Nitartha Digital Library
Tibetan
 
previousཉིན་གཉིས་པའི་བཀའ་ཆོས། next

ཉིན་གཉིས་པའི་བཀའ་ཆོས།

རང་རེ་སེར་སྐྱ་ཕོ་མོ་རྒན་གཞོན་མང་པོ་ཞིག་ད་རེས་ཆོས་ར་འདིའི་ནང་མཉམ་དུ་འཛོམས་ནས་དམ་པའི་ཆོས་འཆད་ཉན་བྱེད་པའི་སྐབས་ཡིན་ལ། དམ་པའི་ཆོས་ཞེས་པ་འདི་ནི་རྫོགས་པའི་སངས་རྒྱས་ཀྱི་བཀའ་དྲི་མ་མེད་པ། རྗེས་སུ་བསྟན་པའི་དོན་དང་འབྲེལ་བའི་ཚིག་བཟང་པོ། དོན་བཟང་པོ། སེམས་ཅན་ཐམས་ཅད་བདེ་བ་ནས་བདེ་བར་འགོད་པའི་ལམ་དང་འབྲེལ་བ། བདུད་རྩི་ཞི་བ་འདུས་མ་བྱས་པ། ན་བའི་སྨན་དང་། འཆི་སོས་ཀྱི་བདུད་རྩི། ངལ་འཚོའི་འབབ་སྟེགས། སྡུག་བསྔལ་ཐམས་ཅད་སེལ་བར་བྱེད་པའི་མགོན་དང་། སྐྱབས་དང་། དཔུང་གཉེན་གཅིག་པུ་ཡིན་ལ། དམ་པའི་ཆོས་ཀྱི་ཉི་མ་དེ་རྒྱལ་ཁམས་ལ་ཤར་ཚེ། ཉི་མ་ཀུན་ཀྱི་ཉི་མ་ཡིན་པས། ཉི་མ་འཛམ་གླིང་ལ་ཤར་དུས། ང་དང་ཁོ་ཟེར་རྒྱུའི་ཕྱོགས་རིས་ཡོད་པ་མིན་པས་གསལ་ཉི་མའི་དྲོད་བཅུད་དེ་ཐམས་ཅད་ཀུན་ཀྱིས་ལོངས་སྤྱོད་ཆོག་པ་ཡིན་ལ། འོན་ཀྱང་དམུས་ལོང་མུན་པའི་སྣང་བ་ལས་མེད་པའི་གང་ཟག་དང་། ཁ་བྱང་བསྟན་གྱི་བྲག་ཕུག་གི་ནང་དུ་ཉི་མའི་འོད་ཟེར་ཕོག་དཀའ་བ་བཞིན་དུ་མ་རིག་རྨོངས་པའི་ལས་སྒྲིབ་དེ་ཤིན་ཏུ་མཐུག་ཆེ་བའི་སྟོབས་ཀྱིས་ཆོས་སྣང་བའི་འོད་ཟེར་མཐོང་ཐབས་མེད་པའི་མི་དང་། ལོག་ལྟ་ཐེ་ཚོམ་གྱི་ལྟ་བའི་བྲག་རི་དེ་ཤིན་ཏུ་མཐོ་ཆེ་བའི་དབང་གིས། སེམས་ཅན་རྒྱུ་མ་དྲུད་ན་སྙིང་མི་རྗེ། སངས་རྒྱས་ནམ་མཁར་འཕུར་ཡང་དད་པ་མེད་པ། ཤཱཀྱ་ཐུབ་པའི་སྔུན་ནས་ཞྭ་མི་ཕུད། གླང་ཆེན་སྨྱོན་པར་ཐུག་ན་ལམ་མི་གཟུར་ཟེར་མཁན་འགའ་རེ་ཡོད་སྲིད་ན་ངན་འབྲེལ་འཁོར་བ་མཐའ་ཅན་ཙམ་ལས་བྱ་ཐབས་མེད་སོང་བ་རེད། དེ་ལྟར་མིན་པར་རང་གིས་རང་ལ་ཤ་ཞིག་ཚ། རང་གིས་རང་ལ་སྙིང་ཞིག་རྗེ། བཀའ་མདོ་རྒྱུད་ལུང་མན་ངག་གི་སྦྱོང་པ་ནི་ཅུང་མ་མྱོང་ན་ཡང་། ཚེ་འདི་བས་ཕྱི་མའི་ལམ་ཐག་རིང་འདུག དཔོན་འདི་བས་ཆོས་རྒྱལ་གྱིས་རྔམ་ཟིལ་ཆེ་འདུག འདི་སྣང་འཁོར་བའི་ལས་ལ་མ་འཁྲུལ་ཅི་འཁྲུལ། མ་འཁྱར་ཅི་འཁྱར། མི་དགེ་སྡིག་པའི་ལས་ཞེས་པ་དེ་ཚོ་མ་བསགས་པ་ཞིག་ཅི་ཡོད། མ་ལས་རྒྱུ་དེ་གང་རེད། ཚེ་འདི་ལ་ནི་མ་ཡིན་ཡིན་མདོག་བྱེད་ཆོག་འདུག མེད་རྒྱུ་ཡོད་ཁུལ་བྱེད་ཆོག་འདུག མིན་ན་ཡིན་མདོག་སྟོན་ཆོག་འདུག་མོད། དོན་དངོས་སུ་ཉིན་རེ་སོང་བཞིན་ཚེ་ཇེ་ཟད་རེད། ལུས་འབྱུང་བཞི་འདི་ལ་རྟག་བརྟན་མི་འདུག ཁ་ཐོག་ནས། སྐྱེ་འཆི་ཉི་ཟླ་གཉིས་ལ་ཡོད། །གྲ་རྒུད་དམར་ཡག་སྟག་ལ་ཡོད། །ཉིན་ཞིག་ཤི་ལོས་འགྲོ། མི་མ་ཤི་ན་ས་སྟེང་ལ་ཆུད་རྒྱུ་མ་རེད། གང་ལྟར་ཡང་མགོ་ཐོན་ལོས་འགྲོ་ཟེར་ཁུལ་བྱེད་ན་ཡང་། ཁ་དེ་ན་དཔའ་ཞིག་ཡོད་ཀྱང་། ཁོག་དེ་ན་སྡར་ཞིག་ལང་ནས། ངོ་མ་འཆི་སའི་ཉི་མ་དང་ཐག་ཇེ་ཉེ་རེད་དེ། འཆི་བདག་གཤིན་རྗེའི་ཕོ་ཉའི་གདོང་དང་གདོང་གཏུག་ནས་ངོ་འགྲམ་གཅར་ས་ལ་ཐོན་དུས་བྲང་སེན་རྗེས་ཀྱིས་བཀང་། མིག་མཆི་མ་ཙ་རེ་བྱེད་དུས། ད་གཟོད་འགྱོད་པ་རྟས་མི་སླེབ་པ་ཞིག་སྐྱེ་བ་ཡིན་ཡང་དེ་དུས་ངེས་པར་དུ་འཕྱི་ཚར་བ་རེད། ང་ཕྱིར་ལ་ཐེངས་གཅིག་མངོགས་དང་། ངས་བཅོ་བརྒྱད་ཀྱི་སྣེར་བཅུ་དགུ་མཐུད་ཡོང་ཟེར་ས་ག་ལ་ཡོད། དེའི་དུས་སུ་རྣོན་པོའི་སོ། མགྱོགས་པའི་བང་། ཤེད་ཆེན་གྱི་ཤེད། རྒྱུ་ཆེན་གྱི་རྒྱུ། ངོ་ཆེན་གྱི་ངོ་གཅིག་གིས་ཀྱང་འགོག་རྒྱུ་མི་ལོན་པར། དབུགས་མ་ཆད་གོང་ནས་མ་དག་འཁྲུལ་སྣང་གི་བསུ་མ་སྔོན་ལ་ཐོན་དུས། རྒྱལ་སྲས་ཞི་བ་ལྷས། བྲེད་ཤ་ཐོན་པའི་མིག་བགྲད་ནས། །ཕྱོགས་བཞིར་སྐྱབས་དག་འཚོལ་བར་བྱེད། །ཕྱོགས་བཞིར་སྐྱབས་མེད་མཐོང་ནས་ནི། །དེ་ནས་ཀུན་ཏུ་ཡི་མུག་འགྱུར། །ཞེས་གསུངས་པ་ལས་མི་འདའ་ཞིང་། དེའི་སྐབས་སུ་སྐྲག་སྔངས་སྡུག་གསུམ་གྱིས་སྙིང་གས་འགྲོ་བའི་སྐབས་སུ་འགྲོ་མཁན་ཤི་བོ་སྡུག་ལོས་བསྔལ། ངན་སོང་དམྱལ་བའི་ཚ་གྲང་ད་མྱོང་རན་པ་དང་། ཤུལ་ལུས་ཀྱི་གསོན་པོ་ཡིན་ནའང་བག་གྲང་མོ། ཡི་མུག་པོར་འགྱུར་བ་ཡིན་ཏེ། གཏམ་པདྨའི་ཚལ་གྱི་ཟློས་གར་ལས། གཡུ་སྦྲང་ངག་སྙན་པདྨའི་སྦུབས་ལ་འཐུམས་ནས་སྐད་ཀྱང་མི་ཐོན་པའི་དུས་སུ་འདི་ལྟར་སྨྲས་པ་ཡིན། དལ་འབྱོར་མི་ལུས་ཐོབ་ན་ཡང་། །སྙིང་པོ་མ་ལོན་ང་རེ་འགྱོད། །མི་རྟག་འཆི་བ་ཤེས་ན་ཡང་། །འཆི་ཆོས་མ་འགྲུབ་ང་རེ་འགྱོད། །ཅེས་པ་དང་། འཇིགས་རུང་མུན་པས་མདུན་ནས་བསུ། །རང་ལམ་མི་མཐོང་ང་རེ་འཇིགས། །ལས་ཀྱི་རླུང་དམར་རྒྱབ་ནས་དེད། །རང་དབང་མི་ཐོབ་ང་རེ་འཇིགས། །ཞེས་སྡུག་སྨྲེ་འདོན་པའི་སྐད་ཆ་དེ་འདྲ། གྲོགས་གསེར་སྦྲང་འདབ་ཡངས་ལ་གཏམ་གྱི་མཇུག་མཐའི་གླུ་དེ་ལྟར་ཤོར་བ་རེད། མི་ཐམས་ཅད་ཤི་བའི་ཐད་ནས་འདྲ་ན་ཡང་། འཆི་ལུགས་ཤི་སྟངས་ཀྱི་ཐད་ནས་མི་འདྲ་སྟེ། འགའ་རེ་འཆི་ཁར་གནད་གཅོད་ཀྱི་སྡུག་བསྔལ་མེད་པ་དང་། ཤི་དུས་འཁྲུལ་སྣང་གི་འཇིགས་སྐྲག་ཆུང་འདུག་ཟེར་རྒྱུ་དེ་འདྲ་དང་། གསོན་ཚེ་དམ་པའི་ཆོས་ཕྱོགས་ལ་སྒོ་གསུམ་དགེ་བའི་ལས་ལ་དྲིལ་བས། འཆི་རན་ཁར་མཉམ་བཞག་དང་ལྟ་སྟངས་གཟིགས་སྟངས་ཀྱི་ཐོག་ནས་དབྱིངས་དང་རིག་པ་སྲེ་བའི་ཉམས་ལེན་མེད་རུང་། ཕྱག་རྒྱ་ཐལ་མོ་གདོང་བཙུགས་ཀྱི་སྒོ་ནས། བླ་མ་སྤྱི་བོར་བསྒོམས་ཏེ་གསོལ་འདེབས་སྨོན་ལམ་དང་སྦྲགས་ནས་དབུགས་རྔ་བསྡུས་སོང་ན། འགྲོ་བའི་མི་ལ་ཞེ་གདེང་དང་དཔའ་ཚོད་ཅིག་ཡོད་པས་མ་ཚད། ཤུལ་ལུས་ཀྱི་མི་ཡིན་ནའང་གསོན་འདི་གང་ནས་མིག་གིས་ཅི་མཐོང་གི་གཅེས་དམར་ཅན་ཞིག་ཡིན་པས་ཤ་ཚ་སྙིང་རྗེ་ལོས་ཡོད་མ་གཏོགས། དེ་ཚེ་ཕྱི་མ་ལ་ཐོན་དུས་སོག་ལེས་ཇི་ལྟར་བྱས་ནས་དྲ་འགྲོ་བ་དང་། ཐོ་བས་ཇི་ལྟར་བྱས་ནས་བརྡུང་འགྲོ་བ་དང་། དམྱལ་ཟངས་ཁྲོ་ཆུ་ཁོལ་མའི་ནང་ནས་ཉམ་ཐག་སྡུག་གི་འོ་དོད་འབོད་བཞིན་ཨེ་ཡོད་ན་སྙམ་པའི་སེམས་ཁྲལ་མ་དགོས་ཚེ་བག་དྲོ་བ་ཞིག་ལོས་ཡིན། སེམས་སྡུག་གཉིས་མཉམ་དུ་འཚག་མ་དགོས་པ་རེད། དེ་ལྟ་བུའི་སྒོ་ནས་བསམ་བློ་གཏོང་ན། རོགས་ཐོག་ལ་ཡོང་རྒྱུ་དེ་རང་ཐོག་ལ་ཡོང་ཤག་ཤག་ཡིན་ཏེ། རྒྱ་ར་ར་སྐོར་གཅིག་གི་ནང་དུ་བཤའ་ལུག་དེའི་གང་བཙུད་ཡོད་ན། གསོད་སྔ་ཕྱི་ཅུང་ཟད་ཙམ་ལས་ནམ་ཞིག་མཐའ་འབྲས་གཅིག་མ་གཏོགས་མེད་པ་ནི། བྱ་སྔོན་མ་ཤི་བའི་རོ་ལ་བལྟས་ན། རྗེས་མ་མི་རྟག་དེ་དང་འདྲ་བ་ཡིན་པས། ད་ལྟ་རང་དབང་རང་ལག་ལ་ཡོད་དུས་འདིར་སྔ་དྲོ་ཕྱི་དྲོ་ཙམ་རེ་ལ་ཡང་ཁོམ་པ་མི་འདུག་པར་སྨྲ་ན་ཡང་། མི་ཁོམ་སའི་དོན་ནི་ཤིན་ཏུ་ཆུང་བའི་དབང་གིས་ཁོམ་པ་མི་འདུག་ཅེས་སྨྲོས་རིན་མེད་པ་ཞིག་ཡིན་མོད། འོན་ཀྱང་དོན་ཆུང་ཡང་ཁམས་ཁ་རྗེ་དེ་ལས་མེད་དུས་ཐབས་མེད་དོ་ཞེ་ན། དེ་ནི་དོན་ཆུང་ཆུང་ཙམ་གྱིས་མ་ཚད་པར་ཉེན་ཁ་ཆེན་པོར་ཆགས་ཡོད་པ་སྟེ། སྡུག་སྡིག་པའི་ས་བོན་བྲེ་གསོག་ཕུལ་གསོག་བྱེད་པ་ལས་དོན་ཆེན་པོ་གཞན་ཞིག་སྒྲུབ་ཏུ་མེད་པས། འཆི་བདག་གཤིན་རྗེའི་ཞགས་པ་དེ་སྐེ་ལ་སྐོན་པའི་སྐབས་སུ་ཁྱོད་ལ་སྔོན་གྱི་མི་ཁོམ་འདུག་རྒྱུའི་སྡིག་ལས་ཙ་གེ་ཙིག་གེས་ཕན་ཐོགས་ག་ལ་ཡོད། དེས་ན་ཡུན་རིང་པོའི་ཕྱི་ཚིས་མི་བྱེད་པར། ལ་འུར་ད་ལྟ་ཉིད་དུ་སེམས་ཐག་བཅད་ནས། དམ་པའི་ལྷ་ཆོས་ཤིག་བསྒྲུབ་མ་ཐུབ་དུས། གཅིག་བྱེད་ཚར་དུས་གཉིས་པ་དེ་བསྒྲུབ་དགོས་བསམ་ཁུལ་བྱེད་པ་དེས་ད་ལྟའི་བར་དུ་བསླུས་པ་ཡིན་པས། སེམས་ཐག་མ་ཆོད་པའི་བུ་དེ་ཡིས་ཇི་ལྟར་བྱས་ཀྱང་ཆོས་འཇིག་རྟེན་གཉིས་ཀ་འགྲུབ་པའི་ལོ་རྒྱུས་མེད་པ་རེད། བླ་མ་སེར་མོ་དགེ་འདུན་རྣམ་པ་ཚོར་ཅི་བཤད། དུས་རྟག་ཏུ་ཆོས་སྤྱོད་བཅུ་ཡི་མཛད་པར་འབད་བཞིན་ཡོད་པ་རེད། མི་ཞིག་གིས་ཁྱིམ་འཁོར་བ་དང་བྲལ་བས་ན་གྲྭ་བ་ཟེར་བ་རེད་ཅེསབཤད་རབས་ཡོད། དེས་ཡི་གེའི་མིང་གཞི་ག་དང་བ་ནོར་བས་མ་ཚད་རྗེས་འཇུག་ལ་ཞིག་ཀྱང་བསྣན་པར་བྱས་འདུག ཨ་ལ་དེ་ཚོ་སྐད་ལུགས་ཀྱིས་ཚིག་གི་སྐྱེ་འབྲས་མ་དག་ནས་གོ་བ་ཕྱིན་ཅི་ལོག་ཏུ་བླངས་སོང་བ་ཡིན་ན་ཡང་། དོན་གྱི་ཆ་ནས་ཁོས་བཤད་པ་དེ་མིན་རྒྱུ་མེད་པ་སྟེ། ངོ་མས་ཁྱིམ་འཁོར་བ་དང་བྲལ་བས་བྲལ་བ་ཞེས་པ་བཞིན་དུ་ཁྱིམ་ནས་ཁྱིམ་མེད་པར་ཤཱཀྱའི་བསྟན་ལ་རབ་ཏུ་བྱུང་ནས་གྲོང་ལས་རྒྱང་གྲགས་འཕགས་པའི་དགོན་པར་བཞུགས་ཡོད་པས་ན་གྲྭ་པ་ཟེར་དུས་ཁྱིམ་དང་བྲལ་བ་ཞིག་མིན་ན་ཅི་ཡིན། གང་ལྟར་བཤད་རུང་གྲྭ་ས་ཆེན་པོའི་དགེ་འདུན་པ་མཆོད་འོས་ཀྱི་ཞིང་ས་སྟེ། བླ་མ་བཟང་པོའི་སློབ་མ། གྲྭ་ས་བཟང་པོའི་གྲྭ་པ་འདྲ་རྒྱུ་མ་རེད། ང་ཡི་རྗེས་འཇུག་ཇི་ལྟར་ཞན་གྱུར་ཀྱང་། །སྐྱེ་བོ་ཕལ་བ་བརྒྱ་ཡིས་དོ་ཟླ་མེད། །ཅེས་གསུངས་པ་ལྟར། མི་སྐྱ་ཕོ་མོ་ཐམས་ཅད་ཡིན་ནའང་རང་ལ་རང་དབང་ཡོད་པའི་སྐབས་འདིར། ཤི་དུས་འགྱོད་མེད་ཀྱི་དམ་པའི་ལྷ་ཆོས་བློ་ཁེལ་ཤག་ཤག་ཅིག་ཨེ་འགྲུབ་ལྟ་རྒྱུ་དེ་རང་དོན་ཡིན་པས། རང་དོན་ལ་དོན་གཉེར་བྱེད་ལུགས་ནོར་མི་ཤོར་བར་གཙོ་བོ་རང་དོན་སྒྲུབ་དུས་ཁེ་གང་གིས་ཆེ་བལྟ་དགོས། འཇིག་རྟེན་མི་རྣམས་ཆགས་སྲེད་དང་ཞེན་པ་ཆེ་བས་ཡིན་གཅིག་མིན་གཉིས་གཅིག་ལོན་ཡོད་པ་དང་ཐོབ་ཡོད་པ་ཞིག་དགོས་པ་ཡིན་པ་བཞིན་དུ། གལ་ཏེ་དམ་པའི་ཆོས་ཞུས་ནས་ཆོས་ཡང་དག་ཅིག་གོ་ཡོད་ན། དེ་རིང་ཆོས་རའི་ནང་ལ་བསྡད་པའི་རིན་ཐང་གི་ཐད་ནས་བསམ་བློ་བཏང་ན། ཚེ་འདི་ཕྱི་རང་གཞན་གཉིས་ཕན་གྱི་བྱ་བ་གནད་ཆེན་གྱི་ལམ་སྣེ་ཟིན་པའི་ཡོང་སྒོ་ཆེན་པོ་ཞིག་རྙེད་ཡོད་པས། འདི་འཇིག་རྟེན་སྒྱུ་མའི་ནོར་རྫས་ཀྱིས་ས་སྟེང་བཀང་ནས་བྱིན་ན་ཡང་བསྒྲུན་དུ་མེད་པ་ཞིག་ཡིན་ལ། ལུས་ཆོས་གྲལ་ལ་བསྡད་པས་མ་ཚད་པར། སེམས་ཆོས་དང་འདྲེས་ཐབས་ལ་རང་གིས་འབད་བརྩོན་བྱེད་རྒྱུ་དེ་གནད་ཆེན་ནང་གི་གལ་ཆེན་ཡིན། ཆོས་ཞུ་བའི་སྐབས་སུ་ཆོས་ཞུ་བའི་སྔོན་ལ་ཞུ་ལུགས་ཤེས་རྒྱུ་དེ་གནད་ཆེ་བ་ཁར་སང་བཤད་མ་ཐག་པ་ལྟར་ཡིན་པས། ཀུན་སློང་དང་ཀུན་སྤྱོད་བཅོས་རྒྱུ་དེ་ནམ་དང་ནམ་དུ་ཡང་གལ་ཆེ་བ་ཡིན། ཀུན་སློང་ཞེས་པ་ནི་བསམ་བློ་གཏོང་ཚུལ་ཞིག་རེད། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། །བསམ་པ་ངན་ན་ས་དང་ལམ་ཡང་ངན། །ཐམས་ཅད་བསམ་པ་དག་ལ་རག་ལས་པས། །རྟག་པར་བསམ་པ་བཟང་ལ་ནན་ཏན་བྱ། །ཞེས་གསུངས་པ་ལྟར་དུ། ཆོས་ཞུ་དུས་བསམ་པའི་ཀུན་སློང་བཟང་པོ་བྱང་ཆུབ་སེམས་ཀྱི་ཀུན་སློང་ལྡན་དགོས་པ་དང་། ཀུན་སློང་ཡག་པས་མི་ཚད་ཀུན་སྤྱོད་ཡག་དགོས་པས། ཀུན་སྤྱོད་ཅེས་པ་ནི་ལུས་ངག་གི་བྱ་སྤྱོད་ཅིག་སྟེ། སྤང་བྱའི་ཀུན་སྤྱོད་ཐམས་ཅད་སྤངས་པ་དང་། བླང་བྱའི་ཀུན་སྤྱོད་མཐའ་དག་ཚུར་བླངས་ནས་ཆོས་ཉན་དགོས་ཚུལ་ཁར་རྩང་བཤད་པ་བཞིན་དུ་ཡིན་པ་གཞིར་བཞག་གི་ཐོག་ནས། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རྒྱལ་བ་ཀློང་ཆེན་རབ་འབྱམས་པས། ཁྱད་པར་ཐེག་ཆེན་དགེ་བ་རླབས་པོ་ཆེ། །སྦྱོར་བ་སེམས་བསྐྱེད་དངོས་གཞི་དམིགས་པ་མེད། །རྗེས་ལ་བསྔོ་བས་ཡོངས་སུ་ཟིན་པ་དེ། །ཐར་ལམ་སྒྲུབ་པའི་གཅེས་པ་རྣམ་གསུམ་ཡིན། །ཞེས་གསུངས་པ་ལྟར། ཐེག་ཆེན་གྱི་ཆོས་སྒོ་ལ་ཞུགས། མདོ་སྔགས་གཉིས་ཀྱི་ཉམས་ལེན་ཞིག་བྱེད་བསམ་ན་དམ་པ་གསུམ་གྱིས་རྩིས་ཟིན་པ་ཞིག་བྱེད་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་མེད་ཐབས་མེད་པ་ཡིན། འོ་ན་དེ་ཇི་ལྟ་བུ་ཞིག་ཡིན་ཞེ་ན། དགེ་རྩ་ཐབས་ཀྱིས་ཟིན་པ་སྦྱོར་བ་སེམས་བསྐྱེད་དམ་པ། དགེ་རྩ་རྐྱེན་གྱིས་མི་ཤིགས་པར་བྱེད་པ་དངོས་གཞི་དམིགས་མེད་དམ་པ། དགེ་བ་གོང་ནས་གོང་དུ་འཕེལ་བར་བྱེད་པ་རྗེས་བསྔོ་བ་དམ་པ་སྟེ། དེ་ལས་སྦྱོར་བ་སེམས་སྐྱེད་ལ་མཚོན་ན། སྤྱིར་སེམས་བསྐྱེད་རྒྱ་ཆེ་ན་དགེ་བ་རྒྱ་ཆེ་བ་དང་། སེམས་བསྐྱེད་རྒྱ་ཆུང་ན་དགེ་བ་དེ་ཡང་རྒྱ་ཆུང་ཆུང་ཞིག་མ་གཏོགས་ཡོད་པ་མིན་པས། བསམ་པ་དགེ་དང་མི་དགེའི་བྱེ་བྲག་ལས། །ཞེས་ད་ལྟ་ལུང་དྲངས་བ་ལྟར་ཡིན་པས། དཔེར་ན་ཆོས་ཉན་པའི་དགེ་རྩ་འདི་ལྟ་བུ་ལ་མཚོན་ནའང་ང་གཅིག་པུའི་བདེ་ཐབས་སྐྱིད་ཐབས་དང་། ང་ངན་སོང་ལ་མི་ལྷུང་བའི་ཆེད་དུ་ཆོས་འདི་ཉན་ནས་བསྒྲུབ་ཨེ་ཤེས་བལྟ་དགོས་སྙམ་ན་སེམས་བསྐྱེད་རྒྱ་ཆུང་སོང་བ་ཡིན། སེམས་བསྐྱེད་རྒྱ་ལོས་ཆུང་ང་མི་གཅིག་ཁོ་ནའི་ཆེད་ཙམ་ལས་མ་འདས། སེམས་ཅན་ཐམས་ཅད་སྡུག་བསྔལ་མྱོང་བ་ལ་གཅིག་མཚུངས་ཡིན། འདི་རྣམས་ཀྱི་དོན་དུ་ཆོས་ཉན་པ་དང་སྒྲུབ་པར་བྱས་ཏེ་ང་ལ་ནུས་པ་ཡོད་པ་ཞིག་བྱས་ནས་སེམས་ཅན་ཡོད་ཚད་སྡུག་བསྔལ་ལས་སྐྱོབ་དགོས་སྙམ་ན་སེམས་བསྐྱེད་རྒྱ་ཆེན་པོ་དང་ཐེག་ཆེན་སེམས་བསྐྱེད་ཡིན། འོན་ཀྱང་ལས་དང་པོ་བ་དག་ལ་མཚོན་ན་རང་དོན་དང་མ་འདྲེས་པའི་སེམས་བསྐྱེད་ཅིག་དང་པོ་ཉིད་ནས་ཡོད་དཀའ་ཡང་བསམ་བློ་བཏང་ནས་སྦྱོང་དགོས། དེ་སྔོན་ཉི་མ་ཡན་ཆད་ལ་སྐྱེ་ལུས་བླངས་ཚད་པོ་བརྩི་ཐབས་མེད་པ་ཚེ་འཁོར་བ་ཐོག་མེད་ནས་ད་ལྟ་ལ་མ་ཐུག་གི་བར་དུ་བདག་འཛིན་འདིའི་དབང་གིས་རང་དོན་མ་བསྒྲུབས་པ་ཞིག་ག་ལ་ཡོད། རང་གཅིག་པུ་བདེ་ཐབས་ལ་ཅི་འདྲའི་འབད་བརྩོན་ཞིག་བྱས་མེད་ཀྱང་། རང་དོན་མ་འགྲུབ་ནས་ད་ལྟའི་བར་དུ་འཁོར་བར་འཁྱམས་པ་འདི་ལས་མ་འདས་པ་ཡིན་པས། ད་ནི་གཞན་དོན་ཞིག་བསྒྲུབ་དགོས་པར་འདུག་ཏེ། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཞན་དོན་འབའ་ཞིག་བསྒྲུབས་ནས་རང་དོན་ཞོར་འབྱུང་དུ་འགྲུབ་སྟེ་སྟོབས་བཅུའི་སྟོབས་རྫོགས། དབང་བཅུའི་དབང་དང་ལྡན་སོང་བ་ཡིན་འདུག