་མངའ་བ་ཅན་དེ་དག་ཐམས་ཅད་ཀྱིས་བསྟོད་ཅིང་བསྔགས་པར་འགྱུར་བ་དང༌། བྱང་ཆུབ་སེམས་དཔའ་དེས་འཁོར་བ་སྤངས་ཤིང་སེམས་ཅན་ལ་ཕན་པ་དང་བདེ་བ་འགྲུབ་པ་དང་ནི། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་གསུངས་པ་ལྟར་དུ། རྒྱལ་སྲས་ཀྱི་ས་སྟེ་གོ་ས་ཐོབ་ནས་ཆོས་ཀྱི་མཆོད་སྡོང་དུ་འགྱུར་བ་དང༌། ད་ལྟའི་སྐབས་སུ་བྱང་ཆུབ་ཀྱི་སེམས་སྐྱེས་པའི་ཕན་ཡོན་གྱིས་སྐྱེ་བ་ཕྱི་མ་རྣམས་སུ་ཡང་བྱང་ཆུབ་སེམས་དེ་དང་མི་འབྲལ་བར་སེམས་བསྐྱེད་རྒྱ་ཇེ་ཆེར་འགྱུར་ཞིང་། དེའང་འཕེན་པའི་སྟོབས་དང་། དཀར་བོ་ས་བོན་གྱི་སྟོབས་དང་། སུན་འབྱིན་པའི་སྟོབས་དང་། སྨོན་ལམ་གྱི་སྟོབས་དང་། གོམས་པའི་སྟོབས་ཏེ་སྟོབས་ལྔ་བོ་ཚང་བ་གལ་ཆེ་བ་དང་། ཚད་མེད་མཐའ་ཡས་པའི་འགྲོ་ཁམས་རྒྱ་མཚོའི་ལམ་ཁྲིད་པའི་དེད་དཔོན་དམ་པར་འགྱུར་བ་དང༌ནི། གནས་སྐབས་དང་མཐར་ཐུག་གི་དོན་གཉིས་ཕུན་སུམ་ཚོགས་པ་འགྲུབ་ནུས་པ་ཡིན་ནོ།།

༣༩༤ གནས་ལུགས་གཏན་ལ་དབབ་པའི་ཆོས་དྲུག་བསྟན་པ།

གནས་ལུགས་གཏན་ལ་དབབ་པའི་ཆོས་དྲུག་ནི།།

གནས་ལུགས་འགྱུར་མེད་ནམ་མཁའ་ལྟ་བུ་དང༌།།

མི་གཡོ་འགག་མེད་རྒྱ་མཚོ་ལྟ་བུ་དང༌།།

རྟོག་མེད་འདོད་འབྱུང་ནོར་བུ་ལྟ་བུ་དང༌།།

རྐྱེན་གྱིས་ཐ་དད་ག་བུར་ལྟ་བུ་དང༌།།

གསལ་སྟོང་རྙོག་མེད་མེ་ལོང་ལྟ་བུ་དང༌།།

ཀུན་ཁྱབ་ཕྱོགས་མེད་ཏིལ་མར་ལྟ་བུ་དང༌།།

རྣམ་པ་དྲུག་ཏུ་གཏན་ལ་དབབ་པ་གཅེས།།

ཞེས་གསུངས་པ་སྟེ། ཆོས་ཐམས་ཅད་ཀྱི་གནས་ལུགས་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་བཞུགས་ཚུལ་གཏན་ལ་དབབ་པའི་ཆོས་དྲུག་དེ་གང་ཡིན་ན། གཞིའི་གནས་ལུགས་ཡེ་ནས་འགྱུར་བ་མེད་པ་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ་ནམ་མཁའ་ལྟ་བུ་ཡིན་པ་དང༌། མི་གཡོ་འགག་པ་མེད་པ་འཕེལ་འགྲིབ་དང་བྲལ་བའི་བྲི་གང་མེད་པ་རྒྱ་མཚོ་ལྟ་བུ་དང༌། རྟོག་པ་མེད་ཀྱང་འགྲོ་བའི་ཁམས་ལ་དགོས་འདོད་འབྱུང་བ་འདོད་འབྱུང་ནོར་བུ་ལྟ་བུ་དང༌། འཁྲུལ་མ་འཁྲུལ་རྐྱེན་གྱིས་ཐ་དད་དུ་བསྒྱུར་བ་ག་བུར་ལྟ་བུ་དང༌། སེམས་ཀྱི་རང་བཞིན་སེམས་ཉིད་ཀྱི་ངོ་བོ་དེ་གསལ་སྟོང་རྙོག་པ་མེད་པ་མེ་ལོང་དྭངས་པའི་དཀྱིལ་ལྟ་བུ་དང༌། གཞི་རྒྱུད་རང་བཞིན་གྱི་ཡེ་ཤེས་བདེ་བར་གཤེགས་པའི་སྙིང་པོ་དེས་ཀུན་ལ་ཁྱབ་ཅིང་ཕྱོགས་དང་རིས་སུ་མ་ཆད་པ་དཔེར་ན་ཏིལ་མར་ལྟ་བུ་སྟེ། རྒྱུད་བླ་མ་ལས་བདེ་གཤེགས་སྙིང་པོ་དེ་དཔེ་རྣམ་པ་དགུའི་སྒོ་ནས་བཤད་པ་དང་། ཆོས་དབྱིངས་བསྟོད་པའི་ནང་ནས་དཔེ་རྣམ་པ་དྲུག་གི་སྒོ་ནས་བཤད་ཡོད་ཅིང་། འདིའི་སྐབས་སུའང་གནས་ལུགས་རང་བྱུང་གི་ཡེ་ཤེས་དེ་དཔེ་རྣམ་པ་དྲུག་གིས་བཤད་པ་སྟེ། དེས་གནས་ལུགས་གཏན་ལ་འབེབས་པའི་ཆོས་དྲུག་དཔེ་དྲུག་དང་སྦྲགས་ནས་མདོར་བསྟན་ནས། ད་འདི་ནས་མར་རེ་རེ་བཞིན་དུ་ཆོས་དྲུག་དྲུག་གི་མཐུན་དཔེ་དང་སྦྱར་ནས་རྒྱས་པར་བཤད་པ་སྟེ།

༣༩༥ དང་པོ་ནམ་མཁའ་ལྟ་བུའི་ཆོས་དྲུག་བསྟན་པ།

དང་པོ་ནམ་མཁའ་ལྟ་བུའི་ཆོས་དྲུག་ནི།།

ཕྱོགས་ལྷུང་མེད་པས་ནམ་མཁའ་ལྟ་བུ་དང༌།།

རྒྱ་ཆད་མེད་པས་ནམ་མཁའ་ལྟ་བུ་དང༌།།

ཡངས་དོག་མེད་པས་ནམ་མཁའ་ལྟ་བུ་དང༌།།

མཐོ་དམན་མེད་པས་ནམ་མཁའ་ལྟ་བུ་དང༌།།

ཁ་དོག་དབྱིབས་མེད་ནམ་མཁའ་ལྟ་བུ་དང༌།།

འཁོར་འདས་ཀུན་འབྱུང་ནམ་མཁའ་ལྟ་བུའོ།།

ཞེས་གསུངས་པ་སྟེ། གོང་ནས་གནས་ལུགས་འགྱུར་མེད་ནམ་མཁའ་ལྟ་བུ་དང་གསུངས་པ་དེ་རྒྱས་པར་བཤད་པ་ལ། དང་པོ་ནམ་མཁའ་ལྟ་བུའི་ཆོས་དྲུག་གི་ཐོག་ནས་བཤད་ན། གནས་ལུགས་མ་བཅོས་པའི་དོན་དེ་ཕྱོགས་གཅིག་ཏུ་ལྷུང་བ་མེད་པས་དཔེ་ནམ་མཁའ་ལྟ་བུ་དང༌། ཡང་རྒྱ་གར་ཡང་ཆད་པ་མེད་པས་ཀྱང་ནམ་མཁའ་ལྟ་བུ་དང༌། ཆོས་དབྱིངས་མཉམ་པ་ཆེན་པོ་རུ་ཡངས་དོག་མེད་པ་ཡིན་པས་ཀྱང་ནམ་མཁའ་ལྟ་བུ་དང༌། དེ་ལ་མཐོ་དམན་གྱི་ཕྱོགས་སུ་ལྷུང་བ་དང་རིས་སུ་ཆད་པའི་གུ་ཡངས་དོག་མེད་པས་ན་ནམ་མཁའ་ལྟ་བུ་ཡིན་པ་དང༌། མཚན་མའི་ཆོས་ལས་རིང་དུ་འདས་པས་ཁ་དོག་དང་དབྱིབས་སོགས་མེད་པས་ཀྱང་ནམ་མཁའ་ལྟ་བུ་དང༌། མེད་ལས་ཅི་ཡང་འབྱུང་བ་འཁོར་འདས་ཀུན་འབྱུང་བའི་གཞིར་གྱུར་བས་ན་ནམ་མཁའ་ལྟ་བུ་སྟེ། ནམ་མཁའ་སྤྲིན་ལ་མ་ལྟོས་ཀྱང་སྤྲིན་ནམ་མཁར་ལྟོས་པའི་དཔེ་ལ་སོགས་པའི་གོ་དོན་དང་གཅིག་གོ།

༣༩༦ གཉིས་པ་རྒྱ་མཚོ་འདྲ་བའི་ཆོས་དྲུག་བསྟན་པ།

གཉིས་པ་རྒྱ་མཚོ་འདྲ་བའི་ཆོས་དྲུག་ནི།།

གནས་ལུགས་ཡངས་ཤིང་རྒྱ་ཆེ་རྒྱ་མཚོ་འདྲ།།

དངོས་མེད་ཟང་ཐལ་གཏིང་ཟབ་རྒྱ་མཚོ་འདྲ།།

བློ་ཡིས་དཔག་དཀའ་ཚད་མེད་རྒྱ་མཚོ་འདྲ།།

མཐའ་གཉིས་མི་གཡོ་དྭངས་པ་རྒྱ་མཚོ་འདྲ།།

ཀློང་ཡངས་མ་འགགས་རང་གསལ་རྒྱ་མཚོ་འདྲ།།

རྟོག་པའི་རྦ་རླབས་རང་གྲོལ་རྒྱ་མཚོ་འདྲ།།

ཞེས་གསུངས་པ་སྟེ། གོང་ནས་མི་གཡོ་འགག་མེད་རྒྱ་མཚོ་ལྟ་བུ་དང་ཞེས་གསུངས་པས་གཉིས་པ་རྒྱ་མཚོ་འདྲ་བའི་ཆོས་དྲུག་ནི། ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་ཡངས་ཤིང་རྒྱ་ཆེ་བ་གཡོ་འགུལ་མེད་པ་ཡིན་པས་ན་རྒྱ་མཚོ་དང་འདྲ། འདི་ཡིན་གྱི་ངོས་གཟུང་ས་མེད་པ་དངོས་མེད་ཟང་ཐལ་གཏིང་དཔོག་པ་དཀའ་བས་ན་གཏིང་ཟབ་རྒྱ་མཚོ་དང་འདྲ། སོ་སོ་སྐྱེ་བོའི་གཉིས་འཛིན་གྱི་བློ་ཡིས་དཔག་ཅིང་གཞལ་དཀའ་བ་ཚད་མེད་པ་རྒྱ་མཚོ་ཆེན་པོ་དང་འདྲ། འཁོར་བ་དང་མྱ་ངན་ལས་འདས་པའི་མཐའ་འམ་རྟག་ཆད་ཀྱི་མཐའ་གཉིས་ལ་མི་གནས་པས་མི་གཡོ་དྭངས་པའི་རྒྱ་མཚོ་ཆེན་པོ་དང་འདྲ། ཀུན་ཤོང་རྒྱ་ཆེན་ཁྱོན་ཡངས་ཀྱི་ཀློང་ཡངས་ཤིང་མ་འགགས་པར་རང་གསལ་འཆར་བ་རྒྱ་མཚོ་ཆེན་པོ་དང་འདྲ། རྒྱ་མཚོའི་རྦ་རླབས་རྒྱ་མཚོར་ཐིམ་པ་བཞིན་དུ་རྟོག་པའི་རྦ་རླབས་རིག་པའི་ངང་དུ་རང་གྲོལ་བས་རྒྱ་མཚོ་ཆེན་པོ་དང་འདྲའོ།།

