Nitartha Digital Library
Tibetan
 
previousཉིན་བཅུ་བཞི་པའི་ཆོས་ཁྲིད། no next

ཉིན་བཅུ་བཞི་པའི་ཆོས་ཁྲིད།

དེ་ཡང་ཇི་སྐད་དུ། ཉིན་མོ་གཏུག་འབྲེལ་ལས་མང་བྱ་དགོས་སྙམ། །མཚན་མོ་གཉིད་བྲོ་མྱུར་དུ་ཉལ་དགོས་བསམ། །ཉིན་མཚན་མཐའ་དག་དེ་འདྲའི་ངང་སོང་ན། །མི་ཚེའི་ལྷག་མ་ཞེས་བྱ་གཞན་ཡོད་མིན། །ཞེས་གསུངས་པ་ལྟར་དུ། ད་རང་རེ་སེར་སྐྱ་ཕལ་བའི་རིགས་འདི་དག་ཐམས་ཅད། ཉིན་རེའི་ནམ་ཡར་ལང་གི་ཉི་མ་མགོ་ཐོག་ཤར་དུས་ནས་ཀྱང་། དེ་རིང་གི་ཉི་མ་འདི་ལ་མི་འདི་དང་འདི་དག་ལ་གཏུག་འབྲེལ་བྱེད་པ་དང་། དེ་ལ་གཏམ་འདི་དང་འདི་དག་བཤད་ཅིང་། ལས་བྱ་བ་འདི་དང་འདི་དག་བསྒྲུབ་དགོས་བསམ་པས་མ་ཚད། གཡོ་སྒྱུ་དྲན་འཕྲུལ་བསམ་ངན་སྦྱོར་རྩུབ་དང་མ་བྲལ་བས་དུས་འདའ་བ་དང་། མཚན་དགོང་མོའི་དུས་ལ་བབ་དུས་གཉིད་བྲོ་ནས་རོ་བཞིན་ཉལ་བ་སྟེ། དེ་ལྟ་བུའི་ལོ་དང་ཟླ་བའི་ཁྱུད་མོ་འཁོར་ཏེ་སོང་བའི་ཤུལ་དུ་དུས་ཀྱི་ལྷག་མ་ཞེས་པ་ཞིག་འཆི་ལ་མ་ཐུག་གི་བར་དུ་ཡོད་པ་མིན། དེ་ལྟ་བུའི་ཉིན་མཚན་ལྟེབ་བསྣོལ་གྱིས་མི་ཚེ་འཛད་པའི་ཚུལ། མདོ་སྡེ་མྱང་འདས་དང་ཁྲིད་ཡིག་དག་ལས་དཔེ་ཡི་བརྡ་ཆོས་སུ་འདི་ལྟར་གསུངས་ཡོད་དེ། དེ་ཡང་མི་ཞིག་གཡང་གཟར་ཅན་གྱི་བྲག་རི་མཐོན་པོ་རྩེ་མོ་དགུང་ལ་ཟུག་ཅིང་། རྩ་བ་དུག་མཚོའི་ནང་དུ་ནུབ་ནས་ཡོད་པའི་བྲག་ངོས་གཟར་མོ་ལག་ངོ་ལྟ་བུ་ཞིག་ནས་ཐུར་དུ་ལྷུང་ཚེ། བྲག་དེའི་བར་སྐེད་ཅིག་ན་རྩྭ་ཕོན་སྤར་གང་ཡོད་པ་ལ་འཇུ་ས་རྙེད་ནས་དེ་ལ་དམ་དུ་བཅངས་ཤིང་། འདར་ཧྲི་ལི་ལི་ཡོད་པའི་སྐབས་དེར། རྩྭ་ཕོན་དེའི་གཡས་ཕྱོགས་ཀྱི་བྲག་གི་སེར་ཁ་ཞིག་ནས། བྱི་བ་དཀར་པོ་གཅིག་བྱུང་སྟེ་རྩྭ་འཇག་མ་གཅིག་བཅད་དེ་ཁྱེར་ནས་སོང་། གཡོན་ཕྱོགས་ཀྱི་བྲག་གི་སེར་ཁ་ཞིག་ནས། བྱི་བ་ནག་པོ་གཅིག་བྱུང་ནས་རྩྭ་འཇག་མ་གཅིག་བཅད་དེ་ཁྱེར་ནས་སོང་། དེ་གཉིས་རེས་མོས་བྱས་ནས། རྩྭ་ཕོན་ནི་ཇེ་ཆུང་ལ་སོང་ནས་མེད་པར་གྱུར་ཚེ་ལྷུང་བ་ལས་འོས་མེད་པ་དང་། ལྷུང་ས་ནི་དུག་མཚོ་ལས་གཞན་དུ་མེད་ལ། དུག་མཚོའི་ནང་ལ་ལྷུང་ཚེ་དུག་སྦྲུལ་དང་ཆུ་སྲིན་གཏུམ་པོ་དག་གི་ཁ་ལས་གཞན་དུ་འགྲོ་ས་མེད་པ་བཞིན་དུ། ཉིན་མཚན་དཀར་ནག་གཉིས་ཀ་ལྟེབ་བསྣོལ་ནས་ཟད་པ་ནི། ཚེ་འདིའི་ཡེངས་མ་ལམ་གྱི་སྒོ་ནས་དོན་ཉི་ཚེ་བ་རེ་ལ་གཡེངས་ནས་མི་ཚེའི་ནང་གི་རིན་ཐང་ཅན་གྱི་དུས་ཚོད་བཅུ་གཉིས་པོ་མ་ཚོར་བཞིན་དུ་དེར་ཟད་པ་དང་། དགོང་མོ་གཉིད་བྲོ་ནས་ཤི་བ་དང་ཁྱད་མེད་ཀྱིས་འདའ་བ་དེ་འདྲ་བ་རེས་མོས་ཀྱིས་སོང་བའི་མཐར་མི་ཚེ་རྩྭ་ཕུང་ལྟ་བུ་དེ་འདུག་ཆས་ཏག་ཏག་གིས་ཟད་ནས་འདུག་ལོང་མ་གཏད་པ་ཡིན་པས་རྩྭ་ཕུང་ཟད་པ་དང་ཁྱད་མེད་ཅིང་། དེར་མ་ཆགས་པར་དུག་མཚོའི་ནད་དུ་ལྷུང་བ་བཞིན་དུ། ཚེ་འདིའི་ལུག་ངག་ཡིད་གསུམ་གྱི་བྱེད་ལས་བསག་སྟངས་ལ་བསམ་བློ་ཞིག་བཏང་ན། ད་ངན་སོང་མིན་པར་འགྲོ་ས་མེད་པ་ནི། ཕྱི་མ་གར་སྐྱེས་ད་ལྟའི་ལས་ཀྱིས་ཤེས་པ་ཡིན། ད་དེ་ལྟ་བུའི་འཇིགས་སྐྲག་ཅན་གྱི་གནས་སྐབས་སུ་བྲག་རིའི་རྩེ་མོ་ནས་མར་སྐས་རིང་ཞིག་བསྣར་ནས། མིང་ནས་བཟུང་སྟེ་ཁྱོད་མ་སྐྲག། འདི་ལས་ཐར་བའི་རེ་བ་དང་ཐར་སའི་ལམ་ཡོད་པ་ཡིན། འདིའི་སྐས་འདི་ལ་བརྒྱུད་ནས་ཤོག་དང་། ཁྱོད་འདུག་ས་གཞལ་ཡས་ཁང་། འདུག་གདན་དར་ཟབ་དང་འབོལ་གདན། བཟའ་བཏུང་འཆི་མེད་ཀྱི་བདུད་རྩི། རྩེ་གྲོགས་ལྷ་དང་ལྷ་མོ་ཡིན་པས། ཁྱོད་མ་སྡུག་པར་སྙིང་རུས་བསྐྱེད་དང་ཤི་མི་དགོས་ལྷ་ལུས་ལེན་པ་ཡིན་ཞེས་དབུགས་ཕྱུང་ན་དགའ་བ་བསམ་གྱིས་མི་ཁྱབ་པ་སྐྱེ་བ་བཞིན་དུ། འཁོར་བའི་གནས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཅན་འདིར། ཚེ་ཟད་པ་ནི་དཀན་གཟར་བྲག་རིའི་ངོས་ཀྱི་རྦབ་ཆུ། བར་སྣང་སྐད་ཅིག་གི་གློག་དམར། མདའ་ཤུགས་ཆེན་འབེན་ལ་བཅར་བ་དང་འདྲ་བར། མི་འདོད་བཞིན་དུ་ཤི་ཡུལ་ལ་གོམ་པ་སྤོས་ནས་ལས་ཀྱི་རྗེས་སུ་འབྲངས་ཏེ་རྣམ་སྨིན་མྱོང་བ་ལས་འོས་མེད་པ་ཡིན། དེས་ན་འཆི་བ་ཤེས་བཞིན་དུ་དམ་པའི་ཆོས་སྒྲུབ་མ་ཤེས་པ་དང་། སྐྲག་མི་དགོས་པའི་བཙན་ས་ཞིག་འཛིན་མ་ཐུབ་ཚེ་མི་ཞིག་གི་མིང་མེད་པ་དང་། ཡ་ཁོག་སྟོད་ལ་གཡུ་ལོ་ཡོད་པ་དེས་གོ་མ་ཆོད་པ་ཡིན། ཡང་འདི་ལྟར་གསུངས་ཏེ། རང་བློ་ཆོས་ལ་བཅུག་ཀྱང་མི་འཇུག་པ། །ཚེ་སྔོན་བཟང་གོམས་མེད་པའི་ལག་རྗེས་ཏེ། །ད་ལྟའི་མི་ཚེའང་ངན་གོམས་ལ་བཏང་ན། །ཕྱི་མའི་ཚེར་ཡང་ལམ་བཟང་ཇི་ལྟར་རྙེད། །ཅེས་གསུངས་པ་ལྟར་དུ། ད་ལྟའི་སྐབས་འདིར་མི་དགེའི་སྡིག་ལས་ངན་གཡོ་འཕྲུལ། མགོ་སྐོར་ངན་སེམས་སོགས་གཞན་ལ་གནོད་པའི་ལས་ཤིག་བྱེད་དུས་ནམ་མཁའ་གྱེན་ལ་ལངས་པ་ལྟ་བུ་དང་། གཞན་སེམས་ཅན་ཞིག་ལ་མ་འདོད་པ་བྱུང་ནས་སྡུག་བསྔལ་བཞིན་ཡོད་པར་ཐོས་དུས། བཞིན་ལ་འཛུམ་ལངས་མགོ་ལ་བྲེལ་ཕོག་གསལ་གསལ་རིག་རིག་ཏུ་འགྲོ་བ་དང་། གཞན་དཀར་པོ་དགེ་བའི་ལས་ཕྱག་སྐོར་མཆོད་འབུལ། མཚམས་བསྙེན་སྒྲུབ་དང་། ཁྱད་པར་དུ་ཆོས་འཆད་ཉན་གྱི་སར་ཐོན་དུས་ཁྱི་རྒྱ་ལུ་ལ་སྐར་མ་བསྟན་ན་གཅིག་ཟུག་པ་ལས་གཞན་མེད་པ་དང་ཁྱད་མེད་ཅིང་། མིའི་སྔོན་ནས་མ་སོང་ཐབས་མེད་ཀྱིས། ཆོས་ར་རྡོག་པས་གཅིག་བརྫིས་ཀྱང་སེམས་རྣམ་ཤེས་དེ་ཕྱོགས་སུ་མི་འཁོར་བས་མ་ཚད། མ་དོད་ཤར་རེ་འདུག་ལུགས་ཚུན་གྱིས་ཀྱང་ཆོས་པ་ཞིག་མིན་པའི་རྣམ་པར་རིག་བྱེད་ཕྱི་ལ་སྟོན་པར་བྱེད་པ་དང་། ཁ་བརྡ་རྣམ་གཡེང་དང་མི་དགེའི་སྡིག་ལས་ཤིག་བྱེད་ཞོར་དུ་ཐེ་ཚོམ་ལོག་ལྟ་ཞིག་མིན་པ་ཞེ་ལ་ཤར་རྒྱུ་མེད་པ་ཡིན། ད་དེ་དག་ཐམས་ཅད་ཀྱང་ཚེ་སྔོན་གྱི་བཟང་གོམས་མེད་པའི་ལག་རྗེས་ཀྱི་དབང་གིས་ཡིན། དེའི་ཐོག་ཏུ་ད་ལྟའི་མི་ཚེ་འདི་ཡང་ངན་གོམས་ལ་བཏང་ན་ཕྱི་མའི་ཚེ་རབས་རྣམས་སུ་དེ་བས་ཀྱང་ཐ་ཤལ་བ་ཤ་སྟག་ཡིན། དེ་ཡང་ད་ལྟའི་སྐབས་འདིར་ལེགས་ཉེས་དཔྱོད་པའི་རྣམ་འབྱེད་ཀྱི་ཤེས་རབ་མེད་པས་ཡིན་ལ། དེ་ཅིས་ལན་ན། སྐྱེ་བ་སྔོན་མར་སྦྱོང་མ་མྱོང་བས་ལན་པ་ཡིན། དེས་ན་ཚེ་འདིར་ཐོས་བསམ་གྱི་ཤེས་རབ་བསྐྱེད་ནས། བློ་རྩེ་དམ་པའི་ཆོས་ལ་མ་གཏད་ན་ཕྱི་མ་དེ་བས་ཀྱང་ཇེ་སྡུག་ཏུ་འགྲོ་བ་ཡིན། ཆོས་ཤེས་པ་དེ་བསྒྲུབས་ན་ལེགས་ཤིང་བསྒྲུབ་དགོས་པར་འདུག་ཀྱང་། དེ་སྒྲུབ་ཤེས་རྒྱུ་ཅན་དང་སྒྲུབ་ནུས་རྒྱུ་ཅན་ཞིག་ཨེ་ཡིན་ན། ཡང་སྒོས་སུ་ང་ལྟ་བུས་སྒྲུབ་ཤེས་རྒྱུ་མ་རེད་ལ་སྒྲུབ་ནུས་པ་ཡང་མིན་སྙམ་ནས་འདོར་བ་ནི་རིགས་ཤིང་འཐད་པ་མིན་ཏེ། དམ་པའི་ཆོས་ནི་རང་གིས་མ་བསྒྲུབས་པར་ཕར་བསྐྱུར་བཞག་པ་ལས་སྙིང་ནས་བརྩོན་པ་བསྐྱེད་དེ་བསྒྲུབས་ཀྱང་མ་འགྲུབ་པ་ནི་ཤེས་བྱའི་དཔེ་ལ་ཡོད་པ་མིན། དེས་ན་ཉི་མ་ནི་ཀུན་གྱི་ཉི་མ་ཡིན་པས་གླིང་བཞིའི་རྒྱལ་ཁམས་ལ་ཤར་བཞིན་ཡོད་པ་ལྟར་དུ། དམ་ཆོས་ཀྱང་ཀུན་གྱི་དམ་ཆོས་ཡིན་པས་སྙིང་རུས་སུ་ལ་ཡོད་ན་ཉི་མ་རེ་རེ་བཞིན་དུ་མང་རབ་འགྲུབ་པ་ཡིན་པ་དང་། རང་གིས་མ་འབད་དུས་ཚེ་གང་སོང་ཡང་ཐ་མལ་དུ་ལུས་པ་ཡིན། འཇིག་རྟེན་གྱི་འཁྲུལ་བའི་བག་ཆགས་བསགས་ནས་ཡར་འདྲེན་དམ་པའི་ཆོས་ཀྱིས་བྱེད་ལུགས་ཤིག་དང་། སྐྱིད་སྡུག་གང་བྱུང་གི་རེ་ལྟོས་འཇིག་རྟེན་ལ་བཅོལ་ནས་འཆི་ཚེ་དཀོན་མཆོག་གསུམ་པོ་རང་མཇལ་དུ་ཡོང་བ་ནི་དཀའ་བར་གསུངས་ཡོད་པས། ཆོས་ཚིག་རེ་ཡིན་ཡང་དོན་གཉེར་གྱིས་དང་ཆུ་ཐིགས་བསགས་པ་རྒྱ་མཚོའི་དཔེ་བཞིན་དུ། ཐོས་པའི་ནོར་གྱིས་ཕྱུག བསམ་དོན་སྒོམ་པར་དྲིལ་ན་འཛམ་བུ་གླིང་གི་ནོར་བས་དགའ་བའི་འདི་བདེ་ཤི་སྐྱིད་ཀྱི་ལམ་རྙེད་དུ་ཡོད་པ་ཡིན། ད་དེ་ལྟ་བུའི་ཐུགས་འདུན་དང་བཅས་ཏེ་ཐེག་ཆེན་ལམ་གྱི་རྩ་བ་དམ་པ་གསུམ་དང་མི་འབྲལ་བའི་སྒོ་ནས་གང་ཞིག་གསན་པར་བྱ་བ་མན་ངག་རིན་པོ་ཆེའི་མཛོད་ལས། ཐོག་མར་དགེ་བ་ཀླད་ཀྱི་དོན་བཤད་བྱའི་ཡན་ལག་བཤད་པའི་ཆོས་སྔོན་ལ་སོང་ནས། བར་དུ་དགེ་བར་གཞུང་གི་དོན་ལས་ཀྱང་བཤད་བྱ་མན་ངག་གཞུང་གི་དོན་མང་ཆེ་བ་ཞུས་གྲུབ་སྟེ། དེ་རིང་རྫོགས་ཆེན་སྒོམ་པའི་རྣལ་འབྱོར་བའི་ཉམས་ལེན་བོགས་འདོན་དང་གེགས་སེལ་གྱི་སྐོར་དང་། མཐར་ཐུག་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་རྣམ་བཞག་རྣམས་བཤད་ཅིང་། ཐ་མར་དགེ་བ་མཇུག་གི་དོན་ལ་ཉེ་བའི་སྐབས་ལས་དེ་རིང་ནི།

༤༡༣ རྣམ་རྟོག་གྲོགས་སུ་སློང་བའི་ཆོས་དྲུག་བསྟན་པ།

རྣམ་རྟོག་གྲོགས་སུ་སློང་བའི་ཆོས་དྲུག་ནི།།

རྣམ་ཤེས་རང་ཡལ་སེར་བུ་ལྟ་བུར་ཁྱེར།།

རང་བྱུང་ཡེ་ཤེས་ནང་ནས་འཆར་བ་ཡིན།།

འགྱུ་བ་རང་དག་བར་སྣང་གློག་ལྟར་སྦྱངས།།

ཅི་འགྱུས་རང་གསལ་ཡེ་ཤེས་འཆར་བ་ཡིན།།

དྲན་པ་རང་སངས་ཆུ་རྙོག་ལྟ་བུར་ཁྱེར།།

ཅི་དྲན་རང་བྱུང་རྒྱལ་བའི་དགོངས་པར་འཆར།།

ཅི་རྟོག་ཆོས་ཉིད་ལིངས་པ་གྲོགས་སུ་ཁྱེར།།

བླང་དོར་མེད་པའི་དགོངས་པ་ཁོང་ནས་འཆར།།

འཛིན་པ་རང་ཟད་ཡུལ་མེད་གྲོགས་སུ་ཁྱེར།།

གཞི་མེད་མཐོང་ཡལ་ཡེ་ཤེས་རང་ལ་འཆར།།

རང་གདངས་གསལ་དག་ཀློང་གསལ་གྲོགས་སུ་ཁྱེར།།

ཝལ་པོ་རྗེས་མེད་ཡེ་ཤེས་ཁོང་ནས་འཆར།།

དེ་ལྟར་ཉམས་སུ་ལེན་པའི་རྣལ་འབྱོར་ལ།།

རྣམ་རྟོག་ཉིད་ལས་ཡེ་ཤེས་འཆར་བ་ཡིན།།

ཤིང་སྐམ་དག་ལས་མེ་ཆེན་འབར་བ་ལྟར།།

ཐམས་ཅད་གྲོགས་སུ་འཆར་བ་ཤིན་ཏུ་གཅེས།།

ཞེས་གསུངས་པ་སྟེ། ཐབས་དང་ལྡན་པས་རྣམ་རྟོག་གྲོགས་སུ་སློང་བའི་ཆོས་དྲུག་ནི། རྣམ་ཤེས་སམ་རྣམ་རྟོག་དེ་ཉིད་རང་ཡལ་དུ་འགྲོ་བ་བར་སྣང་གི་སེར་བུ་ལྟ་བུར་ཁྱེར་ཤེས་པ་གྱིས་དང་། རང་བྱུང་གི་ཡེ་ཤེས་འགགས་མེད་དུ་ནང་ནས་ཚུར་འཆར་བ་ཡིན། འགྱུ་བ་རང་སར་དག་པ་བར་སྣང་གློག་ལྟར་ཡིན་པར་སྦྱངས་ནས་ཤེས་པར་གྱིས་དང་། ཅི་འགྱུས་ཅི་ཤར་ཐམས་ཅད་རང་གསལ་ཡེ་ཤེས་ཆེན་པོར་འཆར་ནས་བུད་ཤིང་མེའི་ཁ་སྣོན་དུ་སོང་བ་ལྟ་བུ་ཡིན། སྤྱིར་འདུ་བྱེད་ཀྱི་དྲན་པ་ལ་སོགས་པ་རྣལ་འབྱོར་པའི་ཉམས་དང་བསྟུན་པའི་དྲན་པའི་ཐ་སྙད་མང་པོར་ཡོད་ཀྱང་། དྲན་བྱ་དྲན་བྱེད་མེད་པའི་ཆོས་ཉིད་ཀྱི་དྲན་པའི་ཀློང་དུ་མ་བཅོས་རང་བབས་སུ་བཞག་ནས་རང་སངས་ཆོས་ཉིད་ཀྱི་ངང་དུ་དྭངས་པར་ཁྱེར་ཤེས་པར་གྱིས་དང་། དེའི་སྐབས་སུ་ཅི་དྲན་ཡེ་ཤེས་སུ་འཆར་ནས་རྣམ་རྟོག་ཐམས་ཅད་རང་བྱུང་རྒྱལ་བའི་དགོངས་པར་འཆར་བར་འགྱུར་བ་ཡིན། ཅི་དང་ཅིར་རྟོག་ཀྱང་ཆོས་ཉིད་ལས་མ་འདས་པ་ལིངས་པའམ་རྔོན་པ་གྲོགས་སུ་ཁྱེར་ན་མདའ་མཁན་ཕྱི་ན་མེད་པ་བཞིན་དུ་གྲོགས་སུ་ཁྱེར་ཤེས་ན་བླང་དོར་མེད་པའི་དགོངས་པ་བཟོ་མེད་ཁོང་ནས་འཆར་བ་ཡིན། འཛིན་པ་རང་སར་ཟད་དེ་ཡུལ་མེད་གྲོགས་སུ་ཁྱེར་ཤེས་ན་གཞི་མེད་རྩ་བྲལ་ཡིན་པས་མཐོང་ཡལ་གྱི་ཡེ་ཤེས་རང་ལ་འཆར་བ་ཡིན། ཡེ་ཤེས་ཀྱི་རང་གདངས་གསལ་ཞིང་དག་པ་ཀློང་གསལ་ཡངས་པ་ཆེན་པོ་དེ་གྲོགས་སུ་ཁྱེར་ཤེས་ན། ཝལ་པོ་བྱ་ལམ་རྗེས་མེད་ཀྱི་ཡེ་ཤེས་བཟོ་མེད་དེ་ཉིད་ཁོང་ནས་ཚུར་འཆར་བ་ཡིན། དེ་ལྟར་ཐེག་རྩེའི་དགོངས་པ་འདི་ཉིད་ཉམས་སུ་ལེན་པའི་རྣལ་འབྱོར་པ་ལ་སྤང་བླང་དགག་སྒྲུབ་མི་དགོས་པར་རྣམ་རྟོག་ཉིད་ལས་ཡེ་ཤེས་འཆར་བ་ནི། ཤིང་སྐམ་པོ་དག་ལ་མེ་ཆེན་འབར་ཚེ་ཤིང་ཇི་ཙམ་མང་བ་དེ་ཙམ་དུ་མེ་ཡང་མཆེད་པ་བཞིན་དུ་རྣམ་རྟོག་ཤར་ཚད་ཡེ་ཤེས་སུ་གྲོལ་ནས། ཅི་ཤར་ཆོས་སྐུའི་ཡོ་ལང་ལས་མ་འདས་པར་ཐམས་ཅད་གྲོགས་སུ་འཆར་བར་བྱེད་པ་སྟེ་དེ་འདྲའི་རྣལ་འབྱོར་པ་ལ་རྣམ་རྟོག་གིས་མི་གནོད་པས་མ་ཚད་རྣམ་རྟོག་གྲོགས་སུ་འགྱུར་བ་ཡིན་པས་དེ་ལྟར་ཤིན་ཏུ་གཅེས་སོ།།