དཔེ་དེ་བཞིན་དུ་འཇིག་རྟེན་མིའི་ནང་ནས་ཀྱང་རང་དོན་ཕུགས་བཅུག་ཏག་ཏག་གིས་ང་ཁེ་རུ་མ་བདེ་སར་འདུག་དགོས། ཁྱོད་གཟར་ས་ལ་སྡོད་ཟེར་མཁན་ཞིག་ལ་གང་སུ་ཞིག་གིས་ཀྱང་བཟང་པོར་མི་བརྩི། དེའདྲ་དེ་བདེ་སར་འདུག་བསམ་ན་ཡང་དེའི་སར་ཐོན་དཀའ་བ་ཡིན། རང་འདོད་མི་ཆེ་བའི་མི་སྤྱི་དོན་ཁོ་ན་ལ་བསམ་བློ་གཏོང་བའི་མི་དེ། མི་བཟང་ཡ་རབས་ལ་བརྩི་བས་མ་ཚད་དེ་འདྲ་དེས་སྤྱི་དོན་གྱི་ཞོར་ལ་རང་དོན་འགྲུབ་པ་ལས་ཟུར་དུ་ལྷག་འགྲོ་བ་མ་རེད། དེས་ན་སྦྱོར་བ་སེམས་བསྐྱེད་དམ་པ་ནི་སྙིང་རྗེས་དྲངས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་བློ་སྦྱོང་བ་དེ་ཡིན་ཕྱིར། སེམས་བསྐྱེད་ཀྱི་རྩ་བ་སྙིང་རྗེ་ལ་ཐུག་པ་དང་། སྙིང་རྗེ་དེའང་སེམས་ཅན་ལ་དམིགས་ནས་སྐྱེ་དགོས་པ་རེད། དེ་ཡང་ནམ་མཁའ་འདི་ལ་ཚད་མེད་པ་སྟེ། ནམ་མཁའ་འདི་ལ་ཚད་ཅིག་ཞོག་ཟེར་ན་མཐའ་མེད་རེད་ཅེས་པ་ལས་གཞན་བསྙད་དུ་མེད། ནམ་མཁས་གར་ཁྱབ་ལ་སེམས་ཅན་གྱིས་ཁྱབ་ཡོད་པས། སེམས་ཅན་ལ་ཡང་དེ་བཞིན་དུ་མཐའ་དང་བྲལ་ཞིང་། དེ་ལྟ་བུའི་མཐའ་མེད་ཀྱི་སེམས་ཅན་འདི་དག་ཐམས་ཅད་ང་ཚོ་མི་གཅིག་ལ་མཚོན་ནའང་སེམས་ཅན་རེ་རེ་བཞིན་དུ་ཕ་མ་བྱས་མ་མྱོང་པ་གཅིག་ཀྱང་མེད་ལ། ཕ་མ་བྱེད་རྒྱུ་དེ་ཡང་ལན་གྲངས་གཅིག་དང་གཉིས་ཀྱིས་མི་ཚད་པར་ལན་གྲངས་བརྩི་བརྩི་གྲངས་མེད་ས་ཆེན་པོའི་རྡུལ་ཕྲན་གྱི་གྲངས་ལས་མང་བ་ཞིག་བྱེད་མྱོང་ལ། ཕ་མ་བྱེད་པའི་གནས་སྐབས་སུའང་ད་ལྟའི་ཚེ་ལུས་འདིའི་ཕ་མ་ཨ་ན་མ་ན་བཞིན་དུ་གཅེས་པའི་སེམས་ཀྱིས་བསྐྱངས། འཛུམ་པའི་མིག་གིས་བལྟས། བྱམས་པས་བསྐྱེད་བསྲིངས་བ་ཤ་སྟག་ཡིན་པས། ཚེ་འདིའི་ཕ་མ་དང་ཁྱད་པར་ག་ལ་ཡོད། འོན་ཀྱང་འདི་ལྟ་བུའི་ཕ་མར་གྱུར་པའི་སེམས་ཅན་འདི་དག་གིས་འདོད་པ་བདེ་བ་འདོད་ན་ཡང་། རྨོངས་པ་མ་རིག་གཞན་དབང་དུ་གྱུར་བའི་སྟོབས་ཀྱིས་བདེ་བའི་རྒྱུ་དགེ་བ་བསྒྲུབ་མི་ཤེས། མི་འདོད་པ་སྡུག་བསྔལ་མ་འདོད་ན་ཡང་། སྡུག་བསྔལ་གྱི་རྒྱུ་སྡིག་པ་མི་དགེ་བ་སྤང་མི་ཤེས། ཞེ་འདོད་དང་ལག་ལེན་གཉིས་ཕྱིན་ཅི་ལོག་ཏུ་སོང་ནས། འགྲོ་བ་རིགས་དྲུག་གི་སྡུག་བསྔལ་འདི་དག་མྱོང་བ་ཡིན་པས། འདི་ཐམས་ཅད་སྙིང་རེ་རྗེ་བསམ་རྒྱུའི་སྙིང་རྗེ་ཞིག་ཡོང་དགོས་ལ། དེ་ཡང་སྙིང་རྗེ་ཆུང་ཆུང་ཕྱོགས་རེ་བ་རང་ཉིད་ཀྱི་བུ་ཚ་རྒྱུད་ལ་གཅེས་པ་དེ་འདྲ་ནི་ལ་ཁའི་རི་སྤྱང་དང་གཅན་གཟན་སྟག་གཟིག་དོམ་དྲེད་ཚོ་ལ་ཡང་ཡོད་ནའང་། དེ་ལྟ་བུའི་འགའ་རེ་ལ་ཆགས་ཤིང་། འགའ་རེ་ལ་སྡང་བ་དེ་འདྲ་མ་ཡིན་པར་སེམས་ཅན་ཡོངས་རྫོགས་ལ་མ་གཅིག་པུས་བུ་ལ་བརྩེ་བ་ལྟར་དུ་སེམས་ཅན་གྱི་སྡུག་བསྔལ་དྲན་ན་མིག་ནས་མཆི་མ་རང་ཤུགས་ཀྱིས་འོང་བ་ཞིག་བྱུང་ན་སྙིང་རྗེ་ཚད་མེད་འབྱུང་རྒྱུའི་ས་ཚོད་ལ་ཐོན་པ་ཡིན་ལ། དེ་ལྟ་བུའི་སྙིང་རྗེ་དེས་དྲངས་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་དགོས་པ་རེད། སྙིང་རྗེ་བ་གཅིག་པུས་སེམས་ཅན་ལ་ཕན་ཐོགས་མེད་པ་ནི། དཔེར་ན་ཆུས་ཁྱེར་གྱི་མི་གཉིས་གཅིག་གིས་གཅིག་སྐྱོབ་ཐབས་མེད་པ་ལྟ་བུ་ཡིན་པས། སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་ནང་ནས་སྐྱོབ་ནུས་པ་ནི་རྫོགས་པའི་སངས་རྒྱས་གཅིག་པུ་ཡིན་པས། ངས་ད་རེས་ཆོས་ལ་ཐོས་བསམ་ཉམས་ལེན་གྱི་ཐོག་ནས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱས་ཏེ། ཕ་མ་སེམས་ཅན་ཐམས་ཅད་གཏན་བདེ་སངས་རྒྱས་ཀྱི་ས་ལ་འགོད་དགོས་སྙམ་པའི་བསམ་པ་དེ་དོན་གཉིས་ལྡན་པའི་སེམས་བསྐྱེད་ཡིན་པ་དང་། བྱང་ཆུབ་སེམས་ཀྱིས་ཟིན་མ་ཟིན་གྱི་དགེ་རྩ་ལ་ཁྱད་པར་གནམ་ས་ལྟ་བུ་ཞིག་ཡོད་པ་ནི། རྒྱལ་སྲས་ཞི་བ་ལྷས། དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་བསྐྱེད་ནས་ཟད་པར་འགྱུར་བ་ཉིད། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང་། །འབྲས་བུ་འབྱིན་པས་མི་ཟད་འཕེལ་བར་འགྱུར། །ཞེས་གསུངས་པ་ལྟར་ཡིན་པས། དེ་ལྟ་བུའི་བསམ་པ་དེ་ཆོས་ཉན་དུས་སྒྲུབ་དུས། མ་ཎི་ཨོཾ་ཞིག་ལས་མ་བཏོན་ཡང་བསམ་པའི་ཀུན་སློང་དེ་དང་མ་བྲལ་བ་ནི་དགེ་རྩ་ཐབས་ཀྱི་ཟིན་པ་སྦྱོར་བ་སེམས་བསྐྱེད་དམ་པ་ཡིན་ནོ། །དངོས་གཞི་དམིགས་མེད་དམ་པ་ཞེས་པ་དེ་ཇི་ལྟ་བུ་ཞིག་ཡིན་པ་རེད་ཟེར་ན། འདི་ལ་ཐུན་མོང་དང་ཐུན་མིན་གྱི་བཤད་ཚུལ་རྣམ་པ་གཉིས་ཏེ། དེ་ལས་ཐུན་མོང་མ་ཡིན་པ་དེ་ཅི་འདྲ་ཞིག་ཡིན་ཞེ་ན། སྔོན་འགྲོས་རྒྱུད་སྦྱངས་ཏེ་རིམ་གཉིས་ཀྱི་ལམ་ལ་ཞུགས་ནས། གཞི་དབུ་མ་ཆེན་པོ། ལམ་ཕྱག་རྒྱ་ཆེན་པོ། འབྲས་བུ་རྫོགས་པ་ཆེན་པོ་གསུམ་གང་ཡང་རུང་བའི་ལྟ་བའི་གདེང་རྙེད་པ་དེའི་ཐོག་ཏུ་བཞག་ནས་རྟག་ཆད་སྐྱེ་འགག་ཡོད་མེད་ཡིན་མིན་ལ་སོགས་པ་སྤྲོས་མཐའ་ཐམས་ཅད་དང་བྲལ་བའི་མཉམ་བཞག་གཡོ་མེད་རྩེ་གཅིག་པའི་ཏིང་ངེ་འཛིན་དེའི་ཐོག་ནས་མི་གཡོ་ཞིང་དེའི་དགོངས་པ་དེ་དང་མི་འབྲལ་བ་ནི་དངོས་གཞི་དམིགས་མེད་དམ་པ་མཚན་ཉིད་པ་ཞི་ལྷག་ཟུང་དུ་འབྲེལ་སྟེ། ཞི་ལྷག་ཟུང་འབྲེལ་གྱི་དོན་དེའི་ཐོག་ནས་མཉམ་པར་བཞག་པ་ཞིག་ཡིན་ནོ། །འོན་ཀྱང་ལས་དང་པོ་བ་ཞིག་གིས་ཐུན་མོང་མ་ཡིན་པའི་ལྟ་དགོངས་ཏིང་ངེ་འཛིན་དམིགས་མེད་སྤྲོས་པའི་མཚན་མས་དབེན་པ་ཞིག་དཀའ་བ་ཡིན་པས། དེ་དང་རྗེས་མཐུན་ཐུན་མོང་གི་ལམ་འདི་ལྟར་སྣང་བའི་ཆོས་ཐམས་ཅད། སྒྱུ་མ་དང་རྨི་ལམ་ལ་སོགས་པ་སྒྱུ་མའི་དཔེ་བརྒྱད་དང་འདྲ་བའི་རང་བཞིན་ལ་ངེས་པ་བསྐྱེད་ནས། ཆོས་ཞུ་བའི་དུས་དང་དགེ་རྩ་སྒྲུབ་པའི་སྐབས་སྒོ་ལུས་ངག་ཡིད་གསུམ་པོ་ཆུན་གཅིག་ཏུ་དྲིལ་ནས་གང་བསྒྲུབ་རྒྱུའི་དགེ་བ་དེ་ལས་དམིགས་པ་ཁ་ཕྱིར་ལ་མ་ཤོར་བ་ཞིག་དགོས་པ་ཡིན། ཆོས་ཉན་པའི་སྐབས་སུ་རི་དྭགས་པི་ཝང་གི་སྒྲ་ལ་ཉན་པ་ལྟ་བུ་རྣ་བ་དེ་ལས་གཞན་དུ་མི་གཡེང་བ་དང་། ཆོས་སྒྲུབ་པའི་དུས་སུ་གཡག་ལྟོགས་ཀྱིས་རྩྭ་ཟ་བ་ལྟ་བུའི་གཅིག་བསྒྲུབ་ཚར་དུས་གཅིག་བསྒྲུབ་དགོས་སྙམ་པའི་ངོམ་པ་མེད་པ་དང་། མཐར་ཕྱིན་པའི་དུས་ན་ཉི་མ་སྤྲིན་ལས་གྲོལ་བ་ལྟ་བུའི་རེ་དོགས་མེད་པའི་ས་ལ་ཕྱིན་པའི་དམིགས་ཡུལ་དེ་འདྲ་ཞིག་འཛིན་དགོས་པ་ཡིན་ལ། ཆོས་ཞུ་དུས་རྣ་བ་མ་གཏད་པ་དང་། ཡིད་ལ་མ་བཞག་པ་དང་། ཉོན་མོངས་དང་འདྲེས་པར་གྱུར་ཚེ་ཁ་སང་བཤད་པ་ལྟར། སྣོད་ཁ་སྦུབ་དང་། ཞབས་རྡོལ་དང་། དུག་ཅན་ལྟ་བུའི་སྐྱོན་འབྱུང་ཞིང་། ཆོས་ཞུ་དུས་ལུས་འདུག་སྟངས་དྲང་པོར་བྱས་ནས་གུས་པའི་ཚུལ་གྱིས་མིག་གིས་ཆོས་སྨྲ་བ་པོའི་ཞལ་ལ་བལྟས་ནས་རྣ་བས་ཆོས་སྒྲར་ཉན་དགོས་པ་ཡིན། ཆོས་རང་གིས་མི་ཉན་ཞིང་གཞན་ལའང་ཉན་དུ་མི་འཇུག་པར་ངག་འཁྱལ་བཤད་པར་བྱས་ན། བྱ་ནེ་ཙོ་ལ་སོགས་པ་སྨྲ་ལ་འབྱམས་པའི་དུད་འགྲོའི་ལུས་ལེན་པར་གསུངས་པས་སེམས་རྣམ་ཤེས་བློ་རིག་བསྒྲིམས་ནས་ཉན་དགོས་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་གསུངས་པ་ལྟར། དམ་པའི་ཆོས་ཟབ་དང་རྒྱ་ཆེ་བའི་བདག་ཉིད་དེ་གཟབ་གཟབ་བྱས་ནས་མ་ཉན་ན་གོ་མི་ནུས་པ་དང་། ཆོས་ཡང་དག་རྣ་བས་གོ་རྒྱུ་དེ་ཡང་ཉིན་མོའི་སྐར་མ་འདྲ་ཞིག་ཡིན་ཕྱིར་མཚམས་རེ་ལན་རེ་མ་གཏོགས་མི་ཐོབ་པའི་ཆོས་དེ་ཡང་ཡག་པོ་ཞིག་མ་ཉན་པའི་དབང་གིས་གོ་མེད་ན་ཆོས་རའི་ནང་ལ་ཡོང་ནས་ཆོས་ཞུའི་གྲལ་ལ་བསྡད་པ་དོན་མེད་དུ་འགྲོ་བ་སྟེ། དཔེར་ན། ཉི་མ་གཉིས་གསུམ་གྱི་ནང་དུ་ཟ་མ་ཐེངས་རེ་ཙམ་མ་གཏོགས་བཟའ་རྒྱུ་མེད་ན་ཐེངས་གཅིག་གི་ཟ་མ་དེ་ཡག་པོ་མ་ཟོས་ན་ཅི་ལྟར་འགྱུར་ངེས། ཟས་མེད་ན་མི་འཚོ་ཐབས་མེད་པ་དང་འདྲ་བར་དམ་པའི་ཆོས་བསྒྲུབ་ཏུ་མེད་ན་འདི་དང་ཕྱི་མའི་བདེ་སྐྱིད་སྐྲུན་ཐབས་མེད་ཅིང་། སངས་རྒྱས་བཅོམ་ལྡན་འདས་ཀྱིས་འདུལ་བ་ལུང་ལས། དགེ་སློང་རྣམས་ཞེས་འཁོར་རྣམས་ལ་བོས་ནས། ཉི་མ་ནི་ཤར། བྱ་རོག་རྣམས་ནི་སྐད་འབྱིན། ཞིང་པ་རྣམས་ནི་ཞིང་རྨོ། མི་རྒོད་རྣམས་ནི་ངུ་། དེའི་ཕྱིར་བརྩོན་པར་བྱའོ། །དེ་ལྟར་གསུངས་ཤིང་། དེའི་དོན་ཇི་ལྟར་ཡིན་ཞེ་ན། ཉི་མ་ནི་ཤར་ཞེས་པ་ནི། སངས་རྒྱས་འཇིག་རྟེན་དུ་བྱོན་ནས་དེའི་ཆོས་ད་དུང་ནུབ་མེད་པ་དང་། བྱ་རོག་རྣམས་ནི་སྐད་འབྱིན་ཞེས་པ་ནི། བླ་མ་དགེ་བའི་བཤེས་གཉེན་རེ་རེ་གཉིས་རེས་ཆོས་གསུང་བཞིན་ཡོད་པ་དང་། ཞིང་པ་རྣམས་ཀྱིས་ཞིང་རྨོ་ཞེས་པ་ནི། སྦྱིན་བདག་བསོད་ནམས་ཅན་འགའ་རེས་དགེ་བའི་ས་བོན་ཚེ་འདིར་བཏབ་ནས་བདེ་བའི་འབྲས་བུ་ཚེ་ཕྱི་མར་ལེན་རྒྱུའི་ཚོགས་གསོག་པ་དང་། མི་རྒོད་རྣམས་ནི་ངུའོ་ཞེས་པ་ནི། ལོག་པར་ལྟ་བའི་བདུད་རིགས་བྱ་འུག་པ་དང་འདྲ་བ་ཐམས་ཅད་ཀྱཻ་མ་སྡུག་བསྔལ་ལོ་ཞེས་ངུ་བ་ལྟར་བྱེད་པ་ནི་ཆོས་ཉིད་དོ་ཞེས་པ་དང་། དེའི་ཕྱིར་བརྩོན་པར་བྱ་ཞེས་པ་ནི། བློ་གྲོས་དང་ལྡན་པ་ཡོད་ན་སངས་རྒྱས་བསྟན་པའི་ཉི་མ་ཡོད་པའི་ཚེ་འདི་ལ་ཆོས་ལ་བརྩོན་འགྲུས་བྱེད་རན་པ་ཡིན་ནོ་ཞེས་པའོ། །དུས་ཕྱི་མའི་སྐབས་འདིར་སངས་རྒྱས་དངོས་སུ་མཇལ་བའི་སྐལ་བ་དང་མ་ལྡན་རུང་། སངས་རྒྱས་བྱང་སེམས་ཀྱི་སྤྲུལ་བ་བླ་མ་དགེ་བའི་བཤེས་གཉེན་གྱི་མདུན་ནས་ཆོས་ཐོབ་རྒྱུ་དེ་ཡང་སྐལ་བ་བཟང་པོ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས། མྱ་ངན་མ་བྱེད་ཀུན་དགའ་བོ། །སྨྲེ་སྔགས་མ་འདོན་ཀུན་དགའ་བོ། །ང་ཉིད་ཕྱི་མའི་དུས་ཀྱི་ཚེ། །དགེ་བའི་བཤེས་ཀྱི་གཟུགས་སྤྲུལ་ནས། །ཁྱོད་ལ་སོགས་པའི་དོན་བྱེད་འགྱུར། །ཞེས་གསུངས་པ་ལྟར་ཡིན་ཞིང་། དཀའ་བའི་ཚེགས་མ་དགོས། དཀོན་པའི་རྒྱུ་མ་དགོས་པར་དབང་ཆོས་སྒོ་འགྲིམ་བྱེད་པའི་དུས་ཚོད་ལ། ལྷ་ཁང་ནང་དུ་ཁ་མ་ཞ། །ཚ་ཆུའི་ནང་དུ་ལག་མ་ཞ། །ཞེས་པ་དང་། རྒྱ་མཚོ་ཆུ་ཡིས་མི་ངོམས། །མཁས་པ་ཆོས་ཀྱིས་མི་ངོམས་པའི་དཔེ་བཞིན། ང་ཚོས་འཇིག་རྟེན་ཚེ་འདིའི་རྒྱུ་རྫས། སྡུག་དཀའ་ལས་གཉིས་ཀྱི་གཞི་མ། ཚེ་ཕྱི་མའི་ཡུལ་ལ་ཁུར་མི་ཐུབ་པ་འདི་དག་ཅི་འདྲ་འདྲའི་གསོག་གྲུན་ཞིག་བྱེད་ན། དམ་པའི་ཆོས་ཚེ་འདི་ཕྱི་རང་གཞན་གཉིས་ཕན་དེ་ལ་ངོམས་ཤིང་ཚིམས་ནས་ཆོག་འདུག་བསམ་པ་ཞིག་ཡོད་ག་ལ་རུང་། དཔེར་ན་ས་སྐམ་རྡོ་གྱོང་གི་ཐོག་ལ་ཆར་ཐེངས་རེར་བབ་པས་ནེམ་མི་ཕོག་པ་བཞིན་དུ་རང་རྒྱུད་གྱོང་པོ་འདི་ཆོས་ལན་རེ་ལན་གཉིས་ཐོས་པ་ཙམ་གྱིས་ཐུལ་དཀའ་བ་ཡིན། དེས་ན་ཆོས་མང་པོ་ཉན་དགོས་པ་ཡིན། ཆོས་མང་པོ་ཉན་པས་མ་ཚད་ཆོས་ཐོས་པ་རང་རྒྱུད་ལ་སྦྱར་