༣༩༧ གསུམ་པ་ནོར་བུ་འདྲ་བའི་ཆོས་དྲུག་བསྟན་པ།

གསུམ་པ་ནོར་བུ་འདྲ་བའི་ཆོས་དྲུག་ནི།།

རྟོག་མེད་དགོས་འདོད་འབྱུང་བས་ནོར་བུ་འདྲ།།

བྱུང་ཡང་ཕྱོགས་ལྷུང་མེད་པས་ནོར་བུ་འདྲ།།

གནས་ལུགས་རང་བཞིན་དག་པས་ནོར་བུ་འདྲ།།

རྩལ་ལས་རྒྱན་དུ་ཤར་བས་ནོར་བུ་འདྲ།།

དྭངས་གསལ་སྤྲོས་པ་མེད་པས་ནོར་བུ་འདྲ།།

ཐམས་ཅད་དབྱིངས་གཅིག་རང་བཞིན་ནོར་བུ་འདྲ།།

ཞེས་གསུངས་པ་སྟེ། གསུམ་པ་ནོར་བུ་འདྲ་བའི་ཆོས་དྲུག་ནི། གནས་ལུགས་མ་བཅོས་པའི་དོན་ཆོས་དབྱིངས་ཀུན་ཁྱབ་འདུས་མ་བྱས་པའི་བདག་ཉིད་དེ་ནི་མཚན་མར་འཛིན་པའི་རྟོག་པ་མེད་བཞིན་དུ་སྣ་ཚོགས་འགྲོ་བའི་ཉེར་འཚོའི་དགོས་འདོད་འབྱུང་བས་ན་ནོར་བུ་དང་འདྲ། བྱུང་ཡང་དགོས་འདོད་འདི་འབྱུང་བ་དང་འདི་མི་འབྱུང་གི་ཕྱོགས་ལྷུང་མེད་པས་ཀྱང་ནོར་བུ་དང་འདྲ། གནས་ལུགས་ཀྱི་རང་བཞིན་ཡེ་ནས་དག་ཅིང་གསལ་བས་ན་ནོར་བུ་དང་འདྲ། རྩལ་ལམ་ནུས་པའི་རོལ་བ་ལས་སྣ་ཚོགས་པའི་རྒྱན་དུ་ཤར་བས་ཀྱང་ནོར་བུ་དང་འདྲ། དེའི་རང་བཞིན་དྭངས་གསལ་མཚན་མའི་སྤྲོས་པ་དང་བྲལ་བ་སྤྲོས་པ་ཉེ་བར་ཞི་བ་ཡིན་པས་ན་ནོར་བུ་དང་འདྲ། སྣ་ཚོགས་སུ་སྣང་ཡང་ཐམས་ཅད་དབྱིངས་གཅིག་གི་རང་བཞིན་དུ་ལྷུན་གྱིས་གྲུབ་པ་ནོར་བུ་དང་འདྲ་ཞིང་ཆོས་མཚུངས་པའོ།།

༣༩༨ བཞི་བ་ག་བུར་འདྲ་བའི་ཆོས་དྲུག་བསྟན་པ།

བཞི་བ་ག་བུར་འདྲ་བའི་ཆོས་དྲུག་ནི།།

མ་རྟོགས་འཁོར་བ་འབྱུང་བས་ག་བུར་འདྲ།།

རིགས་དྲུག་སྡུག་བསྔལ་མྱོང་བས་ག་བུར་འདྲ།།

རྟོགས་ནས་སངས་རྒྱས་འབྱུང་བས་ག་བུར་འདྲ།།

སྐུ་གསུམ་ཞི་བདེ་འགྲུབ་པས་ག་བུར་འདྲ།།

གཞི་ལ་གཉིས་ཀ་མེད་པས་ག་བུར་འདྲ།།

རྐྱེན་གྱིས་ཐ་དད་སྣང་བས་ག་བུར་འདྲ།།

ཞེས་གསུངས་པ་སྟེ། བཞི་པ་ག་བུར་འདྲ་བའི་ཆོས་དྲུག་ནི། ག་བུར་དེ་རྐྱེན་སྣ་ཚོགས་དང་འཕྲད་པས་ནུས་པ་སྣ་ཚོགས་སུ་འགྱུར་བའི་བྱེད་ལས་སྣ་ཚོགས་དང་ལྡན་པ་ཞིག་ཡིན་པ་བཞིན་དུ། ཆོས་ཀྱི་དབྱིངས་འདི་རྟོགས་དང་མ་རྟོགས་པའི་དབང་གིས་འཁོར་འདས་སྣ་ཚོགས་སུ་འབྱུང་བ་དེ་མཚོན་པ་སྟེ། གཞི་དང་འཁྲུལ་ཚུལ་ཁྱབ་ཚུལ་དང་གསུངས་པ་ལྟར་དུ། གཞི་ཀུན་ཁྱབ་ཆོས་དབྱིངས་ཆེན་པོ་ལས་རྐྱེན་འཁྲུལ་བའི་སྣང་བ་ཤར་ནས་མ་རྟོགས་འཁོར་བ་འབྱུང་བས་ན་སྨན་ག་བུར་དང་འདྲ། འཁྲུལ་སྣང་རགས་པ་དེ་ཉིད་ཆེས་ཆེར་བརྡོལ་བས་ན་རིགས་དྲུག་གི་སྡུག་བསྔལ་རགས་པ་མྱོང་བ་ཡིན་པས་ན་ག་བུར་དང་འདྲ། གཞི་མ་འཁྲུལ་བ་ལ་དེ་ལྟ་བུར་རྟོགས་ནས་རྟོགས་པའི་རྐྱེན་དེ་ལ་བརྟེན་ནས་སངས་རྒྱས་འབྱུང་བས་ན་ག་བུར་དང་འདྲ། གྲོལ་ཆའི་ཆོས་སྐུ་དེ་ཉིད་སྐུ་གསུམ་ལྷུན་འགྲུབ་ཀྱི་ཞི་བདེ་རུ་འགྲུབ་པས་ན་ག་བུར་དང་འདྲ། གཞི་ལ་འཁོར་འདས་གཉིས་ཀ་མེད་པས་དོན་ལ་ཅི་ཡང་མ་གྲུབ་པ་ཡང་ག་བུར་དང་འདྲ། གཞི་ལ་གཉིས་སུ་མེད་ཀྱང་རྐྱེན་ཐ་དད་ཀྱིས་སྣང་ཚུལ་ཐ་དད་དུ་སྣང་བས་ཀྱང་ག་བུར་འདྲ་བའོ།།

༣༩༩ ལྔ་པ་མེ་ལོང་ལྟ་བུའི་ཆོས་དྲུག་བསྟན་པ།

ལྔ་པ་མེ་ལོང་ལྟ་བུའི་ཆོས་དྲུག་ནི།།

གནས་ལུགས་གཞི་ནས་གསལ་བས་མེ་ལོང་འདྲ།།

སྒྲིབ་གཡོགས་གཡའ་དང་བྲལ་བས་མེ་ལོང་འདྲ།།

རོལ་བ་འགག་མེད་འཆར་བས་མེ་ལོང་འདྲ།།

མཚན་ཉིད་གཉིས་སུ་མེད་པས་མེ་ལོང་འདྲ།།

རྟོག་མེད་ངང་དྭངས་གནས་པས་མེ་ལོང་འདྲ།།

རང་གསལ་ཡེ་ནས་དག་པས་མེ་ལོང་འདྲ།།

ཞེས་གསུངས་པ་སྟེ། ལྔ་པ་མེ་ལོང་ལྟ་བུའི་ཆོས་དྲུག་ནི། གནས་ལུགས་རང་གི་ངོ་བོ་གཞི་ནས་གསལ་བའི་རང་བཞིན་ཅན་ཡིན་པས་ན་མེ་ལོང་དང་འདྲ། དེ་ལ་སྒྲིབ་གཡོགས་ཀྱི་གཡའ་དང་བྲལ་བས་ཀྱང་མེ་ལོང་དང་འདྲ། མེ་ལོང་གི་ངོར་གཟུགས་བརྙན་ཅི་ཡང་འཆར་ཆོག་པ་ལྟར་དུ་རོལ་བ་འགག་མེད་དུ་འཆར་བས་ཀྱང་མེ་ལོང་དང་འདྲ། མཚན་ཉིད་བཟང་ངན་གཉིས་སུ་མེད་པས་ཀྱང་མེ་ལོང་དང་འདྲ། མེ་ལོང་གི་ངོར་གཟུགས་བརྙན་གང་ཤར་ཡང་མེ་ལོང་ལ་རྣམ་རྟོག་མེད་པ་ལྟར་དུ་ཆོས་དབྱིངས་རྟོག་མེད་ངང་དྭངས་ཀྱི་རང་བཞིན་ཡེ་ནས་འགྱུར་བ་མེད་པར་གནས་པས་མེ་ལོང་དང་འདྲ། གནས་ལུགས་རང་གསལ་ལ་ཡེ་ནས་མ་དག་པའི་ཆ་ཙམ་གྱིས་མ་གོས་ཤིང་དག་མ་དག་གཉིས་སུ་མ་གྲུབ་པར་རང་བཞིན་གྱིས་དག་པས་ན་མེ་ལོང་དང་འདྲའོ།།

