Nitartha Digital Library
Tibetan
 
previousཉིན་གསུམ་པའི་བཀའ་ཆོས། next

ཉིན་གསུམ་པའི་བཀའ་ཆོས།

རང་རེ་འདི་ན་ཡོད་པ་ཚང་མ་ཚེ་འདི་ཕྱི་ལས་རྒྱུ་འབྲས་ཁས་ལེན་པའི་མི། སྐྱབས་ཀྱི་དྭངས་མར་དཀོན་མཆོག་གསུམ་འཛིན་ཅིང་ནང་པ་སངས་རྒྱས་པའི་ཆོས་སྒོར་ཞུགས་པའི་ཉམས་སྟོན་པ་ཏག་ཏག་ཡིན་པས། སྟོན་པ་སངས་རྒྱས་ཀྱི་ཞལ་དངོས་སུ་མ་མཇལ་རུང་སངས་རྒྱས་ཀྱི་བསྟན་པ་ད་དུང་མ་ཉམས་པར་ཡོད་པ་ཡིན་ཕྱིར། དང་པོར་བསྟན་པའི་སྒོར་ཞུགས་པའི་བསྟན་པ་ཞེས་པ་དེ་གང་ཡིན་པར་ཤེས་དགོས་པ་ཡིན་ལ། དེ་ཡང་སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱིས། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་ཚིགས་རྐང་བཞིའི་ནང་དུ་བསྟན་པ་དེ་ཇི་ལྟར་ཡིན་པའི་ཚུལ་བསྡུས་ནས་སྡིག་པ་མི་དགེ་བའི་ཕྱོགས་ཐམས་ཅད་སྤངས་ཤིང་། ཕྱིན་ཆད་མི་བྱེད་པར་བསྡམས་ཏེ། ལུས་ངག་གི་དགེ་བ་ཕུན་སུམ་ཚོགས་པར་སྤྱད་པས་མ་ཚད། གཙོ་བོ་རང་གི་སེམས་འདི་གདུལ་ཐུབ་ན་སངས་རྒྱས་ཀྱི་བསྟན་པ་ཞེས་པ་ནི་དེ་ཡིན་ཞེས་གསུངས་པ་ཡིན། དེས་ན་རང་ཐད་ལ་ཁ་བསྐོར་ན། མཆོད་ཡོན་སེར་སྐྱ། བླ་མ་སློབ་མ་སུ་ཡིན་ཡང་གཙོ་བོ་རང་ཉིད་ཀྱི་སྒོ་ལུས་ངག་ཡིད་གསུམ་སྟེ་དེ་ལས་ཀྱང་རང་གི་སེམས་རྒྱུད་འདུལ་ཐུབ་རྒྱུ་དེ་གནད་ཆེ་བར་གསུངས་པ་ལས་རང་གར་ཡིན་མདོག་གི་ཚུལ་སྟོན་པ་ཙམ་ཞིག་གིས་གོ་མི་ཆོད་པའང་། ཆེད་དུ་བརྗོད་པའི་ཚོམ་ལས། རལ་བས་མ་ཡིན་དབྱུག་པས་མིན། །ཞེས་ལུས་ངག་གི་སྤྱོད་པ་བཅོས་མ་ཞིག་དང་། ཆས་ཆ་ལུགས་ཤིག་གི་ཐོག་ནས་ཚུལ་སྟོན་པས་མི་ཡོང་བར་གསུངས་པ་ཡིན། དེས་ན་སེམས་ཅན་གྱི་སེམས་རྒྱུད་ཀྱི་ཉོན་མོངས་པ་འདུལ་བར་བྱེད་པ་ལ་དགོངས་ནས། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་སྟེ། ཉོན་མོངས་འདོད་ཆགས་འདུལ་བའི་གཉེན་པོ་རུ། །འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཉོན་མོངས་ཞེ་སྡང་འདུལ་བའི་གཉེན་པོ་རུ། །མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཉོན་མོངས་གཏི་མུག་འདུལ་བའི་གཉེན་པོ་རུ། །མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །དུག་གསུམ་ཆ་མཉམ་འདུལ་བའི་གཉེན་པོ་རུ། །སྡེ་སྣོད་བཞི་བ་ཉི་ཁྲི་ཆིག་སྟོང་གསུངས། །ཞེས་གསུངས་པ་ཡིན། དེས་ན་སེམས་རྒྱུད་འདུལ་བྱེད་ནི་དམ་པའི་ཆོས་འདི་ལས་གཞན་དུ་མེད་པ་ཡིན། ཆོས་ཞེས་པའི་ངེས་ཚིག་འགྲེལ་སྐབས། སྨན་གྱིས་ནད་འཆོས་པ་བཞིན་དུ་སེམས་མི་དགེ་བའི་ལོག་ལམ་ནས་འཆོས་པའི་དོན་གྱིས། ཆོས། བཅོས། འཆོས་རྣམས་དོན་གཅིག་མིང་གི་རྣམ་གྲངས་སུ་གྲུབ་པ་ཡིན། སྨན་གྱིས་ནད་འཆོས་པ་ལ་སྨན་པས་ནད་ལ་དམིགས་པའི་སྨན་སྦྱིན་དགོས་པས་མ་ཚད་ནད་པས་ཀྱང་དེ་ལ་ཡིད་ཆེས་ཀྱི་ཐོག་ནས་སྨན་འཐུང་དགོས་པ་སྟེ། དེ་གཉིས་ཀ་འཛོམས་ན་ནད་པའི་ནད་དེ་དྲག་ཏུ་ཡོད་པ་ཡིན། དེ་བཞིན་དུ་སེམས་རྒྱུད་ཡང་དག་པར་འཆོས་བྱེད་ཀྱི་ཆོས་དེ་ལ་ཡིད་ཆེས་པའི་དད་པ་ཞིག་ཡོད་དགོས་པ་ནི། དད་པའི་འཁོར་ལོ་རིན་པོ་ཆེ། །ཉིན་མཚན་དགེ་བའི་ལམ་ལ་སྦྱོར། །ཞེས་གསུངས་པ་ཡིན། དེའང་དམ་པའི་ཆོས་དེ་དང་པོར་གསུང་བ་པོ་དང་། དེ་ཐུགས་རྒྱུད་དུ་བཞུགས་པ་ལ་དེ་ལས་ལྷག་པའི་དད་པ་ཞོག་དགོས་པས་སྐྱབས་གནས་མཐར་ཐུག་དེ་སངས་རྒྱས་དཀོན་མཆོག་ལ་ཐུག་པ་ཡིན། དེས་ན་ནང་པ་སངས་རྒྱས་པའི་ཆོས་སྒོ་ལ་ཞུགས་པའི་ཆོས་པ་ཞིག་ཡིན་ནས་བཟུང་སྟེ་དཀོན་མཆོག་གསུམ་པོ་ཤེས་དགོས་པས་དེ་ནི། སངས་རྒྱས་དཀོན་མཆོག ཆོས་དཀོན་མཆོག དགེ་འདུན་དཀོན་མཆོག་དང་གསུམ་སྟེ། དེ་རྣམ་པ་གསུམ་པོ་ལ་དཀོན་མཆོག་ཟེར་དོན་ཅི་ཡིན་ཞེ་ན། འཇིག་རྟེན་ན་དཀོན་པ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཡིན་པས་ན་དཀོན་མཆོག་ཅེས་བྱ་ལ། དེ་ལས་སངས་རྒྱས་དཀོན་མཆོག་དེ་གང་ཡིན་ཞེ་ན། མཉམ་མེད་ཤཱཀྱའི་རྒྱལ་པོའམ་ཤཱཀྱ་སེང་གེ་སྟེ། དེ་ཡང་ཆོས་སྐུའི་དུས་ན་ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུའི་དུས་ན་ལོངས་སྐུ་རྡོ་རྗེ་འཆང་ཆེན། སྤྲུལ་སྐུའི་དུས་ན་སྤྲུལ་སྐུ་ཤཱཀྱ་ཐུབ་པ་རུ་སྣང་བ་དེ་ཡིན། ཆོས་དཀོན་མཆོག་ནི། འགོག་ལམ་གྱིས་བསྡུས་པའི་ལུང་རྟོགས་ཀྱི་ཆོས། གཙོ་བོ་སངས་རྒྱས་ཀྱི་ཐུགས་རྒྱུད་ན་བཞུགས་པའི་ཡོན་ཏན་དེ་ཡིན། དགེ་འདུན་དཀོན་མཆོག་ནི། སྟོན་པའི་ལུང་རྟོགས་ཀྱི་དམ་ཆོས་འཛིན་པ་པོ་སྟེ། གཙོ་བོ་ཐེག་ཆེན་འཕགས་པའི་དགེ་འདུན་ལ་མཚོན་ན། ས་དང་པོ་ཡན་ཆད་ན་བཞུགས་པའི་འཕགས་པའི་ཚོགས་རྣམས་ཡིན། དེ་ནི་མཚོན་བྱ་དོན་གྱི་དཀོན་མཆོག་གསུམ་ཞེས་པ་དེ་ཡིན། མཚོན་བྱེད་རྟགས་ཀྱི་དཀོན་མཆོག་གསུམ་མམ་དཀོན་མཆོག་གསུམ་གྱི་རྟེན་དེ་གང་ཡིན་ཞེ་ན། སངས་རྒྱས་དཀོན་མཆོག་གི་རྟེན་སངས་རྒྱས་ཀྱི་སྐུ་གཟུགས་བྲིས་འབུར་ལུགས་བླུགས་སུ་གྱུར་པ་དང་། ཆོས་དཀོན་མཆོག་གི་རྟེན་གསུང་རབ་ཡི་གེའི་གཟུགས་སུ་བྱོན་པ་དང་། དགེ་འདུན་དཀོན་མཆོག་གི་རྟེན་དད་པའི་དགེ་འདུན་གྲངས་ཚང་བ། དགེ་སློང་བཞི་སྡེ་ཡན་ཆད་དག་སྟེ། དེ་རྣམས་ལ་དད་པ་བྱས་ན་སངས་རྒྱས་དངོས་སམ་དཀོན་མཆོག་གསུམ་དངོས་ལ་དད་པ་བྱས་པ་དང་ཁྱད་མེད་ཅིང་། ཁྱད་པར་དུ་དུས་སྙིགས་མའི་སྐབས་ན་བླང་དོར་གྱི་གནས་སྟོན་པའི་བླ་མ་དགེ་བའི་བཤེས་གཉེན་ནི། སངས་རྒྱས་ཀྱི་རྒྱལ་ཚབ་ཡིན་པས་མ་ཚད་སངས་རྒྱས་དངོས་བྱོན་ཀྱང་ཡིན། དེ་ཇི་ལྟར་ཞེ་ན། འདས་པའི་སངས་རྒྱས་ཀྱི་གདུང་འཛིན། ད་ལྟའི་སངས་རྒྱས་ཀྱི་རྒྱལ་ཚབ། མ་འོངས་སངས་རྒྱས་ཀྱི་འབྱུང་ཁུངས་ཡིན་པས། བླ་མ་ནི་མཆོག་གསུམ་ཀུན་འདུས་ཀྱི་ངོ་བོ། སྐྱབས་གནས་གཅིག་ཆོག་གི་བདག་ཉིད་ཡིན། དེ་ཡིན་པའི་རྒྱུ་མཚན་གང་ཞེ་ན། སངས་རྒྱས་སྤྲུལ་བའི་སྐུ་ཤཱཀྱ་ཐུབ་པ་དེ་སེམས་ཅན་རྟག་འཛིན་ཅན་གྱི་ངོར་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏེ། འཇིག་རྟེན་འདི་ན་མི་སྣང་བས་ང་ཚོས་གཟུགས་སྐུ་དངོས་སུ་མཇལ་མི་ཐུབ་པ་དང་། སངས་རྒྱས་ཆོས་ཀྱི་སྐུ་དག་པ་གཉིས་ལྡན་གྱི་ཡང་དག་མཐའ་དེ་ནི་སྒྲིབ་གཉིས་མ་སྤངས་པའི་སོ་སྐྱེའི་བློ་ཡུལ་ལས་འདས་པ་དང་། སངས་རྒྱས་དཀོན་མཆོག་གི་རྟེན་སངས་རྒྱས་ཀྱི་སྐུ་བརྙན་བཞུགས་ཤིང་དེས་བརྗོད་དུ་མེད་པའི་ཆོས་གསུངས་པ་ཡིན་ན་ཡང་དེ་རང་རེས་ཉན་མ་ཤེས་པའི་དབང་གིས་ལི་མ་གཏེར་མ་རྒྱུ་རྩ་ཆེན་གྱི་གྲལ་དུ་འཇོག་རྒྱུ་ཙམ་ལས་མི་ཤེས་པ་གང་མང་མང་ཡོད་པ་དང་། ཆོས་དཀོན་མཆོག་གི་རྟེན་གསུང་རབ་པོ་ཏི་བརྒྱ་ཕྲག་མི་ཚེའི་རིང་དུ་བཏོན་ནའང་མི་ཚར་བ་ཡོད་ཀྱང་གཅིག་ན་དེའི་དགོངས་པ་ཕྱིན་ཅི་མ་ལོག་པ་ཞིག་ལེན་མི་ཤེས་ཤིང་། གཉིས་སུ་ཁྲིད་ལུང་མན་ངག་གི་བརྒྱུད་པ་ཞིག་མེད་ན་བྱིན་རླབས་འཇུག་རྒྱུ་དེ་ཡང་དཀའ་མོ་དཀོན་པོ་ཡིན་ཕྱིར། བླ་མས་ནི་བླང་དོར་གྱི་གནས་སྟོན། གསུང་རབ་ཀྱི་དགོངས་དོན་བཀྲལ། རང་ཡང་དོན་དེ་དང་མི་འབྲལ་བར་དམ་པའི་ཚུལ་དགུའི་ཡོན་ཏན་དང་ལྡན་པས་ན་དགེ་བ་ལ་འདུན་པ་ཡིན་པས་དཀོན་མཆོག་གསུམ་པོ་བླ་མ་གཅིག་ལ་ཚང་པ་འདི་དཀོན་མཆོག་གསུམ་དངོས་ལྷ་མངོན་སུམ་འཚོ་བཞུགས་ཀྱི་སངས་རྒྱས་གསོན་པོ་དེ་མཐུན་པས་མཐུན་པ་འདུལ་བའི་ཆེད་དུ་མིའི་སྣང་ངོ་ལ་མིའི་གཟུགས་སུ་བསམ་བཞིན་བྱོན་པ། དེ་ཡང་ཆ་ཡོད་རྒྱུས་ཡོད་གོ་བརྡ་འཇགས་ཤག་ཤག་སྐད་རིགས་མཐུན་པ་ལ་བྱོན་པར་ཡིན་འདུག་སྙམ་པའི་གོ་བ་དེ། ཐོས་པས་ཐོས་པ་བཙལ་ནས་ཐོས་དོན་ཤེས་རབ་ཀྱི་མིག་གིས་རྙེད་ན་ད་གཟོད་མཐོང་དུ་ཡོད་པ་ཡིན། དེས་ན་ཆོས་ཞུ་བའི་གྲལ་དུ་བསྡད་དེ་དང་པོར་ཐོས་པ་འཚོལ་དགོས། མ་ཐོས་ན་ཅི་ཞིག་གོ་ཡོང་སྟེ་མ་ཉན་ན་གོ་ཡོང་རྒྱུ་ཞིག་མེད་པ་ཡིན། ཐོས་དོན་བསམ་དགོས་ཏེ་དོན་དེ་ལ་བསམ་བློ་མ་བཏང་ཞིང་གོ་བ་མ་བླངས་ན་ཅི་ཞིག་ཤེས་ཡོང་། དེས་ན་བསམ་དོན་བསྒོམ་དགོས། མ་བསྒོམས་ཏེ་རྒྱུད་ཐོག་ལ་མ་སྦྱར་ན་རང་གི་སེམས་རྒྱུད་ལ་ཕན་ཐོགས་ཡོང་རྒྱུ་ཞིག་ཡོད་པ་མ་ཡིན། དཔེར་ན་ཟ་མ་མ་ཟོས་ན་ཕོ་བ་བརྒྱགས་དོན་མེད་པ་དང་གཅིག་མཚུངས་ཡིན། རིན་ཆེན་ཕྲེང་བ་ལས། ཤེས་རབ་རྒྱས་བྱེད་པ་ནི་ཐོས་པ་སྟེ། །བསམ་པ་དང་ནི་གཉིས་པོ་ཡོད་གྱུར་ན། །དེ་ལས་སྒོམ་པ་ཡང་ནི་རབ་ཏུ་སྐྱེ། །དེ་ལས་དངོས་གྲུབ་བླ་ན་མེད་པ་ཐོབ། །ཞེས་གསུངས་པས། ཆོས་གྲྭའི་ནང་དུ་བསྡད་དེ། ཆོས་ཞིབ་ཀྱིས་ཉན། གོ་བ་ཞིབ་ཀྱིས་ལོངས་དང་། གསེར་ལོག་ལོག་ཅིག་གིས་མི་ཁུག་པའི་ཡོང་སྒོ་རིན་ཐང་ཅན་དེ་ནས་ལོན་རྒྱུ་ཡོད་པ་ཡིན། སྔར་ཡང་བཤད་པ་ལྟར་ཆོས་ཞུས་པ་ལྟ་ཅི། ཆོས་ཞུ་རུ་འགྲོ་དགོས་སྙམ་ནས་ཆོས་སྨྲ་བའི་ཕྱོགས་སུ་གོམ་པ་གང་ཙམ་སྤོས་ནའང་ལྷ་ཚངས་པར་སྐྱེ་བའི་བསོད་ནམས་འཐོབ་ཏུ་ཡོད་པ་དང་། མི་སྨྲ་ཤེས་དོན་གོ་དཔྱོད་ཤེས་ཉན་ཤེས་ཤིག་གིས་དད་པ་སྐྱེས་ནས་ཆོས་ཉན་ན་ཕན་ཐོགས་ཆེ་བ་སྨྲོས་ག་ལ་དགོས། ཐ་ན་དུད་འགྲོའི་གནས་སུ་སྐྱེས་པ་ཞིག་གིས་ཆོས་སྒྲ་རྣ་བས་གོ་ན་ཕན་ཐོགས་ཆེ་བའི་དཔེ་སོགས་མང་པོ་ཡོད་དེ། གནའ་སྔོན་མ་ཞིག་ལ་སློབ་དཔོན་དབྱིག་གཉེན་གྱིས་གཞུང་འབུམ་སྡེ་དགུ་བཅུ་གོ་དགུ་ཐུགས་ཐོག་ཏུ་ལེན་བཞིན་པའི་དུས་སུ་ཉིན་མཚན་གཉིས་ཀར་ཁོང་གིས་གསུང་རབ་ཞལ་འདོན་ཏག་ཏག་མཛད་པ་ཡིན། དེའི་སྐབས་སུ་གཟིམ་ཁང་གི་འགེབ་གསེང་ན་བྱ་ཕུག་རོན་ཞིག་ཡོད་པ་དེས་ཆོས་སྒྲ་ནམ་ཡིན་ནའང་ཐོས་པ་ཡིན། ཉིན་ཞིག་བྱ་ཕུག་རོན་དེ་ཚེ་འཕོས་ནས་ཡུལ་མཐའ་འཁོབ་ཀྱི་རྒྱལ་ཕྲན་ཞིག་གི་བུའི་སྐྱེ་བ་བླངས་པས། བུ་དེ་སྐྱེས་མ་ཐག་ཏུ་ངས་བླ་མ་གང་དུ་བཞུགས་ཡོད་ཟེར་བར། ཐམས་ཅད་ཡ་མཚན་སྐྱེས་ཏེ། ཁྱོད་ཀྱི་བླ་མ་སུ་ཞིག་ཡིན་ཞེས་དྲིས་པས། ངའི་བླ་མ་སློབ་དཔོན་དབྱིག་གཉེན་ཡིན་ཟེར། འོན་ཀྱང་ས་ཆ་དེའི་མི་ཚང་མ་མཐའ་འཁོབ་པ་ཡུལ་དབུས་དང་ཐག་རིང་བས་སློབ་དཔོན་དབྱིག་གཉེན་སུས་ཀྱང་ཞལ་མ་ཚོར་བས། ཡུལ་དབུས་ཀྱི་ཕྱོགས་སུ་དུས་རྒྱུན་ཚོང་དུ་འགྲོ་བའི་ཚོང་པ་མང་པོ་ཡོད་པའི་རྩར་སོང་སྟེ་སློབ་དཔོན་དབྱིག་གཉེན་གྱི་ལོ་རྒྱུས་དྲིས་པ་ན། དེ་དག་གིས་སློབ་དཔོན་དབྱིག་གཉེན་ཞེས་པའི་མཁས་པ་ཆེན་པོ་ཞིག་རྒྱ་གར་ཡུལ་དབུས་སུ་བཞུགས་པའི་ལོ་རྒྱུས་བཤད་པས། བྱིས་པ་དེས་ཡིན་ན་མིན་ན་བླ་མ་དེའི་མདུན་ན་འགྲོ་དགོས་པ་ཏག་ཏག་བཤད་པས། བུ་དེ་སློབ་དཔོན་དབྱིག་གཉེན་གྱི་མདུན་དུ་བསྐྱལ་སོང་བ་དང་། སློབ་དཔོན་དབྱིག་གཉེན་གྱི་མདུན་ན་ཐོན་མ་ཐག་ཏུ་བླ་མ་ཞེས་བོས་པ་ལ། སློབ་དཔོན་གྱིས་ཁོ་བོ་ཁྱོད་ཀྱི་བླ་མ་ཡིན་པར་མི་དྲན་ནོ་གསུངས་པར། དེས་ཚེ་རབས་སྔ་མ་དྲན་པའི་ལོ་རྒྱུས་ཞིབ་ཀྱིས་ཞུས་པས། སློབ་དཔོན་གྱིས་རྗེས་སུ་བཟུང་སྟེ་དེ་སློབ་གཉེར་སྦྱང་བཅུག་པས་རྗེས་སུ་སློབ་དཔོན་བློ་གྲོས་བརྟན་པ་ཞུ་བའི་སྡེ་སྣོད་གསུམ་ལ་མཁས་པའི་མཁས་པ་ཆེན་པོ་རུ་གྱུར་པ་ཡིན། ཆོས་སྒྲ་རྣ་ལམ་དུ་ཐོས་པ་ཙམ་ལ་ཡང་ཕན་ཡོན་དེ་ལྟར་ཆེན་པོ་ཡོད་པ་ཡིན། ཡང་བཅོམ་ལྡན་འདས་སྤང་ལྗོངས་ནགས་ཚལ་གྱིས་བསྐོར་ཡོད་ས་ཞིག་ནས་ཆོས་གསུངས་ཤིང་བཞུགས་པའི་སྐབས་སུ་སྟེང་གི་ནམ་མཁའ་ནས་བྱ་ངང་པ་ལྔ་བརྒྱ་ཙམ་འཕུར་བ་དག་གིས་སངས་རྒྱས་ཀྱིས་ཆོས་གསུངས་པའི་སྒྲ་ཐོས་པས། སེམས་ལ་དགའ་སྤྲོ་ཆེན་པོ་སྐྱེས་ཏེ་ལྡིང་སྐོར་ཞིག་བྱས་ནས་ཕྱོགས་དེར་བབ་པས། ས་ཆ་དེར་སྔར་ཞིག་ནས་བསམ་ངན་མ་རུངས་ཁོག་བཅང་གི་རྔོན་པ་མང་པོ་ཡོད་པ་དེ་ཚོས་བྱ་འཛིན་བྱེད་ཀྱི་རྙི་མང་པོ་བཙུགས་ཡོད་ཕྱིར་ངང་པ་ཚང་མ་བཟུང་སྟེ་བསད་པ་དང་། དེ་དག་ཤི་མ་ཐག་ཏུ་སངས་རྒྱས་ཀྱི་ཞལ་ནས་ཆོས་སྒྲ་ཐོས་པའི་བྱིན་རླབས་ཀྱིས་སུམ་ཅུ་རྩ་གསུམ་གྱི་ལྷ་ཡུལ་དུ་ལྷའི་བུ་ལྔ་བརྒྱའི་སྐྱེ་བ་བླངས་སོང་བ་ལ་སོགས་པ་ཆོས་ཐོས་པའི་ཕན་ཡོན་གྱི་ལོ་རྒྱུས་ཤིན་ཏུ་ནས་ཀྱང་མང་ལ་། དུད་འགྲོ་ཡན་ཆད་དང་མི་མན་ཆད་འུ་ཚོས་མཐོང་དུ་ཡོད་པའི་བློ་རིག་གསལ་བ་ཞིག་ཡོད་ཚད་ཐམས་ཅད། སྔོན་ཆད་ཆོས་ཚིག་གཅིག་ཐོས་པ་ཡན་ཆད་ཀྱི་འབྲས་བུ་ལས་མ་འདས། ད་ལྟའི་སྐབས་སུ་མིའི་ནང་ནས་ལ་ལ་དག་མི་དགེ་སྡིག་ལས་ཤིག་ལས་རན་དུས་བློ་རིག་རྣམ་དཔྱོད་བཀྲ་ཡང་། དམ་པའི་ཆོས་ཕྱོགས་ལ་ཁ་ཞིག་བསྐོར་ན་བླུན་པོ་རྨོངས་པ་ཅི་ཡང་མི་ཤེས་མཁན་འདི་དག་སྔོན་ཆད་ཆོས་ཐོས་པའི་བག་ཆགས་ཅུང་ཙམ་ཡང་མེད་པའི་རྟགས་ཡིན། དོ་ཞག་གོང་དུ་དྲངས་པའི་ས་སྐྱ་པཎ་ཆེན་གྱི་གསུང་། སྐྱེ་བ་སྔ་མ་མ་བསླབས་པར། །ཚེ་འདིར་བླུན་པོར་གྱུར་མཐོང་ནས། །ཕྱི་མར་བླུན་པོར་སྐྱེ་དོགས་པས། །ཚེ་འདིར་དཀའ་བས་འབད་དེ་ཉན། །ཞེས་དང་། རིག་པ་ནངས་པར་འཆི་ཡང་སློབས། །ཚེ་འདིར་མཁས་པར་མ་གྱུར་ཀྱང་། །སྐྱེ་བ་ཕྱི་མར་བཅོལ་བ་ཡི། །ནོར་ལ་རང་ཉིད་ལེན་དང་མཚུངས། །ཞེས་གསུངས་པ་བཞིན་དུ་ལོ་རྒས་གཞོན་སུ་ཡིན་ནའང་ཐོས་བསམ་གྱི་ཕྱོགས་ལ་འབད་པ་རེ་བྱེད་ཐུབ་ན་འབད་རྩོལ་མ་བྱས་པ་ལས་དགའ་དང་དགའ་ཡིན། སྔར་མིག་མེད་ཀྱི་དུས་ལས་མིག་ཡོད་འགྱུར་དུ་ཡོད་པ་ཡིན། རྒྱ་ཆེ་བའི་རྒྱང་མིག་ཤེས་བྱ་སྣ་མང་དག་མ་ཤེས་ནའང་། རང་ཉིད་འགྲོ་སའི་རྡོག་ལྷམ་རྡོག་སྣེ་མིག་གིས་མཐོང་ནས་རང་གི་ཐར་བ་སྒྲུབ་སྟངས་ཀྱི་འགྲོ་ཕྱོགས་ཙམ་རེ་རང་གིས་ཤེས་པར་བྱས་ན། རང་དྲིན་རང་ལ་ཆེ་བའི་ཡོང་སྒོ་ཆེན་པོ་ཞིག་དེ་ན་ཡོད་པ་ཡིན། དེས་ན་ལོ་རྒས་གཞོན་ཚང་མས་ཡི་གེ་རེ་ཨེ་ཤེས་ལྟོས། གསུང་རབ་ཀྱི་ནང་དོན་ཚིག་རེ་རེ་ཡིན་ཡང་ཨེ་གོ་ལྟོས། ངོ་ཚ་མི་དགོས་པ་ནི་ཤེས་ཡོན་སྦྱང་བརྩོན་རེད། དེ་བས་ཡ་སྒྱེད་ཁུག་ལ་བསྡད་ནས་བསམ་ངན་ཕྲག་དོག་ངན་སེམས་ཏག་ཏག་གིས་ཡ་ཆུང་གང་ཞིང་། རང་གི་ནུས་པའི་ཐོག་ནས་མཆིག་ཅིག་གི་ཡ་ལོ་མི་ཁྱག་ནའང་བུ་ཚ་བོའི་ཁོག་པ་རླུང་གིས་བརྒྱངས་ཤིང་། ལྐོག་འཕྱ་ལབ་བཙོག སྐུར་འདེབས་ལོག་ལྟ་ལ་སོགས་པ་དོན་མེད་ཀྱི་སྡིག་ཆེན་བསགས་འདུག་པ་དེས་ངོ་ཚ་བ་རེད། མི་ཚེའི་དུས་ཚོད་ནི་འགྲོ་མགྱོགས་པ་རགས་པ་རྒྱུན་གྱི་མི་རྟག་པ་དང་། ཕྲ་བ་སྐད་ཅིག་གི་མི་རྟག་པ་ཡིན་ནའང་། ནང་རྟག་འཛིན་མ་ཞིག་པ་དང་། ཕྱི་འདྲ་བ་གཞན་བྱུང་གི་འཁྲུལ་རྒྱུས་བསླད་པ་དེ་གཉིས་ཐོ་ཐུག་པའི་དབང་གིས། མི་རྟག་པ་ལ་རྟག་པར་བཟུང་། ཁ་སང་གི་དེ་དེ་རིང་ཡོད་སྣང་ཤར་ནས། ད་ནང་གི་རྒྱུག་ཆུ་དེ་ད་རུང་རྒྱུག་འདུག་རྒྱུ་འདི་ཡིན་སྣང་ཤར་བ་རེད་མ་གཏོགས། ཕྱིའི་ནམ་ཟླ་དུས་བཞིའི་འགྱུར་ལྡོག་ཆེ་བས་མ་ཚད། ནང་རང་ལུས་དར་རྒུད་ཀྱི་འགྱུར་བ་དེ་བཞིན་འགྱུར་བཞིན་ཡོད་པ་ཡིན། དེས་ན་གོ་མ་ཆོད་ཆོད་ཀྱི་བྱ་བ་ཅི་འདྲ་ཞིག་བསྒྲུབས་ནས་མི་འདུག ད་དུང་ཡང་བསྒྲུབས་ནས་ག་ལ་ཚར། ཁ་མ་ན་བར་དུ་ཅི་འདྲའི་བཤད་ཡོད་ཀྱང་། རྐང་མ་ན་བར་དུ་ཅི་འདྲ་སོང་ཡོད་ན་ཡང་། དོན་དག་ཅན་གྱི་བྱ་བ་ཁེ་རུ་མ་ཞིག་འཆི་རན་ནས་འགྲོ་བའི་ཉིན་མོ་དེར་མེད་པས་མི་ཚད། བསགས་བསགས་སྡིག་པའི་ཁུར་པོ་དེ་རང་གི་སྐེ་ཐོག་མ་གཏོགས་འགྲོ་ས་མེད་པའི་ཡུལ་ཁ་རིག་རིག་བལྟས་བལྟས་ལ་ཡོད་པ་ཡིན་པས། བདག་གི་སྙིང་འདི་རྡོའམ་ལྕགས་ཀྱི་གོང་བུ་ལས་གྲུབ་པ་ཞིག་ཡིན་ན་མ་གཏོགས་བསམ་བློ་ཞིག་འཁོར་ས་ཡོད་འདུག་སྙམ་པའི་དྲན་སྐུལ་རང་གིས་རང་ལ་བྱེད་པ་དང་། སྤྱིར་ན། དྲིན་ཕ་མ་བརྒྱ་ཡིས་ཁ་ཏ་ལས། །སྡང་དགྲ་བོ་གཅིག་གིས་གློ་རྒྱག་དགའ། །ཟེར་བ་ལྟར་དུ་རྐྱེན་ངན་ཐོག་ཏུ་བབ་ན་མི་རྟག་སྟོན་པའི་སློབ་དཔོན། རྐྱེན་ངན་དགེ་བའི་སྐུལ་མར་ཡོང་བ་ཡིན་པས། མདོར་ན་སྐྱིད་སྡུག་གཉིས་ཀའི་སྔར་བསམ་ཕྱིར་འདེང་མ་ནོར་བ་ཞིག་རྒྱག་ཐུབ་པའི་ཐོག་ནས་རང་ཆུས་རང་གིས་འཚོ་རྒྱུ་དེ་རང་གིས་མ་བལྟས་ན། ན་སོ་བརྒྱད་པའི་རྟ་རྒན་ལ་ཁ་ལོ་སློབ་མཁན་ཞིག་ཟུར་ནས་ཡོང་རྒྱུ་མེད་ངེས་ཡིན། སྐབས་སུ་བབ་པའི་བཤད་བྱ་བདེ་བ་ཅན་གྱི་ཞིང་ཁྲིད་མཁས་གྲུབ་རཱ་ག་ཨ་སྱས་མཛད་པའི་བདེ་སྨོན་གྱི་སྟེང་ནས་ཁྲིད་པའི་སྐབས་ལས། ཉི་མ་དང་པོའི་སྐབས་སུ་ཆོས་ཞུ་བའི་ཀུན་སློང་དང་ཀུན་སྤྱོད། ཆོས་ཞུ་བ་ལས་ཀྱང་དང་པོར་ཞུ་ཚུལ་ཤེས་པ་གལ་ཆེ་བའི་སྐོར་གྱི་ཤེས་བྱ་དང་། འདིའི་བཤད་བྱའི་ཡན་ལག་རྗེས་འཇུག་སྤྲོ་བ་བསྐྱེད་ནས་ཉམས་སུ་ལེན་པར་སྐུལ་བ་དང་། བཤད་བྱ་དངོས་བཤད་པ་ལ་ས་བཅད་རྣམ་པ་བཞི་ཡི་ཆིངས་ཀྱིས་བཅིངས་ནས་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིས་གཞུང་དོན་ལུས་ཀྱི་རྣམ་བཞག་ཚང་པར་བསྟན་པ་ལས། དང་པོ་རྟེན་ཚོགས་ཞིང་གསལ་འདེབས་པ་དེ་ལའང་རྟེན་ཞིང་ཁམས་ཀྱི་རྣམ་པ་ཡིད་ལ་བྱེད་པ་དང་། བརྟེན་པ་སངས་རྒྱས་འོད་དཔག་མེད་གཙོ་འཁོར་དང་བཅས་པའི་སྐུའི་རྣམ་པ་ཡིད་ལ་བྱེད་པ་གཉིས་སུ་ཕྱེས་ནས་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིའི་དང་པོ་བཤད་པ་དང་། ཁ་སང་ཉིན་གཉིས་པ་ལ་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་གཉིས་པ་ཚོགས་བསགས་སྒྲིབ་སྦྱོང་གི་སྐོར་ནས། ཚོགས་བསགས་པའི་སྒོ་ཐམས་ཅད་ཡན་ལག་བདུན་དུ་བསྡུས་པའི་དང་པོ་ཕྱག་འཚལ་བ་དང་། གཉིས་པ་མཆོད་པའི་ཡན་ལག་གཉིས་བཤད་པ་ཡིན་ལ། ཁ་རྩང་བཤད་མ་ཐག་པའི་མཆོད་པ་དེ་ལའང་། དངོས་སུ་འབྱོར་བའི་མཆོད་པ་དང་། ཡིད་ཀྱིས་སྤྲུལ་བའི་མཆོད་པ་གཉིས་དང་། ད་དུང་ཞིབ་ཀྱིས་གོ་བ་བླངས་ན་བླ་ན་ཡོད་པའི་མཆོད་པ་དང་། བླ་ན་མེད་པའི་མཆོད་པ་གཉིས། བླ་ན་ཡོད་པའི་མཆོད་པ་ལའང་། ཟང་ཟིང་གི་མཆོད་པ་དང་། སྒྲུབ་པའི་མཆོད་པ་སྟེ་གཉིས། དེ་ལས་ཟང་ཟིང་གི་མཆོད་པ་ནི། ལུས་ཀྱི་གར་དང་ཕྱག་རྒྱའི་མཆོད་པ་དང་། ངག་གི་བསྟོད་པ་དབྱངས་ཀྱི་མཆོད་པ་དང་། གཞན་ཡང་འདོད་ཡོན་རྫས་ཀྱི་མཆོད་པ་སྟེ། བདག་པོས་བཟུང་བའི་འབྱོར་ཚོད་དངོས་པོའི་མཆོད་པ་དང་། བདག་པོས་ཡོངས་སུ་མ་བཟུང་བའི་ཡིད་སྤྲུལ་བློ་ཡི་མཆོད་པ་ལ་སོགས་པ་དང་། སྒྲུབ་པའི་མཆོད་པ་ལྷའི་སྐུ་བསྒོམ་པ་དང་། བྱང་ཆུབ་སེམས་པའི་ཏིང་ངེ་འཛིན་ལས་བྱུང་བའི་བཀོད་པའི་མཆོད་པ་དང་། བླ་ན་མེད་པའི་མཆོད་པ་ལ། དམིགས་བཅས་ཀྱི་མཆོད་པ་དང་། དམིགས་མེད་ཀྱི་མཆོད་པ་གཉིས་ལས། དམིགས་བཅས་ཀྱི་མཆོད་པ་ནི། སྨོན་འཇུག་བྱང་ཆུབ་ཀྱི་སེམས་བསྒོམ་པ་སྟེ། མཁས་པས་བྱང་ཆུབ་སེམས་བསྒོམས་ན། །རྒྱལ་བ་སྲས་དང་བཅས་པ་ལ། །མཆོད་པ་འདི་ནི་དམ་པ་སྟེ། །ཞེས་གསུངས་སོ། །དམིགས་པ་མེད་པའི་མཆོད་པ་ནི། བདག་མེད་ཀྱི་དོན་སྒོམ་པ་སྟེ། མཆོད་པའི་ནང་ནས་མཆོག་ཏུ་གྱུར་པ་ཡིན་ནོ། །མདོར་ན་མཆོད་པའི་རྣམ་གྲངས་ཐམས་ཅད་ཚུར་བསྡུ་ན་གོང་དུ་བཤད་པའི་བདག་ལུས་ལོངས་སྤྱོད་དགེ་ཚོགས་དང་བཅས་པ་སྟེ་བདག་འཛིན་གྱི་གཞི་གསུམ་འབུལ་བའི་ནང་དུ་ཕལ་ཆེར་མ་འདུས་པ་མེད་པ་ཡིན་ནོ། །དེ་རིང་ཡན་ལག་གསུམ་པ་གཏི་མུག་གི་གཉེན་པོ་བཤགས་པའི་ཡན་ལག་བཤད་པ་ནི།