ནས་ཉམས་སུ་བླངས་ན་ཕན་ཐོགས་རིམ་གྱིས་ཡོད་པ་ནི། ཉམས་སུ་བླངས་ན་བ་གླང་རྫི་ཡང་གྲོལ། །ཉམས་སུ་མ་བླངས་པཎྚི་ཏ་ཡང་འཁྲུལ། །ཞེས་གསུངས་པ་ལྟར་ཡིན་པ་དེས་ན་ཆོས་ཚིག་གཅིག་ཙམ་གོ་ནའང་ཚིག་གཅིག་པོ་དེ་ཉམས་སུ་བླངས་ནས་དུས་རྒྱུན་དུ་འཚོ་བའི་ཐོག་ཏུ་བེད་སྤྱོད་ཐུབ་དགོས་པ་སྟེ། སྤྱོད་དུ་མེད་པའི་ཅ་ལག་འཚོ་བའི་ཐོག་བེད་མི་ཆོད་པ་ཞིག་ཡོད་མ་ཡོད་མེད་པ་དང་འདྲ་མཚུངས་ཡིན། ཆོས་སྒྲུབ་ཅེས་པ་དེའང་ལྷ་ཁང་ནང་དང་དགོན་པའི་ནང་། དུང་འཁོར་མ་ཎི་སྐོར་ས་ནས་མ་གཏོགས་བསྐྱུར་ན་ཆོག་པ་ཞིག་མ་ཡིན་ཏེ། དཔེར་ན། ཞེ་སྡང་མ་བསྐྱེད་བཟོད་པ་སྒོམས་ཞེས་པ་འདི་གཅིག་གིས་ཐད་ན་བསམ་བློ་གཏོང་ན། ཆོས་རའི་ནང་ནས་བཟོད་པ་བསྒོམ་དགོས་པས་མི་ཚད། ཆོས་རའི་ཕྱི་སོ་ལ་བུད་ཚར་དུས་ལྷག་པར་བཟོད་པ་བསྒོམ་དགོས་པ་དང་། ཁྱད་པར་དུ་ཁྱོད་ལ་གཞན་ཞིག་གིས་བརྙས་བཅོས་དང་མཚང་འབྲུ་བྱེད་དུས་བཟོད་པ་བསྒོམ་དགོས་པ་ཡིན། ཁོང་ཁྲོའི་ཡུལ་མེད་ན་བཟོད་པ་གང་ལ་བསྒོམ། ཁྱོད་ཀྱིས་ཕར་ལ་བཟོད་པ་བསྒོམས་ཤིང་བྱང་སེམས་ཟུང་དང་། ཁྱོད་ལ་ཚུར་དགྲ་མེད་པས་མི་ཚད་གཉེན་ཇེ་མང་ལ་འགྲོ་བ་ཡིན། དེ་སོང་ན་ཁྱོད་ཀྱིས་ཐུབ་དགོས་པའི་དགྲ་བོ་མེད་པར་བྱས་ནས། དགྲ་གཉེན་ལ་བསྒྱུར། དུག་སྨན་ལ་བསྒྱུར་བ་ཡིན། དགྲ་ཐབས་ཀྱིས་འདུལ་བ་དཔའ་བོ་མཁས་པའི་ལུགས་ཡིན་པར་གསུངས་ཤིང་། དགྲ་ཞེས་པའི་འགོག་རྐྱེན་བྱེད་མཁན་དེ་མེད་སོང་ན་བྱ་བ་གང་སྒྲུབ་ན་སྟབས་བདེ་བ་དང་། ཁོང་ཁྲོ་ཞེ་སྡང་གིས་རྒྱུད་ཚིག་སྟེ་ནམ་ཡིན་ཡང་སེམས་འཁྲུག་བཞིན་མེད་ཚེ། བསྡད་ན་སེམས་བདེ་བ་དང་། སོང་ན་ལམ་བདེ་བ་ཡིན། ཁོང་ཁྲོ་ཞེ་སྡང་ཆུང་ན་ཁྱིམ་བཟའ་ཚང་ཡང་སྐྱིད་པ་དང་། སྐྱེ་བོ་མི་ནག་པ་མ་དགོས་བླ་མ་སེར་མོ་ཡིན་རུང་ཐུགས་མཐུན་ཁྲིམས་གཙང་འདི་བསྟན་པ་དར་བའི་གཞི་མ་ཡིན་པས་ཆོས་གོ་བ་འདི་རང་རྒྱུད་ལ་སྦྱར་དགོས་པ་ལས་ཐོས་པ་གོ་ཡུལ་ལ་ལུས། གོ་བ་དཔེ་ཐོག་ལ་ལྷག རང་སེམས་ཐ་མལ་དུ་ལུས། དགྲ་ལ་ཐུག་ནས་འུ་ཐུག་དུས་ལག་ཆ་བོར་སོང་བ་འདྲ་ཞིག་ཏུ་འགྲོ་བ་ཡིན། དེས་ན་མདོ་དོན་ཚིག་གི་སྙིང་པོ་ནི། ཆོས་ཞུ་དུས་སྒོ་གསུམ་ཆུན་གཅིག་ལ་དྲིལ་ནས་རྩེ་གཅིག་ལ་ཉན་པ་དང་། སྒྲུབ་པའི་དུས་སུ་ལྟ་བའི་ཏིང་ངེ་འཛིན་ལས་མ་གཡེངས་ན་དངོས་གཞི་དམིགས་མེད་དམ་པ་ཞེས་པ་དེ་ཡིན་ནོ། །དགེ་རྩ་གོང་ནས་གོང་དུ་འཕེལ་བར་བྱེད་པ་རྗེས་བསྔོ་བ་དམ་པ་ནི། དགེ་རྩ་ཆེ་ཆུང་གང་བསྒྲུབས་ཀྱང་བསྔོ་བ་ཡོད་དགོས་ཤིང་། དེ་མ་ཐག་ཏུ་སྔོ་བ་མ་བྱས་ན། ལས་དང་པོ་པའི་དགེ་བ་དེ། རྩྭ་སྐམ་པོ་ཞིག་དང་། ཆུ་ཐིགས་པ་ཞིག་འདྲ་བར་འཇིག་ཅིང་ཟད་སླ་བ་དང་། ཁོང་ཁྲོ་དང་ང་རྒྱལ་ལ་སོགས་མི་དགེ་བའི་ཚོགས་རྣམས་མེ་དང་ཉི་མ་འདྲ་བའི་ཤུགས་ཆེན་པོ་ཡིན་ཕྱིར། རྩྭ་སྐམ་པོ་དེ་མེ་དང་ཐུག་ན་ཚིག་འགྲོ་བ་དང་། ཆུ་ཐིགས་པ་ཞིག་ཉི་ཚན་ལ་བཞག་ན་མྱུར་དུ་སྐམ་ལོས་འགྲོ། དེ་དང་གཅིག་མཚུངས་རེད། ཉོན་མོངས་པ་ཁོང་ཁྲོའི་རྣམ་རྟོག་ལ་མཚོན་ན། ཁོང་ཁྲོ་སྐད་ཅིག་མ་གཅིག་སྐྱེས་ན་དགེ་རྩ་ཆེན་པོ་ཇི་ཙམ་ཡོད་ཀྱང་འཇོམས་འགྲོ་བ་སྟེ། ཇི་སྐད་དུ། བསྐལ་བ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང་། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཅེས་གསུངས་པ་ཡིན། དགེ་རྩ་ཆེ་ཆུང་གང་ཡིན་ཡང་དེ་མ་ཐག་ཏུ་བསྔོ་བ་བྱས་ན། དགེ་རྩ་ཟད་ནས་མེད་འགྲོ་རྒྱུ་དང་། འབྲས་བུ་སྨིན་ནས་རྫོགས་འགྲོ་རྒྱུ་མེད་པ། དཔེར་ན་རྒྱ་མཚོ་ཆེན་པོ་ཞིག་གི་ནང་དུ་ཆུ་ཐིགས་གཅིག་བསྲེས་ན་རྒྱ་མཚོ་ཆེན་པོ་མ་ཟད་ཀྱི་བར་དུ་ཆུ་ཐིགས་ཁེ་རུ་མ་དེ་ཟད་དུ་མེད་པ་ཡིན། དཔེ་དེ་བཞིན་དུ་ཆོས་ཚིག་གཅིག་ཉན་པ་དང་། དགེ་སེམས་སྐད་ཅིག་མ་གཅིག་སྐྱེས་པ་དང་། དགེ་སྡིག་གི་བླང་དོར་སྣ་གཅིག་བྱས་པ་ལ་སོགས་པ། མདོར་ན་དགེ་རྩ་ཆེ་ཆུང་ལ་མ་ལྟོས་པའི་དགེ་བ་ཅི་ཞིག་བསགས་ཚད་འདི་དག རྒྱལ་བ་སྲས་དང་བཅས་པས་ཇི་ལྟར་བསྔོས་པ་བཞིན་དུ་རང་གཞན་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་བསྔོ་བ་ཡིན་སྙམ་ནས་བསྔོ་ཞིང་། ཕྱོགས་བཅུའི་སངས་རྒྱས་སྲས་བཅས་ཀྱི་མཐུ་ཡིས་དེ་བཞིན་དུ་འགྲུབ་པར་གྱུར་ཅིག ཅེས་བསྔོ་བ་ལ་སྨོན་ལམ་གྱིས་རྒྱས་འདེབས་བྱེད་དགོས་པ་ཡིན། དེ་ཡང་། ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེར་ལྷུང་བ། །རྒྱ་མཚོ་མ་ཟད་བར་དུ་དེ་མི་ཟད། །དེ་བཞིན་བྱང་ཆུབ་ཡོངས་བསྔོའི་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་ཟད། །ཞེས་གསུངས་པ་ཡིན། སྤྱིར་ན་དགེ་བའི་རྩ་བ་ཟད་འགྲོ་རྒྱུ་དེ་ལ་རྒྱུ་བཞི་ཡོད་པ་སྟེ། ཇི་སྐད་དུ། དགེ་བའི་རྩ་བ་བསགས་ནས་ནི། །མ་བསྔོས་པ་དང་ལོག་པར་བསྔོས། །གཞན་ལ་བསྒྲགས་དང་འགྱོད་པ་སྐྱེས། །དེ་ནི་ཟད་པའི་རྒྱུ་བཞི་ཡིན། །ཞེས་གསུངས་པ་ལྟར་དུ། དགེ་རྩ་བསྒྲུབས་ནས་མ་བསྔོས་པ་དང་གཅིག བསྔོས་ན་ཡང་ཕྱིན་ཅི་ལོག་ཏུ་བསྔོས་ནས་ཡང་དག་པར་མ་སོང་བ་དང་གཉིས། དགེ་རྩ་ཅུང་ཟད་སྒྲུབ་ཁུལ་བྱས་ཀྱང་གཞན་ལ་ངོམ་ཆོས་བྱས་ཏེ་བསྒྲགས་པ་དང་གསུམ། དགེ་རྩ་མཆོད་སྦྱིན་ལྟ་བུ་ཞིག་བྱས་ཡོད་ཀྱང་རྗེས་ནས་འགྱོད་པ་སྐྱེས་ཏེ། དེ་ནི་འཕྲོ་བརླག་རེད་སོང་འདུག་སྙམ་པ་སྟེ་དེ་བཞི་བོ་ནི་དགེ་རྩ་ཟད་པའི་རྒྱུ་བཞི་ཡིན་པར་གསུངས་ཤིང་། དེ་དག་ལས་མ་བསྔོས་པ་དང་། གཞན་ལ་བསྒྲགས་པ་དང་། འགྱོད་པ་སྐྱེས་པ་རྣམས་གོ་སླ་མོད། བསྔོ་བ་ཡང་དག་པ་མ་ཡིན་པར་བསྔོས་པ་ཟེར་བ་དེ་གང་ཡིན་ཟེར་ན། བསྔོ་བ་ཆུང་ཆུང་ལྷ་དང་མིའི་གོ་འཕང་ཐོབ་པའི་ཆེད་དུ་བསྔོས་ན་བསྔོ་བའི་ཚུལ་མ་ཡིན་པ་སྟེ། དེ་ནི་དཔེར་ན་ལྕང་སྡོང་སྐམ་པོ་ལྟ་བུ་ཞིག་ཡིན་པས་དེ་ཡུན་རིང་ལ་མི་བརྟན་པར་མཐར་དངོས་མེད་དུ་ཟད་འགྲོ་བ་ཡིན་པས། རང་གཞན་གཉིས་ཀྱི་བྱ་བ་དེས་འགྲུབ་ཐབས་མེད་པ་ཡིན། དེས་ན་དེ་འདྲའི་བསྔོ་བ་ཆུང་ཆུང་བྱེད་ན་ཚུལ་མ་ཡིན་པར་བསྔོས་པ་ཡིན། གཞན་ཡང་བསྔོ་བ་འབྲིང་པོ་ཉན་ཐོས་རང་རྒྱལ་གྱི་གོ་འཕང་ཐོབ་ཆེད་དུ་བསྔོས་ན། རང་དོན་ཞི་བདེ་ཙམ་མ་གཏོགས་གཞན་དོན་རྒྱ་ཆུང་བའི་སྟབས་ཀྱིས། དང་པོར་སེམས་བསྐྱེད་ཀྱི་དུས་སུ་སེམས་ཅན་ཐམས་ཅད་ཀྱི་དོན་བསྒྲུབ་པར་ཁས་ལེན་དམ་བཅའ་བྱས་པ་དེ་རྫུན་དུ་འགྲོ་བ་ཡིན་པས། གོང་དུ་བཤད་པ་ལྟར་དུ་ངས་དགེ་རྩ་ཞིག་བསགས་ཡོད་པ་འདི་དག ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་སྲས་བཅས་དང་། སེམས་ཅན་ཐམས་ཅད་ཀྱིས་བསགས་པའི་ཟག་བཅས་ཟག་མེད་ཀྱི་དགེ་རྩ་ཡོད་ཚད་ཕྱོགས་གཅིག་ལ་བསྡོམས་ནས། རྒྱལ་བ་སྲས་བཅས་ཀྱིས་ཇི་ལྟར་བསྔོས་པ་བཞིན་དུ་འགྲོ་ཀུན་བྱང་ཆུབ་སྙིང་པོ་ཐོབ་པའི་ཆེད་དུ་བསྔོ་བ་ཡིན། སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པའི་རྒྱུ་རུ་འགྲོ་བར་ཤོག སེམས་ཅན་ཐམས་ཅད་སངས་རྒྱས་མ་ཐོབ་ཀྱི་བར་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་མགོན་པོ་འོད་དཔག་མེད་པའི་ཞབས་དྲུང་དུ་སྐྱེ་བར་ཤོག་ཅེས་བསྔོ་བ་དང་སྨོན་ལམ་ཟུང་དུ་སྦྲེལ་དགོས་པ་ཡིན། མདོ་དོན་ཚུར་ལ་བསྡུས་ན། དང་པོར་ཆོས་ཞུ་བའི་དུས་སུ་སེམས་ཅན་གྱི་དོན་དུ་ངས་ཆོས་ཞུ་བ་ཡིན་སྙམ་པ་དང་། བར་དུ་ཆོས་ཉན་པའི་གནས་སྐབས་སུ་མི་ཡེངས་བའི་སེམས་ཀྱིས་ཉན་པ་དང་། ཐ་མར་ཆོས་ཉན་པའི་དགེ་བའི་རྩ་བ་དེ་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པའི་ཆེད་དུ་བསྔོ་བ་ཡིན་སྙམ་ན་དེ་དག་ནི་རིམ་པ་ལྟར་དུ་དམ་པ་གསུམ་སྟེ། སྦྱོར་དངོས་རྗེས་གསུམ་ཚང་པ་ཡིན། གལ་ཏེ་དེ་གསུམ་པོས་མ་ཟིན་དུས། དགེ་བ་ཆེ་ཆུང་ཅི་ཞིག་བསྒྲུབས་ཀྱང་ཐེག་ཆེན་གྱི་ལམ་དུ་མི་འགྲོ་ཞིང་སངས་རྒྱས་ཐོབ་པའི་དངོས་རྒྱུ་ཡང་མ་ཡིན་ལ། ཀུན་སློང་བྱང་ཆུབ་སེམས་ཀྱིས་ཟིན་པ་དེ་བདེ་བ་ཅན་ལ་སྐྱེ་བའི་རྒྱུ་གསུམ་པ་ཡང་ཡིན་ནོ། །དེ་དག་གིས་ཐེག་ཆེན་ལམ་གྱི་རྩ་བ་མེད་ཐབས་མེད་པའི་དམ་པ་གསུམ་བཤད་ཟིན་ཅིང་། དམ་པ་གསུམ་པོ་དེ་ཡིད་ལ་བཞག་ནས་དུས་རྒྱུན་དགེ་རྩ་ཆེ་ཆུང་གང་སྒྲུབ་ན་དེ་དང་མི་འབྲལ་བར་གནད་ཆེ་བ་ཡིན། ད་ནི་གང་ཞིག་འཆད་ཉན་བྱ་བའི་ཆོས་ཀྱི་རིམ་པ་དངོས། རྣམ་དག་བདེ་ཆེན་ཞིང་གི་སྨོན་ལམ་རཱ་ག་ཨ་སྱས་མཛད་པ་དེ་ཉིད་འཆད་པའི་སྐབས་སུ་བབ་པ་སྟེ། འདི་ཉིད་ལ་ས་བཅད་རྣམ་པ་གསུམ་གྱི་ཐོག་ནས་བཤད་པ་ལ། ས་བཅད་དང་པོ་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་ལ་སྨོན་པ། ས་བཅད་གཉིས་པ་མཚན་བཟུང་བའི་བྱིན་རླབས་ཚེ་འདིར་འབྱུང་བར་གསོལ་བ་འདེབས་པ། ས་བཅད་གསུམ་པ་སྨོན་ལམ་འགྲུབ་པའི་རྒྱུ་བདེན་ཚིག་གཟུངས་སྔགས་དང་བཅས་པ་བརྗོད་པ་སྟེ་གསུམ་ལས། དང་པོ་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་དེ་ལ་ཡང་། རྟེན་ཚོགས་ཞིང་གསལ་འདེབས་པ་དང་གཅིག རྒྱུ་ཚོགས་བསགས་སྒྲིབ་པ་སྦྱང་བ་དང་གཉིས། གྲོགས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་གསུམ། རྐྱེན་སྨོན་ལམ་དག་པས་མཚམས་སྦྱར་བ་དང་བཞི་རུ་ཡོད་པ་ཡིན། དེ་བཞི་བློར་འཛིན་བདེ་བའི་ཆེད་དུ་འུ་ཚོས་སྡོམ་ཚིག་ཏུ་བྱས་པ་ནི། རྟེན་རྒྱུ་གྲོགས་རྐྱེན་བཞི་ལས། དང་པོ་རྟེན་ཚོགས་ཞིང་གསལ་འདེབས་པ་ཁར་རྩང་བཤད་ཟིན་པ་སྟེ། ཀུན་ཀྱང་གསེར་མདོག་མཚན་དང་དཔེ་བྱད་བརྒྱན། །ཆོས་གོས་རྣམ་གསུམ་གསོལ་ཞིང་སེར་ལྟེམ་མེ། །ཞེས་པ་ཡན་ཆད་ཀྱིས་བསྟན་པ་དང་། དེ་རིང་འཆད་རྒྱུའི་བདེ་བ་ཅན་ལ་སྐྱེ་བའི་རྒྱུ་གཉིས་པ་ཚོགས་བསགས་སྒྲིབ་སྦྱོང་འདི་ཉིད་ནི། རྒྱུ་གསུམ་པ་སྨོན་འཇུག་གི་སེམས་བསྐྱེད་རྒྱུད་ལ་སྐྱེ་མི་སྐྱེ་དང་། རྒྱུ་བཞི་བ་སྨོན་ལམ་ཁྱད་པར་ཅན་འགྲུབ་དང་མི་འགྲུབ་ནི་རྒྱུ་བསོད་ནམས་བསགས་པ་སྔོན་སོང་ཡོད་མེད་ལ་ཐུག་ཡོད་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་མདོ་རྒྱ་ཆེར་རོལ་བ་ལས། བསོད་ནམས་ལྡན་པའི་མི་ཡིས་བསམ་པ་ཐམས་ཅད་འགྲུབ་ཅེས་གསུངས་པ་དང་། གཞན་ལས་ཀྱང་། བསོད་ནམས་ཤུགས་ཀྱིས་དོན་འགྲུབ་པ། །ཉི་མའི་འོད་བཞིན་ལྟོས་པ་མེད། །འབད་པའི་ཤུགས་ཀྱིས་དོན་འགྲུབ་པ། །མར་མེའི་འོད་བཞིན་ཀུན་ལ་ལྟོས། །ཞེས་བསོད་ནམས་བསགས་པ་སྔོན་སོང་ཅན་གྱིས་བསམ་པ་འགྲུབ་པ་དེ་ཉི་མ་ཤར་བ་ལྟ་བུ་སྟེ། ཉི་མ་རྒྱལ་ཁམས་ལ་ཤར་ན། དེ་ལ་མི་ཤར་བའི་ཐབས་ཀྱི་འགོག་རྐྱེན་ཅི་ཞིག་བྱས་ཀྱང་འགོག་ཐབས་མེད་པ་ལྟ་བུ་དང་། བསོད་ནམས་མེད་པར་འབད་བརྩོན་རྐྱང་པས་དོན་ཞིག་ཨེ་འགྲུབ་བལྟ་བ་ནི་མར་མེའི་འོད་དང་འདྲ་བ་སྟེ། མར་མེ་ནི་རླུང་ཆུང་ཆུང་ཞིག་གིས་གསོད་འགྲོ་བ་བཞིན་དུ་བར་ཆད་ཆེ་བས་འགྲུབ་དཀའ་བ་ཡིན། དེས་ན་ཚོགས་གསོག་པ་ནི་ཤིན་ཏུ་གལ་ཆེ་ཞིང་། ཚོགས་བསགས་བྱེད་ཚུལ་ལ་རྣམ་གྲངས་མང་པོ་ཡོད་དེ་ཐམས་ཅད་ཀྱི་སྒོ་ཚུར་ལ་བསྡུ་ན་ཡན་ལག་བདུན་གྱི་ནང་དུ་མ་འདུས་པ་མེད་པས་འདིར་ཡན་ལག་བདུན་དང་སྦྲེལ་ནས་གསུངས་པ་ཡིན། འོ་ན་ཡན་ལག་བདུན་དེ་གང་ཡིན་ཞེ་ན། ཕྱག་འཚལ་བའི་ཡན་ལག་དང་གཅིག མཆོད་པའི་ཡན་ལག་དང་གཉིས། བཤགས་པའི་ཡན་ལག་དང་གསུམ། རྗེས་སུ་ཡི་རང་བའི་ཡན་ལག་དང་བཞི། ཆོས་འཁོར་བསྐོར་བར་སྐུལ་བའི་ཡན་ལག་དང་ལྔ། མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ་འདེབས་པའི་ཡན་ལག་དང་དྲུག བསྔོ་བའི་ཡན་ལག་དང་བཅས་བདུན་ལས། དང་པོ་ཕྱག་འཚལ་བའི་ཡན་ལག་ནི། གཙོ་ཆེར་ང་རྒྱལ་གྱི་གཉེན་པོར་གསུངས་པ་སྟེ། ང་རྒྱལ་ལྕགས་ཀྱི་གོང་བུ་ལ་ཡོན་ཏན་གྱི་ཆུ་མི་ཆགས་གསུངས་པས། ང་རྒྱལ་ཅན་བདེ་བ་ཅན་ལ་སྐྱེ་མི་ཐུབ་པས་མ་ཚད་ངན་འགྲོའི་གནས་ལ་ང་རྒྱལ་གྱིས་ཁྲིད་འགྲོ་བ་དེས་ན་ང་རྒྱལ་བཅོམ་པའི་ཕྱིར་དུ་ཕྱག་འཚལ་བ་དེ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ལས། དང་པོ་མདོར་བསྟན་པ་ནི།