༤༠༠ དྲུག་པ་ཏིལ་མར་འདྲ་བའི་ཆོས་དྲུག་བསྟན་པ།

དྲུག་པ་ཏིལ་མར་འདྲ་བའི་ཆོས་དྲུག་ནི།།

སེམས་ཅན་སངས་རྒྱས་ཁྱབ་པས་ཏིལ་མར་འདྲ།།

རྒྱུ་འབྲས་སྐྱེ་ཤི་སྣང་བས་ཏིལ་མར་འདྲ།།

སེམས་ཉིད་ཡུལ་ལ་སྣང་བས་ཏིལ་མར་འདྲ།།

ཡུལ་རྟོག་སེམས་ཉིད་གྲོལ་བས་ཏིལ་མར་འདྲ།།

བསྒོམས་ན་ཆོས་སྐུར་འཆར་བས་ཏིལ་མར་འདྲ།།

འབྲས་བུ་རྒྱུར་མི་ལྡོག་པས་ཏིལ་མར་འདྲ།།

དེ་ལྟར་རྟོགས་ན་གནས་ལུགས་དོན་ལ་མཁས།།

ཞེས་གསུངས་པ་སྟེ། དཔེ་དྲུག་པ་ཏིལ་ལ་མར་གྱིས་ཁྱབ་པ་ལྟ་བུའི་ཆོས་དྲུག་བསྟན་པ་ནི། བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། །ཅེས་གསུངས་པ་ལྟར་དུ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སངས་རྒྱས་ཀྱི་ས་བོན་གྱིས་ཁྱབ་པས་ཏིལ་ལ་མར་གྱིས་ཁྱབ་པའི་ཏིལ་མར་དང་འདྲ་བ་ཡིན། ཏིལ་མར་གྱིས་དོན་སྣ་ཚོགས་བྱེད་པ་ལྟར་དུ་རྒྱུ་འབྲས་སྐྱེ་ཤི་སྣ་ཚོགས་སུ་སྣང་བས་ཀྱང་ཏིལ་མར་འདྲ། ཏིལ་མར་གྱི་སྒྲོན་མེས་གསལ་བའི་དོན་བྱེད་པ་ལྟར་དུ་སེམས་ཉིད་ཡུལ་ལ་སྣང་བས་ན་ཡང་ཏིལ་མར་འདྲ། རྒྱུ་རྐྱེན་ལ་བརྟེན་ནས་བྱུང་བའི་ཏིལ་མར་གྱི་མར་མེ་དེ་རྒྱུ་རྐྱེན་ཟད་ནས་མི་སྣང་བ་ལྟར་དུ་ཡུལ་རྟོག་གི་འཛིན་པ་འདི་སེམས་ཉིད་ཆོས་སྐུར་གྲོལ་བས་ཏིལ་མར་དང་འདྲ་བ་ཡིན། ཏིལ་མར་འབར་རྐྱེན་དང་འཕྲད་ན་མེ་ལྕེ་ལྷག་པར་དུ་གསལ་བ་ལྟར་དུ་བསྒོམས་ན་ཆོས་སྐུར་འཆར་བས་ཏིལ་མར་འདྲ། འབྲས་བུ་ཏིལ་མར་དེ་ཉིད་ཏིལ་གྱི་རྒྱུར་སླར་ཡང་མི་ལྡོག་པ་བཞིན་དུ་གྲོལ་བ་སླར་ཡང་འཁྲུལ་བའི་དབང་དུ་མི་འགྱུར་བས་ཀྱང་ཏིལ་མར་དང་འདྲ། དེ་ལྟར་དཔེ་དྲུག་དང་དོན་དྲུག་དང་སྦྱར་བའི་གནད་ཇི་བཞིན་དུ་རྟོགས་ན། དེ་ནི་གནས་ལུགས་ཀྱི་དོན་ལ་མཁས་པའི་རྣལ་འབྱོར་པ་ཡིན་པས་ན་བསྒོམས་ན་སངས་རྒྱས་ཀྱི་དགོངས་པ་རྙེད་པ་ཡིན་ནོ།།

༤༠༡ གཉིས་སྣང་ཞེན་པ་གཅོད་པའི་ཆོས་དྲུག་བསྟན་པ།

གཉིས་སྣང་ཞེན་པ་གཅོད་པའི་ཆོས་དྲུག་ནི།།

རྨི་ལམ་དཔེས་མཚོན་སྣང་བ་སེམས་སུ་སྤྲད།།

རྨི་ལམ་སད་པས་སྟོང་ལྟར་སྣང་བ་ཡང༌།།

རང་བཞིན་གྱིས་སྟོང་མ་རིག་སངས་ཚེ་དག།

ཕྱི་རོལ་ཡུལ་གྱི་བདེན་འཛིན་འཇིག་པ་ཡིན།།

སྒྱུ་མའི་དཔེས་མཚོན་སྣང་སེམས་ནུས་མཐུར་སྤྲད།།

གང་སྣང་གིས་སྟོང་བག་ཆགས་འཁྲུལ་བར་ཤེས།།

གཟུགས་བརྙན་དཔེས་མཚོན་སེམས་ཉིད་རང་བཞིན་སྤྲད།།

སྣང་བས་སྟོང་སྟེ་གཟུང་འཛིན་བྲལ་བར་ཤེས།།

ན་བུན་དཔེས་མཚོན་སེམས་ཀྱི་རོལ་བར་སྤྲད།།

ཡུལ་སྣང་རང་ཡལ་སྟོང་པར་རྟོགས་པ་ཡིན།།

འཇའ་ཚོན་དཔེས་མཚོན་སེམས་ཀྱི་རྒྱན་དུ་སྤྲད།།

མཁའ་ལ་ཐིམ་ལྟར་རང་སྣང་ཡེ་ཤེས་གྲོལ།།

མན་ཤེལ་དཔེས་མཚོན་སེམས་ཀྱི་རང་གདངས་སྤྲད།།

རང་ངོ་རང་གདངས་གཉིས་མེད་ཡེ་ཤེས་གྲོལ།།

ཞེས་གསུངས་པ་སྟེ། གཉིས་སྣང་ཞེན་པ་གཅོད་པའི་ཆོས་དྲུག་ནི། རྨི་ལམ་དང་། སྒྱུ་མ་དང་། གཟུགས་བརྙན་དང་། ན་བུན་དང་། འཇའ་ཚོན་དང་། མན་ཤེལ་གྱི་དཔེ་དྲུག་གིས་གཉིས་སྣང་ཞེན་པ་གཅོད་པའི་ཆོས་དྲུག་གིས་བསྟན་པ་སྟེ། རྨི་ལམ་དུ་སྣ་ཚོགས་སུ་སྣང་ཡང་ནང་སེམས་ལས་ཤར་བ་མ་གཏོགས་ཕྱི་རོལ་ན་མེད་པའི་དཔེ་ཡིས་མཚོན་ནས་སྣང་བ་སེམས་ལས་ལོགས་སུ་མ་གྲུབ་པར་ངོ་སྤྲད་པས། རྨི་ལམ་སད་པས་རྨི་ལམ་ནང་གི་བདེ་སྡུག་ཐམས་ཅད་ཡོད་པ་མིན་པ་དེ་དང་དེས་སྟོང་པ་ལྟར་དུ། སྣང་བ་འདི་ཡང་རང་བཞིན་གྱིས་སྟོང་ནས་བདེན་འཛིན་གྱི་མ་རིག་པ་སངས་པའི་ཚེ་ན་དག་པ་ཡིན་པ་ནི། དཔལ་ལྡན་ཟླ་བས། སད་པར་གཉིས་སྣང་ཡོད་མིན་ལྟར། །གཏི་མུག་གཉིད་སད་དེ་བཞིན་ནོ། །ཞེས་གསུངས་པ་ལྟར་ཡིན་པས་ཕྱི་རོལ་ཡུལ་གྱི་བདེན་འཛིན་ཐམས་ཅད་འཇིག་པ་ཡིན་པ་དང་། སྒྱུ་མའི་མཁན་པོས་ཤིང་བུ་དང་རྡེའུ་སེམས་ཅན་དུ་བསྒྱུར་བ་ནུས་པའི་སྒྱུ་མའི་དཔེས་མཚོན་ནས་སྣང་བ་སྣ་ཚོགས་སུ་སྣང་བ་དེ་སེམས་ཀྱི་ནུས་མཐུར་ངོ་སྤྲད་པས། གང་སྣང་གང་ཤར་ཐམས་ཅད་དེ་དང་དེ་དག་གིས་སྟོང་ཡང་སྣང་བ་ནི་བག་ཆགས་འཁྲུལ་བའི་དབང་གིས་སྣང་བ་ཡིན་པར་ཤེས་པ་དང་། རྐྱེན་ལ་བརྟེན་ནས་སྣང་བའི་གཟུགས་བརྙན་དེ་ཤར་ཡང་དོན་ལ་མ་གྲུབ་པའི་དཔེས་མཚོན་ནས་མེད་ལ་སྣང་བའི་སེམས་ཉིད་ཀྱི་རང་བཞིན་ངོ་སྤྲད་པས། གང་སྣང་སྣང་བས་སྟོང་སྟེ་དོན་ལ་གཟུང་འཛིན་དང་བྲལ་བར་ཤེས་པ་དང་། ན་བུན་ནམ་མཁའ་ལས་བྱུང་ཞིང་སླར་ནམ་མཁར་ཐིམ་པའི་དཔེས་མཚོན་ནས་སྣ་ཚོགས་སྣང་བ་སེམས་ཀྱི་རོལ་བར་ངོ་སྤྲད་པས། ཡུལ་སྣང་ཕྱི་རོལ་དུ་ཡོད་པ་ལྟར་སྣང་བ་དེ་རང་ཡལ་སྟོང་པའི་ངོ་བོ་རུ་རྟོགས་པ་དང་། རྒྱུ་རྐྱེན་ཚོགས་པའི་འཇའ་ཚོན་ནམ་མཁར་ཤར་བའི་དཔེས་མཚོན་ནས་རོལ་བ་སྣ་ཚོགས་སུ་སྣང་བ་སེམས་ཀྱི་རྒྱན་དུ་ངོ་སྤྲད་པས། འཇའ་ཚོན་མཁའ་ལ་ཐིམ་པ་ལྟར་དུ་རང་སྣང་ཡེ་ཤེས་ཀྱི་ངང་དུ་གྲོལ་བ་དང་། མན་ཤེལ་ལམ་འཇའ་ཤེལ་གྱི་དཔེས་མཚོན་ནས་ཤེལ་ལ་ཉི་འོད་ཕོག་པ་ན་ཁ་དོག་སྣ་ཚོགས་སུ་འཆར་བ་ལྟར་དུ། སྣང་བ་སྣ་ཚོགས་སེམས་ཀྱི་རང་གདངས་སུ་ངོ་སྤྲད་པས། རང་ངོ་རང་གདངས་གཉིས་ཀ་མ་བུ་གཉིས་མེད་ཀྱི་ཡེ་ཤེས་སུ་གྲོལ་བ་སྟེ་དེ་ནི་གཉིས་སྣང་ཞེན་པ་གཅོད་པའི་ཆོས་དྲུག་གོ །སྣང་བ་སེམས་ཀྱི་ཆོ་འཕྲུལ་ལམ་ཡང་ན་སེམས་རང་གི་རྣམ་པ་དེ་ཉིད་དེ་ལྟར་སྣང་བ་སྟེ་གང་ལྟར་བཤད་ཀྱང་། སྣང་བ་སེམས་ལས་བྱུང་བ་ནི་ཐེག་ཆེན་མདོ་སྔགས་ཐུན་མོང་གི་མན་ངག་གོ།