གསུམ་པ་གཏི་མུག་གི་གཉེན་པོ་བཤགས་པའི་ཡན་ལག་བཤད་པ།

ཕ་མས་ཐོག་དྲངས་བདག་སོགས་འགྲོ་ཀུན་གྱིས། །ཐོག་མ་མེད་པའི་དུས་ནས་ད་ལྟའི་བར། །སྲོག་གཅོད་མ་བྱིན་ལེན་དང་མི་ཚངས་སྤྱོད། །ལུས་ཀྱི་མི་དགེ་གསུམ་པོ་མཐོལ་ལོ་བཤགས། །ཞེས་པ་ནས། བདེ་གཤེགས་འོད་དཔག་མེད་པ་སྲས་བཅས་ཀྱིས། །བདག་རྒྱུད་ཡོངས་སུ་དག་པར་བྱིན་གྱིས་རློབས། །ཞེས་པའི་བར་གྱིས་བསྟན་པ་ཡིན། མི་བདེ་སྡུག་བསྔལ་ཐམས་ཅད་ཀྱི་རྒྱུ་སྡིག་པ་མི་དགེ་བའི་འབྱུང་རྩ་དེ་གཏི་མུག་ཡིན་ལ། ཁམས་གསུམ་འཁོར་བ་རིགས་དྲུག་ན་ཡོད་པའི་སེམས་ཅན་ཐམས་ཅད་ཐོག་མེད་ནས་མཐའ་མེད་ཀྱི་བར་དུ་གཏི་མུག་རྨོངས་པ་འདིས་གཞན་དབང་དུ་སོང་ནས་སྡིག་པ་མི་དགེ་བའི་ལས་བསགས་ཡུན་རིང་། བསགས་སྟོབས་ཆེ། བསགས་གྲངས་མང་བ་འདི་དག་གལ་ཏེ་བཤག་མ་ཐུབ་ན། འཁོར་བའི་གནས་ནས་ཐར་པའི་དུས་ཤིག་ཤར་རྒྱུ་མེད་པ་ཡིན། དེས་ན་གཏི་མུག་གི་གཉེན་པོ་བཤགས་པ་འདི་གལ་ཆེ། བཤགས་པ་བྱེད་དུས་བཤག་པའི་ཡུལ་ཞིག་ཡོད་དགོས་པས། ད་རེས་སྐབས་འདིའི་བཤག་ཡུལ་གྱི་ཚོགས་ཞིང་རྒྱལ་བ་འོད་དཔག་མེད་འཁོར་དང་བཅས་པའི་སྤྱན་སྔར། རང་གཞན་སེམས་ཅན་ཐམས་ཅད་ཀྱིས་བཤགས་པ་བྱེད་པའི་མོས་པ་དང་བཅས་པས་བཤགས་དགོས་པ་ཡིན། ཆོས་བཞི་བསྟན་པའི་མདོ་ལས། ཆོས་བཞི་དང་ལྡན་ན་བྱས་ཤིང་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དག་པར་གསུངས་པའི་ཆོས་བཞི་ནི་གཉེན་པོ་སྟོབས་བཞི་ཡིན་ལ། དེའི་སྦྱང་བྱ་སྡིག་པའི་སྒོ་དྲུག་ཡོད་པ་དེ་དག་བློར་འཛིན་བདེ་བའི་ཆེད་དུ། སྡོམ་བྱས་ན། དུས་དང་ཀུན་སློང་འགྲིམ་ངོ་བོ། །ཡུལ་དང་བྱེད་ལས་རྣམ་པ་དྲུག །ཅེས་པ་སྟེ། དེ་ཡང་དུས་ཀྱི་སྒོ་དང་གཅིག ཀུན་སློང་གི་སྒོ་དང་གཉིས། འགྲིམ་པའི་སྒོ་དང་གསུམ། ངོ་བོའི་སྒོ་དང་བཞི། ཡུལ་གྱི་སྒོ་དང་ལྔ། བྱེད་ལས་ཀྱི་སྒོ་དང་དྲུག་ལས། དང་པོ་དུས་ཀྱི་སྒོ་ནི། འཁོར་བ་ཐོག་མ་མེད་པ་ནས་དུས་ད་ལྟའི་བར་དུ་བསགས་པའི་སྡིག་པ་མི་དགེ་བ་རྣམས་དང་། ཁྱད་པར་དུ་ཚེ་འདིའི་ཐོག་ནས་བསགས་པའི་བཅས་དང་རང་བཞིན་གྱི་ཉེས་ལྟུང་དང་སྡིག་པ། ལོ་འདི་དང་ཟླ་བ་འདི་དང་དུས་ཚོད་འདི་ལ་སྡིག་པ་མི་དགེ་བ་བདག་རང་གིས་བགྱིས་པ་དང་། གཞན་ལ་བགྱིད་དུ་བསྩལ་བ། གཞན་གྱིས་བགྱིས་པ་ལ་རྗེས་སུ་ཡི་རང་བ་ལ་སོགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དུས་ཚོད་དང་འབྲེལ་བའི་ཆ་ནས་དུས་ཀྱི་སྒོ་དང་། གཉིས་པ་ཀུན་སློང་གི་སྒོ་ནི། སྡིག་པ་མི་དགེ་བའི་ལས་བྱས་ཚད་བསགས་ཚད་ཐམས་ཅད་ཉོན་མོངས་པ་དུག་གསུམ་པོ་གང་གིས་ཀུན་ནས་བསླངས་ནས་བསགས་པ་ཡིན་འདུག་བརྟགས་ན། ཡང་ན་འདོད་ཆགས། ཡང་ན་ཞེ་སྡང་། ཡང་ན་གཏི་མུག་གི་སྒོ་ནས་བསགས་པ་ཞིག་ཡིན་པ་དང་། གསུམ་པ་འགྲིམ་པའི་སྒོ་ནི། བསགས་པའི་སྒོ་ལུས་ངག་ཡིད་གསུམ་གང་གི་སྒོ་ནས་བསགས་པ་ཡིན་ན་དེ་དག་ཡིན། བཞི་བ་ངོ་བོའི་སྒོ་ནི། རང་བཞིན་གྱི་སྡིག་པ་མི་དགེ་བ་བཅུ་དང་མཚམས་མེད་པ་ལྔ་ལ་སོགས་པ་ལྟ་བུ་དང་། བཅས་པའི་ལྟུང་བ་བཅོམ་ལྡན་འདས་ཀྱིས་ད་ཕྱིན་ཆད་འདི་བྱས་ན་ཉེས་ལྟུང་འདི་དང་འདི་ལྟ་བུར་འགྱུར་རོ་གསུངས་པའི་ཕྱི་སོ་ཐར། ནང་བྱང་སེམས། གསང་བ་རིག་འཛིན་སྔགས་ཀྱི་སྡོམ་པ་དང་འགལ་བ་ཐམས་ཅད་ཡིན། ལྔ་བ་ཡུལ་གྱི་སྒོ་ནི། སྲིད་པ་འཁོར་བ་དང་ཞི་བ་མྱ་ངན་ལས་འདས་པའི་ཡུལ་གཉིས་པོ་གང་ལ་བརྟེན་ནས་སྡིག་པ་བསགས་པ་གང་ཡིན་པ་དེ་དག་དང་། དྲུག་པ་བྱེད་ལས་ཀྱི་སྒོ་ནི། ཚེ་འདི་དང་ཕྱི་མར་རྣམ་སྨིན་ཡིད་དུ་མི་འོང་བ་མྱོང་བར་བྱེད་པ་སྟེ། དེ་ལྟ་བུའི་སྡིག་པའི་སྒོ་དྲུག་དང་འབྲེལ་བའི་མི་དགེ་བ་དེ་དག་འཆགས་པར་བྱེད་པའི་ཆོས་བཞིའམ་གཉེན་པོ་སྟོབས་བཞི་ནི། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། ཉེས་བྱས་སུན་འབྱིན་པའི་སྟོབས། སོར་ཆུད་པའི་སྟོབས་སམ་སྡོམ་པའི་སྟོབས། རྟེན་གྱི་སྟོབས་དང་བཞི་ལས། དང་པོ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི། དེ་ཡང་ང་ཚོས་བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཡིན་ཕྱིར་ང་གཅིག་པུའི་སྡིག་པ་བཤག་དགོས། གཞན་སེམས་ཅན་ཐམས་ཅད་ཅི་འགྱུར་ཡང་འགྱུར་སྙམ་དུ་མི་རིགས་པས།

ཕ་མས་ཐོག་དྲངས་བདག་སོགས་འགྲོ་ཀུན་གྱིས།།

ཐོག་མ་མེད་པའི་དུས་ནས་ད་ལྟའི་བར།།

ཞེས་གསུངས་པ་སྟེ། ད་ལྟ་ཚེ་འདིའི་ཕ་མས་ཐོག་དྲངས་ནས་བདག་སོགས་ཁམས་གསུམ་འགྲོ་བ་ཀུན་ཀྱིས། འཁོར་བར་འཁོར་བའི་ཚེ་རབས་ཐོག་མ་མེད་པ་དུས་འདི་ནས་འགོ་བརྩམས་པས་དེ་ཡན་ཆད་མེད་དོ་ཞེས་པ་ལྟ་བུའི་འཁོར་བའི་ཡར་ཐོག་གི་མཐར་ཐུག་པ་མེད་པའི་དུས་རིང་པོ་ནས་ད་ལྟའི་དུས་ཀྱི་སྐྱེ་བ་འདི་ལ་མ་ཐུག་གི་བར་གྱི་སྡིག་པ་མི་དགེ་བའི་ལས་སྣ་ཚོགས་པ་ཤིན་ཏུ་མང་པོ་བྱས་པའི་ནང་ནས། དང་པོར་མི་དགེ་བ་བཅུ་བཤགས་པ་ནི།