༤༡༤ ཆོས་ཉིད་ངང་ལ་གནས་པའི་གནད་དྲུག་བསྟན་པ།

ཆོས་ཉིད་ངང་ལ་གནས་པའི་གནད་དྲུག་ནི།།

རྩ་རླུང་ཁམས་རྣམས་རང་གནད་དགོད་པའི་གནད།།

ལུས་ནི་བསམ་གཏན་ཆོས་དྲུག་བཅའ་བ་དང༌།།

ཐ་མལ་རང་གའི་འཁྲུལ་སྣང་དགྲོལ་བའི་གནད།།

སྣོད་བཅུད་རྒྱལ་བའི་དཀྱིལ་འཁོར་ཤེས་པ་དང༌།།

བདེ་བ་ཆེན་པོ་རང་ལུགས་འབར་བའི་གནད།།

འོག་སྒོ་བསྡམས་ཏེ་སྟེང་རླུང་བསྡུ་བ་དང༌།།

རྟོག་མེད་ཆོས་ཉིད་ངང་ལ་གནས་པའི་གནད།།

ལྕེ་རྩེ་གྱེན་བཟློག་རྐན་གཉིས་མ་རེག་བྱ།།

རང་གསལ་ཡེ་ཤེས་མཁའ་ལ་དག་པའི་གནད།།

མིག་གཉིས་མཐོ་གང་ནམ་མཁར་གཏད་པ་དང༌།།

གཉུག་མའི་ཡེ་ཤེས་ལྷུན་གྱིས་གྲུབ་པའི་གནད།།

སེམས་ཉིད་མ་བཅོས་གློད་ནས་དྭངས་སངས་བཞག།

དེ་ལྟར་ཐབས་ལྡན་ཆོས་ཉིད་ངང་ལ་གནས།།

བརྩོན་པས་གནད་དུ་བསྣུན་ཅིག་སྐལ་ལྡན་ཀུན།།

ཞེས་གསུངས་པ་སྟེ། བརྩོན་པས་གནད་དུ་བསྣུན་ཐུབ་ན་ཆོས་ཉིད་ཀྱི་ངང་ལ་གནས་པའི་གནད་རྣམ་པ་དྲུག་བསྟན་པ་ནི། རྩ་དང་རླུང་དང་ཐིག་ལེའི་ཁམས་རྣམས་རང་གནད་ལ་དགོད་པའི་གནད་ལ། ལུས་ནི་རྐང་པ་སྐྱིལ་ཀྲུང་དང་ལག་གཉིས་མཉམ་བཞག་སོགས་བསམ་གཏན་ཆོས་དྲུག་བཅའ་བ་དང་། ཐ་མལ་རང་གའི་འཁྲུལ་སྣང་དེ་ཉིད་ཐད་ཀར་དགྲོལ་བའི་གནད་ནི། སྣོད་བཅུད་དག་པ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ཡིན་པར་ཤེས་པ་དང་། ལུས་ལ་བདེ་བ་ཆེན་པོ་རང་ལུགས་སུ་འབར་བའི་གནད་ནི། འོག་སྒོ་གྱེན་དུ་བསྡམས་ཏེ་སྟེང་རླུང་ཐུར་དུ་བསྡུ་བ་དང་། རྟོག་མེད་ཆོས་ཉིད་ཀྱི་ངང་ལ་གནས་པའི་གནད་ནི། ལྕེ་རྩེ་ཡ་རྐན་ལ་ཕྱོགས་ཏེ་གྱེན་དུ་ལྡོག་ནས་ལྕེ་རྩེ་དང་རྐན་གཉིས་མ་རེག་པ་ཙམ་དུ་བྱ་བ་དང་། རང་གསལ་ཡེ་ཤེས་མཁའ་ལ་དག་པའི་གནད་ནི། མིག་གཉིས་སྨིན་མཚམས་ནས་མཐོ་གང་གི་ནམ་མཁའི་གནས་སུ་གཏད་པ་དང་། གཉུག་མ་མ་བཅོས་པའི་ཡེ་ཤེས་ཡེ་ནས་ལྷུན་གྱིས་གྲུབ་པའི་གནད་ནི། སེམས་ཉིད་མ་བཅོས་རང་བབས་སུ་ལྷོད་ཀྱིས་གློད་ནས་དྭངས་སངས་ཀྱི་ངང་དེར་བཞག་པ་སྟེ། དེ་ལྟ་བུའི་ཐབས་ཀྱི་མན་ངག་དང་ལྡན་པ་ནི་ཆོས་ཉིད་ཀྱི་ངང་ལ་གནས་པ་ཡིན་པས། བརྩོན་པ་ཆེན་པོས་གནད་དུ་སྣུན་ཅིག་ཤེས་རབ་ཅན་གྱི་སྐལ་ལྡན་ཀུན་ཅེས་གདམས་པའོ།།

༤༡༥ ཆོས་ཉིད་ངང་ལ་བཞག་ཐབས་རྣམ་དྲུག་བསྟན་པ།

ཆོས་ཉིད་ངང་ལ་བཞག་ཐབས་རྣམ་དྲུག་ནི།།

མན་ངག་དྲུག་གིས་ཤེས་པར་བྱ་བ་ལ།།

ཞེས་གསུངས་པ་སྟེ། དེ་ལ་ཡང་དག་པའི་དོན་མཐོང་བར་འདོད་པ་རྣམས་ཀྱིས་ཆོས་ཉིད་ཀྱི་ངང་ལ་མཉམ་པར་བཞག་པའི་ཐབས་རྣམ་པ་དྲུག་དེ་མན་ངག་དྲུག་གིས་ཤེས་པར་བྱ་བ་ལ་ཞེས་མཚམས་སྦྱར་ནས།

དང་པོ་དུས་གསུམ་དབྱེར་མེད་ཀྱི་མན་ངག་བསྟན་པ།

དང་པོ་དུས་གསུམ་དབྱེར་མེད་མན་ངག་གིས།།

གཉིས་འཛིན་བློ་ཡི་རྟོག་མཐའ་བསལ་བ་ནི།།

འདས་རྗེས་མི་དཔྱད་མ་འོངས་སྔུན་མི་བསུ།།

ད་ལྟ་འཛིན་མེད་ངང་དུ་ལྷན་གྱིས་བཞག།

ཅེས་གསུངས་ཏེ། དེ་ལ་དང་པོ་དུས་གསུམ་དབྱེར་མེད་ཀྱི་མན་ངག་གིས་སོ་སོ་སྐྱེ་བོའི་གཉིས་འཛིན་བློ་ཡི་རྟོག་མཐའ་བསལ་བ་ནི། གུ་རུ་རིན་པོ་ཆེས། འདི་ལྟར་ཡིད་ཀྱི་ཡུལ་དུ་འགྱུ་བ་ཡི། །ཉོན་མོངས་དུག་ལྔའི་རྟོག་པ་ཅི་ཤར་ཡང་། །སྔོན་བསུ་རྗེས་དཔྱོད་བློ་ཡིས་བཅོས་མི་གཞུག །འགྱུ་བ་རང་སར་བཞག་པས་ཆོས་སྐུར་གྲོལ། །ཞེས་གསུངས་པ་ལྟར་དུ། འདས་པའི་རྗེས་མི་དཔྱོད། མ་འོངས་པའི་སྔུན་མི་བསུ། ད་ལྟ་འཛིན་མེད་ཀྱི་ངང་དུ་ལྷན་ནེར་བཞག་པར་བྱ་བའོ།།

གཉིས་པ་ཐི་བྱ་ཚང་དུ་འཇུག་པའི་མན་ངག་བསྟན་པ།

ཐི་བྱ་ཚང་དུ་འཇུག་པའི་མན་ངག་གིས།།

རེ་དོགས་གཉིས་ཀྱི་རྟོག་མཐའ་བསལ་བ་ནི།།

ད་ལྟའི་སེམས་ལ་འབྱུང་འཇུག་གཉིས་མེད་པས།།

མ་ཡེངས་མཉམ་ཉིད་ངང་ལ་གློད་ལ་ཞོག།

ཅེས་གསུངས་པ་སྟེ། ཐི་བྱ་ནི་ཅང་ཤེས་པ་ཡིན་པས་དང་པོ་ཚང་བཅའ་དུས་བརྟགས་ཤིང་དཔྱད་ནས་ཉེན་མེད་པའི་གནས་ཤིག་ལ་ཚང་བཅས་ཟིན་དུས་རྗེས་སོར་ཚམ་ཚོམ་མེད་པར་ཚང་དུ་འཇུག་པ་ལྟ་བུའི་མན་ངག་གིས་དང་པོར་སྒྲོ་འདོགས་བཅད་དེ་དེ་ནས་རེ་དོགས་གཉིས་ཀྱི་རྟོག་མཐའ་བསལ་བའི་གནད་ལ་བསྣུན་པ་ནི། ད་ལྟ་བའི་སེམས་ལ་འབྱུང་བ་དང་འཇུག་པ་གཉིས་སུ་མེད་པས་ན། གཉིས་མེད་ཀྱི་ཚུལ་དེར་མ་ཡེངས་པར་མཉམ་ཉིད་ཀྱི་ངང་ལ་གློད་ལ་ཞོག་ཅེས་རེ་དོགས་ཐེ་ཚོམ་བྲལ་བའི་མན་ངག་བསྟན་པའོ།།

གསུམ་པ་སྐྱེས་བུ་བྱ་བ་བཏང་བའི་མན་ངག་བསྟན་པ།

སྐྱེས་བུ་བྱ་བ་བཏང་བའི་མན་ངག་གིས།།

གཟའ་གཏད་འཛིན་པའི་རྟག་མཐའ་བསལ་བ་ནི།།

སེམས་ཉིད་གནས་ལུགས་མ་བཅོས་མཉམ་པའི་ངང༌།།

འཛིན་བྲལ་ཆེན་པོར་བོར་ལ་ཕྱམ་གཅིག་བཞག།

ཅེས་གསུངས་པ་སྟེ། སྐྱེས་བུ་བྱ་བ་བཏང་བའི་མན་ངག་གིས་འདི་བྱ་འདི་བྱེད་ཀྱི་གཟའ་གཏད་ཆེད་དུ་འཛིན་པའི་རྟོག་མཐའ་བསལ་བ་ནི། སེམས་ཉིད་བཟོ་མེད་གནས་ལུགས་མ་བཅོས་པ་གཉིས་འཛིན་ཕྱོགས་ལྷུང་དང་བྲལ་བའི་མཉམ་པ་ཉིད་ཀྱི་ངང་གཉིས་མེད་འཛིན་བྲལ་ཆེན་པོར་གཉིས་སུ་འཛིན་པ་ཐམས་ཅད་བོར་ལ་ཡེ་རྫོགས་ཕྱམ་གཅིག་གི་ངང་དུ་བཞག་པར་བྱ་བའོ།།

བཞི་བ་ཁྱུང་ཆེན་ནམ་མཁར་ལྡིང་བའི་མན་ངག་བསྟན་པ།

ཁྱུང་ཆེན་ནམ་མཁར་ལྡིང་བའི་མན་ངག་གིས།།

ཐེ་ཚོམ་གཉིས་འཛིན་རྟོག་མཐའ་བསལ་བ་ནི།།

ཤེས་པ་མཐར་བཅད་རང་བྱུང་རྣལ་མའི་ངང༌།།

ཡངས་པ་ཆེན་པོར་བོར་ལ་ཕྱམ་གཅིག་བཞག།

ཅེས་གསུངས་ན། ཁྱུང་ཆེན་ནམ་མཁའ་ལ་ལྡིང་བའི་མན་ངག་གིས་ཐེ་ཚོམ་གཉིས་འཛིན་གྱི་རྟོག་པའི་མཐའ་དབྱིངས་སུ་བསལ་བ་ནི། ཤེས་པ་མཐར་བཅད་དམ་ཤེས་པ་སྤྲོས་པའི་མཐའ་དང་བྲལ་ནས་རང་བྱུང་མ་བཅོས་པའི་གནས་ལུགས་རྣལ་མའི་ངང་ཡངས་པ་ཆེན་པོ་དེར་འཛིན་པ་བོར་ལ་སྤྲོས་མེད་ཕྱམ་གཅིག་གི་ངང་དུ་བཞག་པའོ།།

ལྔ་བ་ནམ་ལངས་ཉི་ཤར་དག་པའི་མན་ངག་བསྟན་པ།

ནམ་ལངས་ཉི་ཤར་དག་པའི་མན་ངག་གིས།།

ཡུལ་སྣང་སྣ་ཚོགས་རྟོག་མཐའ་བསལ་བ་ནི།།

དབང་པོ་མི་བསྡུ་འགྱུ་བ་མི་དགག་པར།།

ཚོགས་དྲུག་ལྷུག་པར་བཏང་སྟེ་གློད་ལ་བཞག།

ཅེས་གསུངས་ན། ནམ་ལངས་ཏེ་ཉི་མ་ཤར་བས་མུན་པ་བསལ་ནས་སྣང་བས་ཁྱབ་པ་ལྟར་རྣམ་པར་དག་པའི་མན་ངག་གིས། ཡུལ་སྣང་སྣ་ཚོགས་སུ་འཆར་བའི་རྟོག་མཐའ་བསལ་བ་ནི། དབང་པོ་སྒོ་ལྔ་ནང་དུ་མི་བསྡུ། ཕྱིའི་རྟོག་པའི་འགྱུ་བ་རྩོལ་བས་མི་དགག ད་ལྟའི་ཚོགས་དྲུག་མ་འགགས་པར་བཀྲ་ལམ་མེ་བའི་ངང་དུ་ལྷུག་པར་རམ་རང་བཞག་ལ་གློད་པའོ།།

དྲུག་པ་མཚན་མ་རང་སར་དྭངས་པའི་མན་ངག་བསྟན་པ།

མཚན་མ་རང་སར་དྭངས་པའི་མན་ངག་གིས།།

སྣ་ཚོགས་རྣམ་རྟོག་རྟོག་མཐའ་བསལ་བ་ནི།།

ཅི་སྣང་ཡུལ་ལ་བླང་དོར་གཉིས་མེད་པར།།

མ་བཅོས་སོ་མའི་ངང་ལ་ཇི་བཞིན་བཞག།

དེ་ལྟར་བཞག་རྣམས་གཉིས་མེད་ངང་གནས་པས།།

མཐའ་གྲོལ་ཀློང་ཡངས་དགོངས་པ་འཆར་བར་ངེས།།

ཞེས་གསུངས་པ་སྟེ། མཚན་མར་འཛིན་པའི་རྟོག་ཚོགས་རང་སར་དྭངས་པའི་མན་ངག་གིས། དགའ་སྡུག་སྣ་ཚོགས་ཀྱི་རྣམ་པར་རྟོག་པའི་རྟོག་མཐའ་བསལ་བ་ནི། ཅི་ལྟར་ཤར་གང་ལྟར་སྣང་བའི་ཡུལ་ཐམས་ཅད་ལ་བླང་དོར་གཉིས་སུ་འཛིན་པ་མེད་པར། མ་བཅོས་རང་གར་གནས་པའི་ངང་དེར་ཇི་ལྟར་ཡོད་པ་དེ་བཞིན་དུ་གློད་དེ་བཞག་པ་སྟེ། དེ་ལྟར་བཞག་ཐབས་དྲུག་གིས་བཞག་པའི་གང་ཟག་དེ་དག་རེ་དོགས་གཉིས་འཛིན་གྱི་མཐའ་ལས་གྲོལ་ནས་ཀློང་ཡངས་ཀུན་ཏུ་བཟང་པོའི་དགོངས་པ་འཆར་བར་ངེས་སོ་ཞེས་ཆོས་ཉིད་ངང་ལ་གནས་པའི་གནད་དྲུག་རྒྱས་པར་བསྟན་པའོ།།

༤༡༦ བསྒོམ་པའི་སྤྱི་སྐྱོན་རྣམ་པ་དྲུག་བསྟན་པ།

བསྒོམ་པའི་སྤྱི་སྐྱོན་རྣམ་དྲུག་བསྟན་པ་ནི།།

གསལ་དྭངས་མ་ཕྱེད་མི་རྟོག་ལྟེང་པོར་སོང་།།

ཆེད་དུ་གསལ་བསྒོམས་ཡེ་ཤེས་ཕྱོགས་ཆད་སོང་།།

འཕྲོ་བ་ནང་བསྡུས་སེམས་འཛིན་ཀོལ་ཙེར་སོང༌།།

གཏིང་གསལ་མ་རྟོགས་ཁ་འབྱམས་ཕྱལ་བར་སོང༌།།

གཏིང་ཐག་མ་ཆོད་ཐེ་ཚོམ་རྐྱེན་དབང་སོང༌།།

སྒོ་གསུམ་བཅོས་མས་རྣམ་རྟོག་ཉིང་འཁྲུལ་སོང༌།།

དེ་ལྟར་སྐྱོན་དྲུག་གང་བྱུང་སྒྲིབ་པ་སྟེ།།

ཡང་དག་དོན་འདོད་རྣམས་ཀྱིས་བསལ་ནས་བསྒོམ།།

ཞེས་གསུངས་པ་སྟེ། བསལ་ནས་འདོར་བར་བྱ་བའི་བསྒོམ་པའི་སྤྱི་སྐྱོན་རྣམ་དྲུག་བསྟན་པ་ནི། གསལ་ཆ་དང་དྭངས་ཆ་མ་ཕྱེད་ན་མི་རྟོག་ལྟེང་པོ་ཞི་གནས་རྟོག་མེད་ཀྱི་ངང་དུ་སོང་བ་དང་། ཡང་ཆེད་དུ་གསལ་ཆ་རྩལ་དུ་བཏོན་ནས་བསྒོམས་ཀྱང་གསལ་སྟོང་གཉིས་མེད་མི་ཤེས་པའི་ཡེ་ཤེས་ཕྱོགས་ཆད་དུ་སོང་བ་དང་། འཕྲོ་བ་ནང་དུ་བསྡུས་ཆེ་བའི་དབང་གིས་སེམས་འཛིན་ཀོལ་ཙེའམ་ཁོལ་བུར་སོང་ནས་གུ་དོག་དྲག་པ་དང་། གཏིང་གསལ་གྱི་ཡེ་ཤེས་ནང་ནས་ཤར་བ་མ་རྟོགས་པས་སེམས་སྡེ་ལྟར་དུ་ཁ་འབྱམས་ཕྱལ་བ་ཕུ་མེད་མདོ་མེད་དུ་སོང་བ་དང་། གཏིང་གི་ཐག་མ་ཆོད་པས་ཐེ་ཚོམ་གྱི་རྐྱེན་དབང་ལ་སོང་བ་དང་། སྒོ་ལུས་ངག་ཡིད་གསུམ་བཅོས་མ་ཡི་ཐོག་ནས་སེམས་རྣམ་རྟོག་ཐ་མལ་དུ་ཉིང་འཁྲུལ་དུ་སོང་བ་སྟེ། དེ་ལྟ་བུའི་སྐྱོན་དྲུག་པོ་དེ་ལས་གང་བྱུང་ཡང་ཉམས་ལེན་ལ་བར་དུ་གཅོད་པའི་སྒྲིབ་པ་ཡིན་པས། ཡང་དག་པའི་དོན་མཐོང་བར་འདོད་པ་རྣམས་ཀྱིས་དེ་དག་བསལ་ནས་བསྒོམ་པར་བྱའོ།།

༤༡༧ གོལ་ས་དྲུག་གི་རྣམ་གྲངས་བསྟན་པ།

གོལ་ས་དྲུག་གི་རྣམ་གྲངས་བསྟན་པ་ནི།།

སྐྱེ་མཆེད་མུ་བཞིའི་སྒོམ་པ་ཡིད་བྱེད་དང༌།།

ཀུན་རྫོབ་རྒྱུ་འབྲས་མེད་འཛིན་ཆད་ལྟ་དང༌།།

གཟུང་འཛིན་མི་འགྱུར་རྟག་པ་ཆེན་པོར་འཛིན།།

ཡུལ་སྣང་དགྲ་དང་ཚེར་མར་བལྟས་ནས་སོང༌།།

ཐམས་ཅད་སེམས་བསྡུས་རང་རིག་རང་གསལ་བསྒོམ།།

རྟོག་ཚོགས་ལྷར་འགྱུར་དོན་ལས་འགྱངས་པ་སྟེ།།

དེ་དྲུག་མ་སོང་ཆོས་ཉིད་ཕྱོགས་བྲལ་ཀློང༌།།

མཉམ་པ་ཆེན་པོའི་ངང་ལས་མ་འདས་གཅེས།།

ཞེས་གསུངས་པ་སྟེ། མཉམ་པ་ཆེན་པོའི་ངང་ལས་མི་འདའ་བར་བྱེད་པ་ལ་གོལ་ས་དྲུག་གི་རྣམ་གྲངས་བསྟན་པ་ནི། ནམ་མཁའ་མཐའ་ཡས། རྣམ་ཤེས་མཐའ་ཡས། ཅི་ཡང་མེད་པ། ཡོད་མིན་མེད་མིན་ཏེ་གཟུགས་མེད་སྐྱེ་མཆེད་མུ་བཞིའི་སྙོམས་འཇུག་གི་སྒོམ་པ་ཡིད་ལ་བྱེད་པ་དང་། ཀུན་རྫོབ་རྒྱུ་འབྲས་ཐམས་ཅད་མེད་པར་འཛིན་པའི་ཆད་པར་ལྟ་བ་དང་། གཟུང་དང་འཛིན་པ་ཐམས་ཅད་མི་འགྱུར་རྟག་པ་ཆེན་པོར་འཛིན་པའི་རྟག་པར་ལྟ་བ་དང་། ཡུལ་སྣང་ཐམས་ཅད་དགྲ་ལྟ་བུ་དང་ཚེར་མ་ལྟ་བུར་བལྟས་ནས་སྤང་གཉེན་གཡུལ་སྤྲད་དུ་སོང་བ་དང་། ཐམས་ཅད་སེམས་ཡིན་སྙམ་སྟེ་སེམས་ལ་ཐུགས་གཏད་ནས་ཤེས་པ་རང་རིག་རང་གསལ་དུ་སྒོམ་པ་དང་། རྟོག་ཚོགས་གང་ཤར་ཐམས་ཅད་མཚན་མ་ཅན་གྱི་ལྷར་གྱུར་ནས་དོན་ལས་འགྱངས་པ་སྟེ། རྫོགས་ཆེན་སྒོམ་པ་དག་གི་གོལ་ས་དང་། ནོར་ས་དང་། འཆུག་ས་རྣམས་ཡིན་པས་དེ་དྲུག་གི་དབང་དུ་མ་སོང་བར་བྱེད་ཅིང་། ཆོས་ཉིད་ཕྱོགས་མེད་ཕྱོགས་དང་བྲལ་བའི་ཀློང་མཉམ་པ་ཆེན་པོའི་ངང་ལས་མ་འདས་པར་ཤིན་ཏུ་གཅེས་སོ།།