ཕྱག་འཚལ་བ་མདོར་བསྟན་པ།

མོས་གུས་ཕྱག་ལ་ཉེ་རིང་ཁྱད་མེད་ཕྱིར།།

བདག་གིས་སྒོ་གསུམ་གུས་པས་ཕྱག་འཚལ་ལོ།།

ཞེས་གསུངས་ཏེ། རང་ཉིད་ལ་མོས་གུས་ཡོད་ན་ཕྱག་འཚལ་བའི་ཡུལ་དེ་ཐག་ཉེ་ས་ལ་ཡོད་པ་དང་རིང་ས་ལ་ཡོད་པའི་ཁྱད་པར་མེད་པས་སངས་རྒྱས་ཤིག་ཐག་ཉེ་ས་མདུན་ངོ་མ་འདི་ན་བཞུགས་ཡོད་པ་དེ་ལ་ཕྱག་འཚལ་བ་དང་། ཐག་རིང་ས་གྲངས་མེད་འཇིག་རྟེན་མང་པོའི་ཕ་རོལ་ན་བཞུགས་པའི་སངས་རྒྱས་གཟུགས་ཀྱི་སྐུ་མགོན་པོ་འོད་དཔག་མེད་ལ་ཕྱག་འཚལ་བ་གཉིས་ཕན་ཡོན་ཡོད་མེད་དང་། ཐུགས་རྗེ་ཉེ་རིང་དང་། བྱིན་རླབས་འཇུག་མི་འཇུག་ལ་ཁྱད་པར་སྤུའི་རྩེ་མོ་ཙམ་ཡང་མེད་པ་སྟེ། དད་པ་ཡོད་ན་སངས་རྒྱས་ཐག་རིང་ན་ཡོད་ཀྱང་ཐུགས་རྗེ་ཐག་ཉེར་བཞུགས་པ་དང་འདྲ་འདྲ་ཡིན་པ་དང་། དད་པ་མེད་ན་སངས་རྒྱས་མདུན་ངོ་མ་འདིར་བཞུགས་ཡོད་ཀྱང་ཐུགས་རྗེ་ཐག་རིང་ལ་ཡོད་པ་བཞིན་དུ་འགྱངས་ནས་ཡོད་པ་ནི། དཔེར་ན། ཆུ་དྭངས་མོ་ཞིག་དང་། མེ་ལོང་དྭངས་མོ་ཞིག་གི་ངོས་ལ་ཐག་རིང་གི་ཉི་ཟླ་སྐར་གསུམ་ལ་སོགས་པ་ཐག་རིང་ན་ཡང་ཐག་ཉེ་ལ་ཡོད་པ་བཞིན་དུ་འཆར་ཐུབ་པ་དང་། ཆུ་དང་མེ་ལོང་གཉིས་ཀ་མི་གསལ་མི་དྭངས་བ་ཞིག་གི་ནང་དུ་ཐག་རིང་མ་དགོས་ཐག་ཉེ་ཞིག་ཀྱང་འཆར་མི་ཐུབ་པ་ལྟ་བུ་ཡིན་པར་གསུངས་ཤིང་། མདོ་སྡེ་ཏིང་འཛིན་རྒྱལ་པོ་ལས་ཀྱང་། གང་ཞིག་ཐུབ་པའི་དབང་པོ་དྲན་བྱེད་པ། །དེ་ཡི་མདུན་ན་རྟག་ཏུ་ཐུབ་པ་བཞུགས། །ཞེས་གསུངས་པ་ཡིན། དེའི་ཕྱིར་ན་བདག་གིས་མགོན་པོ་འོད་དཔག་མེད་གཙོ་འཁོར་ལ་སོགས་པ་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ལ་སྒོ་ལུས་ངག་ཡིད་གསུམ་གྱི་མ་གུས་པའི་སྤྱོད་ལམ་ཐམས་ཅད་སྤངས་ནས་གུས་པ་ཆེན་པོས་ཕྱག་འཚལ་ལོ་ཞེས་པ་སྟེ། ལུས་ངག་ཡིད་གསུམ་ནི་དགེ་མི་དགེ་ཐམས་ཅད་འབྱུང་བའི་སྒོ་ཡིན་པས་ན་སྒོ་གསུམ་ཞེས་པ་དང་། གུས་པས་ཕྱག་ཇི་ལྟར་འཚལ་དགོས་སྙམ་ན། ཕྱག་འདི་ལ་རྒྱ་གར་གྱི་ལུགས་ལྟར་ན་རྐང་པ་ལ་མགོ་བོས་གཏུག་པའི་ཕྱག་དང་། ལུས་ཀྱི་མ་ལྔ་ས་ལ་གཏུག་པའི་ཕྱག་འདི་གཉིས་སུ་ཡོད་པར་གྲགས་ཤིང་། བོད་ལ་དར་བ་ནི། སྒུར་ཕྱག་དང་། བརྐྱངས་ཕྱག་གཉིས་ཡོད་པ་ལས། བརྐྱངས་ཕྱག་དེ་སྔགས་ལུགས་ཀྱི་ཕྱག་སྟེ། དད་པས་བརྐྱངས་ཕྱག་བརྡབས་ཏེ་བཙལ། །ཞེས་པ་དེ་ཡིན། སྒུར་ཕྱག་འདི་ལ་ཡང་མ་ལྔ་སར་ཕབ་པའི་གུས་ཚུལ་ཚང་བ་སྟེ། ལག་པའི་ཐལ་མོ་གཉིས། རྐང་པའི་པུས་མོ་གཉིས། དཔྲལ་བ་དང་བཅས་པའི་ལྔ་བོ་ས་ལ་གཏུག་ནས་གུས་པས་ཕྱག་བྱས་པ་ཡིན། ཕྱག་འཚལ་དུས་སུ་ཧ་ཅང་དགྱེ་མི་ཆེ། ཧ་ཅང་སྒུར་མི་ཆེ། གཡས་ལྟ་གཡོན་ལྟ་ལ་སོགས་མི་བྱེད་པར་དྲང་ཞིང་ཞི་དུལ་ལྡན་པ་ནི་ལུས་གུས་པ་དང་། ངག་འཁྱལ་ལ་སོགས་པ་སྤངས་ནས་བསྟོད་པ་དང་ཕྱག་འཚལ་གྱི་ཚིག་སྦྲགས་པ་ནི་ངག་གུས་པ་དང་། ཡིད་ཀྱིས་མི་དགེ་བའི་རྣམ་རྟོག་སྤངས་ནས་སངས་རྒྱས་ཀྱི་ཡོན་ཏན་ལ་དྭངས་ཤིང་དད་པ་བྱེད་པ་ནི་ཡིད་གུས་པ་ཡིན་ལ། གལ་ཏེ་མ་གུས་པའི་སྤྱོད་ལམ་བསྲེས་ཏེ་ཕྱག་འཚལ་ན་རང་ཉིད་ཀྱི་བསོད་ནམས་ཟད་པའི་རྒྱུ་རུ་འགྲོ་བ་ཡིན། སྤྱིར་ན་ཆོས་བརྒྱུད་སོ་སོར་ཕྱག་འཚལ་ལུགས་ཀྱི་ཁྱད་པར་ཅུང་ཟད་ཡོད་པ་ཡིན། ང་ཚོའི་ཆོས་བརྒྱུད་འདིའི་ཕྱག་འཚལ་ལུགས་ནི། དང་པོ་ཕྱག་འཚལ་བའི་ས་ནས་ལུས་དྲང་པོར་ལངས་ཏེ་རྟེན་ཡོད་ན་མིག་གིས་མཇལ་བ་དང་མེད་ན་ཡིད་ཀྱིས་བསྒོམས་ནས། རང་གི་མདུན་གྱི་ནམ་མཁའ་ལ་ངོ་བོ་རྩ་བའི་བླ་མ་ལ་རྣམ་པ་མགོན་པོ་འོད་དཔག་མེད་གཙོ་འཁོར་བཞུགས་པ་ལ་ཕྱོགས་བཅུ་དུས་གསུམ་གྱི་སྐྱབས་གནས་ཐམས་ཅད་ཀྱིས་བསྐོར་ནས་ཡོད་པའི་མདུན་དེར། རིགས་དྲུག་སེམས་ཅན་ཐམས་ཅད་འཚོགས་ནས་ཕྱག་འཚལ་བ་དང་གསོལ་བ་འདེབས་བཞིན་ཡོད་པའི་མོས་པ་དང་མ་བྲལ་བའི་སྒོ་ནས་སྙིང་ཁར་ཐལ་མོ་སྦྱར་བཞིན་ཕྱག་འཚལ་ཡུལ་དཀོན་མཆོག་གི་ཡོན་ཏན་དེ་དང་པོར་དྲན་དགོས་པ་ཡིན། ཐལ་མོ་དེ་ཡང་། ཀུན་མཁྱེན་འཇིགས་གླིང་གིས། མེ་ཏོག་དོག་པས་རབ་བཟུང་སྙིམ་པའི་སྣོད། །ག་བུ་ཆུང་གི་བརྟུལ་ཞུགས་འཛིན་པ་ཡིན། །ཞེས་གསུངས་པ་ལྟར་དུ། ཐལ་མོ་ཁོག་སྟོང་ཁ་བྱེ་བ་ལ་ཕྱོགས་པའི་མེ་ཏོག་ལྟ་བུ་ཞིག་སྦྱར་དགོས་ཤིང་། དེ་ནས་ཐལ་མོ་སྤྱི་བོར་སྦྱར་དུས་རྒྱལ་བ་སྲས་བཅས་ཀྱི་སྐུ་ལ་ཕྱག་འཚལ་བས། བདག་དང་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་སྡིག་སྒྲིབ་དག་ཅིང་། སྐུའི་བྱིན་རླབས་ཞུགས་པར་བསམ། དེ་ནས་ཐལ་མོ་མགྲིན་པར་སྦྱར་ཏེ་རྒྱལ་བ་སྲས་དང་བཅས་པའི་གསུང་ལ་ཕྱག་འཚལ་བས། ངག་གི་སྡིག་སྒྲིབ་དག་ཅིང་། གསུང་གི་བྱིན་རླབས་ཐོབ་པར་བསམ། དེ་ནས་ཐལ་མོ་སྙིང་གར་སྦྱར་ཏེ་རྒྱལ་བ་སྲས་བཅས་ཀྱི་ཐུགས་ལ་ཕྱག་འཚལ་བས། ཡིད་ཀྱི་སྡིག་སྒྲིབ་དག་ཅིང་། ཐུགས་ཀྱི་བྱིན་རླབས་ཐོབ་པར་བསམ། ལུས་ཀྱི་མ་ལྔ་ས་ལ་ཕབ་དུས་མགོན་པོ་འོད་དཔག་མེད་པ་ལ་སོགས་པ་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལ་ཕྱག་འཚལ་བས། ཉོན་མོངས་པ་དུག་ལྔ་དང་སྒོ་གསུམ་ཆ་མཉམ་གྱི་སྒྲིབ་པ་དག་ཅིང་། མཐར་ཐུག་སྐུ་ལྔ་ཡེ་ཤེས་ལྔ་ཐོབ་པར་ཤོག་ཅིག་སྙམ་ནས། རང་གི་ལུས་ཀྱིས་ནོན་པའི་ས་གཞིའི་རྡུལ་གྲངས་དང་མཉམ་པ་དེ་སྙེད་ཅིག་སྤྲུལ་ནས་སེམས་ཅན་ཐམས་ཅད་དང་ལྷན་ཅིག་ཏུ་ཕྱག་འཚལ་བཞིན་ཡོད་པར་བསྒོམ་པར་བྱ་དགོས་སོ། །དེས་ཕྱག་འཚལ་བའི་ཡན་ལག་མདོར་བསྟན་ནས། གཉིས་པ་རྒྱས་པར་བཤད་པ་འདི་ལ། སྐུ་རྫུ་འཕྲུལ་གྱི་ཡོན་ཏན་དྲན་ནས་ཕྱག་འཚལ་བ་དང་། ཐུགས་མཁྱེན་བརྩེའི་ཡོན་ཏན་དྲན་ནས་ཕྱག་འཚལ་བ་དང་། སྟོབས་དང་ནུས་པའི་ཡོན་ཏན་དྲན་ནས་ཕྱག་འཚལ་བ་དང་། སེམས་ཅན་གྱི་ཚེ་བསྲིངས་སྲུང་སྐྱོབ་ཀྱི་ཡོན་ཏན་དྲན་ནས་ཕྱག་འཚལ་བ་དང་། ཕྱག་འཚལ་བའི་ཕན་ཡོན་ལ་བསམས་ཏེ་ཕྱག་འཚལ་བ་དང་། དད་པའི་ཕན་ཡོན་དྲན་ནས་ཕྱག་འཚལ་བ་དང་། མཚན་ཐོས་པའི་ཕན་ཡོན་ལ་བསམས་ནས་ཕྱག་འཚལ་བ་སྟེ་ནང་གསེས་དབྱེ་བ་བདུན་ལས། དང་པོ་སྐུ་རྫུ་འཕྲུལ་གྱི་ཡོན་ཏན་དྲན་ནས་ཕྱག་འཚལ་བ་ནི།

དང་པོ་སྐུ་རྫུ་འཕྲུལ་གྱི་ཡོན་ཏན་དྲན་ནས་ཕྱག་འཚལ་བ།

ཆོས་སྐུ་སྣང་བ་མཐའ་ཡས་རིགས་ཀྱི་བདག།

ཕྱག་གཡས་འོད་ཟེར་ལས་སྤྲུལ་སྤྱན་རས་གཟིགས།།

ཡང་སྤྲུལ་སྤྱན་རས་གཟིགས་དབང་བྱེ་བ་བརྒྱ།།

ཕྱག་གཡོན་འོད་ཟེར་ལས་སྤྲུལ་སྒྲོལ་མ་སྟེ།།

ཡང་སྤྲུལ་སྒྲོལ་མ་བྱེ་བ་ཕྲག་བརྒྱ་འགྱེད།།

ཐུགས་ཀྱི་འོད་ཟེར་ལས་སྤྲུལ་བདྨ་འབྱུང་།།

ཡང་སྤྲུལ་ཨོ་རྒྱན་བྱེ་བ་ཕྲག་བརྒྱ་འགྱེད།།

ཆོས་སྐུ་འོད་དཔག་མེད་ལ་ཕྱག་འཚལ་ལོ།།

ཞེས་གསུངས་ཏེ། སྐུ་རྫུ་འཕྲུལ་གྱི་ཡོན་ཏན་སྤྲུལ་བ་དང་ཡང་སྤྲུལ་བསམ་གྱིས་མི་ཁྱབ་པ་འགྱེད་ནས་འགྲོ་དོན་མཛད་པའི་ཚུལ་ནི། རྒྱལ་བའི་སྐུ་གཉིས་ཀྱི་དབྱེ་བ་ཕྱེ་དུས་ཆོས་སྐུའི་སྣང་ཆ་དེ་གཟུགས་སྐུ་དང་། གཟུགས་སྐུའི་ངོ་བོའམ་འཆར་གཞི་དེ་ཆོས་སྐུ་ཡིན་པས། ཆོས་སྐུ་འོད་དཔག་མེད་ཀྱི་ཐུགས་ཆོས་དབྱིངས་ཁྱབ་བརྡལ་ཆེན་པོ་རྒྱལ་བ་ཀུན་དང་དབྱེར་མེད་པ་ཆོས་སྐུའི་ངོ་བོར་རྟག་ཏུ་བཞུགས་ཀྱང་གདུལ་བྱའི་སྣང་ངོར་གཟུགས་སྐུར་ཤར་བ་ནི། སྤྱིར་ན་རིགས་ཀུན་དང་ཁྱད་པར་དུ་ནུབ་སྣང་བ་མཐའ་ཡས་པདྨའི་རིགས་ཀྱི་བདག་པོར་གྱུར་པའི་ཆོས་སྐུ་འོད་དཔག་མེད་པ་དེ་ཡི། ཕྱག་གཡས་པ་ནས་འོད་ཟེར་དཀར་པོ་སྤྲོས་ནས་སྐྱེས་པ་ཕོ་རྒྱུད་ཐམས་ཅད་འདུལ་བའི་ཕྱིར་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཏུ་སྤྲུལ་བ་དང་། སྤྱན་རས་གཟིགས་དེས་ཀྱང་ཡང་སྤྲུལ་སྤྱན་རས་གཟིགས་དབང་བྱེ་བ་ཕྲག་བརྒྱ་འགྱེད་པ་སྟེ། བྱེ་བ་ཕྲག་བརྒྱ་ཞེས་པ་ནི་སྤྲུལ་སྐུ་སྟོན་པ་རེ་རེའི་གདུལ་ཞིང་ལ་སྤྲུལ་སྐུའི་ཞིང་ཁམས་བྱེ་བ་ཕྲག་བརྒྱ་ཡོད་པ་དེ་འདུལ་བྱེད་བྱེ་བ་ཕྲག་བརྒྱ་ཡོད་པ་དེ་དང་སྒོ་བསྟུན་ནས་གཙོ་བོའི་ཆ་ནས་གསུངས་པ་ཙམ་ལས། སྤྱིར་ན་དགེ་བའི་བཤེས་གཉེན་དང་ཆོས་ཀྱི་རྒྱལ་པོ་དང་ཐ་ན་དུད་འགྲོ་ཡན་ཆད་ཀྱི་ཚུལ་གྱིས་སེམས་ཅན་གྱི་འགྲོ་དོན་གང་ལ་གང་འདུལ་གྱི་མཛད་པའི་སྤྲུལ་བ་ཚད་བཟུང་རིས་ཀྱིས་གཅོད་དུ་ཤེས་སུ་མེད་ཅིང་། གདུལ་བྱའི་ཞིང་ཁམས་ཡང་དེ་བཞིན་དུ་ཆོས་ཀྱི་དབྱིངས་དང་ནམ་མཁའི་མཐའ་དང་མཉམ་པ་ཚད་བཟུང་རིས་ཀྱིས་གཞལ་དུ་མེད་པ་ཡིན་ནོ། །དེ་བཞིན་དུ་འོད་དཔག་མེད་ཀྱིས་ཕྱག་གཡོན་པ་ནས་འོད་ཟེར་ལྗང་ཁུ་ཞིག་སྤྲོས་ནས་སྤྲུལ་བ་ནི། ཟ་མ་མོ་རྒྱུད་ཐམས་ཅད་འདུལ་བའི་ཕྱིར་རྗེ་བཙུན་སྒྲོལ་མ་བྱེ་བ་ཕྲག་བརྒྱ་འགྱེད་པ་དང་། རྗེ་བཙུན་སྒྲོལ་མ་དེས་ཀྱང་ཡང་སྤྲུལ་སྒྲོལ་མ་བྱེ་བ་ཕྲག་བརྒྱའམ་སྤྲུལ་བ་བསམ་གྱིས་མི་ཁྱབ་པ་འགྱེད་པ་དང་། དེ་བཞིན་དུ་སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་ཀ་ནས་ཧྲཱི༔ཡིག་དམར་པོ་འོད་ཟེར་ཁ་དོག་ལྔ་ལྡན་ཞིག་ལྷོ་ནུབ་འོ་མ་ཅན་གྱི་རྒྱ་མཚོ་ལ་འཕྲོས་ཏེ། ཞི་བས་མི་ཐུལ་བར་དྲག་པོས་འདུལ་དགོས་པའི་ལྷ་འདྲེ་གདུག་པ་ཅན་རྣམས་འདུལ་བའི་ཆེད་དང་། བོད་གངས་ཅན་གྱི་ལྗོངས་འདིར་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་སྤེལ་བའི་ཆེད་དུ་གུ་རུ་པདྨ་འབྱུང་གནས་སུ་སྤྲུལ་ནས་དྲི་མེད་མདངས་ལྡན་ལྷོ་ནུབ་འོ་མ་ཅན་གྱི་རྒྱ་མཚོའི་མེ་ཏོག་པདྨའི་སྡོང་པོའི་རྩེ་ནས་འཁྲུངས་པ་དང་། དེས་ཀྱང་ཡང་སྤྲུལ་ཨོ་རྒྱན་པད་འབྱུང་བྱེ་བ་ཕྲག་བརྒྱ་དང་ཁྱད་པར་དུས་སྙིགས་མའི་སྐབས་སུ་གང་ལ་གང་འདུལ་གྱིས་སྤྲུལ་བ་སྣ་ཚོགས་བསམ་གྱིས་མི་ཁྱབ་པ་བསྟན་པ་ཡིན་ནོ། །དེས་ན་སྤྱན་རས་གཟིགས་དང་གཅིག རྗེ་བཙུན་སྒྲོལ་མ་དང་གཉིས། གུ་རུ་པད་འབྱུང་སྟེ་ལྷ་གསུམ་པོ་འདི་དུས་སྙིགས་མ་ལྔ་བདོ་བའི་གནས་སྐབས་ན། ཐུགས་རྗེ་དང་ཕྲིན་ལས་ལྷག་པར་མྱུར་བ་ནི་སྔོན་གྱི་ཐུགས་བསྐྱེད་དང་དམ་བཅའི་དབང་གིས་ཡིན་པས། བསམ་པ་འགྲུབ་དགོས་པའི་དུས་སུ་གུ་རུ་རིན་པོ་ཆེར་གསོལ་བ་བཏབ་ན་བསམ་པ་ཐམས་ཅད་འགྲུབ་པ་དང་། བར་ཆད་སེལ་དགོས་པའི་དུས་སུ་རྗེ་བཙུན་སྒྲོལ་མར་གསོལ་བ་ཐོབ་དང་བར་ཆད་སེལ་བ་ཡིན། རང་གཞན་ཐམས་ཅད་ངན་སོང་གི་གནས་ལས་གྲོལ་བར་འདོད་ན་ཐུགས་རྗེ་ཆེན་པོའི་གཟུངས་སྔགས་བཟླས་ཏེ་ཐུགས་རྗེ་ཆེན་པོར་གསོལ་བ་བཏབ་ན་ངན་སོང་གི་གནས་ལས་སྒྲོལ་ཐུབ་པ་ཡིན། མ་ཚད་ལྷ་རེ་རེ་ལ་ཡང་དེ་དག་གི་ནུས་པ་ཆ་ཚང་ལྡན་པ་ཡིན་ནོ། །གང་འདུལ་དེར་སྟོན་གྱི་སྤྲུལ་བ་དེ་ཆུ་སྣོད་ཟླ་གཟུགས་ཀྱི་དཔེས་མཚོན་པ་ཡིན་པས། དེ་ཐམས་ཅད་ཀྱི་སྤྲུལ་གཞི་ནམ་མཁའི་ཟླ་བ་ལྟ་བུ་ཆོས་དབྱིངས་ཀུན་ལ་ཁྱབ་པ་ཕྱོགས་དུས་མུ་མཐའ་མེད་པའི་བདག་ཉིད་ཆོས་སྐུ་འོད་དཔག་མེད་ལ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ་ཞེས་པའོ། །དེ་ཡང་། རྒྱལ་བ་གཅིག་བསྒྲུབས་ཐམས་ཅད་མ་བསྒྲུབས་འགྲུབ། །ཅེས་གསུངས་པ་ལྟར་དུ། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་མགོན་པོ་འོད་དཔག་མེད་དང་འདྲེས་ཡོད་བསམས་ནས། འོད་དཔག་མེད་ལ་ཕྱག་འཚལ་མཆོད་པ་ཕུལ་ན་བླ་མ་དང་དཀོན་མཆོག་གསུམ་གྱི་ཡོན་ཏན་དང་བྱིན་རླབས་ཐམས་ཅད་རང་གིས་ཐོབ་པའི་ཐབས་ཁྱད་པར་ཅན་ཡིན་པ་སྟེ། དཔེར་ན། ལུང་པ་བརྒྱ་ཐམ་པའི་ཆུ་དེ་ལུང་པ་རེ་རེར་བཞིན་སོང་ནས་འཐུང་དགོས་ན་དཀའ་ཚེགས་ཆེ་ཡང་། ཆུ་ཐམས་ཅད་མཉམ་པོར་འདུས་པའི་ས་མདོ་ནས་འཐུང་ན་ལུང་པ་བརྒྱ་ཐམ་པའི་ཆུ་འཐུང་དང་འདྲ་བ་ལྟ་བུ་ཡིན་པས། རྒྱལ་བ་གཅིག་བསྒྲུབས་ཐམས་ཅད་ཀྱི་བྱིན་རླབས་འབྱུང་བ་ཡིན་ནོ། །དེས་སྐུ་རྫུ་འཕྲུལ་གྱི་ཡོན་ཏན་དྲན་ནས་ཕྱག་འཚལ་བ་སོང་ཟིན་ཏོ། །གཉིས་པ་ཐུགས་མཁྱེན་བརྩེའི་ཡོན་ཏན་དྲན་ནས་ཕྱག་འཚལ་བ་ནི།

གཉིས་པ་ཐུགས་མཁྱེན་བརྩེའི་ཡོན་ཏན་དྲན་ནས་ཕྱག་འཚལ་བ།

སངས་རྒྱས་སྤྱན་གྱིས་ཉིན་མཚན་དུས་དྲུག་ཏུ།།

སེམས་ཅན་ཀུན་ལ་བརྩེ་བས་རྟག་ཏུ་གཟིགས།།

སེམས་ཅན་ཀུན་ཀྱིས་ཡིད་ལ་གང་དྲན་པའི།།

རྣམ་རྟོག་གང་འགྱུ་རྟག་ཏུ་ཐུགས་ཀྱིས་མཁྱེན།།

སེམས་ཅན་ཀུན་ཀྱིས་ངག་ཏུ་གང་སྨྲས་ཚིག།

རྟག་ཏུ་མ་འདྲེས་སོ་སོར་སྙན་ལ་གསན།།

ཀུན་མཁྱེན་འོད་དཔག་མེད་ལ་ཕྱག་འཚལ་ལོ།།

ཞེས་གསུངས་ཏེ། སངས་རྒྱས་འོད་དཔག་མེད་ཀྱི་སྒྲིབ་མེད་ཡེ་ཤེས་ཀྱི་སྤྱན་དེས་ཉིན་ལན་གསུམ་མཚན་ལན་གསུམ་སྟེ། ཉིན་མཚན་དུས་དྲུག་ལ་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་གཟིགས་ཏེ། སེམས་ཅན་སུ་ཞིག་ནི་དར། སུ་ཞིག་ནི་རྒུད། གང་ཟག་སུ་ཞིག་མཐོ་རིས་ནས་ངན་སོང་ལ་ལྷུང་བ་དང་། སུ་ཞིག་ངན་སོང་ནས་ཡར་མཐོ་རིས་ལ་སོང་བ་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་སྐྱིད་སྡུག་ལ་ནམ་ཡང་གཡེལ་བ་མེད་པར་དུས་རྟག་ཏུ་གཟིགས་པ་ནི་ཇི་ལྟ་བུ་ཞིག་ཡིན་ན། ཐ་ན་འབུ་སྲིན་ཕྲ་མོ་ཞིག་གི་གནས་ཚུལ་ཡན་ཆད་སྐྱུ་རུ་ར་རློན་པ་ལག་མཐིལ་ལ་བཞག་ནས་བལྟས་པ་བཞིན་དུ་མ་འདྲེས་པར་ས་ལེར་གཟིགས་ཏེ། མི་མཁྱེན་པ་དང་མི་གཟིགས་པ་གཅིག་ཀྱང་ཡོད་པ་མ་ཡིན་ལ། ཉིན་མཚན་དུས་དྲུག་ལ་གཟིགས་ཞེས་པ་དེའང་ཞག་གཅིག་ལ་ཐེངས་མ་བཅུ་གཉིས་ཙམ་མ་གཏོགས་མི་གཟིགས་པའི་དོན་མིན་པར་དུས་རྒྱུན་དུ་སྒྲིབ་མེད་ས་ལེར་གཟིགས་ཏེ་མི་གཟིགས་པའི་དུས་མེད་ཅེས་པའི་བརྡ་ཆད་དོ། །གཞན་ཡང་སེམས་ཅན་ཀུན་ཀྱི་ཡིད་ལ་དགེ་མི་དགེ་ལུང་མ་བསྟན་གང་དང་གང་དྲན་པའི་རྣམ་པར་རྟོག་པ་ཕྲ་མོ་ཞིག་འགྱུ་བ་ཙམ་ཚུན་ཆད། དུས་རྟག་ཏུ་སངས་རྒྱས་ཀྱི་ཐུགས་ཀྱིས་མ་འདྲེས་པར་ས་ལེར་མཁྱེན་པ་དང་། སེམས་ཅན་ཀུན་ཀྱི་ངག་དགེ་མི་དགེ་དག་མ་དག་སྙན་མི་སྙན་ལ་སོགས་པ་གང་སྨྲས་པའི་ཚིག་ཐམས་ཅད་ཀྱང་རྟག་ཏུ་མ་འདྲེས་པར་སོ་སོར་སྙན་ལ་གསན་པ་སྟེ། དུས་གསུམ་གྱི་ཤེས་བྱ་ཐམས་ཅད་ཅིག་ཆར་མ་འདྲེས་པར་མཁྱེན་པའི་རྣམ་མཁྱེན་གྱིས་དགོངས་ཤིང་མཁྱེན་པ་དེས་ན་ཀུན་མཁྱེན་འོད་དཔག་མེད་ལ་ཕྱག་འཚལ་ལོ་ཞེས་ཐུགས་མཁྱེན་བརྩེའི་ཡོན་ཏན་དྲན་ནས་ཕྱག་འཚལ་བའོ། །གསུམ་པ་སྟོབས་དང་ནུས་པའི་ཡོན་ཏན་དྲན་ནས་ཕྱག་འཚལ་བ་ནི།