དང་པོ་ལུས་ཀྱི་མི་དགེ་བ་གསུམ་བཤགས་པ།

སྲོག་གཅོད་མ་བྱིན་ལེན་དང་མི་ཚངས་སྤྱོད།།

ལུས་ཀྱི་མི་དགེ་གསུམ་པོ་མཐོལ་ལོ་བཤགས།།

རྫུན་དང་ཕྲ་མ་ཚིག་རྩུབ་ངག་འཁྱལ་བ།།

ངག་གི་མི་དགེ་བཞི་པོ་མཐོལ་ལོ་བཤགས།།

བརྣབ་སེམས་གནོད་སེམས་ལོག་པར་ལྟ་བ་སྟེ།།

ཡིད་ཀྱི་མི་དགེ་གསུམ་པོ་མཐོལ་ལོ་བཤགས།།

ཞེས་གསུངས་པ་སྟེ། དེ་ཡང་མི་དགེ་བ་དེ་ལ་ལུས་ཀྱི་སྒོ་ནས་གསུམ། ངག་གི་སྒོ་ནས་བཞི། ཡིད་ཀྱི་སྒོ་ནས་གསུམ་དང་བཅུ་ལས། དང་པོ་ལུས་ཀྱི་མི་དགེ་བ་གསུམ་གྱི་དང་པོ་སྲོག་གཅོད་པ་ནི། དེ་ཡང་གཞི་སེམས་ཅན་ཡིན་པ་གང་ཞིག བསམ་པ་བསམ་བཞིན་དུ་གསོད་པའི་སེམས་ཀྱིས། སྦྱོར་བ་མཚོན་དང་དུག་དང་ངན་སྔགས་ལ་སོགས་པའི་གསོད་ཐབས་སྣ་ཚོགས་ཀྱིས་སེམས་ཅན་གྱི་སྲོག་གི་དབང་པོ་བཅད་ཅིང་འགག་པར་བྱེད་པ་ཡིན་ཞིང་། དེ་ལ་སྲོག་བཅད་པའི་ཆ་ནས་འདྲ་ནའང་། ཡུལ་ཀྱི་ངོས་ནས་ཉེས་དམིགས་ཆེ་ཆུང་མི་འདྲ་བ་ཡོད་དེ། དཔེར་ན་ཕ་མ་སློབ་དཔོན་དགྲ་བཅོམ་སོགས་བསད་ན་མཚམས་མེད་ཀྱི་གྲལ་དུ་འགྲོ་བའི་ཉེས་དམིགས་ཆེན་པོ་དང་། སྤྱིར་བཏང་གི་མི་བསད་པ་རང་བཞིན་གྱི་ཉེས་པའི་ཆ་ནས་སྲོག་བཅད་པ་དང་། བཅས་པའི་ཁྲིམས་ལས་ཕམ་ལྟུང་། དུད་འགྲོ་གསོད་པ་ལྟ་བུ་ལ་མཚོན་ན་རང་བཞིན་གྱི་ངོས་ནས་སྲོག་བཅད་པ། སོ་ཐར་གྱི་སྐབས་སུ་སྤངས་ལྟུང་ལྟ་བུ་དང་། ཡང་ཀུན་སློང་གི་ཐོག་ནས་བཤད་ན། འདོད་ཆགས་ཀྱི་སྒོ་ནས་ཤ་ལྤགས་གླ་རྩི་སོགས་ཀྱི་ཆེད་དུ་རི་དྭགས་གསོད་པ་ལྟ་བུ་དང་། ཞེ་སྡང་གི་སྒོ་ནས་དགྲ་བསོད་པ་ལྟ་བུ་དང་། གཏི་མུག་གི་སྒོ་ནས་འཚེ་བ་ཆོས་སུ་སྨྲ་བས་སྲོག་གཅོད་དགེ་བར་བརྩིས་པ་ལྟ་བུ་དང་། ཉེས་དམིགས་མ་ཤེས་པར་བསད་པ་དང་། རང་ཉིད་ཀྱི་ལག་དངོས་སུ་དར་ནས་བསད་པ་བྱས་ལ་བསགས་པའི་སྡིག་པ། གཞན་ལ་གསོད་དུ་འཇུག་པ་དང་བསད་པ་ལ་རྗེས་སུ་ཡི་རང་བྱས་པ་བསགས་ལ་མ་བྱས་པའི་སྡིག་པ་དང་། རང་གཞན་གཉིས་ཀའམ་མི་མང་པོས་མཉམ་དུ་བསད་བྱ་གཅིག་བསད་ནའང་སྡིག་པ་ཐམས་ཅད་ལ་ཡོད་པ། མཛོད་ལས། དམག་ལ་སོགས་པ་དོན་གཅིག་ཕྱིར། །ཐམས་ཅད་བྱེད་པ་པོ་བཞིན་ལྡན། །ཞེས་གསུངས་པ་ལྟ་བུ་སྟེ། དེ་ཡང་སྒོ་བཤས་བཤའ་བའི་སྐབས་སུ་སྒོ་ཕྱུགས་གཡག་དང་ལུག་ལྟ་བུ་དེ་ཤན་པ་ཞིག་ཁྲིད་དེ་གསོད་དུ་བཅུག་ནས་གླ་བྱིན་ན་སྡིག་པ་དེས་ཁྱེར་འགྲོ་སྣང་ཤར་བ་ནི་གླེན་པ་ངོ་མ་བོའི་ལས་ཀ་སྟེ། སྡིག་པ་འདྲ་འདྲར་ཡོད་པ་མ་ཟད་རྗེས་སུ་ཡི་རང་བྱེད་མཁན་ལའང་སྡིག་པ་དེ་དང་གཅིག་མཚུངས་སུ་ཡོད་པ་ཡིན། དེ་ཡང་སྲོག་གཅོད་ཀྱི་སྡིག་པ་གཅིག་བགོས་བཞག་པ་ལྟ་བུ་མ་ཡིན་པར་མི་རེ་རེ་བཞིན་དུ་སྲོག་གཅོད་ཀྱི་སྡིག་པ་ཆ་ཚང་རེ་ཡོད་པར་གསུངས་པ་ཡིན། གསོད་སེམས་མེད་བཞིན་བསད་པ་དཔེར་ན་རྐང་ཞབས་སུ་འབུ་ཤི་བ་ལྟ་བུ་ནི་བྱས་ལ་མ་བསགས་པའི་སྡིག་པ་སྟེ། དེ་ནི་གཞི་སེམས་ཅན་ཡིན་པ་མ་ཤེས་ཤིང་བསམ་པ་གསོད་སེམས་དང་སྦྱོར་བ་གསོད་པར་རྩོམ་པ་གཉིས་ཀ་མེད་པས་གཞི་བསམ་སྦྱོར་བ་གསུམ་ཀ་མ་ཚང་བས་སྡིག་པ་ཆུང་ཤོས་ཡིན། སྤྱིར་ན་སེམས་ཅན་གྱི་སྲོག་བཅད་པ་འདི་ལུས་ངག་གི་མི་དགེ་བའི་ནང་ནས་ཉེས་པ་ལྕི་ཤོས་ཡིན་པས། སྲོག་བཅད་གོང་ན་སྡིག་གཞན་མེད། །ཅེས་གསུངས་པ་ཡིན། སྲོག་གཅོད་ཀྱི་ཐད་ནས་ཞིབ་ཀྱིས་བཤད་ན། སྲོག་བཅད་པའི་རྣམ་སྨིན་གྱི་འབྲས་བུ་ངན་སོང་གང་རུང་དུ་སྐྱེས་ནས་བསྐལ་བ་མང་པོ་ལ་སྡུག་བསྔལ་མྱོང་དགོས་པ་དང་། མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་གལ་ཏེ་རྣམ་པར་སྨིན་པ་མྱོང་སྟོབས་ཀྱིས་ཟད་ནས་ངན་སོང་གི་གནས་ནས་ཐར་ན་ཡང་། གང་དུ་སྐྱེས་ན་ཚེ་ཐུང་ནད་མང་སྲོག་ལེན་ལྔ་བརྒྱ་འཇལ་དགོས་པ་དང་། བྱེད་པ་རྒྱུ་མཐུན་གྱི་འབྲས་བུ་ཁྲ་དང་སྤྱང་ཀི་ལ་སོགས་པ་དུད་འགྲོ་གསོད་སེམས་ཅན་གྱི་ལུས་དང་། མི་ལུས་ཐོབ་ན་ཡང་ཤན་པ་ལ་སོགས་པ་སྲོག་གཅོད་ལ་དགའ་མཁན་གྱི་རིགས་སུ་སྐྱེ་བ་དང་། དབང་གི་འབྲས་བུ་དགྲ་ཇག་གི་འཇིགས་པ་ཆེ་ས་དང་སྲོག་མགོ་མི་ཐོན་པའི་ས་ཆ་སྡུག་པོའི་ཡུལ་དུ་སྐྱེ་བ་ལེན་པ་ཡིན། སྐྱེས་བུ་བྱེད་པའི་འབྲས་བུ་ནི། རྒྱུ་དེའི་འབྲས་བུ་དེ་ཆུད་མི་ཟ་བར་སྨིན་པའོ། །སེམས་ཅན་བསད་པའི་རྣམ་སྨིན་མྱོང་བའི་གཏམ་རྒྱུད་ཅིག་བཤད་ན། སྔར་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཞལ་བཞུགས་སྐབས། འཕགས་པ་མོའུ་འགལ་གྱི་བུ་དང་དགེ་སློང་དཔལ་སྐྱེས་གཉིས་ཉིན་ཞིག་ལ་རྒྱ་མཚོ་ཆེན་པོའི་འགྲམ་དུ་བྱོན་སྐབས་ཀྱི་ལམ་ཁ་ཞིག་ན་མི་གཅན་གཟན་གྱི་མགོ་བོ་ཅན། ལུས་ཐམས་ཅད་མེ་འབར་ཞིང་ཨ་ཚ་ཨ་ན་དང་ངུ་འབོད་ཀྱིས་ལུང་པ་བཀང་ནས་ཡོད་པ་ཞིག་ལ། ཡི་དྭགས་འཇིགས་སུ་རུང་བ་ལག་ན་མདའ་གཞུ་ཐོགས་པ་ཁྲི་འབུམ་མང་པོས་བསྐོར་ནས་མི་དེ་འབེན་དུ་བཙུགས་ཏེ། མདས་གཙག་བཞིན་ཡོད་པར། དགེ་སློང་དཔལ་སྐྱེས་ཀྱིས་མོའུ་འགལ་བུ་ལ། མི་འདིས་ལས་ཅི་ཞིག་བསགས་པའི་རྣམ་སྨིན་ཡིན་ཞེས་དྲིས་པས། མོའུ་འགལ་གྱི་བུས། མི་འདི་ཚེ་རབས་སྔོན་མ་རི་དྭགས་མང་པོ་གསོད་མཁན་གྱི་རྔོན་པ་ཞིག་ཡིན་པས་སྡུག་བསྔལ་འདི་ལོ་མང་པོར་མྱངས་ནས་ད་དུང་གཞི་ནས་སེམས་ཅན་དམྱལ་བ་ཆེན་པོར་སྐྱེ་དགོས་པས་དེ་ལས་ཐར་པའི་དུས་ཡོད་པར་དཀའ། ཞེས་གསུངས་པ་ཡིན། དེ་ལྟར་དུ་སྲོག་གཅོད་ཀྱི་རྣམ་སྨིན་ལྕི་ཞིང་ཉེས་པ་ཆེ་བས་སྡུག་བསྔལ་ཆེན་པོ་མྱོང་དགོས་པ་དང་། ཡང་གནའ་སྔ་མོ་ཞིག་ལ་ཉེས་ཅན་ཁྲིམས་ལ་སྦྱར་ནས་གསོད་མཁན་གྱི་རྒྱལ་པོ་ཞིག་ཡོད་པ་དེ་རྒྱ་མཚོའི་ནང་དུ་ཆུ་སྲིན་ཆེན་པོ་ལུས་དཔག་ཚད་བདུན་བརྒྱ་ཡོད་པ་ཞིག་ཏུ་སྐྱེས་པ་དང་། འཁོར་དང་བློན་པོ་སེམས་ཅན་བསད་ཚད་ཐམས་ཅད་ཆུ་སྲིན་ཆུང་ཆུང་ཤ་སྟག་སྐྱེས་ནས། ཆུ་སྲིན་ཆེན་པོ་དེའི་ལུས་ལ་ཞུགས་ནས་ཁ་ཟས་བྱེད་པའི་སྡུག་བསྔལ་དེ་ལོ་བརྒྱ་སྟོང་མང་པོར་མྱོང་བའི་མཐར་རྒྱལ་པོའི་ཁབ་ཏུ་སྲིན་བུའི་ལུས་ལེན་པ་སོགས་གསུངས་པ་ཡིན། ཉེས་ཅན་ཁྲིམས་ལ་སྦྱར་ནས་བསད་པའི་རྣམ་སྨིན་དེ་འདྲ་ལྕི་ན་ཉེས་མེད་ཀྱི་སེམས་ཅན་རང་དབང་མེད་པར་བསད་ན་ཉེས་པ་ཅི་འདྲའི་མི་ཆེ་ཨང་། ཡང་རྒྱུ་མཐུན་གྱི་འབྲས་བུ་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་དཔེ་ཞིག་བཤད་ན། སྟོན་པ་ཐུགས་རྗེ་ཅན་གྱི་སྐུ་དུས་སུ་རྒྱ་གར་གྱི་རྒྱལ་པོ་འཕགས་སྐྱེས་པོ་ཞེས་པ་དང་བློན་པོ་མ་ལ་གནོད་ཅེས་པ་གཉིས་ཡོད། བློན་པོ་དེས་རྒྱལ་པོའི་བློ་ཁ་བསྒྱུར་ནས་ཡུལ་སེར་སྐྱའི་གྲོང་ཁྱེར་ལ་དམག་དྲངས་ཏེ་སྟོན་པའི་སྐུ་ཉེ་རུས་རྒྱུད་ཏག་ཏག་ཡིན་པའི་ཤཱཀྱ་བ་ཁྲི་བདུན་སྟོང་དུས་གཅིག་ལ་མཉམ་པོར་བསད་པ་ཕལ་ཆེ་བ་བདེན་པ་མཐོང་བ་ཤ་སྟག་ཡིན། ཤུལ་དུ་ལྷག་པའི་ཡུག་ཟ་མོ་དང་དྭ་ཕྲུག་ཐམས་ཅད་ཀྱང་གསོན་པོ་དོང་དུ་བཅུག་ནས་མནན་པར་བྱས། སྟོན་པ་བཅོམ་ལྡན་འདས་ས་ཆ་དེ་ན་བཞུགས་ཡོད་ཀྱང་། དམག་ཟློག་པ་ཕར་ཞོག་ལས་ཀྱི་ཚུལ་བཞེས་ནས་དབུ་བསྙུངས་བར་གྱུར། དེའི་རྒྱུ་མཚན་ཅི་ཡིན་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཞུས་སོ། །བཅོམ་ལྡན་འདས་ཀྱིས་གནའ་སྔ་མོ་ཞིག་ལ་ཆུ་ཆེན་པོ་ཞིག་གི་འགྲམ་དུ་ཉ་པ་ལྔ་བརྒྱ་གནས་ཆགས་ནས་བསྡད་ཡོད་ཅིང་། ཉ་བ་དེ་དག་གིས་རྒྱ་མཚོའི་ནང་དུ་ཉ་ཤིན་ཏུ་ཆེན་པོ་གཉིས་ཡོད་པ་མཐོང་ནས། དེ་གཉིས་ཐག་ཉེ་སར་འོང་བའི་སྐབས་དང་བསྟུན་ནས་ཉ་རྒྱས་བཟུང་སྟེ་སྐམ་ལ་ཕྱུངས། ཉ་བ་དག་ན་རེ། ཉ་འདི་གཉིས་ལུས་ཤིན་ཏུ་ནས་ཀྱང་ཆེ་བས་ད་མགྱོགས་པོར་བསད་ན་ཤ་མི་ཚོང་བས་ཤ་རུལ་ནས་འཕྲོ་བརླག་ཏུ་འགྲོ་བས་ཀ་བ་ཆེན་པོ་ལ་བཏགས་ཏེ་ཉིན་རེ་བཞིན་ཤ་གཅོད་ཅིང་གཅོད་ཅིང་བཙོང་ན་དགའ། ཞེས་བགྲོས་ནས་ཉ་གཉིས་པོ་གསོན་པོ་ཀ་བའི་ཤིང་སྡོང་ཆེན་པོ་ལ་བཏགས་ནས་ཤ་རྣམས་རིམ་བཞིན་བཅད་པས། ཉ་གཉིས་པོས་ན་ཚ་མ་བཟོད་དེ་སྐད་ངན་བཏོན་ནས་འགྲེ་ལྡོག་བྱས་ཚེ། ཉ་པའི་ནང་དུ་བྱིས་པ་ཞིག་ཡོད་པ་དེས་མཐོང་སྟེ་བཞད་གད་བྱས་སོ། །ཉ་གཉིས་འཆི་རན་ཁར་ཚེ་རབས་ཐམས་ཅད་དུ་འདི་ཚོ་ངེད་གཉིས་ཀྱིས་གསོད་ཐུབ་པར་ཤོག་ཅིག་ཅེས་སྨོན་ལམ་ལོག་འདེབས་བྱས་ནས་ཤིའོ། །དེའི་དུས་ཀྱི་ཉ་ཆེན་པོ་གཉིས་དེ་རྒྱལ་པོ་འཕགས་སྐྱེས་པོ་དང་བློན་པོ་མ་ལ་གནོད་གཉིས་པོ་དང་། ཉ་བ་ལྔ་བརྒྱ་པོ་ནི་ད་ལྟའི་ཤཱཀྱ་ལྔ་བརྒྱ་པོ་འདི་དག ཉ་བ་ཚང་གི་ཁྱེའུ་དེ་ང་ཡིན་ཞེས་གསུངས་པ་ཡིན། རྫོགས་པའི་སངས་རྒྱས་ཀྱིས་ཀྱང་སྲོག་བཅད་དང་འབྲེལ་བའི་རྣམ་སྨིན་གྱི་ལྷག་མ་བཞེས་དགོས་ཚུལ་བསྟན་པ་ཡིན་ན། ང་ཚོ་འཁོར་བ་པ་ཞིག་ལ་ཐོག་མེད་ནས་བསགས་པའི་རྣམ་སྨིན་ཅི་འདྲའི་སྨིན་རྒྱུ་མེད། མདོ་སྡེ་ལས་བརྒྱ་པ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་བ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གསུངས་པ་ལྟར། ལས་ཀྱི་རྣམ་པར་སྨིན་པ་འདི་ས་ལ་མི་སྨིན། རྡོ་ལ་མི་སྨིན། རྣམ་ཤེས་ཀྱིས་ཟིན་པའི་ཕུང་པོ་འདི་འབའ་ཞིག་ལ་སྨིན་གསུངས་ཤིང་། ལས་ཀྱི་རྣམ་སྨིན་མྱོང་བ་ལ་བྲོས་ནས་གཞའ་ས་དང་། གབ་པས་གཟུར་ས་མི་རྙེད། འདུལ་བ་ལས། གང་དུ་གནས་ན་ལས་ཀྱིས་མི་ཚུགས་པའི། །ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ། །བར་སྣང་ལ་མེད་རྒྱ་མཚོའི་ནང་ན་མེད། །རི་རྣམས་ཀྱིས་ནི་གསེབ་ཏུ་ཞུགས་ནའང་མེད། །ཅེས་གསུངས་སོ། །རྔོན་པ་དང་ཤན་པ་ཚོའི་ཕ་མ་བུ་ཚ་ཆུང་མ་ཐམས་ཅད་ལན་རེར་དམྱལ་བར་འགྲོ་མི་དགོས་པ་མེད་པར་གསུངས་པ་དང་། ཡུལ་ལུང་སྡེ་བ་གཅིག་གི་ནང་དུ་རྔོན་པ་སྡིག་རྒན་མང་པོ་ཡོད་ན། ཁོ་རང་ཚོ་མ་ཚད་ཡུལ་དེར་སྡེ་བརྒྱད་ཀྱི་བྱད་ཁ་ཕོག་ནས་མི་འདོད་སྣ་དགུ་འབྱུང་བ་དང་། མི་སྡིག་རྒན་དང་ཡུན་རིང་འགྲོགས་ན་སྡིག་སྒྲིབ་ཀྱིས་གནོད་པས། མི་དེ་འདྲ་ཁྱིམ་དུ་ཡོང་ནའང་བསེ་རག་འཁྲི་ནས་གཡང་ཉམས་པ་དང་། བྱིན་རླབས་ཀྱི་རྟེན་རྩ་ཆེན་དེའི་ལག་ཏུ་བཞག་ན་ཉམས་འགྲོ་བ་ཡིན། གཏི་མུག་གི་སྒོ་ནས་གནད་མི་ཤེས་པར་སྲོག་བཅད་པའི་རྣམ་སྨིན་མྱོང་རབས་ཤིག་བཤད་ན། གནའ་སྔ་མོར་དགྲ་བཅོམ་པ་ཞིག་དུད་ཚང་ཞིག་གི་སྒོར་བཞུགས་ཡོད་པ་དང་། དུད་ཚང་དེའི་ཁྱིམ་གྱི་ཕ་ཟུར་ནས་མི་ཞིག་གིས་བཤས་ཟོག་ཅིག་ཁྲིད་ནས་ཡོང་བཞིན་ཡོད་པ་དེས་ངུར་སྒྲ་འབྱིན་སྐབས། དུད་འགྲོའི་སྐད་དང་སྔོན་ལས་ཐམས་ཅད་མཁྱེན་ནས་ཀྱེ་མ་ཀྱེ་ཧུད་ག་ལ་སྲིད་ཅེས་པའི་གསུངས་ཤོར་བས། མི་དེས་དགེ་སློང་ཁྱེད་ཀྱིས་ཅི་ཞིག་གསུངས་པ་ཡིན་ཞེས་དྲིས་དུས། དགེ་སློང་གིས་དེ་ལ་མི་དད་པའི་མི་ལ་བཤད་མི་རུང་ཡང་ཁྱོད་ཀྱིས་དྲིས་པ་ལ་ལྐོག་ཏུ་ངས་བཤད་ཅེས་གསུངས་པ། ཟོག་འདིའི་སྐྱེ་བ་ཡང་སྔོན་ཞིག་ལ་ཚོང་པ་ཕྱུག་པོ་ཞིག་ཡིན། དེའི་དུས་ཁོ་རང་གིས་རྟེན་བཞེངས་བྱས་ནས། དེའི་ཆོས་སྟོན་གྱི་སྐབས་སེམས་ཅན་མང་པོ་བསད། དེའི་ཁྱིམ་ཚང་གིས་ཕྱིན་ཆད་ཆོས་སྟོན་གྱི་སྐབས་སེམས་ཅན་མང་པོའི་ཤ་སྟོན་བྱེད་པའི་གཤོ་དར་བ་ཡིན། དེའི་རྒྱུ་མཐུན་གྱི་འབྲས་བུ་ཚོང་པ་ཤི་ནས་ཁྱིམ་དེའི་སྒོ་ཟོག་ཏུ་ཚུར་སྐྱེས་ཏེ་བསད་པ་ནི་ད་རེས་འདི་དང་ཐེངས་མ་དྲུག་རེད་ཅེས་གསུངས། ཡང་དགྲ་བཅོམ་པ་དེས་དུད་འགྲོ་དེ་སྙིང་རྗེ་བས་གསུངས་པ། སྔོན་རྟེན་བཞེངས་བྱེད་མཁན་ཡང་ཁྱོད་རང་རེད། ཕྱུགས་བསད་དེ་མཆོད་སྦྱིན་བྱེད་མཁན་ཡང་ཁྱོད་རང་རེད། ད་འབྲས་བུ་མྱོང་བ་པོ་ཡང་ཁྱོད་རང་ལ་བབ་སོང་བ་ཡིན། སྔོན་ལས་ལ་གཟུར་རྒྱུ་མེད། ད་ངུར་སྒྲ་བྱས་ནས་འབོད་པས་ཕན་ཐོགས་ཅི་ཞིག་ཡོད། དེ་བས་སེམས་ཀྱིས་འགྱོད་བཤགས་རེ་གྱིས་ལ་འཆི་ཁར་སྨོན་ལམ་ཡག་པོ་རེ་ཐོབ་ཅེས་གསུངས། རྣམ་སྨིན་ནི་དེ་ལྟར་སྨིན་རྒྱུ་ཅན་ཞིག་ཡིན། བཅོམ་ལྡན་འདས་ཀྱིས། རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ཅེས་གསུངས་པ་ལྟར་དུ། འཇིག་རྟེན་ན་གཅེས་པ་རང་སྲོག་ཡིན་པས། ཐ་ན་ཚེར་མའི་ཟུག་པ་ཙམ་ཡང་མི་བཟོད་ན་རང་གཅེས་པ་རྒྱུ་མཚན་དུ་བྱས་ཏེ་གཞན་གྱི་སྲོག་དང་ལུས་ལ་གནོད་པ་བྱེད་རུང་བ་མ་ཡིན། རྒྱལ་སྲས་ཞི་བ་ལྷས། གང་ཚེ་བདག་དང་གཞན་གཉིས་ཀ །སྡུག་བསྔལ་མི་འདོད་མཚུངས་པ་ལ། །བདག་དང་ཁྱད་པར་ཅི་ཡོད་ན། །གང་ཕྱིར་གཞན་མིན་བདག་སྲུང་བྱེད། །ཅེས་གསུངས་པ་ཡིན། སྲོག་བཅད་པའི་རྣམ་སྨིན་ལྕི་བ་བཞིན་དུ་སྲོག་གཅོད་སྤངས་པའི་ཕན་ཡོན་ཡང་དེ་ལྟར་ཆེ་བ་ཡིན། སྲོག་གཅོད་སྤངས་པའི་གང་ཟག་ལ་བྱམས་སྙིང་རྗེ་ངང་གིས་སྐྱེ་བ་དང་། དཀར་ཕྱོགས་སྐྱོང་བའི་ལྷ་ཡིས་སྡོང་གྲོགས་བྱེད་པ་དང་། འདྲེའི་བར་ཆད་ཀྱིས་མི་ཚུགས་པ་དང་། སྲོག་ཆགས་ཐམས་ཅད་ཀྱིས་གཉེན་དུ་བརྩི་ཞིང་དགའ་བ་དང་། ཅི་བསམ་ཡིད་བཞིན་དུ་འགྲུབ་པ་ཡིན། སེམས་ཅན་གྱི་སྲོག་ལ་འཚེ་བ་ཇི་ལྟར་བྱས་ན་དེའི་ཚོད་ཀྱིས་བསོད་ནམས་ཉམས་འགྲོ་བ་བཞིན་དུ་ཅི་ཙམ་མ་བསད་ནའང་དེ་ཙམ་གྱིས་བསོད་ནམས་ཇེ་འཕེལ་དུ་འགྲོ་བ་ཡིན། སྡིག་པ་ལ་ཡོན་ཏན་མེད་ཀྱང་བཤགས་ན་དག་པ་སྡིག་པའི་ཡོན་ཏན་ཡིན་གསུངས་པས་སྔོན་ཆད་སྲོག་མང་པོ་བཅད་མྱོང་མཁན་ཞིག་ཡིན་ན། ཕྱིན་ཆད་མི་གསོད་རྒྱུའི་དམ་བཅའ་དང་ལྡན་པའི་སྡིག་བཤགས་རེ་བྱས་ནས་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་རེ་ཐོབ་དང་འགྲུབ་མི་འགྲུབ་ལ་སྐྲག་མི་དགོས་པ་ཡིན། སྔོན་སུམ་ཅུ་རྩ་གསུམ་གྱི་ལྷ་ཡི་བུ་ཞིག་འཆི་ལྟས་ལྔ་བྱུང་བས་ལྷའི་མངོན་ཤེས་ཀྱིས་གར་སྐྱེ་བལྟས་དུས། ཕག་ཅིག་གི་ལུས་ལེན་པར་ཤེས་ནས་ངུ་འབོད་བྱས་སོ། །དེའི་གནས་ཚུལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཤེས་ཏེ་བཅོམ་ལྡན་འདས་ལ་ཞུས་པས། བཅོམ་ལྡན་འདས་ཀྱིས་སྲོག་གཅོད་སྤང་དུ་ཆུག་དང་ངན་སོང་ནས་ཐར་བར་འགྱུར་རོ་གསུངས་པས། བརྒྱ་བྱིན་གྱིས་ལྷའི་བུ་དེ་ལ་ཁྱོད་ཀྱིས་སྲོག་གཅོད་སྤོང་བའི་སྡོམ་པ་ལོངས་དང་ངན་སོང་ལས་ཐར་ཐུབ་ཅེས་སྡོམ་པ་ལེན་དུ་བཅུག་པས་དེ་ཚེ་འཕོས་ནས་དགའ་ལྡན་ལྷ་ཡུལ་དུ་སྐྱེས་སོ། །དེས་ན་རང་ལེགས་སུ་འདོད་པའི་གང་ཟག་ཅིག་ཡིན་ན། རང་གིས་སེམས་ཅན་གྱི་སྲོག་མི་གཅོད་ཅིང་། གཞན་ལ་ཡང་དེ་ལྟར་དུ་སྲོག་བཅད་ཀྱི་ཉེས་དམིགས་དང་སྲོག་གཅོད་སྤངས་པའི་ཕན་ཡོན་བསྒྲགས་ན་བསོད་ནམས་ལྷག་པར་ཆེ་བ་ཡིན། དེའི་ཡན་ཆད་ཀྱིས་མི་དགེ་བ་བཅུ་ལས་ལུས་ཀྱི་མི་དགེ་བ་སྲོག་གཅོད་ཀྱི་སྐོར་དེ་དཔེ་དོན་སྦྲགས་མ་བྱས་ནས་བཤད་པའོ། །གཉིས་པ་མ་བྱིན་ལེན་ནི། འདི་ཡང་དུག་གསུམ་གང་རུང་གི་ཀུན་སློང་དང་། གཙོ་བོ་འདོད་པའི་དབང་གིས་འབྱུང་ཉེ་བ་ཞིག་ཡིན། མ་བྱིན་ལེན་གྱི་ནང་གི་ཉེས་པ་ཆེ་ཤོས་ནི། རྟེན་གསུམ་བཞེངས་པའི་ཆ་རྐྱེན་གྱི་རྒྱུ་ནོར་མཆོད་རྫས་དང་། དགེ་འདུན་ཐུན་མོང་གི་རྒྱུ་རྫས་དང་། ཕ་མའི་རྒྱུ་ནོར་རྐུ་བ་དེ་ཚོ་ཉེས་པ་ཆེ་ཤོས་ཡིན། དེའི་འཕྲོར་རྐུ་འཕྲོག་བཅོམ་གསུམ་དང་བཙན་པོའི་སྒོ་ནས་ལེན་པ་དང་། གཡོ་སྒྱུ་སྣ་ཚོགས་པའི་སྒོ་ནས་ལེན་པ་དེ་ཚོ་ཡིན། ཁྱད་པར་དུ་དཀོན་མཆོག་གི་རྟེན་བཞེངས་རྒྱུ་དང་། དགེ་འདུན་པ་ལ་ཁག་བཞག་ནས་རྒྱུ་ནོར་གཡོ་ལེན་བྱེད་པའི་ལོག་འཚོའི་འཚོ་བ་སྐྱེལ་བ་ནི་ཡར་ཐར་མེད་པའི་ལས་ངན་དངོས་ཡིན་པ་དང་། ཆོས་མིན་ཆོས་ལྟར་བཅོས་ནས་རྒྱུ་ནོར་ལེན་པ་དང་། ཟོག་པོས་གྲུབ་ཐོབ་ཀྱི་རྣམ་པ་བསྟན་ཏེ་དཀོར་ནོར་བསྡུ་བ་དེ་ལོག་པའི་འཚོ་བ་མ་བྱིན་ལེན་གྱི་ནང་ནས་ཚབས་ཆེ་ཤོས་ཡིན། མ་ཎི་བཀའ་འབུམ་གྱི་ནང་དུ་དཀོར་རྫས་བསྡུས་ཏེ་ཕ་མ་གཉེན་གྲོགས་གསོས་ན། དཀོར་བསྡུ་མཁན་རྔ་མོང་དུ་སྐྱེ་ཞིང་ཟ་མཁན་རྔ་ཕྲུག་ཏུ་སྐྱེ་བ་དང་། ཡོན་བདག་ཐམས་ཅད་རྔ་མོང་གི་བདག་པོར་སྐྱེས་ཏེ་ལན་ཆགས་འཇལ་དགོས་ཞེས་གསུངས་པ་ཡིན། རབ་ཏུ་བྱུང་བ་ཞིག་ལ་ཕམ་པ་བཞིའི་ནང་ནས་བསྲུང་དཀའ་ཤོས་ཀྱང་འདི་ཡིན། གྲུབ་ཆེན་ཐང་སྟོང་རྒྱལ་པོས། རྡོ་ཕ་བོང་གཅིག་གི་ནང་ནས་སྦྲུལ་འདོམ་པ་གང་ཙམ་ཞིག་གི་ལུས་ཐོག་ལ་སྲོག་ཆགས་གཞན་པ་སྟོང་ཕྲག་མང་པོས་ཁ་ལག་ཐམས་ཅད་འཐམས་ནས་ཟ་བ་ཞིག་ལ་ལྗགས་ཆབ་གཏོར་ཏེ། གནས་སྤར་མཛད་ནས་གྲྭ་པ་ཡོན་ཏན་མེད་པས་དཀོར་ཟོས་ན་འདི་འདྲ་འགྱུར་བ་ཡིན་ཞེས་གསུངས་པ་ཡིན། གྲྭ་བ་ཡོན་ཏན་མེད་པས་དཀོར་ཟོས་ན་དེ་འདྲ་ཉེས་པ་ཆེ་ན། བླ་མ་ཡོན་ཏན་མེད་པ་བླ་རྫུན་རྟགས་ཙམ་འཆང་བ་ཞིག་གིས་དཀོར་ཟོས་ན་ཅི་འདྲའི་སྡུག་བསྔལ་ཞིག་མྱོང་མི་དགོས། མྱོང་བའི་ལོ་རྒྱུས་ཀྱང་ཡོད་དེ། གནའ་སྔ་མོ་རྗེ་ཁ་རག་པ་ཞེས་པའི་བླ་མ་རྩ་ཆེན་ཞིག་བཞུགས་ཡོད་པ་ལ། ཁོང་གི་གཟིམ་ཁང་གི་ཉེ་འཁོར་དུ་ཁྲ་སྡིག་ཅན་ཞིག་ཡོད་པ་དེས་བྱིའུ་བརྒྱ་སྟོང་ཁྲི་འབུམ་བསད་བསད་དེ་ཉིན་ཞིག་ཁྲ་རྒན་དེ་ཤི་སོང་བས། བླ་མས་མངོན་ཤེས་ཀྱིས་དེ་གར་སྐྱེ་བལྟ་དགོས་སྙམ་སྟེ་གཟིགས་དུས། ཁྲ་རྒན་སྡིག་པ་ཆེ་ན་ཡང་སྔོན་གྱི་དགེ་འབྲས་ཅུང་ཟད་ཅིག་ཡོད་པའི་དབང་གིས་འབྲོག་པ་ཕྱུག་པོ་ཞིག་གི་བུར་སྐྱེས་། ཡིན་ནའང་སྔོན་མ་བསད་བསད་གཏུབས་གཏུབས་ཀྱི་ལས་དབང་གིས་ཚེ་རིང་པོ་མ་ཐུབ་སྟེ་ཤིའོ། །ཡང་གར་སྐྱེ་གཟིགས་པས། བླ་མ་དགེ་བཤེས་ཆེན་པོ་གདུལ་བྱ་ཕྲིན་ལས་ཤིན་ཏུ་རྒྱས་པ་ཞིག་གི་ལུས་བླངས་པ་ཡིན། བླ་མ་བར་སྐབས་ཤིག་ལ་གདུལ་བྱ་རྒྱས་ཆེ་ནས་གཤིན་ཆོག་ཐམས་ཅད་རྟ་ཐོག་ནས་མར་མ་བབ་སྟེ་བྱོན་ཞོར་དུ་མཛད་ནས་འཕོ་རྟ་མང་པོ་རྟ་ཐོག་ནས་རུག་མཁན་དུ་གྱུར་པས་བླ་མ་རྟ་ཆོག་པ་ཞེས་གྲགས་པར་གྱུར། ཐ་མར་ཁྲོམ་དབང་ཆེན་པོ་ཞིག་བསྐུར་རྩིས་བྱེད་དུས། བླ་མ་བསམ་ལོང་དྲན་ལོང་མེད་པར་གཤེགས་སོང་། དེའི་དུས་བླ་མ་ཁ་རག་པ་ཚང་གི་ཉེ་གནས་ཤིག་དེར་ཡོད་པས་བླ་མ་འདས་པའི་དབང་པོ་རྣམ་ལྔ་སྦྱང་ཆོག་བྱེད་རྒྱུར་ཁ་རག་པའི་མདུན་སར་བསྐུར་བ་དང་། གྲྭ་པས་བླ་མའི་མདུན་དུ་མ་ཐོན་གོང་བྲག་རྩ་ཞིག་ཏུ་བླ་མ་འདས་པའི་སྐུ་གདུང་དེ་དར་གྱིས་ལྕིབས་ནས་བཞག་སྟེ། བླ་མ་ཁ་རག་པའི་མདུན་དུ་སོང་ནས་ལོ་རྒྱུས་ཚང་མ་ཞུས་སྐབས། བླ་མས་ཁོང་གི་སྣམ་སྦྱར་དེ་བསྐུར་ཏེ་དེས་བཏུམས་ལ་ཁྱེར་ཤོག་གསུངས། གྲྭ་པས་སྣམ་སྦྱར་ཁྱེར་ནས་དར་ཁ་ཚུར་བཤིག་སྟེ་བལྟས་དུས། བླ་མ་འདས་པའི་དབང་པོ་རྣམ་ལྔ་གང་ན་ཡོད། སྡིག་པ་ར་ཙ་གྲུ་གང་ཙམ་དུ་གྱུར་ནས་འདུག་པ་ལ། ཕྱིར་འོང་ནས་བླ་མ་ལ་ཞུས་མ་ཐག་ཏུ། བླ་མ་ཁ་རག་པ་ཁོང་བྱོན་ནས་སྣམ་སྦྱར་གྱིས་གཡོགས་ཀྱང་རྟེན་འབྲེལ་མ་འཛོམས་པས་མ་ཐུབ་སྟེ་ཤོར། བྲག་ཆེན་པོ་ཞིག་གི་རྩར་བརྒྱུགས་ནས་བྲག་རྩར་ཐོན་སྐབས་ལས་ཀྱི་དབང་གིས་བྲག་གི་ཁ་རང་བྱེ་རུ་བྱུང་བའི་ནང་དུ་འཛུལ་བ་དང་བྲག་གི་ཁ་ཟུམ་སོང་། བླ་མ་དེ་ལ་འབྲེལ་བ་ཐོབ་པའི་རྣམ་ཤེས་སྲོག་ཆགས་མང་པོ་བྲག་དེ་ལ་ཐིམ་ནས་སྡིག་པ་ར་ཙ་དེའི་ལུས་ལ་ཁ་ཟས་བྱས་ནས་འཆིའང་མི་ཐུབ་པའི་སྡུག་བསྔལ་མྱོང་ཞིང་། སྡིག་པ་ར་ཙ་དེའི་སྙིང་ནང་ནས་ཤིང་སྡོང་ཆེན་པོ་ཞིག་སྐྱེས། བླ་མ་ཁ་རག་པའི་སློབ་མ་རྣམས་ཀྱིས་ལས་ངན་འདི་དུས་ནམ་ཞིག་ནས་ཐར་བ་ཡིན་ཞུས་པས། ཤིང་སྡོང་ཆེན་པོ་དེའི་ཐོག་བྱ་བབ་པའི་བྱའི་སྡེར་མོས་བཞོགས་ནས་ཤིང་སྡོང་དེ་མ་ཟད་ཀྱི་བར་ཐར་བར་མི་འགྱུར་རོ་ཞེས་གསུངས་པ་ཡིན། དེས་ན་དཀོར་ནག་པོ་བྱུང་རྒྱལ་དུ་སྤྱོད་པ་འདི་བདེ་བ་ཅན་དུ་སྐྱེ་བ་ལ་བར་དུ་གཅོད་པའི་སྒྲིབ་པ་གཅིག་ཡིན་པས། དེ་ལྟ་བུའི་མ་བྱིན་ལེན་གྱི་ཉེས་དམིགས་བསམས་ནས་སྲོག་ལ་བབ་ཀྱང་མ་བྱིན་ལེན་པ་སྤངས་ན། དེ་མཐོ་རིས་སུ་སྐྱེ་ཞིང་ལོངས་སྤྱོད་ཤིན་ཏུ་ཆེ་བ་དང་། གནོད་པ་མེད་པར་རང་དབང་དུ་སྤྱོད་ཆོག་པའི་ཕན་ཡོན་ཆེན་པོ་ཡོད་པའོ། །གསུམ་པ་མི་ཚངས་སྤྱོད་ནི། མི་ཚངས་སྤྱོད་འདི་ཚངས་སྤྱོད་སྡོམ་ལྡན་གྱི་ཕམ་བཞིའི་ནང་གི་གཅིག་ཡིན། འདི་ནས་གཙོ་ཆེ་བའི་དབང་དུ་བྱས་ཏེ་བརྗོད་བདེར་གསུངས་པ་མ་གཏོགས། ཁྱིམ་པར་བཀག་རྒྱུ་དངོས་ནི་འདོད་པས་ལོག་པར་གཡེམ་པ་སྟེ་རང་ཉིད་ཀྱི་བཟའ་ཟླ་མ་ཡིན་པའི་སྐྱེས་པ་དང་བུད་མེད་བསྟེན་པ་ཡིན། འདི་ཡང་དུག་གསུམ་གྱི་དབང་གིས་སྤྱད་པ་ལས་གཙོ་བོ་འདོད་པ་ལས་བྱུང་བ་ཡིན། འདི་ལ་ཡང་རིགས་ཀྱིས་བསྲུངས་པ་དང་། ཡུལ་དུས་ཀྱིས་བསྲུངས་པ་དང་། མ་སྨིན་པ་དང་། གནས་མ་ཡིན་པ་ལ་སོགས་པའི་རྣམ་གྲངས་ཡོད་ཅིང་། དེས་ན་རབ་ཏུ་བྱུང་བ་ཞིག་ཡིན་དུས་མི་ཚངས་སྤྱོད་ཀྱི་ཕམ་ལྟུང་བྱུང་ན་སྡོམ་པ་ཡོངས་སུ་གཏོང་བ་ནི་སྨྲོས་མ་དགོས་ཤིང་། འདི་ནས་མི་དགེ་བ་བཅུ་བརྩི་དུས་ཁྱིམ་པའི་ཕྱོགས་གཙོ་བོར་བྱས་ཏེ་ལོག་གཡེམ་གསུངས་པ་ཡིན། སྐལ་བ་དང་ལྡན་པའི་གང་ཟག་རང་རང་གི་ངོས་ནས་མི་ལུས་ཐོབ་པ་དོན་ཡོད་ཀྱི་ཐོག་ནས་ཕྱི་མ་བདེ་བ་ཅན་གྱི་ཞིང་ཁམས་སུ་ཨེ་སྐྱེ་བསམ་པ་ཡིན་ན། ཁྱིམ་པས་འདོད་ལོག་དང་། རབ་ཏུ་བྱུང་བ་ཞིག་ཡིན་ན་མི་ཚངས་སྤྱོད་ཕྱོགས་མཐུན་དང་བཅས་པ་སྤོང་བ་ལ་བརྩོན་པ་བསྐྱེད་དགོས། དེ་ལྟར་བྱས་ན་ཚེ་འདིར་ཐམས་ཅད་ཀྱིས་བསྟོད་ཅིང་བསྔགས་པ་བརྗོད་པ་དང་། ཡ་རབས་དམ་པའི་རིགས་སུ་འགྱུར་བས་མ་ཟད། ཚེ་རབས་ཀུན་ཏུ་ཚུལ་ཁྲིམས་བསྲུང་རྒྱུར་དགའ་བ་དང་། གནས་སྐབས་སུ་ལྷ་ཡུལ་ལ་སོགས་པ་མཐོ་རིས་ཀྱི་གནས་སུ་སྐྱེས་ནས་མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པ་ཐོབ་པའི་རྒྱུར་འགྱུར་བ་ཡིན། དེ་ཡིས་ལུས་ཀྱི་མི་དགེ་གསུམ་པོ་སོང་བས་དེ་ལྟ་བུ་ལུས་ཀྱི་སྒོ་ནས་བསགས་པའི། སྲོག་གཅོད་མ་བྱིན་ལེན་དང་མི་ཚངས་སྤྱོད་དམ་འདོད་ལོག་སྤྱད་པའི་མི་དགེ་གསུམ་པོ་དེ་མགོན་པོ་འོད་དཔག་མེད་འཁོར་དང་བཅས་པའི་སྤྱན་སྔར་འགྱོད་པ་དང་བཅས་མཐོལ་ལོ་བཤགས་སོ་ཞེས། གནོང་ཚིག་དང་བཅས་པས་བཤགས་སྡོམ་གྱི་ཚིག་བརྗོད་པ་སྟེ། སྡིག་པ་མི་གསང་བར་མཐོལ་ལོ། །སྡིག་པ་རང་རྒྱུད་དང་ཐ་དད་དུ་ཕྲལ་ནས་བཤགས་སོ་ཞེས་པའོ།།