༤༠༢ ངོ་སྤྲོད་དྲུག་གི་བསྡུ་བའི་ཆོས་དྲུག་བསྟན་པ།

ངོ་སྤྲོད་དྲུག་གི་བསྡུ་བའི་ཆོས་དྲུག་ནི།།

དོན་གྱི་ཀུན་གཞི་གཉིས་མེད་རིས་བྲལ་དང༌།།

དེ་ལས་འཁྲུལ་སྣང་འཁོར་བའི་རང་བཞིན་དང༌།།

འཁྲུལ་སྣང་འཁྲུལ་འཛིན་རང་སེམས་ཆོ་འཕྲུལ་དང༌།།

དེ་ལས་བཟློག་པ་གཞི་མེད་རྩལ་སྦྱོང་དང༌།།

སྣང་སེམས་རང་ལོག་ཡེ་ཤེས་གྲོལ་བ་དང༌།།

ཡེ་ཤེས་རང་དྭངས་གདོད་མར་བཙན་ས་ཟིན།།

འདི་དྲུག་ཆོས་ཀྱི་སྤྱི་ཆིངས་གལ་པོ་ཆེ།།

རྟོགས་པ་ཙམ་གྱིས་རང་བཞིན་འཚེངས་པ་ཡིན།།

ཞེས་གསུངས་པ་སྟེ། ངོ་སྤྲོད་རྣམ་པ་དྲུག་གི་ཆིངས་ཀྱིས་བསྡུ་བའི་སྤྱི་ཆིངས་ཀྱི་ཆོས་དྲུག་དེ་གང་ཡིན་ན། ཀུན་གཞི་ཞེས་པའི་སྒྲ་ཚིག་འདི་ལ་ཡེ་དོན་གྱི་ཀུན་གཞི་དང་། སྦྱོར་བ་དོན་གྱི་ཀུན་གཞི་དང་། བག་ཆགས་སྣ་ཚོགས་པའི་ཀུན་གཞི་ལ་སོགས་པའི་དབྱེ་བ་ཡོད་པ་ལས། དོན་གྱི་ཀུན་གཞི་ནི་བདེ་བར་གཤེགས་པའི་སྙིང་པོ་ཆོས་ཀྱི་དབྱིངས་མཉམ་པ་ཆེན་པོ་གཉིས་མེད་རིས་སུ་བྲལ་བ་དེ་དང་། དེ་ལས་མ་རྟོགས་འཁྲུལ་སྣང་འཁོར་བའི་རང་བཞིན་སྣང་བ་དང༌། འཁྲུལ་སྣང་འཁྲུལ་འཛིན་ཐམས་ཅད་རང་སེམས་ཀྱི་ཆོ་འཕྲུལ་ཙམ་དང༌། འཁྲུལ་བ་དེ་ལས་བཟློག་པ་ལ་གཞི་མེད་བློ་འདས་བྱར་མེད་ཀྱི་རྩལ་སྦྱོང་བྱེད་པ་དང༌། སྣང་སེམས་ཐམས་ཅད་རང་ལོག་ནས་ཡེ་ཤེས་ཉག་གཅིག་ཏུ་གྲོལ་བ་དང༌། རང་ལ་འཆར་བའི་ཡེ་ཤེས་རང་དྭངས་མ་བུ་གཉིས་མེད་ཕྱམ་གཅིག་ཏུ་གྲོལ་ནས་གདོད་མར་བཙན་ས་ཟིན་པ་སྟེ། འདི་དྲུག་ནི་རྫོགས་པ་ཆེན་པོའི་ཆོས་ཀྱི་སྤྱི་ཆིངས་གལ་པོ་ཆེ་མ་དག་འཁོར་བ་ལྟར་དུ་སྣང་བ་ཐམས་ཅད་དག་པ་སྐུ་དང་ཡེ་ཤེས་ཀྱི་རང་བཞིན་དུ་ཤེས་པ་འདི་ནི། སྤྱིར་ན་སྔགས་རྫོགས་མ་ཧཱ་ཡོ་ག་མན་ཆོད་ཀྱི་ལྟ་བ་ཡང་ཡིན་པས་ཆོས་ཀྱི་སྤྱི་ཆིངས་གལ་ཆེན་ཡིན་པས། འདི་དོན་རྟོགས་པ་ཙམ་གྱིས་རང་བཞིན་གྱིས་རྣལ་འབྱོར་པ་ཐམས་ཅད་འཚེངས་པ་ཡིན་ནོ།།

༤༠༣ སྐུ་གསུམ་ངོ་སྤྲོད་ཀྱི་དང་པོ་ལྷུན་གྲུབ་བསྟན་པ།

ཟབ་དོན་མཐར་ཐུག་སྐུ་གསུམ་ངོ་སྤྲོད་ནི།།

རྣམ་པ་དྲུག་ལས་དང་པོ་ལྷུན་གྲུབ་ནི།།

ཤེལ་གོང་མེ་ལོང་ཉི་ཟེར་རྣམ་པ་དང༌།།

ངང་དྭངས་རང་བཞིན་བདག་ཉིད་གསུམ་ཉིད་དོ།།

ཆོས་སྐུ་རང་བཞིན་རྣམ་པར་དག་པའི་ངང༌།།

ཤེལ་གོང་དྲི་མེད་གདོད་ནས་དག་པ་འདྲ།།

ལོངས་སྐུ་འདུག་ཚུལ་འོད་གསལ་རང་བཞིན་ཏེ།།

མེ་ལོང་དག་པའི་ནང་ན་གཟུགས་བརྙན་འདྲ།།

སྤྲུལ་སྐུ་སྣང་ཚུལ་ཕྱི་ནང་མེད་བདག་ཉིད།།

ཉི་ཟླའི་ཟེར་བཞིན་ཕྱོགས་བཅུར་འཕྲོ་བ་ཡིན།།

འདི་དག་རང་ལ་ཡེ་ནས་ལྷུན་གྲུབ་པས།།

གཞན་ནས་མ་ཚོལ་རང་ཆས་ཤེས་པར་གྱིས།།

ཞེས་གསུངས་པ་སྟེ། ད་ནི་རྫོགས་པ་ཆེན་པོའི་ཟབ་དོན་གྱི་མཐར་ཐུག་སྐུ་གསུམ་ངོ་སྤྲོད་པ་སྟེ། འདི་ལ་རྣམ་པ་དྲུག་ལས་དང་པོ་ལྷུན་གྱིས་གྲུབ་པའི་བཞུགས་ཚུལ་ནི། དཔེ་ཤེལ་གོང་དང་གཅིག མེ་ལོང་དང་གཉིས། ཉི་ཟེར་གྱི་རྣམ་པ་དང༌གསུམ་དང་། དོན་ངང་དྭངས་དང་གཅིག རང་བཞིན་དང་གཉིས། བདག་ཉིད་དང་གསུམ་གྱིས་མཚོན་ནས་དཔེ་དང་དཔེ་ཅན་དུ་སྦྱར་ནས་བཤད་པ་ཉིད་དོ། །དེ་ལ་ཆོས་སྐུ་རང་བཞིན་གྱིས་རྣམ་པ་དག་པའི་ངང་དེ་ཇི་ལྟ་བུ་ཞིག་ཡིན་ན། ཤེལ་གོང་དྲི་མེད་གསར་དུ་དག་མི་དགོས་པར་དང་པོ་གདོད་མ་ཉིད་ནས་རྣམ་པར་དག་པ་དང་འདྲ་བ་དང་། ལོངས་སྐུའི་འདུག་ཚུལ་སྐུ་གསུམ་ལྷུན་གྲུབ་ཀྱི་ཆ་དེ་འོད་གསལ་བའིི་རང་བཞིན་ཅན་ཡིན་པ་དེ་ཇི་ལྟ་བུས་བསྟན་ཞེ་ན། མེ་ལོང་དག་པའི་ནང་ན་གཟུགས་བརྙན་འགག་མེད་དུ་འཆར་བ་དང་འདྲ་བ་དང་། གསུམ་པ་ཉི་ཟེར་གྱི་དཔེས་བདག་ཉིད་བསྟན་པ་དེ་ཇི་ལྟར་ཡིན་ན། སྤྲུལ་སྐུ་གང་ལ་གང་འདུལ་གྱིས་སྣང་ཚུལ་དེ་གང་མཚན་འཛིན་གྱི་ཡུལ་དེར་ཆུ་སྣོད་དུ་ཟླ་གཟུགས་ལྟར་སྣང་བ་ཙམ་ལས། མཚན་ཉིད་ཀྱི་ཡུལ་དུ་ཕྱི་ནང་བར་གསུམ་ན་མེད་པའི་བདག་ཉིད། ཉི་མ་དང་ཟླ་བའི་ཟེར་བཞིན་དུ་ཕྱོགས་བཅུ་མུ་མེད་པར་འཕྲོ་བ་སྟེ། སྐུ་གསུམ་པོ་འདི་དག་ངོ་བོ་རང་བཞིན་ཐུགས་རྗེའི་ཚུལ་དུ་རང་ལ་ཡེ་ནས་ལྷུན་གྲུབ་ཏུ་བཞུགས་པས་ན། གླང་པོ་ཁྱིམ་དུ་བཞག་ནས་གླང་རྗེས་ནགས་སུ་འཚོལ་བ་ལྟར་དུ་སྐུ་གསུམ་རང་ཆས་སུ་ཡེ་ནས་གནས་པ་ལ་གཞན་ནས་མི་འཚོལ་བར་རང་ལ་རང་ཆས་སུ་ཡོད་པ་ཤེས་པར་གྱིས་ཤིག།

གཉིས་པ་ནོར་བུ་འགག་མེད་ངོ་སྤྲད་པ།

གཉིས་པ་ནོར་བུ་འགག་མེད་ངོ་སྤྲད་པ།།

རང་བཞིན་གྱིས་དག་ངོ་བོ་ཆོས་ཀྱི་སྐུ།།

འོད་གསལ་མ་འགགས་རང་བཞིན་ལོངས་སྤྱོད་རྫོགས།།

ཡེ་ཤེས་མ་འགགས་ཐུགས་རྗེ་སྤྲུལ་བའི་སྐུ།།

རང་ཆས་ཉིད་དེ་གྱད་ཀྱི་ནོར་བུ་བཞིན།།

ཞེས་གསུངས་པ་སྟེ། གཉིས་པ་ནོར་བུའི་དཔེ་ཡིས་འགག་མེད་དུ་ངོ་སྤྲད་པ་ནི། ཆོས་ཐམས་ཅད་ཀྱི་ཆོས་ཉིད་རང་བཞིན་གྱིས་དག་པ་ངོ་བོ་སྟོང་པ་ཆོས་ཀྱི་སྐུ་དང་། དེའི་གདངས་འོད་གསལ་བའི་ཆ་མ་འགགས་པ་རང་བཞིན་གྱིས་གསལ་བ་ལོངས་སྤྱོད་རྫོགས་པའི་སྐུ། དེའི་མཁྱེན་ཆའི་ཡེ་ཤེས་མ་འགགས་པ་ཐུགས་རྗེ་སྤྲུལ་བའི་སྐུ་སྟེ། སྐུ་གསུམ་པོ་འདི་དེ་ལྟ་བུའི་རང་ཆས་སུ་ཡོད་པ་ནི་གྱད་སྟོབས་ཆེན་གྱི་མགོའི་སྤྱི་བོའི་གཙུག་ཏུ་རང་གྲུབ་ཏུ་ཡོད་པའི་ནོར་བུ་ཁྱད་ཆོས་གསུམ་དང་ལྡན་པ་ལྟ་བུའོ།།