༤༡༨ སྐྱོན་དྲུག་བྱུང་ན་བཅོས་པའི་ཐབས་དྲུག་བསྟན་པ།

སྐྱོན་དྲུག་བྱུང་ན་བཅོས་པའི་ཐབས་དྲུག་ནི།།

མཁའ་ལ་སྤྲིན་དེངས་ལྟ་བུར་བཅོས་པ་ནི།།

སེམས་ཀྱི་ཆོ་འཕྲུལ་སྣ་ཚོགས་ཅི་ཤར་ཡང༌།།

ཆོས་ཉིད་མཁའ་ལ་རང་བཞིན་དྭངས་པས་བཅོས།།

ཁང་སྟོང་རྐུན་མས་ཕྱིན་ལྟར་བཅོས་པ་ནི།།

རྣམ་རྟོག་ངོ་བོ་རང་བཞིན་མེད་པ་དེ།།

ཅི་སྐྱེས་དུས་ནས་མ་སྐྱེས་ངོས་གཟུང་མེད།།

གློད་པ་ཙམ་ལས་བསལ་དུ་མེད་པར་བཅོས།།

དགུན་གྱི་ནགས་མེ་མཆེད་ལྟར་བཅོས་པ་ནི།།

ཡུལ་རྟོག་ཅི་བྱུང་དེ་ཉིད་ངོ་བརྟགས་པས།།

ཆོས་ཉིད་གྲོགས་སུ་སྤར་བས་བཅོས་པར་བྱ།།

དུག་ལ་སྔགས་ཀྱིས་བཏབ་ལྟར་བཅོས་པ་ནི།།

རྣམ་རྟོག་སྐྱེ་མེད་ངང་དུ་བསད་པས་བཅོས།།

འབངས་ཀྱིས་རྒྱལ་པོ་མཐོང་ལྟར་བཅོས་པ་ནི།།

དུག་ལྔ་སྐྱེ་དུས་ངོས་གཟུང་རང་གློད་པས།།

ཆོས་ཉིད་དོན་དང་རང་ངོ་ཕྲད་པར་བཅོས།།

གཟིངས་ཀྱི་བྱ་རོག་ལྟ་བུར་བཅོས་པ་ནི།།

འཕྲོ་རྒོད་ཅི་བྱུང་ཆོས་ཉིད་ལྡོག་པ་ལས།།

གཞན་དུ་འགྲོ་ས་མེད་པའི་ངང་དུ་བཅོས།།

དེ་ལྟར་གནད་དྲུག་འགྱུས་དྲན་ཅི་སྐྱེས་ཀུན།།

རང་ཐོག་རང་དག་རང་སངས་དགྲོལ་བ་གཅེས།།

ཞེས་གསུངས་པ་སྟེ། རང་དག་རང་གྲོལ་དུ་འགྲོ་བར་བྱེད་པ་ལ་སྐྱོན་དྲུག་བྱུང་ན་བཅོས་པའི་ཐབས་དྲུག་སྟེ། མཁའ་ལ་སྤྲིན་དེངས་ལྟ་བུའི་བཅོས་ལུགས་དང་། ཁང་སྟོང་དུ་རྐུན་མ་ཕྱིན་པ་ལྟ་བུའི་བཅོས་ལུགས་དང་། དགུན་གྱི་ནགས་མེ་མཆེད་པ་ལྟ་བུའི་བཅོས་ལུགས་དང་། དུག་ལ་སྔགས་ཀྱིས་བཏབ་པ་ལྟ་བུའི་བཅོས་ལུགས་དང་། འབངས་ཀྱིས་རྒྱལ་པོ་མཐོང་བ་ལྟ་བུའི་བཅོས་ལུགས་དང་། གཟིངས་ཀྱི་བྱ་རོག་ལྟ་བུའི་བཅོས་ལུགས་དང་དྲུག་ཡོད་པ་ལས་དང་པོ་མཁའ་ལ་སྤྲིན་འཁོར་བ་དེ་ནམ་མཁའི་ཀློང་དུ་ཐིམ་ནས་མེད་པ་ལྟར་དུ་བཅོས་པ་ནི། སེམས་ཀྱི་ཆོ་འཕྲུལ་རྣམ་རྟོག་སྣ་ཚོགས་གང་དང་ཅི་ཤར་ཡང་ཆོས་མ་བཅོས་པའི་མཁའ་ལ་རང་སར་བཞག་ཚེ་རང་བཞིན་གྱིས་དྭངས་པ་དེས་བཅོས་པར་བྱའོ། །གཉིས་པ་ཁང་སྟོང་གི་ནང་དུ་རྐུན་མ་འཛུལ་ན་ཁང་སྟོང་ལ་ཤོར་རྒྱུ་དང་རྐུན་མ་ལ་ཐོབ་རྒྱུ་མེད་པ་ལྟ་བུའི་བཅོས་པ་ནི། རྣམ་རྟོག་གི་ངོ་བོ་དང་པོ་ཉིད་ནས་རང་བཞིན་མེད་པ་དེ། ཅི་སྐྱེས་དུས་ནས་མ་སྐྱེས་པའམ་སྐྱེས་པའི་དུས་ནས་ཀྱང་མ་སྐྱེས་པ་ཡིན་པས་ངོ་བོ་ངོས་གཟུང་དང་བྲལ་བ་ཡིན་ལ། དེས་ན་མ་བཅོས་རང་བབས་སུ་ལྷོད་ཀྱིས་གློད་དེ་བཞག་པ་ཙམ་ལས་བསལ་དུ་མེད་པར་བཅོས་དགོས་པའོ། །གསུམ་པ་དགུན་གྱི་ནགས་ལ་མེ་ཇི་ལྟར་མཆེད་པ་དེ་བཞིན་དུ་མེའི་སྟོབས་ཇེ་ཆེར་འགྲོ་བ་དེ་ལྟར་དུ་བཅོས་པ་ནི། ཡུལ་འཛིན་གྱི་རྣམ་རྟོག་ཅི་ཤར་ཡང་དེ་ཉིད་ཀྱི་ངོ་ལ་བརྟགས་པས་ན། གཏད་མེད་རིག་སྟོང་རྗེན་པའི་ངང་དུ་བཞག་ཚེ་རྣམ་རྟོག་ཆོས་ཉིད་ཀྱི་གྲོགས་སུ་གྱུར་ནས་ནགས་མེ་ལ་སྦར་བ་བཞིན་དུ་ཆོས་ཉིད་ཀྱི་མེའི་ཀློང་དུ་སྦར་བས་བཅོས་པར་བྱ་བ་དང་། བཞི་བ་དུག་ལ་སྔགས་ཀྱིས་བཏབ་ན་སྨན་དུ་སྒྱུར་ཐུབ་པ་ལྟར་དུ་བཅོས་པ་ནི། རྣམ་རྟོག་སྐྱེ་བ་མེད་པའི་ངང་དུ་བསད་པས་བཅོས་པའོ། །ལྔ་བ་འབངས་ཀྱིས་རྒྱལ་པོ་མཐོང་ཚེ་ངོ་ཤེས་ནས་གུས་པས་འདུད་པ་བཞིན་དུ་བཅོས་པ་ནི། དུག་ལྔ་སྐྱེས་པའི་དུས་སུ་ངོས་བཟུང་ནས་དེ་ལ་རྗེས་མཐུད་མེད་པར་རང་སར་གློད་པས། ཆོས་ཉིད་ཀྱི་དོན་དང་རང་ངོ་ཕྲད་པས་དེ་ལྟར་དུ་བཅོས་པ་དང་། དྲུག་པ་རྒྱ་མཚོ་ཆེན་པོའི་ནང་གི་གཟིངས་ཀྱི་བྱ་རོག་ཇི་ལྟར་འཕུར་ཡང་སླར་གཟིངས་ལ་འབབ་པ་ལྟ་བུར་བཅོས་པ་ནི། རྣམ་རྟོག་འཕྲོ་བ་དང་རྒོད་པ་ཅི་བྱུང་ཡང་མཐར་ཆོས་ཉིད་ཀྱི་ངང་དུ་ལྡོག་པ་ལས། གཞན་དུ་འགྲོ་བ་མེད་པའི་བཅོས་པ་སྟེ། དེ་ལྟ་བུའི་གནད་དྲུག་གི་མན་ངག་གིས་རྣམ་རྟོག་འགྱུ་དྲན་ཅི་སྐྱེས་ཐམས་ཅད་རྣམ་རྟོག་རང་གི་ཐོག་ཏུ་རང་དག་རང་སངས་ཀྱིས་ཐེ་ཚོམ་སེམས་ཀྱི་མདུད་པ་དགྲོལ་བར་གཅེས་སོ།།

༤༡༩ ཡང་དག་རྟོགས་པའི་གདེང་གི་རྟགས་དྲུག་བསྟན་པ།

ཡང་དག་རྟོགས་པའི་གདེང་གི་རྟགས་དྲུག་ནི།།

སྐྱོན་ཡོན་གང་ལའང་དཔའ་བཀོང་ཞུམ་པ་མེད།།

གདོས་བཅས་ལུས་ལ་རང་སེམས་ཆོས་སྐུར་ཞུགས།།

འཁོར་བར་མ་ཆགས་གཞན་དོན་སྐྱོ་དུབ་མེད།།

གོལ་སྒྲིབ་ཕྱོགས་བྲལ་ཐིག་ལེ་ཉག་གཅིག་རྫོགས།།

བདུད་རྣམས་ཆོས་ཉིད་བར་ཆད་ཉམ་ང་མེད།།

བདེ་སྡུག་མཁའ་ཀློང་སྤང་བླང་རེ་དོགས་མེད།།

དེ་ལྟར་རྟོགས་རྣམས་གནས་ལུགས་མཐར་ཕྱིན་འགྱུར།།

ཞེས་གསུངས་པ་སྟེ། ཡང་དག་རྟོགས་པའི་གདེང་ཐོབ་པའི་རྣལ་འབྱོར་བ་དག་གི་ཉམས་རྟོགས་ཀྱི་རྟགས་རྣམ་པ་དྲུག་ནི། སྐྱོན་དང་ཡོན་ཏན་གང་དང་གང་སྣང་ཞིང་ཤར་བ་དེ་དག་ལའང་དཔའ་བཀོང་བ་དང་ཞུམ་པའི་སེམས་མེད་པ་དང་། ཕྱི་གདོས་བཅས་ཀྱི་ལུས་སྔར་ལུགས་ལྟར་ཡོད་ཀྱང་ནང་གི་སེམས་སྔར་དང་མི་འདྲ་བར་ཆོས་སྐུ་རུ་ཞུགས་པ་དང་། འཁོར་བའི་གནས་དོན་ལུས་གསུམ་ལ་མ་ཆགས་ཤིང་གཞན་སེམས་ཅན་གྱི་དོན་བྱེད་པ་ལ་སྐྱོ་དུབ་མེད་པ་དང་། གོལ་སྒྲིབ་ཐམས་ཅད་སེལ་ཞིང་ཕྱོགས་བྲལ་གྲྭ་ཟུར་དང་བྲལ་བའི་ཆོས་དབྱིངས་ཐིག་ལེ་ཉག་གཅིག་ཏུ་ཡོངས་སུ་རྫོགས་པ་དང་། བདུད་རྣམས་ཐམས་ཅད་ཆོས་ཉིད་ཀྱི་ངང་དུ་གྲོལ་ནས་བར་ཆད་དང་ཉམ་ང་བག་ཚ་མེད་པ་དང་། བདེ་སྡུག་ཐམས་ཅད་ནམ་མཁའི་ཀློང་གི་སྤྲིན་ལྟར་དུ་སྤང་བླང་རེ་དོགས་མེད་པ་རང་སར་གྲོལ་བ་སྟེ། དེ་ལྟར་རྟོགས་པའི་རྣལ་འབྱོར་པ་རྣམས་གནས་ལུགས་ཀྱི་རྟོགས་པ་མཐར་ཕྱིན་ནས་གྲུབ་པའི་རྒྱལ་ས་ཆེན་པོར་གཤེགས་པ་ཡིན་ནོ།།

༤༢༠ ཡང་དག་བརྟན་པ་ཐོབ་པའི་ཚད་དྲུག་བསྟན་པ།

ཡང་དག་བརྟན་པ་ཐོབ་པའི་ཚད་དྲུག་ནི།།

སྣང་སྲིད་ཆོས་རྣམས་སྒྱུ་མའི་རང་སྣང་ཞིང༌།།

རང་བཞིན་མེད་པའི་རྟགས་ལ་རྒྱུན་དུ་འཆར།།

ཉོན་མོངས་ངོ་བོ་ཡེ་ནས་ཀ་དག་པས།།

དུག་ལྔ་མི་འཁྲུགས་རང་གསལ་ཡེ་ཤེས་འཆར།།

སྐྱོན་ཡོན་ཡེ་ཤེས་ཆེན་པོར་ཡེ་ཤར་བས།།

བླང་དོར་གཉིས་ཀྱི་འདུན་པ་རང་སངས་འཆར།།

སྙིང་པོའི་དོན་ལ་གཞན་སྣང་མེད་རྟོགས་པས།།

དྲན་རྟོག་ཆོས་ཉིད་ངང་དུ་གསལ་བ་དང༌།།

སེམས་ཉིད་ནོར་བུ་རང་ལ་རྙེད་གྱུར་པས།།

འཆི་འཕོའི་འཇིགས་བྲལ་ཉམ་ང་མེད་པ་འཆར།།

རང་སེམས་ཆོས་ཉིད་སངས་རྒྱས་དོན་མཐོང་བས།།

བརྩོན་འགྲུས་རེ་དོགས་འཆིང་བ་གྲོལ་བ་འཆར།།

དེ་འདྲའི་རྣལ་འབྱོར་མངོན་པར་སངས་རྒྱས་ཡིན།།

ཞེས་གསུངས་པ་སྟེ། སྒོམ་ལ་ཡང་དག་པའི་བརྟན་པ་ཐོབ་པའི་ཚད་རྣམ་པ་དྲུག་འཆར་བ་ནི། སྣང་སྲིད་ཀྱི་ཆོས་རྣམས་སྣང་དུས་ཉིད་ནས་མ་གྲུབ་པ་སྒྱུ་མ་ལྟ་བུའི་ངོ་བོ་རུ་སྣང་ཞིང་། རང་བཞིན་མེད་པའི་རྟགས་རྣལ་འབྱོར་པའི་ཉམས་རྟོགས་ལ་རྒྱུན་དུ་འཆར་བ་དང་། ཆགས་སོགས་ཉོན་མོངས་པའི་ངོ་བོ་ནི་ཡེ་ཐོག་མ་ཀ་ནས་དག་པ་ཡིན་པས། རྣལ་འབྱོར་པ་ལ་དུག་ལྔ་མི་འཁྲུགས་པར་ཞེ་སྡང་གསལ་སྟོང་མེ་ལོང་ཡེ་ཤེས་ལ་སོགས་པའི་རང་གསལ་གྱི་ཡེ་ཤེས་ལ་འཆར་བ་དང་། སྐྱོན་དང་ཡོན་ཏན་གང་དུ་སྣང་ཡང་ཡེ་ཤེས་ཆེན་པོ་གཅིག་གི་ངོ་བོ་རུ་ཡེ་ནས་ཤར་བ་ཡིན་པས། བླང་དོར་གཉིས་ཀྱི་འདུན་པ་རང་སངས་རང་དྭངས་ལ་འཆར་བ་དང་། སྙིང་པོའི་དོན་གནས་ལུགས་ཀྱི་བཞུགས་ཚུལ་ལ་མཉམ་པ་ཉིད་ལས་གཞན་དུ་སྣང་བ་མེད་པར་རྟོགས་པས་ན་དྲན་རྟོག་ཐམས་ཅད་ཆོས་ཉིད་ཀྱི་ངང་དུ་གསལ་བ་དང་། སེམས་ཉིད་ཀྱི་ནོར་བུ་རང་ལ་ཡོད་པ་རང་གིས་རྙེད་པར་གྱུར་པ་ཡིན་པས། འདི་ནས་འཆི་བ་དང་ཕ་རོལ་དུ་འཕོ་བའི་འཇིགས་པ་དང་བྲལ་ནས་ཉམ་ང་དང་བག་ཚ་བ་མེད་པར་འཆར་བ་དང་། རང་སེམས་ཆོས་ཉིད་ལས་གཞན་པའི་སངས་རྒྱས་མེད་པའི་དོན་མཐོང་བས། བརྩོན་འགྲུས་རེ་དོགས་ཀྱི་ཕྱོགས་སུ་འཆིང་བ་གྲོལ་བར་འཆར་བ་སྟེ། དེ་འདྲ་བའི་རྣལ་འབྱོར་པ་དེ་ཉིད་ལུས་གང་ཟག་མི་ཡི་ལུས་སུ་སྣང་ཡང་དོན་དུ་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་ནོ།།

༤༢༡ དགོངས་པ་ཀློང་དུ་གྱུར་པའི་གདེང་དྲུག་བསྟན་པ།

དགོངས་པ་ཀློང་དུ་གྱུར་པའི་གདེང་དྲུག་ནི།།

ཆོས་རྣམས་མཐའ་བྲལ་དབུ་མར་རྟོགས་པ་དང༌།།

ཟུང་འཇུག་འོད་གསལ་ཆེན་པོར་རྟོགས་པ་དང༌།།

མཉམ་ཉིད་བདེ་བ་ཆེན་པོར་རྟོགས་པ་དང༌།།

གཉིས་མེད་ཐིག་ལེ་ཉག་གཅིག་རྟོགས་པ་དང༌།།

ལྷུན་གྲུབ་ཕྱོགས་བྲལ་ཆེན་པོར་རྟོགས་པ་དང༌།།

ཀ་དག་རྣལ་མར་རྟོགས་པ་མཐར་ཕྱིན་ཡང༌།།

དེ་དག་རྟོགས་པར་འདོད་པ་པོ་མེད་ཅིང༌།།

རྟོགས་པ་ཉིད་ལ་རློམ་པའི་སེམས་མེད་པས།།

སྒྱུ་མའི་རྣལ་འབྱོར་དཔེ་དང་བྲལ་བ་ཡིན།།

ཞེས་གསུངས་པ་སྟེ། སྒྱུ་མའི་རྣལ་འབྱོར་གྱི་དགོངས་པ་ཀློང་དུ་གྱུར་པའམ་ཚད་དུ་ཕྱིན་པའི་གདེང་དྲུག་བསྟན་པ་ནི། ཆོས་ཐམས་ཅད་སྤྲོས་པའི་མཐའ་དང་བྲལ་བའི་དབུ་མ་ཆེན་པོར་རྟོགས་པ་དང་། གཉིས་མེད་དབྱིངས་ཡེ་ཟུང་འཇུག་གསལ་སྟོང་འོད་གསལ་ཆེན་པོར་རྟོགས་པ་དང་། འཁོར་འདས་མཉམ་ཉིད་རོ་གཅིག་བདེ་བ་ཆེན་པོའི་ཡེ་ཤེས་སུ་རྟོགས་པ་དང་། གཉིས་མེད་ཐིག་ལེ་ཉག་གཅིག་ཆོས་དབྱིངས་ཆེན་པོར་རྟོགས་པ་དང༌། ལྷུན་གྲུབ་སྐུ་གསུམ་རང་ཆས་སུ་ཡོད་པ་ཕྱོགས་བྲལ་རིས་མེད་ཆེན་པོར་རྟོགས་པ་དང་། ཀ་དག་གདོད་མའི་གནས་ལུགས་མ་བཅོས་ཆོས་སྐུའི་དགོངས་པ་དེ་ཉིད་རྣལ་མར་རྟོགས་པའི་རྟོགས་ཚད་མཐར་ཕྱིན་ན་ཡང་། ཐམས་ཅད་དམིགས་པ་མེད་པར་རྟོགས་པས་དེ་དག་རྟོགས་པར་འདོད་པའི་རློམ་པ་པོ་མེད་ཅིང་། རྟོགས་པ་དེ་ཉིད་ལ་རློམ་པར་བྱེད་པའི་སེམས་ཞེས་བྱ་བ་ཡང་མེད་པས་ན་སྒྱུ་མའི་རྣལ་འབྱོར་པ་ནི་དཔེ་ཡི་ཡུལ་ལས་འདས་ཕྱིར་དཔེ་དང་བྲལ་བ་ཡིན་ནོ།།

༤༢༢ དེ་ལྟར་རྟོགས་པའི་གྲོལ་ཚུལ་རྣམ་དྲུག་བསྟན་པ།

དེ་ལྟར་རྟོགས་པའི་གྲོལ་ཚུལ་རྣམ་དྲུག་ནི།།

ཕྱི་རོལ་ཡུལ་རྣམས་སྣང་བའི་དུས་ཉིད་ནས།།

སྣང་ཐོག་གྲོལ་བ་ཆབ་རོམ་ཆུར་ཞུ་འདྲ།།

ནང་དུ་རིག་པའི་ཆོས་རྣམས་རིག་དུས་ནས།།

རིག་ཐོག་གྲོལ་བ་ཆུ་བུར་ཆུར་ཐིམ་འདྲ།།

བར་དུ་འགྱུ་བའི་ཡིད་གཉིས་འགྱུ་དུས་ནས༌།།

འགྱུ་ཐོག་གྲོལ་བ་བར་སྣང་གློག་འགྱུ་འདྲ།།

སྒྲོ་བཏགས་མིང་རྣམས་གྲག་པའི་དུས་ཉིད་ནས།།

མིང་ཐོག་གྲོལ་བ་བྲག་ཅའི་སྒྲ་དབྱངས་འདྲ།།

གཟུང་བའི་གྲུབ་མཐའ་འདོད་པའི་དུས་ཉིད་ནས།།

འདོད་ཐོག་གྲོལ་བ་མཁའ་ལ་འཇའ་ཡལ་འདྲ།།

བསྒྲུབ་པའི་འབྲས་བུ་གྲུབ་ཐོག་ཉིད་གྲོལ་བ།།

ནོར་བུའི་རྒྱལ་ལ་དགོས་འདོད་འབྱུང་བཞིན་ཏེ།།

རང་བཞིན་རང་གྲོལ་གཉེན་པོ་རང་སར་དེངས།།

མིང་མེད་ཡུལ་བྲལ་དགོངས་པར་ལྷུན་གྱིས་གྲུབ།།

དེ་ལྟར་རབ་རྣམས་སྐྱེ་ཤི་བར་དོར་གྲོལ།།

ཞེས་གསུངས་པ་སྟེ། དེ་ལྟར་རྟོགས་པའི་རྣལ་འབྱོར་པ་དེ་སྐྱེ་ཤི་བར་དོའི་གནས་སྐབས་ན་གྲོལ་ཚུལ་རྣམ་པ་དྲུག་གི་ཐོག་ནས་བསྟན་པ་ནི། སྤྱིར་ན་གྲོལ་བ་ལ་རྫོགས་ཆེན་གྱི་གཞུང་ནས། ཡེ་གྲོལ་དང་། ཡང་གྲོལ་དང་། རང་གྲོལ་དང་། མཐའ་གྲོལ་ལ་སོགས་པ་ཡོད་ལ། སྐབས་འདིར་སྣང་ཐོག་ནས་གྲོལ་བ་དང་། རིག་ཐོག་ནས་གྲོལ་བ་དང་། འགྱུ་ཐོག་ནས་གྲོལ་བ་ལ་སོགས་པའི་རྣམ་བཞག་མཛད་པ་ལས་སྣང་ཐོག་ནས་གྲོལ་བ་ནི། ཕྱི་རོལ་གྱི་ཡུལ་གཟུགས་སྒྲ་དྲི་རོ་ལ་སོགས་པའི་ཆོས་ཐམས་ཅད་ཐོག་མར་སྣང་བའི་དུས་དེ་ཉིད་ནས་གྲོལ་བ་ཆབ་རོམ་དེ་ཉིད་ཐོག་མ་ཉིད་ནས་ཆུའི་རང་བཞིན་ཡིན་པ་དེ་ཆུར་ཞུ་བ་ལྟ་བུ་དང་། རིག་ཐོག་ནས་གྲོལ་བ་ནི། ནང་དུ་རིག་པའི་ཆོས་རྣམས་ཐམས་ཅད་རིག་པའི་དུས་དེ་ཉིད་ནས་གྲོལ་བ་ཆུ་བུར་ཆུའི་རང་བཞིན་ལས་མ་འདས་པ་དེ་ཉིད་ཆུར་ཐིམ་ནས་ཐ་དད་མེད་པར་གྲོལ་བ་དང་། འགྱུ་ཐོག་ནས་གྲོལ་བ་ནི། བར་དུ་འགྱུ་བའི་ཡིད་གཉིས་དེ་འགྱུ་བའི་དུས་དེ་ཉིད་ནས་གྲོལ་བ་བར་སྣང་གི་གློག་འགྱུ་བ་བཞིན་དུ་འགྱུ་བ་དང་གྲོལ་བ་དུས་མཉམ་པ་དང་། མིང་ཐོག་ནས་གྲོལ་བ་ནི། སྒྲོ་བཏགས་མིང་གི་རྣམ་གྲངས་རྣམས་སྒྲ་རུ་གྲག་པའི་དུས་དེ་ཉིད་ནས་གྲོལ་བ་བྲག་ཅའི་སྒྲ་དབྱངས་དང་འདྲ་བ་དང་། འདོད་ཐོག་ནས་གྲོལ་བ་ནི། ཕྱོགས་ཞེན་གྱིས་བཟུང་བའི་གྲུབ་མཐའ་ཐོག་མར་ཁས་བླངས་ནས་འདོད་པའི་ཐོག་དེ་ཉིད་ནས་གྲོལ་བ་མཁའ་ལ་འཇའ་ཡལ་བ་དང་འདྲ་བར་གྲུབ་མཐའི་ཁས་ལེན་མེད་པར་གྱུར་སོང་བ་དང་། གྲུབ་ཐོག་ནས་གྲོལ་བ་ནི། སྒྲུབ་པའི་འབྲས་བུ་གྲུབ་པའི་ཐོག་དེ་ཉིད་ནས་གྲོལ་བ་འབྲས་བུ་ལ་ཆེད་འཛིན་མེད་པ་ནོར་བུའི་རྒྱལ་པོ་དགོས་འདོད་ཀུན་འབྱུང་ལ་གསོལ་བ་བཏབ་ན་དགོད་འདོད་འབྱུང་བ་ལྟ་བུ་སྟེ། རང་བཞིན་རང་གིས་གྲོལ་བས་གཉེན་པོ་རང་སར་དེངས་པ། མིང་མེད་ཡུལ་བྲལ་གྱི་དགོངས་པ་ལྷུན་གྱིས་གྲུབ་པ་ཡིན་པས། དེ་ལྟར་གོམས་པའི་རྣལ་འབྱོར་པ་རབ་རྣམས་ནི་ཚེ་འདིའམ་སྐྱེ་ཤི་བར་དོ་ལ་གྲོལ་བ་ཐོབ་པ་ཡིན་ནོ།།