གཉིས་པ་ངག་གི་མི་དགེ་བ་བཞི་བཤགས་པ།

རྫུན་དང་ཕྲ་མ་ཚིག་རྩུབ་ངག་འཁྱལ་བ།།

ངག་གི་མི་དགེ་བཞི་པོ་མཐོལ་ལོ་བཤགས།།

ཞེས་གསུངས་ཏེ། དང་པོ་རྫུན་ནི། མ་མཐོང་བཞིན་དུ་ལྷ་འདྲེ་མཐོང་བར་སྨྲ་བ་དང་། མ་ཐོབ་བཞིན་དུ་གྲུབ་རྟགས་དང་ལུང་བསྟན་ཐོབ་པར་སྨྲ་བའི་མི་ཆོས་བླ་མའི་རྫུན་རབ་ཏུ་བྱུང་བ་ཞིག་ཡིན་ན་ཕམ་ལྟུང་འབྱུང་བྱེད་ཀྱི་རྫུན་དང་། ཆོས་དང་བླ་སེར་ལ་སྐུར་འདེབས་ངན་འདོགས་བྱེད་པ་དང་། བླ་མ་དང་ཕ་མ་བསླུ་བའི་རྫུན་ཆེན་པོ་དང་། གཞན་མགོ་སྐོར་གྱི་ཚིག་གིས་བསླུ་བའི་རྫུན་འབྲིང་པོ་དང་། ཁ་ཤོབ་སྣ་ཤོབ་ཨ་མཚར་གྱི་རྩེད་མོ་ཡན་ཆད་ཀྱི་མཐོ་བཤད་དམའ་བཤད་ཀྱི་རྫུན་ཆུང་ཆུང་སྟེ། རྫུན་འདི་ལ་ཡང་དུག་གསུམ་གྱིས་ཀུན་ནས་བསླངས་པའི་རྫུན་འདྲ་མིན་ཡོད་པ་ཡིན། རྫུན་སྨྲ་བ་ལ་ཡང་ཉེས་པ་ཆེ་བས་རྣམ་སྨིན་ཡིད་དུ་མི་འོང་བ་ཚེ་འདི་དང་ཕྱི་མར་མྱོང་དགོས་པ་ཡིན། རྫུན་མི་བཤད་པ་ནི་གནས་སྐབས་སུ་ཀུན་ཀྱིས་ཡིད་ཆེས་ཀྱི་གནས་སུ་བཞག་ནས་མི་རབ་གསེར་འདྲ་འདྲ་བརྩི་བ་དང་། ཕྱི་མར་ལྷ་ཡུལ་དུ་སྐྱེ་ཞིང་། མཐར་ཐུག་རྫོགས་པའི་སངས་རྒྱས་ཐོབ་པའི་རྒྱུར་འགྱུར་བ་ཡིན། མདོ་ལས། རིན་པོ་ཆེ་ཐམས་ཅད་ཀྱི་ནང་ནས་བདེན་པའི་རིན་པོ་ཆེ་མཆོག་ཏུ་བཟང་ངོ་། །སྒྲོན་མ་ཐམས་ཅད་ཀྱི་ནང་ནས་བདེན་པའི་སྒྲོན་མ་མཆོག་གོ །མཛའ་བཤེས་ཐམས་ཅད་ཀྱི་ནང་ནས་བདེན་པའི་མཛའ་བཤེས་ཁྱད་པར་འཕགས་པ་ཡིན་ནོ། །ཞེས་གསུངས་པ་ཡིན། མི་རྫུན་རྐྱལ་ཞིག་ཡིན་ཚེ་འདིས་བརྒྱ་བཤད་ན་གཅིག་མི་བདེན། ཀན་གྱིས་ཅི་མི་ཟེར་ཨ་ཞིག་མིན་ཚད་པོ་ཤོབ་ཡིན་རྒྱུ་རེད་སྙམ་པ་ཡིན། ཤོབ་གཅིག་གིས་མི་གཅིག་གི་ཚེ་གང་རྫོད་འགྲོ་བ་ཡིན། གཉིས་པ་ཕྲ་མ་ནི། མཐུན་པ་ཚིག་གི་སྒོ་ནས་མི་མཐུན་པར་བྱེད་པ་དེ་ལ་ཕྲ་མ་ཞེས་ཟེར་བ་ཡིན། འདི་ལ་ཆེ་ས་ནས་དགེ་འདུན་འཁོར་ལོའི་དབྱེན་འདི་དེང་སང་མེད་ནའང་དེའི་ཕྱོགས་མཐུན། བླ་མ་སྐྱེས་ཆེན་འཁོར་དང་བཅས་པ་དབྱེ་བའི་དབྱེན་ཆེན་པོ་དང་། དགོན་སྡེ་ཕན་ཚུན་དང་དགེ་འདུན་འདུས་སྡེའི་བར་དབྱེ་བའི་དབྱེན་འབྲིང་པོ་དང་། ཐ་ན་ཁྱིམ་མཚེས་བཟའ་ཚང་དབྱེ་བ་ཙག་གི་ཙིག་གིའི་དབྱེན་ལ་སོགས་པ་ཕྱི་ཁ་ནང་དབྱེན་གྱིས་འཁོན་ཁ་གཏུག་པ་སྟེ། འདི་ལ་ཡང་དུག་གསུམ་གྱིས་ཀུན་ནས་བསླངས་པའི་ཁྱད་པར་གྱིས་རྣམ་སྨིན་འདྲ་དང་མི་འདྲ་མྱོང་དུ་ཡོད་པ་ཡིན། མི་འགའ་རེ་ཡར་ལ་བརྒྱུགས་ཏེ་དགོན་པ་དཀྲུག མར་ལ་བརྒྱུགས་ཏེ་སྡེ་བ་དཀྲུག དགོན་པ་དང་དགོན་པའི་བར་དཀྲུག སྡེ་བ་དང་སྡེ་བའི་བར་དཀྲུག ཕྱི་དཀྲུག་སྡེ་བ་དཀྲུག ནང་དཀྲུག་བཟའ་ཚང་དཀྲུག་ཡོས་རྔོད་བྱེད་ཀྱི་ཡོག་ཐོད་ཅིག་དང་མཚུངས་པར་ཚང་མ་དཀྲུག་པའི་དཀྲུག་ཐུར་ཕུང་གསུམ་ཐལ་བའི་ཡོག་མགོ་རུ་གྱུར་པའང་ཡོད་པ་ཡིན། དེ་ཚོ་ཤི་མ་ཐག་ཏུ་དམྱལ་བ་མནར་མེད་དུ་སྐྱེ་འགྲོ་རྒྱུ་མ་གཏོགས་མེད་པར་སངས་རྒྱས་ཀྱི་བཀའ་ཚད་མས་གྲུབ་པ་ཡིན། ས་ཐོབ་ཀྱི་སེམས་དཔའ་སྐྱེས་བུ་དམ་པ་དབྱེན་གྱིས་དཀྲུག་མི་ཐུབ་ན་ཡང་། སོ་སྐྱེའི་རང་གཤིས་ལས་མ་འདས་པའི་ཕལ་བ། དེ་ལས་ཀྱང་དེ་རིང་ཁ་རྩང་གི་དུས་ཚོད་ཀྱི་མི། ཨ་གསར་ཆེ། རྔ་ལོ་ཡང་། དྲན་རྒྱུ་མང་། ལས་རྒྱུ་འབེལ། རང་འདོད་ཆེ། བློ་གྲོས་དམན་པ་རྣམས་དབྱེན་གྱིས་གཏོར་ཐུབ་པ་ཡིན། དེས་ན་འདིར་ཡོད་སེར་སྐྱ་ལ་མ་ལྟོས་པར་ཚང་མ་ལ་མཚོན་ན། སྤྱིར་ན་རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པ་གཅིག་གིས་སྦྲེལ་བའི་མཆེད་ཡིན་པ་དང་། དེའི་ཐོག་ཏུ་ཆོས་གཅིག་དང་ཆོས་བརྒྱུད་གཅིག་གིས་སྦྲེལ་བའི་སྤུན། ཁྱད་པར་དུ་ཞིང་ཁྲིད་འདི་ལ་འབྲེལ་ཚད་པོ་སངས་རྒྱས་འོད་དཔག་མེད་ཀྱི་སྲས། བདེ་བ་ཅན་དུ་འགྲོ་བའི་ལམ་གྲོགས་ཡིན་པས་དབྱེན་ཁ་དཀྲུག་ཤིང་མཁན་གྱི་རྗེས་སུ་འབྲངས་ནས་དམ་ཚིག་ལ་སེལ་ཞུགས་སུ་འཇུག་མི་རུང་། དེ་ནི་གཟབ་དགོས་སའི་གལ་ཆེན་གྱི་གནད་ཅིག་ཡིན། གནའ་སྔ་མོ་ཞིག་ལ་སེང་གེ་ཞིག་གིས་བ་གླང་མོ་ཞིག་བསད་ནས་དེའི་ཕྲུ་གུ་དེ་རང་གི་ཕྲུ་གུ་དང་མཉམ་པོར་གསོས་པས་ནར་སོན་ཏེ་གཉིས་ཀ་ཆེན་པོར་གྱུར་བ་ན། ཉིན་ཞིག་སེང་གེ་མོ་འཆི་རན་པའི་དུས་སུ་ཁ་ཆེམས་བཞག་སྟེ། ཁྱེད་གཉིས་ཀ་ངའི་ནུ་མ་གཅིག་གིས་གསོས་པའི་སྤུན་ཡིན་པས་མཐུན་པར་གནས་དགོས། འཇིག་རྟེན་འདིའི་ཐོག་ཕྲ་མ་མཁན་མང་བས་ང་ཤི་ཚར་རྗེས་ལ་སུ་ཞིག་གི་ཁ་ལའང་ཉན་མི་རུང་ཁྱེད་གཉིས་མཐུན་པོ་གྱིས་ཤིག་ཟེར་ཏེ་ཤིའོ། །དུས་རྒྱུན་དུ་སེང་གེའི་རྗེས་སུ་དེད་ནས་ལྷག་རོ་ཟ་མཁན་གྱི་ཝ་རྒན་ཞིག་ཡོད་པ་ཡིན། སེང་གེས་ནམ་ཡིན་དུ་རི་དྭགས་རེ་བསད་དེ་མགྱོགས་པར་བཟས་ཚར་སྐབས་ཁྱིམ་གྱི་གྲོགས་པོ་དྲན་ནས་ཚང་དུ་ལོག་པ་ཡིན། རི་དྭགས་མང་པོ་མ་བསད་དུས་ཝ་རྒན་གྱིས་ཟ་ལྷག་དེ་ཙམ་ཟ་རྒྱུ་མ་ལོན་པས། ཝ་རྒན་ཁོང་ཁྲོ་ལངས་ནས་ངས་སེང་གེའི་ཟ་ལྷག་ཟ་རྒྱུ་མི་རྙེད་པའི་རྩ་བ་ཁྱུ་མཆོག་འདིའི་ཁུངས་ནས་བྱུང་བ་ཡིན་འདུག་པས། འདི་གཉིས་མི་མཐུན་པའི་གཏམ་ཞིག་གིས་དབྱེ་དགོས་སྙམ་ནས། ཝ་ཡི་རིགས་དེ་སྤྱིར་ན་གཡོ་སྒྱུ་ཆེ་བ་ཡིན་པས། ཁྱུ་མཆོག་གི་ཟུར་དུ་སོང་ནས་གཞའ་གཞའ་གཞུམ་གཞུམ་གྱིས་རྣ་བ་ཕབ་ནས་ཉལ་ཏེ་ཞུམ་ཞུམ་གྱིས་ཉམ་ང་སྟོན་པས། ཁྱུ་མཆོག་གིས་ཞང་པོ་ཁྱོད་ནའམ། ཁྱོད་ཀྱི་ནད་དེ་རླུང་དང་ཚ་བ་གང་ཡིན་ཞེས་དྲིས་པས། ཝ་རྒན་གྱིས་ཤི་ཁུལ་འགུལ་ཁུལ་བྱས་ནས། ང་ལུས་མི་ན་ཡང་སེམས་ན་ནས་མི་བཟོད་པར་འདུག་ཟེར་བར། ཁྱོད་སེམས་ན་རྐྱེན་ཅི་ཞིག་གིས་མ་ཉན་པ་ཡིན་ཞེས་དྲིས་དུས། སེང་གེས་བཤད་རྒྱུར་ཁྱུ་མཆོག་གིས་ཁྱོད་གསོད་དགོས་ཟེར་འདུག་དེ་ཡིས་སེམས་མི་བདེ་བ་ཡིན་ཞེས་ཤོབ་ཆེན་པོ་ཞིག་བཤད་པས། ཁྱུ་མཆོག་གིས་བསམ་བློ་ཞིག་བཏང་ནས་ངེད་གཉིས་མ་གཅིག་གི་ནུ་མས་མཉམ་དུ་གསོས་པ་དང་། དེས་མ་ཚད་མ་ཡིས་ཁ་ཆེམས་བཞག་ཡོད་པས་མི་བདེན་ངེས་ཅན་ཡིན་སྙམ་ནས། ཝ་རྒན་ཁྱོད་ཀྱིས་ཤོབ་དེ་འདྲ་མ་བཤད་ཟེར་བར། ཝ་རྒན་གྱིས་ངས་བཤད་པ་ལ་བདེན་དུ་མ་བཟུང་ན་དེ་རེད་ཟེར་ནས་སོང་ངོ་། །ཡང་སེང་གེའི་ཟུར་དུ་སོང་སྟེ་ད་ལྟའི་དེ་ཨ་ན་མ་ན་འདྲ་ཞིག་བཤད་པས། སེང་གེས་ཀྱང་ཁྱུ་མཆོག་གིས་བཤད་པ་ནང་བཞིན་ཡིད་མི་ཆེས་པར་སྨྲས་ན་ཡང་། གཉིས་ཀའི་ཁོག་ལ་དོགས་པ་མི་སྐྱེ་ཞེས་ཀྱང་སྐྱེས་པས། གཉིས་སྔར་བཞིན་ཚང་ལ་ཚུར་འཛོམས་དུས། སྔར་དང་མི་འདྲ་བའི་གཅིག་གིས་གཅིག་ལ་རྟོག་དཔྱོད་བྱེད་རྒྱུའི་བསམ་བློ་རེ་འཁོར་བས། དུས་རྒྱུན་དུ་ནམ་ཡིན་ཡང་སེང་གེའི་རལ་བ་གསིག་པ་དང་། ཁྱུ་མཆོག་གིས་རྭ་བརྡར་བ་ཡོད་ནའང་། དུས་རྒྱུན་དོགས་མེད་ཡིན་པའི་སྟབས་ཀྱིས་གཉིས་ཀས་ཉམས་སྣང་མེད་པ་ཡིན། དེའི་ཉིན་པར་དོགས་པ་ཁོག་ཏུ་བཅངས་ནས་རྟོག་དཔྱོད་བྱེད་སྐབས། གཉིས་ཀས་ཝ་ཡིས་ཟེར་རྒྱུ་དེ་ངོ་མ་བདེན་འདུག་སྙམ་ནས་ཁྱུ་མཆོག་གིས་སེང་གེའི་ཕོ་བ་དབྲལ། སེང་གེས་ཁྱུ་མཆོག་བསད་དེ་གཉིས་ཀ་ཤི་སོང་བས། སྡིག་ཅན་གྲོགས་ལ་བསྟེན་པ་ཡི། །མིས་ནི་བཟང་པོ་མཐོང་མི་འགྱུར། །སེང་གེ་ཁྱུ་མཆོག་མཛའ་བ་ལ། །ཝ་ཡིས་ཐ་དད་ཕྱེས་ལ་ལྟོས། །ཞེས་པའི་དཔེ་དེ་གྲགས་པ་ཡིན། མི་ཡ་རབས་བརྟན་པོ་ཞིག་ཡིན་ན་དབྱེན་གྱི་ཁ་ཕྱོགས་ལ་རྒྱུག་པ་མ་ཡིན། དེ་ཡང་གནའ་སྔ་མོ་ཞིག་སྟག་ཕྲུག་དཔུང་བཟང་ཞེས་པ་ཞིག་དང་། སེང་ཕྲུག་མཆེ་བཟང་ཟེར་བ་གཉིས་ནི་མཛའ་བཤེས་ཀྱི་གྲོགས་པོ་ཡིན་པ་ན། སྐབས་ཤིག་ལ་ཡང་ཝ་རྒན་ཞིག་གིས་ཁོ་རང་གི་ཁེ་ཕན་ཆུང་ཆུང་ཞིག་ལ་བལྟས་ཏེ། ད་ལྟ་སྔོན་མ་དང་མཚུངས་པར་དབྱེན་སྦྱོར་དཀྲུག་ཤིང་བྱས་པ་ན། དེ་གཉིས་ནི་བུ་རབ་འདྲ་འདྲ་བློ་བརྟན་པོ་གཉིས་ཡིན་པས་ན། ཐེ་ཚོམ་ཙམ་ཡང་མ་སྐྱེས་ཏེ་བརྟགས་པས། ཝ་ཡིས་ཕྲ་མ་བྱས་པ་ཤེས་ཏེ་སེང་གེས་སྦར་ཤད་གཅིག་གི་སྣ་ལ་ཝ་རྒན་བསད་དོ། །ཝ་སྐྱེས་གྲོང་པ་རྫུན་དུ་སྨྲ་བྱེད་པ། །མཛའ་བཤེས་འབྱེད་པར་བྱེད་པས་སྐྱེངས་ཏ་རེ། །ཕྲ་མ་སྨྲ་བ་དེ་ནི་བསད་གྱུར་ནས། །བདེ་བས་མཛའ་བཤེས་དགའ་བར་བྱེད་ལ་ལྟོས། །ཞེས་པའི་གཏམ་རྒྱུད་ཅིག་དེ་ནས་གྲགས་པ་ཡིན་ནོ། །ཇི་སྐད་དུ། དབྱེ་ཕྱིར་ཕྲ་མའི་ངག་རྣམས་ནི། །སྨྲ་བ་ལྟ་ཅི་མཉན་མི་བྱ། །གལ་ཏེ་མཉན་པར་འོས་པ་ལའང་། །བརྟགས་ཤིང་ངེས་པའི་བར་དུ་བསྒུག །ཅེས་ཀྱང་གསུངས་པ་ཡིན། དེ་ལྟ་བུ་ཕྲ་མའི་ཉེས་དམིགས་བསམས་ཏེ་ཕྲ་མ་སྤངས་ན། ཚེ་རབས་ཀུན་ཏུ་གྲོགས་བཟང་པོ་དང་འཕྲད་པ་ལ་སོགས་པ་རྣམ་སྨིན་ཡིད་དུ་འོང་བ་ཐོབ་པ་ཡིན་ནོ། །གསུམ་པ་ཚིག་རྩུབ་ནི། གཞན་སེམས་དཀྲུག་པའི་ཚིག་མི་སྙན་པ་བཤད་པ་དེ་ཡིན། མ་བཏབ་གནད་དུ་ཟུག་པའི་མཚོན། །མ་འཐུང་ཁོང་དུ་སོང་བའི་སྨན། །མ་ཟོས་ཡིད་འཕྲོག་སྦྲང་རྩིའི་རོ། །ཚིག་གི་ཁྱད་པར་རྣམས་ལ་ཡོད། །ཅེས་གསུངས་པ་ལྟར་དུ་ཚིག་ལ་འདྲ་མིན་འཇམ་རྩུབ་མང་པོ་བཤད་ཐུབ་མཁན་ཡོད་པ་ཡིན། ཚིག་ལ་མདའ་མཚོན་མེད་ཀྱང་། མི་སེམས་ཚལ་བར་གཏོར་ཟེར་བ་དེ་རེད། ཚིག་རྩུབ་ནི། རྒྱོབ་སོད་ཤི་ལ་སོགས་པ་ཚིག་ངན་བཤད་པ་དེ་ཡིན། གཞན་ཡང་ཁྲམ་པ། རྐུན་མ། ཤན་པ་ལ་སོགས་པ་རིགས་ཀྱི་སྐྱོན་བརྗོད་པ་དང་། ཁྱོད་ནི་མི་ངན་གྱི་རྒྱུད་ཡིན་པ་དང་། ཁྱོད་ཚང་ལ་མ་རབས་ཐ་ཤལ་ལས་བཟང་དགེ་ཅི་ཞིག་ཡོད་ཅེས་རུས་ལ་སྐྱོན་བརྗོད་པ་དང་། ཁྱོད་ཀྱི་ཕ་ཁུ་བོ་དག་གི་རིང་ལ་ལས་བྱ་བ་འདི་དང་འདི་ཉེས་སོ་ཁྱོད་ནི་དེ་ཚང་མ་ཡིན་ནམ་ཞེས་སྐྱོན་གྱི་མཚང་འབྲུ་བ་དང་། དམ་ཉམས། སྡོམ་ཤོར། གླེན་པ། ཐོམ་རོ་ལ་སོགས་ཡོན་ཏན་གྱི་སྐྱོན་བརྗོད་པ་དང་། ཡང་ཞ་ར། འོན་པ། ཁ་ཡོ། མིག་གཟུར། མགོ་ཆེ། ཁ་ཤོ་ལ་སོགས་པ་ལུས་ཀྱི་སྐྱོན་བརྗོད་པ་དང་། ཁྱོད་ནི་སེམས་ཅན་ཆེ་གེ་མོ་དང་འདྲའོ་ཞེས་མིང་ངན་སྣ་ཚོགས་འདོགས་པར་བྱེད་པ་ལྟ་བུ་ནི་མིན་བཞིན་དུ་དེ་ལྟར་སྨྲས་པས་སྒྲོ་འདོགས། སྐུར་འདེབས་ཚིག་རྩུབ་ཐམས་ཅད་དུ་འགྱུར་བ་དང་། ལྷ་སྐུ་རྟེན་གསུམ། སངས་རྒྱས་བྱང་སེམས། བླ་མ་ཕ་མ་སོགས་ལ་ཚིག་རྩུབ་བཤད་ན་དེ་བས་ཀྱང་ཉེས་པ་ཆེ་བ་ཡིན། ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ཞིག་ཡིན་རུང་ངན་སྨོད་བྱེད་མི་རུང་ཞིང་། ཚིག་རྩུབ་སྤངས་ན། ངན་སོང་དུ་མི་སྐྱེ་ཞིང་། ཚིག་སྙན་མོ་ཤ་སྟག་ཐོས་པ་དང་། མཛའ་བཤེས་ཇེ་མང་དུ་འཕེལ་བ་དང་། རྒྱུ་མེད་སྤྲང་པོར་གྱུར་ཀྱང་ཐམས་ཅད་དགའ་བ་ལ་སོགས་པ་འབྱུང་བས་ཚེ་འདི་ཕྱིའི་བདེ་སྐྱིད་ཚང་མ་དེའི་ཁུངས་ནས་འབྱུང་བ་ཡིན། བཞི་བ་ངག་འཁྱལ་ནི། གཙོ་ཆེར་མ་བརྟགས་བྱུང་རྒྱལ་དུ་སྨྲ་བ་འབྲེལ་མེད་ཀྱི་གཏམ་ལ་ཟེར་ཞིང་། དུས་སུ་མ་བབ་པ་ཡི་གཏམ། །གང་སྨྲ་དེ་ལ་ཀུན་གྱིས་བརྙས། །ཞེས་གསུངས་པས་གཏམ་བཤད་དུས་བསམ་བློ་བཏང་ནས་བཤད་དགོས་པ་ལས། བསམ་བློ་མ་བཏང་བའི་སྐད་ཆ་དང་། དམིགས་པ་མ་བཟུང་བའི་ཕཊ་སྒྲ་ཡིས་དོན་མེད་དུ་ཕོག་ཐུག་གཏོང་བ་མང་པོ་ཡོད་པ་ཡིན། ཁ་བདག་མེད་མི་དགེའི་བང་མཛོད། གཏམ་བྱུང་རྒྱལ་གྱོད་ཀྱི་རྩ་བ་ཡིན་པས་དེ་ལ་བརྟེན་ནས་ཆགས་སྡང་གི་རྟོག་པ་སྐྱེད་པ་ཡིན། ཁྱད་པར་དུ་ཁ་ཏོན་དགེ་སྦྱོར་འཆལ་གཏམ་དང་བསྲེས་ཏེ་བཏོན་ན་ནུས་པ་མི་འབྱིན་བའི་ཐོག་ཏུ་ད་དུང་ཉེས་པ་ཆེན་པོ་ཡོད་པ་ཡིན། ངག་འཁྱལ་སྤངས་ན་ཚེ་རབས་ཀུན་ཏུ་རིགས་བཙུན་པར་སྐྱེ་བ་དང་། ཚིག་ལ་ཀུན་ཀྱིས་བཀུར་སྟི་བྱེད་པ་དང་། སྨྲ་བ་དོན་ཡོད་དུ་འགྱུར་བ་ལ་སོགས་པ་འཕྲལ་དང་ཡུན་གྱི་ཕན་འབྲས་ཆེ་བ་ཡིན། དེས་ན་བདག་སོགས་སེམས་ཅན་ཐམས་ཅད་ཀྱིས་ངག་གི་སྒོ་ནས་བསགས་པའི་ལས། རྫུན་དང་ཕྲ་མ་ཚིག་རྩུབ་ངག་འཁྱལ་ཏེ་བཞི་པོ་སྙིང་ནས་མཐོལ་ལོ་བཤགས་པ་ཡིན་བསམས་ནས་བཤགས་དགོས་སོ། །གསུམ་པ་ཡིད་ཀྱི་ལས་གསུམ་ནི།

གསུམ་པ་ཡིད་ཀྱི་མི་དགེ་བ་གསུམ་བཤགས་པ།

བརྣབ་སེམས་གནོད་སེམས་ལོག་པར་ལྟ་བ་སྟེ།།

ཡིད་ཀྱི་མི་དགེ་གསུམ་པོ་མཐོལ་ལོ་བཤགས།།

ཞེས་གསུངས་པ་སྟེ། དང་པོ་བརྣབ་སེམས་ནི། གཞན་ཕྱུག་པོའི་རྒྱུ་ནོར། བཙན་པོའི་ཐོབ་ཐང་། དཔའ་བོའི་དཔུང་སྟོབས། མཁས་པའི་ཁ་སྒྲོས། མཛེས་པའི་ངོ་གཟུགས་ལ་སོགས་པ་ཅི་དང་ཅི་ལའང་ཧེབ་ལངས་ནས་དེ་དང་དེ་ང་ལ་ཡོད་ན་ཨང་དེ་ངས་ལོན་ན་ཨེ་ཤེད་སྙམ་པ་དེ་ཡིན། འདི་ལ་ཡང་སྤྱིར་ཆགས་སྡང་རྨོངས་གསུམ་གྱི་ཀུན་སློང་དང་། འདོད་པས་ཀུན་ནས་བསླངས་པ་ཤས་ཆེ་བ་ཡིན། བརྣབ་སེམས་ལ་བརྟེན་ནས་གནོད་སེམས་སྐྱེ་བ་དང་། དེ་ནས་སྲོག་གཅོད་མ་བྱིན་ལེན་སོགས་ཀྱང་འབྱུང་བས་འདི་ནི་ཉེས་པ་ཀུན་ཀྱི་སྣ་འདྲེན་ཡིན། དེས་ན་འདོད་ཆུང་ཆོག་ཤེས་བྱས་ན་ལུས་སེམས་གཉིས་ཀ་ལ་བདེ་བ་ཐོབ་པ་ཡིན། རང་ཉིད་ལ་འབྱོར་བ་ཅི་ཙམ་ཡོད་པ་དེས་ཆོག་ཤེས་ཏེ་བརྣབ་སེམས་མི་སྐྱེ་བའི་མི་དེ་ནི་ལུས་འབྱོར་བས་དམན་པའི་སྤྲང་པོ་ཡིན་ཡང་སེམས་འདོད་ཆུང་ཆོག་ཤེས་ཀྱི་ཕྱུག་པོ་ཡིན། སེམས་ལ་ཆོག་ཤེས་ཤིག་མེད་པའི་བརྣབ་སེམས་ཅན་དེ། ལུས་ཕྱུག་པོ་ཡིན་ཡང་སེམས་སྤྲང་པོ་ཡིན། ཧ་ཅང་རྒྱུ་ནོར་འདི་ཚོ་ལ་བརྣབ་སེམས་ཆེ་དྲག་ན་རང་ལ་ནོར་ཡོད་པ་དེ་ཡང་མར་རླག་བྱེད་དུ་འགྲོ་བ་ཡིན། ཝ་ལུ་མ་ཞིག་གིས་ཆུ་འགྲམ་ཞིག་ནས་ཤ་ལིང་མ་ཞིག་ཟ་བཞིན་སྡོད་པའི་སྐབས་སུ། ཆུ་ནང་ནས་ཉ་ཞིག་རྒྱུག་པ་མཐོང་བས། དེ་ཟ་དགོས་སྙམ་སྟེ་ཁ་ནང་གི་ཤ་བཞག་སྟེ། ཆུ་ནང་གི་ཉའི་སྟེང་དུ་རྒྱུག་དུས་ཉ་ཆུ་གཏིང་འཛུལ་ཤོར་བ་དང་། ཤུལ་དུ་བཞག་པའི་ཤ་དེ་བྱ་ཁྭ་ཏ་ཞིག་གིས་ཁུར་ཏེ་རི་མགོར་འཕུར་སོང་བས། ཁ་ཤ་རི་རྒྱལ་གྱི་རྩེ་ལ་ཤོར། །ཉ་ཤ་རྒྱ་མཚོའི་འགྲམ་དུ་ཤོར། །ཞེས་པའི་གཏམ་དཔེ་དེ་བྱུང་བ་ཡིན། རང་ཉིད་ལ་བསོད་ནམས་བསགས་པའི་དབང་སྡུད་ཅིག་མེད་ན། སེམས་ལ་ཤར་ཚད་དང་མིག་གིས་མཐོང་ཚད་ལ་ཉེར་ལེན་བྱས་ན་ལུས་སེམས་གཉིས་ཀ་དཀའ་ལས་ཆེ་བྱེད་ལས་མ་འདས། དེས་ན་བརྣབ་སེམས་སྤངས་ན་འདི་དང་ཕྱི་མའི་བདེ་བ་གཉིས་ཀ་བསྒྲུབ་ཐུབ་པ་ཡིན་ནོ། །གཉིས་པ་གནོད་སེམས་ནི། དམྱལ་བའི་ཕོ་ཉ་དངོས་ཡིན་པར་གསུངས་ཤིང་། དེའི་ནང་ནས་ཀྱང་ཡུལ་ཁྱད་པར་ཅན། སངས་རྒྱས་བྱང་སེམས། བླ་མ་ཕ་མ་སོགས་ལ་ཞེ་ནག་པོ་བསམ་པ་ངན་པ་འཆང་ན་ཉེས་པ་ཆེ་བ་དང་། དེ་མིན་ཡང་ཐ་ན་དུད་འགྲོ་ཡན་ཆད་ལ་གནོད་སེམས་འཆང་ནས་དེ་རིང་གཅིག་ལ་མི་འདོད་པ་སྡུག་པོ་ཞིག་བྱུང་བར་ཐོས་ན། ཁ་བགད་ཁོག་ལ་མི་ཤོང་བ་དེ་ཚོ་གནོད་སེམས་ཀྱི་དབང་གིས་རེད། བསམ་པ་ངན་པ་གཞན་ལ་འཚགས་ན། སྦྱོར་བ་རྩུབ་མོ་རང་ལ་འཁོར་བ་ཡིན། གནའ་ཞིག་ལ་རྒན་པོ་ཕ་བུ་གཉིས་ཡོད་པའི་ཕ་རྒན་ཉལ་ནས་ཡོད་པ་དང་། ཕ་རྒན་མགོ་ཀླད་སྒག་ཅིག་ཡིན་པ་དང་། བུ་གླེན་པ་ཞིག་ཡིན་པས། ཕ་རྒན་རྒད་པོའི་མགོ་ངང་སྒག་གེ་ཡོད་ས་དེར་འབུ་སྦྲང་མ་ཞིག་བབས་ཏེ་ཟ་བཞིན་ཡོད་པར་བུ་གླེན་པས་མཐོང་ནས། ངའི་ཕ་རྒན་མ་ཤི་གོང་དུ་འདིས་གསོན་ཟ་ཅི་སྟེ་བྱེད། འདི་གསོད་དགོས་སྙམ་སྟེ་ཤིང་ལེབ་ཅིག་འབུའི་ཐོག་ཏུ་འཕངས་པས་སྦྲང་མ་ག་ལ་སོད་ཕ་རྒན་གྱི་མགོ་ལ་ཕོག་སྟེ་ཀླད་པ་བཅོམ་ནས་ཤི་བ་ཡིན། རྒྱལ་སྲས་ཞི་བ་ལྷས། ལྕགས་བསྲེགས་ས་གཞི་སུ་ཡིས་བྱས། །མོ་ཚོགས་དེ་དག་ཅི་ལས་བྱུང་། །དེ་འདྲ་དེ་དག་ཐམས་ཅད་ཀྱང་། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་གསུངས་པ་ལྟ་བུ་ཡིན། གནོད་སེམས་སྤངས་ན་ཚེ་འདི་དང་ཕྱི་མ་གཉིས་ཀར་བདེ་བ་ཐོབ་པ་ཡིན་ནོ། །གསུམ་པ་ལོག་ལྟ་ནི། ཡང་དག་པའི་གནས་ལ་ཕྱིན་ཅི་ལོག་ཏུ་ལྟ་བ་སྟེ། མི་དགེ་བཅུ་ལས་ལོག་ལྟ་ལྕི། །ཞེས་གསུངས་པ་ཡིན། དེ་ལའང་དུག་གསུམ་གྱིས་ཀུན་ནས་བསླངས་པ་ཡོད་ཀྱང་གཙོ་བོ་གཏི་མུག་གི་དབང་གིས་བྱུང་བ་ཤས་ཆེ་ཞིང་། ལས་རྒྱུ་འབྲས་མི་བདེན། ཚེ་སྔ་ཕྱི་མེད། དཀོན་མཆོག་གསུམ་པོ་མི་བདེན། དགེ་འདུན་པ་ལ་ལྷ་མེད། ལྷ་ལ་ནུས་མཐུ་མེད། བླ་མ་དང་སེར་མོ་བ་སྐྱོན་ཆེ་སྙམ་པ་དང་། ཆོས་ཆོས་མིན་དུ་ལྟ། ཆོས་མིན་ཆོས་སུ་ལྟ་བའང་ཐམས་ཅད་ལོག་ལྟའི་རིགས་ཡིན་ལ། འདིའི་བསམ་པ་ཤུགས་ཆེ་ཆུང་གིས་ངན་སོང་གསུམ་གང་རུང་དུ་སྐྱེ་བ་དང་། གང་ཟག་ལོག་ལྟ་ཅན་གྱིས་མཚམས་རེར་དགེ་བའི་གཟུགས་བརྙན་རེ་བྱས་ཀྱང་། ལོག་ལྟའི་སྐྱོན་གྱིས་མྱོང་བ་སྡུག་བསྔལ་ཁོ་ན་ལས་མེད་དེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། གལ་ཏེ་མཐོ་རིས་ཐར་བ་མངོན་བཞེད་ན། །ཡང་དག་ལྟ་ལ་གོམས་པ་དག་ཏུ་མཛོད། །གང་ཟག་ལོག་པར་ལྟ་བས་ལེགས་སྤྱད་ཀྱང་། །ཐམས་ཅད་རྣམ་པར་སྨིན་པ་མི་ཟད་ལྡན། །ཞེས་གསུངས་པ་ལྟ་བུ་ཡིན། འགའ་རེ་བསོད་ནམས་ཟད་ཁར་ལྷ་ལ་ཡི་ཆད་སྐྱེས་ནས་ལོག་ལྟ་སྐྱེ་མཁན་དེ་འདྲ་ཡོད་པ་རེད། ཚེ་རབས་ཐོག་མེད་ཀྱི་ལས་སྣ་ཚོགས་པའི་དབང་གིས་ཚེ་འདི་ལ་དགེ་སྦྱོར་ཅན་ལ་སྡུག་བསྔལ་འབྱུང་བ་དང་། སྡིག་རྒན་འགའ་རེ་བདེ་བ་ཙམ་རེ་ཐོབ་པ་དེ་འདྲ་མཐོང་རྒྱུ་ཡོད་པ་ཡིན། འོན་ཀྱང་རྐྱེན་དེ་ཙམ་གྱིས་རྒྱུ་འབྲས་གོ་ལོག་ཏུ་བཟུང་ན་རང་ཉིད་དམྱལ་བར་འགྲོ་བའི་རྒྱུ་ལས་མ་འདས། ལས་རྒྱུ་འབྲས་ཕྲ་ཞིང་ཕྲ་བ་དེས་ཀྱང་བསླུ་བ་མི་སྲིད་པས། རྒྱུ་འབྲས་ཡིད་ཆེས་ཀྱི་དད་པ་འདི་གནད་ཆེ་བ་ཡིན། འདི་ལ་འཇིག་རྟེན་ཡང་དག་གི་ལྟ་བའང་ཟེར་བ་ཡིན། དཔེར་ན། ཆུ་ཐིགས་རེ་རེ་ནས་ཕན་ཐོགས་ཅི་ཞིག་ཡོད་བསམས་ནས་མ་བསགས་ན་སོག་ཡོང་རྒྱུ་ཞིག་ཡོད་པ་མིན་ལ། ཆུ་ཡི་ཐིགས་པ་ཆུང་ཆུང་ཞིག་ཡིན་རུང་བསགས་ན་སྣོད་ཆེན་གང་བ་ལྟ་བུ་དང་། མེ་སྟག་ཆུང་ཆུང་འདིས་ཅི་གནོད་སྙམ་ནས་མ་འཛེམས་ན་མེ་སྟག་ཆུང་ཆུང་གིས་ཀྱང་རི་ཆེན་པོ་སྲེག་ནུས་པ་ལྟ་བུ་དང་མཚུངས་པར་ཚོམ་ལས། སྡིག་པ་ཆུང་ངུ་བྱས་གྱུར་ཀྱང་། །འཇིག་རྟེན་ཕ་རོལ་སྡུག་བསྔལ་ཐོབ། །བསོད་ནམས་ཆུང་ངུ་བྱས་གྱུར་ཀྱང་། །འཇིག་རྟེན་ཕ་རོལ་བདེ་བ་ཐོབ། །ཅེས་གསུངས་པ་ཡིན། དེས་ན་དུས་རྟག་ཏུ་དག་སྣང་སྦྱངས་བ་དང་། ལས་རྒྱུ་འབྲས་ལ་ཡིད་ཆེས་བྱས་ན་ལོག་ལྟའི་ཉེས་པ་ལས་ལྡོག་པའི་ཕན་ཡོན་ཆེན་པོ་འབྱུང་བ་ཡིན། དེ་ལྟ་བུ་ཡིད་ཀྱི་སྒོ་ནས་བསགས་པའི་བརྣབ་སེམས་གནོད་སེམས་ལོག་པར་ལྟ་བ་སྟེ་ཡིད་ཀྱི་མི་དགེ་བ་གསུམ་པོ། བདག་གཞན་སེམས་ཅན་ཐམས་ཅད་ཀྱིས། རང་གིས་བགྱིས་པ་དང་གཞན་ལ་བགྱིད་དུ་བསྩལ་བ་དང་། བགྱིས་པ་ལ་རྗེས་སུ་ཡི་རང་བ་ཐམས་ཅད་མཐོལ་ལོ་བཤགས་སོ་ཞེས་སྤང་བྱ་མི་དགེ་བ་བཅུ་བསྟན་ནས་དེ་ཉིད་གནོང་འགྱོད་ཀྱི་སྒོ་ནས་བཤགས་པའི་ཚུལ་གསུངས་པ་འོ། །ད་ནི་ཉེས་དམིགས་ཤིན་ཏུ་ཆེ་བ་ལྔ་བྱེ་བྲག་ཏུ་བཤད་པ་ལ།