གསུམ་པ་ཉི་མ་རང་ཤར་ངོ་སྤྲད་པ།

གསུམ་པ་ཉི་མ་རང་ཤར་ངོ་སྤྲད་པ།།

ཉི་མའི་སྙིང་པོ་ཟང་ཐལ་མི་རྟོག་ལྟར།།

རིག་པའི་ཡེ་ཤེས་མི་རྟོག་ཆོས་ཀྱི་སྐུ།།

སྤྲིན་གྱིས་མ་བསྒྲིབས་རང་གསལ་དག་པ་བཞིན།།

སྒོ་ལྔ་ཧར་སངས་གསལ་བ་ལོངས་སྤྱོད་རྫོགས།།

ཟེར་རྣམས་ཀུན་ཏུ་འཆར་ཞིང་སྣང་བ་ལྟར།།

ཡུལ་དྲུག་འཆར་བ་མ་འགགས་སྤྲུལ་བའི་སྐུ།།

ནམ་ལངས་ཉི་ཤར་འདྲ་བའི་རང་རིག་ལ།།

སྐུ་གསུམ་རང་ཆས་རང་ངོ་ཤེས་པར་གྱིས།།

ཞེས་གསུངས་པ་སྟེ། གསུམ་པ་ཉི་མ་རང་ཤར་གྱི་ངོ་སྤྲད་ནི། ཉི་མའི་སྙིང་པོ་ལ་འདི་བྱ་འདི་བྱེད་ཀྱི་རྣམ་རྟོག་མེད་པ་ཟང་ཐལ་མི་རྟོག་པ་ཡིན་པ་ལྟར་དུ། རིག་པའི་ཡེ་ཤེས་ཀྱི་ངོ་བོ་མི་རྟོག་སྤྲོས་པ་དང་བྲལ་བ་སྟོང་བ་ཆོས་ཀྱི་སྐུ་ཡིན་པ་དང་། ཉི་མ་སྤྲིན་གྱིས་མ་བསྒྲིབས་པར་རང་གསལ་དག་པ་བཞིན་དུ། སྒོ་ལྔ་འགག་མེད་འཛིན་པ་དང་བྲལ་བར་ཧར་སངས་ངང་གིས་གསལ་བ་དེ་ལོངས་སྤྱོད་རྫོགས་པའི་སྐུ་དང་། ཉི་མའི་ཟེར་རྣམས་ཕྱོགས་ཀུན་ཏུ་འཆར་ཞིང་གང་དུའང་སྣང་བ་ལྟར་དུ། གཟུགས་སོགས་ཡུལ་དྲུག་ཏུ་འཆར་བ་དེ་མ་འགགས་པ་སྤྲུལ་བའི་སྐུ་སྟེ། དེ་ལྟ་བུའི་ནམ་ལངས་ཉི་ཤར་འདྲ་བའི་རང་རིག་ཡེ་ནས་སངས་རྒྱས་པའི་ངོ་བོ་ལ། ཆོས་ལོངས་སྤྲུལ་བའི་སྐུ་གསུམ་རང་ཆས་སུ་རྫོགས་པའི་རང་ངོ་ཇི་བཞིན་དུ་ཤེས་པར་གྱིས་ཤིག་ཅེས་ངོ་སྤྲད་པའོ།།

བཞི་པ་དབྱིངས་ཤར་ཉི་མས་ངོ་སྤྲད་པ།

བཞི་པ་དབྱིངས་ཤར་ཉི་མས་ངོ་སྤྲད་པ།།

མཁའ་ལྟར་རྣམ་དག་ཆོས་ཉིད་ཆོས་སྐུ་ལ།།

ཉི་ལྟར་རང་བྱུང་འོད་གསལ་ལོངས་སྤྱོད་རྫོགས།།

རང་བཞིན་གཉིས་མེད་རིག་སྟོང་སྤྲུལ་བའི་སྐུ།།

རང་ལ་ཡོད་པ་རང་ངོ་ཤེས་པར་གྱིས།།

ཞེས་གསུངས་པ་སྟེ། བཞི་པ་དབྱིངས་ལ་སྐུ་གསུམ་རང་ཆས་སུ་ཤར་བ་ཉི་མས་ངོ་སྤྲད་པ་དེ་གང་ཡིན་ན། མཁའ་ལྟར་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་སྐུ་སྒྲིབ་གཉིས་ཡེ་ནས་རྣམ་པར་དག་པའི་ཆོས་ཉིད་དེ་ཆོས་སྐུ་ཡིན་ལ། མཁའ་ལ་ཉི་མ་ཤར་བ་ལྟར་དུ་རང་བྱུང་ངང་གིས་འོད་གསལ་བ་དེ་ལོངས་སྤྱོད་རྫོགས་སྐུ་དང་། རང་བཞིན་སྣང་སྟོང་གཉིས་མེད་རིག་སྟོང་ཀུན་ཁྱབ་དེ་སྤྲུལ་བའི་སྐུ་ཡིན་པ་སྟེ། དེ་ལྟ་བུའི་སྐུ་གསུམ་རང་ལ་ཡོད་པ་དེ་རང་ངོ་ཤེས་པར་གྱིས་ཤིག

ལྔ་པ་དཔེ་དོན་རྟགས་གསུམ་ངོ་སྤྲད་པ།

ལྔ་པ་དཔེ་དོན་རྟགས་གསུམ་ངོ་སྤྲད་པ།།

དཔེ་ནི་མཁའ་ལྟར་རྣམ་དག་ཆོས་ཀྱི་སྐུ།།

རྒྱ་ཆད་ཕྱོགས་ལྷུང་ཀུན་ལས་འདས་པ་ཡིན།།

དོན་ནི་འོད་གསལ་རང་དག་ལོངས་སྤྱོད་རྫོགས།།

ཡེ་ནས་ལྷུན་གྲུབ་འདུས་མ་བྱས་པ་ཡིན།།

རྟགས་ནི་རང་འོད་དངོས་སྣང་སྤྲུལ་བའི་སྐུ།།

སྒྲོན་མ་རང་གསལ་ཡིད་ཆེས་བསྐྱེད་པ་ཡིན།།

ཞེས་གསུངས་པ་སྟེ། ལྔ་པ་དཔེ་དོན་རྟགས་གསུམ་གྱི་ཐོག་ནས་ངོ་སྤྲད་པ་ནི། དཔེ་ལ་རྡོ་རྗེ་སེམས་དཔའི་མེ་ལོང་བཀོད་པ་ཡང་ཡོད་ཀྱང་སྐབས་འདིར། ནམ་མཁའ་རྣམ་པར་དག་པ་དང་། དོན་འོད་གསལ་འགྱུར་མེད། རྟགས་སྒྲོན་མའི་སྣང་བ་དང་གསུམ་གྱིས་གསུངས་པ་ལ། དཔེ་ནི་མཁའ་ལྟར་རྣམ་པར་དག་པའི་ཆོས་ཀྱི་སྐུ་ནི། རྒྱ་གར་ཡང་མ་ཆད་ཕྱོགས་གང་དུ་ཡང་མ་ལྷུང་བར་ཀུན་ལ་ཁྱབ་ཅིང་ཀུན་ལས་འདས་པ་ཞིག་ཡིན་པ་དང་། དོན་ནི་འོད་གསལ་ཡེ་ནས་རང་དག་པ་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། ཡེ་ནས་ལྷུན་གྱིས་གྲུབ་ཅིང་འདུས་མ་བྱས་པ་ཡིན་པ་དང་། རྟགས་ནི་ཡེ་ཤེས་ཀྱི་རང་འོད་དངོས་སུ་སྣང་བ་སྤྲུལ་བའི་སྐུ་སྟེ། བཞུགས་སྟངས་དང་གཟིགས་སྟངས་ཀྱིས་གཅུན་ཚེ་སྒྲོན་མ་རང་ལ་གསལ་ནས་ཡིད་ཆེས་སྐྱེད་པར་བྱེད་པའི་བདག་ཉིད་ཅན་ཡིན་ནོ།།

༤༠༤ དྲུག་པ་དབྱིངས་རིག་མཐར་ཐུག་གི་ངོ་སྤྲོད་བསྟན་པ།

དྲུག་པ་དབྱིངས་རིག་མཐར་ཐུག་སྤྲད་པ་ནི།།

མཁའ་ལྟར་ཆོས་དབྱིངས་ཀ་དག་ཆོས་ཀྱི་སྐུ།།

དབྱིངས་ལྟར་འདུག་ཚུལ་འོད་གསལ་ལོངས་སྤྱོད་རྫོགས།།

ཕྱོགས་དང་བྲལ་ལྟར་རིག་སྟོང་སྤྲུལ་བའི་སྐུ།།

རང་རིག་ངང་འདིར་ཡེ་ནས་གྲུབ་ཟིན་པས།།

གཞན་དུ་མ་ཚོལ་རྙེད་པའི་དུས་མེད་དོ།།

ཞེས་གསུངས་པ་སྟེ། ངོ་སྤྲོད་དྲུག་པ་དེ་དབྱིངས་རིག་མཐར་ཐུག་གི་ངོ་སྤྲད་པ་སྟེ། ནམ་མཁའ་ལྟར་དུ་ཆོས་དབྱིངས་སྟོང་བ་ཀ་ནས་དག་པའི་ཆོས་ཀྱི་སྐུ་དང་། ཆོས་དབྱིངས་ཟག་མེད་སྐྱེ་འགག་དང་བྲལ་བ་ལྟར་དུ་འདུག་ཚུལ་འོད་གསལ་ལོངས་སྤྱོད་རྫོགས་པའི་སྐུ་དང་། དེ་ཉིད་ཕྱོགས་དང་རིས་སུ་བྲལ་བ་ལྟར་དུ་རིག་སྟོང་ཟུང་དུ་འཇུག་པའི་སྤྲུལ་བའི་སྐུ་སྟེ། དེ་དག་རང་རིག་ཡེ་ཤེས་ཀྱི་ངང་འདིར་ཡེ་ནས་ལྷུན་གྱིས་གྲུབ་ཟིན་པས་ན། ཡང་གླང་པོ་ཁྱིམ་དུ་བཞག་ནས་གླང་རྗེས་ནགས་སུ་འཚོལ་བ་ལྟར་དུ་རང་ལ་ཡོད་པ་གཞན་ལས་བཙལ་དུ་ཡོད་པར་མ་འཛིན་མ་གཏོགས་རྙེད་པའི་དུས་མེད་དོ།།

༤༠༥ དེ་ལྟར་མ་ཤེས་པ་ནི་རྡོ་བ་གསེར་སྒྲུབ་སོགས་དང་འདྲ་བར་བསྟན་པ།

དེ་ལྟར་མ་ཤེས་རྡོ་བ་གསེར་སྒྲུབ་དང༌།།

དམུས་ལོང་གསེར་ཚོལ་ཉི་མ་སྤྲིན་བསྒྲིབས་དང༌།།

རྐང་མེད་རྐས་འཛེག་ལོང་བས་ལྷ་ཁང་ཕྱིན།།

མུན་ནག་ཟླ་ཤར་ལྟ་བུར་འགྲོ་བ་སྟེ།།

གསལ་གསལ་འདྲ་ཡང་མ་རིག་བག་ཞར་ཡོད།།

དེ་བས་མ་ནོར་ལེགས་པར་ཐག་བཅད་ནས།།

སེམས་ཉིད་དོན་ལ་བརྟན་པ་ཐོབ་པ་གཅེས།།

ཞེས་གསུངས་པ་སྟེ། དེ་ལྟར་དཔེ་དྲུག་གིས་མཚོན་པའི་དོན་དེ་རྨོངས་པས་བསྒྲིབས་ནས་མ་ཤེས་པའི་དབང་གིས་སྐུ་གསུམ་གཞན་ནས་བཙལ་བ་ནི། རང་བཞིན་ཕལ་གྱི་རྡོ་བ་གསེར་དུ་བསྒྲུབས་ཀྱང་འགྲུབ་ཏུ་མེད་པ་དང་། དམུས་ལོང་གིས་གསེར་འཚོལ་ཡང་རྙེད་དུ་མེད་པ་དང་། ཉི་མ་ཡོད་ཀྱང་སྤྲིན་གྱིས་བསྒྲིབས་ནས་ངོ་བོ་མི་མཐོང་བ་དང༌། རྐང་མེད་རྐས་ལ་འཛེག་ཀྱང་སྟེང་དུ་མི་ཕྱིན་པ་དང་། ལོང་བས་ལྷ་ཁང་དུ་ཕྱིན་ཀྱང་མ་མཐོང་བ་དང་། སྤྲིན་རུམ་འཁྲིགས་པའི་མུན་ནག་གི་ནང་དུ་ཟླ་བ་ཤར་ཡང་གསལ་ཐག་ཆོད་མེད་པ་ལྟ་བུར་འགྲོ་བ་སྟེ། གསལ་གསལ་ལྟ་བུ་རུ་སྣང་ཡང་མ་རིག་བག་ལ་ཞ་བ་ཡོད་པ་ཡིན་པ། དེ་བས་ན་ལྟ་བས་མིག་ལྡན་གྱིས་གཟུགས་ལ་བལྟས་པ་བཞིན་དུ་མ་ནོར་མ་འཁྲུལ་བར་ལེགས་པར་ཐག་བཅད་ནས། སྒོམ་པས་སེམས་ཉིད་ཀྱི་དོན་ལ་བརྟན་པ་ཐོབ་པར་བྱ་བ་ཤིན་ཏུ་གཅེས་སོ།།