འབྲིང་རྣམས་ཆོས་ཉིད་བར་དོར་གྲོལ་བ་བསྟན་པ།

འབྲིང་རྣམས་ཆོས་ཉིད་བར་དོར་གྲོལ་བ་ནི།།

དྲུག་ཚན་གཉིས་ཀྱིས་ཤེས་པར་བྱ་བ་ལས།།

ཞེས་མཚམས་སྦྱར་བ་ནི་རྣལ་འབྱོར་པ་དབང་པོ་འབྲིང་རྣམས་ཆོས་ཉིད་བར་དོར་ཇི་ལྟར་གྲོལ་བའི་ཚུལ་རྣམས་དྲུག་ཚན་གཉིས་ཀྱིས་ཤེས་པར་བྱ་བ་ལས་དྲུག་ཚན་དང་པོ་ནི།

༤༢༣ དང་པོ་ལུས་རྒྱའི་དོར་ལུགས་རྣམ་དྲུག་བསྟན་པ།

ལུས་རྒྱའི་དོར་ལུགས་རྣམ་པ་དྲུག་པོ་ནི།།

ཕྱི་ནང་སེམས་སུ་འདུས་པའི་དུས་ཀྱི་ཚེ།།

གཟུང་བའི་ཡུལ་དང་བྲལ་བའི་དུས་ཡིན་ལ།།

སེམས་ཉིད་ཡེ་ཤེས་དབང་དུ་འདུས་པའི་ཚེ།།

འཛིན་པའི་སེམས་དང་རང་བཞིན་བྲལ་བ་ཡིན།།

རིག་པའི་ཡེ་ཤེས་བག་ཆགས་སྦུབས་འདུས་ཚེ།།

ས་རླུང་ཆུ་ལ་ཐིམ་པས་ལུས་མི་ཐེག།།

འཕོ་བར་བྱ་ཞིང་བཤང་གཅི་དྲི་ངན་འབྱུང༌།།

ཆུ་རླུང་མེ་རུ་ཐིམ་པས་ལུས་ཀྱི་ཡན་ལག་འཕྲ།།

བྱད་ལ་རྡུལ་ཆགས་ཁ་ཆུ་སྣ་ཆུ་འཛག།

མེ་རླུང་རླུང་ཐིམ་ཁ་སྣའི་ཆུ་སྐམ་ཞིང༌།།

ལུས་ཀྱི་དྲོད་ཤོར་ཁ་སྣའི་གཟི་མདངས་སྡུད།།

འདི་ཡི་དུས་སུ་རྐང་མཐིལ་དྲོད་འདུས་ན།།

དམྱལ་བར་སྐྱེ་ཞིང་གསང་བར་ཡི་དྭགས་དང༌།།

ལྟེ་བ་བྱོལ་སོང་སྙིང་ག་མི་དང་ནི།།

མགྲིན་པ་ལྷ་མིན་མིག་འདུས་ལྷར་སྐྱེ་ལ།།

སྤྱི་བོར་དྲོད་ཡལ་བླ་མེད་འབྲས་བུ་འཐོབ།།

རླུང་གི་རླུང་རྣམས་རྣམ་ཤེས་ཐིམ་པའི་དུས།།

ཕྱི་དབུགས་བརྩེགས་འབྱུང་ནང་དུ་སྡུད་མི་ཤེས།།

མིག་གི་རང་འོད་སྒྲོན་མ་ཡལ་འགྱུར་ཞིང༌།།

ཕྱི་ཡི་དབུགས་འཆད་རྣམ་ཤེས་འོད་གསལ་ཐིམ།།

ནང་དབུགས་འཆད་ཅིང་ལུས་སེམས་འབྲལ་བ་སྟེ།།

ལུས་དེ་དེར་བཞག་ཡེ་ཤེས་དབྱིངས་ལ་འཆར།།

འདི་དག་ཐོག་མར་འབྱུང་བའི་ཐིམ་ཚུལ་ཡིན།།

ཞེས་གསུངས་པ་སྟེ། ལུས་རྒྱའི་དོར་ལུགས་རྣམ་པ་དྲུག་ཡོད་པའི་དང་པོ་ནི། ཕྱིའི་སྣང་བ་ནང་སེམས་སུ་འདུས་པའི་དུས་ཀྱི་ཚེ་ན། ནང་འཁྲུལ་རྟོག་གཟུང་བའི་ཡུལ་དང་བྲལ་བའི་དུས་ཡིན་པ་དང་། གཉིས་པ་ནི། སེམས་ཉིད་ཡེ་ཤེས་ཀྱི་ངང་དུ་འདུས་པའི་ཚེ་ཡིན་པས་དེའི་དུས་སུ་འཛིན་པའི་སེམས་དང་རང་བཞིན་བྲལ་བ་ཡིན་པ་དང་། གསུམ་པ་ནི། རིག་པ་ཡེ་ཤེས་ཀྱི་རྩལ་གྱི་བག་ཆགས་འོད་གསལ་གྱི་སྦུབས་སུ་འདུས་པའི་ཚེ། རླུང་ལྔའི་རྒྱུ་བ་དབྱིངས་སུ་ཐིམ་ནས་འབྱུང་བ་རགས་པའི་ཐིམ་རིམ་འཆར་ཚེ་ས་རླུང་ཆུ་ལ་ཐིམ་པས་ལུས་མི་ཐེག། ཨིག་གི་སྒྲ་འབྱུང་ཞིང་དབུགས་འཕོ་བར་བྱ་བ་དང་འཆི་བའི་རྟགས་བཤང་གཅི་ལ་དྲི་ངན་འབྱུང་བ་དང་། བཞི་བ་ནི། ཆུ་ཡི་རླུང་མེ་རུ་ཐིམ་པས་ལུས་ཀྱི་ཡན་ལག་སྡོད་མི་ཚུགས་པར་འཕྲ་ཞིང་གཡོ་བ་དང་བྱད་དམ་ངོ་གདོང་ལ་རྡུལ་ཆགས་ནས་ཁ་ཆུ་སྣ་ཆུ་རང་དབང་མེད་པར་འཛག་པ་དང་། ལྔ་བ་ནི། མེ་ཡི་རླུང་རླུང་ལ་ཐིམ་ནས་ཁ་སྣའི་ཆུ་སྐམ་ཞིང་། ལུས་ཀྱི་དྲོད་ཤོར་ནས་ཁ་སྣའི་གཟི་མདངས་ཐམས་ཅད་ནང་དུ་སྡུད་པ་དང་། འདི་ཡི་དུས་སུ་འཆི་བའི་གང་ཟག་དེས་རྐང་མཐིལ་ལ་དྲོད་འདུས་ན་དམྱལ་བར་སྐྱེ་བའི་རྟགས་ཡིན་པ་དང་། དྲོད་གསང་བར་འདུས་ན་ཡི་དྭགས་དང་། ལྟེ་བར་དྲོད་འདུས་ན་བྱོལ་སོང་དང་། མགྲིན་པར་འདུས་ན་ལྷ་མིན་གྱི་གནས་སུ་སྐྱེ་བ་དང་། མིག་ལ་འདུས་ན་ལྷར་སྐྱེས་པའི་རྟགས་དང་། སྤྱི་བོར་དྲོད་ཡལ་ན་བླ་ན་མེད་པའི་འབྲས་བུ་ཐོབ་པ་ཡིན་ནོ། །དྲུག་པ་ནི། རླུང་གི་རླུང་རྣམ་ཤེས་ལ་ཐིམ་པའི་དུས་སུ་རྟགས་ཅི་ལྟར་འབྱུང་བ་ནི། ཕྱི་དབུགས་ཉིས་བརྩེགས་སུ་འཕེན་པ་འབྱུང་ཞིང་དབུགས་ནང་དུ་སྡུད་མི་ཤེས་པ་དང་། མིག་གི་སྒྲོན་མ་དེའི་དུས་སུ་ཡལ་བར་འགྱུར་ཞིང་། ཕྱི་ཡི་དབུགས་ཆད་ནས་རྣམ་ཤེས་འོད་གསལ་ལ་ཐིམ་པ་ཡིན། དེ་ནས་ནང་དབུགས་ཆད་ཅིང་ལུས་སེམས་སམ་བེམ་རིག་འབྲལ་བ་སྟེ། ལུས་བེམ་གོག་དེ་དེར་བཞག་ཅིང་ཡེ་ཤེས་དབྱིངས་ལ་འཆར་བའི་དུས་ཡིན་པ་སྟེ། འདི་དག་ཐམས་ཅད་ནི་འབྱུང་བའི་ཐིམ་ཚུལ་ཡིན་ནོ།།

༤༢༤ དྲུག་ཚན་གཉིས་པ་དབང་པོའི་གྲོལ་ཚུལ་བསྟན་པ།

དྲུག་ཚན་གཉིས་པ་དབང་པོའི་གྲོལ་ཚུལ་ལ།།

རྣམ་པ་དྲུག་ལས་དང་པོ་བསྟན་པ་ནི།།

ཞེས་གསུངས་པ་སྟེ། དྲུག་ཚན་གཉིས་པ་དབང་པོ་རབ་འབྲིང་ཐ་གསུམ་གྱི་གྲོལ་ཚུལ་ལ། རྣོན་པོ་དང་ཐ་མ་གཉིས་གཉིས་སུ་ཕྱེས་པའི་རྣམ་པ་དྲུག་ལས་དང་པོ་ནི་ཞེས་མཚམས་སྦྱར་བའོ།།

དང་པོ་དབང་པོ་རབ་ཀྱི་རྣོན་པོའི་གྲོལ་ཚུལ།

དབང་པོ་རབ་ཀྱི་རྣོན་པོ་དེ་ཉིད་ལ།།

བར་དོ་མི་འཆར་ལུས་རྒྱ་བྲལ་མ་ཐག།

ཆོས་ཉིད་ལྷག་མཐོང་ཆེན་པོར་རང་གསལ་ནས།།

སྤྲོས་པའི་མཐའ་དང་བྲལ་བར་གནས་པ་ཡིན།།

ཞེས་གསུངས་པ་སྟེ། འདིར་རབ་ཐ་གཉིས་ཀྱི་ཁོངས་སུ་འབྲིང་འདུས་པའི་དབང་དུ་མཛད་ནས་དབང་པོ་རབ་ཀྱི་རྣོན་པོ་དེ་ཉིད་ལ་ནི་བར་དོ་གཏན་ནས་མི་འཆར་བར་ལུས་ཀྱི་རྒྱ་དེ་ཉིད་བྲལ་མ་ཐག་ཏུ་ཆོས་ཉིད་ལྷག་མཐོང་གི་ཡེ་ཤེས་ཆེན་མོ་རང་གསལ་ནས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་གནས་ནས་གྲོལ་བ་ཡིན་ནོ།།

གཉིས་པ་དབང་པོ་རབ་ཀྱི་རྟུལ་པོའི་གྲོལ་ཚུལ།

གཉིས་པ་དབང་པོ་རབ་ཀྱི་རྟུལ་པོ་ནི།།

སྐད་ཅིག་གསུམ་པར་གྲོལ་བ་ཐོབ་པ་སྟེ།།

ལུས་སེམས་བྲལ་བའི་སྐད་ཅིག་དང་པོ་ལ།།

རང་གསལ་ཆོས་སྐུ་རྟོག་བྲལ་ཆེན་པོ་འཆར།།

སྐད་ཅིག་གཉིས་པར་ལོངས་སྐུ་ཟེར་དུ་འཆར།།

སྐད་ཅིག་གསུམ་པར་འོད་གསལ་རྣམ་གྲོལ་ནས།།

མཁའ་ལྟར་མཉམ་ཉིད་ཆོས་སྐུའི་ངང་དུ་གནས།།

ཞེས་གསུངས་པ་སྟེ། གཉིས་པ་དབང་པོ་རབ་ཀྱི་རྟུལ་བོ་དེ་ཉིད་གྲོལ་བའི་ཚུལ་ནི། ཆོས་ཉིད་ཀྱི་སྐད་ཅིག་གམ་རྣམ་གྲོལ་གྱི་སྐད་ཅིག་གསུམ་ལ་གྲོལ་བ་ཐོབ་པ་སྟེ། དེ་ཡང་ལུས་སེམས་སོ་སོ་བྲལ་བའི་སྐད་ཅིག་དང་པོའི་གནས་སྐབས་དེ་ལ། ཡེ་ཤེས་རང་གསལ་གྱི་ཆོས་སྐུ་རྟོག་བྲལ་ཆེན་པོའི་ཉམས་འཆར་ཞིང་། སྐད་ཅིག་གཉིས་པ་ལ་ལོངས་སྤྱོད་རྫོགས་པའི་སྐུ་དེའི་ཟེར་གྱི་ཚུལ་དུ་འཆར་བ་དང་། སྐད་ཅིག་གསུམ་པར་འོད་གསལ་ཡེ་ཤེས་ཀྱི་ངང་དུ་གྲོལ་ནས། མཁའ་ལྟར་མཉམ་ཉིད་མི་གཡོ་ཆོས་སྐུའི་ངང་དུ་གནས་པ་ཡིན་ནོ།།

གསུམ་པ་དབང་པོ་འབྲིང་གི་རྣོན་པོའི་གྲོལ་ཚུལ།

གསུམ་པ་འབྲིང་གི་རྣོན་པོ་ཞག་གཅིག་གམ།།

གསུམ་དུ་རྟོག་བྲལ་བརྒྱལ་ཐབས་གནས་པ་སྟེ།།

དེ་ཉིད་སངས་ནས་ཡེ་ཤེས་འོད་དུ་འཆར།།

སྐུ་ཡི་རང་འོད་གསུང་གི་རང་སྒྲ་དང༌།།

ཐུགས་ཀྱི་ཟེར་གདངས་ཞག་ལྔར་འཆར་དུས་སུ།།

སྐུ་གསུང་ཐུགས་སུ་རང་ངོ་ཤེས་པས་གྲོལ།།

ཞེས་གསུངས་པ་སྟེ། གསུམ་པ་དབང་པོ་འབྲིང་གི་རྣོན་པོ་དེ་ཉིད་ནི། རྟོག་པ་བྲལ་ནས་བརྒྱལ་ཐབས་སུ་གནས་པ་སྟེ། བརྒྱལ་བ་དེ་ཉིད་ཡར་སངས་ནས་སམ་དེ་ལས་སད་ནས་ཡེ་ཤེས་ཐམས་ཅད་འོད་དུ་འཆར་ཏེ། ཞི་ཁྲོའི་སྐུ་ཡི་རང་འོད་དང་། གསུང་གི་རང་སྒྲ་དང་། ཐུགས་ཀྱི་ཟེར་གདངས་རྣམས་ཞག་ལྔར་འཆར་ཞིང་། དེའི་དུས་སུ་སྒྲ་འོད་ཟེར་གདངས་རྣམས་སྐུ་གསུང་ཐུགས་སུ་ངོ་ཤེས་པས་གྲོལ་བ་ཡིན་ནོ།།

བཞི་བ་དབང་པོ་འབྲིང་གི་རྟུལ་བོའི་གྲོལ་ཚུལ།

བཞི་པ་དབང་པོ་འབྲིང་གི་རྟུལ་པོ་ནི།།

ཞག་གསུམ་བར་རམ་ལྔ་རུ་བརྒྱལ་ཐབས་གནས།།

དེ་སངས་ཡེ་ཤེས་ལྔ་འཕྲོ་འོད་གསལ་ཏེ།།

དངངས་སྐྲག་མ་སྐྱེས་འཇིགས་མེད་རང་སྣང་གྲོལ།།

ཞེས་གསུངས་པ་སྟེ། བཞི་བ་རྣལ་འབྱོར་པ་དབང་པོ་འབྲིང་གི་རྟུལ་བོ་ནི། དབང་པོའི་ཁྱད་པར་གྱི་དབང་གིས་ཞག་གསུམ་གྱི་བར་རམ་ལྔ་རུ་བརྒྱལ་ཐབས་སུ་གནས་པ་སྟེ། བརྒྱལ་བ་དེ་ཉིད་ལས་ཡར་སངས་ནས་ཡེ་ཤེས་ལྔ་ཡི་འོད་འཕྲོ་བའི་འོད་གསལ་གྱི་སྣང་བ་འཆར་བ་སྟེ། དེ་ལ་དངངས་སྐྲག་མ་སྐྱེས་པར་འཇིགས་པ་མེད་པའི་གདེང་རྙེད་ནས་རང་སྣང་དུ་ཤེས་པའི་སྐབས་དེར་གྲོལ་བ་ཡིན་ནོ།།

ལྔ་བ་དབང་པོ་ཐ་མའི་རྣོན་པོའི་གྲོལ་ཚུལ།

ལྔ་བ་དབང་པོ་ཐ་མའི་རྣོན་པོ་ནི།།

ཞག་གསུམ་བར་དུ་རིག་པ་བརྒྱལ་ཐབས་གནས།།

དེ་སངས་ཡེ་ཤེས་ལྔ་ཡི་འོད་གསལ་ཏེ།།

ཞག་ལྔ་ལོན་ནས་ཡེ་ཤེས་སྣང་བ་ནུབ།།

འོད་ལས་ཡུལ་དང་སྒྲ་ལས་ཟེར་དང་ནི།།

ཟེར་ལས་རྟོག་པར་ཤར་དང་དེ་ཡི་ཚེ།།

སྔོན་གྱི་ཡུལ་དང་ནོར་དང་མི་རྣམས་ཀྱི།།

དྲན་པ་སད་དུས་སྔ་མའི་ཆོས་དྲན་ནས།།

གཉེན་པོ་སད་དེ་འཛིན་མེད་རང་གསལ་གྱི།།

ཡེ་ཤེས་རང་ཤར་བར་དོའི་སྣང་བ་གྲོལ།།

ཆོས་དབྱིངས་ངང་དུ་མངོན་པར་བྱང་ཆུབ་ཡིན།།

ཞེས་གསུངས་པ་སྟེ། ལྔ་བ་དབང་པོ་ཐ་མའི་རྣོན་པོ་ནི། ཞག་གསུམ་བར་དུ་རིག་པ་བརྒྱལ་ཐབས་ཀྱི་ཚུལ་དུ་གནས་པ་དེ་ལས་སངས་ནས་ཡེ་ཤེས་ལྔ་ཡི་འོད་གསལ་འཆར་ཏེ། ཞག་ལྔ་ལོན་ནས་ཡེ་ཤེས་ཀྱི་སྣང་བ་ནུབ་པ་ཡིན། འོད་ལས་ཡུལ་དུ་འཁྲུལ་བ་དང་། སྒྲ་ལས་ཟེར་དུ་སྣང་བ་དང་། ཟེར་ལས་རྟོག་པ་ཤར་བ་དང་དུས་མཉམ་པའི་ཚེ་སྔོན་གྱི་ཡུལ་དང་། རྒྱུ་ནོར་དང་། གཉེན་གྲོགས་དང་། ཡུལ་མི་རྣམས་ཀྱི་དྲན་པ་སད་དུས་སྔ་མའི་ཉམས་ལེན་གྱི་ཆོས་དྲན་ནས་། གཉེན་པོ་སད་དེ་འཛིན་མེད་རང་གསལ་གྱི་ཡེ་ཤེས་དེ་རང་ཤུགས་ཀྱིས་ངང་གིས་ཤར་ནས་བར་དོའི་སྣང་བ་ལས་གྲོལ་ནས་ཆོས་དབྱིངས་ཆེན་པོའི་ངང་དུ་མངོན་པར་བྱང་ཆུབ་པ་ཡིན་ནོ།།

དྲུག་པ་དབང་པོ་ཐ་མའི་རྟུལ་པོའི་གྲོལ་ཚུལ་ནི།

དྲུག་པ་དབང་པོ་ཐ་མའི་རྟུལ་པོ་ནི།།

ཞག་གཅིག་རིག་པ་བརྒྱལ་ཐབས་གནས་པ་ལས།།

དེ་སངས་ཡེ་ཤེས་སྣང་བ་ཞག་གཅིག་འཆར།།

དེ་ནུབ་སྔ་མའི་གཟུགས་སུ་ཡོད་སྙམ་ཞིང༌།།

དབང་པོ་ཀུན་ཚང་གར་ཡང་ཐོགས་མེད་རྒྱུ།།

རྣམ་ཤེས་རྟེན་བྲལ་ཡུལ་དང་འདུག་ས་ཚོལ།།

ལས་ཀྱིས་མངལ་སྒོ་ཐ་དད་འཇུག་པ་ལས།།

དེ་ཉིད་མི་ལུས་ཡོན་ཏན་བདུན་ཐོབ་ནས།།

ཟབ་མོའི་ཆོས་ཕྲད་སྐྱེ་བ་དེས་གྲོལ་འགྱུར།།

དེ་ཡང་ཤིན་ཏུ་སྡིག་པ་ཅན་རྣམས་ལ།།

བར་དོ་མི་སྣང་ལུས་སེམས་བྲལ་མ་ཐག།

རང་སྣང་འཁྲུལ་ནས་དམྱལ་བར་སྣང་བ་ཡིན།།

སྡིག་པ་འབྲིང་སྤྱད་བར་དོ་ཡུན་ཐུང་གནས།།

དེ་ནས་ངན་སོང་གཞན་གཉིས་མྱོང་བ་ཡིན།།

དགེ་སྡིག་ཆ་སྙོམས་བར་དོ་ཡུན་རིང་སྟེ།།

ཞག་གྲངས་བཞི་བཅུ་རྩ་དགུ་གནས་པ་ལས།།

དེ་ནས་ལས་ཀྱི་ལུས་ལེན་འགྱུར་བ་ཡིན།།

དེ་ཡང་ཆོས་ཉིད་བར་དོ་ནུབ་པ་ལས།།

རྟུལ་པོ་གཉིས་ལ་སྲིད་པའི་བར་དོ་འཆར།།

དེ་བས་ད་ལྟ་མི་དགེ་རྣམ་སྤངས་ཏེ།།

དགེ་སྒྲུབ་སེམས་ཉིད་གཏན་སྲིད་ཟིན་པ་གཅེས།།

ཕན་པའི་གདམས་ངག་ཡིན་ནོ་སེམས་ལ་ཞོག།

ཅེས་གསུངས་པ་སྟེ། དྲུག་པ་དབང་པོ་ཐ་མའི་རྟུལ་པོ་ནི། ཞག་གཅིག་རིག་པ་བརྒྱལ་ཐབས་ཀྱིས་གནས་པ་ལས། དེ་ནས་བརྒྱལ་བ་དེ་སངས་ནས་ཡེ་ཤེས་ཀྱི་སྣང་བ་ཞག་གཅིག་ལ་འཆར་བ་ཡིན། འདིར་བཤད་ཀྱི་ཞག་ནི་བསམ་གཏན་གྱི་ཞག་སྟེ་གསོན་པོའི་སྐབས་ཀྱི་མཉམ་བཞག་གི་གནས་ཆ་རིང་ཐུང་གི་ཚད་ཀྱིས་ཕྱེ་བ་ཡིན་པས། བསམ་གཏན་ལ་མཉམ་པ་གཏན་ནས་བཞག་མ་མྱོང་བ་ཞིག་ལ་ཡུད་ཙམ་གྱི་སྣང་བ་ལས་ཡོད་པ་མིན་པས་ངོ་ཤེས་ལོང་དང་གྲོལ་ལོང་ཐམས་ཅད་ཡོད་པ་མིན། འོད་གསལ་གྱི་སྣང་བ་དེ་ནུབ་པ་དང་སྲིད་པ་བར་དོའི་སྔ་མའི་གཟུགས་སུ་ཡོད་པར་སྙམ་ཞིང་། དབང་པོ་ཀུན་ཚང་བའི་སྣང་བ་ཅན་མའི་མངལ་དང་གྲོལ་བའི་ས་མ་གཏོགས་པའི་གནས་ཀུན་ཏུ་གར་ཡང་ཐོགས་པ་མེད་པར་རྒྱུ་བ། རྣམ་པར་ཤེས་པའི་རྟེན་དང་བྲལ་བས་རྣམ་ཤེས་རྟེན་ས་མེད་པས་ཡིད་སྐྱོ་ཞིང་ཡུལ་དང་འདུག་ས་འཚོལ། ལས་ཀྱི་དབང་གིས་མངལ་སྒོ་བཟང་ངན་མ་ངེས་པ་ཐ་དད་ལ་འཇུག་པ་ལས། སྨོན་ལམ་དག་པས་མཚམས་སྦྱར་ནས་དེའི་སྐབས་སུ་རིགས་བཟང་པོ་དང་། དབང་པོ་ཚང་བ་ལ་སོགས་པའི་མི་ལུས་མཐོ་རིས་ཡོན་ཏན་བདུན་དང་ལྡན་པ་ཐོབ་ནས། ཟབ་མོའི་ཆོས་འདི་ལྟ་བུ་དང་ཕྲད་ནས་སྐྱེ་བ་དེར་གྲོལ་བ་ཐོབ་པར་འགྱུར་བ་ཡིན་ནོ། །དེ་ཡང་ཤིན་ཏུ་སྡིག་པ་ཅན་རྣམས་ལ་བར་དོ་མི་སྣང་བར་ལུས་སེམས་བྲལ་མ་ཐག་ཏུ་རང་སྣང་འཁྲུལ་ནས་དམྱལ་བར་སྣང་བ་མར་གྱི་ཟང་ཐལ་དུ་འགྲོ་བ་ཡིན། སྡིག་པ་འབྲིང་དུ་བྱེད་པ་ལ་ནི་བར་དོ་ཡུན་ཐུང་དུ་གནས་ཤིང་། བར་དོའི་སྣང་བ་རྫོགས་པའི་མཚམས་དེ་ནས་ཡི་དྭགས་དང་དུད་འགྲོ་ངན་སོང་གཞན་གཉིས་སུ་སྐྱེས་ཏེ་དེའི་སྡུག་བསྔལ་མྱོང་བ་ཡིན་ལ། དགེ་སྡིག་དཀར་ནག་ཆ་སྙོམས་པ་ཅན་ལ་བར་དོ་ཡུན་རིང་བ་སྟེ། དེ་ཡང་རིང་བའི་མཐའ་མིའི་ཞག་གྲངས་བཞི་བཅུ་རྩ་དགུ་ཙམ་དུ་གནས་པ་དང་། དེ་ནས་ལས་ཀྱི་དབང་གིས་ལུས་ལེན་པར་འགྱུར་བ་ཡིན། དེ་ཡང་ཆོས་ཉིད་བར་དོའི་སྣང་བ་ནུབ་སོང་དུས་དབང་པོ་རྟུལ་བོའི་རབ་ཐ་གཉིས་ལ་སྲིད་པ་བར་དོ་འཆར་བ་ཡིན། རྒྱུ་མཚན་དེ་ལྟ་བས་ན་ད་ལྟ་གསོན་པོར་ཡོད་པའི་སྐབས་སུ་མི་དགེ་སྡིག་པའི་ལས་རྣམས་སྤངས་ཏེ་དཀར་པོ་དགེ་བ་སྒྲུབ་པ་དང་། ཁྱད་པར་དུ་འོད་གསལ་རྫོགས་པ་ཆེན་པོའི་ལམ་དུ་ཞུགས་ནས་སེམས་ཉིད་ཆོས་སྐུའི་གཏན་སྲིད་ཟིན་པ་ཞིག་བྱེད་པ་ནི་ཤིན་ཏུ་གཅེས་སོ། །དེ་དག་ནི་ཕན་པའི་གདམས་ངག་ཡིན་ནོ་སེམས་ལ་བཞག་ནས་ལག་ལེན་ཏུ་འཁྱོལ་བར་གྱིས་ཤིག དེ་ཡན་གྱིས་ལམ་གྱི་ཆོས་བསྟན་པ་རྣམས་སོང་ནས་འབྲས་བུའི་ཆོས་བསྟན་པ་ལ།