ཉེས་དམིགས་ཤིན་ཏུ་ཆེ་བ་ལྔ་བྱེ་བྲག་ཏུ་བཤད་པ།

དང་པོ་མཚམས་མེད་པ་ལྔ་བཤགས།

ཕ་མ་སློབ་དཔོན་དགྲ་བཅོམ་བསད་པ་དང་།།

རྒྱལ་བའི་སྐུ་ལ་ངན་སེམས་སྐྱེས་པ་སྟེ།།

མཚམས་མེད་ལྔ་ཡི་ལས་བསགས་མཐོལ་ལོ་བཤགས།།

ཞེས་གསུངས་ཏེ། ཚེ་འདིའི་ལུས་སྲོག་བསྐྱེད་པའི་ཕ་མ་དང་། སོ་བྱང་སྔགས་གསུམ་གྱི་སློབ་དཔོན་དང་། ཉན་རང་དགྲ་བཅོམ་པ་བསད་པ་དང་། རྒྱལ་བའི་སྐུ་ལ་ངན་སེམས་སྐྱེས་ནས་རྨ་འབྱིན་པ་སྟེ་ལས་དེ་དག་རང་གིས་བྱས་པའམ། གཞན་ལ་བྱེད་དུ་བཅུག་པ་དང་། གཞན་གྱིས་དེ་ལྟར་བྱས་པ་ལ་རྗེས་སུ་ཡི་རང་བྱེད་མཁན་ཐམས་ཅད་ཤི་མ་ཐག་ཏུ་སྐྱེ་བ་གཞན་གྱིས་མཚམས་སམ་བར་ཆོད་པ་མེད་པར་དམྱལ་བ་མནར་མེད་པར་སྐྱེ་བར་འགྱུར་བའི་ལས་ངན་པ་ལྔ་བསགས་པ་དེ། སྙིང་ནས་མཐོལ་ལོ་བཤགས་སོ་ཞེས་སྔར་བཞིན་བཤགས་དགོས་པ་ཡིན། དེ་ལ་དགེ་འདུན་འཁོར་ལོའི་དབྱེན་གྱིས་ཆོས་འཁོར་གྱི་རྒྱུན་གཅོད་པ་དང་། སངས་རྒྱས་སྤྲུལ་བའི་སྐུའི་གཟུགས་སྐུ་ལ་གནོད་པ་བསྐྱལ་བ་དང་། དགྲ་བཅོམ་པ་བསད་པ་གསུམ་པོ་ད་ལྟའི་ལུས་རྟེན་འདིའི་ཐོག་ནས་མི་བསྒྲུབ་ཀྱང་། སྔར་དེ་ལྟར་བྱས་པ་ཡོད་ངེས་པས་བཤགས་དགོས་པ་ཡིན། སོ་བྱང་སྔགས་གསུམ་གྱི་མཁན་སློབ་ལ་སོགས་པའི་བླ་མ་ནི་རང་ཉིད་ལ་སངས་རྒྱས་དངོས་ལས་ཀྱང་བཀའ་དྲིན་ཆེ་བས་གསོད་པ་ཕར་ཞོག་བརྙས་བཅོས་ཙམ་ཞིག་བྱས་ཀྱང་། དམྱལ་བ་ནས་བསྐལ་བར་ཡར་ཐར་མེད་པ་ཡིན་པ་དང་། བླ་མ་ལས་ང་ལྷག་གི་རྟོག་པ་ཅུང་ཟད་སྐྱེས་ནའང་ཉེས་པ་ཆེ་བ་སྟེ། གཉགས་ཛྙ་ན་ཀུ་མཱ་རས་བླ་མ་བས་ཅུང་ཟད་ང་བཟང་སྙམ་པ་ཙམ་གྱིས་སྐུ་ལུས་དེའི་ཐོག་ནས་སྲོག་ལ་མ་ཐུག་ཙམ་གྱི་དགྲ་ལན་བདུན་བྱུང་བའི་ལོ་རྒྱུས་དང་། གྲུབ་ཆེན་ནག་པོ་བ་སློབ་མ་ཞིག་དང་མཉམ་དུ་རྒྱ་མཚོའི་ནང་དུ་བྱོན་སྐབས། སློབ་མ་དེས་ཡོན་ཏན་བླ་མ་ཁོང་བཟང་ཡང་། ཆས་ཆ་ལུགས་ཡོ་བྱད་ཀྱི་ཐད་ནས་ང་དགའ་བསམ་པས་ཆུ་ནང་དུ་ལྷུང་བ་ལྟ་བུ་ཡིན་ནོ། །རྒྱུད་ལས་ཀྱང་། གང་གིས་ཚིགས་བཅད་གཅིག་ཉན་པ། །དེ་ཡང་བླ་མར་མ་བཟུང་ན། །ཁྱི་ཡི་སྐྱེ་བ་བརྒྱ་བླངས་ནས། །སྨེ་ཤ་ཅན་དུ་སྐྱེ་བར་འགྱུར། །ཞེས་གསུངས་པ་ཡིན། དེ་བཞིན་དུ་ཕ་མ་ནི་ཚེ་འདིར་དྲིན་ཤིན་ཏུ་ཆེ་ཞིང་། དགེ་བའི་ལུས་རྟེན་སྐྱེད་པ་པོ་ཡིན་པས་ཡུལ་གཉན་པ་དང་། རབ་ཏུ་བྱུང་བ་ཞིག་ཡིན་ན་མཁན་སློབ་དང་ཕ་མ་ཡུལ་གཉན་ལུགས་འདྲ་བ་ཡིན། སྤྱིར་ན་ཕ་མ་ལ་སོགས་པ་རྒན་པ་ཡོད་ཚད་ལ་གཞོན་པས་བསྙེན་བཀུར་བྱས་ན། བསོད་ནམས་ཐོབ་པས་མི་ཚད་ཡ་རབས་ཀྱི་ལུགས་སྲོལ་ཡང་ཡིན། མཐུན་པ་སྤུན་བཞིའི་རྣམ་ཐར་ལྟར་གཞོན་པས་རྒན་པར་གུས་བཀུར་བྱེད་དགོས། མཐུན་པ་སྤུན་བཞི་ཞེས་པ་དེ་གང་གང་ཞེ་ན། བྱ་གོང་མོ་སྲེག རི་བོང་། སྤྲེའུ། གླང་པོ་ཆེ་དང་བཞི་ཡིན། ཁོང་ཚོ་མཐུན་གྲོགས་ཡིན་པས་གཅིག་གིས་གཅིག་ལ་གཅེས་སེམས་དང་མཐུན་སེམས་འདྲ་ཡང་། རྒས་གཞོན་གྱི་ཁྱད་པར་གྱིས་གཞོན་པས་རྒན་པར་བཀུར་བའི་ཡ་རབས་ཀྱི་སྤྱོད་བཟང་དེ་དག་ཡོད་པ་སྟེ། ཁོ་ཚོའི་ནང་ནས་ན་ཚོད་ཆུང་བ་གླང་པོ་ཆེ་དང་། དེ་འཕྲོར་སྤྲེའུ་དང་། དེ་འཕྲོར་རི་བོང་དང་། རྒན་པ་ནི་བྱ་གོང་མོ་སྲེག་ཡིན་པས་ཐམས་ཅད་ཀྱིས་དེ་ལ་གུས་བཀུར་བྱེད་ཅིང་། བགྲོད་དཀའ་བའི་ལམ་དུ་ཐུག་སྐབས་ཚང་མས་གླང་པོ་ཆེར་ཞོན་ནས་འགྲོ་བ་ལྟ་བུ་ཡིན། དེས་ན་ཕ་མ་དང་བླ་མ་སོགས་རང་ལ་དྲིན་ཆེ་བ་དག་གི་དྲིན་ལན་མི་བརྗེད་པ་ནི་གནད་ཆེ་བ་སྟེ། ཨོ་རྒྱན་ཆེན་པོས། ཕ་མ་བླ་མའི་དྲིན་ལ་མི་བརྩི་དུས། །ལྷ་དང་སྲུང་མ་བདུད་དུ་འབབ་པ་འབྱུང་། །ཞེས་ལུང་བསྟན་གནང་བ་ལྟར་དུ་དྲིན་ཅན་གྱི་དྲིན་ལ་མི་བརྩི་བས་མ་ཚད་དྲིན་ལན་ལོག་འཇལ་བྱས་ནས་དྲིན་ཆེན་ལག་པ་རྡོ་བརྡུང་བྱས་ན་དེ་ནི་རྒྱུ་འབྲས་དང་མི་མཐུན་པས་ལྷ་དང་སྲུང་མ་བདུད་དུ་འབབ་པ་འབྱུང་བ་ཡིན། དུས་ངན་གྱི་སྐབས་འདིར་སྒོ་ཟོག་རྒས་པ་བཤའ་རྒྱུ་དང་། ཕ་མ་རྒས་པ་ཕུད་རྒྱུ་དེ་ཚོ་མ་རབས་ཀྱི་ལུགས་ཡིན། མི་རྒན་པ་སེམས་ཤེད་ཆུང་བ་ཡིན། ལུས་ཅི་འདྲ་སེམས་ཀྱང་དེ་དང་མཚུངས་པ་ཡིན། དེས་ན། རྒས་པ་ཡི་མུག་མ་འཇུག་བཀུར་སྟིས་སྐྱོངས། །ཞེས་གསུངས་པ་ལྟར་དུ་ཁ་དྲིན་ངག་འཇམ་གྱིས་བསྐྱང་དགོས་པ་ཡིན། རྒན་རྒོན་ལོ་ལོན་དག་གིས་ཀྱང་ལུས་བདེ་སེམས་བདེའི་ཐོག་ནས་འཆི་ཆོས་མ་ཎི་རྡོག་རེ་ཡིན་རུང་འབད་ནས་ཁ་མི་མང་བར་འདུག་དགོས་པ་ཡིན། ད་རུང་ཁྱིམ་བཟའ་ཚང་གསོན་པོ་ཡོད་ཚེ། ཁྱོས་མ་ཟོས་ན་ངས་མི་འཐུང་ཟེར་ཁུལ་བྱེད་ཀྱང་། ཤི་ནས་རོར་གྱུར་ཏེ་རྣམ་ཤེས་གར་འགྲོ་ཆ་མེད་དུ་ལས་རླུང་གིས་དེད་ཚེ། གསོན་པོ་ཚོས་རྒྱུ་བགོ་གྲ་མི་འགྲིགས་པར་འུར་ཟིང་དང་། རང་རང་གི་འདུག་ཆུས་མི་འགྲུབ་འདུག་རྒྱུ་མ་གཏོགས་པར་ཤི་བོའི་དོན་དུ་མི་ཁ་གཅོད་བྱེད་ཀྱི་ཞེ་དགུ་ཁྲལ་གསོད་མ་ཞིག་འདེད་པ་དགོས་པ་ཆུང་བ་ཡིན། བླ་མ་རྣམས་རང་ཡུལ་དུ་མ་བཞུགས་དུས། ཤི་བོ་རྣམས་ཆོས་མེད་དུ་འགྲོ་བ་འདུག་ཟེར་ན་ཡང་། ཁྱོད་ཀྱིས་བླ་མ་ལ་དེ་འདྲའི་དད་པ་ཞིག་ཡོད་ན་བླ་མ་གྲང་ང་ཁམས་ལ་མི་བཞུགས་པར་གང་དུ་བྱོན་འགྲོ། གལ་ཏེ་མི་མངོན་ཆོས་ཀྱི་དབྱིངས་སུ་བྱོན་སོང་བ་ཡིན་ན་ད་དུང་ཐུགས་རྗེ་ལྷག་པར་མྱུར་བ་ཡིན། བླ་མ་ལ་རྒྱང་འཕོ་བསྔོ་འབྲེལ་ཞིག་ཞོག་དང་བླ་མའི་ཐུགས་རྗེ་ལ་ཉེ་རིང་མེད་པ་ཡིན། ཐག་ཉེ་རིང་ལ་ཁྱད་ཡོད་སར་ཐུག་དུས་གང་ལྟར་རོ་མགོར་ལོན་ན་ཡང་ཕུང་པོ་འདྲ་ཁུར་བེད་ཆོད་ན་མ་གཏོགས་རྣམ་ཤེས་འདྲེན་བེད་མི་ཆོད་པ་ཡིན། ཁག་བླ་མ་ཐག་རིང་དུ་ཡོད་པ་ལ་བཞག་སྟེ་དོན་ཤི་བོ་འདང་ཆུང་བྱས་ན་ཐ་ཆད་རེད། མདོར་ན་ཕ་མ་ཤི་གསོན་གང་ཡིན་རུང་ཕ་མའི་དྲིན་ལན་བསམ་ཤེས་ན། འདི་དང་ཕྱི་མ་གཉིས་ཀར་དགེ་ཞིང་བཀྲ་ཤིས་པར་འགྱུར་རོ། །དེ་ཡན་ཆད་ཀྱིས་མཚམས་མེད་ཀྱི་ལས་བསགས་པ་བཤགས་པ་སོང་བ་འོ། །གཉིས་པ་མཚམས་མེད་ཀྱི་ལས་དངོས་མིན་ན་ཡང་དེ་དང་ཆ་འདྲ་བའི་ལས་ཚབས་ཆེན་བསགས་པ་ཐམས་ཅད་བཤགས་པ་ནི།

གཉིས་པ་ཉེ་བའི་མཚམས་མེད་ཀྱི་སྡིག་པ་བཤགས་པ།

དགེ་སློང་དགེ་ཚུལ་བསད་དང་བཙུན་མ་ཕབ།།

སྐུ་གཟུགས་མཆོད་རྟེན་ལྷ་ཁང་བཤིགས་ལ་སོགས།།

ཉེ་བའི་མཚམས་མེད་སྡིག་བྱས་མཐོལ་ལོ་བཤགས།།

ཞེས་གསུངས་ཏེ། ཚུལ་ཁྲིམས་ལྡན་པའི་དགེ་སློང་དང་དགེ་ཚུལ་གང་ཡང་རུང་བ་བསད་པ་དང་། དགེ་ཚུལ་མ་དང་དགེ་བསྙེན་མ་ལ་སོགས་པ་སྡོམ་ལྡན་གྱི་བཙུན་མ་དཀའ་ཐུབ་ལས་ཕབ་སྟེ་སྡོམ་པ་ཕྲོགས་པ་དང་། སངས་རྒྱས་བྱང་སེམས་ཀྱི་སྐུ་གཟུགས་རིས་སུ་བྲིས་པ་འབུར་དུ་དོད་པ་ལུགས་སུ་བླུགས་པ་ལ་སོགས་གང་ཡང་རུང་བ་དང་། མཆོད་རྟེན་ཆེ་ཆུང་བྲིས་འབུར་གང་ཡང་རུང་བ་དང་། ལྷ་ཁང་དང་གཙུག་ལག་ཁང་ཀུན་དགའ་ར་བ་ལ་སོགས་པ་བསམ་ངན་གྱི་སྒོ་ནས་བཤིགས་པ་དང་། མེར་བསྲེགས་པ་ལ་སོགས་པ་ནི་མཚམས་མེད་པ་དངོས་མིན་ཡང་དེ་དང་ཆ་འདྲ་བ་ཡིན་པས་ན་ཉེ་བའི་མཚམས་མེད་པ་ཞེས་གསུངས་པ་ཡིན་ལ། སྤྱིར་ན་མངོན་པ་མཛོད་ལས། མ་དགྲ་བཅོམ་མ་སུན་འབྱིན་དང་། །བྱང་ཆུབ་སེམས་དཔའ་ངེས་གནས་དང་། །སློབ་པ་གསོད་དང་དགེ་འདུན་གྱི། །འདུ་བའི་སྒོ་ནི་འཕྲོག་པ་དང་། །མཚམས་མེད་པ་དང་ཆ་འདྲ་བ། །ལྔ་བ་མཆོད་རྟེན་བཤིགས་པ་ཡིན། །ཞེས་གསུངས་པ་ལྟ་བུའོ། །དེ་ལྟ་བུ་སྡིག་པ་རང་གཞན་སེམས་ཅན་ཐམས་ཅད་ཀྱིས་འཁོར་ཚེ་ཐོག་མེད་ནས་ད་ལ་ཐུག་གི་བར་དུ་བྱས་པ་ཐམས་ཅད། མགོན་པོ་འོད་དཔག་མེད་དང་ཐུགས་སྲས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པའི་སྤྱན་སྔར་མཐོལ་ལོ་བཤགས་སོ་ཞེས་པའོ། །དགེ་ཚུལ་སློང་རྣམ་པར་དག་པ་སངས་རྒྱས་བསྟན་པའི་རྩ་བ་ཡིན། བཅོམ་ལྡན་འདས་ཀྱིས། ཐུབ་བསྟན་རིན་ཆེན་སྒྲོན་མེ་མཆོག །འབར་བའི་སྣོད་ནི་དཀའ་ཐུབ་སྟེ། །ངུར་སྨྲིག་འཛིན་པ་ཤཱཀྱའི་སྲས། །དགེ་སློང་རྣམས་ནི་ཡིན་ཕྱིར་རོ། །ཞེས་གསུངས་པས་དགེ་ཚུལ་སློང་གྲྭ་བ་བསད་ན་ཆོས་དགེ་འདུན་གཉིས་ཀ་བཤིག་པ་ཡིན་པས་ཉེས་པ་ལོས་ལྕི། རབ་ཏུ་བྱུང་བའི་སྡོམ་པ་ཉམས་ཚར་རུང་གནོད་པ་བྱས་ན་ཉེས་དམིགས་ཆེ་སྟེ། སྤོས་ཀྱི་གླང་པོ་ཆེ་ཤི་བའི་རོ་དང་འདྲ་བས་ད་དུང་རིན་ཐང་ཡོད་ཅིང་མུ་སྟེགས་པའི་དགེ་སྦྱོང་རྣམས་ཟིལ་གྱིས་གནོན་པ་ཡིན་ཏེ། ས་སྙིང་འཁོར་ལོ་བཅུ་བའི་མདོ་ལས། ཙམ་པ་ཀ་ཡི་མེ་ཏོག་རྒས་གྱུར་ཀྱང་། །མེ་ཏོག་གཞན་པ་རྣམས་ལས་ཁྱད་དུ་འཕགས། །དགེ་སློང་ཚུལ་ཁྲིམས་ཉམས་པ་སྡིག་སྤྱོད་ཀྱང་། །མུ་སྟེགས་ཅན་རྣམས་ཐམས་ཅད་ཀུན་པས་མཆོག །ཅེས་གསུངས་པའི་ཕྱིར། དེས་ན་དགེ་ཚུལ་སློང་ལ་ངན་སེམས་ཙམ་ཡང་སྐྱེ་མི་རུང་། དེར་མ་ཟད་དགེ་ཚུལ་སློང་གི་ན་བཟའ་ཙམ་ལ་གུས་བཀུར་བྱས་ན་བསོད་ནམས་ཆེན་པོ་འབྱུང་བ་ཡིན། གྲྭ་པ་སེར་མོ་བ་ཞིག་མཇལ་ན་ཞྭ་ཕུད་ནས་གུས་པ་བྱེད་དགོས། འོན་ཀྱང་གྲྭ་ཇོ་སེར་རྣམས་ཉིན་བཞིན་གྲོང་ནང་དུ་བྱོན་བསྡད་ན། ཡང་ཞྭ་ཕུད་ཚོད་མེད་པ་ལའང་ཅུང་ཟད་ཁག་མེད་རེད། སྐུ་གསུང་ཐུགས་རྟེན་བཤིགས་ན། བཤིག་པ་པོ་རང་ཉིད་ཉེས་པ་ཆེ་བ་རེད་མ་གཏོགས་དེས་བསྟན་པ་ལ་གནོད་ཆེན་པོ་མི་ཐུབ་པ་ཡིན། དགེ་ཚུལ་སློང་བཟང་ངན་ཅི་འདྲ་ཡིན་རུང་བསྟན་པ་ཅུང་ཟད་ཙམ་མ་བཟུང་བ་ཞིག་མེད་པས། བསྟན་འཛིན་གྱི་གང་ཟག་བསད་ན་མི་བསད་པའི་ཉེས་པས་མ་ཚད་བསྟན་པ་བཤིག་པའི་ཉེས་པའང་འབྱུང་བ་ཡིན། དེ་བཞིན་དུ། དགེ་ཚུལ་སློང་བཙུན་མ་བསྙེན་གནས་ཀྱི་སྡོམ་པ་ལ་གནས་པ་ཡན་ཆད་ཀྱི་སྡོམ་པ་ཕྲོགས་ན་བསྟན་པ་ལ་རྨ་འབྱིན་པ་དང་གང་ཟག་གི་ཐར་ལམ་བཅད་པ་ཡིན་པས། གསེར་ནག་གི་མཆོད་རྟེན་ལ་དུག་ནག་གི་སྟ་རེ་གཡུག་ཅེས་ཉེས་པ་ཤིན་ཏུ་ཆེ་བ་ཡིན། སྐུ་གཟུགས་ནི་བཟོའི་སྤྲུལ་སྐུ་ཡིན་ཏེ། སྐུ་གཟུགས་རྣམ་པ་མང་པོ་དེར་སྤྲུལ་ནས། །འགྲོ་བ་དགེ་ལ་སྤྱོད་པའི་དོན་བྱེད་དོ། །ཞེས་གསུངས་པ་ཡིན། གསུང་རབ་ཀྱང་གཟུགས་སྐུ་དང་ཁྱད་མེད་པ་སྟེ། ལྔ་བརྒྱ་ཐ་མར་གྱུར་པ་ན། །ང་ཉིད་ཡི་གེའི་གཟུགས་སུ་སྣང་། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པ་གྱིས། །ཞེས་གསུངས་པ་ཡིན། འདི་ཉིད་གཟུགས་སྐུའི་རོལ་བ་ཡིན་པས་མ་ཚད་ཆོས་སྐུའི་རིང་བསྲེལ་ཡང་ཡིན་པས་ན། སྐུ་གསུང་ཐུགས་རྟེན་བཤིག་རྒྱུ་དང་བཙོང་རྒྱུ་བྱས་ན་ཉེས་པ་ཆེ་ཞིང་། སྐུ་གསུང་ཐུགས་རྟེན་གྱི་རིན་པ་ཁོང་དུ་སོང་ན་ཉེས་པ་དེ་བས་ཀྱང་ཆེ་བ་ཡིན། མཆོད་རྟེན་ནི་རྒྱལ་བའི་ཐུགས་རྟེན་ཡིན་པས་བཞེངས་ན་བསོད་ནམས་ལྷག་པར་ཆེ། སཱཙྪ་གཅིག་གིས་མི་གསུམ་སངས་རྒྱས་གསུངས་པ་ལྟ་བུ་དང་། གནའ་ཞིག་ལ་ཕག་རྒན་ཞིག་གི་ལུས་པོར་འདམ་བག་འགོས་ཡོད་དུས། མཆོད་རྟེན་ལ་ཟ་འཕྲུག་བྲད་པས་མཆོད་རྟེན་གྱི་གས་ཁ་བསུམས་པས་ཤི་ནས་ལྷ་ཡུལ་དུ་སྐྱེས་པའི་ལོ་རྒྱུས་ཡོད་པ་ཡིན། སྐུ་གསུང་ཐུགས་རྟེན་དང་གཙུག་ལག་ཁང་ལ་བསྐོར་བ་བྱས་ན་ཕན་ཡོན་བསམ་གྱིས་མི་ཁྱབ་པ་འབྱུང་བ་ཡིན། ལྷ་ཁང་དང་གཙུག་ལག་ཁང་ནི་རྟེན་གསུམ་དང་དགེ་འདུན་པའི་བཞུགས་གནས་དང་ཚོགས་ཁང་ཡིན་པས་དེའི་ནང་དང་། ཁོར་ཡུག་ལ་སྣབས་ལུད་དང་མཆིལ་མ་སོགས་བཙོག་པ་དོར་མི་རུང་བར་མ་ཟད། ཕྱི་རོལ་གྱི་ཉེ་འཁོར་དུ་མི་གཙང་པ་འདོར་མི་རུང་བ་ཡིན། ཁྱད་པར་དུ་ལྷ་ཁང་ནང་དུ་གདན་བཙོག་པ་བཏིངས་ཏེ་འདུག་པ་དང་། ལུས་མི་གཙང་བ་དྲི་ངན་ཅན་གྱིས་བསྡད་ན་ཉེས་པ་ཆེ་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་ཡུལ་ཡངས་པ་ཅན་དུ་བསོད་སྙོམས་ལ་བྱོན་པའི་སྐབས་སུ། མི་རྒྱབ་ནག་པོ་རྫ་རྐུབ་འདྲ་བ་ཞིག་གཟིགས་པ་དང་། འདི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་དུ་བྱུང་བ་ཞིག་ཡིན། དགེ་འདུན་གྱི་གཙུག་ལག་ཁང་དུ་གདིང་བ་ཚི་དྲེག་ཅན་ཞིག་བཏིངས་ནས་བསྡད་པའི་རྣམ་སྨིན་ཡིན་པ་དང་། ལས་དེའི་སྟོབས་ཀྱིས་ཚེ་རབས་ལྔ་བརྒྱའི་བར་དུ་རྒྱབ་གཞུང་ནག་པོ་ཅན་ཤ་སྟག་གི་ལུས་བླངས་པར་གསུངས་པ་ཡིན། དེས་ན་ལྷ་ཁང་ནང་དུ་སྤོས་དྲི་ཞིམ་མཆོད་རྒྱུ་མེད་ཀྱང་། དྲི་ངན་ཕ་ལེར་སྐུ་གསུང་ཐུགས་རྟེན་དང་དགེ་འདུན་པ་རྣམས་མནོལ་འགྲོ་བར་འདུག་སྙམ་པ་ཞིག་བྱས་ན་ཉེས་པ་ཆེ་བ་ཡིན། རྣམ་སྨིན་ཡིད་དུ་མི་འོང་བ་མྱོང་དུས་སྡུག་བསྔལ་བ་ཡིན་ནོ། །ད་ནི་ཆོས་སྤོང་གི་ལས་བཤགས་པ་སྟེ། སྤྱིར་ན་ནུབ་ཕྱོགས་བདེ་ཅན་དུ་འགྲོ་བའི་རྒྱུ་རྣམ་པ་བཞི་དང་གེགས་རྣམས་པ་གཉིས་ཡོད་པ་ལས། རྒྱུ་རྣམ་པ་བཞི་ནི་ད་ལྟ་འཆད་བཞིན་པ་ཡིན་ལ། གེགས་རྣམ་པ་གཉིས་ནི་མཚམས་མེད་ཀྱི་ལས་དང་ཆོས་སྤོང་གི་ལས་བསགས་པ་གཉིས་རེད། དེ་གཉིས་བསགས་ཚར་དུས་བདེ་བ་ཅན་དུ་སྐྱེ་མི་ཐུབ་པ་ཡིན། སྤྱིར་བདེ་བ་ཅན་དུ་སོ་སོའི་སྐྱེ་བོ་སྐྱེ་ཐུབ་པ་ཡིན་ཡང་དེ་གཉིས་བསགས་ཚར་དུས་སྐྱེ་མི་ཐུབ་པ་ཡིན། མཚམས་མེད་ཀྱི་ལས་གོང་དུ་བཤད་ཟིན། ཆོས་སྤོང་གི་ལས་ནི།