༤༠༦ མཉམ་རྗེས་འབྲལ་མེད་དགོངས་པ་རྣམ་དྲུག་བསྟན་པ།

མཉམ་རྗེས་འབྲལ་མེད་དགོངས་པ་རྣམ་དྲུག་ནི།།

དཔེ་རྣམ་དྲུག་གིས་ཤེས་པར་བྱ་བ་ལས།།

དང་པོ་བར་སྣང་སེར་བུའི་དཔེས་མཚོན་ནས།།

གསལ་དག་ཡེ་ཤེས་ནམ་མཁའ་ལྟ་བུའི་ངང༌།།

འགྱུ་བ་དག་གྲོལ་རང་དྭངས་ཉམས་སུ་བླང༌།།

ཟང་ཐལ་འཛིན་མེད་ཉམས་སུ་མྱོང་བ་ཡིན།།

དེ་ལྟར་མ་ཤེས་རྩེ་གཅིག་ཏིང་འཛིན་ནི།།

མར་མེ་རླུང་གིས་བསྐྱོད་བཞིན་རྐྱེན་མི་ཐུབ།།

གཉིས་པ་ནམ་ལངས་ཉི་ཤར་དཔེས་མཚོན་ནས།།

ངང་དྭངས་གསལ་འགྲིབ་མཐའ་བྲལ་ཉམས་སུ་བླང༌།།

རང་དག་གསལ་དྭངས་ཡེ་ཤེས་མྱོང་བ་ཡིན།།

དེ་ལྟར་མ་ཤེས་རིམས་ནད་ཐེབས་པ་ལྟར།།

བྱིང་རྨུགས་འཕྲོ་རྒོད་གནས་ལུགས་དོན་ལ་སྒྲིབ།།

གསུམ་པ་རླུང་མེད་མར་མེའི་དཔེས་མཚོན་ནས།།

སྣང་སེམས་གཡོ་འགུལ་མེད་པར་ཉམས་སུ་བླང༌།།

མ་བཅོས་མཉམ་པ་ཆེན་པོ་མྱོང་བ་ཡིན།།

དེ་ལྟར་མ་ཤེས་བུ་ཆུང་ངན་པ་ལྟར།།

ཐུན་མཚམས་བསྒོམས་པས་དགོས་དུས་མི་བསྟོངས་ཉིད།།

བཞི་པ་ནམ་མཁའ་ཀློང་ཡངས་དཔེས་མཚོན་ནས།།

གསལ་ཁྱབ་མཐའ་སྟོང་ཕྱམ་གདལ་ཉམས་སུ་བླང༌།།

རེ་དོགས་འཛིན་གྲོལ་དགོངས་པ་ཉམས་སུ་མྱོང༌།།

དེ་ལྟར་མ་ཤེས་བྱ་བྲན་གཤོག་ཆག་གིས།།

མཁའ་ལ་འཕུར་བཞིན་བརྩོན་འགྲུས་གཡང་སར་ལྷུང༌།།

ལྔ་པ་རྒྱ་མཚོ་རྦ་རླབས་དཔེས་མཚོན་ནས།།

རང་བྱུང་ཀློང་ཐིམ་ངང་དུ་ཉམས་སུ་བླང༌།།

སྐྱེ་འགག་གནས་གསུམ་ཆོས་ཉིད་ཀློང་འདྲེས་མྱོང༌།།

དེ་ལྟར་མ་ཤེས་གཞི་ལ་གཉིས་བཟུང་ན།།

དགག་སྒྲུབ་གཟུང་འཛིན་ཡུལ་དང་འབྲལ་མི་ནུས།།

དྲུག་པ་ཆུ་ཕྲན་རྒྱ་མཚོ་དཔེས་མཚོན་ནས།།

རྟོག་ཚོགས་སེམས་ཉིད་ངང་འདུས་ཉམས་སུ་བླང༌།།

དུ་མ་རོ་གཅིག་ཐིག་ལེ་ཉག་གཅིག་མྱོང༌།།

དེ་ལྟར་མ་ཤེས་ཡུངས་ཀར་བང་འཐོར་ལྟར།།

རྟོག་པའི་རྣམ་གྲངས་སྙིང་པོས་འདུལ་མི་ནུས།།

དེ་འདྲའི་མན་ངག་གནད་དུ་བསྣུན་ཤེས་ན།།

ཆུ་བོ་རྒྱུན་གྱི་རྣལ་འབྱོར་ཆེན་པོ་ཡིན།།

དེ་ལྟར་མ་ཤེས་ཆུ་ཕྲན་སྐམས་པ་ལྟར།།

ལྟ་སྒོམ་སྤྱོད་པས་རྐྱེན་མི་ཐུབ་པ་ཡིན།།

ཞེས་གསུངས་པ་སྟེ། མཉམ་རྗེས་འབྲལ་བ་མེད་པའི་དགོངས་པ་རྣམ་དྲུག་ནི། དཔེ་རྣམ་པ་དྲུག་གིས་ཤེས་པར་བྱ་བ་ལས། དང་པོ་བར་སྣང་ཁམས་ཀྱི་རླུང་ཕྲན་སེར་བུ་ལྡང་བའི་སྐབས་སུ་ནམ་མཁའ་ལ་གཡོ་འགུལ་མེད་པའི་དཔེས་མཚོན་ནས། རིག་པ་གསལ་དག་གི་ཡེ་ཤེས་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ་ནམ་མཁའ་ལྟ་བུ། ངེས་ཤེས་སྒྲོན་མེ་ལས། དེ་ཚེ་ཐད་ཀའི་ནམ་མཁའ་ལ། །བལྟས་པ་བཞིན་དུ་རང་གི་སེམས། །འགྱུ་བཞིན་པ་ལ་སྟོང་པ་ཡི། །ངེས་ཤེས་ཁོ་ཐག་ཆོད་པ་དགོས། །ཞེས་པ་ལྟ་བུའི་ངང་དེར་རྣམ་རྟོག་གི་འགྱུ་བ་རང་དག་གིས་གྲོལ་བའི་རང་དྭངས་དེ་ཉིད་ཉམས་སུ་བླང་བར་བྱ་དགོས་ཏེ། འགྱུ་ཡང་རང་གྲོལ་དུ་སངས་ནས་ཟང་ཐལ་འཛིན་མེད་ཀྱི་ཡེ་ཤེས་ཉམས་སུ་མྱོང་བ་ཡིན་པའི་ཕྱིར། དེ་ལྟར་གྲོལ་བའི་འགྱུ་བ་དག་དྲན་རང་དྭངས་ཀྱི་མན་ངག་དེ་མ་ཤེས་པར་རྩེ་གཅིག་འཇུར་བུའི་ནང་དུ་དྲངས་པ་ལྟ་བུའི་ཏིང་ངེ་འཛིན་དེ་ནི། མར་མེ་རླུང་གིས་བསྐྱོད་ཚེ་རྐྱེན་མི་ཐུབ་པར་འཆི་བ་བཞིན་དུ། སྒོམ་པས་ཡུལ་རྐྱེན་མི་ཐུབ་པར་ཐ་མལ་པར་འགྲོ་བ་དང་། གཉིས་པ་ནམ་ལངས་ནས་ཉི་མ་ཤར་བས་མིག་ལྡན་གྱིས་གཟུགས་གསལ་བོར་མཐོང་བའི་དཔེས་མཚོན་ནས། རིག་པའི་ཡེ་ཤེས་ངང་གིས་གསལ་ཞིང་དྭངས་གསལ་འགྲིབ་མེད་མཐའ་དབུས་དང་བྲལ་བ་དེ་ཉིད་ཉམས་སུ་བླང་དགོས་ཏེ། རང་དག་ངང་གིས་དྭངས་པའི་གསལ་དྭངས་ཀྱི་ཡེ་ཤེས་མྱོང་བ་ཡིན་པའི་ཕྱིར། དེ་ལྟར་སྒོམ་པའི་གནད་མ་ཤེས་ན། སྐྱེས་བུ་ལ་རིམས་ནད་ཐེབས་པའི་ཚེ་བདེ་དུས་རེད་དུས་གཅིག་ཀྱང་མེད་པ་ལྟར་དུ། ཡང་མིན་ན་བྱིང་འགྲོ་བ་དང་། ཡང་མིན་ན་རྨུགས་ཤིང་འཐིབ་པ་དང་། ཡང་མིན་ན་ཕྱིར་འཕྲོ་བ་དང་། ཡང་མིན་ན་རྒོད་ཅིང་འབྱམས་པ་ལ་སོགས་པའི་དབང་དུ་སོང་ནས་གནས་ལུགས་ཀྱི་དོན་ལ་སྒྲིབ་པ་ཡིན་ནོ། །གསུམ་པ་རླུང་གི་དགྲ་མེད་པའི་མར་མེ་དེ་གཡོ་འགུལ་མེད་པར་གསལ་བའི་དཔེས་མཚོན་ནས། སྣང་སེམས་རིག་སྟོང་དབྱེར་མེད་ཀྱི་ངང་ནས་གཡོ་འགུལ་མེད་པར་ཉམས་སུ་བླང་དགོས་ཏེ། མ་བཅོས་མཐའ་དང་བྲལ་བའི་མཉམ་པ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་བ་ཡིན་པའི་ཕྱིར། དེ་ལྟར་དུ་མ་ཤེས་ན་བུ་ཆུང་ངན་པ་ཁ་ཉན་མེད་པ་དེ་འགག་ལ་ཐུག་དུས་མེད་པ་བཞིན་དུ། མཉམ་བཞག་ཐུན་དུ་བཅད་དུས་སྐྱོན་མེད་ལྟ་བུར་སྣང་ཡང་རྗེས་ཐོབ་ཐུན་མཚམས་ཀྱི་སྐབས་སུ་བབ་ཚེ་སྒོམ་པ་གར་སོང་ཆ་མེད་དུ་སོང་ནས། སྒོམ་པས་དགོས་དུས་མི་བསྟོངས་པར་རྐྱེན་ངན་ཐོག་ཏུ་བབ་དུས་ཐ་མལ་བ་རུ་འགྱུར་བ་ཉིད་དོ། །བཞི་བ་ནམ་མཁའ་ཀློང་ཡངས་དགུང་སྟོད་ཨ་སྔོན་མཐོན་པོ་ལ་བལྟས་ན་ཡངས་ཧ་རེ་། མཐོ་ལྷང་ངེ། གསལ་སང་ངེ་བ་ཞིག་ཡིན་པའི་དཔེས་མཚོན་ནས། རིག་པ་སྟོང་གསལ་སྒྲིབ་གཡོགས་དང་བྲལ་བ་དེ་གསལ་ཞིང་ཁྱབ་པ་དང་། མཐའ་བྲལ་སྟོང་པ་ཕྱམ་གདལ་མཉམ་པ་རྒོད་ཐང་དཀར་གྱིས་གནམ་འཕང་གཅོད་དུས་སུ་གཡང་ས་ལ་ཉམ་མི་ང་བ་ལྟ་བུའི་ཡེ་མཉམ་ཆེན་པོར་ཉམས་སུ་བླང་བར་བྱ་དགོས་ཏེ། རེ་དོགས་ཀྱི་འཛིན་པའམ་ཞེན་པ་གྲོལ་ནས་དགོངས་པ་ཆོས་ཉིད་ཀྱི་ཀློང་ཆེན་པོ་ཉམས་སུ་མྱོང༌བ་ཡིན་པའི་ཕྱིར། དེ་ལྟར་མ་ཤེས་ཚེ་དཔེར་ན་འཕུར་བའི་གཤོག་རྩལ་མེད་པའི་བྱ་བྲན་གཤོག་པ་ཆག་སོང་བ་ཞིག་ནམ་མཁའ་ལ་འཕུར་བ་བཞིན་དུ། བརྩོན་འགྲུས་བྱེད་མདོག་པར་བསྟན་ཀྱང་རེ་དོགས་ཀྱི་གཡང་ས་རུ་ལྷུང་བ་ལས་མེད་པའོ། །ལྔ་བ་རྒྱ་མཚོ་ལས་རྦ་རླབས་བྱུང་ཡང་རྦ་རླབས་རྒྱ་མཚོ་རང་ལ་ཐིམ་འགྲོ་བའི་དཔེ་ཡིས་མཚོན་ནས། རྩལ་དང་རོལ་བ་ཅི་ཤར་ཐམས་ཅད་རང་བྱུང་ཀློང་ཐིམ་གྱི་ངང་དུ་ཉམས་སུ་བླང་དགོས་ཏེ། སྐྱེ་འགག་གནས་གསུམ་པོ་ཆོས་ཉིད་གཅིག་གི་ཀློང་དུ་འདྲེས་པའི་ཆོས་དབྱིངས་མཉམ་ཉིད་ཀྱི་དགོངས་པ་ཉམས་སུ་མྱོང༌བ་ཡིན་པའི་ཕྱིར། དེ་ལྟར་མ་ཤེས་པར་གཞི་ལ་བཟང་ངན་གཉིས་སུ་བཟུང་ན། དགག་སྒྲུབ་སྤང་བླང་གི་གཟུང་འཛིན་གྱི་ཡུལ་དང་འབྲལ་མི་ནུས་པར་འཆིང་བ་ཡིན་ནོ། །དཔེ་དྲུག་པ་ཆུ་ཕྲན་ཅི་ཙམ་མང་ཡང་མཐར་རྒྱ་མཚོ་གཅིག་གི་ནང་དུ་འདུས་པ་དེའི་དཔེས་མཚོན་ནས། རྟོག་ཚོགས་ཅི་ཙམ་མང་ཡང་སེམས་ཉིད་རིག་པའི་ཡེ་ཤེས་ཀྱི་ཁོངས་སུ་མ་འདུས་པ་ཞིག་མེད་པར་འདུས་པ་དེ་ཉིད་ཉམས་སུ་བླང་དགོས་ཏེ། དུ་མ་རོ་གཅིག་ཆོས་དབྱིངས་ཐིག་ལེ་ཉག་གཅིག་གི་ཀློང་དུ་འུབས་ཀྱིས་འདུས་པ་ཉམས་སུ་མྱོང༌བ་ཡིན་པའི་ཕྱིར། དེ་ལྟར་མ་ཤེས་ན་ཡུངས་ཀར་གྱི་བང་བ་འཐོར་ན་བསྡུ་རྒྱུ་བདག་རྒྱུ་མེད་པ་ལྟར་དུ། རྟོག་པའི་རྣམ་གྲངས་གྲངས་ཀྱིས་མི་ཆོད་པ་ཤར་བ་རྣམས་སྙིང་པོ་ཉམས་སུ་ལེན་པས་འདུལ་མི་ནུས་པ་ཡིན་པས་རྟོག་ཚོགས་སེམས་ཉིད་ཀྱི་ངང་དུ་རོ་གཅིག་པ་ཞིག་དགོས་སོ། །དེ་འདྲ་བའི་དུ་མ་རོ་གཅིག་ཐིག་ལེ་ཉག་གཅིག་གི་མན་ངག་གནད་དུ་བསྣུན་ཤེས་ན། མཉམ་རྗེས་དབྱེར་མེད་ཉིན་མཚན་སྒོམ་ལས་མི་འདའ་བའི་ཆུ་བོ་རྒྱུན་ཆད་མེད་པ་ལྟ་བུའི་རྣལ་འབྱོར་ཆེན་པོ་ཡིན་ལ། དེ་ལྟར་མ་ཤེས་ན་ཆུ་ཕྲན་གྱིས་ཚུགས་མི་ཐུབ་པར་སྐམ་འགྲོ་བ་ལྟར་དུ། ལྟ་སྒོམ་སྤྱོད་པས་མཐར་གཏུགས་ན་རྐྱེན་མི་ཐུབ་པར་འགྱུར་བ་ཡིན་ནོ།།