གསུམ་པ་སྟོབས་དང་ནུས་པའི་ཡོན་ཏན་དྲན་ནས་ཕྱག་འཚལ་བ།

ཆོས་སྤངས་མཚམས་མེད་བྱས་པ་མ་གཏོགས་པ།།

ཁྱེད་ལ་དད་ཅིང་སྨོན་ལམ་བཏབ་ཚད་ཀུན།།

བདེ་བ་ཅན་དེར་སྐྱེ་བའི་སྨོན་ལམ་འགྲུབ།།

བར་དོར་བྱོན་ནས་ཞིང་དེར་འདྲེན་པར་གསུངས།།

འདྲེན་པ་འོད་དཔག་མེད་ལ་ཕྱག་འཚལ་ལོ།།

ཞེས་གསུངས་ཏེ། ཆོས་སྤངས་ཀྱི་ལས་ཞེས་པ་ནི། གང་ཞིག་ཡིད་ནི་ཆོས་ལ་སྡང་། །དེ་ལ་ཐར་བ་ག་ལ་ཡོད། །ཅེས་གསུངས་པ་ལྟར། དམ་པའི་ཆོས་སྤངས་པའི་ལས་ངན་བསགས་པ་ལ་ཆོས་སྤངས་གསུངས་པ་སྟེ། ཚེ་འདི་ཕྱི་མེད། ལས་རྒྱུ་འབྲས་མེད། དཀོན་མཆོག་ལ་བདེན་མཐུ་མེད་སྙམ་པའི་ལོག་པའི་ལྟ་བས་ཀུན་ནས་བསླངས་ཏེ་ཆོས་སྤངས་པ་དང་། ཡང་འགའ་རེས་གནད་མ་ཤེས་པའི་དབང་གིས་བསྟན་པ་འགལ་འདུ་ཅན་དུ་བཟུང་ནས། ཆོས་ལ་ལ་ལ་བཟང་པོའི་འདུ་ཤེས། ལ་ལ་ལ་ངན་པའི་འདུ་ཤེས། རང་ཕྱོགས་ཀྱི་ཆོས་ལུགས་ལ་བསྟོད་ཁུལ་གྱིས་གཞན་ཕྱོགས་ཀྱི་ཆོས་ལུགས་ལ་སྨོད་པ་དང་། གང་ཟག་གི་ཉམས་ཚོད་བཟུང་ནས་གང་ཟག་ལ་དངོས་སུ་སྨོད་པ་དང་། ཆོས་ལ་ཤུགས་ཀྱིས་སྨོད་པ་དེ་དག་ནི་ཆོས་སྤོངས་ཀྱི་ལས་བསགས་པ་ཡིན། མཚམས་མེད་བྱས་པ་ནི། ཕ་མ་བསད་པ། དགྲ་བཅོམ་བསད་པ། སངས་རྒྱས་འཁོར་དང་བཅས་པ་ཕྱེ་བ་ལྟ་བུ་དགེ་འདུན་འཁོར་ལོའི་དབྱེན་བྱས་པ། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་སྟེ་ལྔའོ། །དེའི་ནང་གི་ཕྱི་མ་གསུམ་པོ་དེ་ད་ལྟའི་སྐབས་ལ་དངོས་སུ་མི་འབྱུང་ཡང་ཕྱོགས་མཚུངས་ནི་ཡོད་ཆོག་པ་སྟེ། དཔལ་ལྡན་བླ་མར་མངོན་ལྐོག་བརྒྱུད་གསུམ་ནས་སྡོ་བ་ནི་སྔགས་ལུགས་ལྟར་ན་དམ་ཉམས་དང་། མདོ་ལུགས་ཀྱི་མཚམས་མེད་དང་འདྲ་བའམ་དེ་ལས་ཀྱང་ཉེས་པ་ཆེ་བར་གསུངས་པ་ཡིན། དེ་ལྟ་བུའི་ཆོས་སྤངས་དང་མཚམས་མེད་བྱས་པ་མ་གཏོགས་པ། འོད་དཔག་མེད་ཁྱེད་ལ་སྙིང་ནས་དད་ཅིང་། ཁྱེད་ཀྱི་ཞབས་དྲུང་དེར་སྐྱེ་བའི་སྨོན་ལམ་བཏབ་ཚད་ཀྱི་སེམས་ཅན་ཀུན། འདི་ནས་འཆི་བའི་དུས་བྱུང་ནས་ཤི་མ་ཐག་དང་། ཡང་ན་བར་དོ་གང་རུང་ན་བདེ་བ་ཅན་གྱི་ཞིང་ཁམས་དེར་སྐྱེ་བར་ངེས་ཏེ། སངས་རྒྱས་འོད་དཔག་མེད་ཀྱིས་སྔོན་སྨོན་ལམ་བཏབ་ཚད་ཐམས་ཅད་ད་ལྟ་མངོན་སུམ་དུ་གྲུབ་པ་ཡིན་ཕྱིར་བདེ་བ་ཅན་དུ་མི་སྐྱེ་བ་ནི་མི་སྲིད་དོ། །དེ་ཡང་འོད་དཔག་མེད་ཀྱི་སྨོན་ལམ་གྲུབ་པའི་ཐུགས་རྗེའི་ནུས་པ་དེ་དང་། རང་ཉིད་ཀྱི་དད་པ་དང་འདུན་པ་གཉིས་བསྡོངས་ན་སྨོན་ལམ་བཏབ་པ་བཞིན་དུ་འགྲུབ་པ་ཡིན་ནོ། །སངས་རྒྱས་འོད་དཔག་མེད་སངས་མ་རྒྱས་པའི་སྔོན་རོལ། སློབ་པ་ལམ་གྱི་གནས་སྐབས་བྱང་ཆུབ་སེམས་དཔའ་དགེ་སློང་ཆོས་ཀྱི་འབྱུང་གནས་ཀྱི་སྐྱེ་བ་བཞེས་པའི་གནས་སྐབས་སུ། བདག་རྗེས་སུ་དྲན་པ་དེ་དག་འཆི་བའི་དུས་སུ་བདག་དགེ་སློང་གི་དགེ་འདུན་གྱི་འཁོར་གྱིས་ཡོངས་སུ་བསྐོར་ཞིང་ལམ་སྣ་དྲངས་ཏེ་བདེ་བ་ཅན་གྱི་ཞིང་ཁམས་ལ་དྲངས་ཐུབ་པ་ཞིག་མ་རེད་བར་དུ་བདག་འཚང་མི་རྒྱ་བར་ཤོག་ཅིག་ཅེས་སྨོན་ལམ་བཏབ་པ་ཡིན་ལ། ད་ལྟ་ནི་སྨོན་ལམ་ཡོངས་སུ་གྲུབ་ནས་སངས་རྒྱས་སོང་བས། ཚེ་འདིར་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་ཚོགས་བསགས་སྒྲིབ་སྦྱོང་ལ་སོགས་པ་ཡག་པོ་ཞིག་རང་གིས་བསྒྲུབས་ཡོད་ན། ཤི་རན་དུས་འབྱུང་བ་ཐིམ་རིམ་གྱི་སྣང་བ་སྣ་ཚོགས་ཤར་ཡོང་དུས་འོད་དཔག་མེད་ལ་གསོལ་བ་འདེབས་ཐུབ་ན་སྨོས་ཅི་དགོས། གསོལ་བ་འདེབས་མ་ཐུབ་ནའང་སེམས་ཀྱིས་དྲན་པ་ཙམ་གྱིས་སངས་རྒྱས་འོད་དཔག་མེད་འཁོར་དང་བཅས་པ་མངོན་སུམ་དུ་མིག་གི་ལམ་ལ་བྱོན་ནས་བར་དོ་མེད་པར་བདེ་བ་ཅན་ལ་འདྲེན་འགྲོ་བ་ནི། བཟང་སྤྱོད་སྨོན་ལམ་ལས། བདག་ནི་འཆི་བར་གྱུར་པའི་དུས་ཀྱི་ཚེ། །སྒྲིབ་པ་ཐམས་ཅད་དག་ནི་ཕྱིར་བསལ་ཏེ། །མངོན་སུམ་སྣང་བ་མཐའ་ཡས་དེ་མཐོང་ནས། །བདེ་བ་ཅན་གྱི་ཞིང་དེར་རབ་ཏུ་འགྲོ། །ཞེས་གསུངས་པ་ལྟར་ཡིན་པས། སངས་རྒྱས་ཀྱི་ཐུགས་རྗེས་བསླུ་བ་མི་སྲིད་དེ། རྒྱ་མཚོར་ཆུ་སྲིན་གནས་ཀྱི་རླབས། །དུས་ལས་ཡོལ་བར་འགྱུར་སྲིད་ཀྱང་། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་མི་སྲིད། །ཅེས་གསུངས་པ་ཡིན། རང་གི་ཚོགས་བསགས་སྒྲིབ་སྦྱོང་ཀྱི་ནུས་པས་འཆི་ཁར་ཙམ་ཞིག་ལ་གྲོལ་མ་ཐུབ་རུང་། ཤི་ནས་བར་དོའི་སྣང་བ་ཤར་ཚེ་འཇིགས་པའི་སྒྲ་བཞི། ཡ་ང་བའི་གཡང་ས་གསུམ་ལ་སོགས་པ་ཤར་འོང་དུས། མགོན་པོ་འོད་དཔག་མེད་དྲན་ཐུབ་ན། སངས་རྒྱས་འོད་དཔག་མེད་འཁོར་དང་བཅས་པ་བར་དོ་དེར་བྱོན་ནས་ཞིང་ཁམས་བདེ་བ་ཅན་དུ་འདྲེན་པའི་ཚུལ་སངས་རྒྱས་ཤཱཀྱ་ཐུབ་པས་མདོ་རྒྱུད་མང་པོ་ནས་གསུངས་ཡོད་པ་དེས་ན། ད་ལྟ་གསོན་པོའི་སྐབས་སུ་འོད་དཔག་མེད་པའི་སྐུ་དང་ཞིང་ཁམས་ཡིད་ལ་གོམས་པར་བྱས་ན། དོན་ཆེན་འགག་ལ་ཐུག་དུས་སྔར་འདྲིས་ཀྱི་ངོ་ཤེས་ཐུག་པ་བཞིན་དུ་བར་དོར་བྱོན་ནས་འདྲེན་འགྲོ་བ་ཡིན། གལ་ཏེ་དེ་དུས་མ་དྲན་ཞིང་ཞལ་མཇལ་ཡང་ངོ་མ་ཤེས་ནའང་ཚོགས་བསགས་སྒྲིབ་སྦྱོང་དང་སྨོན་ལམ་གྱི་མཚམས་སྦྱོར་ཡག་པོ་བྱས་ཡོད་ན། སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་རྗེས་འདྲེན་འགྲོ་བ་ལ་ཐེ་ཚོམ་དགོས་པ་མ་ཡིན་པ་དེའི་ཕྱིར་ན། འདྲེན་པ་ཀུན་ཀྱི་མཆོག་བྱིན་རླབས་དང་ཐུགས་རྗེ་མྱུར་བ་འདྲེན་པ་འོད་དཔག་མེད་དེ་ལ་ཕྱག་འཚལ་ལོ་ཞེས་པའོ། །དེ་ཡན་ཆད་ཀྱིས་སྟོབས་ནུས་པའི་ཡོན་ཏན་དྲན་ནས་ཕྱག་འཚལ་བ་སོང་བའོ། །བཞི་བ་སེམས་ཅན་གྱི་སྲོག་བསྐྱབས་ནས་དུས་མིན་འཆི་བའི་རྐྱེན་ངན་སེལ་བའི་ཡོན་ཏན་ལ་བསམ་ནས་ཕྱག་འཚལ་བ་ནི།

བཞི་བ་སེམས་ཅན་གྱི་སྲོག་བསྐྱབས་ནས་དུས་མིན་འཆི་བའི་རྐྱེན་ངན་སེལ་བའི་ཡོན་ཏན་ལ་བསམ་ནས་ཕྱག་འཚལ་བ།

ཁྱེད་ཀྱི་སྐུ་ཚེ་བསྐལ་བ་གྲངས་མེད་དུ།།

མྱ་ངན་མི་འདའ་ད་ལྟ་མངོན་སུམ་བཞུགས།།

ཁྱེད་ལ་རྩེ་གཅིག་གུས་པས་གསོལ་བཏབ་ན།།

ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་པའི།།

ཚེ་ཟད་པ་ཡང་ལོ་བརྒྱ་ཐུབ་པ་དང་།།

དུས་མིན་འཆི་བ་མ་ལུས་བཟློག་པར་གསུངས།།

མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ།།

ཞེས་གསུངས་ཏེ། མགོན་པོ་འོད་དཔག་མེད་ཁྱེད་ཀྱི་སྐུ་ཚེའི་ཚད་ནི་བསྐལ་བ་གྲངས་མེད་ཅིང་དཔག་ཏུ་མེད་པ་མཐའ་ཡས་པ་ཡིན་པས་མ་ཚད། མྱ་ངན་ལས་མི་འདའ་བར་ད་ལྟ་བདེ་བ་ཅན་ན་གཟུགས་སྐུ་མངོན་སུམ་དུ་བཞུགས་པ་ཡིན་པ་ལ། གུ་རུ་རིན་པོ་ཆེས། ཡིད་ཁྱེད་ཤེས་ཀྱི་དད་པས་བྱིན་རླབས་འཇུག །བློ་ཐེ་ཚོམ་དང་བྲལ་ན་ཅི་བསམ་འགྲུབ། །ཅེས་གསུངས་པ་ཡིན་པས། སྒོ་གསུམ་རྩེ་གཅིག་གུས་པས་ཡིད་ཁྱེད་ཤེས་ཀྱིས་བློ་ཕུགས་གཏད་ནས། ཐེ་ཚོམ་མེད་པར་ཁྱེད་མ་གཏོགས་རེ་ས་སྐྱབས་གནས་གཞན་མེད་སྙམ་ནས་གསོལ་བ་བཏབ་ན། ཚེ་ཟད་པ། ལས་ཟད་པ། བསོད་ནམས་ཟད་པ་སྟེ་ཟད་པ་གསུམ་གྱི་མཐའ་ལ་སོང་བའི་ལས་གྱི་རྣམ་པར་སྨིན་པ་ཟློག་པ་མེད་པ་ནི། སྨན་པའི་རྒྱལ་པོ་དངོས་སུ་བྱོན་གྱུར་ཀྱང་། །ཚེ་ཡི་འཕེན་ཟད་སྲོག་ལ་མཐུད་མི་ཤེས། །ཞེས་གསུངས་པ་ལྟ་བུའི་ལས་ཀྱི་རྣམ་སྨིན་ཟློག་མེད་ཡིན་ན་མ་གཏོགས། བར་ཆད་རྐྱེན་དབང་གིས་ཚེ་ཟད་ནས་འཕྲལ་དུ་འཆི་རྒྱུ་ཅན་ཡིན་ན་ཡང་། མགོན་པོ་འོད་དཔག་མེད་དང་། ཚེ་དཔག་མེད་ཀྱི་ཐུགས་རྗེས་ལོ་བརྒྱ་རེ་ཙམ་ཡང་འཚོ་ཐུབ་པའི་བྱིན་རླབས་འཇུག་པ་དང་། ཐོག་གིས་བརྒྱབ་པ་དང་། ཆུས་ཁྱེར་བ་དང་། གཞན་གྱི་བྱད་ཁ་དང་། མཚོན་གྲིར་འགག་གྲིར་ལ་སོགས་པ་གློ་བུར་ཡེ་འདྲོག་གིས་ཤི་བའི་དུས་མིན་འཆི་བ་བཅོ་བརྒྱད་ལ་སོགས་པའི་འཕྲལ་རྐྱེན་བར་ཆད་ཀྱི་རིགས་མ་ལུས་པ་ཐམས་ཅད་འཕྲལ་དུ་མགོན་པོ་འོད་དཔག་མེད་ཀྱི་ཐུགས་རྗེས་ཟློག་པ་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱིས་མདོ་ལས་གསུངས་པ་ཡིན་པས། དེ་ལྟ་བུའི་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ་བའི་མགོན་པོ་སྐུ་ཚེ་དཔག་ཏུ་མེད་པ་ཁྱེད་ལ་ཕྱག་འཚལ་ལོ་ཞེས་པའོ། །དེས་ན་ལོགས་ཤིག་ནས་སྐུ་རིམ་རེ་སྒྲུབ་ཁུལ་བྱས་ཏེ། བླ་མའི་མིང་ཐོགས་ཀྱང་ལྟ་དགོངས་ཏིང་འཛིན་བསྙེན་སྒྲུབ་ལས་སྦྱོར་གཅིག་ཀྱང་མེད་པ་མ་ཟད། རང་གིས་ཀྱང་དབང་ཡག་པོ་ཞིག་ཐོབ་མྱོང་ལ་མ་མྱོང་བ་ཞིག་གི་སྔུན་ནས་ཚེ་དབང་བརྒྱ་ཐམ་པ་ཞུས་པ་བས། རང་གིས་བདེ་སྨོན་ཚར་གཅིག་བཏོན་ན་ཚེ་རིང་རྒྱུ་ལ་ཕན་ཐོགས་པ་ནི་དེས་དགའ་ཤག་ཤག་ཡིན་ངེས། ཁྲིམས་ལྡན་ཡུན་རིང་འཚོ་བ་ན། །དེ་ལ་བསོད་ནམས་ཆེན་པོ་འབྱུང་། །ཞེས་གསུངས་པ་ཡིན་པས། སྡིག་རྒན་ཞིག་ལ་མཚོན་ན་ཡུན་རིང་མ་བསྡད་ན་བསགས་སྟོབས་དེའི་ཚོད་ཀྱིས་ཆུང་བ་ཡིན་ཡང་། བདེ་བ་ཅན་དུ་སྐྱེ་བའི་རྒྱུ་སྒྲུབ་པ་ཞིག་ཡིན་ན་ཚེ་ཡུན་རིང་བརྟན་ན་དེའི་ཚོད་ཀྱིས་བསོད་ནམས་ཤིག་གསོག་ཐུབ་པ་ཡིན་ནོ། །དེ་དག་ནི་འོད་དཔག་མེད་གཅིག་ལ་མཚན་གྱི་རྣམ་གྲངས་མི་འདྲ་བ་ཡོད་པ་དེ་དག་ཡིད་ལ་བྱས་ནས་ཕྱག་འཚལ་བ་སྟེ། འོད་དཔག་མེད་སྤྲུལ་སྐུའི་ཆ་བྱད་ཅན་དང་། ཚེ་དཔག་མེད་ལོངས་སྐུའི་ཚུལ་ཅན་དང་། དེ་བཞིན་དུ་འོད་སྣང་མཐའ་ཡས་དང་། འོད་དཔག་མེད་དང་། སྐུ་ཚེ་དཔག་མེད་དང་། ཚེ་དཔག་མེད་ལ་སོགས་པ་ནི་མཚན་གྱི་རྣམ་དྲངས་མི་འདྲ་བ་ཙམ་ལས་ངོ་བོ་གཅིག་ཡིན་ནོ། །དེ་ཡན་ཆད་ཀྱིས་སེམས་ཅན་གྱི་ཚེ་བསྲིངས་སྲུང་སྐྱོབ་ཀྱི་ཡོན་ཏན་དྲན་ནས་ཕྱག་འཚལ་བ་སོང་བའོ། །ལྔ་བ་ཕྱག་འཚལ་བའི་ཕན་ཡོན་ལ་བསམས་ཏེ་ཕྱག་འཚལ་བ་ནི།

ལྔ་བ་ཕྱག་འཚལ་བའི་ཕན་ཡོན་ལ་བསམས་ཏེ་ཕྱག་འཚལ་བ།

སྟོང་གསུམ་འཇིག་རྟེན་རབ་འབྱམས་གྲངས་མེད་པ།།

རིན་ཆེན་གྱིས་བཀང་སྦྱིན་པ་བྱིན་པ་བས།།

འོད་དཔག་མེད་པའི་མཚན་དང་བདེ་བ་ཅན།།

ཐོས་ནས་དད་པས་ཐལ་མོ་སྦྱར་བྱས་ན།།

དེ་ནི་དེ་བས་བསོད་ནམས་ཆེ་བར་གསུངས།།

དེ་ཕྱིར་འོད་དཔག་མེད་ལ་གུས་ཕྱག་འཚལ།།

ཞེས་གསུངས་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་པ་ནི། གླིང་བཞི་རི་རབ་ཉི་ཟླ་ལྷ་གནས་དང་བཅས་པ་སྟོང་ཕྲག་གཅིག་ལ་སྟོང་དང་པོ་སྤྱི་ཕུད་ཀྱི་འཇིག་རྟེན་དང་། དེ་གཅིག་ལ་བརྩིས་པའི་སྟོང་གཅིག་ལ་སྟོང་གཉིས་པ་བར་མའི་འཇིག་རྟེན་དང་། དེ་གཅིག་ལ་བརྩིས་པའི་སྟོང་གཅིག་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱ་ལ། དེ་ནི་སངས་རྒྱས་སྤྲུལ་བའི་སྐུ་གཅིག་གི་གདུལ་ཞིང་བྱེ་བ་ཕྲག་བརྒྱའི་འཇིག་རྟེན་གྱི་ཁམས་གཅིག་ཡིན་ལ། རབ་འབྱམས་གྲངས་མེད་པ་ཞེས་པ་ནི། དེ་ལྟ་བུའི་སྟོང་ཁམས་མང་པོ་རབ་ཏུ་འབྱམས་ཀླས་པ་ཤིན་ཏུ་མང་པོ་གྲངས་དང་ཚད་གཅིག་བཟུང་དུ་མེད་པའི་ཞིང་ཁམས་ཡོད་ཚད་པོ་ཀུན་ཏུ། རིན་པོ་ཆེ་སྣ་ཚོགས་པ་ཐམས་ཅད་ཀྱིས་ཕྱུར་བུར་བཀང་ནས། ཡར་དཀོན་མཆོག་ལ་མཆོད་པ་དང་མར་སེམས་ཅན་ལ་སྦྱིན་པ་བཏང་བའི་དགེ་བ་བས་གང་ཟག་གང་ཞིག་གིས་འོད་དཔག་མེད་པའི་མཚན་དང་བདེ་བ་ཅན་གྱི་ཞིང་ཁམས་ཀྱི་ཡོན་ཏན་བཤད་པ་རྣ་ལམ་དུ་ཐོས་ནས་དད་པའི་སྟོབས་ཀྱིས་ལག་པས་ཐལ་མོ་སྦྱར་བ་ཙམ་ཞིག་བྱས་ན། དེ་ལས་བྱུང་བའི་དགེ་བ་དེ་ནི་སྟོང་གསུམ་རིན་ཆེན་གྱིས་བཀང་ནས་སྦྱིན་པ་བྱིན་པ་བས་བརྒྱ་འགྱུར་སྟོང་འགྱུར་གྱིས་བསོད་ནམས་ཆེ་བ་ཡིན་ཞེས་བཅོམ་ལྡན་འདས་ཀྱིས་མདོ་ལས་གསུངས་ཡོད་པ་དེའི་ཕྱིར་མགོན་པོ་འོད་དཔག་མེད་ཁྱེད་ལ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ་ཞེས་པའོ། །དྲུག་པ་དད་པའི་ཕན་ཡོན་དྲན་ནས་ཕྱག་འཚལ་བ་ནི།

དྲུག་པ་དད་པའི་ཕན་ཡོན་དྲན་ནས་ཕྱག་འཚལ་བ།

གང་ཞིག་འོད་དཔག་མེད་པའི་མཚན་ཐོས་ནས།།

ཁ་ཞེ་མེད་པར་སྙིང་ཁོང་རུས་པའི་གཏིང་།།

ལན་ཅིག་ཙམ་ཞིག་དད་པ་སྐྱེས་པ་ན།།

དེ་ནི་བྱང་ཆུབ་ལམ་ནས་ཕྱིར་མི་ལྡོག།

མགོན་པོ་འོད་དཔག་མེད་ལ་ཕྱག་འཚལ་ལོ།།

ཞེས་གསུངས་ཏེ། མགོན་པོ་འོད་དཔག་མེད་ལ་སྙིང་ནས་དད་པའི་ཕན་ཡོན་ནི། སེམས་ཅན་གང་ཞིག་གིས་མགོན་པོ་འོད་དཔག་མེད་པའི་མཚན་རྣ་ལམ་ལ་ཐོས་ནས། ཁ་ཞེ་མེད་པར་སྟེ་ཁ་བཤད་དོན་གནས་མིན་པའི་ཁ་མིད་པ་ཡན་ཆད་ཀྱི་དད་པ་ཡོད་མདོག་བྱས་པ་མ་ཡིན་པར་སྙིང་ཁོང་རུས་པའི་གཏིང་ཞེ་གདིང་ནས། ཐེངས་གྲངས་མང་པོ་སྐྱེས་ན་སྨྲོས་ཅི་དགོས། ལན་གཅིག་ཁོ་ན་ཙམ་ཞིག་ལ་དད་པ་སྐྱེས་ནའང་གང་ཟག་དེ་ལ་དེ་མ་ཐག་ཏུ་བྱང་ཆུབ་ཀྱི་ས་བོན་ཐེབས་ནས། དེའི་སྟོབས་ཀྱིས་རིམ་གྱིས་བྱང་ཆུབ་ཆེན་པོའི་ལམ་ལས་ཕྱིར་མི་ལྡོག་པར། ལས་ངན་གྱི་རྒྱུས་ལུས་ངན་ལེན་པའི་མཚམས་འཇོག་པ་ཡིན་ནོ་ཞེས་པ་སྟེ། འདི་བདེ་བ་ཅན་ལ་སྐྱེ་འགྱུར་གྱི་བྱང་སེམས་ལམ་ཞུགས་པ་ཞིག་ཡིན་ན་སྒྲ་ཇི་བཞིན་པ་དང་། བདེ་བ་ཅན་ལ་སྐྱེ་རུང་ལམ་མ་ཞུགས་པའི་གང་ཟག་ཡིན་ན་མཐར་ཐུག་ཕྱིར་མི་ལྡོག་པར་འཇུག་པའི་བག་ཆགས་ཐེབས་པ་ལ་དགོངས་ནས་གསུངས་པ་ཡིན་པས་མཚན་ཙམ་ཐོས་པས་ཀྱང་དེ་ལྟ་བུའི་དོན་ཆེན་པོ་ཐོབ་པའི་འོད་དཔག་མེད་ལ་སྙིང་ཁོང་རུས་པའི་གཏིང་ནས་ཕྱག་འཚལ་ལོ་ཞེས་པའོ། །བདུན་པ་མཚན་ཐོས་པའི་ཕན་ཡོན་ལ་བསམས་ནས་ཕྱག་འཚལ་བ་ནི།