༤༢༥ མཐར་འབྲས་མངོན་པར་བྱང་ཆུབ་ཆོས་དྲུག་བསྟན་པ།

མཐར་ཐུག་འབྲས་བུ་མངོན་དུ་གྱུར་པའི་ཚེ།།

མངོན་པར་བྱང་ཆུབ་ཆོས་དྲུག་བསྟན་པ་ནི།།

གཟུང་འཛིན་འཁྲུལ་བའི་བག་ཆགས་ཀུན་བྲལ་ནས།།

འཁྲུལ་སྣང་འཁྲུལ་འཛིན་དབྱིངས་སུ་ནུབ་པ་ཡིན།།

སྤྲིན་དེངས་ཉི་མཁའ་བཞིན་དུ་དག་པའི་ཚེ།།

ཞེས་གསུངས་པ་སྟེ། མཐར་ཐུག་གི་འབྲས་བུ་མངོན་དུ་གྱུར་པའི་ཚེ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཆོས་དྲུག་བསྟན་པ་ནི། ཆོས་སྐུའི་དབྱིངས་སུ་མངོན་པར་བྱང་ཆུབ་པའི་གནས་སྐབས་ན་གཟུང་འཛིན་འཁྲུལ་བའི་བག་ཆགས་ཀུན་དང་བྲལ་ནས་འཁྲུལ་སྣང་འཁྲུལ་འཛིན་ཐམས་ཅད་དབྱིངས་སུ་ནུབ་པ་ཡིན་ལ། དེའི་དུས་སུ་སྤྲིན་དེངས་པའི་ཉི་མ་དང་ནམ་མཁའ་བཞིན་དུ་དག་ཅིང་སངས་པར་གྱུར་པའི་ཚེ་ན་སྐུ་གསུམ་གྱི་དབྱེ་བ་ཇི་ལྟར་འབྱེད་པའི་ཚུལ་བསྟན་པ་ལ་མཚམས་སྦྱར་བའོ།།

དང་པོ་ཆོས་སྐུ་དག་པ་གཉིས་ལྡན་བསྟན་པ།

དང་པོ་ཆོས་སྐུ་དག་པ་གཉིས་ལྡན་ནི།།

གསལ་བའི་ཡེ་ཤེས་ཆོས་ཉིད་དབྱིངས་སུ་ཤར།།

སྤྲོས་བྲལ་འོད་གསལ་ཁྱབ་གདལ་ཆེན་པོ་ཉིད།།

ལྷུན་གྲུབ་ཀ་དག་ཕྱོགས་ལ་གྲོལ་བ་ཡིན།།

ཞེས་གསུངས་པ་སྟེ། དང་པོ་ཆོས་ཀྱི་སྐུ་ངོ་བོ་ཡེ་དག་དང་གློ་བུར་བྲལ་དག་གི་སྤངས་རྟོགས་མཐར་ཕྱིན་པའི་དག་པ་གཉིས་ལྡན་ནི། གསལ་བའི་ཡེ་ཤེས་ཆོས་ཉིད་རྣམ་པར་མི་རྟོག་པའི་དབྱིངས་སུ་ཤར་བའི་སྤྲོས་བྲལ་འོད་གསལ་ཁྱབ་གདལ་ཆེན་པོ་དེ་ཉིད། ལྷུན་གྱིས་གྲུབ་ཅིང་ཀ་ནས་དག་པའི་ཕྱོགས་ལ་གྲོལ་བ་ཡིན་ནོ།།

གཉིས་པ་ལོངས་སྤྱོད་རྫོགས་སྐུ་དག་པ་བསྟན་པ།

གཉིས་པ་ལོངས་སྤྱོད་རྫོགས་སྐུ་དག་པ་ནི།།

དེ་ཉིད་ངང་ལས་ས་བཅུའི་སེམས་དཔའ་ལ།།

འཇའ་ཚོན་ལྟ་བུ་རིགས་ལྔ་གངས་ཆེན་མཚོ།།

མཚན་རྫོགས་དཔེ་བྱད་འབར་བ་སྣང་བ་ཡིན།།

ཞེས་གསུངས་པ་སྟེ། གཉིས་པ་ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པར་དག་པ་དེ་ནི། ཆོས་སྐུ་དེ་ཉིད་ཀྱི་ངང་ལོངས་སྐུ་ངེས་པ་ལྔ་ལྡན་ལས་ཕྱི་གསལ་ས་བཅུའི་སེམས་དཔའ་ལ་སྣང་བའི་རང་ལུགས་ཀྱི་ཕྱེད་སྤྲུལ་ལོངས་སྐུ་རུ་བཞེད་པ་དེ། སྣང་ལ་རང་བཞིན་གྱིས་མ་གྲུབ་པ་འཇའ་ཚོན་ལྟ་བུའི་རིགས་ལྔ་གངས་ཆེན་མཚོའི་རྣམ་པ་མཚན་བཟང་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུ་ལ་སོགས་པ་རྫོགས་ཤིང་འབར་བ་དེ་ལྟ་བུའི་ཚུལ་དུ་སྣང་ཞིང་གསལ་བ་ཡིན་ནོ།།

གསུམ་པ་སྤྲུལ་སྐུའི་ཟླ་གཟུགས་གདུལ་བྱར་སྣང་བར་བསྟན་པ།

གསུམ་པ་སྤྲུལ་སྐུའི་དེ་ཉིད་ཟླ་གཟུགས་བཞིན།།

གདུལ་བྱའི་ཆུ་སྣོད་གང་ཡོད་དེར་སྣང་སྟེ།།

བཟོ་དང་སྐྱེ་བ་མཆོག་གི་སྤྲུལ་བ་སོགས།།

གང་ལ་གང་འདུལ་དེ་ལ་དེར་སྣང་བས།།

འགྲོ་དྲུག་གནས་ན་སྲིད་པ་ཇི་སྲིད་བར།།

སེམས་ཅན་དོན་མཛད་འཕྲིན་ལས་བསམ་མི་ཁྱབ།།

ཅེས་གསུངས་པ་སྟེ། གསུམ་པ་སྤྲུལ་སྐུའི་དེ་ཉིད་ནི་ནམ་མཁའི་ཟླ་བ་ལས་ཆུ་ནང་གི་ཟླ་གཟུགས་བཞིན་དུ་ལས་སྨོན་མཐུན་པའི་གདུལ་བྱའི་ཆུ་སྣོད་གང་དང་གང་ན་ཡོད་པ་དེ་དང་དེར་སྤྲུལ་བའི་གཟུགས་སུ་སྣང་བ་སྟེ། དེ་ཡང་བཟོ་སྤྲུལ་བའི་སྐུ་དང་། སྐྱེ་བ་སྤྲུལ་བའི་སྐུ་དང་། མཆོག་གི་སྤྲུལ་བའི་སྐུ་ལ་སོགས་པ་གང་ལ་གང་འདུལ་དེ་ལ་དེར་སྣང་གིས་འགྲོ་བ་དྲུག་གནས་སུ་འཕྲིན་ལས་བསམ་གྱིས་མི་ཁྱབ་པར་མཛད་པའོ། །འདི་ལ་རང་བཞིན་སྤྲུལ་བ་འགྲོ་འདུལ་སྤྲུལ་བ་ལ་སོགས་པའི་དབྱེ་བ་གཞུང་ལྟར་ཡིན་ལ། དེས་སྐུ་གསུམ་བསྟན་པ་སོང་ནས་སྐུ་ལ་བརྟེན་པའི་ཡེ་ཤེས་དྲུག་ལྡན་བསྟན་པ་ནི།

སྐུ་ལ་བརྟེན་པའི་ཡེ་ཤེས་དྲུག་ལྡན་ནི།།

ཆོས་དབྱིངས་ཡེ་ཤེས་ཆོས་ཉིད་འཕོ་འགྱུར་མེད།།

མེ་ལོང་ཡེ་ཤེས་རང་གསལ་ཀུན་སྣང་གཞི།།

མཉམ་ཉིད་ཡེ་ཤེས་རོ་གཅིག་འབྱེད་པ་མེད།།

ཀུན་རྟོག་ཡེ་ཤེས་ཇི་སྙེད་ཇི་བཞིན་གཟིགས།།

བྱ་གྲུབ་ཡེ་ཤེས་མཛད་པ་བསམ་མི་ཁྱབ།།

ལྷུན་གྲུབ་ཡེ་ཤེས་འདུས་མ་བྱས་ཉིད་ནི།།

དཔེ་བྲལ་རྒྱལ་བའི་ཡེ་ཤེས་ཀུན་གྱི་བདག།

ནོར་བུ་བཞིན་དུ་མི་རྟོག་དོན་ཀུན་འབྱུང༌།།

ཞེས་གསུངས་པ་སྟེ། སྐུ་ལ་བརྟེན་པའི་ཡེ་ཤེས་དྲུག་ལྡན་ཏེ་རྒྱུན་གྱི་ཡེ་ཤེས་ལྔའི་སྟེང་དུ་ཡེ་ཤེས་ཐམས་ཅད་དང་མི་འབྲལ་བའི་གཞི་ལྷུན་གྲུབ་ཀྱི་ཡེ་ཤེས་དང་དྲུག་སྟེ། དེ་ཡང་ཆོས་དབྱིངས་ཡེ་ཤེས་ནི་ཆོས་ཉིད་དུས་གསུམ་ཀུན་ཏུ་འཕོ་འགྱུར་མེད་པ། མེ་ལོང་ཡེ་ཤེས་ནི་རང་གསལ་ཀུན་སྣང་བའི་གཞི། མཉམ་ཉིད་ཡེ་ཤེས་ནི་རོ་གཅིག་འབྱེད་པ་མེད་པའི་བདག་ཉིད་ཅན། ཀུན་རྟོག་ཡེ་ཤེས་ཏེ་སོ་སོ་རྟོག་པའི་ཡེ་ཤེས་ནི་ཇི་སྙེད་པའི་ཆོས་ཐམས་ཅད་ཇི་བཞིན་གཟིགས་པ། བྱ་གྲུབ་ཡེ་ཤེས་ནི་མཛད་པ་བསམ་གྱིས་མི་ཁྱབ་པ། ལྷུན་གྲུབ་ཡེ་ཤེས་འདུས་མ་བྱས་ཉིད་ནི། དཔེ་ཟླ་དང་བྲལ་བའི་རྒྱལ་བའི་ཡེ་ཤེས་ཀུན་གྱི་བདག་པོ། ཡིད་བཞིན་གྱི་ནོར་བུ་བཞིན་དུ་རྣམ་པར་མི་རྟོག་ཀྱང་འགྲོ་བའི་དོན་ཀུན་ངང་གིས་འབྱུང་བའོ།།

བཞི་པ་ཐུགས་རྗེ་འགྲོ་ལ་འབྱུང་ཚུལ་བསྟན་པ།

བཞི་པ་ཐུགས་རྗེ་འགྲོ་ལ་འབྱུང་ཚུལ་ནི།།

སེམས་བསྐྱེད་སྨོན་ལམ་ཚོགས་གཉིས་བསགས་པ་དང༌།།

ལྷུན་གྲུབ་ངང་ལས་ཡེ་ཤེས་སྟོབས་ཀྱིས་འབྱུང༌།།

ཞེས་གསུངས་ན། བཞི་པ་དེ་ལས་ཐུགས་རྗེ་འགྲོ་ལ་ཇི་ལྟར་འབྱུང་ཚུལ་ནི། དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པའི་སེམས་བསྐྱེད་ཁྱད་པར་འཕགས་པའི་སྨོན་ལམ་ཆེན་པོ་ལྔ་བརྒྱ་ལ་སོགས་པ་བཏབ་ཅིང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྒྱ་མཚོ་ལྟ་བུ་བསགས་པ་དང༌། ལྷུན་གྲུབ་ཀྱི་ངང་ལས་འབད་པ་མེད་པའི་ཡེ་ཤེས་ཀྱི་སྟོབས་ཀྱིས་འགྲོ་དོན་ལྷུན་གྲུབ་དུ་འབྱུང་ངོ་།།

ལྔ་པ་ཐུགས་རྗེ་ཇི་ལྟར་སྐྱེ་ཚུལ་བསྟན་པ།

ལྔ་པ་ཐུགས་རྗེ་ཇི་ལྟར་སྐྱེ་ཚུལ་ནི།།

རང་བཞིན་ཤུགས་ཀྱིས་ཐུགས་རྗེ་སྐྱེ་བ་དང༌།།

ཡུལ་དང་ཕྲད་པའི་ཐུགས་རྗེ་སྐྱེ་བ་དང༌།།

བསྐུལ་ཞིང་གསོལ་བ་གདབ་ལས་སྐྱེ་བའོ།།

ཞེས་གསུངས་ན། ཐུགས་རྗེ་ཇི་ལྟར་སྐྱེ་བའི་ཚུལ་ལ་ནི། རང་བཞིན་ཤུགས་ཀྱིས་ཐུགས་རྗེ་ཉི་མ་དང་དེའི་འོད་ཟེར་ལྟ་བུའི་ཚུལ་དུ་སྐྱེ་བ་དང་། ཡུལ་དང་ཕྲད་པའི་ཐུགས་རྗེ་སྐྱེ་བ་ནི་ཉི་མས་པད་མོ་རྒྱས་པ་ལྟ་བུ་དང༌། བསྐུལ་ཞིང་གསོལ་བ་གདབ་པ་ལས་ཐུགས་རྗེ་སྐྱེ་བ་ནི་བུ་ཆུང་གིས་མ་ལ་བོས་དུས་དེའི་སེམས་ཀྱིས་དེ་ལ་བསྐྱངས་པ་ལྟ་བུའོ།།

དྲུག་པ་དེ་ལས་འགྲོ་དོན་མཛད་ཚུལ་བསྟན་པ།

དྲུག་པ་དེ་ལས་འགྲོ་དོན་མཛད་ཚུལ་ནི།།

རྟེན་ཅན་རྟེན་མེད་ངོ་བོ་ཉིད་གསུམ་སྟེ།།

ཕྱོགས་ཆར་ཆད་རྣམས་འདི་བཞི་ངེས་བྱ་བ།།

ཆོས་སྐུས་གོ་འབྱེད་རྟེན་མེད་དོན་མཛད་ཅིང༌།།

སྨོན་ལམ་སེམས་བསྐྱེད་ནུས་པས་སྒྲིབ་སྦྱངས་ཏེ།།

འགྲོ་ལ་གཟུགས་སྐུ་སྣང་བར་མཛད་པའོ།།

ལོངས་སྐུ་ཡེ་ཤེས་ཐུགས་རྗེ་རང་སྣང་བས།།

རྟེན་ཅན་དོན་མཛད་ས་བཅུའི་སྒྲིབ་པ་སྦྱོང༌།།

ངོ་བོ་ཉིད་ཀྱིས་དོན་མཛད་དབྱིངས་ཀྱི་སྐུ།།

ཡོད་མེད་སྒྲོ་སྐུར་ཞི་བའི་ངང་ཉིད་ལས།།

གདུལ་བྱ་རྣམས་ལ་གང་འདོད་དེར་སྣང་བས།།

སྣ་ཚོགས་སྤྲུལ་བས་དོན་ཀུན་མཛད་པ་ཡིན།།

ཞེས་གསུངས་པ་སྟེ། འབྲས་བུ་སྐུ་བཞིའི་རྣམ་བཞག་ལས་དྲུག་པ་དེ་ལས་འགྲོ་བའི་དོན་མཛད་པའི་ཚུལ་ནི། རྟེན་ཅན་དང་གཅིག རྟེན་མེད་དང་གཉིས། ངོ་བོ་ཉིད་དང་གསུམ་སྟེ་ངོ་བོའི་ཐོག་ནས་གསུམ་དང་། ཕྱོགས་ཆར་ཆད་རྣམས་སམ་དབྱེ་བའི་སྟེང་ནས་རྟེན་ཅན་ལོངས་སྤྲུལ་གཉིས་དང་། རྟེན་མེད་ཆོས་སྐུ་དང་ངོ་བོ་ཉིད་སྐུ་སྟེ་བཞི་རུ་ངེས་པར་བྱ་བ་སྟེ། དེ་ཡང་ཆོས་སྐུས་ནང་གསལ་གྱི་དབྱིངས་གོ་འབྱེད་ཅིང་གཟུགས་སྐུ་གཉིས་ལྟ་བུའི་རྟེན་མེད་པའི་ཚུལ་གྱིས་འགྲོ་དོན་མཛད་ཅིང་། སྔོན་གྱི་སྨོན་ལམ་དང་སེམས་བསྐྱེད་ཀྱི་ནུས་པས་འགྲོ་བའི་སྒྲིབ་པ་སྦྱངས་ཏེ། འགྲོ་བའི་ཁམས་ལ་གཟུགས་སྐུ་གཉིས་སུ་རྣམ་པར་སྣང་བར་མཛད་པའོ། །གཟུགས་སྐུ་གཉིས་ལས་ལོངས་སྐུ་དེ་ལས་ཡེ་ཤེས་དང་ཐུགས་རྗེ་ཕྱི་གསལ་དུ་ངང་གིས་སྣང་བ་ཡིན་པས་ན། མཚན་དཔེ་རྫོགས་པའི་རྟེན་ཅན་གྱིས་དོན་མཛད་ནས་གདུལ་བྱ་ས་བཅུ་བའི་སེམས་དཔའི་སྒྲིབ་པ་སྦྱོང་བར་མཛད་པ་དང་། ངོ་བོ་ཉིད་སྐུས་སེམས་ཅན་གྱི་དོན་མཛད་པའི་དབྱིངས་ཀྱི་སྐུ་དེ་ནི། ཡོད་མེད་སྒྲོ་སྐུར་ཞི་བའི་ངང་སྐུ་གསུམ་གྱི་ཁྱབ་བྱེད་དུ་གནས་པ་དེ་ཉིད་ལས། ཆོས་སྐུའི་ངང་ལས་ལོངས་སྐུའི་གདངས་དང་། དེ་ལས་དག་དང་མ་དག་གི་གདུལ་བྱ་རྣམས་ལ་གང་ལ་གང་འདུལ་དེ་ལ་དེར་སྣང་བས་སྣ་ཚོགས་སྤྲུལ་བས་འགྲོ་བ་སེམས་ཅན་གྱི་དོན་ཀུན་མཛད་པ་ཡིན་ཞེས་སྤྱིའི་བཤད་པ་སོང་ནས། ད་ནི་རྫོགས་པའི་སངས་རྒྱས་ལ་སྐུ་དང་ཡེ་ཤེས་ཡོད་མེད་ཀྱི་འདོད་ཚུལ་རྣམ་པ་གསུམ་གྱི་རྣམ་བཞག་བསྟན་པ་སྟེ།

གྲུབ་པའི་མཐའ་ལས་རྟེན་ཅན་དོན་མཛད་པ།།

མཐར་ཐུག་རྫོགས་པའི་སངས་རྒྱས་ས་དེ་ན།།

སྐུ་དང་ཡེ་ཤེས་གྲུབ་པས་དོན་མཛད་འདོད།།

ཅེས་གསུངས་པ་སྟེ། དགོངས་པ་ལེན་ཚུལ་གྱི་དབང་གིས་གྲུབ་པའི་མཐའ་འགའ་ལས་གཟུགས་སྐུ་རྟེན་ཅན་གྱིས་འགྲོ་བའི་དོན་མཛད་པ་སྟེ། དེ་ཡང་མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་ས་ན་སྐུ་དང་ཡེ་ཤེས་ཞེས་པ་ཞིག་གྲུབ་པས་དོན་མཛད་པར་འདོད་པ་སྟེ་འདོད་པ་དང་པོ་དང་།

རྟེན་མེད་དེ་ལྟར་གྲུབ་པས་འགག་མེད་དེ།།

འོན་ཀྱང་དྲང་སྲོང་མཆོད་སྡོང་བསྒྲུབས་པ་བཞིན།།

སྨོན་ལམ་དབང་གིས་དེ་ལྟར་སྣང་བར་འདོད།།

ཅེས་གསུངས་པ་སྟེ། ངོ་བོ་ཉིད་སྐུ་དང་ཆོས་སྐུ་རྟེན་མེད་དེ་ལྟར་གྲུབ་པས་ན་འགག་པ་མེད་པ་ཉིད་དེ། སྐུ་དང་ཡེ་ཤེས་མེད་ཀྱང་དྲང་སྲོང་གིས་མཆོད་སྡོང་བསྒྲུབས་པ་བཞིན་དུ། སྔོན་གྱི་སྨོན་ལམ་གྱི་དབང་གིས་འགྲོ་བའི་དོན་དེ་ལྟ་དེ་ལྟར་སྣང་བར་འདོད་པ་སྟེ་རང་སྟོང་གི་ལུགས་སྔ་རབས་པའི་བཞེད་པའོ།།

ངོ་བོ་ཉིད་ཀྱིས་དོན་གཉིས་མཛད་པ་ཡང༌།།

དེ་དག་གཉིས་ལྟར་ཡོད་མེད་སྒྲོ་སྐུར་གྲོལ།།

དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ་དེ་ལས།།

ཇི་ལྟར་འཚམས་པར་བཞག་ནས་དོན་བྱེད་འདོད།།

ཅེས་གསུངས་པ་སྟེ། ངོ་བོ་ཉིད་ཀྱི་སྐུས་དོན་གཉིས་མཛད་པ་དེ་ཡང་རྟེན་བཅས་དང་རྟེན་མེད་དེ་དག་གཉིས་ལྟར་ཡོད་མེད་སྒྲོ་སྐུར་གྱི་མཐའ་ལས་གྲོལ་བ་ཡིན། སྐུ་གསུམ་དབྱེར་མེད་ཡེ་ཤེས་སྣང་སྟོང་ཟུང་འཇུག་ངོ་བོ་ཉིད་ཀྱི་སྐུ་དེ་ལས་ཇི་ལྟར་འཚམས་པར་མཉམ་པར་མ་བཞག་པ་མེད་པའི་ངང་ནས་འགྲོ་བའི་དོན་བྱེད་པར་འདོད་པ་ནི་གསུམ་པ་སྟེ།