གསུམ་པ་ཆོས་སྤང་གི་ལས་ངན་བཤགས་པ།

དཀོན་མཆོག་ལྷ་ཁང་གསུང་རབ་རྟེན་གསུམ་སོགས།།

དཔང་ཞེས་ཚད་བཙུགས་མནའ་ཟོས་ལ་སོགས་པ།།

ཆོས་སྤངས་ལས་ངན་བསགས་པ་མཐོལ་ལོ་བཤགས།།

ཞེས་གསུངས་ཏེ། ཡུལ་ཁྱད་པར་ཅན་དཀོན་མཆོག་གསུམ་དང་། ལྷ་ཁང་། གཙུག་ལག་ཁང་། རྒྱལ་བའི་གསུང་རབ་བཀའ་དང་བསྟན་བཅོས། བཀའ་འགྱུར་བསྟན་འགྱུར་ལ་སོགས་པ་སྟེ། དེ་ལྟ་བུའི་རྟེན་གསུམ་ཁྱད་པར་ཅན་ལ་སོགས་པ་དཔང་པོར་བཞག་སྟེ། དེ་ཚང་མ་སྤངས་པ་ཡིན་ཟེར་ནས་ཚད་བཙུགས་ཏེ་མནའ་གང་ཆེ་དང་གང་གཉན་སྐྱེལ་ཞིང་། མནའ་ཟོས་པ་ལ་སོགས་པ་ཆོས་སྤོང་གི་ལས་བསགས་པ་ཡིན་པས་ན། དེ་འདྲ་བ་གང་བསགས་ཚད་ཀུན་མགོན་པོ་འོད་དཔག་མེད་འཁོར་དང་བཅས་པའི་སྤྱན་སྔར་མཐོལ་ལོ་འཆགས་སོ། །དེ་འདྲ་མཐོལ་ཞིང་བཤགས་ན་ཁྱེད་རྣམ་པའི་ཐུགས་རྗེ་དང་བྱིན་རླབས་ཀྱི་སྟོབས་ཀྱིས་སྡིག་པ་མི་དགེ་བའི་ཚོགས་འདི་དག་མྱུར་བ་ཉིད་དུ་དག་པར་བྱིན་གྱིས་རློབས་ཤིག་ཅེས་པའོ། །མི་འགའ་རེའི་ཁ་བརྡ་བྱེད་སྐབས་གཏམ་ལས་མནའ་མང་ཞིང་། མནའ་རྣམས་ཕར་བསལ་བཞག་ན་དེའི་ཤུལ་ན་གོ་བརྡ་འཕྲོད་བྱེད་ཀྱི་སྐད་ཆ་ངོ་མ་དེ་མང་པོ་མེད་པ་ཡིན། གང་སྡུག་ཚོས་མནའ་གཏམ་གཉིས་སྲེ་བར་བྱེད་ཀྱང་། གཏམ་གྱིས་གོ་མ་ཆོད་ན་མནའ་ཡིས་གོ་ཆོད་དཀའ་ཞིང་། ཤོབ་རྐྱལ་ཞིག་ཡིན་དུས་མནའ་ཟན་ཞིག་ཀྱང་ལོས་ཡིན་སྙམ་པ་ཡིན། སཱཙྪ་ཁེ་རུ་ཞིག་ཡར་བཞེངས་མི་ཐུབ་མཁན་ཞིག་གིས་བཀའ་བསྟན་འགྱུར་གཉིས་མན་ཆད་ཁ་ཐོག་ཏུ་ལེན་པ་དང་། རང་ཁེ་རུ་ཡིས་སྡིག་པ་མི་ཁྱག་པ་ཞིག་གིས་ལྷོ་འཛམ་བུའི་གླིང་གི་སྡིག་པ་ཅི་འདྲ་བྱས་ནས་ཁྱག ད་རུང་གཞན་ཡང་གནམ་སྔོན་པོ་དང་ཤར་ཉི་ཟླ་ལ་ཚད་བཞག་ནས་ག་ཆེ་གང་མནོག་གི་མནའ་སྐྱེལ་བ་ནི་ཁ་སྡིག་དོན་མེད་དུ་ཉོས་པ་རེད། མནའ་ཟན་སྡིག་རྒན་ཐུར་འགྲོ་དག་གིས་མནའ་འདི་བསྐྱལ་འདི་མི་བསྐྱལ་ཟེར་རྒྱུ་ཞིག་ཅི་ཡོད། བླ་རྒན་རྣམ་པའི་ངོ་ལ་ཡང་མཛུབ་མོ་བཙུགས་ནས་ཁྱོད་ཀྱི་སྡིག་པ་ཁུར་ཟེར་བ་རེད། བླ་རྒན་ཚོར་སྡིག་པ་ཅི་འདྲ་ཡོད་ཅི་ཤེས་ཏེ། དཀོར་སྦྱང་འདྲ་བཏོན་མེད་ན་དཀོར་སྒྲིབ་ངན་པ་འདྲ་ཡོད་ནའང་ཐང་། ཁྱོད་རང་གི་སྡིག་པ་མི་ཁྱོག་འདུག་པའི་སྟེང་དུ་བླ་མའི་སྡིག་པ་ཁུར་ག་ལ་ཐུབ། སྤྱིར་མནའ་བསྐྱལ་ན་སྡིག་པ་ཆེ་ཚུལ་དེ་ལྟར་རེད། དེའི་ཐོག་ཏུ་གྲྭ་པ་དང་བུད་མེད་རྣམས་ཀྱིས་མནའ་བསྐྱལ་ན་དེ་བས་བཙོག་ཅིག་ཡོད་ན་ཐན་རེད། ས་ཆ་འདི་ནས་ཙིས་རོགས་སུམ་མདོ་དང་། སྒ་སྒྲིས་རྒྱ་ལམ་ཟེར་བ་དེ་ཚོ་ཡང་མནའ་ཆེན་པོ་རེད། བླ་མ་ཞེ་རྫོགས་གཉིས་ཞེས་མནའ་སྐྱེལ་ན་མར་དྲུད་ཚར་སོང་བ་རེད། མནའ་ཟོས་ལ་སོགས་པ་ཞེས་པའི་སོགས་ཁོངས་ནང་དུ་ཅི་ཞིག་ཡོད་ཅེ་ན། རྒྱལ་བ་བུ་རམ་ཤིང་པའི་བསྟན་པ་བུ་རམ་གོར་མོ་ལྟ་བུ་དེ་ལ་ང་ཁྱོད་ཀྱི་ཕྱོགས་རིས་བྱས་ནས། ཆོས་བརྒྱུད་སོ་སོ་དང་དགོན་པ་ཡར་མར་གྱི་བར་ལ་ཆགས་སྡང་གི་ཀུན་སློང་གིས་བསྟོད་སྨད་བྱས་ན། ཆོས་སྤོང་གི་ལས་ངན་རང་གིས་རང་ལ་གསོག་པ་ཡིན། རབ་ན་ཐམས་ཅད་ལ་འབྲེལ་བ་སྣ་རེ་ཞོག དེ་མིན་ན་བསྟོད་སྨད་གཉིས་ཀ་མེད་པར་ཁ་རོག་སྡོད་དང་ཉེས་པ་མེད་པ་ཡིན། གཞན་གྱི་བཟང་ངན་སུས་ཤེས། གཞན་ངན་རུང་རང་ཉིད་བཟང་དུ་ཆུག་དང་དེས་ཆོག་པ་ཡིན། མདོ་སྡེ་རྒྱན་ལས། མི་རིག་པ་ཡི་གཟུགས་ལ་མི་རིག་ན། །ཐེ་ཚོམ་ཟ་བའི་ཆོས་ལ་སྨོས་ཅི་དགོས། །དེ་བས་བཏང་སྙོམས་བཞག་ན་ཉེས་པ་མེད། །ཅེས་གསུངས་པ་ལྟ་བུ་ཡིན། དེས་ན་ཆོས་སྤོང་གི་ལས་ངན་ལ་འཛེམ་རྒྱུ་ནི་གལ་ཤིན་ཏུ་ཆེའོ། །བྱང་ཆུབ་སེམས་དཔའ་ལ་སྐུར་བ་འདེབས་པའི་ཉེས་པ་བཤགས་པ་ནི།

བཞི་བ་བྱང་སེམས་ལ་སྐུར་བ་འདེབས་པའི་ཉེས་པ་བཤགས་པ།

ཁམས་གསུམ་སེམས་ཅན་བསད་ལས་སྡིག་ཆེ་བ།།

བྱང་ཆུབ་སེམས་དཔའ་རྣམས་ལ་སྐུར་པ་བཏབ།།

དོན་མེད་སྡིག་ཆེན་བསགས་པ་མཐོལ་ལོ་བཤགས།།

ཞེས་གསུངས་ཏེ། མི་གང་ཞིག་གིས་ཁམས་གསུམ་སེམས་ཅན་ཡོད་ཚད་ཐམས་ཅད་པོ་བསད་པ་བས་བྱང་ཆུབ་སེམས་དཔའ་གཅིག་ལ་སྐུར་པ་བཏབ་ན་ཉེས་པ་ཆེ་བ་ཡིན་ཞེས་པའི་དོན་ཏེ། ཁམས་གསུམ་ཞེས་པ་ནི། འདོད་ཁམས། གཟུགས་ཁམས། གཟུགས་མེད་ཀྱི་ཁམས་གསུམ་དང་། སྲིད་པ་ཟེར་དུས། ས་འོག་ས་སྟེང་། ས་བླའི་སྲིད་པ་གསུམ་ཟེར་ནས་བརྩི་བ་དང་། ཡང་གྲོང་ཁྱེར་གསུམ་ཞེས་པའི་སྐབས་སུ། སྣང་བ་འདོད་ཁམས་ཀྱི་གྲོང་ཁྱེར། ཕྱེད་སྣང་གཟུགས་ཁམས་ཀྱི་གྲོང་ཁྱེར། མི་སྣང་གཟུགས་མེད་ཀྱི་གྲོང་ཁྱེར་དང་གསུམ་སྟེ་འདི་གསུམ་ལ་གནས་པའི་སེམས་ཅན་ཐམས་ཅད་བསད་པའི་སྡིག་པ་བས་ཆེ་བ་ཞིག་ཡིན་ཚེ་དེ་བས་ཆེ་ཞིག་ཡོད་ཐབས་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་ཀྱི་རྒྱུ་དང་། སེམས་ཅན་ཐམས་ཅད་ཀྱི་ཕ་མ་ལྟ་བུ་ཡིན་ལ། དེ་འདྲའི་བྱང་ཆུབ་སེམས་དཔའ་དེ་ཕར་ལྟས་ཚོད་ཀྱི་འདི་བྱང་ཆུབ་སེམས་དཔའ་རེད་འདི་མ་རེད་ཅེས་དབྱེ་བ་འབྱེད་དཀའ་བ་ཡིན། ཁྱད་པར་དུ་སྦས་པའི་རྣལ་འབྱོར་པ་ཞིག་ཡིན་ན་དེ་བས་ཀྱང་ཤེས་དཀའ་ལ། བྱང་ཆུབ་སེམས་དཔའ་ས་ལ་བཞུགས་པ་དེ་ཚོས་སྤྲུལ་བ་སྣ་ཚོགས་མཛད་ནས་འགྲོ་དོན་འདྲ་མི་འདྲ་མཛད་བཞིན་ཡོད་པ་ཡིན། སྤྲང་པོ་ཤན་པ་དུད་འགྲོ་དག་གི་ནང་དུའང་བྱང་ཆུབ་སེམས་དཔའི་སྤྲུལ་བ་མེད་ཅེས་བརྗོད་མི་ཤེས་པ་ཡིན་ན་བླ་སེར་གྱི་ནང་ན་ཡོད་པ་ནི་སྨོས་མ་དགོས་ལ། ཁྱད་པར་དུ་བོད་གངས་ཅན་གྱི་ལྗོངས་སུ་རིགས་གསུམ་སེམས་དཔའི་སྤྲུལ་བ་རྒྱུན་ཆད་མེད་པ་འབྱོན་བཞིན་ཡོད་ཕྱིར། སུ་དང་སུ་ཡིན་ཡང་གང་ཟག་གི་ཚོད་གང་ཟག་གིས་ཟིན་པ་ནི་དཀའ་མོ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཁོང་དང་ཁོང་འདྲ་བ་མ་གཏོགས། གང་ཟག་གི་ཚོད་གང་ཟང་གིས་མི་ཟིན་པར་གསུངས་པས། ཚིག་ཐག་བཅད་དེ་འཆད་དཀའ་བ་ཡིན། རང་རྒྱུད་ཀྱི་སྐྱོན་མངོན་གྱུར་ཡོད་པ་དག་མི་མཐོང་བ་ཡིན་ན། གཞན་རྒྱུད་ལ་ཡོན་ཏན་ལྐོག་གྱུར་དུ་ཡོད་པ་དེ་བས་ཀྱང་ག་ལ་མཐོང་། དེས་ན་ཐར་བ་འདོད་པའི་གང་ཟག་ཅིག་ཡིན་ན་སུ་ལ་ཡང་སྐུར་པ་འདེབས་མི་རུང་བ་ཡིན། དེ་ལྟ་བུའི་དོན་མེད་ཀྱི་སྡིག་ཆེན་བསགས་པ་མཐོལ་ལོ་བཤགས་སོ། །སྡིག་པའི་ལྟ་བ་ངན་པ་བཤགས་པ་ནི།

ལྔ་བ་སྡིག་པའི་ལྟ་བ་ངན་པ་བཤགས་པ།

དགེ་བའི་ཕན་ཡོན་སྡིག་པའི་ཉེས་དམིགས་དང་།།

དམྱལ་བའི་སྡུག་བསྔལ་ཚེ་ཚད་ལ་སོགས་པ།།

ཐོས་ཀྱང་མི་བདེན་བཤད་ཚོད་ཡིན་བསམ་པ།།

མཚམས་མེད་ལྔ་བས་ཐུ་བའི་ལས་ངན་པ།།

ཐར་མེད་ལས་ངན་བསགས་པ་མཐོལ་ལོ་བཤགས།།

ཞེས་གསུངས་ཏེ། དེ་ཡང་གོང་དུ་བཤད་པའི་སངས་རྒྱས་འོད་དཔག་མེད་ཀྱི་མཚན་ཐོས་པའི་ཕན་ཡོན་དང་། མཆོད་པ་ཆུང་ཆུང་གིས་འབྲས་བུ་ཆེན་པོ་སྨིན་པ་ལ་སོགས་པ་དགེ་བའི་ཕན་ཡོན་དང་། ཡང་བྱང་ཆུབ་སེམས་དཔའ་ལ་སྐུར་པ་བཏབ་པ་དང་། ངན་སེམས་སྐད་ཅིག་མ་ཙམ་སྐྱེས་པས་ཀྱང་། དམྱལ་བའི་ནང་དུ་བསྐལ་བར་གནས་དགོས་པ་ལ་སོགས་པ་སྡིག་པའི་ཉེས་དམིགས་དང་། དམྱལ་བའི་སྡུག་བསྔལ་བཤད་དུས། དཔེར་ན་མི་གཅིག་ལ་མདུང་ཐུང་སུམ་བརྒྱ་དུས་མཉམ་པོར་བརྒྱབ་པའི་ན་ཚ་བས་དམྱལ་བའི་སྡུག་བསྔལ་གྱི་ནང་ནས་ཆུང་ཤོས་ཡང་སོས་ཀྱི་སྡུག་བསྔལ་གྱི་ཆ་ཤས་ཙམ་ཞིག་གི་དཔེར་མི་ཕོད་པ་དང་། དེ་བཞིན་དུ་དམྱལ་ཁམས་འོག་མ་ནས་འོག་མར་རེ་རེ་བཞིན་སྡུག་བསྔལ་ཇེ་ཆེ་ནས་ཇེ་ཆེ་ཡིན་པ་དང་། དམྱལ་བའི་སེམས་ཅན་གྱི་ཚེ་ཚད་བཤད་པའི་སྐབས་སུ། མི་ལོ་ས་ཡ་དགུ་ལ་དམྱལ་བ་ཡང་སོས་ཀྱི་ཞག་གཅིག་ཡིན་པ་སྟེ། མཛོད་ལས། ཡང་སོས་ལ་སོགས་དྲུག་རིམ་བཞིན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །ཞེས་གསུངས་པའི་ཕྱིར། དེ་ལྟར་བརྩིས་ཚེ་དམྱལ་བ་འོག་མ་དག་གི་སེམས་ཅན་གྱི་ཚེ་ཚད་བསྐལ་བའི་བར་དུ་ཡོད་པ་སོགས་ཐོས་ནའང་དེ་ལྟར་མི་བདེན་ནོ་སྙམ་ནས། དེ་འདྲ་ཡིན་རྒྱུ་མ་རེད། རང་གར་བཤད་ཚོད་དང་གྲགས་ཚོད་ཙམ་ཡིན་ནོ་སྙམ་ནས་རྒྱུ་འབྲས་ལ་ལོག་ལྟ་བྱས་ན་མཚམས་མེད་པ་ལྔ་བས་ཐུ་བའི་ལས་ངན་ཡིན་པས། དེ་ལྟ་བུའི་བསྐལ་ཆེན་གྲངས་མང་པོར་ངན་སོང་ལས་ཐར་དུ་མེད་པའི་ལས་ངན་བསགས་པ་དེ་དག་མཐོལ་ལོ་བཤགས་སོ་ཞེས་པའོ། །འོ་ན་གོང་དུ་མཚམས་མེད་ཀྱི་ལས་བས་སྡིག་ཆེ་མེད་པར་བཤད་པ་མིན་ནམ་སྙམ་ན། མཚམས་མེད་ཀྱི་ལས་ཤིན་ཏུ་ལྕི་བ་ཡིན་ཡང་བཤག་པར་བྱ་རུ་ཡོད་ལ། འདི་ནི་དགེ་རྩ་ཆད་སོང་བ་ཡིན་པས་རྒྱུ་འབྲས་ལ་ཡིད་ཆེས་མ་སྐྱེས་ཀྱི་བར་དུ་བཤགས་རྒྱུ་བཅོས་རྒྱུ་གཉིས་ཀ་མེད་པས་དེ་བས་ཐུ་བའི་ལས་སུ་བསྟན་པ་ཡིན་ནོ། །དགེ་བའི་ཕན་ཡོན་དང་སྡིག་པའི་ཉེས་དམིགས་བཤད་པའི་སྐབས་སུ། དགེ་བའི་ཕན་ཡོན་བཤད་ཚེ་དེ་འདྲའི་ལས་སླ་བ་ཏག་ཏག་དང་། སྡིག་པའི་ཉེས་དམིགས་བཤད་སྐབས་དེ་འདྲའི་དཀའ་མོ་དང་ཚབས་ཆེན་ཏག་ཏག་རེད་འདུག འདི་དག་ནི་བླ་མ་རྣམས་ཀྱིས་ཁ་མཁས་པས་ཅི་བཤད་ཡིན་པ་ལས་དེ་ཙམ་ཅི་ལ་ཡིན་སྙམ་པ་དེ་འདྲ་བསམ་དུ་མི་རུང་མ་གཏོགས། རང་རྒྱུད་ན་ཡོད་པའི་དགེ་རྩ་ཆུང་ཆུང་ཙམ་པོ་དེ་ཡང་བཅད་ནས་ཕྱིན་ཆད་དགེ་རྩ་སྐྱེ་བའི་སྐལ་བ་མེད་པར་འགྲོ་བ་ཡིན། ལས་དང་ལས་ཀྱི་འབྲས་བུ་ཞེས་པ་དེ་བསམ་གྱིས་མི་ཁྱབ་པ་ཡིན། རང་རེ་སོ་སྐྱེ་རྨོངས་པ་རྣམས་ཀྱིས་ཀྱང་ཤེས་རྒྱུ་ཞིག་ཡིན་ན་རྒྱུ་འབྲས་ཟབ་མོའི་ཆོས་ཅི་ལ་ཟེར། འཇིག་རྟེན་ལ་མངོན་སུམ་ཡོད་པའི་རྒྱུ་རྫས་མི་འགའ་རེས་བཟོ་བསྐྲུན་ཤེས་རྒྱུ་རྣམས་འུ་ཚོས་བེད་སྤྱོད་ཀྱང་གཏོང་མི་ཤེས་པ་ཡིན་ན། རྒྱུ་འབྲས་ཟབ་མོའི་རྣམ་གཞག་ལྐོག་ཏུ་གྱུར་པ་ལས་འབྲས་ཀྱི་ཆ་ཕྲ་མོ་རྣམས་ག་ལ་ཤེས་ཏེ། རྨ་བྱའི་མདོངས་བཀྲ་གཅིག་ལ་ཡང་། །རྒྱུ་ཡི་དབྱེ་བ་ཐ་དད་པ། །དེ་མཁྱེན་པ་ནི་ཀུན་མཁྱེན་ཏེ། །ཀུན་མཁྱེན་ཡེ་ཤེས་མིན་པས་མིན། །ཞེས་གསུངས་པ་ཡིན། དེས་ན་ཀུན་མཁྱེན་སྟོབས་བཅུ་མངའ་བས་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་རྒྱུ་འབྲས་ཕྲ་བ་ནས་གཟིགས་པ་དེ་ལ་བསླུ་བ་ཞིག་ཨེ་ཡོད་སྙམ་པའི་དོགས་པ་ག་ལ་དགོས། རྒྱུ་འབྲས་ལ་ཡིད་ཆེས་མེད་དུས་སངས་རྒྱས་ལ་དད་པ་མེད་རྟགས་ཡིན་པས། དེ་ནི། དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་ནི་མི་འབྱུང་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་གསུངས་པས། དད་པའི་ཨ་ལུང་མེད་ན། ཐུགས་རྗེའི་ལྕགས་ཀྱུས་ཟིན་ཐབས་མེད། མདོ་ལས་ཀྱང་། ངས་ནི་ཁྱོད་ལ་ཐར་པའི་ཐབས་བསྟན་གྱི། །ཐར་བ་རང་ལ་རག་ལས་བརྩོན་པར་གྱིས། ཞེས་གསུངས་པས། ཡིད་ཆེས་ཀྱི་དད་པའི་སྒོ་ནས་རང་ཉིད་ཐར་པའི་ཐབས་ལ་འབད་དགོས་པ་ཡིན་ནོ།།

གཉིས་པ་བཅས་པའི་ལྟུང་བ་བཤགས་པ།

གཉིས་པ་བཅས་པའི་ལྟུང་བ་བཤགས་པ་ལ། ཕྱི་སོ་སོ་ཐར་བའི་སྡོམ་པ་འགལ་བ་བཤགས་པ་དང་། ནང་བྱང་ཆུབ་སེམས་པའི་བསླབ་པ་དང་འགལ་བ་བཤགས་པ་དང་། གསང་བ་རིག་འཛིན་སྔགས་ཀྱི་དམ་ཚིག་དང་འགལ་བའི་ཉེས་ལྟུང་བཤགས་པ་དང་གསུམ་ལས། དང་པོ་ནི།

དང་པོ་ཕྱི་སོ་སོ་ཐར་བའི་སྡོམ་པ་འགལ་བ་བཤགས་པ།

ཕམ་པ་བཞི་དང་ལྷག་མ་བཅུ་གསུམ་དང་།།

སྤང་ལྟུང་སོར་བཤགས་ཉེས་བྱས་སྡེ་ཚན་ལྔ།།

སོ་ཐར་ཚུལ་ཁྲིམས་འཆལ་བ་མཐོལ་ལོ་བཤགས།།

ཞེས་གསུངས་ཏེ། དེ་ཡང་ཕྱི་སོ་ཐར་གྱི་རྩ་བའི་བཅས་ལྟུང་ཕམ་པ་བཞི་དང་། ལྷག་མ་བཅུ་གསུམ། སྤང་ལྟུང་སུམ་ཅུ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུ། སོར་བཤགས་བཞི། ཉེས་བྱས་བརྒྱ་དང་བཅུ་གཉིས་ཏེ་ལྟུང་བའི་སྡེ་ཚན་ལྔ་པོ་ལས་བཅས་ལྡན་བསླབ་ཁྲིམས་ནོད་ཚར་བའི་དགེ་སློང་ཞིག་གིས་དེ་ལྔའི་གང་ཡང་རུང་བ་ཞིག་ལ་འགལ་བ་བྱུང་ནས་བཟུང་། སོ་ཐར་གྱི་ཚུལ་ཁྲིམས་འཆལ་བ་ཡིན་པས་ན། དེ་ལྟ་བུའི་དམྱལ་བར་སྐྱེ་བའི་རྒྱུ་རང་གཞན་སེམས་ཅན་གྱིས་ཅི་བྱས་པ་ཐམས་ཅད་མཐོལ་ལོ་བཤགས་སོ་ཞེས་པ་སྟེ། རབ་ཏུ་བྱུང་བའི་བསླབ་བྱ་ཐམས་ཅད་རབ་ཏུ་བྱུང་བས་ཤེས་འོས་ཤིང་ཤེས་དགོས་པའང་ཡིན། གལ་ཏེ་བསྲུང་བྱ་ཙམ་ཡང་མ་ཤེས་ན་སྡོམ་པ་ཅི་ཞིག་བསྲུང་། བསྲུང་བྱ་མི་ཤེས་སྲུང་བར་རློམ་པ་མཚར། །ཞེས་གསུངས་པ་ལྟ་བུ་ལས་མ་འདས་པ་ཡིན། ཚུལ་ཁྲིམས་ཉམས་པ་དགེ་འདུན་གྱི་གྲལ་དུའང་མི་ཚུད་པ་ཡིན་ཕྱིར་བཤགས་སྡོམ་མ་བྱས་ན་བདེ་བ་ཅན་དུ་སྐྱེ་མི་ཐུབ་པ་ཤག་ཤག་རེད། དེས་ན་ཚུལ་ཁྲིམས་བསྲུངས་པའི་ཕན་ཡོན་དང་ཉམས་པའི་ཉེས་དམིགས་ལ་བསམས་ཏེ་ཕྱིར་བཅོས་དང་སྲུང་སྡོམ་ལ་འབད་དགོས་སོ། །ནང་བྱང་ཆུབ་སེམས་དཔའི་བསླབ་བྱ་དང་འགལ་བའི་ཉེས་ལྟུང་བཤགས་པ་ནི།

གཉིས་པ་ནང་བྱང་ཆུབ་སེམས་དཔའི་བསླབ་བྱ་དང་འགལ་བ་བཤགས་པ།

ནག་པོའི་ཆོས་བཞི་ལྟུང་བ་ལྔ་ལྔ་བརྒྱད།།

བྱང་སེམས་བསླབ་པ་ཉམས་པ་མཐོལ་ལོ་བཤགས།།

ཞེས་གསུངས་ཏེ། དེ་ལ་ནག་པོའི་ཆོས་བཞི་ཞེས་པ་ནི། བླ་མ་མཁན་སློབ་རྫུན་གྱིས་བསླུ་བ་དང་གཅིག གཞན་གྱིས་ལྷ་སྒོམ་སྔགས་བཟླས་སྡོམ་པ་ཞུ་བ་ལ་སོགས་པའི་དགེ་བ་བྱེད་པ་ལ་ཐེ་ཚོམ་དང་འགྱོད་པ་སྐྱེར་བཅུག་པ་དང་གཉིས། སྐྱེས་བུ་དམ་པ་ལ་སྐུར་པ་འདེབས་པ་དང་གསུམ། ཚོང་རྒྱག་པ་ལ་སོགས་པའི་སྐབས་སུ་གཡོ་སྒྱུ་སྣ་ཚོགས་ཀྱིས་སེམས་ཅན་མགོ་སྐོར་བ་དང་བཞི་སྟེ། དེ་བཞི་བྱས་ན་བྱང་ཆུབ་ཀྱི་སེམས་བརྗེད་པ་ལ་སོགས་པ་ཉེས་དམིགས་ཆེ་བ་ཡིན་པས་ནག་པོའི་ཆོས་བཞི་ཞེས་བྱ་ལ། དེ་བཞི་སྤངས་ཏེ་ལྡོག་ཕྱོགས་དཀར་པོའི་ཆོས་བཞི་ལ་སློབ་དགོས་པ་ཡིན། ལྟུང་བ་ལྔ་ལྔ་ཞེས་པའི་ལྔ་སྔོན་མ་དེ། བྱང་སེམས་རྒྱལ་པོ་ལ་འབྱུང་ཉེ་བའི་རྩ་ལྟུང་ལྔ་སྟེ། དཀོན་མཆོག་དཀོར་འཕྲོག་དང་ནི་ཆོས་སྤོང་ལས། །མཚམས་མེད་ལས་བྱེད་ལོག་ལྟ་ལྔ་རྒྱལ་པོ། །ཞེས་པ་རྣམས་ཡིན་ལ། དེ་ཡང་དཀོན་མཆོག་གི་དཀོར་འཕྲོག་པ་དང་། ཆོས་སྤོང་གི་ལས་བསགས་པ་དང་། དགེ་ཚུལ་སློང་གི་སྡོམ་འཕྲོག་བྱེད་པ་དང་། མཚམས་མེད་ཀྱི་ལས་བྱེད་པ་སྟེ་དེ་ལྔ་བོ་དང་། །ལྔ་རྗེས་མ་ནི་བྱང་སེམས་བློན་པོ་ལ་འབྱུང་ཉེ་བ་ལྔ་སྟེ། གྲོང་ལྗོངས་གྲོང་ཁྱེར་གྲོང་རྡལ་ཡུལ་འཁོར་རྣམས། །འཇོམས་པར་བྱེད་པའང་བློན་པོར་ངེས་པ་ཡིན། །ཞེས་པ་ལྟར་དུ་རྒྱལ་པོ་ལ་འབྱུང་ཉེ་བའི་དང་པོ་བཞིའི་ཁར། གྲོང་ཁྱེར་གྲོང་ལྗོངས་གྲོངས་རྡལ་ཡུལ་འཁོར་བཅོམ་པ་དེ་རྣམས་གཅིག་ཏུ་བརྩིས་པ་སྟེ་བྱང་སེམས་བློན་པོ་ལ་འབྱུང་ཉེ་བ་ལྔའོ། །བརྒྱད་ཅེས་པ་ནི། མ་སྦྱངས་སྟོང་ཉིད་བརྗོད་སྔས་ཉན་ཐོས་སྨོན། །རྫོགས་བྱང་ཕྱིར་བཟློག་ཐེག་དམན་སེམས་བསྐྱེད་དང་། །སོ་ཐར་སྤངས་ནས་ཐེག་ཆེན་སློབ་པ་དང་། །ཉན་ཐོས་ཐེག་པས་ཆགས་སོགས་མི་བཟློག་པས། །དེ་བཟློག་དེ་ཡི་འབྲས་བུ་མེད་པར་བྱས། །ཕྲག་དོག་དབང་གིས་བདག་བསྟོད་གཞན་སྨོད་དང་། །རྙེད་དང་བཀུར་སྟིའི་ཆེད་དུ་བདག་འཚོང་དང་། །དགེ་སློང་ཆད་པས་གཅོད་འཇུག་གསུག་འབུལ་དང་། །སྤོང་བའི་ལོངས་སྤྱོད་ཁ་ཏོན་པ་ལ་བྱིན། །ཞི་གནས་འདོར་བཅུག་ཕལ་ལ་འབྱུང་ངེས་བརྒྱད། །ཅེས་གསུངས་པའི་བྱང་སེམས་ཕལ་བ་ལ་འབྱུང་ཉེ་བ་བརྒྱད་དེ། དེ་དག་ལ་རྩ་ལྟུང་བཅོ་བརྒྱད་དང་། དེའི་ཁར་སྨོན་འཇུག་གི་སེམས་བསྐྱེད་བཏང་བ་གཉིས་བསྣན་པས་རྩ་ལྟུང་ཉི་ཤུ་ཞེས་སུ་ཟེར་བ་ཡིན། དེའི་ཉི་ཤུ་པོ་ལས་གང་བྱུང་ནའང་བྱང་ཆུབ་སེམས་དཔའི་བསླབ་བྱ་ཉམས་པ་ཡིན་པས་དེ་དག་གང་དང་གང་བྱུང་བ་ཐམས་ཅད་མཐོལ་ལོ་བཤགས་སོ་ཞེས་པའོ། །བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རང་རྒྱུད་ལ་སྐྱེས་ནས་མི་ཉམས་པར་བསྲུངས་པའི་ཕན་ཡོན་ནི། སྤྱོད་འཇུག་ལས། གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུ། །མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན། །བྱང་ཆུབ་སེམས་ཞེས་བྱ་བ་རབ་བརྟན་བཟུང་། །ཞེས་གསུངས་པ་ལྟར་དང་། མིང་དོན་གནས་འགྱུར་བ་ལ་སོགས་པའི་དགོས་པ་ཁྱད་པར་ཅན་དང་ལྡན་པའོ། །གསང་བ་རིག་འཛིན་སྔགས་ཀྱི་དམ་ཚིག་དང་འགལ་བའི་ཉེས་ལྟུང་བཤགས་པ་ནི།