བདུན་པ་མཚན་ཐོས་པའི་ཕན་ཡོན་ལ་བསམས་ནས་ཕྱག་འཚལ་བ།

སངས་རྒྱས་འོད་དཔག་མེད་པའི་མཚན་ཐོས་ནས།།

དེ་ནི་བྱང་ཆུབ་སྙིང་པོ་མ་ཐོབ་བར།།

བུད་མེད་མི་སྐྱེ་རིགས་ནི་བཟང་པོར་སྐྱེ།།

ཚེ་རབས་ཀུན་ཏུ་ཚུལ་ཁྲིམས་རྣམ་དག་འགྱུར།།

བདེ་གཤེགས་འོད་དཔག་མེད་ལ་ཕྱག་འཚལ་ལོ།།

ཞེས་གསུངས་ཏེ། དེ་ཡང་སྐྱེས་པ་བུད་མེད་ལ་སོགས་པ་གང་ཞིག་གིས་སངས་རྒྱས་འོད་དཔག་མེད་པའི་མཚན་ལན་གཅིག་ཐོས་ཤིང་ཡིད་ལ་བཟུང་ན། གང་ཟག་དེ་ནི་བྱང་ཆུབ་སྙིང་པོ་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ། རྟེན་དམན་པ་བུད་མེད་ཀྱི་རིགས་སུ་ནམ་ཡང་མི་སྐྱེ་ཞེས་པ་སྟེ། སྤྱིར་ན་ཕོ་མོ་ཐམས་ཅད་མི་ཡིན་པའི་ཆ་ནས་གཅིག་པ་དང་། བུད་མེད་ཀྱི་ནང་ལ་བཟང་ངན་མང་པོ་ཡོད་པ་དང་། སྐྱེས་པའི་ནང་ལ་ཡང་དེ་བཞིན་དུ་བཟང་ངན་འདྲ་དང་མི་འདྲ་ཡོད་པས་ཐམས་ཅད་གཅིག་འདྲ་ཏག་ཏག་མིན་ཡང་སྤྱིར་བཏང་སྐྱེས་པ་དང་བསྡུར་ན། སྟོབས་ཞན་པ། ཁས་དམན་པ། ཆོས་བྱེད་པའི་དབང་ཆུང་བ་འདི་ཚོ་ལ་དགོངས་ནས་གསུངས་པ་དང་། ཁྱད་པར་དུ་རྫོགས་པའི་སངས་རྒྱས་སྟོང་སྐྱེས་པའི་རྟེན་ལ་སངས་རྒྱས་པ་དང་། སྐྱེ་རྒུའི་བདག་མོ་རབ་ཏུ་བྱུང་བས་བསྟན་པའི་གནས་ཚད་ཇེ་ཐུང་ལ་སོང་བའི་རྒྱུ་མཚན་ལ་སོགས་པས་བུད་མེད་རྟེན་དམན་པ་ཡིན་ཕྱིར། སྐྱེ་བ་དམན་པའི་བུད་མེད་ལ་མི་སྐྱེ་ཞེས་པ་དང་། སྐྱེས་པ་ཕོ་ལུས་ཡིན་ཡང་མ་རབས་སྡིག་སྤྱོད་ཀྱི་རིགས་ནི་རིགས་ཐ་ཆད་ཡིན་པས། དེ་ལྟར་མ་ཡིན་པར་རིགས་བཟང་པོ་ཡ་རབས་དཔྱོད་ལྡན་གྱི་རིགས་སུ་རྟག་པར་སྐྱེ་བ་དང་། རིགས་བཟང་པོར་སྐྱེས་པས་མ་ཚད་སྐྱེ་བ་དང་ཚེ་རབས་ཀུན་ཏུ་ཆོས་འདུལ་བ་རིན་པོ་ཆེའི་སྒོར་ཞུགས་ཏེ། ཚུལ་ཁྲིམས་སྲོག་ལྟར་བསྲུངས་ནས་ཚངས་སྤྱོད་ཀྱི་སྡོམ་པ་མ་ཉམས་ཤིང་ཉེས་ལྟུང་ཕྲ་མོས་ཀྱང་མ་གོས་པ་རྣམ་པར་དག་པར་འགྱུར་བས་ན་བདེ་གཤེགས་འོད་དཔག་མེད་ལ་གུས་པས་ཕྱག་འཚལ་ལོ་ཞེས་པའོ། །དེའི་ཡན་ཆད་ཀྱི་ཚོགས་བསགས་པའི་སྒོ་ཡན་ལག་བདུན་གྱི་ནང་ནས་ཕྱག་འཚལ་བའི་ཡན་ལག་བཤད་པ་སོང་བ་ཡིན། འདི་ལྟ་བུའི་རྒྱུ་མཚན་ཤེས་པའི་ཐོག་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ། །ཞེས་པ་དང་། དེ་བཞིན་དུ་བདེ་གཤེགས་སྨན་བླ་བརྒྱད། བྱང་ཆུབ་སེམས་དཔའ་བརྒྱད། བདེ་གཤེགས་སོ་ལྔ་ལ་ཕྱག་འཚལ་བ་ཕུང་པོ་གསུམ་པའི་མདོ་ལ་སོགས་པ་ངག་གིས་འདོན་པ་དང་སྦྲགས་ནས་ཕྱག་འཚལ་བ་དང་། ཡང་ན་བདེ་སྨོན་འདི་ཉིད་བཞི་ཆོད་ཀྱི་དབྱངས་རྟ་སྙན་པོས་འདོན་བཞིན་དུ་ཕྱག་འཚལ་ན་ཕན་ཡོན་ལྷག་པར་ཆེ་བ་ཡིན། ད་རེས་ཞིང་ཁྲིད་འདིའི་ནང་དུ་ཞུགས་པ་ཐམས་ཅད་ཀྱིས་རབ་ན་འོད་མཚན་བྱེ་ཆུང་རེ་དང་། ཐ་ན་འོད་མཚན་འབུམ་རེ་ཡིན་ན་མིན་ན་འདོན་ཐུབ་ཤག་ཤག་བྱེད་དགོས། ཕྱག་འཚལ་བའི་དམིགས་པ་དེ་དག་རྒྱ་ཆེར་རྒྱས་པར་མ་ཤེས་ཀྱང་། མགོན་པོ་འོད་དཔག་མེད་ཁྱེད་མཁྱེན། ཁྱེད་ལ་སྒོ་གསུམ་གུས་པས་ཕྱག་འཚལ་བ་ཡིན། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་བག་ཆགས་ཐམས་ཅད་དག་ནས་ནུབ་ཕྱོགས་བདེ་བ་ཅན་དུ་སྐྱེ་བར་ཤོག་སྙམ་ནས། དད་པ་དང་གུས་པས་ཕྱག་འཚལ་ན་དེས་ཆོག་པ་ཡིན། དེའི་ཡན་ཆད་ཕྱག་འཚལ་བའི་ཡན་ལག་རྒྱས་པར་བཤད་པ་ནང་གསེས་ཀྱི་དབྱེ་བ་བདུན་གྱི་ཐོག་ནས་ཞིབ་ཅིང་རྒྱས་པར་བསྟན་པའོ། །གཉིས་པ་མཆོད་པའི་ཡན་ལག་ལ་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པ་གཉིས་ལས། དང་པོ་དངོས་འབྱོར་གྱི་མཆོད་པ་ནི།

གཉིས་པ་མཆོད་པའི་ཡན་ལག

དང་པོ་དངོས་འབྱོར་གྱི་མཆོད་པ།

བདག་གི་ལུས་དང་ལོངས་སྤྱོད་དགེ་རྩར་བཅས།།

དངོས་སུ་འབྱོར་བའི་མཆོད་པ་ཅི་མཆིས་པ།།

ཞེས་གསུངས་ཏེ། མཆོད་པ་འབུལ་བ་འདི་སེར་སྣ་དང་ཆགས་ཞེན་གྱི་གཉེན་པོ་ཡིན་ཞིང་། བདག་གིར་འཛིན་རྒྱུའམ་ཡོངས་སུ་བཟུང་བའི་གཞི་ལུས་དང་ལོངས་སྤྱོད་དགེ་རྩ་གསུམ་སྟེ། དེ་ཡང་བདག་གི་གཅེས་པའི་ལུས་དབང་པོ་སྐྱེ་མཆེད་ཚང་བ་དང་། དེ་ལ་མཁོ་བའི་རྒྱུ་ནོར་ཟས་གསུམ་ཡུལ་འཁོར་དང་བཅས་པའི་ལོངས་སྤྱོད་དང་། དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཅི་མཆིས་པ་ཐམས་ཅད་མཆོད་པའི་སྤྲིན་དུ་མཆོད་དགོས་པ་མ་ཟད། ད་དུང་དངོས་སུ་འབྱོར་བའི་མཆོད་པ། མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་བཟང་ཞིང་གྱ་ནོམ་པའི་དངོས་པོ་ཅི་དང་ཅི་མཆིས་པ་ཐམས་ཅད། རང་རང་གི་འབྱོར་འཁོས་དང་བསྟུན་པ་སྟེ་ཡོད་པོས་ཡོད་ཚོད་དང་བསྟུན་ནས་མཆོད་པ་དང་། མེད་པོས་མེད་ཚོད་དང་བསྟུན་ནས་མཆོད་དགོས་ཏེ། ཡོད་པོའི་ཡོད་ཚོད་དང་བསྟུན་ནས་མ་མཆོད་ན་སྔར་བསོད་ནམས་བསགས་པའི་འབྲས་བུ་ད་རེས་ལོངས་སྤྱོད་ཀྱི་འབྱོར་བས་མ་དབུལ་ན་ཡང་། མཆོད་པ་མ་ཕུལ་ན་སྔར་བསགས་ཀྱི་སྦྱིན་འབྲས་ཟད་ནས་མེད་པར་འགྱུར་བ་ཡིན། མ་ཚད་མེད་པོའི་མེད་ཚོད་དང་བསྟུན་ཏེ་མཆོད་པ་བྱེད་དགོས་ཏེ། སྔར་མཆོད་སྦྱིན་མ་ནུས་ནས་དབུལ་པོའི་ལུས་བླངས་པ་ཡིན་པས་ད་དུང་ཡང་བསོད་ནམས་མ་བསགས་ན་དེ་བས་ཐ་ཆད་པར་འགྱུར་བ་ཁོ་ན་ཡིན། རྒྱལ་བ་སྲས་བཅས་ལ་མཆོད་རྫས་ཀྱི་མཁོ་ཉག་ཆེ་བ་མིན་ཡང་རང་གི་བསོད་ནམས་གསོག་པའི་ཆེད་དུ་རང་གང་ལ་དགའ་བའི་དངོས་པོ་གང་བཟང་གི་མཆོད་པ་ཕུལ་བ་རེད། མཆོད་པའི་ཡུལ་ཞིང་ས་ཁྱད་པར་ཅན་སངས་རྒྱས་འོད་དཔག་མེད་འཁོར་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ལ། བསམ་པ་རྣམ་པར་དག་པ་སེར་སྣ་དང་། ང་རྒྱལ་དང་། ངོམ་ཆོས་སོགས་ཀྱིས་མ་བསླད་པའི་གཏོང་སེམས་ཁྱད་པར་ཅན་གྱིས། དངོས་པོ་རྣམ་པར་དག་པ་མཆོད་མེ་ཀོང་བུ་གང་དང་། ཡོན་ཆབ་བདུན་ཚར་ཆ་གཅིག་ཙམ་ལས་མེད་ཀྱང་རང་གི་འབྱོར་འཁོས་དང་བསྟུན་པའི་ཡག་ས་མཛེས་ས་བཟང་ས་ནས་འབུལ་བ་ལས། ཐུད་ཀྱི་སྔོ་ས། མར་གྱི་ཁ་ས་ཞེས་པ་ལྟ་བུ་ལ་མ་སོང་བ་ཞིག་དགོས་པ་ཡིན། གལ་ཏེ་ཅི་ཡང་མེད་པ་ཞིག་ཡིན་ཚེ་ས་རྡོ་ཡན་ཆད་ཀྱིས་བསམ་པ་དག་ན་མཆོད་ཆོག་པ་སྟེ། གནའ་སྔོན་མར་བྱིས་པ་གཉིས་ཀྱིས་ས་རྡུལ་སྤུངས་ནས་རྩེད་མོ་རྩེ་བའི་སྐབས་ཤིག་ན། སངས་རྒྱས་འཁོར་དང་བཅས་པ་བྱོན་པ་དང་ཁེལ་བར་བྱིས་པ་གཉིས་ཀྱིས་མཇལ་ནས་དགའ་ཞིང་དྭངས་པའི་སེམས་ཀྱིས་ས་རྡུལ་སྙིམ་པ་གང་རེ་སངས་རྒྱས་ཀྱི་ལྷུང་བཟེད་དུ་ཕུལ་བའི་བསོད་ནམས་ཀྱིས་གཅིག་ཆོས་རྒྱལ་མྱ་ངན་མེད་དང་། གཅིག་དེའི་བློན་པོ་མདུན་ན་འདོན་དུ་སྐྱེས་ནས། འཛམ་བུའི་གླིང་གི་ས་གནས་བྱེ་བ་རུ་མཆོད་རྟེན་བྱེ་བ་ཞག་གཅིག་གིས་འགྲུབ་པའི་ལོ་རྒྱུས་ཡོད་པས་ཡུལ་ཁྱད་པར་ཅན་ལ་བསམ་པ་རྣམ་པར་དག་པས་མཆོད་པ་ཕུལ་ན་དེ་ལྟ་བུའི་བསོད་ནམས་ཆེ་བ་ཡིན། རང་ཉིད་ཀྱིས་ཅི་འབྱོར་བའི་མཆོད་པ་ཕུལ་བ་དེ་དག་ཀྱང་རང་ངོས་ནས་གཙང་མ་རང་ཉིད་མགུ་བ་ཞིག་དགོས་པ་ཡིན། འོ་ན་མཆོད་པའི་ཡོ་བྱད་ལ་གཙང་མ་དགོས་པ་བདེན་ཡང་རང་ཉིད་ཀྱི་ལུས་ལོངས་སྤྱོད་ཐམས་ཅད་དབུལ་དགོས་པར་གསུངས་པས་རང་ཉིད་ཀྱི་ལུས་འདི་ནི་མི་གཙང་བ་ཡིན་པས་ཇི་ལྟར་འབུལ་དུ་རུང་ཞེ་ན། ལུས་ལས་གཞན་དུ་གྱུར་པའི་མཆོད་རྫས་གསེར་དངུལ་སོགས་རིན་པོ་ཆེ་ཤ་སྟག་ཕུལ་ཡང་རྒྱལ་བ་སྲས་བཅས་ལ་བཟང་ངན་དང་དངོས་འཛིན་གྱི་ཞེན་པ་དང་བྲལ་ཕྱིར། འོད་དཔག་མེད་འཁོར་བཅས་ཀྱིས་རྒྱུ་བཟང་ངན་དུ་རྟོག་ཅིང་བདག་གིར་བཞེས་པ་ནི་མེད་པས་སེམས་ཅན་རང་རང་གི་ཚོགས་རྫོགས་པའི་ཆེད་དུ་རང་ངོས་ནས་རྩ་ཆེན་བརྩི་བའི་དངོས་པོ་ཕུལ་ན་བསོད་ནམས་ཀྱི་ཚོགས་རྫོགས་སྟོབས་ཆེ་བ་ཡིན་པས། ལུས་འདི་ནི་ལོངས་སྤྱོད་བས་ཀྱང་གཅེས་པའི་བདག་འཛིན་གྱི་གཞི་ཡིན་པས་དེ་ཕུལ་ན་ཚོགས་རྫོགས་ཤིང་སྒྲིབ་པ་དག་པའི་དགོས་པ་ཁྱད་པར་ཅན་ཡོད་པ་ཡིན། དེས་ན། བདག་ལུས་ལོངས་སྤྱོད་བཅས་པ་ཡོངས་འབུལ་གྱིས། །ཆོས་ཀྱི་འཁོར་ལོས་སྒྱུར་བའི་སྲིད་ཐོབ་ཤོག །ཅེས་པ་དང་། སྤྱོད་འཇུག་ལས་ཀྱང་། བདག་ནི་བསོད་ནམས་མི་ལྡན་བཀྲེན་ཆེན་ཏེ། །མཆོད་པའི་ནོར་གཞན་བདག་ལ་ཅང་མ་མཆིས། །དེས་ན་གཞན་དོན་དགོངས་པའི་མགོན་གྱིས་ནི། །བདག་གི་དོན་སླད་ཉིད་ཀྱིས་མཐུས་བཞེས་ཤིག །ཅེས་གསུངས་པ་ལྟ་བུའོ། །དེ་བཞིན་དུ་རང་ཉིད་ཀྱི་དུས་གསུམ་དུ་བསགས་པའི་དགེ་རྩ་རྣམས་ཟད་པའི་རྒྱུ་བཞི་དང་མ་ཕྲད་གོང་དུ་མཆོད་པར་ཕུལ་ན། མི་དོ་དོ་ཏན་ཏན་ཞིག་ལ་རྒྱུ་ནོར་བཅོལ་བ་བཞིན་དུ་ཆུད་མི་འཛའ་བས་མ་ཚད་དགེ་རྩ་གོང་ནས་གོང་དུ་འཕེལ་བའི་དགོས་པ་ཁྱད་པར་ཅན་ཡོད་པ་ཡིན་ནོ། །དེའི་ཡན་ཆད་ཀྱིས་དངོས་སུ་འབྱོར་བའི་མཆོད་པ་བཤད་ནས། གཉིས་པ་ཡིད་ཀྱིས་སྤྲུལ་བའི་མཆོད་པ་ནི།