འདི་དག་གསུམ་ཡང་དོན་ལ་གཅིག་དགོས་པས།།

སྔ་མ་ལྟ་བུར་ཁོང་དུ་ཆུད་པར་བྱ།།

དེ་ཡིས་ཕྱོགས་འཛིན་ཡོད་མེད་གཟེབ་ལས་གྲོལ།།

ཞེས་གསུངས་པ་སྟེ། འདོད་པ་འདི་གསུམ་པོ་ཡང་བཤད་ཚུལ་ཙམ་ལས་དོན་ལ་གཅིག་དགོས་པས་ན། སྐུ་གསུམ་ངོ་བོ་དབྱེར་མེད་ལྡོག་པ་ཐ་དད་འགྲོ་བའི་དོན་དུ་སྨོན་ལམ་གྱི་དབང་གིས་སྐུ་དང་ཡེ་ཤེས་སུ་གྲུབ་པའི་དོན་གཉིས་མཛད་པ་སངས་རྒྱས་ལ་ཡེ་ཤེས་ཡོད་པའི་ལུགས་སྔ་མ་ལྟར་དུ་ཁོང་དུ་ཆུད་པར་བྱ། དེ་ཡིས་ཕྱོགས་འཛིན་དང་ཡོད་མེད་དུ་སྨྲ་བའི་སྤྲོས་པའི་གཟེབ་ལས་གྲོལ་བ་ཡིན་ནོ།།

འབྲས་བུའི་དོན་བསྡུ་བ་གདམས་པ་དང་བཅས་པ་བསྟན་པ།

དེ་ལྟར་བླ་མེད་བྱང་ཆུབ་བརྙེས་པ་ནི།།

སོ་སོ་སྐྱེ་བོ་མོས་པ་ཕུན་ཚོགས་ལ།།

ཐུན་མོང་ཁྱད་པར་མཆོག་གི་ལམ་གསུམ་ལ།།

བརྟེན་ནས་འབད་པས་རིམ་གྱིས་གོང་བགྲོད་དེ།།

ཞེས་གསུངས་པ་སྟེ། དེ་ལྟར་བླ་མེད་བྱང་ཆུབ་ཀྱི་འབྲས་བུ་བརྙེས་པ་དེ་ནི། གང་ལ་གང་འདུལ་གྱིས་འགྲོ་བའི་དོན་མཛད་པའི་ཡུལ་གདུལ་བྱ་སོ་སོ་སྐྱེ་བོ་མོས་པ་ཕུན་སུམ་ཚོགས་པ་ཅན་ལ། ཐུན་མོང་དང་ཁྱད་པར་མཆོག་གི་ལམ་གསུམ་ལ་བརྟེན་ནས་འབད་པ་བྱས་པས་རིམ་གྱིས་ས་ལམ་གོང་ནས་གོང་དུ་བགྲོད་དེ། ཡོན་ཏན་གྱི་ཚོགས་ཡིད་བཞིན་གྱི་ནོར་བུ་ལྟ་བུ་ལྷུན་གྱིས་གྲུབ་པས་ན་སྟེ། སོ་སོ་སྐྱེ་བོ་ཞིག་ཡིན་ཡང་འགྲུབ་ཏུ་ཡོད་ལ། དེ་ཡང་བརྩོན་འགྲུས་ལ་རག་ལས་ཡོད་པས་ཐར་ལམ་དེ་ལྟ་བུ་སྒྲུབ་པ་ལ་རང་བཞིན་གྱིས་བརྩོན་པ་མི་འདོར་བར་འབད་པ་ཤིན་ཏུ་གཅེས་སོ། །དེས་མདོར་བསྟན་ནས་ཕྱི་རབས་པ་རྣམས་ལ་སླར་ཡང་རྒྱས་པར་གདམས་པ་གནང་བ་ནི།

དེང་སང་དུས་ངན་བསམས་ཤིང་སྐྱོ་བ་འཕེལ།།

ཚེ་ལ་ལོང་མེད་ཡེངས་མའི་ལམ་ལ་འཛད།།

ཤེས་བྱ་ཐུག་མེད་སྤྲོས་ལ་ཟད་པ་མེད།།

དེ་བས་ཉིན་མཚན་སྙིང་པོའི་ཆོས་སྒྲུབས་ཤིག།

ཅེས་གསུངས་པ་སྟེ། དེང་སང་སྙིགས་མ་ལྔ་བདོ་བའི་དུས་ངན་བསམས་ཤིང་བསམ་བཞིན་སྐྱོ་བ་འཕེལ་བའི་རྒྱུ་ཞིག་སྟེ། ཚེ་ཡི་སྙིགས་མའི་དུས་ལ་བབས་ནས་ལོང་མེད་པའི་དུས་སུ་ཐོན་པར་མ་ཟད། ཡུན་ཐུང་གི་མི་ཚེ་དེ་ཡང་དོན་མེད་ཡེངས་མ་ལམ་ལ་འཛད་པར་བྱེད་པ་དང་། ཤེས་བྱ་བསླབ་དགོས་གནས་ལ་མཐར་ཐུག་པ་མེད་དེ། ཤེས་བྱ་ནམ་མཁའི་གཟའ་སྐར་འདྲ། །བསླབ་དགོས་གནས་ལ་ཟད་མཐའ་མེད། །ཅེས་གསུངས་པའི་ཕྱིར་དང་། སྤྲོས་པ་སྣ་ཚོགས་ལ་ཡང་ཟད་པ་མེད་པས་ན། དེ་བས་ཉིན་མཚན་ཀུན་ཏུ་སྙིང་པོའི་ཆོས་གྱིས་ཤིག་གསུངས་པས། ངེས་འབྱུང་དང་བྱང་ཆུབ་སེམས་ཀྱིས་གཞི་བྱས། དད་དང་དམ་ཚིག་རྣམ་པར་དག་པས་རྫོགས་པ་ཆེན་པོའི་མན་ངག་ཚུལ་བཞིན་ཉམས་སུ་ལེན་པ་ལ་སྙིང་པོ་བྱེད་པ་གལ་ཆེའོ།།

ཚེ་འདིའི་བྱ་བ་ཤི་ཤིར་ཟིན་དུས་མེད།།

གཅིག་གིས་གཅིག་ཁྲིད་ཆུ་ཡི་གཉེར་མ་འདྲ།།

འཆི་དུས་བསྟོངས་སམ་ལེགས་པར་སེར་ཐོབ་ལ།།

དེ་རིང་ཉིད་ནས་ཐར་བའི་བྱང་ཆུབ་སྒྲུབས།།

ཞེས་གསུངས་ཏེ། ཚེ་འདིའི་བྱ་བ་ལ་ཤི་ཤི་ཆད་ཆད་ཀྱིས་ཇི་ལྟར་འབད་ཀྱང་ཟིན་རྒྱུ་དང་འགྲུབ་ཡོང་རྒྱུ་ཞིག་མེད་པར་བྱ་བ་གཅིག་གིས་གཅིག་ཁྲིད་པ་ཆུ་ཡི་གཉེར་མ་དང་འདྲ་བ་དང་། བྱ་བ་དེ་དག་གིས་འཆི་དུས་བསྟོངས་པའམ་སྐྱོབ་པར་འདུག་གམ་ལེགས་པར་སེར་ཐོབ་པ་སྟེ་ལེགས་པར་སོམ་ལ་ཕྱི་བཤོལ་གྱི་དབང་དུ་མི་གཏོང་བར་དེ་རིང་ཉིད་ནས་ཐར་བའི་བྱང་ཆུབ་ཡང་དག་པ་ཞིག་བསྒྲུབ་དགོས་སོ།།

གར་འགྲོ་ཅིར་འགྱུར་བདག་ལ་ཆ་ཡོད་པ།།

སུས་བསྟོངས་འདིར་བདེ་མི་འཇིགས་གདེང་ཅི་ཡོད།།

དེ་བས་ད་ལྟ་རང་དབང་ཡོད་དུས་སུ།།

གཏན་ཡུལ་ཐར་བའི་གནས་སུ་སྙེགས་རེ་རན།།

ཞེས་གསུངས་པ་སྟེ། སྐྱེ་བ་ཕྱི་མ་གར་འགྲོ་དང་ལུས་ཅི་འདྲ་ཞིག་ལེན་པར་འགྱུར་བའི་བདག་ལ་ཆ་ཡོད་པའི་དཔའ་ཚད་ཡོད་པ་དང་། སུས་བསྟོངས་པའམ་སྐྱོབ་ནས་ཚེ་འདིར་བདེ་བ་འཐོབ་རྒྱུའི་མི་འཇིགས་པའི་གདེང་ཅི་ཞིག་ཡོད་དེ་མེད་ངེས་པས། དེ་བས་ད་ལྟ་རང་དབང་ཡོད་པའི་དུས་སྐབས་འདིར་གཏན་དུ་བདེ་བའི་ཡུལ་ཐར་བའི་གནས་སུ་སྙེགས་རེ་རན་པའོ།།

ལུས་དང་ལོངས་སྤྱོད་མཛའ་བཤེས་གཉེན་འདུན་དང༌།།

ཚེ་འདིའི་སྣང་བ་མ་ལུས་ཀུན་བོར་ནས།།

གཅིག་པུ་སུས་ཀྱང་མི་བསྟོངས་འགྲོ་བ་སོམས།།

དེ་དུས་སྐྱབས་དང་དཔུང་གཉེན་ཚོལ་རེ་རན།།

ད་ལྟའི་འདི་བཞིན་གཏན་དུ་མི་འོང་བས།།

གནམ་ས་འགྲེ་ལྡོག་འཆི་བདག་འབྱུང་བའི་ཚེ།།

བདག་གིས་ཅི་བྱ་དེ་དུས་སུ་ལ་རེ།།

དེ་བས་ད་ལྟ་དམ་པའི་ཆོས་སྒྲུབས་ཤིག།

མཛངས་དང་གྲོས་འདུན་མཁས་དང་མི་མཁས་དང་།།

འཆི་དུས་རག་སྟེ་དགེ་བའི་དཔུང་ཚོགས་བསྐྱེད།།

སྙིང་པོའི་སེམས་ཉིད་གཉུག་མའི་དོན་ལ་སྒོམས།།

མཐོ་རིས་བདེ་འགྲོའི་དགའ་བདེ་ལྷུན་གྱིས་གྲུབ།།

ཐར་བའི་གནས་བཟང་རིན་ཆེན་ཕོ་བྲང་དུ།།

རྒྱལ་བས་སྔུན་བསུ་རང་རིག་ཡེ་ཤེས་མཆོག།

བྱང་ཆུབ་འབྱོར་པ་ཤིན་ཏུ་མཐའ་ཡས་ཤིང༌།།

རྟག་ཏུ་མི་འགྱུར་བདེ་ཆེན་དོན་ལ་སྤྱོད།།

ཆོས་མེད་སྤྲང་པོ་བདག་གིས་དེ་སྐད་བསྐུལ།།

ཕན་པའི་སྙིང་གཏམ་ལགས་ཀྱིས་སེམས་ལ་ཞོག།

ཅེས་གསུངས་པ་སྟེ། ལུས་ཞེས་པ་བདག་ཏུ་འཛིན་གཞིའི་ཕུང་ཁམས་སྐྱེ་མཆེད་ཀྱི་བདག་ཉིད་ཅན་འདི་དང་། ལོངས་སྤྱོད་གནས་དང་གནས་མིན་སྣ་ཚོགས་ཡོ་བྱད་ཚེ་གཅིག་ལ་འབད་པས་བསགས་པ་དང་། མཛའ་བཤེས་དགའ་ཉེ་མཐུན་གྲོགས་གཉེན་འདུན་དང་བཅས་པ་དང་། ཚེ་འདིའི་སྣང་བ་ཡོད་དོ་ཅོག་གཅིག་ཀྱང་མ་ལུས་པ་བཅས་པ་ཐམས་ཅད་ཀུན་བོར་ནས་གྲོགས་མེད་གཅིག་པུ་མར་གྱི་དཀྱིལ་ནས་སྤུ་ཕྱུང་བ་བཞིན་དུ་སུས་ཀྱང་མི་བསྟོངས་པའམ་མི་སྐྱོབ་པར་འཇིག་རྟེན་ཕྱི་མའི་ལམ་ཆེན་ལ་འགྲོ་བའི་ཚུལ་དེ་ལ་བསམས་ནས། དེ་དུས་ཕན་པ་ཡོད་པའི་སྐྱབས་དང་སྐྱོབ་མ་མགོན་དང་དཔུང་གཉེན་དེ་ད་ལྟ་ནས་འདི་ཡིན་སྙམ་པ་ཞིག་ཚོལ་རེ་རན་པ་སྟེ། སྐྱིད་ཆོས་རྒྱགས་ཆོས་མ་ཡིན་པའི་ཆོས་རྣམ་པར་དག་པ། གཞན་མགོ་གནས་སྐབས་འདོན་མ་ཐུབ་ཀྱང་རང་མགོ་ཐོན་པ་ཞིག་རན་པའི་དུས་ལ་བབས་ཡོད་དེ། ད་ལྟ་གསོན་པོའི་སྣང་བ་འདི་དུས་གཏན་དུ་མི་འོང་བར་འཆི་བ་ཞེས་པ་དེ་ངེས་པར་དུ་ཡོང་བ་ཡིན་པས། དེའི་དུས་སུ་གནམ་ས་འགྲེ་ལྡོག་ལྟ་བུའི་འགྱུར་བ་ཆེན་པོ་བྱུང་བའམ། གནམ་ས་འགྲེ་ལྡོག་གི་སྣང་བ་ཡང་ཤར་བ་ཡིན་ན་དུས་དེའི་ཚེ་བདག་གིས་རེ་ལྟོས་སུ་ལ་འཆའ་བ་ཡིན། དེ་བས་ད་ལྟ་ལོང་ཁོམ་ཡོད་པའི་གནས་སྐབས་སུ་དམ་པའི་ཆོས་ཤིག་སྒྲུབས་དང་དེའི་དུས་སུ་སེམས་ཁུར་མི་དགོས་པ། ང་འཆི་བས་འཇིགས་ནས་རི་ལ་བྲོས། །ནམ་འཆི་ཆ་མེད་བསྒོམས་བསྒོམས་ནས། །ད་འཆི་བའི་འཇིགས་པ་བོར་ནས་ཐལ། །ཞེས་པ་ལྟ་བུ་ཞིག་ཏུ་འགྱུར་བ་ཡིན་ནོ། །མཛངས་པ་མ་འོངས་ཚོད་དཔག་ནུས་མཁན་ཞིག་ཡིན་མིན་དང་། གྲོས་འདུན་ལ་མཁས་དང་མི་མཁས་ཐམས་ཅད་འཆི་དུས་ལ་རག་ལས་པའམ་འཆི་བའི་ཉིན་མོར་ཧ་གོ་བ་ཡིན་པ་དེས་ན། དགེ་བའི་དཔུང་ཚོགས་ཀྱི་སྟོབས་ད་ལྟ་ནས་བསྐྱེད་པར་བྱས་ན། འཆི་བའི་དུས་སུ་འཇིགས་ཤིང་སྐྲག་དགོས་པ་མིན་པས། རྫོགས་པ་ཆེན་པོའི་དོན་ཉམས་སུ་བླངས་ནས་སྙིང་པོ་སེམས་ཉིད་གཉུག་མའི་དོན་ལ་སྒོམས་པར་གྱིས་ཤིག་དང་། མཐོ་རིས་བདེ་འགྲོའི་དགའ་བདེ་ཐར་བ་སྒྲུབ་པའི་ཞོར་དུ་ལྷུན་གྱིས་གྲུབ་པ་ཡིན་ནོ། །མ་ཟད་དེའི་གནས་སྐབས་ན་ཐར་བའི་གནས་བཟང་རིན་པོ་ཆེའི་ཕོ་བྲང་གི་ནང་དུ་རྒྱལ་བས་སྔུན་ནས་བསུ་བ་དང་བཅས་ཏེ་རང་རིག་ཡེ་ཤེས་མཆོག་གི་རྒྱལ་ས་ལ། བྱང་ཆུབ་ཀྱི་འབྱོར་བ་རྒྱ་མཚོ་ཤིན་ཏུ་མཐའ་ཡས་པས་བརྒྱན་ཞིང་། རྟག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་དོན་ལ་སྤྱོད་པའི་རྒྱལ་ཐབས་ལ་མངའ་དབང་སྒྱུར་ཆོག་པ་ཡིན་ནོ། །དེ་ལྟ་བུའི་སྐུལ་མ་དེ་ནི་ཆོས་མེད་ཀྱི་སྤྲང་པོ་ཀུན་མཁྱེན་ཀློང་ཆེན་པ་བདག་གིས་དེ་སྐད་དུ་། མ་འོངས་ཕྱི་རབས་ཀྱི་སེམས་ཅན་ལ་སྐུལ་མ་བཏབ་པས་མ་ཚད་ཕན་པའི་སྙིང་གཏམ་ཡང་ལགས་པས་སེམས་ལ་ཞོག་ཅིག་ཅེས་བར་དུ་དགེ་བ་གཞུང་གི་དོན་ཆ་ཚང་རྫོགས་པའོ།།

ཐ་མར་དགེ་བ་མཇུག་གི་དོན་བཤད་པ།

དེ་ལྟར་ཆོས་ཚུལ་ཡོན་ཏན་རིན་ཆེན་མཛོད།།

དྲུག་ཚན་རེས་ཀྱང་སྙིང་པོའི་དོན་འགྲུབ་པ།།

ཡིད་བཞིན་རིན་ཆེན་གདམས་པའི་སྙིང་པོ་འདི།།

དད་ལྡན་ཐར་བ་བསྒྲུབ་རྣམས་དོན་དུ་སྤྲོས།།

ཞེས་གསུངས་ན། དེ་ལྟར་ཆོས་ཚུལ་མཐའ་དག་རྫོགས་པའི་ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་གཞུང་བཟང་འདིའི་གཞུང་དོན་མཐའ་དག་ཉམས་སུ་བླངས་ན་སྨོས་ཅི་དགོས། དེ་ལས་དྲུག་ཚན་རེས་ཀྱང་སྙིང་པོའི་དོན་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འགྲུབ་པར་བྱེད་པ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྙེད་པ་ལྟ་བུའི་གདམས་ངག་གི་སྙིང་པོ་འདི་ཉིད། དད་ལྡན་ཐར་བ་བསྒྲུབ་པར་འདོད་པ་རྣམས་ཀྱི་དོན་དུ་ཀློང་ཆེན་པ་བདག་གིས་སྤྲོས་པའོ།།

མཇུག་བསྔོ་བ་བསྟན་པ།

དགེ་བ་དེ་ཡིས་བདག་དང་འགྲོ་བ་ཀུན།།

མ་ལུས་བདེ་གཤེགས་སྙིང་པོའི་སར་གཞོལ་ནས།།

སྤངས་དང་རྟོགས་པའི་ཡོན་ཏན་ཕུན་ཚོགས་ཏེ།།

དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག།

ཅེས་གསུངས་ན། དགེ་བ་དེ་ཡིས་བདག་དང་མཐའ་ཡས་པའི་འགྲོ་བ་སེམས་ཅན་ཐམས་ཅད་ཀུན། གཅིག་ཀྱང་མ་ལུས་པ་བདེ་གཤེགས་སྙིང་པོའི་དག་པ་གཉིས་ལྡན་གྱི་སྐུ་མངོན་དུ་བྱས་ཏེ་སངས་རྒྱས་པའི་སར་གཞོལ་ནས། སྤངས་པ་དང་རྟོགས་པའི་ཡོན་ཏན་ཐམས་ཅད་ཕུན་སུམ་ཚོགས་པར་གྱུར་ཏེ། རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་ནས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ཤོག་ཅིག་ཅེས་བདག་གཞན་སེམས་ཅན་ཐམས་ཅད་ལ་བསྔོ་བ་མཛད་པའོ།།

སྨོན་ལམ་བསྟན་པ།

བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ།།

སྲིད་ན་མི་སྐྱོ་སེམས་ཅན་དོན་བསྒྲུབ་ཅིང༌།།

དམ་པ་རྣམས་ལས་ཆོས་ཀྱི་མཛོད་ཐོས་ཏེ།།

ཚུལ་བཞིན་བསྒྲུབ་པས་རྒྱལ་བ་མཉེས་པར་ཤོག།

ཅེས་གསུངས་པ་སྟེ། བདག་ཀྱང་དེང་ནས་ཚེ་རབས་སྐྱེ་བའི་ཕྲེང་བ་ཐམས་ཅད་དུ། གཞན་དོན་དུ་སྲིད་པའི་གནས་སུ་བསྐལ་བར་གནས་དགོས་ཀྱང་མི་སྐྱོ་བར་སེམས་ཅན་གྱི་དོན་བསྒྲུབ་ཅིང་། དགེ་བའི་བཤེས་གཉེན་དམ་པ་རྣམས་ལས་ཆོས་ཀྱི་མཛོད་མང་དུ་ཐོས་ཏེ། དེ་ཡང་ཐོས་པ་ཙམ་གྱིས་མི་ཚད་ཆོས་ཚུལ་བཞིན་དུ་བསྒྲུབས་པས་རྒྱལ་བ་མཉེས་པར་ཤོག་ཅེས་པ་སྟེ་རྒྱལ་བའི་ཆོས་ལ་བརྟེན་ཏེ་སེམས་ཅན་གྱི་དོན་བྱེད་དགོས། ཐོས་བསམ་སྒོམ་གསུམ་དང་སྤོང་ཀློག་གཉིས་ཀས་རྒྱལ་བ་མཉེས་པ་ལས་གཞན་གྱིས་མཉེས་པ་མིན་པས་དེ་ལྟར་བྱེད་པར་ཤོག་ཅིག་ཅེས་པའོ།།

བྱང་ཆུབ་ཐོབ་ཀྱང་སེམས་ཅན་མི་འདོར་ཞིང༌།།

འཁོར་བར་གནས་ཀྱང་ཉེས་པས་ཀྱང་མི་གོས།།

མཐོང་ཐོས་དྲན་རེག་ཐར་བའི་ལམ་འདྲེན་པས།།

རྒྱལ་བ་སྲས་བཅས་རབ་ཏུ་མཉེས་པར་ཤོག།

ཅེས་གསུངས་པ་སྟེ། བདག་རང་གི་ངོས་ནས་བྱང་ཆུབ་ཐོབ་ཀྱང་གཞན་སེམས་ཅན་ཐམས་ཅད་མི་འདོར་ཞིང་། འཁོར་བར་གནས་ཀྱང་པདྨོ་འདམ་དུ་གནས་པ་འདམ་གྱི་དྲི་མས་མ་གོས་པ་ལྟར་དུ་ཉེས་པས་ཀྱང་མི་གོས་པ་དང་། མཐོང་ཚད་ཐོས་ཚད་དྲན་ཚད་རེག་ཚད་ཐམས་ཅད་ཐར་བའི་ལམ་དུ་འདྲེན་པར་ནུས་པས། རྒྱལ་བ་སྲས་དང་བཅས་པ་རབ་ཏུ་མཉེས་པར་ཤོག་ཅིག་ཅེས་པའོ།།

སྐལ་ལྡན་རྣམས་ལ་ཟབ་མོའི་ཆོས་སྟོན་ཅིང༌།།

སྐལ་མེད་རྣམས་ལ་ཆོས་ཀྱི་ས་བོན་འདེབས།།

སྒྲུབ་པ་ལྷུར་ལེན་ཉམས་ལེན་མཐར་ཕྱིན་པས།།

དཔལ་མགོན་བླ་མ་དམ་པ་མཉེས་པར་ཤོག།

ཅེས་གསུངས་པ་སྟེ། སྐལ་བ་དང་ལྡན་པ་སྣོད་དང་ལྡན་པ་རྣམས་ལ་ཟབ་མོའི་ཆོས་དངོས་སུ་སྟོན་ཅིང༌། སྐལ་མེད་སྣོད་མིན་རྣམས་ལ་ཡང་དཔེར་ན་དུད་འགྲོའི་རྣ་ལམ་དུ་སངས་རྒྱས་ཀྱི་མཚན་བསྒྲགས་པ་ལྟ་བུ་དང་། བཏགས་གྲོལ་ཞིག་མགོར་བཞག་པ་ལྟ་བུའི་ཆོས་ཀྱི་ས་བོན་འདེབས་པ་དང་། སྒྲུབ་པ་ལྷུར་ལེན་པ་དང་དེའི་ཉམས་ལེན་མཐར་ཕྱིན་པས། དཔལ་མགོན་བླ་མ་དམ་པ་མཉེས་པ་མཆོག་ཏུ་འགྱུར་བར་ཤོག་ཅེས་པའི་སྨོན་ལམ་རྣམ་པར་དག་པས་མཐའ་བསྡུས་པའོ།།