གསུམ་པ་གསང་བ་རིག་འཛིན་སྔགས་ཀྱི་དམ་ཚིག་དང་འགལ་བའི་ཉེས་ལྟུང་བཤགས་པ།

རྩ་ལྟུང་བཅུ་བཞི་ཡན་ལག་སྦོམ་པོ་བརྒྱད།།

གསང་སྔགས་དམ་ཚིག་ཉམས་པ་མཐོལ་ལོ་བཤགས།།

ཞེས་གསུངས་ཏེ། དེ་ལ་སྔགས་ཀྱི་རྩ་བའི་ལྟུང་བ་བཅུ་བཞི་ནི། མངའ་རིས་པཎ་ཆེན་གྱིས་སྡོམ་གསུམ་རྣམ་ངེས་ལས། རྩ་བའི་ལྟུང་བ་བཅུ་བཞི་བསྟན་པ་ནི། སློབ་དཔོན་རྣམ་གསུམ་སྙིང་ནས་སྨོད་པ་དང་། །བརྙས་དང་ཐུགས་དཀྲུགས་ལྟུང་བའི་སྒོ་ཀུན་ལས། །ཤིན་ཏུ་ལྕི་ཕྱིར་འདི་ཉིད་དང་པོར་བཤད། །བླང་དོར་གནས་སྟོན་བདེ་བར་གཤེགས་པའི་བཀའ། །བླ་མས་གསུངས་ཤིང་རང་གིས་གོ་བཞིན་དུ། །ཁྱད་གསོད་མི་མཐུན་སྤྱོད་འབྲེལ་བཀའ་འདས་གཉིས། །སྤྱི་རང་ཉེ་དང་ནང་འདྲེས་སྤུན་ལ་ཁྲོས། །འཁོན་འཛིན་ཕྲག་དོག་བརྙས་སོགས་གསུམ་པའོ། །སེམས་ཅན་བདེ་བ་ཀུན་དང་བྲལ་ན་བསམས། །སྙིང་ནས་བྱམས་པ་བཏང་བ་བཞི་བའོ། །འདོད་ཆགས་སེམས་ཀྱིས་གནས་སྐབས་མ་ཡིན་པར། །བསམ་བཞིན་ཁུ་བ་འབྱིན་དང་སེམས་ཅན་ལ། །བྱང་ཆུབ་སེམས་བསྐྱེད་བཏང་བ་ལྔ་བ་ཡིན། །ལམ་འཚོལ་མུ་སྟེགས་ལམ་ཞུགས་ཉན་རང་དང་། །ལམ་ཆེན་ཐེག་ཆེན་གྲུབ་མཐར་སྨོད་ན་དྲུག །སྣོད་དང་ཆོ་ག་མ་བྱས་མ་རྫོགས་དང་། །ཉམས་དང་ཟབ་མོས་འཇིགས་ལྔར་གསང་སྒྲོགས་བདུན། །ཕུང་ལྔ་སངས་རྒྱས་ལྔ་ལ་བརྙས་པ་ཡིས། །སྨོད་དང་གདུང་བ་བསྐྱེད་ན་བརྒྱད་པ་ཡིན། །གཞི་ལམ་འབྲས་བུའི་རང་བཞིན་དག་པ་ལ། །དཀྲི་བར་ཐེ་ཚོམ་ཟ་བ་དགུ་པར་བཤད། །བསྒྲལ་བའི་ཞིང་བཅུ་ཚང་བ་ནུས་བཞིན་དུ། །མི་སྒྲོལ་བ་དང་བྱམས་པར་བྱེད་ན་བཅུ། །མིང་སོགས་བྲལ་ལ་དངོས་དང་དངོས་མེད་རྟོག །རྟོག་གེས་འཇལ་བར་བྱེད་ན་བཅུ་གཅིག་པའོ། །དད་གསུམ་ལྡན་པའི་སེམས་ཅན་དོན་མི་བྱེད། །སེམས་མི་བསྲུངས་དང་བསླུ་བ་བཅུ་གཉིས་པ། །སྐབས་བབ་ཡོ་བྱད་ལོངས་སྤྱོད་དམ་ཚིག་རྫས། །དུས་ཚོད་འབྲེལ་ཡང་མི་བསྟེན་བཅུ་གསུམ་པ། །སྤྱི་དང་བྱེ་བྲག་ལ་ལྟོས་ཤེས་རབ་མ། །ངོས་ལྐོག་སྙིང་ཚིམས་སྨད་གོ་བཅུ་བཞི་པའོ། །ཞེས་གསུངས་པ་ལྟ་བུ་དང་། ཡང་དེ་ལས། ད་ནི་ཡན་ལག་སྦོམ་པོའི་ལྟུང་བ་བཤད། །དབང་དང་དམ་ཚིག་མ་སྨིན་རིག་མ་བསྟེན། །ཚོགས་ཀྱི་འཁོར་ལོའི་དུས་སུ་ལུས་ངག་རྩོད། །མ་གསུངས་རིག་མར་རང་སྟོབས་བདུད་རྩི་ལེན། །སྣོད་ལྡན་སློབ་མར་གསང་སྔགས་མི་སྟོན་དང་། །དད་ལྡན་ཆོས་འདྲི་བ་ལ་ཆོས་གཞན་སྟོན། །ཉན་ཐོས་ནང་དུ་ཞག་བདུན་ལོངས་པར་བསྡད། །རྣལ་འབྱོར་ཡེ་ཤེས་མི་ལྡན་སྔགས་པར་རློམ། །སྣོད་མིན་ལ་བཤད་ཡན་ལག་ལྟུང་བ་བརྒྱད། །ཅེས་པ་སྟེ། མདོར་ན་གསང་སྔགས་རྡོ་རྗེ་ཐེག་པའི་དམ་ཚིག་ལས་གང་ཡང་རུང་བ་ཉམས་པ་ཐམས་ཅད་མ་བཤགས་ན། རྡོ་རྗེ་དམྱལ་བའི་ནང་ལྷུང་བ་དང་བཤགས་སྡོམ་བྱས་ན་མྱུར་དུ་སངས་རྒྱས་ཐོབ་པར་འགྱུར་བ་ནི། རྒྱུད་ལས། སྔགས་ལ་ཞུགས་པའི་སྐྱེས་བུ་ངན་སོང་དང་། །སངས་རྒྱས་གཉིས་ལས་འགྲོ་ས་གསུམ་པ་མེད། །ཅེས་གསུངས་པ་ཡིན། དེས་ན་དེ་ལྟ་བུའི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ་ཞེས་པའོ། །རང་རེ་མདོ་སྔགས་གཉིས་ལྡན་གྱི་རིང་ལུགས་འཛིན་པའི་ཆོས་བརྒྱུད་འདིར་སྐྱེས་ནས་བཟུང་སྟེ། སོ་ཐར་རིགས་བདུན་གང་རུང་གི་སྡོམ་པ་ཞུས་པས་མ་ཚད་པར། བྱང་ཆུབ་སེམས་ཀྱི་སྡོམ་པ་སྲོལ་གཉིས་གང་རུང་ལ་བརྟེན་ནས་ཞུས་པ་དང་། དེའི་ཐོག་ཏུ་གསང་སྔགས་ཀྱི་དབང་མ་ཞུས་པ་མེད་པ་ལྟ་བུ་ཡིན་པས། དེ་ཡང་འཇུག་སྒོ་དབང་དང་དབང་སྲོག་དམ་ཚིག་གིས་འཛིན་དགོས་པ་ཡིན། སོ་བྱང་སྔགས་གསུམ་གྱི་སྡོམ་པ་གསུམ་པོ་ཐོབ་ཀྱང་སྲུང་སྡོམ་གྱི་ཕྱོགས་ནས་གཅིག་ཀྱང་མེད་ན། བཤགས་ཏག་ཏག་བསྡད་ན་བཤགས་ཏེ་ཉམས་པའི་ངན་འབྲས་མི་འབྱུང་བ་ལོས་ཡོད་མ་གཏོགས། བསྲུངས་ནས་བསྲུངས་པའི་བཟང་འབྲས་འཁོར་བ་མཐའ་ཅན་འདྲ་སྲིད་ན་མ་གཏོགས་མྱུར་བའི་རེ་བ་ནི་ཅི་ཡང་མེད་པ་ཡིན། ངོ་བོ་གནས་འགྱུར་ཡོན་ཏན་ཡར་ལྡན་ཞེས་པ་ཞིག་ཡོད་ཀྱང་། ལས་དང་པོ་བས་སྡོམ་པ་གསུམ་སོ་སོའི་རང་ལམ་ལྟར་དུ་བསྲུངས་ནས། རང་རྒྱུད་ཀྱི་ཀུན་རྟོག་ཉོན་མོངས་དང་བསྟུན་ཏེ་འགལ་ན་རང་ལམ་ནས་བཤགས་རྒྱུ་འདི་གནད་ཆེ་བ་ཡིན་ནོ། །ད་ནི་རང་བཞིན་གྱི་སྡིག་པ་ངོ་མ་ཤེས་པ་བཤགས་པ་ནི།

གསུམ་པ་རང་བཞིན་གྱི་སྡིག་པ་ངོ་མ་ཤེས་པ་བཤགས་པ།

སྡོམ་པ་མ་ཞུས་མི་དགེའི་ལས་བྱས་པ།།

མི་ཚངས་སྤྱོད་དང་ཆང་འཐུང་ལ་སོགས་པ།།

རང་བཞིན་ཁ་ན་མ་ཐོའི་སྡིག་པ་སྟེ།།

སྡིག་པ་སྡིག་ཏུ་མ་ཤེས་མཐོལ་ལོ་བཤགས།།

ཞེས་གསུངས་ཏེ། སྡོམ་པ་མ་ཞུས་པའི་ཁྱིམ་པ་ཕོ་མོ་རྣམས་ལ། བཅས་པ་དང་འབྲེལ་བའི་སྡིག་པ་མེད་ཀྱང་། མི་དགེ་བའི་ལས་ལམ་རང་བཞིན་གྱིས་སྡིག་པར་འགྱུར་བ་གྲངས་ཀྱིས་མི་ཆོད་པ་ཡོད་པ་སྟེ། དེ་ཡང་མི་ཚངས་པ་སྤྱོད་པའི་ཕྱོགས་མཚུངས་ལོག་པར་གཡེམ་པ་དང་། མྱོས་བྱེད་ཀྱི་ཆང་འཐུང་བ་དང་། སོགས་ཁོངས་ནས་བྱུང་བ་སྲོག་གཅོད། རྐུ་འཕྲོག ཁ་དུད། སྣ་དུད། ཤོ་དང་རྭ་ཕེ་ལ་སོགས་པ་ཉོན་མོངས་ཅན་གྱིས་བསྐྱེད་ཚད་ཐམས་ཅད་སྟོན་པས་མ་བཅས་ཀྱང་རང་བཞིན་གྱི་ཁ་ན་མ་ཐོའི་སྡིག་པ་ཡིན་པས། རྣམ་སྨིན་གྱི་སྡུག་བསྔལ་ལ་བསམས་ན་ཁ་ཐོག་ནས་བརྗོད་པ་ཙམ་ཡང་མི་ཕོད་པའི་ཕྱིར་ན་སྡིག་པའི་མིང་ལ་ཁ་ན་མ་ཐོ་བ་ཞེས་གསུངས་པ་ཡིན། དེ་དག་ནི་ཁྱིམ་པ་དང་རབ་བྱུང་སུས་ཀྱང་བྱེད་དུ་མི་རུང་བའི་སྡིག་པ་ཡིན་ཡང་སྡིག་པ་ལ་སྡིག་ཏུ་མ་ཤེས་པར་བྱས་པ་ཐམས་ཅད་མཐོལ་ལོ་བཤགས་སོ་ཞེས་བཤགས་པ་སྟེ། སྡིག་པ་ལ་སྡིག་ཏུ་མ་ཤེས་པར་བྱས་ནའང་ཉེས་པ་ཡོད་པས་མ་ཚད་རྣམ་སྨིན་ཡང་ཡོད་པ་ཡིན་པས་ཡང་བསྐྱར་བཤད་ན། མི་ཚངས་སྤྱོད་དང་ལོག་གཡེམ་གྱི་ཉེས་པ་གོང་དུ་ཡང་བཤད་ཟིན་ལ། གཞན་ཡང་། མདོ་ལས། ཆགས་པས་ཟིལ་གནོན་མི་ཡིས་ནི། །བྱ་དང་མི་བྱ་རྟོགས་མི་འགྱུར། །ཞེས་གསུངས་པ་ལྟར་དུ། ཆགས་པའི་དབང་གིས་མཚམས་མེད་ཀྱི་ལས་བྱེད་པ་ལ་སོགས་པ་ཉེས་པ་ཆེན་པོ་འབྱུང་བའང་ཡོད་པ་དེས་ན་རབ་བྱུང་གིས་མི་ཚངས་སྤྱོད་དང་། ཁྱིམ་པས་ལོག་གཡེམ་མཐའ་གཅིག་ཏུ་སྤོང་དགོས་པ་དང་། ཆང་ཨ་རག་འཐུང་བའི་ཐད་ནས་བཅོམ་ལྡན་འདས་ཀྱིས། ཆང་འཐུང་ང་ཡི་རྗེས་འཇུག་མིན། །ཞེས་དང་། ང་ལ་སྟོན་པར་ཁས་ལེན་པ་རྣམས་ཀྱིས་ཆང་རྩྭ་རྩེས་ཀྱང་བཏུང་བ་མི་བྱའོ་ཞེས་གསུངས་པ་ཡིན་པས། རབ་བྱུང་མིན་ཡང་ཁྱིམ་པ་ནང་པའི་ཆོས་སྒོར་ཞུགས་མཁན་ཞིག་ཡིན་ན་སངས་རྒྱས་ཀྱི་རྗེས་འཇུག་དང་སློབ་མ་ཡིན་པས་སངས་རྒྱས་ཀྱི་བཀའ་ལ་མ་འཛེམས་ན་སངས་རྒྱས་ཀྱི་སློབ་མ་མིན་པ་དང་། ནང་པའི་གྲལ་དུ་མ་ཚུད་པ་ནི་ཕྱི་རོལ་བ་ལས་གཞན་འགྲོ་ས་མེད་པ་ཡིན་པས། ཁྱོད་ཕྱི་རོལ་མུ་སྟེགས་པ་ང་ཚོས་གྲལ་དུ་མ་འོངས་ཞེས་པ་ལས་འོས་མེད་པར་ཆགས་པ་ཡིན། དེས་ན་ཆང་འཐུང་མི་རུང་བ་ནི་བཅས་དང་རང་བཞིན་གཉིས་ཀའི་ཉེས་པ་ཡིན་པས་ཡིན་ལ། ཁ་དུད་སྣ་དུད་འདི་གཉིས་ནི་རྒྱུ་གཅིག་གིས་བྱས་པ་སྟེ། འདི་ཡང་བཅོམ་ལྡན་འདས་ཀྱིས་ཉེས་པ་བསྐྱེད་ཚད་ཐམས་ཅད་སྤང་དགོས་ཞེས་སྤང་བྱ་མདོར་བསྡུས་ནས་གསུངས་པ་དང་འགལ་ཞིང་། འདི་ནི་རྒྱུ་ངན་པ་དམ་སྲི་འདྲེ་མོའི་མངལ་ཁྲག་གི་ས་བོན་ལས་བྱུང་བ་དང་། སྦྱོར་བ་ངན་པ་མི་གཙང་བའི་རྫས་ཀྱིས་སྡེབ་སྦྱོར་བྱས་པ་དང་། རྒྱས་འདེབས་ངན་པ་དམ་སྲིས་སྨོན་ལམ་ལོག་འདེབས་ལས་བྱུང་པའི་རྫས་ངན་ཡིན་པས། གལ་སྲིད་འདི་འཐེན་ན་ཡུལ་ལྷ་དཀར་ཕྱོགས་སྐྱོང་བའི་ཟོ་དོར་དང་ལྷ་ཀླུ་ཐམས་ཅད་ལ་ཕོག་ཐུག་འགྲོ་བ་དང་། རང་གི་ཕྲག་ལྷ་ལུས་ལྷ་རྒུད་ནས་ཁ་ལས་ཀླུང་རྟ་ཞན་པ་དང་། འཆི་བྱེད་ཀྱི་ནད་བསྐྱེད་པ་དང་། ཤི་ན་འཕོ་བ་མི་ཐེབས་ཤིང་། གདོན་གྲིབ་གཉིས་ཀ་འདི་ལ་འཁྲི་བ་དང་། དྲི་ངན་ཁོར་ཡུག་ལ་ཁྱབ་པ་དེ་རྐྱང་པས་ཀྱང་ལྷ་དང་སྲུང་མ་ཕྱོགས་དེར་མི་གཅར་བར་འགྱུར་བ་ཡིན་པས་དུད་འཐེན་དང་སྒོག་ཟན་ལྷ་ཁང་ནང་དུ་སོང་ན་ཉེས་པ་ཆེ་བ་ཡིན་ནོ། །མདོར་ན་མགོན་པོ་ཀླུ་སྒྲུབ་ཀྱིས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བ། །མ་ཆགས་མི་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བའོ། །ཞེས་དང་། མངའ་རིས་པཎ་ཆེན་གྱིས། མདོར་ན་ཡེ་ནས་གནང་དང་བཀག་པ་མེད། །བྱ་རུང་དང་ཉེ་མི་རུང་ལྡོག་བྱེད་ན། །དེ་དག་སྤྱོད་ཀྱང་མི་རུང་དང་ཉེ་ཞིང་། །རུང་བ་ལྡོག་ན་ཀུན་ཏུ་སྤོངས་ཞེས་གསུངས། །ཞེས་པ་ལྟར་དུ་རུང་བ་དང་ཉེ་ན་ཆོག་པ་དང་། མི་རུང་བ་དང་ཉེ་ན་མི་ཉན་པ་ཡིན་ནོ། །དེ་ནས་ངོ་མ་ཤེས་པའི་བཅས་ལྟུང་བཤགས་པ་ནི།

བཞི་བ་ངོ་མ་ཤེས་པའི་བཅས་ལྟུང་བཤགས་པ།

སྐྱབས་སྡོམ་དབང་བསྐུར་ལ་སོགས་ཐོབ་ན་ཡང་།།

དེ་ཡི་སྡོམ་པ་དམ་ཚིག་བསྲུང་མ་ཤེས།།

བཅས་པའི་ལྟུང་བ་ཕོག་པ་མཐོལ་ལོ་བཤགས།།

ཞེས་གསུངས་ཏེ། དེ་ལ་སྐྱབས་འགྲོའི་སྡོམ་པ་དང་། དབང་བསྐུར་སྔགས་ཀྱི་སྡོམ་པ་ལ་སོགས་པ་ཞུ་རྒྱུ་ཅི་ཡོད་ཐམས་ཅད་ཞུས་ཏེ་ཐོབ་ཡོད་ན་ཡང་། ཞུས་ཡོད་པ་དེ་དག་གི་སྡོམ་པ་དང་དམ་ཚིག་དེ་དག་བསྲུང་མ་ཤེས་པར་བཅས་པའི་ལྟུང་བ་དང་ཉེས་ལྟུང་ཕོག་པ་ཐམས་ཅད་མཐོལ་ལོ་བཤགས་སོ་ཞེས་པའོ། །སྐྱབས་འགྲོའི་བསླབ་བྱ་ལྟ་བུ་ཞིག་ལ་མཚོན་ན། དགག་པའི་བསླབ་བྱ་གསུམ། སྒྲུབ་པའི་བསླབ་བྱ་གསུམ། ཆ་མཐུན་གྱི་བསླབ་བྱ་གསུམ་དང་དགུ་ཁས་བླངས་ཡོད་པ་དང་། གསང་སྔགས་ཀྱི་དབང་ཞུས་ནས། གཙོ་བོས་ཇི་ལྟར་བཀའ་སྩལ་བ། །དེ་དག་ཐམས་ཅད་བདག་གིས་བགྱིད། །ཅེས་ཁས་བླངས་པ་ཡིན། བླ་མས་རང་གི་སྒེར་དོན་དུ་ཆོས་དང་མི་མཐུན་པ་འདི་འདྲ་ཞིག་སྒྲུབས་ཤིག་ཅེས་གསུངས་པ་མིན་ཡང་། གསང་སྔགས་ཀྱི་དམ་ཚིག་སྲུང་བ་ཡིན་ཞེས་རྗེས་ཟློས་བྱས་ཏེ་ཁས་བླངས་ཚར་དུས་དམ་ཚིག་གི་རྣམ་གྲངས་ས་མ་ཡ་འབུམ་སྡེ་ལ་སོགས་པ་མང་ན་ཡང་། གཙོ་བོ་བླ་མའི་སྐུ་གསུང་ཐུགས་ལས་འཕྲོས་པའི་དམ་ཚིག་ཉེར་བདུན་ལ་སོགས་པ་སྤྱི་དང་བྱེ་བྲག་གི་དམ་ཚིག་བསྲུང་བྱ་མང་བ་ཡིན། བསྲུང་མ་དགོས་བསྲུང་བྱ་ཙམ་ཡང་མ་ཤེས་ན་ཉེས་འགལ་ཇི་ཙམ་སོང་ཡོད་མི་ཤེས་ལ། ཁྱད་པར་དུ་འགལ་ཉམས་འདས་རལ་གྱིས་ལོ་གསུམ་འདས་ན་གསོ་མི་རུང་བ་ཡིན་པས་དེ་ལྟ་བུ་སོ་བྱང་སྔགས་གསུམ་དང་འགལ་བའི་ཉེས་ལྟུང་རང་གཞན་སེམས་ཅན་ཐམས་ཅད་ཀྱིས་བྱས་པ་ཐམས་ཅད་གནོང་ཞིང་འགྱོད་པའི་སེམས་ཀྱིས་བཤགས་དགོས་པ་ཡིན། ས་ཆ་འདི་ཚོ་རྐྱང་པ་མ་ཡིན་པར་བོད་ཀྱི་ས་ཆ་མང་པོ་ཞིག་ལ་མཚོན་ན། དབང་ཞིག་ཞུ་ཟེར་དུས་ཁྱིམ་སྲུང་དུ་ཤུལ་སྡོད་ཀྱང་ཡོད་ལ་མེད་ཅིག་བྱས་ཏེ་ལོ་རྒས་གཞོན་ཚང་མ་གཤར་ཡོང་བ་ཡིན། དབང་ཚིག་མགོ་རྔ་ཚང་བ་ཞིག་གོ་དགོས་སྣང་ཡང་མི་འཆར་བ། བུམ་ཆུ་ཞིག་རག་ཚར་དུས་དབང་ཐོབ་ཚར་སོང་སྙམ་ནས། ཕྱག་དབང་ཞིག་ཞུས་པ་འདྲ་འདྲའི་སྣང་བ་ཤར་ཏེ། བསྲུང་བྱ་ཞིག་ཡོད་སྣང་ཙམ་ཡང་མི་ཤར་བ་ཕྱུགས་ཟོག་ཚེ་ཐར་བྱས་ནས་རྣ་རྟགས་བླངས་ཚར་དུས་ཇི་མི་སྙམ་པར་བཤར་བ་ལྟ་བུ་བྱེད་པ་ནི་རྟོགས་པའི་བསྟན་པ་ནུབ་པའི་རྟགས་ཡིན་པར་གསུངས་པ་ཡིན། ཆོས་ཁྲིད་བཤད་པའི་སྐབས་སུ་ནི་ལོ་ཉུང་དག་ཡོང་མི་ཆོག་ཅེས་བཀག་པ་དང་འདྲ་བར་མི་ཡོང་བར་འདུག་མ་གཏོགས། ད་ལྟ་ལུང་གི་བསྟན་པ་ནུབ་ཟིན་མེད་པས། ཉན་ན་སྤང་བླང་གི་གནད་ཅུང་ཟད་རེ་ཤེས་སུ་ཡོད་པས་མ་ཚད། ཆོས་འཇིག་རྟེན་གཉིས་ཀའི་ཐད་ནས་བློ་གྲོས་ཀྱི་མིག་གསར་བ་རེ་འཐོབ་རྒྱུ་ཡོད་པ་ཡིན། མི་ཤེས་པ་ཐམས་ཅད་སྦྱངས་ནས་ཤེས་དགོས་པ་ཡིན། ངས་དེ་སྔར་མ་ཤེས་ལ་ད་དུང་ཡང་ཤེས་རྒྱུ་མ་རེད་སྙམ་ནས་བསྐྱུར་བཞག་ན། གླང་ཆེན་སྨྱོན་པ་རང་ཡན་དུ་མངགས་པ་དང་འདྲ་བར་ཕུང་ཀྲོལ་ཐམས་ཅད་པོ་དེས་བསྐྱེད་ནས་རང་སྡུག་རང་གིས་བཀལ་བ་ཡིན་པས་ཤེས་རབ་ཀྱི་མིག་རེ་བསྟེན་པ་ནི་གནད་ཆེ་བ་ཡིན། ཉེས་འགལ་བཤགས་པ་ལ་གཉེན་པོ་སྟོབས་བཞིའི་སྒོ་ནས་བཤགས་དགོས་པས་དེའི་ཡན་ཆད་ཀྱིས་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་བཤད་པ་སོང་བའོ། །གཉིས་པ་ཉེས་བྱས་སུན་འབྱིན་གྱི་སྟོབས་ནི།

གཉིས་པ་ཉེས་བྱས་སུན་འབྱིན་གྱི་སྟོབས།

འགྱོད་པ་མེད་ན་བཤགས་པས་མི་འདག་པས།།

སྔར་བྱས་སྡིག་པ་ཁོང་དུ་དུག་སོང་ལྟར།།

ངོ་ཚ་འཇིགས་སྐྲག་འགྱོད་པ་ཆེན་པོས་བཤགས།།

ཞེས་གསུངས་ཏེ། སྔར་བྱས་ཀྱི་སྡིག་པ་མི་དགེ་བའི་ལས་དྲན་ཡོང་དུས་འགྱོད་པ་དྲག་པོ་ཞིག་མེད་པར་ཁ་ཙམ་ཚིག་ཙམ་གྱི་བཤགས་པ་ཞིག་གིས་སྡིག་པ་རྩ་བ་ནས་མི་འདག་པ་ཡིན་པས་ན། སྔར་བྱས་ཀྱི་སྡིག་པ་བསགས་ཚད་པོ་ཚུར་སེམས་ཐོག་ཏུ་བླངས་ཏེ། དཔེར་ན། མི་ནད་མེད་ཅིག་གིས་འཆི་བྱེད་ཀྱི་དུག་ཅིག་འཐུང་ནས་ཁོག་ཏུ་སོང་བ་རང་ཉིད་ཀྱིས་ཤེས་སོང་བ་ལྟར་དུ། ངས་ཅི་འདྲ་འདྲའི་ལས་ངན་ཚབས་ཆེན་ཞིག་བསགས་པར་བྱས་འདུག་སྙམ་ནས། རང་ངོ་ལ་ལྟོས་པའི་ངོ་ཚ་དང་། གཞན་ངོ་ལ་ལྟོས་པའི་ཞེ་ཁྲེལ། རྒྱལ་བ་སྲས་དང་བཅས་པས་མཁྱེན་ན་ཐུགས་ཁྲེལ་བར་འདུག་སྙམ་པའི་འཇིགས་པ་དང་། རྣམ་སྨིན་རང་ཐོག་ལ་སྨིན་ན་ཅི་བྱེད་སྙམ་པའི་དངངས་སྐྲག་ཀྱིས་འགྱོད་པ་ཆེན་པོས་བཤགས་པ་ནི་ཉེས་བྱས་སུན་འབྱིན་པའི་སྟོབས་སོ། །གསུམ་པ་སོར་ཆུད་ནས་ཉེས་སྤྱོད་སྡོམ་པའི་སྟོབས་ནི།

གསུམ་པ་སོར་ཆུད་ནས་ཉེས་སྤྱོད་སྡོམ་པའི་སྟོབས།

ཕྱིན་ཆད་སྡོམ་སེམས་མེད་ན་མི་འདག་པས།།

ཕྱིན་ཆད་སྲོག་ལ་བབ་ཀྱང་མི་དགེའི་ལས།།

ད་ནས་མི་བགྱིད་སེམས་ལ་དམ་བཅའ་བཟུང་།།

ཞེས་གསུངས་ཏེ། འགྱོད་བཤགས་བྱས་ནས་ཕྱིན་ཆད་མི་བྱེད་སྙམ་པའི་སྡོམ་སེམས་བརྟན་པོ་ཞིག་མེད་ན་ཉེས་པ་མི་འདག་པས། ཕྱིན་ཆད་སྲོག་དམར་པོ་ཐེངས་མ་དགུ་ལ་ཆད་ཀྱང་མི་དགེ་བའི་ལས་དེ་དང་འདྲ་བ་ཉི་མ་ད་ལྟ་ནས་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར་དུ་མི་བགྱིད་དོ་སྙམ་ནས་སེམས་ལ་དམ་བཅའ་གཟུང་དགོས་པ་ཡིན། དུག་འཐུང་སྟེ་ཐེངས་གཅིག་ཡར་སོས་ཡོང་ན་ད་དུང་མ་འཛེམས་ན་ཕན་ཐོགས་མེད་པ་ལྟ་བུ་ཡིན། སྤོང་བའི་སེམས་ནི་ཐོབ་པ་ལ། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བཤད། །ཅེས་གསུངས་པས། ཉི་མ་ད་ནས་བཟུང་སྟེ་སྡིག་པ་མི་བྱེད་པར་དགེ་བ་བསྒྲུབ་སྙམ་པའི་དམ་བཅའ་བྱས་ན་གང་ལྟར་ཡང་སེམས་ཀྱི་དགེ་བ་ཆེན་པོ་ཞིག་ཐོབ་པ་ཡིན། བཞི་བ་རྟེན་གྱི་སྟོབས་ནི།