གཉིས་པ་ཡིད་ཀྱིས་སྤྲུལ་བའི་མཆོད་པ།

ཡིད་སྤྲུལ་བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན།།

གདོད་ནས་གྲུབ་པ་སྟོང་གསུམ་འཇིག་རྟེན་གྱི།།

གླིང་བཞི་རི་རབ་ཉི་ཟླ་བྱེ་བ་བརྒྱ།།

ལྷ་ཀླུ་མི་ཡི་ལོངས་སྤྱོད་ཐམས་ཅད་ཀུན།།

བློ་ཡིས་བླངས་ཏེ་འོད་དཔག་མེད་ལ་འབུལ།།

བདག་ལ་ཕན་ཕྱིར་ཐུགས་རྗེའི་སྟོབས་ཀྱིས་བཞེས།།

ཞེས་གསུངས་ཏེ། ཡིད་ཀྱིས་སྤྲུལ་བའི་མཆོད་པ་སྲིད་ཞིའི་གཟུགས་བརྙན་འཆར་བ་མེ་ལོང་། སྣང་བ་དབང་དུ་སྡུད་པ་ལི་ཁྲི། ཚེ་ཡི་དཔལ་སྐྱེད་ཚེ་འཛིན་དུལ་བ་ལ་སོགས་པ་བཀྲ་ཤིས་རྫས་བརྒྱད་དང་། འཁོར་བའི་ཚ་གདུང་སྐྱོབ་པའི་གདུགས་དཀར། དྲི་མེད་རྡུལ་བྲལ་གྱི་སྤྱན་ལྡན་གསེར་ཉ། འཁོར་བའི་སྐྱོན་གྱིས་མ་གོས་པའི་པདྨ། ཐེག་གསུམ་ཆོས་ཀྱི་སྒྲ་ལྡན་གཡས་འཁྱིལ་དུང་དཀར་ལ་སོགས་པ་བཀྲ་ཤིས་རྟགས་བརྒྱད་དང་། སྲིད་པའི་དྲ་བ་གཅོད་པའི་འཁོར་ལོ། དགོས་འདོད་དཔལ་གྱི་འབྱུང་གནས་ནོར་བུ། དགེ་བཅུའི་ནོར་དང་ལྡན་པའི་ཁྱིམ་བདག་ལ་སོགས་པ་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་དང་། སྲིད་ཞིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་བློས་བླངས་ནས་ཟད་པ་མེད་པ་ནམ་མཁའ་མཛོད་ཀྱི་ཡོ་བྱད་དང་། ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱི་རྣམ་རོལ་བཞིན་དུ་ཡིད་ཀྱིས་འབུལ་བ་དང་། ཡེ་གདོད་མའམ་འཇིག་རྟེན་ཆགས་པའི་དང་པོ་ནས་ཡོད་པའི་སེམས་ཅན་སྤྱི་མཐུན་གྱི་ལས་ཀྱིས་གྲུབ་པའི་སྟོང་གསུམ་འཇིག་རྟེན་གྱི་ཁམས། གླིང་བཞི་བྱེ་བ་ཕྲག་བརྒྱ་དང་། རི་རབ་ཉི་ཟླ་བྱེ་བ་ཕྲག་བརྒྱ་ལ་སོགས་པ་དང་། ཤར་གསལ་བྱེད་ཉི་ཟླའི་སྒྲོན་མེ། ལྷོ་ཙན་དན་ནགས་ཀྱི་བདུག་སྤོས། ནུབ་གངས་དཀར་མར་གྱི་ལྷ་བཤོས། བྱང་ཟླ་ཀླུང་སྔོན་མོའི་དྲི་ཆབ། སྟེང་གཡུ་འབྲུག་སྒྲ་ཡི་རོལ་མོ། འོག་ས་གཞི་མཛེས་པའི་མེ་ཏོག་སྟེ་མ་བཀོད་རང་བྱུང་གི་རྣམ་ལྔ་དང་། སྟེང་ལྷ་ཡུལ་གྱི་འདོད་ཡོན། འོག་ཀླུ་ཡུལ་གྱི་འབྱོར་བ། བར་མི་ཡུལ་གྱི་ལོངས་སྤྱོད་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀུན་ཀྱང་བློ་ཡིས་བླངས་ཏེ། མགོན་པོ་འོད་དཔག་མེད་འཁོར་དང་བཅས་པ་རྣམས་ལ་ཕུལ་བ་ལགས་པས། ཁྱེད་རྣམ་པ་ལ་དངོས་འཛིན་གྱི་ཉེར་ལེན་ཡོད་པ་མ་ཡིན་ཡང་བདག་དང་སེམས་ཅན་ཐམས་ཅད་མཐར་ཐུག་སངས་རྒྱས་ཐོབ་པ་དང་གནས་སྐབས་བདེ་བ་ཅན་དུ་སྐྱེ་རྒྱུར་ཕན་པའི་ཕྱིར་དུ་ཐུགས་རྗེ་ཆེན་པོའི་སྟོབས་ཀྱིས་བཞེས་པར་མཛོད་ཅེས་བསྐུལ་ནས། ཐུགས་དགྱེས་པ་ཆེན་པོས་བཞེས་སོང་སྙམ་ནས་ཕུལ་ན། རང་ཉིད་ལ་ཕུལ་བའི་སེམས་སྟོབས་ཡོད་ན་རྒྱལ་བ་སྲས་བཅས་ལ་བཞེས་པའི་ནུས་པ་ཡོད་པ་ཡིན། སྤྱིར་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པ་གང་ཡིན་ཡང་ཀུན་རྫོབ་རྟེན་འབྲེལ་གྱི་རོལ་བ་དོན་ལ་དངོས་པོ་དང་མཚན་མར་མ་གྲུབ་པའི་རྒྱུ་མཚན་ཤེས་རྒྱུ་གནད་ཆེ་བ་དང་། ལས་དང་པོ་བ་དག་གིས་མང་པོའི་སྤྲོས་པ་མ་ཤེས་ཀྱང་། ཆུ་གཙང་མ་དང་མེ་ཏོག་ཡག་པ་སོགས་རང་བཞིན་གྱིས་ཡིད་དུ་འོང་བའི་དངོས་པོ་ཅི་ཞིག་མཐོང་ཐོས་མྱོང་ཚོར་བྱུང་ཡང་དེ་རྒྱལ་བ་འོད་དཔག་མེད་འཁོར་དང་བཅས་པ་ལ་ཡིད་ཀྱིས་ཕུལ་ཞིང་། རང་གཞན་ཐམས་ཅད་བདེ་བ་ཅན་ལ་སྐྱེ་བར་ཤོག་ཅིག་བསམས་ན་ཚོགས་ཞར་དང་ཞོར་ལ་རྫོགས་པ་ཡིན། ཡིན་ནའང་ང་ཚོས་དགེ་བ་ཆེན་པོ་ཞིག་བསྒྲུབ་རྒྱུ་ལ་ནི་སེམས་དཔའ་ཞུམ་ནས་སྒྲུབ་མི་ཐུབ་ཅིང་། ཆུང་ཆུང་ཞིག་གིས་བློ་མ་ཚིམ་ནས་བརྙས་པའི་དབང་གིས་དགེ་རྩ་ཆེ་ཆུང་གཉིས་ཀ་མི་འགྲུབ་པར་ལྷག་པ་ཡོད་པས། ཚོགས་བསག་ནི་ནོར་གྱིས་ཕྱུག་མིན་ལ་ཐུག་མེད་པ་ནི། ཡོད་པོའི་རྟ་ཕོ་རྟ་ཕོ་ཡིན་ཡང་། མེད་པོའི་ར་ཕོའང་རྟ་ཕོ་ཡིན་ཞེས་པའི་དཔེ་ལྟར་ཡིན། དེ་རིང་ཁར་སང་དུས་མགོ་མཇུག་ལོག་པའི་དུས་རེད་རྟ་དང་ར་གཉིས་གང་གིས་དགའ་མི་ཤེས་ཀྱང་། མདོར་ན་རྒྱུ་ཡོད་མེད་དང་དངོས་པོའི་ཆེ་ཆུང་ལ་རག་མི་ལུས་པར་སེམས་དང་དངོས་པོ་རྣམ་པར་དག་མི་དག་ཡིན་པས། ཞིང་བསྒྲུབས་དང་ཞིང་ཁྲིད་ཆེན་མོ་འདི་འདྲའི་སྐབས་སུ་མཆོད་པ་ཆེ་འབྱོར་ཆུང་འབྱོར་རེ་འབུལ་ཐུབ་ན་བསོད་ནམས་ལྷག་པར་ཆེ་བ་ཡིན་ཏེ། སྔགས་ཀྱི་ཆོ་ག་དང་འབྲེལ་བས་མ་ཚད་བླ་སེར་དམ་པ་མང་པོ་དང་། རྟེན་གསུམ་ཁྱད་པར་ཅན་མང་པོའང་བཞུགས་པས་ན། རྟེན་གྱི་ཁྱད་པར་འཕགས་པ་དང་། སྦྱོར་དངོས་རྗེས་གསུམ་ཚང་བ་ལ་སོགས་པ་དམིགས་པའི་ཐད་ཀྱི་འགྱུར་ཁྱད་ཆེན་པོ་ཡོད་པའི་ཕྱིར། དེས་ན་མཆོད་འབུལ་ལ་གཟོབས་དང་རང་གི་བསོད་ནམས་ལོངས་སྤྱོད་དང་ཁ་རྗེ་དབང་ཐང་ལ་ཕན་ཐོགས་ཡོད་པ་ཡིན། རྒྱུ་ཆོས་ཕྱོགས་ལ་བཏང་ནས་ནོར་ལས་ནོར་གྱི་སྙིང་པོ་ལེན་པ་ནི་ཚོང་པ་ཞིག་གིས་ནོར་རྫས་ཀྱི་སྐྱེད་སྤེལ་བ་དང་། སོ་ནམ་པས་ཞིང་ས་བཟང་པོ་ལ་ས་བོན་བཏབ་པ་དང་འདྲ་བར་ཚེ་འདི་དང་ཕྱི་མར་ལོངས་སྤྱོད་བརྒྱ་འགྱུར་སྟོང་འགྱུར་དུ་འཕེལ་བའི་ཐབས་དང་ལམ་ཞིག་ཡིན་པས། ནོར་ལོངས་སྤྱོད་སྒྱུ་མའི་དངོས་རྫས་དེ་འཆི་རན་དུས་ངེས་པར་དུ་སྐྱུར་རྒྱུ་ཡིན་ཕྱིར་ནོར་ལས་ནོར་གྱི་སྙིང་པོ་ཞིག་བླངས་ཏེ། ཚེ་ཕྱི་མའི་ཡུལ་ལ་ཁུར་ན་མི་ལོ། དེད་ན་མི་འགྲོ་བའི་དངོས་པོ་འདི་ཐམས་ཅད་བསོད་ནམས་གྱི་ཚོང་རྫས་ཤིག་དང་བརྗེས་ནས། ཕྱི་མའི་ཡུལ་དུ་དེ་བས་མང་ཞིག་ཡོད་པ་ཞིག་བྱེད་དགོས་པ་ཡིན། བེད་མེད་ཀྱི་རྒྱུ་རྫས་འདི་དག་བེད་སྤྱོད་ཤེས་ན་ཕན་ཐོགས་ཡོད་པའི་དངོས་པོ་ལ་དེ་ལྟར་སྒྱུར་ཆོག་པ་ཡིན། རྒྱུ་དང་པོར་གསོག་ཤེས་པས་མི་ཕན་པར་ཐ་མ་སྤྱོད་ཤེས་དགོས། དེ་མ་ཤེས་ན་ཚེ་འདི་ཕྱི་གཉིས་ཀར་གནོད་པའི་གཞི་མ་རུ་འགྲོ་བ་ཡིན། རྒྱལ་སྲས་ཞི་བ་ལྷས། བསགས་དང་བསྲུང་དང་བརླག་པའི་གདུང་བ་ཡིས། །ནོར་ནི་ཕུང་ཁྲོལ་མཐའ་ཡས་ཤེས་པར་བྱ། །ཞེས་གསུངས་པ་ལྟར་དུ་ཚེ་འདིར་དེའི་དོན་དུ་དཀའ་ཚེགས་སྡུག་བསྔལ་མྱོང་བས་མ་ཚད་ཕྱི་མར་ཡང་དེ་ལ་ཆགས་ཞེན་སྐྱེས་ནས་དེ་བས་ཐུ་བའི་སྡུག་བསྔལ་མྱོང་བའི་རྒྱུ་བྱེད་པ་ཡིན། ལར་མ་གཞི་མཆོད་སྦྱིན་ཞིག་མ་ཐུབ་ན། རྒྱུ་བསགས་པས་མི་སོག་བསོད་ནམས་བསགས་པས་སོག །ནོར་སྤྱད་པས་མི་ཟད་བསོད་ནམས་ཟད་དུས་འཛད། །ཅེས་པ་དང་། འབད་རྩོལ་རི་བོ་ཙམ་ཞིག་བྱེད་པ་ལས། །བསོད་ནམས་མེ་སྟག་ཙམ་ཞིག་བསགས་ན་དགའ། །ཞེས་གསུངས་ཡོད། ཕོ་ཐ་མའིརྒྱུ་རྫས་དེ་ཇི་ལྟར་ཟད་ན། གྱོད་ཁ་མཆུ་དང་། རྒྱལ་ཆང་རག་ལ་ཤོར་བ་ཡིན། དེ་འདི་མེད་ཕྱི་མེད་གཉིས་ཀ་རེད། ཕོ་འབྲིང་པོ་ཞིག་གི་ལོངས་སྤྱོད་དེ་གཉེན་དང་སྟོན་མོ་ལ་ཟད་པ་ཡིན། ཚེ་འདིའི་གཏམ་དང་མགོ་རྣ་ཙམ་མ་གཏོགས་ཚེ་ཕྱི་མའི་ལམ་ལ་ཕན་ཐོགས་མ་ཡོད་པ་རེད། སྐྱེས་ཕོ་རབ་ཀྱི་གསོག་པ་དེ་ཆོས་ཕྱོགས་ལ་ཟད་པ་ཡིན། དེ་ནི་རང་དོན་གཞན་དོན་གཉིས་ཀ་དང་། རང་སྐྱིད་གཞན་སྨོན་གཉིས་ཀ་རེད། ཚེ་འདིར་སྐྱིད་ལ་ཕྱི་མ་ཡང་བདེ་བ་ཡིན། བསོད་ནམས་རྣམ་པར་དག་པ་ཞིག་བསག་ཐུབ་ན། དེ་ལ་རྒྱུ་མ་རྩ་ཆེན་པོ་ཞིག་དགོས་པ་མ་རེད། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ང་ལས་ནུ་ཟེར་བ་དེས་མི་ཡུལ་གླིང་བཞི་ལ་དབང་བསྒྱུར་བས་མ་ཚད། ལྷ་ཡུལ་སུམ་ཅུ་རྩ་གསུམ་གྱི་ལྷའི་དབང་པོ་བརྒྱ་བྱིན་དང་གདན་གཅིག་ལ་འདུག་ཐུབ་པའི་དབང་ཐང་དང་བསོད་ནམས་ཡོད་པ་དེ་ཡང་སྔོན་སངས་རྒྱས་བསོད་སྐྱབས་འཇིག་རྟེན་དུ་བྱོན་དུས་དེར་སྲན་རྡོག་བདུན་གྱིས་མཆོད་པ་ཕུལ་བའི་འབྲས་བུ་ཡིན་པར་གསུངས་ཤིང་། དང་པོར་རྒྱུ་ཞིག་ཡོད་པར་བྱས་ཏེ། དེ་ནས་བསོད་ནམས་བསག་དགོས་སྙམ་ན་དེ་ལྟར་མ་ཡིན་ཏེ། རྒྱུ་ཡོད་དུས་བསོད་ནམས་གསོག་པ་སྨྲོས་མ་དགོས་ཀྱང་། རྒྱུ་ཡོད་པའི་ཆེད་དུའང་བསོད་ནམས་བསག་དགོས་པ་ཡིན། བསོད་ནམས་གསོག་བྱེད་ལ་རྒྱུ་ཆེ་ཆུང་མེད་ཚུལ་གོང་དུ་བཤད་པ་ལྟར་ཡིན། རྒྱུ་བསགས་ནས་སེམས་ཁ་གང་བ་དཀོན་ཏེ། སྟོང་གསུམ་ཁམས་ཀྱི་རྒྱུ་རྫས་ལོངས་སྤྱོད་ཐམས་ཅད་མི་གཅིག་ལ་དབང་ནའང་ཚིམ་དཀའ་སྟེ། མི་རྒྱུ་ཡོད་སྨྱོ། ཟོག་རྩྭ་ཡོད་སྨྱོ། ཞེས་པ་ལས་མ་འདས། སེམས་ལ་ཆོག་ཤེས་མ་སྐྱེས་བར་དུ་རྒྱུ་ལ་སོག་དུས་ཤིག་ག་ལ་ཡོད། རྒྱུ་མེད་པས་མི་ཕོངས་ཡོད་པས་ཕོངས། ཞེས་པ་ལྟ་བུ་རེད། རི་རབ་འདྲ་ཞིག་ཡོད་ཀྱང་མ་ཆོག་པར་ཏིལ་འབྲུ་ཙམ་ཞིག་ལ་ཞེན་ཆགས་ཏེ་བཙལ་བས་སྲོག་ཀྱང་ཕུང་རབས་ཡོད། དེ་ཡང་གཏམ་རྒྱུད་ཅིག་དང་སྦྱར་ནས་བཤད་ན། གནའ་སྔ་མོ་མི་ཞིག་གིས་སྲན་མའི་སྟོན་ཐོག་བླངས་རྗེས་སྲན་མ་ཁུར་པོ་ཞིག་ཁྱེར་ཡོང་བ་ཤིང་སྡོང་ཞིག་གི་རྩར་ཐོན་ཚེ་སྲན་མའི་ཁུར་པོ་བཞག་ནས་ཕར་བཤང་གཅི་འདོར་དུ་སོང་བའི་ཤུལ་ནས། སྡོང་པོའི་རྩེ་ནས་ཨ་དགེ་སྤྲེའུ་ཞིག་མར་བབ་ནས་སྲན་མ་སྤར་གང་བླངས་ཏེ། ཡར་ཤིང་སྡོང་རྩེར་འཛེགས་ནས་འགྲོ་སྐབས་སྲན་རྡོག་གཅིག་ས་ཐོག་ལ་ལྷུང་ཤོར་བས། སྤྲེལ་རྒན་སེར་སྣ་ཤོར་ཏེ་སྤར་བ་གང་པོའང་བོར་ནས། མར་བབ་སྟེ་སྲན་རྡོག་གཅིག་པོ་དེ་བཙལ་སྐབས་མི་དེ་ཕྱིར་ཡོང་ནས་རྡོ་ལོག་གཅིག་བརྒྱབ་ནས་སྤྲེལ་རྒན་བསད་པ་རེད། དེ་ལྟར་སྲན་རྡོག་གཅིག་གི་དོན་དུ་སྤྲེལ་རྒན་གྱི་སྲོག་ཤོར་བ་ཡིན་ལ། སྤར་བ་གང་པོ་དེ་ཁྱེར་ནས་སོང་ཡོད་ན་སྲན་མ་མང་པོ་ཐོབ་ཡོད་ཀྱང་། དེས་མ་འཚེངས་པར་ད་དུང་སྲན་རྡོག་ཁེ་རུ་ཞིག་ཨེ་ལོན་བལྟ་ས་ནས་མཇུག་འབྲས་དེ་ལྟར་བྱུང་བ་ཡིན། དེ་ན་ལྷ་ཞིག་ཡོད་པ་དེས་སྨྲས་པ། སྲན་མ་སྤར་གང་བོར་ནས་སུ། །གང་ཞིག་འབྲུ་མ་གཅིག་འཚོལ་བ། །ཤིན་ཏུ་ཚེགས་མང་ལྡན་པ་ཡི། །ཀྱཻ་མ་སྤྲེའུ་འདི་རེ་རྨོངས། །ཞེས་དཔེ་བལྟ་ས་ཞིག་ཏུ་གྱུར་པ་ཡིན། ཡང་ཆགས་ཞེན་དང་སེར་སྣ་ཅན་དག་གིས་ནོར་གང་བཟང་ཐམས་ཅད་བཞག་ནས་ངན་པ་དག་དང་པོར་བེད་སྤྱོད་བྱེད་ས་ནས་ཕུང་བའི་དཔེ་ཡང་ཡོད་དེ། གནའ་མུ་གེ་ཚེས་པའི་དུས་ཤིག་ལ། གླང་པོ་ཆེ་མང་པོ་ཡོད་པའི་ནགས་ཆེན་པོ་ཞིག་གི་གསེང་ལ་རྔོན་པ་ཞིག་སོང་ནས། གླང་པོ་ཆེ་ཞིག་ལ་དུག་མདའ་བརྒྱབ་སྐབས། གླང་པོ་ཆེས་རྔོན་པ་མཐོང་ནས་རྔོན་པའི་ཐོག་ཏུ་བརྒྱུགས་ཏེ་རྫི་བསྣོས་བྱས་པས་མཐར་གཉིས་ཀ་ཤི་བ་དང་། རྐུན་མའི་ཚོགས་པ་ལྔ་བརྒྱ་ཡོད་པ་ཞིག་དེར་ཐོན་ནས་གླང་ཆེན་གྱི་རོ་མཐོང་དུས། མི་ཕྱེད་ཀྱིས་གླང་ཆེན་གྱི་ཤ་འཚོད་པ་དང་། མི་ཕྱེད་དེ་ཐག་རིང་གི་གནས་སུ་ཆུ་ལེན་དུ་སོང་བས། དེ་དག་སྤྱི་ལ་བགོ་རྒྱུའི་རྐུས་རྫས་ཤིག་ཡོད་ཕྱིར། ཤ་འཚོད་མཁན་ཚོས་སེམས་ངན་ཞིག་དྲན་ནས་ཆུ་ལེན་ཚོ་མ་ཐོན་གོང་དུ་ང་ཚོས་ཤ་བརྒྱགས་ཚད་ཟོས་ཏེ་ལྷག་མའི་ནང་དུ་དུག་བཏབ་ན་ཆུ་ལེན་མཁན་དག་ཤི་རྗེས་རྐུས་རྫས་བདག་པོ་ང་ཚོ་མ་གཏོགས་མེད་ཅེས་དེ་ལྟར་བསྒྲུབས་པ་དང་། ཆུ་ལེན་ཚོས་ཀྱང་དེ་བཞིན་དུ་སེམས་ངན་ཞིག་དྲན་ནས། ང་ཚོས་ཆུ་བརྒྱགས་ཚད་འཐུང་ཚར་རྗེས་ཆུ་སྣོད་ནང་དུག་བཏབ་ནས་རོགས་པ་ཚོར་བླུད་ན་ཁོ་ཚོ་ཤི་རྗེས་རྐུས་རྫས་ཀྱི་བདག་པོ་ང་ཚོ་ཡིན་ཞེས་བགྲོས་ནས་དེ་ལྟར་བྱས་པས། མཐར་ཐམས་ཅད་ཤི་སོང་བའི་མཚམས་དེར་ལས་དབང་གིས་དེད་པའི་ཝ་ལྟོགས་རྒས་པ་མིག་ཞར་ཞིག་དེར་ཐོན་པ་དང་། ཝ་རྒན་གྱིས་རོ་ཚང་མ་མཐོང་དུས། ད་ནི་ཟླ་བས་མི་ཚད་ལོ་མང་པོར་ཟ་རྒྱུ་ཡོད་འདུག་སྙམ་ནས་ཆགས་སེམས་ཀྱིས་བདག་བཟུང་བྱས་ཏེ། སེར་སྣ་ཅན་གྱི་ཆོས་ལུགས་ནི་བཟང་པོ་དེ་རྗེས་ལ་བཞག་ཅིང་མནན་ནས། ངན་པ་དེ་སྔོན་ལ་བེད་སྤྱོད་གཏོང་བ་ཞིག་ཡིན་ཕྱིར། ཝ་རྒན་གྱིས་སེམས་ལ་གྲོག་ཆེན་པོ་ཞིག་དང་ད་རེས་འཕྲད་ཐལ། རྙེད་པ་ཆེན་པོ་ཞིག་ང་ལ་དེ་རིང་ཐོབ་པ་རེད། འདི་རིམ་གྱིས་རིམ་གྱིས་ག་ལེར་ཟ་དགོས་པས། དང་པོར་གཞུ་རྒྱུན་གྱོང་པོ་འདི་དག་ཟ་དགོས་སྙམ་ནས་གཞུ་རྒྱུན་འཆོས་པས། གཞུན་རྒྱུན་ཆད་པ་དང་གཞུ་མཆོག་རྐན་ལ་ཕོག་ནས་ཝ་རྒན་དེ་རུ་ཤི་བ་ཡིན། ཡང་དེ་ན་ཡོད་པའི་ལྷ་ཞིག་གིས་སྨྲས་པ། བསགས་པར་ཡང་ནི་བྱ་བ་དེ། །ལྷག་པར་བསགས་པ་མི་བྱའོ། །བསགས་ལ་ཆགས་པས་ཝ་ལོང་བ། །གཞུ་ཡིས་བསད་པར་གྱུར་ལ་ལྟོས། །ཞེས་དཔེ་ལེན་ས་གཅིག་ཏུ་གྱུར་པ་ཡིན། ནོར་རྫས་ཞེས་པ་དེ་རྩྭ་མགོའི་ཟིལ་བ་ལྟ་བུ་ད་ནང་ཡོད་ཀྱང་དོ་དགོང་ཨེ་ཡོད་མི་ཤེས་པ་དང་། འདི་ནི་དགྲ་རྐུན་ལག་གཡུག་བྱས་ནས་འབོད་པའི་གཡབ་མོ་ལྟ་བུ་དང་། རྒྱུ་ར་ཞིག་ཡོད་པ་ལ་སྡུག་རེའུ་ཞིག་ཡོད་པ་ནི་ཆོས་ཉིད་ལྟ་བུ་ཞིག་དང་། རྒྱུ་ནོར་རྫས་འདིའི་དོན་དུ་རྒྱུ་འབྲས་བསྣོགས་ནས་ངན་སོང་དམྱལ་བའི་གཏིང་རྡོ་བྱེད་པའི་ཁེ་ཆུང་ལ་ཉེན་ཁ་ཆེན་པོ་ཅན་གྱི་བྱ་བ་མི་བྱེད་པར་དལ་འབྱོར་གྱི་ལུས་རྟེན་ཞིག་ཐོབ་པའི་དུས་འདིར་བསོད་ནམས་བསགས་པའི་ལོངས་སྤྱོད་ཀྱིས་ཁ་གསོ་དགོས་པ་ལས་སྡིག་དང་འབགས་ནས་ཁ་གསོ་བ་ནི་ཁྲ་དང་སྤྱང་ཀི་ལ་སོགས་པ་དུད་འགྲོ་གཏུམ་པོ་དག་དང༌། གཡོ་སྒྱུའི་སྒོ་ནས་ལོག་འཚོ་བྱེད་པ་ནི་དུར་ཁྲོད་ཀྱི་ཝ་མོ་ཁྲམ་པའི་འགྲོ་ལུགས་ལས་མ་འདས་པ་ཞིག་ཡིན། གཞན་ཡང་། ཡོན་ཏན་མེད་པའི་དཀོར་ནོར་དང༌། །སྡིག་ཟས་ཁྲམ་པའི་ལོངས་སྤྱོད་གཉིས། །རྙེད་དུས་ཡོད་ཀྱང་སོག་དུས་མེད། །བསོག་པ་ལ་སྙིང་པོ་མི་འདུག་ཨཾ། །ཞེས་གསུངས་པ་ལྟ་བུ་ཡིན་པས་རྒྱུ་ནོར་རྫས་ཤིག་གི་དོན་དུ་ལོ་བརྒྱ་ཡི་བར་དུ་རྒྱུ་མས་སྐ་རགས་དང་མཆི་མས་སྐོམ་རྩི་བྱས་ནས་སྡུག་འབད་བྱེད་པ་ལས་ཞིང་ཁྲིད་འདི་ལྟ་བུའི་སྐབས་སུ་ཇ་ཡུན་ཙམ་རེ་ལ་ཕྱག་སྐོར་བ་རེ་དང༌། ནས་འབྲུ་རྡོག་མ་རེ་དང་། མེ་ཏོག་རྐང་གཅིག་ལས་མེད་རུང༌། སངས་རྒྱས་འོད་དཔག་མེད་ལ་མཆོད་སྙམ་ནས་ཕུལ་ན་བསོད་ནམས་སོག་སྟོབས་ཆེ་ཞིང་འབྲས་བུ་མནོག་པ་སྟེ། གནའ་སྔ་མོ་རྒྱ་གར་གྱི་གྲོང་ཁྱེར་རྒྱལ་པོའི་ཁབ་ཏུ་བྲམ་ཟེ་བཟའ་མི་གཉིས་ཡོད་པ་དེས་ཁ་རྒྱབ་གཉིས་ཀྱི་དོན་དུ་འབད་རྩོལ་འདི་མ་བྱས་བསམ་པ་ཞིག་མེད་ཀྱང༌། ཁ་བརྒྱགས་ལྟོ་བརྒྱགས་ཉི་མ་གཅིག་ཙམ་ལའང་ཡོང་རྒྱུ་མེད་པར་སྤྲང་པོ་ཁོ་ན་ལས་མ་འདས། དེ་གཉིས་ཀྱིས་དགེ་འདུན་པ་ལ་བསོད་སྙོམས་ཕུལ་ན་ཕྱུག་པོར་འགྱུར་བ་ཐོས་པས། བཟའ་ཚང་གཉིས་ཀྱིས་སློང་མོ་དང་གླ་བྱས་པའི་སྤྲང་ཟས་དང་གླ་ཟས་ལོན་ཚད་པོ་ཁར་ཟ་ལྟོར་འགྲོ་བྱེད་མ་བྲ་བར་བསགས་བསགས་པའི་མཐར་དགེ་འདུན་ལ་བསོད་སྙོམས་ཉིན་གཅིག་ཕུལ་བ་དང་། བྲམ་ཟེའི་ཆུང་མས་བསྙེན་གནས་ཀྱི་སྡོམ་པ་ཞིག་ཀྱང་བླངས་སོ། །དེའི་སྐབས་སུ་ཡུལ་དེའི་རྒྱལ་པོ་གསལ་རྒྱལ་ཡིན་ལ། རྒྱལ་པོ་གསལ་རྒྱལ་ཉིན་དེར་ཁམས་བསང་གི་ཆེད་དུ་ཕྱི་རོལ་ལ་སོང