མཛད་བྱང་བསྟན་པ།

མན་ངག་རིན་པོ་ཆེའི་མཛོད་ཅེས་བྱ་བ། བདེ་བར་གཤེགས་པའི་གསུང་རབ་ལ་མང་དུ་ཐོས་པའི་ནོར་གྱིས་འབྱོར་ཞིང༌། ཟབ་པ་དང་རྒྱ་ཆེ་བའི་དོན་ལ། ཐོས་པ་དང༌། བསམ་པ་དང༌། སྒོམ་པའི་ཤེས་རབ་ཀྱིས་ལེགས་པར་སྦྱངས་པ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་སྦྱར་བ་རྫོགས་སོ།། །།

ཞེས་པ་སྟེ། དེ་ལ་མན་ངག་རིན་པོ་ཆེའི་མཛོད་ཀྱི་དྲུག་ཚན་རེ་རེ་ལ་ཡང་རྒྱལ་བའི་ཆོས་ཚུལ་མཐའ་དག་རྫོགས་ཤིང་ཐར་བ་དང་ཐམས་ཅད་མཁྱེན་པའི་སྙིང་པོའི་དོན་སྒྲུབ་པའི་མན་ངག་ཡིད་བཞིན་གྱི་ནོར་བུ་ལྟ་བུ། འདི་ཕྱི་རང་གཞན་ཐམས་ཅད་ཀྱི་འཕྲལ་དང་ཡུན་གྱི་དོན་འགྲུབ་པའི་གདམས་པ་ཆ་ཚང་ཞིབ་རྒྱས་སུ་ཕུལ་གྲུབ་པའོ།། །། ༈ ད་རེས་རང་རེ་འདི་ན་ཆོས་གཅིག་གིས་མཉམ་དུ་བསྡུས་པའི་སྡེ་སྣོད་འཛིན་པ་བླ་སྤྲུལ་མཁན་གསུམ། མདོ་སྔགས་རབ་འབྱམས་པ་འཆད་རྩོད་རྩོམ་གསུམ་གྱིས་རྒྱལ་བའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཛད་བཞིན་པའི་ཐོས་བསམ་པ། ཐུན་མོང་མ་ཡིན་པའི་གནད་ཀྱི་གདམས་པ་ཟབ་མོ་ཉམས་ལེན་མཛད་པའི་སྤོང་བ་བསམ་གཏན་པ། ཐུན་བཞིའི་རྣལ་འབྱོར་ཆགས་མེད་མཛད་ནས་འཁོར་བའི་ཆོས་ལ་ཕྱི་ཕྱག་འཚལ་ནས་གྲོགས་བྱ་དང་རི་དྭགས་ལ་མཛད་པའི་བྱ་བཏང་རི་ཁྲོད་པ། ཆོས་སྡེ་ཆེན་པོའི་བྱ་བ་ལས་ཀྱི་འཁོར་ལོ་ཁྱད་པར་དུ་སྔ་འགྱུར་རྙིང་མ་པ་ལ་མཚོན་ན། བརྒྱུད་པ་དྲུག་ལྡན་དང་དགུ་ལྡན་གྱི་བདག་ཉིད་ཅན། བཀའ་བབས་ཀྱི་ཆུ་བོ་ཆེན་པོ་བཞིའི་ནང་དུ་འདུས་པའི་རྒྱུད་སྡེ་དང་སྒྲུབ་སྡེ་འབྲེལ་བའི་སྒྲུབ་སྡེའི་རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་གི་བརྒྱུད་པའི་བཀའ་སྲོལ་གྱི་མཐོང་བ་བརྒྱུད་པའི་ཕྱག་ལེན། དམ་པ་གོང་མའི་ཕྱག་བཞེས་ཇི་བཞིན་དུ་མཛད་པའི་གྲུབ་དབང་རྫོགས་ཆེན་པའི་ཚོམ་བུ་ཚོགས་སྒྲུབ་ཆ་ལག་དང་བཅས་པའི་བསྟན་སྲོག་མི་ཉམས་རྒྱུན་འཛིན་མཛད་པའི་དགོན་ཆེན་གཞུང་གི་ཕྱོགས་བཞིའི་གྲྭ་ཚང་། དགེ་ཆོས་ལས་འཛིན། དབུ་མཆོག་བརྒྱད་ཅུས་དབུ་བྱས་པ། གཞན་ཡང་ཆོས་འདོད་དོན་གཉེར་ཅན་ས་ཕྱོགས་གང་ས་གང་ནས་ཕེབས་པའི་སྦྱངས་ཡོན་ལ་གནས་པའི་གྲྭ་ཇོ་སེར་བརྒྱ་ཚོ་དུ་མ་དང་། དགེ་བསྙེན་ཕོ་མོ་བཅས་པ་འདི་བཞིན་དུ་ཉིན་རྟག་པར་ཆོས་ར་གཅིག་གི་ནང་དུ་མཉམ་དུ་འཚོགས་རྒྱུ་བྱུང་བ་ནི། སྟབས་ལེགས་སྟེས་དབང་གིས་ཇི་བྱུང་བྱུང་གང་འདོད་འདོད་དུ་རང་གར་འཛོམས་པ་ཞིག་ཅི་ལ་ཡིན། དུས་ལ་བབས་པའི་རྒྱུ་རྐྱེན་ཚོགས་ཚེ་དབྱར་མེ་ཏོག་སྣ་བརྒྱ་དུས་གཅིག་ལ་བཞད་པ་དང་འདྲ་བར། འདི་ཡང་སྔོན་གྱི་ལས་དང་སྨོན་ལམ་གཅིག་ཏུ་མཐུན་པའི་དབང་གིས་ཆོས་ཟབ་མོ་འཆད་ཉན་ལ་མཉམ་དུ་ཞུགས་རྒྱུ་བྱུང་བའི་སྐལ་བ་བཟང་པོ། ཁྱེད་རྣམ་པ་ཙམ་གྱིས་མ་ཚད་ང་རང་ཉིད་ལ་མཚོན་ན་ཡང་ལྡན་སོང་བ་ཞིག་རེད། ང་ལྟ་བུ་ཞིག་ལ་ཆ་བཞག་ན་དུས་རྒྱུན་པར་རྣམ་དྲུག་ལ་ཞུ་བཞིན་པ་ལྟར་དུ། མིང་ལ་དམ་པའི་སྐྱེས་བུ་གོང་མ་ཞིག་གི་མཚན་གྱི་རས་མ་ཞིག་བཏགས་ཡོད་ཀྱང་། དོན་ལ་སོར་སྐྱེ་ཐ་མལ་བ་འཆིང་བ་ཀུན་ལྡན་ཞིག་ལས་མ་འདས་པ་ནི་རང་བློ་རང་ལ་ལྐོག་ཏུ་མ་གྱུར་པ་ཡིན་ཞིང་། ཡིན་ན་ཡང་ཐེག་པ་ཆེན་པོའི་རིགས་ཅན་གྱི་གདུལ་བྱ་ཞིག་ཏུ་གྱུར། དམ་པ་གོང་མ་སངས་རྒྱས་དངོས་བྱོན་དེ་ཚོའི་ཞལ་མཇལ་བ་དང་གསུང་ཐོས་པ་ཙམ་གྱིས་མ་ཚད། གདམས་ངག་གི་བདུད་རྩི་ཐོབ་པ་ལ་བརྟེན་ནས། མྱི་ངན་ཡང་ཡོད་ལན་དང་། ཤིང་ངན་ཡང་དཀྱུ་ལན་ཞིག་གིས། ལར་མ་གཞི་མདོ་ཁམས་རྫོགས་ཆེན་པ་མཚན་ཆེ་ན་ཡང་། དུས་འགྱུར་ཡོ་ལང་གི་སྐབས་སུ་དམ་པ་ཆོས་ཕྱོགས་ཀྱི་སྐད་ཆའི་ཐོག་ནས་བཤད་ན། ཆོས་པ་རབ་བསད། འབྲིང་སྤྱུགས། ཐ་མ་བྲན་དུ་བཀོལ་ནས་མེད་པར་གྱུར་པ་དང་། འཇིག་རྟེན་མི་ནག་ཕལ་བའི་བཤད་སྟངས་ཀྱི་ཐོག་ནས་བཤད་ན། སྐྱེས་སྐྱེས་དམར་ཡག་སྟག་ལ་སྐྱེས་ཀྱང་། ཤི་ཤི་སྔོན་མོའི་གྲི་ལ་ཞ། ཞེས་པ་ལྟར་དུ། དེའི་སྐབས་ཀྱི་དུས་རབས་ཀྱི་འགྲོས་ཀྱི་བསམ་བློའི་འཁྱེར་སོ་དང་ལ་རྒྱའི་ཐོག་ནས། དུས་རབས་ཤིག་གི་ལ་མོ་བརྒྱབས་ཏེ། ཤི་ཤི་བརྒྱ་ཡི་འཕྲོ་མ། གསོན་གསོན་བརྒྱ་ཡི་མགོ་མ་ངེད་བླ་རྒན་ཁ་ཤས་མ་གཏོགས་ཅུང་མ་ལྷག་པ་དང་། དེ་ལས་ཀྱང་རྫོགས་ཆེན་ཚང་ཞེས་མིང་གདགས་སའི་རྫོགས་ཆེན་བླ་བྲང་གཞུང་གི་མི་ལ་ང་གཅིག་པུ་ལས་མ་ལྷག་པ་ཡིན། གཅིག་དགུ་ལྔ་བཅུ་ང་དགུའི་ལོར་རྫོགས་སྤྲུལ་སྐུ་ཕྲེང་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་དང་། ཡོངས་འཛིན་འཇིགས་མེད་ཡོན་ཏན་མགོན་པོ་རྣམ་པ་གཉིས་དང་གཟིམ་ཁང་གཅིག་གི་ནང་ནས་ཁ་བྲལ་ཏེ། གུ་རུ་རིན་པོ་ཆེ་ལྷོ་ནུབ་སྲིན་པོའི་ཡུལ་དུ་འབྱོན་པར་དགོངས་ཚེ་རྒྱལ་སྲས་མུ་ཏིག་བཙན་པོས། སློབ་དཔོན་བཞུད་ན་སྐྱབས་དང་བྲལ་ལོ་སྙམ༔ རྒྱབ་ནས་དྲོ་བའི་སློག་པ་བཤུས་སོ་སྙམ༔ མདུན་ནས་བརྟེན་པའི་འཁར་བ་མེད་དོ་སྙམ༔ འོད་ཀྱིས་དྲོས་པའི་ཉི་ཟླ་ནུབ་བོ་སྙམ༔ ཚེ་འདིར་གཅེས་པའི་མིག་དང་བྲལ་ལོ་སྙམ༔ ཞེས་པ་ལྟར་དུ་གྱུར་ནས་ཕོ་ལོ་བཅུ་དྲུག་གི་ཐོག་ནས་དྭ་ཕྲུག་སྐྱབས་མེད་དུ་ལུས་ཀྱང་། མི་རྟག་འགྱུར་བའི་རང་གཤིས་དེ་སུ་ལ་ཡང་འབྱུང་བ་ཡིན་པས། སེམས་དེ་ན་འགྱུར་དུ་མེད་པའི་དྲོད་ཐིག་ཅི་འདྲ་ཞིག་ལྷག་ཡོད་པ་ཡིན་ན། འདའ་ཀའི་གསུང་གི་ཞལ་ཆེམས་ཀྱི་ཚིག་ཁ་ཤས་ཀྱི་མཇུག་ལ་ཁྱོད་ཡིན་གསུངས་པའི་ཚིག་གཉིས་ཀྱི་ཚིག་མཐའ་དེ་ནི་ཡི་གེའི་མཇུག་ལ་ཐེལ་ཙེས་མནན་པ་བཞིན་དུ། མི་ལོ་ལྔ་བཅུ་ང་གཅིག་གི་རིང་གི་དབྱར་དགུན་སྟོན་དཔྱིད་ཀྱི་དུས་དུ་བརྗེས་ཀྱི་ཚེ་ལ་བརྗེད་དུ་མེད་པར་ཡིད་ལ་ཁྲིག་གེར་ཆགས་ནས་ཡོད་པ་ཡིན། དེ་ལྟ་བུའི་ཚེ་དབང་ལོ་གྲངས་ཤིག་དང་མཉམ་པོར་རྟེན་འདིའི་ཐོག་ནས་དམ་པ་གོང་མ་དེ་རྣམས་དང་ཞལ་གྱེས་ན་ཡང་། ལས་ཡག་ཉེས་གཉིས་ཀྱི་དུས་ཚོད་འཕོ་འགྱུར་གྱིི་སྐབས་སུ་བསྟན་པ་རང་རྒྱུད་ནས་གསོ་བའི་སེམས་རྟེན་དེ་འཆང་ནས། མཆོག་གསུམ་དམ་པའིི་ཐུགས་རྗེ་དང་། སྐྱེས་ཆེན་དམ་པ་ཚོའི་ཐུགས་བསྐྱེད། སྐྱེ་དགུའི་བསོད་ནམས་ཀྱི་མཐུ་སྟོབས་ཀྱིས་དེང་ཡང་དར་བསྟན་པའི་མེ་རོ་སློང་བའི་སྐབས་སུ་ཁེལ་ནས། བྱ་བ་སྣ་མང་གི་བརྒྱུད་རིམ་གྱི་དུས་ཚོད་རིང་པོའི་མཐའ་མཇུག་ལ་སྐལ་ལྡན་རྣམས་དང་མཉམ་དུ་འཛོམས་ནས། འདིའི་ཡང་དབེན་གྱི་རི་ཁྲོད་འདིར་རྫོགས་པ་ཆེན་པོའི་ཆིག་བརྒྱུད་ཀྱི་མན་ངག་གི་སྙན་བརྒྱུད་ཟབ་མོའི་ཞལ་ཕྱེས་ནས་ད་ལོ་མི་ལོ་བརྒྱད་ལོན་སོང་བ་ཡིན། ང་རང་ངོས་ནས་དམ་པ་གོང་མའི་ཐུགས་རེ་མི་བཏང་ཙམ་གྱི་སྒྲུབ་པའི་མཆོད་པའི་དགོངས་རྫོགས་ཤིག་འགྲུབ་ཡོད་སྙམ་པའི་ཐོག་ནས་བྱ་བ་བྱས་ཚར་ཁུར་བོར་ཚར་ཟེར་བ་མིན་ཡང་། སང་ཉིན་ཤི་ཡང་བློ་ལྷག་མེད་པའི་ཚོད་ལ་ཐོན་ཡོད་པ་ཡིན། དེའི་མི་ལོ་བརྒྱད་ཀྱི་རིང་ལ་ཡེ་ཤེས་བླ་མའི་ཁྲིད་ཞིབ་རྒྱས་ཁྲིད་སྦྱོང་དང་བཅས་པ་ད་ལོའི་འདི་ཡིས་ཐེངས་དྲུག་སོང་བ་རེད། བླ་མ་ཡང་ཏིག་ཅིག་མཁན་སྤྲུལ་ཉུང་ཤས་ཤིག་ལ་གངས་རི་ཐོད་དཀར་ནས་ཁྲིད་འཆར་བྱས་པ་དེ་བར་ཆད་ཀྱི་དབང་དུ་སོང་ནས་འདོན་རྒྱུ་མ་བྱུང་ཡང་། སང་ཕོད་འདི་བཞིན་དུ་འཚོ་ནས་ཡོད་ན་མཚོ་སྔོན་པོའི་མཚོ་སྙིང་ནས་ཁྲིད་འཆར་ཡིན། ཀློང་ཆེན་མཛོད་བདུན་གྱི་ཐེག་མཆོག་མཛོད་ལས་གཞན་པ་རྣམས་འཇིགས་མེད་ཡོན་ཏན་མགོན་པོའི་མདུན་ནས་ཐོབ་པ་དང་། ཐེག་མཆོག་མཛོད་འདི་མཁན་པོ་ཐུབ་བསྟན་སྙན་གྲགས་ཀྱི་མདུན་ནས། གྲུབ་དབང་རྫོགས་ཆེན་པའི་ཕོ་བྲང་གི་ཡང་སྟེང་། གཟིམ་སྐྱིལ་འཆི་མེད་གྲུབ་པའི་དགའ་ཚལ་གྱི་ནང་ནས་བླ་གྲྭ་མང་པོ་ཞིག་དང་མཉམ་དུ་ཞུས་པ་ཡིན། ཨ་བུ་ལྷ་སྒང་ཚང་གི་མདུན་ནས། བསྐལ་མང་གོང་ནས་གཡོ་སྒྱུ་སྤངས་པའི་ཐུགས། །ཞེས་པའི་སྨོན་ལམ་ད་ལྟ་འདོན་བཞིན་ཡོད་པ་འདི་ལས་གཞན་ཅི་ཡང་ཐོབ་མ་མྱོང་། ང་རྫོགས་ཆེན་ལ་ཐོན་དུས་ཁོང་གི་སྤྱན་འགྲིབས་ཚུལ་བསྟན་ཚར་འདུག འོན་ཀྱང་ཁོང་གིས་ང་ལ་བཀའ་བཏད་དང་སྨོན་ལམ་མཛད་ནས་ཐུགས་བསྐྱེད་དམིགས་བསལ་བ་མཛད་པ་ནི་ངས་ད་དུང་ཡང་དྲན་འདུག བསྐལ་མང་གོང་གི་སྨོན་ལམ་གྱི་ཕྱག་དཔེ་ཞིག་དང་། གནའ་དཀར་སྔོ་ཁྲ་ཁེབས་སྡེར་གཉིས་ཀ་ཡོད་པ་མངར་རིགས་ཀྱིས་ཁེངས་པ་ཞིག་གནང་ནས། སྨོན་ལམ་འདི་བློ་ལ་འཛིན་ཤོག་ངས་རྒྱུགས་ལེན་རྒྱུ་ཡིན་གསུངས་བྱུང་། དེ་ངས་བརྗེད་མི་འདུག ད་ལྟ་རྒྱུགས་སྤྲད་པའི་ཚུལ་རེད། ང་དེ་དུས་ལོ་བཅུ་ལ་ཐོན་པའི་དུས་ཡིན། དེའི་ཕྱི་ལོར་ཁོང་དགོངས་པ་རྫོགས་སོང་བ་རེད། ང་དེ་དུས་རྫོགས་ཆེན་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་དང་ངེད་དཔོན་གཡོག་གཉིས། རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་མདུན་ནས་དབང་ལུང་ཞུ་བར་ཡོད་ཀྱང་། ཁོང་གིས་སྐུ་ཚེ་གང་བོར་གཟིགས་མཛད་པའི་མཛོད་བདུན་གྱི་ཕྱག་དཔེ་དེ་ང་ལ་སྤྲོད་ཤོག་གསུངས་ནས་ཞལ་ཆེམས་བཞག་པ་རེད། ཕྱག་དཔེ་ང་དགུའི་ལོར་བརླགས་སོང་། ངས་དུས་རྒྱུན་པར་ཁོང་གི་ཐ་མའི་གསུང་དེ་ལ་དགོས་པ་རྒྱུ་མཚན་ཆེན་པོ་ཞིག་ཡོད་ངེས་ཅན་ཡིན་པས། ཉིད་ཀྱིས་དགོངས་བརྒྱུད་གཏད་ལུགས་ཤིག་གིས་མཛོད་བདུན་དེ་དོན་གྱིས་ཐོབ་ནས་ཡོད་བསམ་བཞིན་ཡོད། ཡིན་ན་ཡང་ཁྱེད་རྣམ་པའི་གསན་ཡིག་གི་ནང་དུ་འཇིགས་མེད་ཡོན་ཏན་མགོན་པོ་ནས་བརྒྱུད་པ་དེ་འབྲི་དགོས། སྒྲ་ཚིག་གི་ཐོག་ནས་དངོས་སུ་ཐོབ་ས་ཁོང་རེད། བྱིན་རླབས་ཆུ་བོ་གཅིག་འདྲེས་ཡིན་ངེས། དེ་ལྟར་བཤད་ན་འགའ་རེས་ཁོ་རང་གིས་གནའ་ཡི་རྫོགས་ཆེན་གྱི་བླ་མ་ཚོ་མ་འདྲ་བ་ཏག་ཏག་ཡིན་སྣང་ཤར་འདུག་སྙམ་ན་མི་ཤེས་ཏེ། དེ་ནི་ངེས་པར་མི་འདྲ་བའི་ཁྱད་ཆོས་ཡོད་པ་ཡིན། ཁོང་རྣམ་པ་ནི་གཞན་དགའ་རིན་པོ་ཆེའི་དངོས་སློབ་ཐུགས་སྲས་ཀྱི་ཐུ་བོ་ཏག་ཏག་རེད། གཞན་དགའ་ཚང་ནི། ས་བཀའ་རྙིང་གསུམ་གྱི་བཤད་པའི་བསྟན་པ་འཛུགས་མཁན་ཡིན། དེ་རྣམ་པས་མདོ་སྔགས་གང་གསུངས་ཀྱང་ཁྱད་ཆོས་དམིགས་བསལ་བ་ཡོད་པ་རེད། ངས་ཁྱད་པར་དེ་འདྲ་ཞིག་ཡོད་སྣང་མ་ཤར་ཡང་། ད་བལྟས་དུས་མི་འདྲ་བའི་ཁྱད་པར་ཡོད་སྣང་ལྷག་ཏུ་འཆར་གྱིན་འདུག སེམས་ཕངས་པ་ཞིག་ལ་དེ་དུས་གསུང་ཆོས་ལྗགས་རྩོམ་མཛད་རྒྱུའི་ཞུ་སྐུལ་དང་། གསུངས་ཡོད་པ་དག་གི་བཀའ་བསྡུ་ཐུབ་མི་འདུག་བསམ་པ་ཞིག་བྱུང་། ཁོང་རྣམ་པ་ཡང་བྱ་བཏང་སྦས་པའི་རྣལ་འབྱོར་སྦྱངས་ཡོན་ལ་གནས་པ་ཤ་སྟག་ཡིན་པས། ཕྱིན་ཆད་ཀྱི་མཚན་གྱི་གྲགས་པ་ལ་སོགས་པ། ཆོས་བརྒྱད་ཀྱི་ཕྱོགས་ནས་དོན་གཉེར་མཛད་པའི་དྲི་ཙམ་མེད་པའི་དབང་གིས་གསུང་ཆོས་གསར་བ་མ་མཛད་པ་ཡིན་སྙམ། དེས་ན་དེ་རྣམ་པ་མི་འདྲ་བའི་ཁྱད་པར་འདི་ཡིན་ཞེས་པའི་གསུང་ཆོས་མང་པོ་ཞིག་བསྟན་རྒྱུ་ཡོད་པ་མིན་ཡང་། སློབ་མ་རེ་རེ་གཉིས་རེ་དེང་སང་ལྷག་ཡོད་པ་རྣམས་ལ་བལྟས་ན་ཡང་ཤེས་ཏེ། དུས་ཕྱིས་ཡོད་པའི་ར་སྐོར་ཐུབ་ནོར། མི་ཉག་རྩ་ར་ཆོས་གྲགས། རྒྱ་གར་གྱི་དཔལ་ཡུལ་བཤད་གྲྭ་འཛུགས་མཁན་གྱི་ཨ་སྐྱོང་མཁན་པོ་བརྩོན་འགྲུས། རིས་མེད་ཆོས་འབྱུང་རྩོམ་མཁན་གྱི་གོ་འཇོ་མཁར་ལེགས་སྤྲུལ་སྐུ། ཨ་སྐྱོང་བླ་མ་རྟོགས་ལྡན་ཚང་། གཟན་དཀར་སྤྲུལ་སྐུ་ཚང་། དུས་ཕྱིས་ལྷག་ཡོད་པ་རྣམས་དེ་ཚོའི་གྲལ་རེད། དུས་ཕྱིས་ཤྲཱི་སེངྷའི་ཆོས་གྲྭ་དབུ་འཛུགས་དུས་སྔོན་གྱི་དེ་རྣམ་པའི་རྒྱུན་མཐུད་མཁན་དེ་མ་འདྲ་བ་ཞིག་དགོས་རྒྱུ་རེད་བསམས་ནས། གཏམ་ཡས་ཉན་མས་ཉན་གྱིི་ཐོག་ནས་མང་པོ་ཞིག་རུག་ནས་ཐམས་ཅད་ལ་གསུང་དུ་བཅུག་པ་ཡིན། འགའ་རེས་དེ་འདྲའི་དཀའ་ལས་བྱེད་པ་ལས་རང་གིས་གཟབ་གཟབ་བྱས་ན་དགའ་ངེས་པ་ཟེར་མཁན་རང་སྡེ་གཞན་སྡེ་གཉིས་ཀའི་ནང་ན་མང་པོ་ཡོད་ཀྱང་། བྱ་བའི་བསྐོས་ཐང་ཞིག་གིས་བྱ་གཞག་གཞན་དག་ཅིག་ལ་བསྟན་དོན་གནད་ཆེན་ཡིན་བསམ་ཁུལ་བྱས་པའི་བྲེལ་དོ་ཡིས་དུས་ཚོད་ནམ་ཟླ་འདས་སོང་བ་རེད། ངོ་མས་བཤད་ན་མི་ལོ་བཅོ་ལྔ་ཉི་ཤུ་ལ་དུམ་རིས་ལྔ་དྲུག་པོ་འཕུར་གྱིན་བསྡད་ན་སུ་ཡིན་ཡང་ཅུང་ཟད་ཅིག་ཤེས་ནས་ལོས་ཡོད། དགོས་གནད་ཅུང་ཟད་རེ་ཟིན་འདུག་བསམས་ན་ཤོག་ཐོག་གི་རི་མོ་དེབ་ཁ་ཤས་རེ་བྲིས་ཡོད་ན་ཐང་ཡང་། བྱ་བ་ཐམས་ཅད་ལས་དང་རྐྱེན་གྱི་གཞན་དབང་འགྲོ་རྒྱུ་ཞིག་ཡིན་པས། མདོར་ན་ལོ་ཉི་ཤུའི་ཉི་མ་སྟོང་ཟད། ཝ་དམར་པོའི་གྲ་ཁ་རླུང་ཟད་ལ་སོང་ནས། ད་ལོ་ཕོ་ལོ་དྲུག་ཅུའི་ཡ་མཐའ་བདུན་ཅུའི་ནང་ན་ཉེ་བའི་དུས་ཚོད། གནའ་གཏམ་བཤད་ན་རྒས་རྟགས། བྲོས་རབས་བཤད་ན་སྡར་རྟགས་ཟེར་བའི་སྟེང་ལ་སླེབས་ཡོད་པ་རེད། ད་ནི་ཆོས་གོས་སེར་པོ་ཞིག་གི་ཁ་འོག་ནས་ཤོག་ཀ་ལི་ཞིག་ལག་ཏུ་བཟུང་སྟེ། བསྟན་པའི་རྗེས་འཇུག་དམ་པའི་ཆོས་འཛིན་ཅིང་སྨྲ་བ་ཞིག་གི་ཚུགས་ཀ་བཏོད་ནས། འདིར་སྣང་རྨི་ལམ་འདྲ་དེའི་ཐ་མའི་ཕྱོགས་སྡོམ་བྱེད་པའི་འདེང་རེད། ངའི་རྗེས་སུ་འདེད་འདོད་པ་རེ་རེ་གཉིས་རེ་ཡོད་ན་དེ་འདྲའི་ངང་ཚུལ་ལ་སྙོགས་དང་། བསྟན་པའི་ཞབས་འདྲེན་མཁན་དུ་མི་འགྲོ་ཙམ་དང་། ཆོས་བརྒྱུད་བརྫད་པར་བྱས་མེད་པའི་བློ་གཏད་བྱེད་ཆོག་པ་ཡིན། མདོར་དོན་བསྡུ་ན་ཀློང་ཆེན་མཛོད་བདུན་གྱི་ནང་ནས། ན་ནིང་ཚིག་དོན་མཛོད་དང་། ད་ལོ་མན་ངག་མཛོད་གཉིས་ཀ་བཤད་ཁྲིད་ཀྱི་ཚུལ་བྱས་ཟིན་ལ། ད་རུང་འདི་བཞིན་འགྱང་བར་བྱས་ན་མི་ཚེའིི་འགྱུར་བ་ཟེར་བ་ཚོད་མི་ཐིག་པ་དང་། ཚེ་མི་རྟག་པའི་ཕྱོགས་ནས་མིན་ཡང་ངའི་མིག་གཡོན་པ་འདི་ལ་སྔོན་མ་རྨས་སྐྱོན་ཆེན་པོ་ཕོག་མྱོང་བས། སྨན་པ་མཁས་པ་ཚོས་ཟེར་ན་ལོ་གཅིག་ལོ་གཉིས་ཀྱིས་སྐྱོན་འབྱུང་ངེས་ཟེར་གྱིན་འདུག ཉི་མ་ཁ་ཤས་ཀྱི་མཚམས་ནས་བཤགས་བཅོས་ཤིག་ཀྱང་བྱེད་དགོས་པ་ཡིན། མདོར་ན་ཅི་ས་གང་ཐད་ནས་རྟག་འཛིན་བྱེད་རྒྱུ་མེད་པས། སང་ཕོད་ཤི་མེད་ན་མཛོད་ལྷག་མ་རྣམས། དང་པོར་ཁྲིད་ལུང་ཞིག་གི་ཚུལ་དུ་ཚར་གཅིག་འདོན་ནས། དེའི་འཕྲོར་སྐབས་དང་བསྟུན་ནས་ལྟ་ཞོར་བྱེད་ཆོག་བསམས་པ་ཡིན་པས། སང་ཕོད་ཀྱི་ཆོས་ཁྲིད་ཀྱི་གཙོ་བོ་དེ་མཛོད་བདུན་ཡིན་པའི་ཆ་ཡིན། ད་ལོའི་སྐབས་འདིར་དབྱར་ཟླ་གསུམ་ནས་སྟོན་ཟླ་འདི་འདྲ་ཞིག་གི་རིང་ལ་འདི་འདྲའི་དགེ་འདུན་པ་མང་པོ་དང་། ད་ཞག་འབུམ་མཆོད་ཆེན་མོའི་སྐབས་སུ་ཚོད་ཚོད་ཀྱིས་གྲྭ་བ་ཁྲི་ཕྲག་ལས་བརྒལ་འདུག་སྙམ་པ་འཛོམས་ན་ཡང་། བྱེའུ་འཛུལ་མ་ཞིག་གིས་གློ་དགྲ་མ་ཡོང་བར་ཚང་མ་ཡོངས་རྫོགས་སྐུ་ཁམས་གསལ་དྭངས་ཀྱི་སྒོ་ནས་ཕྱིར་ཕེབས་པ་དང་། འདིར་བཞུགས་རྣམ་པ་ཡང་སང་ཉིན་ནས་མང་ཆེ་བ་རང་རང་སོ་སོའི་ཕྱོགས་སུ་ཕེབས་རན་པ་ཡིན་པ་ནི། འདུས་པ་ཐམས་ཅད་འབྲལ་བའི་ཆོས་ཅན་ཡིན་པ་སྟེ། དེས་མི་ཚད་ལུས་འབྱུང་བཞི་ཚོགས་པའི་རྡུལ་ཕྲན་ཡང་འབྱུང་བ་སོ་སོའི་ཀློང་ལ་ཐིམ་རྒྱུ་ཅན་ཞིག་ཡིན་པས། གང་སྣང་བརྡ་དང་དཔེ་ཆོས་སུ་ཤར་བ་ཞིག་ལ་ནི། འདིས་ཀྱང་མི་རྟག་པའི་བརྡ་ཆོས་སྟོན་བཞིན་ཡོད་པ་ཡིན། ད་རྣམ་པ་ཚང་མ་ཕྱོགས་གང་དུ་ཕེབས། གནས་གང་དུ་བཞུགས་ཀྱང་། ས་ཁ་ཐག་རིང་པོ་ལེ་བར་བརྒྱ་ཕྲག་སྟོང་ཕྲག་དང་། ལ་ཆུ་ལུང་བ་མང་པོ་བརྒལ་ནས་སོང་ཡང་། སེམས་ཁ་ཐག་ཉེ་མོ་ལྷ་ཁང་ཆོས་གྲྭ་གཅིག་གི་ནང་དུ་འཚོགས་པ་ལ་འདི་བཞིན་ལས་འབྲལ་དུ་མེད་པ་ཡིན། དགུན་ཁ་བའི་གྲང་ངར་གྱི་ལྷགས་རླུང་གི་སྟོབས་འཕེལ་བའི་དུས་ཚོད་ཡིན་ཡང་། ཁྱེད་རྣམ་པས་ཉམས་དང་རྟོགས་པའི་བདེ་དྲོད་ཀྱིས་འཁོར་ཡུག་ཉེ་འཁོར་དང་བཅས་པ་དྲོས་པ་ཞིག་གྱིས། རང་ཡུལ་ཆགས་སྡང་ཆོས་བརྒྱད་ཀྱི་ཕ་ས་ཡིན་པས་སྐྱོ་སུན་འཁོར་བའི་ཚེར་མ་རྣོ་བ་ཡིན་ཡང་། གང་ཤར་འོད་གསལ་རིག་པའི་བོགས་འདོན་མཛད་ནས། ལྟ་སྒོམ་སྤྱོད་པའི་རང་གཤིས་ཉམས་མ་ཤོར་མ་མཛོད་དང་སེངྒེ་དཀར་མོས་གངས་ཟིན་པ་ལྟ་བུའི་གཏན་སྲིད་ཟིན་དུ་ཡོད་པ་ཡིན། དེ་ནས་ཐ་མའི་གཏམ་ལ་རྣམ་པ་ཚང་མ་སྐུ་ཁམས་བདེ་ཐང་ཡོང་། ཆོས་མཛད་ལ་བར་ཆད་མེད། ཐུགས་བཞེད་ཆོས་བཞིན་དུ་འགྲུབ་ནས། མ་འོངས་ཀྱི་གནམ་ལོ་གསར་ཚེས་ལ། སླར་ཡང་བོད་མདོ་ཁམས་ཉི་མ་ཤར་ལྷོའི་ཕྱོགས་ཀྱི། ཁྲོ་ཟིལ་ཁྲོམ་རྡོ་རྗེ་གཡང་དྲུང་རྩལ་གྱི་གངས་རི་དཀར་པོ་འདིའི་གཡོན་ཟུར། མདོ་ཁམས་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་གདན་སའི་ལྷོ་ཕྱོགས་པདྨ་རྒྱས་པའི་སྐྱེད་ཚལ། རྫོགས་ཆེན་པདྨ་ཐང་ལུང་རྟོགས་པདྨའི་དགའ་ཚལ་གྱི་གནས་འདིར། ཞལ་མཉམ་འཛོམས་དགྱེས་ཞལ་ཡང་མཇལ་གྱི་སྒོ་ནས། ཆོས་ཀྱི་བདུད་རྩིས་མཉམ་དུ་འཚོ་བའི་སྨོན་འདུན་དང་བཅས་ཏེ། རེ་ཞིག་ཆོས་མཚམས་འདི་ནས་འཇོག་རྒྱུ་བྱེད། དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་པའི་རང་གཞན་གྱི་དུས་གསུམ་བསགས་ཡོད་ཀྱི་དགེ་རྩ་ཐམས་ཅད་གཅིག་ཏུ་བསྡུས་ཏེ་བསྡོམས་པའི་མཐུས། ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས། བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་ཚེ་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཀྱི་ཐུགས་མཐུན། ཁྲིམས་གཙང་། བསླབ་པ་གསུམ་གྱི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ། མཐའ་ཡས་པའི་སེམས་ཅན་ཐམས་ཅད་མྱུར་དུ་རྣམ་མཁྱེན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕོང་ཐོབ་པའི་རྒྱུར་འགྱུར་བའི་ཕྱིར་དུ་བསྔོ་བའི་ཐུགས་འདུན་ཟབ་མོ་གནང་བར་ཞུ།། །། ༈ བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་། །སྐྱེ་རྒ་ན་འཆི་རྦ་རླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག། ༈ འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ།། ༈ ཆོས་ཚུལ་འདི་ཡང་ཉི་ཟླའི་དཀྱིལ་འཁོར་བཞིན། །ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་གྲགས་གྱུར་ཏེ། །བློ་གྲོས་པདྨོ་རབ་ཏུ་རྒྱས་བྱེད་ཅིང་། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག། ༈ ན་མོ་གུ་རུ། །བསྐལ་མང་གོང་ནས་གཡོ་སྒྱུ་སྤངས་པའི་ཐུགས། །བཅོས་མའི་ཚུལ་སྤོང་དྲང་ཞིང་བདེན་པའི་གསུངས། །ཚུལ་འཆོས་མི་མངའ་ཚུལ་དང་མཐུན་པའི་སྐུ། །ཐུབ་པ་དྲང་སྲོང་ཆེན་པོ་ལ་ཕྱག་འཚལ། །ཐུབ་པ་དེ་སྲས་བདེན་པའི་དོན་གཟིགས་པའི། །བདེན་གསུངས་མངའ་བ་བདེན་ཚིག་གྲུབ་པའི་ཚོགས། །ཐེག་པ་གསུམ་གྱི་ཐར་བའི་ལམ་ཞུགས་པ། །དེ་དག་ཀུན་ལ་གུས་པས་ཕྱག་འཚལ་ལོ། །བདག་ནི་དེང་ནས་སྐྱེ་དང་ཚེ་རབས་སུ། །རྒྱལ་བ་སྲས་བཅས་ཁྱེད་དང་མི་འབྲལ་ཞིང་། །རྒྱལ་བ་སྲས་བཅས་ཁྱེད་ཀྱིས་རྗེས་བཟུང་ནས། །རྒྱལ་བ་སྲས་བཅས་ཁྱེད་བཞིན་འགྲུབ་པར་ཤོག །ལུས་སྤྱོད་ཚུལ་འཆོས་མེད་པར་དུལ་བ་དང་། །ངག་ཚིག་རྫུན་གཏམ་མེད་པར་བདེན་པ་དང་། །སེམས་སྤྱོད་གཡོ་སྒྱུ་མེད་པར་དྲང་བ་ཡིས། །ཆོས་མཐུན་གྲོགས་དང་བཤེས་གཉེན་བསྟེན་པར་ཤོག །ཐར་བའི་ལམ་ལ་དང་པོར་འཇུག་པའི་སྒོ། །འཁོར་བའི་གནས་ནས་དང་པོར་བྲོས་པའི་ལམ། །ཉམས་ལེན་ཆོས་རྣམས་ཀུན་གྱི་དང་པོའི་འགོ །བཅོས་མེད་ངེས་འབྱུང་རྒྱུད་ལ་སྐྱེ་བར་ཤོག །ཡོད་ན་སངས་རྒྱས་སྒྲུབ་ལ་དེས་ཆོག་ཅིང་། །མེད་ན་སངས་རྒྱས་སྒྲུབ་ལ་ཐབས་ཆག་པ། །སངས་རྒྱས་འགྲུབ་པའི་ས་བོན་མ་ནོར་བ། །རྣམ་དག་བྱང་ཆུབ་སེམས་མཆོག་བསྐྱེད་པར་ཤོག །གོང་ནས་གོང་དུ་བྱང་ཆུབ་སེམས་མཆོག་འཕེལ། །ཚེ་རབས་ཀུན་ཏུ་བྱང་ཆུབ་སེམས་མི་བརྗེད། །ཡང་དང་ཡང་དུ་བྱང་ཆུབ་སེམས་བསྒོམས་ནས། །བྱང་ཆུབ་སེམས་དཔའི་སྤྱོད་ལ་འཇུག་པར་ཤོག །ཐུབ་པ་མཆོག་དང་འཇམ་དཔལ་དཔའ་བོ་དང་། །ཀུན་ཏུ་བཟང་པོའི་སྤྱོད་པ་གང་ཡིན་པ། །བདག་གི་ཚེ་རབས་སྤྱོད་ཀུན་དེ་འདྲ་བར། །གྱུར་ནས་དོན་གཉིས་སྤྱོད་པ་ལྷུན་གྲུབ་ཤོག །ཚེ་གཅིག་སངས་རྒྱས་སྒྲུབ་པའི་ལམ་བཟང་ཅན། །དུས་གཅིག་དོན་གཉིས་སྒྲུབ་པའི་ཐབས་མཁས་པོ། །ཚུལ་གཅིག་འཁོར་འདས་དབྱེར་མེད་ལྟ་བ་ཡིས། །ལམ་གཅིག་རྡོ་རྗེ་ཐེག་པར་འཇུག་པར་ཤོག །ལམ་འདིའི་ལམ་སྒོམ་རྡོ་རྗེ་འཛིན་པའི་ཚོགས། །ཀུན་ལ་བདེ་སྟོང་བསྐྱེད་པའི་གྲོགས་བགྱིད་ཅིང་། །ལྷན་ཅིག་སྐྱེས་པ་མཚོན་པའི་སྒོར་གྱུར་པའི། །ལམ་གཅིག་མཁའ་འགྲོའི་གླིང་དུ་རོལ་བར་ཤོག །བཅོས་མ་སྤང་བའི་སེམས་ཉིད་གཉུག་མའི་ཞལ། །བཅོས་མ་མིན་པར་རང་ངོ་རྗེན་པར་མཐོང་། །བཅོས་བསླད་བྲལ་བའི་མཉམ་བཞག་རྒྱུན་བསྐྱངས་ཏེ། །བཅོས་མེད་དོན་གྱི་འབྲས་བུ་ཐོབ་པར་ཤོག །གནས་སྐབས་སུ་ཡང་བསམ་པའི་དོན་ཀུན་འགྲུབ། །གསོན་པའི་ཚེ་ན་བསམ་པ་ངན་པ་མེད། །འཆི་བའི་ཚེ་ན་གནད་གཅོད་སྡུག་བསྔལ་མེད། །ཤི་ནས་འཁྲུལ་སྣང་འཇིགས་སྐྲག་མེད་པར་ཤོག །བདག་མཐོང་ཐོས་དང་དྲན་རེག་འགྲོ་བ་ཀུན། །ངེས་འབྱུང་བྱང་ཆུབ་སེམས་དང་ལྷན་ཅིག་སྐྱེས། །ཇི་ལྟར་རིག་པ་ཇི་བཞིན་རྒྱུད་སྐྱེས་ནས། །མྱུར་དུ་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཉི་མ་མཚན་དཔེའི་ཞལ་མཐོང་ཞིང་། །དམ་ཆོས་ཉི་མ་སྙིང་གི་བདུད་རྩིར་སྤྱོད། །དགེ་འདུན་ཉི་མ་ཐར་བའི་གྲོགས་གྱུར་ནས། །མཆོག་གསུམ་ཉི་མའི་འོད་དང་མི་འབྲལ་ཤོག །སྒྲུབ་པ་པོ་ཉི་མའི་ཐུགས་བཞེད་བཞིན་བཙུན་གཟུགས་དཔལ་དགེས་བྲིས་པའོ།། ༈ བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པར་ཡང་། །གོང་ནས་གོང་དུ་འཕེལ་བར་ཤོག། ༈ བྱང་ཆུབ་སེམས་དང་མི་འབྲལ་ཞིང་། །བྱང་ཆུབ་སྤྱོད་ལ་གཞོལ་བ་དང་། །སངས་རྒྱས་རྣམས་ཀྱིས་ཡོངས་གཟུང་ཞིང་། །བདུད་ཀྱི་ལས་རྣམས་སྤང་བར་ཤོག། ༈ ཧྲཱིཿ སྔོན་ཚེ་དེ་བཞིན་གཤེགས་པ་གཙུག་གཏོར་ཅན། །འཕགས་པའི་ཡུལ་དུ་གྲུབ་ཆེན་ཀུ་ཀུ་རི། །ཁ་བ་ཅན་དུ་དཔལ་ལྡན་ཐང་པ་ཞེས། །པདྨ་རིག་འཛིན་ཞབས་ལ་གསོལ་བར་འདེབས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག། ༈ ཐུབ་བསྟན་མཛེས་པའི་རྒྱན་གཅིག་ཀློང་ཆེན་པ། །བཤད་སྒྲུབ་བསྟན་པའི་མངའ་བདག་འཇིགས་མེད་གླིང་། །མཚུངས་མེད་བླ་མའི་བསྟན་པ་སྲིད་མཐའི་བར། །བཤད་སྒྲུབ་ཐོས་བསམ་སྒོམ་པས་འཛིན་གྱུར་ཅིག། ༈ དཔལ་ལྡན་མཁས་གྲུབ་བྱེ་བའི་གཙུག་གི་རྒྱན། །མདོ་སྔགས་ལུང་རྟོགས་བསྟན་པའི་ཤིང་རྟ་ཆེ། །འཇིགས་བྲལ་སྔ་འགྱུར་རྒྱལ་བ་རྫོགས་ཆེན་པ། །ཤྲཱི་སེང་ཆོས་གྲྭའི་བསྟན་པ་རྒྱས་གྱུར་ཅིག། ༈ གངས་རིའི་ར་བས་བསྐོར་བའི་ཞིང་ཁམས་སུ། །ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། །སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། །ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག། ༈ སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་བ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུ། །འདུས་བྱས་ཆོས་རྣམས་དེ་ལྟར་བལྟ།།