༤༠༧ ལྟ་བའི་གནད་དྲུག་གི་དང་པོ་གཟུང་འཛིན་མེད་པའི་ལྟ་བ་བསྟན་པ།

ལྟ་བའི་རང་ས་གཟུང་བའི་གནད་དྲུག་ལས།།

དང་པོ་གཟུང་འཛིན་མེད་པའི་ལྟ་བ་ལ།།

རང་རིག་གཉིས་མེད་རང་ས་གཟུང་བ་ནི།།

ཡུལ་དྲུག་སྟོང་པས་གཟུང་བའི་མཐའ་ལས་གྲོལ།།

རང་གསལ་ཡེ་ཤེས་འཛིན་པའི་མཐའ་ལས་གྲོལ།།

གཟུང་འཛིན་གཉིས་མེད་གཉིས་ཀའི་མཐའ་ལས་གྲོལ།།

མཐའ་གྲོལ་མིང་ཙམ་གཉིས་མེད་མཐའ་ལས་གྲོལ།།

དེ་ལྟར་རྟོགས་པས་གང་ལའང་ཞེན་འཛིན་མེད།།

ཅེས་གསུངས་པ་སྟེ། ལྟ་བའི་རང་ས་གཟུང་བའི་གནད་དྲུག་ལས། དང་པོ་གཟུང་འཛིན་མེད་པའི་ལྟ་བ་དེ་ལ། རང་རིག་ཡེ་ཤེས་གཟུང་འཛིན་གཉིས་མེད་ཀྱི་རང་ས་གཟུང་བ་ནི། ཕྱིའི་གཟུགས་སོགས་ཡུལ་དྲུག་བདེན་པར་མ་གྲུབ་ཅིང་སྟོང་པས་ན་གཟུང་བའི་མཐའ་ལས་གྲོལ། ནང་སེམས་ཉིད་རང་གསལ་གྱི་ཡེ་ཤེས་འཛིན་པའི་མཐའ་ལས་གྲོལ། གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་གཟུང་འཛིན་གཉིས་ཀའི་མཐའ་ལས་གྲོལ། མཐའ་གྲོལ་དེ་ཡང་མིང་མེད་མིང་དུ་སོང་བ་ལྟ་བུ་ལས་མིང་ཙམ་དུ་ཡང་མ་གྲུབ་པས་ན་གཉིས་མེད་ཀྱི་མཐའ་ལས་གྲོལ། གཟུང་འཛིན་གཉིས་མེད་མཉམ་གྲོལ་གྱི་ཡེ་ཤེས་དེ་ལྟར་དུ་རྟོགས་པས་ན་གང་ལའང་ཞེན་འཛིན་མེད་པའོ།།

༤༠༨ གཉིས་པ་ལྟ་བས་རང་ས་གཟུང་བའི་ནམ་ངག་བསྟན་པ།

གཉིས་པ་ཡོད་མེད་རྟག་ཆད་ལས་གྲོལ་བའི།།

ལྟ་བས་རང་ས་གཟུང་བའི་མན་ངག་ནི།།

རང་བྱུང་ཡེ་ཤེས་ཡིན་པས་མེད་པའི་མཐའ་ལས་གྲོལ།།

རྟོག་པའི་དྲི་མ་མེད་པས་ཡོད་པའི་མཐའ་ལས་གྲོལ།།

ཡུལ་མེད་མིང་དང་བྲལ་བས་གཉིས་ཀའི་མཐའ་ལས་གྲོལ།།

རོལ་བ་གཉིས་ཀར་སྣང་བས་གཉིས་མེད་མཐའ་ལས་གྲོལ།།

ཡེ་གྲོལ་ཡོངས་གྲོལ་ཆེན་པོར་ཤེས་པར་གྱིས།།

ཞེས་གསུངས་པ་སྟེ། གཉིས་པ་ཡོད་མེད་དང་ཡིན་མིན། སྐྱེ་འགག་དང་རྟག་ཆད་ལ་སོགས་པའི་མཐའ་ཐམས་ཅད་ལས་གྲོལ་བའི་ལྟ་བས་རང་ས་གཟུང་བའི་མན་ངག་དེ་གང་ཡིན་ན། ཡེ་ནས་ཡོད་པའི་རང་བྱུང་གི་ཡེ་ཤེས་ཡིན་པས་ན་མེད་པ་དང་ཆད་པའི་མཐའ་ལས་གྲོལ་བ་ཡིན། གཟུང་འཛིན་རྟོག་པའི་དྲི་མ་མེད་པས་ན་ཡོད་པ་རྟག་པའི་མཐའ་ལས་ཀྱང་གྲོལ་བ་ཡིན། ཡུལ་མེད་པའི་མིང་དང་བྲལ་བ་ཡིན་པས་ན་གཉིས་ཀའི་མཐའ་ལས་གྲོལ་བ་ཡིན། རོལ་བའི་འཆར་ཚུལ་དེ་གཉིས་ཀར་སྣང་བས་ན་གཉིས་མེད་ཀྱི་མཐའ་ལས་ཀྱང་གྲོལ་བ་ཡིན་པས། དེ་ལྟར་ཡེ་ནས་གྲོལ་བའི་ཡེ་གྲོལ་ཆེན་པོ་ལ་ཡོངས་སུ་གྲོལ་བའི་གནས་ལུགས་ཆེན་པོར་ཤེས་པར་གྱིས་ཤིག