་ནས་ཕྱིར་ཡོང་བའི་ལམ་ཁར་བཙོན་པ་ཞིག་ཤིང་སྡོང་ལ་བཀྱིགས་ནས་བཅིངས་ཏེ་ཉམ་ཐག་པ་འཆི་ལ་ཐུག་པ་ཞིག་དང་ཐུག་པ་དང་། དེས་རྒྱལ་པོ་ལ་ཟ་རྒྱུ་ཞིག་སྦྱིན་པར་ཞུས་པས། རྒྱལ་པོས་བསྐུར་བར་ཞལ་གྱིས་བཞེས་སོ། །རྒྱལ་པོ་ཕོ་བྲང་ནང་འབྱོར་དུས་རྒྱལ་སྲིད་ཀྱི་བྲེལ་ཏེ་བརྗེད་སོང་བ། ནམ་ཕྱེད་ཙམ་ལ་དྲན་པས་རྒྱལ་པོའི་སྨྲ་བ་ལན་གཅིག་བཤད་ཚར་ནས་མ་བསྒྲུབས་ཐབས་མེད་ཡིན་པས་འཁོར་གཡོག་ཐམས་ཅད་ལ་བཙོན་ཟས་སྐྱེལ་དུ་འགྲོ་དགོས་པས་སུ་འགྲོ་དྲིས་པར། གྲོང་ཁྱེར་གྱི་ཕྱི་རོལ་ན་འདྲེ་གདོན་མང་པོ་ཡོད་ཅིང་། ནམ་གུང་མི་སུ་ཞིག་ཕྱི་ལ་སོང་ཡང་གསོན་ཟ་མ་གཏོགས་མི་ཐར་བ་ཤེས་པས་གཅིག་གིས་ཀྱང་ཟ་མ་སྐྱེལ་དུ་ང་འགྲོ་ཟེར་མཁན་མ་བྱུང་། རྒྱལ་པོའི་སྨྲ་བ་ལན་གཅིག་པོ་དེའི་ཐོག་ལ་མ་བསྡད་ན་ཁྲེལ་ཁ་ཆེན་པོ་རྒྱལ་སྲིད་ཉམས་པའི་རྒྱུ་ཡིན་པས། རྒྱལ་པོས་ཡང་བསྐྱར་གསུངས་རྒྱུར། བཙོན་པར་ཁ་ཟས་སྐྱེལ་བར་འགྲོ་ཕོད་མཁན་ཡོད་ན་དེ་ལ་དཔའ་དར་གསེར་སྲང་སྟོང་ཕྲག་ཅིག་སྦྱིན་པ་ཡིན་ཞེས་ཕོ་བྲང་གི་ཁོར་ཡུག་གྲོང་ཁྱེར་ཐམས་ཅད་ལ་ཁྱབ་བསྒྲགས་བྱས་པས། ཁྱབ་བསྒྲགས་བྱས་དུས་མི་སུ་གཅིག་ཀྱང་འགྲོ་མ་ཕོད་ཅིང་། ཁས་ལེན་མཁན་སུ་ཡང་མ་ཡོད་པའི་སྐབས་དེར། བྲམ་ཟེའི་ཆུང་མ་དེས་བསམ་པར་ངས་དེ་རིང་བསྙེན་གནས་ཡན་ལག་བརྒྱད་པའི་སྡོམ་པ་བླངས་ཡོད་པས། འདྲེས་གནོད་མི་ཐུབ་པས་འགྲོ་བར་བྱའོ་སྙམ་ནས། རྒྱལ་པོའི་ཕྱག་གི་ཟ་མ་དེ་བླངས་ཏེ་ཐེ་ཚོམ་ཙམ་ཡང་མ་བྱས་པར་གྲོང་ཁྱེར་གྱི་ཕྱི་རོལ་ལ་བུད་པ་དང་། སྲིན་མོ་བུ་ལྔ་བརྒྱ་སྐྱེས་ཏེ་ལྟོགས་ནས་ཅི་ཟ་འདི་ཟ་མེད་པར་བསྡད་ཡོད་པ་ཞིག་དང་ཐུག་པས། དེས་དེ་མ་ཐག་ཏུ་ཟ་རྒྱུ་ཞིག་ལོན་ཐལ་སྙམ་ནས་ཐོག་ཏུ་མཆོངས་པས་ཟུར་ལ་ཐོན་པ་ན་དེས་བསྙེན་གནས་ཀྱི་སྡོམ་པ་བླངས་ཡོད་པར་ཤེས་ནས་ཟ་མ་ཕོད་དེ། སྲིན་མོས་བཤད་རྒྱུར་དགེ་བསྙེན་མ་ཁྱེད་ཀྱིས་ཁྱེར་ཡོད་པའི་ཟ་མ་དེ་ལས་ཅུང་ཟད་ཅིག་ཨེ་སྦྱིན་ཞེས་བསླངས་པས། དགེ་བསྙེན་མས་ཏོག་ཙམ་བྱིན་པ་དེ་དགེ་བསྙེན་མའི་སྡོམ་པའི་ཚུལ་ཁྲིམས་ཀྱི་བྱིན་རླབས་ཀྱིས་མང་དུ་འཕེལ་ནས། སྲིན་མོ་མ་སྨད་ལྔ་བརྒྱ་པོ་ཚང་མ་ཚིམས་པར་གྱུར། སྲིན་མོ་དགའ་ནས་འདིར་གསེར་བུམ་པ་གང་ཡོད་པ་འདི་ཁྱེད་ལ་འབུལ་བ་ཡིན་པས་ཁྱེད་ཀྱིས་ཁྱེར་སོང་ཞེས་གསེར་བུམ་པ་གང་རྙེད་པར་གྱུར། དེ་ནས་ཕར་ལ་སོང་དུས་དེ་དང་འདྲ་བའི་ལྷ་འདྲེ་མི་མ་ཡིན་ཤ་ཟའི་རིགས་སུ་གྱུར་པ་འདྲ་མི་འདྲ་མང་པོ་དང་ཕྲད་པ་དེ་ཐམས་ཅད་ལ་རང་རང་གིས་འདོད་པ་ལྟར་ཕན་བཏགས་པས་གནོད་པ་སྐྱེལ་མཁན་སུ་ཡང་མེད་པས་མ་ཚད་དེ་དག་གིས་དྲིན་དུ་ཕུལ་བའི་གསེར་བུམ་པ་གསུམ་ཐོབ་པར་གྱུར། དེ་ནས་ཕར་སོང་དུས་བཙོན་པ་དེ་ལ་ཐུག་ནས་ཁ་ཟས་བྱིན་ཏེ་ཚུར་ལ་འོང་བས། རྒྱལ་པོ་གསལ་རྒྱལ་གྱིས་ཀྱང་གསེར་སྲང་སྟོང་བྱིན་པས། བྲམ་ཟེ་བཟའ་མི་གཉིས་ནི་ཉིན་དེ་ནས་བཟུང་ཕྱུག་པོར་གྱུར། དེ་གཉིས་ཀྱིས་དེ་ནི་དགེ་འདུན་པ་ལ་བསོད་སྙོམས་ཕུལ་བའི་འབྲས་བུ་ཡིན་པར་ཤེས་ནས་ལྷག་པར་དུ་དགེ་འདུན་པ་ལ་བསོད་སྙོམས་ཕུལ་བས། ཇེ་ཕྱུག་དང་ཇེ་དར་ལ་སོང་ནས་བྲམ་ཟེ་དེའང་རྒྱལ་པོ་གསལ་རྒྱལ་གྱི་བློན་པོར་གྱུར་ཏོ། །དེ་ལྟར་ཞིང་དག་པ་ཞིག་ལ་ཚོགས་བསགས་ན་རྒྱུ་ཆུང་ཡང་བསོད་ནམས་ཀྱི་འབྲས་བུ་དེ་འདྲའི་ཆེན་པོ་ཐོབ་ཏུ་ཡོད་པས་མི་ཚད། འཛམ་གླིང་ལས་ཀྱི་ས་པ་འདིར་ལས་སྔ་དྲོ་བསགས་ན་ཕྱི་དྲོར་སྨིན་ཏེ་འབྲས་བུ་འབྱིན་སླ་བ་ཡིན། ལར་མཆོད་སྦྱིན་ཞིག་བྱེད་འདོད་ཀྱང་སེམས་ཤེད་ཡོད་དུས་རྒྱུ་ཤེད་མེད་པ་དང་། རྒྱུ་ཤེད་ཡོད་རུང་སེམས་ཤེད་མེད་པར་ཆགས་ནས་གཉིས་ཀ་འཛོམས་པ་དཀའ་མོ་དང་དཀོན་པོ་ཡིན་ན་ཡང་། དངོས་པོ་ཆེ་ཆུང་ལ་མ་ལྟོས་པར་ཐ་ན་སྤྲང་ཟས་ཡན་ཆད་ཕུལ་ནས་བསྙེན་གནས་ཀྱི་སྡོམ་པ་ཙམ་རེ་སྲུང་ཐུབ་ན་ཚེ་འདིར་རིག་རིག་ལྟས་ལྟས་ལ་མཐོང་ཆོས་མྱོང་འགྱུར་གྱི་འབྲས་བུ་དེ་ལྟར་སྨིན་དུ་ཡོད་པ་ཡིན་ན་ཚེ་ཕྱི་མ་ལ་ཅིའི་ཕྱིར་མེད་དེ་ངེས་པར་ཡོད་པ་ཡིན། འདུལ་བ་ལས་ཀྱང་། དགེ་བ་ཆུང་ཡང་བརྙས་མི་བྱ། །དེ་ནི་བདག་ལ་མི་ཕན་མིན། །ཆུ་ཡི་ཐིགས་པ་བསགས་པ་ཡིས། །སྣོད་ཆེན་གང་བར་འགྱུར་བ་བཞིན། །དམ་པ་མཆོག་གི་བསོད་ནམས་ནི། །ཉུང་ངུ་ཉུང་ངུ་བསགས་ནས་རྫོགས། །ཞེས་གསུངས་པ་ལྟར། ཆུ་ཐིགས་པ་རེ་རེ་ལ་བརྙས་རྒྱུ་མེད་པར་བསགས་ན་ཐ་མར་སྣོད་ཆེན་གང་བའི་དཔེ་བཞིན་དུ་དགེ་བ་ཆུང་ཆུང་རེད་སྙམ་ནས་མ་བརྙས་དང་དགེ་རྩ་ཆུང་ཆུང་གིས་འབྲས་བུ་ཆེན་པོ་འབྱིན་པ་ཡིན། གཙོ་ཆེ་བ་ཞིང་དང་བསམ་པ་དངོས་པོ་གསུམ་ཀ་དག་དགོས་པ་ཡིན། གནའ་སྔ་མོ་སངས་རྒྱས་བཅོམ་ལྡན་འདས་ཞལ་བཞུགས་ཡོད་པའི་གནས་སྐབས་སུ་རྒྱ་གར་མཉན་ཡོད་དུ་བསྙེན་དགའ་མོ་ཞེས་པ་ཡུལ་ཁམས་དེར་ཉུལ་ནས་སྤྲང་ཟས་ཀྱིས་ཁ་གསོ་བའི་དབུལ་མོ་ཞིག་ཡོད་པ་དེ་འཁྱམས་ནས་འགྲོ་བའི་སྐབས་ཤིག་ལ། མོས་རྒྱལ་པོ་དང་ཁྱིམ་བདག་ཕྱུག་པོ་དག་གིས་སངས་རྒྱས་འཁོར་བཅས་ལ་མཆོད་སྟོན་དང་མར་མེ་མང་པོ་ཕུལ་ནས་བསོད་ནམས་ཆེན་པོ་གསོག་བཞིན་ཡོད་པར་མཐོང་བས། མོས་བསམ་པར། ངས་སྔོན་ཆད་ལས་ངན་ཅི་ཞིག་བསགས་པས་འདི་འདྲའི་རིགས་ངན་ཞིག་ལ་སྐྱེས་པ་དང་། འདི་ལྟར་དུ་དཀོན་མཆོག་གསུམ་ལ་འཕྲད་ཀྱང༌། བསོད་ནམས་གསོག་པའི་རྒྱུ་རྫས་ནི་ང་ལ་མེད་སྙམ་ནས་ཡི་ཆད་བྱས། ཉིན་གང་པོར་སྤྲང་དུ་སོང་ཡང་དོང་ཙེ་ཁེ་རུ་མ་གཅིག་ལས་མ་རྙེད། དེས་མར་ལིང་ཆུང་ཆུང་ཞིག་ཁུག་པས་དེ་དང་བརྗེས་ནས། ཤིན་ཏུ་དགའ་བཞིན་གཙུག་ལག་ཁང་ཏུ་སོང་སྟེ་མར་མེ་ཀོང་ཕྲུག་ཆུང་ཆུང་ཞིག་བཅས་ཏེ་སངས་རྒྱས་ཀྱི་སྤྱན་སྔར་ཕུལ་ནས། བདག་ད་ལྟ་སྤྲང་པོ་ཡིན་པས་མར་མེ་ཆུང་ཆུང་འདི་མ་གཏོགས་འབུལ་རྒྱུ་མེད་རུང་། མར་མེ་ཆུང་ཆུང་འདི་བསམ་པ་རྣམ་པར་དག་པས་ཕུལ་བའི་བསོད་ནམས་ཀྱིས་མ་འོངས་པ་ན་བདག་ཤེས་རབ་ཀྱི་མར་མེ་དང་ལྡན་ཏེ་སེམས་ཅན་ཐམས་ཅད་ཀྱི་རྨོངས་མུན་ཀྱི་དྲི་མ་བསལ་བར་ཤོག་ཅེས་སྨོན་ལམ་བཏབ་ནས་སོང་ངོ། །དེའི་ཕྱི་ཉིན་གྱི་ནངས་མོར་མོའུ་འགལ་གྱི་བུས་ཀོང་བུ་རྣམས་སྡུད་པའི་སྐབས་མར་མེ་ཆེན་པོ་གཞན་ཐམས་ཅད་ནི་ཟད་ལ། བསྙེན་དགའ་མོའི་མར་མེ་ཆུང་ཆུང་དེ་ད་ལྟ་སྦར་མ་ཐག་པ་ཞིག་དང་མཚུངས་པར་འབར་ཞིང་མར་ཁུ་ཁ་མ་དམའ་བར་འདུག་པས། མོའུ་འགལ་གྱི་བུས་མར་མེ་ཉིན་དཀར་སྦར་བ་ལ་དོན་མེད་པས་མཚན་མོར་སངས་རྒྱས་ཀྱི་ཆོས་གསུང་སྐབས་སྦར་དགོས་སྙམ་ནས། མར་མེ་གསོད་པར་བརྩམས་ཀྱང་མ་སོད། དེ་བཅོམ་ལྡན་འདས་ཀྱིས་གཟིགས་ནས། མོའུ་འགལ་གྱི་བུ་ཞོག་ཅིག་མར་མེ་འདི་ཁྱེད་ཉན་ཐོས་ཤིག་གིས་གསོད་མི་ཐུབ་སྟེ། མར་མེ་འདི་སེམས་ཅན་མང་པོའི་དོན་དུ་བསམ་པ་རྒྱ་ཆེན་པོ་བསྐྱེད་པས་ཕུལ་བ་ཡིན་ཞེས་གསུངས། བསྙེན་དགའ་མོ་དེ་མ་འོངས་པ་ན་སངས་རྒྱས་མར་མེའི་འོད་ཅེས་བྱ་བར་ལུང་བསྟན་པ་ཡིན། སྤྱིར་ན་མཆོད་པ་གང་ཕུལ་ན་བསོད་ནམས་ཆེ་མོད། ཁྱད་པར་དུ་མར་མེ་ཕུལ་ན་བསོད་ནམས་ལྷག་པར་ཆེ་བ་ཡིན། སྤྱིར་འཇིག་རྟེན་པ་དག་གིས་ཅུང་ཟད་ཙམ་ཡིན་རུང་ཨེ་ཕན་ན། ཨེ་སྐྱིད་ན་སྙམ་པས་བླ་རྒན་རེའི་ཁ་བཙལ་ནས། འདུལ། གོད་མནན། འགོང་བཀར། སྦྱིན་སྲེག་ལ་སོགས་པ་ཅི་མང་མང་བྱེད་ཀྱང་སྔར་བསགས་བསོད་ནམས་མེད་པའི་བསེ་རག་རང་འཁོར་ལ་བསྒྱུར་དུ་མེད་པ་ཡིན། དེས་ན་ལྷ་འབོད་ཀླུ་འགུགས་བརྒྱ་ཐམ་པ་བྱེད་པ་ལས་ཞིང་ས་ཁྱད་པར་ཅན་ལ་མཆོད་མེ་གཙང་མ་ཀོང་བུ་གང་ལྟ་བུའི་བསོད་ནམས་ཤིག་བསགས་ན་དེས་དགའ་བ་ཡིན། ཚོགས་བསགས་པའི་ཐབས་ལ་ད་དུང་མཎྜལ་འབུལ་རྒྱུ་ཡོད་པ་རེད། དེ་ཡང་མཎྜལ་འབུལ་སྐབས་ཀྱི་ཚོགས་ཞིང་གི་དམིགས་པ་ཕྱག་གི་སྐབས་ལྟར་གསལ་བཏབ་ནས། མཎྜལ་སོ་བདུན་མ་ལྟ་བུ་ཞིག་འབུལ་ན་ལག་པ་གཡོན་པས་མཎྜལ་གྱི་གཞི་བཟུང་ནས་གཡས་པས་བ་བྱུང་དང་དྲི་བཟང་གི་ཆུས་ཆག་ཆག་གདབ། དེའི་འཕྲོར་ལག་པ་གཡས་པའི་མཐེབ་སྲིན་གྱིས་མེ་ཏོག་གི་ཚོམ་བུ་ཞིག་བཟུང་ནས་མཎྜལ་གྱི་གཞི་དེའི་ཐོག་ནས་གཡས་སུ་བསྐོར་མཐར་དབུས་སུ་འཇོག དེའི་འཕྲོར་ལྕགས་རི་བཀོད་ནས། རིའི་རྒྱལ་པོ་རི་རབ་ཟེར་དུས་དབུས་སུ་ཚོམ་བུ་ཆེ་བ་གཅིག་བཀོད། དེའི་འཕྲོར་ཤར་ལུས་འཕགས་པོ་ལ་སོགས་པ་གླིང་བཞི་གཡས་སྐོར་དང་། གླིང་རེ་རེས་ནུབ་དང་ཤར་ལ་གླིང་གཡོག་གཉིས་རེ་རིམ་པས་བཀོད། འདིའི་སྐབས་ཀྱི་ཤར་ནི་འབུལ་ཡུལ་དང་རང་ཕྱོགས་ལ་གོ་ཆོག་པར་གསུངས་ཤིང་། དེ་ནས་རིན་པོ་ཆེའི་རི་བོ་ཤར་ཕྱོགས། དཔག་བསམ་གྱི་ཤིང་ལྷོ་ཕྱོགས། འདོད་འཇོའི་བ་ནུབ་ཕྱོགས། མ་རྨོས་པའི་ལོ་ཏོག་བྱང་ཕྱོགས། དེ་ནས་རྒྱལ་སྲིད་སྣ་བདུན་དང་གཏེར་ཆེན་པོའི་བུམ་པ་བརྒྱད་རིམ་པས་ཕྱོགས་བཞི་དང་མཚམས་བཞི་ལ་བཀོད། སྒེག་མོ་ལ་སོགས་པའི་ཕྱི་སྒེག་བཞི་ཕྱོགས་བཞི་དང་། མེ་ཏོག་མ་ལ་སོགས་པའི་ནང་སྒེག་བཞི་མཚམས་བཞིར་བཀོད། དེ་ནས་ཉི་མ་ཤར། ཟླ་བ་ནུབ། རིན་པོ་ཆེའི་གདུགས་ལྷོ། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་བྱང་ལ་བཀོད། དེ་ནས་ལྷ་དང་མི་ཡི་ལོངས་སྤྱོད་མ་ཚང་བ་མེད་པ་ཟེར་དུས་གོ་མཚམས་མེད་པར་རང་གིས་ཆེ་འབྱོར་ཆུང་འབྱོར་གྱི་དངོས་པོ་རིན་པོ་ཆེ་འབྲུ་སྣ་ལ་སོགས་པ་སྤུངས་ནས་ཏོག་དང་མཛེས་རྒྱན་གཞན་དག་ཡོད་ན་བརྒྱན་པར་བྱའོ། །དེ་ནས་འདི་ཉིད་མགོན་པོ་འོད་དཔག་ཏུ་མེད་པ་དང་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་ལ། རང་གཞན་སེམས་ཅན་ཐམས་ཅད་ནུབ་ཕྱོགས་བདེ་བ་ཅན་ལ་འདྲེན་པའི་དོན་དུ་དབུལ་བར་བགྱིའོ། །ཞེས་པ་དང་། ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་དང་། ཨོཾ་ཨཱ༔ཧཱུྃ། སྟོང་གསུམ་འཇིག་རྟེན་བྱེ་བ་ཕྲག་བརྒྱའི་ཞིང༔ རིན་ཆེན་སྣ་བདུན་ལྷ་མིའི་འབྱོར་པས་གཏམས༔ བདག་ལུས་ལོངས་སྤྱོད་བཅས་པ་ཡོངས་འབུལ་གྱིས༔ ཆོས་ཀྱི་འཁོར་ལོས་སྒྱུར་བའི་སྲིད་ཐོབ་ཤོག༔ འོག་མིན་བདེ་ཆེན་སྟུག་པོ་བཀོད་པའི་ཞིང༔ ངེས་པ་ལྔ་ལྡན་རིགས་ལྔའི་ཚོམ་བུ་ཅན༔ འདོད་ཡོན་མཆོད་པའི་སྤྲིན་ཕུང་བསམ་ཡས་པ༔ ཕུལ་བས་ལོངས་སྐུའི་ཞིང་ལ་སྤྱོད་པར་ཤོག༔ སྣང་སྲིད་རྣམ་དག་གཞོན་ནུ་བུམ་པའི་སྐུ༔ ཐུགས་རྗེ་མ་འགགས་ཆོས་ཉིད་རོལ་བའི་རྒྱན༔ སྐུ་དང་ཐིག་ལེའི་འཛིན་པ་རྣམ་དག་ཞིང་༔ ཕུལ་བས་ཆོས་སྐུའི་ཞིང་ལ་སྤྱོད་པར་ཤོག༔ ཅེས་དང་། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་དུ་སྤྱོད་པར་ཤོག །ཅེས་དང་། མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་བས། །བྱང་ཆུབ་ལམ་ལ་བར་ཆད་མི་འབྱུང་ཞིང༌། །དུས་གསུམ་བདེར་གཤེགས་དགོངས་པ་རྟོགས་པ་དང༌། །སྲིད་པར་མི་འཁྲུལ་ཞི་བར་མི་གནས་ཤིང༌། །ནམ་མཁའ་མཉམ་པའི་འགྲོ་བ་སྒྲོལ་བར་ཤོག །ཅེས་སོགས་བརྗོད་ནའང་ཆོག དེ་སྐུ་གསུམ་གྱི་མཎྜལ་དང་སྦྱར་ན། སྟོང་གསུམ་འཇིག་རྟེན་བྱེ་བ་ཕྲག་བརྒྱ་གྲངས་མེད་བསམ་གྱིས་མི་ཁྱབ་པའི་ཞིང་ཁམས་ན་ལྷ་མིའི་ཡོ་བྱད་དང་རིན་པོ་ཆེ་སྣ་ཚོགས་པ་བདག་པོས་ཡོངས་སུ་བཟུང་བ་དང་མ་བཟུང་བ་ཐམས་ཅད་དང་། དེའི་སྟེང་དུ་རང་གི་ལུས་ལོངས་སྤྱོད་ཁ་རྗེ་དབང་ཐང་ཚེ་བསོད་ནམས་དུས་གསུམ་བསགས་པའི་དགེ་རྩ། བདེ་སྐྱིད་བདེ་བའི་དངོས་པོ་ཐམས་ཅད་བློས་བླངས་ནས་ཆགས་ཞེན་མེད་པར་བླ་མ་སྤྲུལ་སྐུའི་ལྷ་ཚོགས་ལ་འབུལ་བ་དེ་ཐུན་མོང་སྤྲུལ་སྐུའི་མཎྜལ་ཡིན། དེའི་སྟེང་དུ་བཀོད་པ་ཆེན་པོའི་ཞིང་ཁམས་དང་གཞལ་མེད་ཁང་ཕུན་སུམ་ཚོགས་པ་བསམ་གྱིས་མི་ཁྱབ་པའི་དབུས་ན་སྒེག་སོགས་འདོད་ཡོན་གྱི་ལྷ་མོ་གྲངས་མེད་པས་བརྒྱན་པ། དེ་ཡང་བློས་དཔག་ཏུ་མེད་པར་སྤྲུལ་ནས་བླ་མ་ལོངས་སྐུའི་ལྷ་ཚོགས་ལ་འབུལ་བ་དེ་ཐུན་མིན་ལོངས་སྐུའི་མཎྜལ་ཡིན། ཆོས་དབྱིངས་སྐྱེ་བ་མེད་པ་མཎྜལ་གྱི་གཞི་བྱས་ནས་སྣང་བཞི་མཎྜལ་གྱི་ཚོམ་བུ་བཙུགས་ཏེ་བླ་མ་ཆོས་སྐུའི་ལྷ་ཚོགས་ལ་འབུལ་བ་དེ་ཁྱད་པར་ཆོས་སྐུའི་མཎྜལ་ཡིན། མཆོད་པའི་ཆོ་གའི་སྐབས་སུ་མཆོད་སྤྲིན་གྱི་གཟུངས་དང་། མཆོད་རོལ་ལ་སོགས་པ་མདོར་ན་ཡིད་དུ་འོང་བའི་དངོས་པོ་དང་ཏིང་ངེ་འཛིན་གྱི་རོལ་བ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དུ་འབུལ་དགོས་སོ། །དེའི་ཡན་གྱིས་མཆོད་པའི་ཡན་ལག་འཕྲོས་དོན་དང་བཅས་པ་བཤད་པ་ཡིན། དེ་རིང་གི་ཆོས་མཚམས་བདག་ལ་ཕན་ཕྱིར་ཐུག་རྗེས་སྟོབས་ཀྱིས་བཞེས། །ཞེས་པ་འདིར་འཇོག སང་ཉིན་བཤགས་པའི་ཡན་ལག ཕ་མས་ཐོག་དྲངས་བདག་སོགས་འགྲོ་ཀུན་ཀྱིས། །ཞེས་པ་ནས་བཤད་རྒྱུ་ཡིན། དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱི་དུས་གསུམ་བསགས་ཡོད་ཀྱི་དགེ་རྩ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས། སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལུང་དང་རྟོགས་པའི་བདག་ཉིད་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱི་སྒོ་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་དམ་པ་སྔ་རབས་གཤེགས་པ་རྣམས་ཀྱི་དགོངས་པ་ཡོངས་སུ་རྫོགས། ད་ལྟར་བཞུགས་པ་རྣམས་ཀྱི་སྐུ་ཚེ་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན། ཁྲིམས་གཙང་། བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཀུན་ཏུ་ཆར་ཆུ་དུས་སུ་འབེབས། ལོ་ཕྱུགས་རྟག་ཏུ་ལེགས། མི་ནད་དང་ཕྱུགས་ནད་འཁྲུག་རྩོད་ཐམས་ཅད་རྒྱུན་ཆད། བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་པའི་ཕྱིར་དང་། བདག་ཅག་རྣམས་ཀྱི་ཚེ་འདིའི་ཕ་མ་གཉིས་དང་། དགྲ་བགེགས་གཉིས་ཀྱི་གཙོས་བྱས་པའི་བཟང་འབྲེལ་ངན་འབྲེལ་ཐོགས་པའི་མཐའ་ཡས་པའི་སེམས་ཅན་ཐམས་ཅད་མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕོང་ཐོབ་པ་དང་། དེ་མ་ཐོབ་ཀྱི་བར་དུ་ཡིན་ན་ཡང་མཐོ་རིས་ཡོན་ཏན་བདུན་དང་ལྡན་པའི་ལུས་རྟེན་ཁྱད་པར་ཅན་ཞིག་རྙེད་ནས་ཐེག་པ་ཆེན་པོའི་ཆོས་ལ་ཚུལ་བཞིན་དུ་སྤྱོད་པའི་སྐལ་བ་དང་ལྡན་པའི་ཕྱིར་དུ་རྗེ་བཙུན་འཇམ་དཔལ་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་གནང་བར་ཞུ། །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་། །སྐྱེ་རྒ་ན་འཆི་རྦ་རླབས་འཁྲུག་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག།


previousཉིན་གཉིས་པའི་བཀའ་ཆོས། next