དེ་ལྟར་མདོ་རྒྱུད་རིམ་དགུའི་ཐེག་པ་ཡི།།

ཟབ་མོའི་གནད་ཀུན་བཅུད་དུ་རབ་དྲིལ་ནས།།

ཉམས་སུ་སྟར་བྱེད་མན་ངག་རིན་པོ་ཆེ།།

དབྱངས་ཀྱིས་བསྙད་པའི་གདམས་ཟབ་ནོར་བུའི་གཏེར།།

རིག་པའི་རང་རྩལ་འབར་བའི་རྣམ་དཔྱོད་ཀྱིས།།

མ་འདྲེས་སོ་སོ་འབྱེད་པའི་རྡོ་རྗེའི་ངག།

ཐབས་ཤེས་ཡི་གེའི་འཕྲུལ་དུ་བསྡེབས་པའི་གཟུགས།།

སུ་དང་ཕྲད་ཀྱང་སྲིད་པ་ཧྲུལ་པོར་བྱེད།།

རྒྱལ་བ་ཀུན་གྱི་གསང་གསུམ་ནུས་པའི་རྩལ།།

ངུར་སྨྲིག་གིས་རོལ་ཆོས་རྗེ་འགྲོ་བའི་མགོན།།

དངོས་སུ་མཇལ་དང་རྣམ་དབྱེར་ཡོད་མིན་ཕྱིར།།

གུས་པས་ལོངས་ཤིག་མ་འོངས་རྗེས་འཇུག་ཀུན།།

རྒྱལ་བ་གང་གི་འགྲོ་འདུལ་ཕྲིན་ལས་གཟུགས།།

གདུལ་བྱའི་དཔལ་དུ་འདྲེན་ལ་ཅུང་ཟད་ཙམ།།

བརྩོན་པའི་དགེ་དེས་འགྲོ་དྲུག་གནས་སྟོངས་ནས།།

བདག་ཀྱང་བརྟན་པའི་འཁོར་ལོ་ཇི་བཞིན་ཤོག།

དེ་ལྟ་བུའི་མདོ་རྒྱུད་ཐེག་རིམ་དགུ་ཡི་གནད་ཐམས་ཅད་སྟན་ཐོག་གཅིག་ལ་ཇི་ལྟར་ཉམས་སུ་ལེན་པའི་རིམ་པ་མ་འདྲེས་པར་གཏན་ལ་འབེབ་པར་བྱེད་པའི་མན་ངག་རིན་པོ་ཆེའི་མཛོད་ཀྱི་སྐྱུད་བྱང་འདི་ཉིད། རྗེ་གང་གི་ཞལ་སློབ་ཡོངས་ཀྱི་ཐ་ཤལ་བ་བསྟན་འཛིན་དགྲ་ལྷ་ཡིས་རབ་བྱུང་བཅུ་བདུན་པའི་ལྕགས་མོ་ཡོས་ཀྱི་ལོའི་དམར་ཕྱོགས་དགའ་བ་གཉིས་པ་བཅུ་དྲུག་འོད་ལྡན་གསོ་བའི་ལྷ་མོའི་ཁབ་ཏུ་རྩེན་པའི་འགྲུབ་སྦྱོར་བཟང་པོ་ལ་རུ་དམ་ཡང་དབེན་རྫོགས་ཆེན་པདྨ་ཐང་ལུང་རྟོགས་པདྨའི་དགའ་ཚལ་གྱི་ཉེ་ཞོལ་རང་སྐྱིལ་སྤོང་ཁང་དུ་མཇུག་ཡོངས་སུ་རྫོགས་པར་བགྱིས་པ་དགེའོ།། དགེའོ།། དགེའོ།། །།


previousཉིན་བཅུ་བཞི་པའི་ཆོས་ཁྲིད། no next