༤༠༩ གསུམ་པ་སྐྱེ་འགག་གྲོལ་བར་ས་བཟུང་བསྟན་པ།

གསུམ་པ་སྐྱེ་འགག་གྲོལ་བར་ས་བཟུང་ནི།།

མཁའ་ལྟར་སྐྱེ་གཞི་མ་གྲུབ་སྐྱེ་བའི་མཐའ་ལས་གྲོལ།།

རོལ་བ་མ་འགགས་འགག་པའི་མཐའ་ལས་གྲོལ།།

སྐྱེ་དུས་སྐྱེ་མེད་གཉིས་ཀའི་མཐའ་ལས་གྲོལ།།

ལྟ་བྱེད་མ་གྲུབ་གཉིས་མེད་མཐའ་ལས་གྲོལ།།

རང་བཞིན་དབྱིངས་གཅིག་དག་པར་རྟོགས་པར་གྱིས།།

ཞེས་གསུངས་པ་སྟེ། གསུམ་པ་སྐྱེ་འགག་ཐམས་ཅད་གྲོལ་བ་རུ་ས་བཟུང་བ་ནི། གཞི་སྐྱེ་མེད་ནམ་མཁའ་ལྟ་བུ་དེ་སྐྱེ་གཞི་མ་གྲུབ་པས་ན་སྐྱེ་བའི་མཐའ་ལས་གྲོལ་ཞིང་། གཞི་སྣང་རོལ་བ་མ་འགགས་པས་འགག་པའི་མཐའ་ལས་གྲོལ་བ་དང་། སྐྱེ་དུས་ཉིད་ནས་ཀྱང་སྐྱེ་བ་མེད་པས་གཉིས་ཀའི་མཐའ་ལས་གྲོལ་བ་དང་། ལྟ་བྱེད་དོན་ལ་མ་གྲུབ་པས་གཉིས་མེད་ཀྱི་མཐའ་ལས་གྲོལ་ཏེ། རང་བཞིན་དབྱིངས་གཅིག་ཏུ་རྣམ་པར་དག་པ་དེ་ཉིད་རྟོགས་པར་གྱིས་ཤིག

༤༡༠ བཞི་པ་སྣང་སྟོང་ལས་གྲོལ་ས་བཟུང་བསྟན་པ།

བཞི་པ་སྣང་སྟོང་ལས་གྲོལ་ས་བཟུང་ནི།།

རང་བཞིན་གསལ་བས་སྟོང་པའི་མཐའ་ལས་གྲོལ།།

རྣམ་པར་མི་རྟོག་སྣང་བའི་མཐའ་ལས་གྲོལ།།

དབྱེ་བསལ་མེད་པས་གཉིས་ཀའི་མཐའ་ལས་གྲོལ།།

གཟའ་གཏད་མེད་པས་གཉིས་མེད་མཐའ་ལས་གྲོལ།།

རང་གྲོལ་མཉམ་པ་ཆེན་པོར་ཤེས་པར་གྱིས།།

ཞེས་གསུངས་པ་སྟེ། བཞི་པ་སྣང་སྟོང་ལས་གྲོལ་བའི་ས་བཟུང་ནི། ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་བཞིན་ཉིད་དེ་རང་བཞིན་གསལ་བ་ཡིན་པས་ན་སྟོང་བའི་མཐའ་ལས་གྲོལ། ངོ་བོ་རྣམ་པར་མི་རྟོག་པ་ཡིན་པས་ན་སྣང་བའི་མཐའ་ལས་གྲོལ། སྣང་སྟོང་དང་རྟོག་དང་མི་རྟོག་གི་དབྱེ་བསལ་མེད་པ། འདི་ལ་བསལ་བྱ་ཅུང་ཟད་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་གསུངས་པ་བཞིན་དུ་གཉིས་ཀའི་མཐའ་ལས་གྲོལ། གཟའ་གཏད་མེད་པའམ་མཚན་མར་འཛིན་པའི་གཉིས་མེད་ཀྱི་སྒྲོག་གིས་བཅིངས་པ་མེད་པས་ན་གཉིས་མེད་ཀྱི་མཐའ་ལས་གྲོལ་བ་སྟེ། དེ་ལྟར་རང་གིས་རང་གྲོལ་བའི་རང་གྲོལ་མཉམ་པ་ཆེན་པོའི་གནས་ལུགས་དེ་ཉིད་ཤེས་པར་གྱིས་ཤིག

༤༡༡ ལྔ་པ་རྟག་ཆད་ལས་གྲོལ་ས་བཟུང་བསྟན་པ།

ལྔ་པ་རྟག་ཆད་ལས་གྲོལ་ས་བཟུང་ནི།།

ཅི་ཤར་ངོ་བོ་སྟོང་པས་རྟག་པའི་མཐའ་ལས་གྲོལ།།

སྟོང་པ་སྣ་ཚོགས་འཆར་བས་ཆད་པའི་མཐའ་ལས་གྲོལ།།

སྣང་སྟོང་འདུ་འབྲལ་མེད་པས་གཉིས་ཀའི་མཐའ་ལས་གྲོལ།།

ལྟ་མཁན་རང་ངོ་དག་པས་གཉིས་མེད་མཐའ་ལས་གྲོལ།།

ཐམས་ཅད་ཡེ་ནས་མ་སྐྱེས་གདོད་ནས་དག་པར་གཟུང༌།།

ཞེས་གསུངས་པ་སྟེ། ལྔ་པ་རྟག་ཆད་ཀྱི་མཐའ་ལས་གྲོལ་བའི་ས་བཟུང་བ་ནི། རིག་པའི་ངོ་ཁར་ཅི་ཤར་ཡང་ཤར་དུས་ཉིད་ནས་ངོ་བོ་སྟོང་བ་ཡིན་པས་ན་ཡོད་པ་རྟག་པའི་མཐའ་ལས་གྲོལ། སྟོང་པ་དེ་ལས་རྟེན་འབྱུང་འགག་མེད་སྣ་ཚོགས་སུ་འཆར་བས་ན་མེད་པ་ཆད་པའི་མཐའ་ལས་གྲོལ། སྣང་བ་དང་སྟོང་བ་དུང་དང་དཀར་པོ་བཞིན་དུ་འདུ་འབྲལ་མེད་པས་གཉིས་ཀའི་མཐའ་ལས་ཀྱང་གྲོལ་བ་ཡིན། དཔྱོད་མཁན་ཉིད་ལ་ཚུར་བརྟགས་ན། །གང་དུའང་གྲུབ་པ་མེད་པ་ལ། །མེད་དོ་སྙམ་པའང་རང་གྲོལ་བ། །འདི་ནི་གདོད་མའི་གྲོལ་ས་སྟེ། །ཞེས་གསུངས་པ་ལྟར་དུ་ལྟ་མཁན་རང་ངོ་དག་པས་གཉིས་མེད་ཀྱི་མཐའ་ལས་གྲོལ། མདོར་ན་ཐམས་ཅད་ཡེ་ནས་མ་སྐྱེས་ཤིང་གདོད་ནས་རྣམ་པར་དག་པར་གཟུང་བར་བྱའོ།།

༤༡༢ དྲུག་པ་བཟང་ངན་གྲོལ་བར་ས་བཟུང་བསྟན་པ།

དྲུག་པ་བཟང་ངན་གྲོལ་བར་ས་བཟུང་ནི།།

མཐོན་པོར་མ་ཆད་བཟང་པོའི་མཆོག་འཛིན་སངས།།

དམའ་མོར་མ་ཆད་ངན་པའི་སྤང་བློ་སངས།།

གཉིས་སུ་མ་ཆད་གཉིས་འཛིན་རང་སར་སྟོང༌།།

གཉིས་མེད་མ་ཆད་མུ་མཐའ་ཀུན་ལས་གྲོལ།།

དེ་ལྟར་ལྟ་བའི་རྫོང་ཆེན་མ་ཤེས་ན།།

རང་ཚུགས་མི་ཐུབ་གོལ་སྒྲིབ་ལྡང་བ་དང༌།།

འོག་མའི་དོན་ལས་བོགས་མི་ཐོན་པར་འགྱུར།།

དེས་ན་ས་བཟུང་གནད་ཀྱི་མན་ངག་གཅེས།།

ཞེས་གསུངས་པ་སྟེ། དྲུག་པ་བཟང་ངན་ཐམས་ཅད་གྲོལ་བར་ས་བཟུང་བ་ནི། མཐོན་པོ་དང་བཟང་པོར་མ་ཆད་པས་བཟང་པོའི་མཆོག་འཛིན་གྱི་རྟོག་པ་སངས། དམའ་མོ་དང་ངན་པར་མ་ཆད་པའམ་སྤང་བྱར་མ་གྲུབ་པས་ན་ངན་པ་སྤང་བློའི་རྟོག་པ་ཡང་སངས། གཉིས་སུ་མ་ཆད་གཉིས་འཛིན་རང་གི་ས་ནས་རང་སར་སྟོང༌བ་དང་། གཉིས་མེད་དུ་མ་ཆད་མུ་མཐའ་ཀུན་ལས་རྣམ་པར་གྲོལ་བ་ཡིན་ལ། དེ་ལྟར་ལྟ་བའི་རྫོང་ཆེན་པོ་དེ་མ་ཤེས་ན། ལྟ་བས་རང་ཚུགས་མི་ཐུབ་ནས་དམན་པའི་གོལ་སྒྲིབ་ལྡང་བ་དང༌ནི། འོག་མའི་དོན་ལས་ཡར་སོར་གང་འཕར་རྒྱུ་མེད་པར་ཆགས་ནས་བོགས་མི་ཐོན་པར་འགྱུར་བ་སྟེ། དེ་ལ་འོག་མ་ཚོ་དང་བསྡུར་ནས་བོགས་ཐོན་དགོས་པས་མ་ཚད། རྒྱུད་གསང་སྙིང་དང་དུས་འཁོར་གྱི་ཡེ་ཤེས་རྣམས་ལས་ཀྱང་བོགས་ཐོན་དགོས་པ་དང་། དེས་མི་ཚད་རྫོགས་ཆེན་སེམས་ཀློང་གི་སྡེ་ལས་ཀྱང་མན་ངག་སྡེ་འདི་ཁྱད་པར་དུ་འཕགས་ཚུལ་གྱི་སྟེང་ནས་བོགས་ཐོན་དགོས་པ་ཡིན། རྒྱུ་མཚན་དེས་ན་ས་བཟུང་གནད་ཀྱི་མན་ངག་འདི་ཚོ་ཤིན་ཏུ་གཅེས་པ་ཡིན་ནོ། །དེ་རིང་ཐམས་ཅད་གྲོགས་སུ་ཤར་བ་ཤིན་ཏུ་གཅེས། །ཞེས་པ་འདིར་བཞག་ནས། སང་ཉིན་རྣམ་རྟོག་གྲོགས་སུ་སློང་བའི་ཆོས་དྲུག་ནས་མན་ངག་གི་གཞུང་འདིའི་བར་དུ་དགེ་བ་གཞུང་གི་དོན་ཡོངས་སུ་རྫོགས་པ་ནས་ཐ་མར་དགེ་བ་མཇུག་དོན་དང་བཅས་པའི་ཐེངས་འདིའི་ཆོས་ཁྲིད་ཚན་པ་གཅིག་ཡོངས་སུ་གྲུབ་ནས་དགེ་བ་རྫོགས་བྱང་དུ་བསྔོ་བའི་སྐབས་སུ་ཁེལ་བ་དང་། དེ་དང་མཉམ་དུ་འདིའི་ནང་གི་རྣམ་པ་མང་ཆེ་བ་ཞིག་སང་ཉིན་ནས་གནས་སྐབས་རིང་ལ་གྱེས་ཕྱག་ཕུལ་ཏེ་སླར་ཡང་མི་འབྲལ་ལྷན་དུ་འཛོམས་པའི་སྨོན་ལམ་དང་བཅས་པའི་ཕེབས་སྐྱེལ་ཞུ་རན་པ་རེད། སང་ཉིན་སླར་ཡང་ཐེངས་གཅིག་མཇལ་ཡོང་།


previousཉིན་བཅུ་གསུམ་པའི་ཆོས་ཁྲིད། next