བཞི་བ་རྟེན་གྱི་སྟོབས།

བདེ་གཤེགས་འོད་དཔག་མེད་པ་སྲས་བཅས་ཀྱིས།།

བདག་རྒྱུད་ཡོངས་སུ་དག་པར་བྱིན་གྱིས་རློབས།།

ཞེས་གསུངས་ཏེ། གོང་ནས་བཤད་པ་བཞིན་དུ་རང་ངོས་ནས་འགྱོད་སྡོམ་གྱིས་བཤགས་ན། བདེ་བར་གཤེགས་པ་འོད་དཔག་མེད་སྲས་དང་བཅས་པས་ཀྱང་། བདག་གཞན་གྱི་རྒྱུད་འདི་མེ་ལོང་གཡའ་ཕྱིས་པ་དང་། ཤེལ་གོང་ཆུས་བཀྲུས་པ་བཞིན་དུ་ཡོངས་སུ་དག་པར་བྱིན་གྱིས་རློབས་ཞེས་མོས་གུས་དྲག་པོས་གསོལ་བ་འདེབས་པ་ནི་རྟེན་གྱི་སྟོབས་ཡིན་ནོ། །དེ་ལྟ་བུའི་གཉེན་པོ་སྟོབས་བཞིའི་སྒོ་ནས་སྙིང་ཐག་པ་ནས་བཤགས་ན། སྡིག་པ་ཅི་ཙམ་ཆེ་ཡང་མི་འདག་པ་མི་སྲིད་པ་ཡིན། སྔར་བཤད་པ་ལྟར་དུ་སྡིག་པ་ལ་ཡོན་ཏན་མེད་ཀྱང་འདག་རྒྱུ་ཡོད་པ་དེ་སྡིག་པའི་ཡོན་ཏན་ཡིན། སྡིག་པ་ནི་འདུས་བྱས་བདེན་པར་མ་གྲུབ་པ་ཡིན་ཕྱིར་འདག་ཏུ་ཡོད་པ་ཡིན་ནོ། །མི་མཁས་བླུན་པོ་དག་གིས་སྡིག་པ་བྱེད་ཤེས་ཀྱང་། བཤགས་མ་ཤེས་པར་ལུས་སོང་ན། སྡིག་པ་ཅི་འདྲའི་ཆུང་ཡང་ངན་སོང་ལ་འཕེན་ཐུབ་པ་ནི་དཔེར་ན་ལྕགས་ཀྱི་རིལ་བུ་ཅི་འདྲ་ཆུང་ཆུང་ཞིག་ཡིན་རུང་ཆུ་ནང་དུ་འཕངས་ན་ཆུ་གཏིང་དུ་འགྲོ་བ་ལྟ་བུ་དང་། མཁས་པ་ཞིག་གིས་སྡིག་པ་བྱེད་ཤོར་ཡང་བཤགས་ཤེས་པའི་དབང་གིས་ན་ངན་སོང་ལ་མི་ལྷུང་བའི་ཐབས་ཐོན་པ་དཔེར་ན་ལྕགས་ཀྱི་རིལ་བུ་དེ་བརྡུངས་ཤིང་ལེབ་ལེབ་བྱས་ཏེ་ལྕགས་ཤོག་སྲབ་མོར་བྱས་ནས་ཆུ་ནང་དུ་འཕངས་ན་གཏིང་དུ་མི་ནུབ་པར་ཆུའི་ཁར་གཡེང་བ་ལྟ་བུ་སྟེ། སྡིག་པ་བཤགས་ཤེས་དང་མི་ཤེས་པའི་སྒོ་ནས་ཁྱད་པར་དེ་ལྟར་ཆེན་པོ་འབྱུང་བ་ཡིན། ཁྱད་པར་དུ་སྐབས་འདི་ལྟ་བུའི་བཤགས་པ་ནི་གཉེན་པོ་བྱང་ཆུབ་སེམས་དང་འབྲེལ་བའི་བཤགས་པ་ཡིན་པས་སྡིག་པ་དེ་ལས་ཆེ་མེད་པའི་མཚམས་མེད་ཀྱི་ལས་ཡིན་ཡང་གནས་སྐབས་ཟིལ་གྱིས་མནན་ནས་ཇེ་སྲབ་ལ་གཏོང་ཐུབ་པ་ཡིན། སྡིག་པ་རྩ་བ་མི་བྱེད་པ་དང་། སྡིག་པ་ཅུང་ཟད་བྱེད་ཤོར་ཡང་བཤགས་པ་ལ་འབད་མཁན་གཉིས་ཀའང་སྐྱེས་བུ་དམ་པ་ཡིན་པར་གསུངས་པ་ཡིན། དེས་ན་ཚེ་རབས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་དེ་བྱང་ཞིང་དག་པར་མ་བྱས་ཤིང་། རྒྱུ་ཚོགས་བསགས་པ་ལ་མ་འབད་ན་དག་པའི་ཞིང་ཁམས་མཐོང་བར་གེགས་དང་བར་ཆད་ཆེན་པོ་ཡོད་པ་ཡིན། གང་ལྟར་ཡང་བཤགས་པ་བྱས་པའི་མཐར། ཚོགས་ཞིང་གི་ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་སྐུ་ལས་འོད་ཟེར་ཁ་དོག་སྣ་ལྔ་དཔག་ཏུ་མེད་པ་འཕྲོས་ཏེ། ཕ་མ་གཉིས་དང་དགྲ་བགེགས་གཉིས་ཀྱིས་གཙོར་བྱས་པའི་རང་གཞན་སེམས་ཅན་ཐམས་ཅད་ལ་འོད་ཟེར་དེ་ཕོག་པས་སྡིག་སྒྲིབ་བག་ཆགས་དང་བཅས་པ་བྱང་ཞིང་དག་པར་བསམ་དགོས་པ་ཡིན། དེ་ཡན་ཆད་དུ་ཚོགས་བསགས་པའི་སྒོ་ཐམས་ཅད་ཡན་ལག་བདུན་གྱི་ནང་དུ་བསྡུས་ནས་འཆད་པའི་སྐབས་ནས་བཤགས་པའི་ཡན་ལག་ཆ་ཚང་བཤད་ཟིན་པ་ཡིན། བདེ་གཤེགས་འོད་དཔག་མེད་པ་སྲས་བཅས་ཀྱིས། །བདག་རྒྱུད་ཡོངས་སུ་དག་པར་བྱིན་གྱིས་རློབས། །ཞེས་པའི་མཚམས་སུ་དེ་རིང་བཞག་སྟེ། སང་ཉིན། གཞན་གྱིས་དགེ་བ་བྱས་པ་ཐོས་པའི་ཚེ། །དེ་ལ་ཕྲག་དོག་མི་དགེའི་སེམས་སྤངས་ནས། །ཞེས་པའི་རྗེས་སུ་ཡི་རང་གི་ཡན་ལག་ནས་འགོ་བཟུང་སྟེ་བཤད་རྒྱུ་བྱེད། སྤྱིར་ན་འཛམ་བུའི་གླིང་འདིའི་ཐོག་ལ་ཆོས་ལུགས་ཀྱི་རིགས་འདྲ་དང་མི་འདྲ་མང་པོ་ཞིག་ཡོད་པ་དང་། ཆོས་ལུགས་སྣ་ཚོགས་ལ་དད་པ་བྱེད་མཁན་གྱིས་འཛམ་གླིང་གི་མི་གྲངས་བརྒྱ་ཆ་བརྒྱད་ཅུ་ཙམ་ཞིག་བཟུང་ཡོད་པར་གྲགས་ལ། དེ་དག་ལས་ནང་པ་སངས་རྒྱས་པའི་ཆོས་ལ་དད་པ་བྱེད་མཁན་གྱི་མི་ཡིས་ཀྱང་གྲངས་ཚད་མི་ཉུང་བ་ཞིག་བཟུང་ཡོད་པ་དང་། དེ་ལྟ་བུའི་ཆོས་ཀྱི་རིགས་ཐམས་ཅད་ལས་བོད་རྒྱུད་ནང་བསྟན་གྱི་ཆོས་རང་རེ་ཁ་བ་ཅན་ལ་དར་བའི་མདོ་སྔགས་གཉིས་ལྡན་གྱི་ཆོས་འདི་ཉིད་ལྟ་བུ་ལ་མཚོན་ན། འདྲ་འདྲའི་ནང་གི་མི་འདྲ་བ། ཁྱད་ཆོས་ཁྱད་པར་དུ་འཕགས་པ་ཡིན་པས། དེ་རིང་ཁ་སང་རྒྱ་དང་ཕྱི་རྒྱལ་ལ་སོགས་པ་འཛམ་གླིང་ཤར་ནུབ་ཀྱི་མགོ་སེར་ནག་ཅན་མང་པོ་ཞིག་གིས་འདི་དོན་གཉེར་བྱེད་བཞིན་ཡོད་ལ། མི་སུ་ཡིན་ཡང་རང་སྐྱིད་ཐབས་བདེ་ཐབས་སེམས་མཁན་ཞིག་མ་གཏོགས་ཡོད་དཀའ་ཞིང་། མི་རིགས་གཞན་དག་དེ་ཚོ་འཇིག་རྟེན་ཚེ་འདིའི་དཔལ་འབྱོར་ཡར་རྒྱས་ཀྱི་ཐད་ནས་དེའི་ཡན་དུ་མེད་པའི་སར་ཐོན་ཡོད་ནའང་། ངས་དོ་ཞག་ཅིག་ལ་བཤད་པ་ཕྱིའི་འབྱོར་བས་ནང་གི་བདེ་སྐྱིད་མ་ཐོབ་པར། སྤྱིར་དམ་པའི་ཆོས་དང་། དེ་ལས་ཀྱང་བོད་དུ་དར་བའི་ཆོས་འདིས་ནང་གི་བདེ་བ་ཞིག་ཐོབ་པ་དང་། འདི་ལ་ཕུགས་ཤིག་ཡོད་སྙམ་ནས་ཚང་མས་དེ་ཨེ་ལོན་དང་ཨེ་ཤེས་ལྟ་བཞིན་ཡོད་ལ། མི་དེ་དག་ལ་མཚོན་ན་འཇིག་རྟེན་འདི་སྣང་གི་སོ་ཚིས་ལ་རྣམ་རིག་བཀྲ་ཞིང་། ནམ་མཁར་འཕུར་རྒྱུ་དང་མཚོ་ཐོག་ལ་ལྡིང་རྒྱུ་སོགས་གནའ་གཏམ་རྙིང་པ་ཞིག་ལ་བསྒྱུར་བ་དང་། ནམ་མཁའི་རྒྱུ་སྐར་གྱི་ཐོག་ལ་མིའི་རྟེན་གཞི་འཛུགས་འདེང་དང་། རྫས་འཕྲུལ་འདྲ་དང་མི་འདྲ་ང་ཚོའི་དྲན་མི་ཐུབ་པ་བཟོ་ཤེས་པ་ཡིན། དེ་དག་གིས་བཟོ་བསྐྲུན་བྱས་པའི་ཅ་ལག་ཙག་ཙིག་རྣམས་ང་ཚོས་བེད་སྤྱོད་ཡག་པོ་ཞིག་ཀྱང་མ་ཤེས་ནས་ཡོད་པས། འཇིག་རྟེན་གྱི་ཐོག་ནས་མཁས་བླུན་དང་སྔོན་རྗེས་ཤིག་ཤོར་ནས་ཡོད་པ་ཡིན། འོན་ཀྱང་ཚེ་ཕྱི་མ་དང་ཚེ་སྲོག་གི་གསང་བ་ལྐོག་གྱུར་གྱི་ཐད་ནས། ང་ཚོའི་ཆོས་ལ་མགོ་མི་འདོགས་ཁ་མེད་དུ་ཐུག་པ་འདི་ཚོ་རྐྱང་པ་ལ་ལྟོས་དང་། བོད་ལ་དར་བའི་ཆོས་དང་རིག་གཞུང་འདི་རྩ་ཆེན་ཡིན་མིན་ཤེས་པ་ཡིན། འདི་རིག་གནས་རྐྱང་པ་ཞིག་ཡིན་པའི་ངོས་ནས་བསམ་བློ་བཏང་ནའང་འཛམ་གླིང་རིག་གནས་ཀྱི་བང་མཛོད་ནང་གི་ནོར་བུ་རྩ་ཆེན་མཐོན་ཀ་འོད་འབར་ཞིག་ཏུ་ཆགས་ནས་ཡོད་པ་ཡིན། དེ་ལྟ་བུའི་ཆོས་དེ་ད་ལྟའི་དུས་འདིར་འུ་ཚོ་མི་རབས་འདིའི་ལག་ཏུ་ཡོད་པ་ཡིན་ཕྱིར། འདི་ལ་གཅེས་སྤྲས་བྱེད་དང་མི་བྱེད་རང་ཉིད་ལ་ཐུག་ནས་ཡོད་པ་ཡིན། ནོར་བུའི་ནོར་ངོ་མ་ཤེས་པར་ནོར་བུ་འདམ་རྙོག་གི་ཁྲོད་དུ་གཡུག་དང་མི་གཡུག་རང་ལ་ཐུག་ནས་ཡོད་པ་ཡིན། འདི་ནི་གཟུགས་ཅན་གྱི་ཅ་ལག་ཅིག་དང་མི་འདྲ་སྟེ། གཟུགས་ཅན་གྱི་ཅ་ལག་ཅིག་ཡིན་ན་དབང་ཆེན་ཞིག་གིས་བདག་པོ་བརྒྱབ་སོང་དུས་གཞན་པ་ལ་ཐེམས་རྒྱུ་མེད་པ་ཡིན། འོན་ཀྱང་འདི་ནི་དེ་འདྲ་མ་ཡིན་པར་ཆོས་བདག་མེད་ལ་སྙིང་རུས་སུ་ཆེ་ཞེས་པ་ལྟར་དུ་རང་ཉིད་ལ་བརྩོན་པའི་སྟོབས་ཤུགས་དང་རྣམ་དཔྱོད་ཀྱི་ཤེས་རབ་ཡོད་ན་ནོར་བུ་སུའི་རྒྱན་དུ་བླངས་ཀྱང་ཆོག་པ་ཡིན། དེང་སང་རྒྱ་དང་། ཕྱི་རྒྱལ་མང་པོ་ཞིག་གིས་བོད་ཀྱི་བླ་མ་ཐམས་ཅད་དེད་ནས་ཆོས་གང་ཟབ་ཨེ་ལོན་དང་ཨེ་ཐོབ་ལྟ་བཞིན་ཡོད། དེ་ནི་བོད་མི་གཅེས་པས་དང་། བླ་མ་གཅེས་པས་ག་ལ་ཡིན། ཁོ་ཚོ་རང་ཉིད་གཅེས་པའི་དབང་གིས་རེད། ངོ་མས་ངོ་མ་བཤད་དེ་དོན་དམ་དོན་ལ་བསྐོར་སོང་ན། དབང་ཕར་ལ་བསྐུར་བཞིན་ཡོད་དམ་ཚུར་ལ་བསྐུར་འཆར་ཡིན་ཁྱེད་ཚོས་ཕུགས་མཐོང་བ་འདུག་གམ། བླ་མ་རྣམ་པས་ཟས་ངོ་ནོར་ངོ་ཙམ་ལ་ལྟ་བ་ནི་མེད་ངེས་ཀྱང་རྗེས་སུ་དེད་ནས་རོགས་རེ་བྱེད་མདོག་བསྟན་དུས་བར་ཞིག་ལ་མི་ཤོར་ཞེས་ཀྱང་ངོ་ཤོར་སྐྲ་ཤོར་གྱིས་གདམས་ངག་ཟབ་ཁྲིད་ཀྱི་ཐད་ནས་རང་ལ་ཇི་ཙམ་ཡོད་ཅི་ཤེས་ཀྱང་། ཅུང་ཟད་རེ་ཤོར་ཡོད་མེད་ཟེར་ཚོད་མི་ཐིག་པ་ཡིན། རང་ཡུལ་བོད་ཀྱི་མི་དག་ལ་དེའི་ཆོས་སྐལ་དེ་ཆད་འགྲོ་བ་རེད། གཅིག་བྱས་ན་བླ་རྒན་དག་ལའང་ཁག་མི་འདུག ཆོས་ངས་བཤད་ད་ཞུ་རུ་ཤོག་ཟེར་དུས་ཡོང་མི་ཤེས་པ་རེད། མི་རྣམས་ལ་ཡང་ཀྱང་ཁག་མི་འདུག དམ་པའི་ཆོས་ཀྱི་རོ་བྲོ་བ་ཞིག་བསྟན་ནས་མ་མྱོང་དུས་དེའི་དགོས་པ་རྒྱུ་མཚན་མ་ཤེས་པས་རེད། དོ་ཞག་བཤད་པ་ལྟར་དུ་ཆོས་ཟེར་རྒྱུ་དེ་ཟ་རྒྱུ་ལྡག་རྒྱུ་ཞིག་མིན་པ་ཙམ་ཞིག་ལོས་ཤེས་ཀྱང་། དེའི་ཕན་གྱི་སྤྱོད་སྒོ་ཅི་ཞིག་ཡོད་པ་དང་། ཕན་ཐོགས་ཅི་ཞིག་ཡོད་པར་མི་ཤེས་པ་རེད། དེ་མ་ཤེས་ནའང་དཔེར་ན་མི་རིགས་གཞན་གྱི་མི་ལྟ་བུ་ཞིག་ཡིན་ན་དོན་དག་གསར་པ་དེ་སྔོན་ཐུག་མ་མྱོང་བ་ཞིག་དང་ཐུག་དུས་དེ་ལ་ཞིབ་འཇུག་བྱེད་དར་བ་ཞིག་ཡིན་ནའང་། དེ་འདྲའི་རྣམ་འབྱེད་ཀྱི་ཤེས་རབ་ལ་རྩལ་སྦྱོང་མ་མྱོང་བའི་དབང་གིས། མེ་ཆ་མེ་རྡོ་སྤྲ་བ་གསུམ་མཉམ་དུ་འཛོམས་པའི་རྟེན་འབྲེལ་འགྲིག་པ་ལ་འགག་སྒོ་མང་པོ་ཞིག་གིས་བཀག་ནས་ཡོད་པ་ཡིན། རྒྱུ་རྐྱེན་དེ་འདྲ་ཞིག་ལ་བརྟེན་ནས་མི་མིན་ཟོག་མིན་སྤྲ་མིན་སྤྲེལ་མིན་གྱི་ལུས་ཤིག་ད་དུང་ཡང་བོད་ཡུལ་མཐོ་སྒང་གནས་འདི་ནས་བརྗེ་ཐུབ་ཀྱིན་མེད་པ་རེད། དེས་ན་མི་འགའ་རེས་ཆོས་དང་བླ་མ་ཞིག་ལས་ཟན་རྡོག་དྲོན་མོ་ཞིག་དགའ་ཟེར་འོང་བ་ཡིན། དེ་ཟེར་དུས་ཧ་ལུ་ཞིག་དང་ཁྱད་པར་མེད་པ་ཡིན། ཁྱད་པར་དུ་ཕོ་གསར་ཆ་ཁ། ཕོ་སར་ཆ་ཁ་ཟེར་ཡོང་ས་ཞིག་འདིའི་སྒོ་ཤོབ་ནང་དུ་ཕོ་སར་མང་པོ་ཞིག་མི་འདུག་མོད། ཁྱེད་ཆ་ཁས་ངས་ཕོ་སར་ཚོ་ལ་ཆ་ཞིག་བསྐུར་དེ་ཟློས་ཤོག ཁྱེད་ཆ་ཁ་ནི་སྐྱེས་ཕོ་ཁྲ་ནམ་ལངས། སྐྱེས་བུ་འཁོར་ལོ་དྲུག་པ། ངེད་ཚང་ལ་བུ་ཞིག་སྐྱེས་བྱུང་ཟེར་ནས་དགའ་དགའ་བྱས་ཏེ་ལོ་ཉི་ཤུ་སུམ་ཅུ་ནང་ལ་མ་ཐོན་བར་དུ་གཉོར་སྐྱོང་བྱས་ཤིང་། ད་ལོ་ཉི་ཤུ་སུམ་ཅུའི་ནང་དུ་ཐོན་དུས་མི་ཁ་ད་སྐྱིད་དང་། ཕྱི་མ་ད་མགོན་རེད། ཁ་ལས་རླུང་རྟ་དར་དགོས་པའི་དུས་དང་། དབང་ཐང་ལམ་འགྲོ་ཡོད་དགོས་པའི་དུས་ཚོད་འདི་ལ། ཁྱིམ་བཟའ་ཚང་དང་སྡེ་ཡུལ་མིའི་དར་རྒུད་ཁྱེད་ཆ་ཁ་ལ་ཐུག་ཡོད་པའི་སྐབས་འདིར། ཁྱེད་ཆ་ཁས་བག་ཁང་ཆང་ཁང་ཉུལ། ཕ་མའི་བསགས་པ་དེ་རྒྱན་འགྱེད་ཆང་རག་ལ་བྱིན། ཕུ་ནས་ཧ་བྱེད། མདོ་ནས་དོམ་བྱས་ཏེ། མགོ་སྟོང་གི་བྱ་བ་ཏག་ཏག་གིས་འདས་ནས། ཐ་མ་དོམ་བགོས་ནང་དུ་འཛུལ་བའམ་ཡང་ན་མནའ་ཟ། ཁྲེལ་སྣོག རྐུ་བྱེད། ཤོབ་བཤད། ནང་འཛིང་དམེ་ཁ་རོ་མཆུ་གཏུག་པ་དང་སྡིག་ཉོ་སྡིག་ཚོང་བྱེད་རྒྱུ་ལ་སོགས་པ། མདོར་ན་སྡུག་རིགས་སྡུག་ཚད་པོ་ལས་ན་བོད་མི་རིགས་ཀྱི་ལ་རྒྱ་ནི་ཕར་ཞོག ཡུལ་སྡེ་བའི་མགོ་རྣ་དང་། ཁྱིམ་བཟའ་ཚང་གི་སྐྱིད་སྡུག་གི་ཉམས་ལ་རན་པ་འདུག་གམ། ཕ་བཟང་གི་བུ་ཚོ་ཁ་མིག་ཡར་ལྟོས་ཤིག་གྱིས་དང་། མི་མི་གྲལ་ལ་ཐོན་ནས་མི་ས་ལྷ་གྲས་སུ་ཚུད་དགོས་ན་རིག་གནས་ཡོན་ཏན་ཡོད་དགོས་པ་ཡིན། མི་རིགས་ཤིག་ལ་རང་ཉིད་ཀྱི་རིག་གནས་མེད་ན་དེའི་མི་རིགས་དེ་མི་རིགས་ཤི་བོ་དང་། མི་སྒེར་ཞིག་ལ་རིག་གནས་མེད་ན་དེ་ཁོ་རང་བྱོལ་སོང་རྔ་ལུ་མེད་པ་ཞིག་གི་གྲལ་དུ་འགྲོ་རྒྱུ་རེད། དེང་སང་སྤྱི་ཚོགས་ཡར་རྒྱས་ཀྱི་སྐབས་སུ་མི་ཡིན་ཚད་ཀྱིས་མི་གོ་མ་ཆོད་པས། མིའི་རིན་ཐང་གཞལ་ནས་གོང་ཚད་རྒྱག་པའི་དུས་ཚོད་རེད། རིག་གནས་ཡོན་ཏན་ཡོད་པའི་ཐོག་ཏུ་ཡ་རབས་སྤྱོད་བཟང་གི་གཤིས་ཀ་དགོས་པ་ཡིན། དེ་མེད་ན་མི་མི་གྲལ་དུ་མི་འཇོག་པ་ཡིན། ཁོག་ན་ཡོན་ཏན་དང་རྒྱུད་ན་གཤིས་བཟང་མེད་པའི་མི་ཞིག་གིས་གཏམ་ཚིག་གཅིག་བཤད་ལུགས་ཕར་ཞོག ཐ་ན་གོས་གྱོན་ལུགས་ཙམ་དང་། ཟ་མ་ཟ་ལུགས་ཙམ་གྱིས་མི་ཚེའི་རིན་ཐང་ཆག་འགྲོ་བ་ཡིན། ཁྱད་པར་དུ་བོད་རང་གི་རིག་གནས་འདི་ཆོས་རིག་གཞུང་གཉིས་ཀ་ལ་འབྲེལ་ཡོད་པ་ཞིག་ཡིན། ཁྱེད་ཆ་ཁ་ཆོས་གྲྭའི་ནང་དུ་གཅིག་ཤོག་དང་། ཁྱོད་ཀྱིས་ཚེ་ཕྱི་མ་མ་བསམ་ནའང་། གསོན་འདི་ངོགས་ལོས་བསམ། མི་གཞན་པ་ལ་བསམ་བློ་མི་གཏོང་ནའང་། ཁྱོད་རང་ཉིད་ཡག་ན་བཟང་ན་ལོས་དགའ། དེ་དགའ་ན་ཡ་རབས་སྤྱོད་བཟང་ལ་སློབ་དགོས་པ་ཡིན། ཆོས་རའི་ནང་དུ་ཡོང་ནས་དམ་པའི་གཞུང་དང་། མཁས་པའི་ལེགས་བཤད་ལ་ཉོན་དང་མིའི་གྲལ་དུ་ཚུད་བྱེད་ཆོས་ཀྱི་ནང་དུ་ཡོད་པ་ཡིན། ད་ལྟ་ཁྱོད་མི་མ་རེད་ཟེར་བ་མིན་སྨྲ་ཤེས་དོན་གོ་ཙམ་ཡིན་པ་རེད། འོན་ཀྱང་ད་དུང་སྨིན་དགོས་པ་ཡིན་པས་སྦྱོང་བརྡར་བྱེད་དགོས། ཁྱི་དང་བྱི་ལ་ཚོ་ལའང་སློབ་བཞག་དུས་ཅི་བསླབ་བོ་ཤེས་པར་འདུག་ན་མི་ལ་ལོབ་རྒྱུ་ཅི་ལ་མེད། དཔེ་གཞན་ལ་མི་འཇོག་པར་ང་ཚོའི་སྒོ་ཁ་ན་ཡོད་པའི་རྟ་རྒན་ཞིག་ལ་དཔེ་བཞག་ན། རྟ་འགྲོས་མ་འགྲོས་གོམ་ལོབ་ཡོད་པ་ཞིག་ལ་སྒོར་མོ་ཁྲི་ཚོ་མང་པོ་རི་བ་དང་། རྟ་རྒོད་ཁ་ལོ་མེད་པ་མཐུར་ཤེད་ཅན། ད་དུང་དེའི་ཐོག་ཏུ་གློ་འཕྲ་ཡང་གཡུག་འདུག་པ་ཞིག་ལ་གོང་ཅི་ཡང་མི་རི་བ་དང་འདྲ་འདྲ་རེད། དེས་ན་རང་ཉིད་ཀྱི་རིན་ཐང་རང་ཉིད་ཀྱིས་བསྐྲུན་དགོས་པས། རང་གིས་རང་བཟང་པོའི་ལམ་དུ་ཁ་འཁོར་དུ་འཇུག་དགོས་པ་ཡིན། རྒྱ་ཆོས་པ་ཞིག་གིས་ཁྱོད་ལ་དཀོན་མཆོག་གསུམ་གང་རེད་ཅེས་དྲིས་ཡོང་ན། ཁྱོད་ཀྱིས་དུ་བ་འཐེན་རྒྱུ་དང་རྒྱན་སྐུགས་འཇོག་རྒྱུ་ཙམ་ལས་ཅི་ཡང་མ་ཤེས་ཚེ། ང་ནི་ཧོས་རིགས་ཤིག་ཡིན་ཞེས་བཤད་ན་མ་གཏོགས་ངོ་ཚ་ཉོ་བ་ཡིན། ད་དུང་ཡང་སྐེ་ཡི་རྡོ་རིལ་ཆ་ཁ་འཕུར་རེས་དང་། ཕུ་དུང་ནང་གི་མཛུབ་མོ་འཐེན་རྒྱུ་ས་ཆ་ཁུག་ཀྱོག་ལ་ཉམས་མེད་པ་འདིས་བོད་ཡར་རྒྱས་གཏོང་ག་ལ་ཐུབ། ཚོང་བརྒྱབ་ན་ཁ་ཕྱི་ལ་འཁོར་དགོས་པ་ཡིན། ཨ་རིའི་སྒོར་མོ་དུང་ཕྱུར་ཁ་གྲངས་ཀྱི་རྩིས་གྲངས་དེ་ནང་དུ་ཨེ་འཁོར་བལྟ་དགོས་པ་ཡིན། ཅི་ཡང་མི་ཤེས་པའི་གློས་རྒན་ཞིག་གིས་རྒྱལ་ཕྱི་ནང་གི་ཚོང་དཔོན་ཕར་ཞོག་ཚོང་གཡོག་ཅིག་གི་ཕྱི་རྟིང་ཆོད་ས་མི་འདུག དེ་རིང་ཁ་རྩང་རྒྱལ་ཁབ་འགའ་རེའི་སྲིད་འཛིན་དང་སྲིད་བློན་ཚོས་ཀྱང་ནང་ཆོས་སྦྱོང་རྒྱུ་ལ་བློ་ཁ་ཕྱོགས་བཞིན་ཡོད་པ་ཡིན་ན། ང་ཚོ་འུར་རྡོ་སྐེད་ནས་བླངས་མ་ཐག་པ་ཚོ་དེའི་ཡན་དུ་སླེབས་ཡོད་དམ། ཆོས་རའི་ནང་དུ་ཡོང་ནས་ཆོས་ཉོན་དང་བོད་ཀྱི་མི་ཞིག་ཡིན་པའི་ཚུགས་ཀ་དོད་ཡོང་བ་རེད། མགོ་གནམ་ལ་སྟོན་ལུགས་དང་། རྐང་པ་ས་ལ་བཙུགས་ལུགས་གཞི་ནས་ཤེས་ཡོང་བ་ཡིན། ཚེ་འདི་ཕྱི་གཉིས་ཀྱི་འགྲོ་ལམ་མཐོང་བྱེད་ཀྱི་མིག་གསར་བ་ཞིག་ཕྱེ་ཡོང་རྒྱུ་ཡོད་པ་ཡིན། ཕོ་གསར་བརྒྱགས་པས་ཕྱི་སོ་མི་རིག རྟ་གསར་བརྒྱགས་པས་སྔ་སོ་མི་རིག ཟེར་བ་ཡིན་པས་མི་ཆུང་ཆུང་གིས་སྔ་འདེང་ཕྱི་འདེང་ཕོག་པ་མ་རེད། ཁག་ཅི་ཡོད་སྐ་རགས་དམ་ནས་ཡུན་རིང་སོང་མེད་པས་རེད། ལྡུམ་རའི་ནང་གི་ལྗོན་ཤིང་གི་སྡོང་པོ་ས་ནས་ཡར་སྐྱེས་པ་དེ་ལའང་མིས་ཚུགས་ཀ་བཏོད་ཞོར་དུ་ལམ་དུ་འཇོག་དགོས་པ་ཡིན་ན། མིས་མི་ལམ་དུ་ཅིའི་ཕྱིར་འཇོག་མི་དགོས། སངས་རྒྱས་བྱང་སེམས་ཀྱི་སྤྲུལ་བ་ཁྲི་ཐོག་ལ་ཡོད་པའི་བླ་མ་ཆེན་པོ་དེ་ཚོ་ལ་ཡང་ཡོངས་འཛིན་དགོས་ན། རང་གའི་མི་ལ་ལམ་དུ་འཇོག་མཁན་མེད་ན་མི་མ་ལོ་བ་ཞིག་མ་གཏོགས་ཡོང་རྒྱུ་ཅི་ལ་ཡོད། དེ་ཕྱིན་ཅི་ལོག་ཏུ་སྐྱེ་ལོས་འགྲོ། གལ་ཏེ་ཁྱེད་ཆ་ཁ་ལ་མོས་པ་ཡོད་ན་ཕོ་གསར་ལོ་བཅོ་བརྒྱད་ཡན་ཆད་དང་། སུམ་ཅུ་མན་ཆད་རྣམས་ལ་ངས་ཆེད་སྦྱོང་གི་འཛིན་གྲྭ་ཞིག་བཙུགས་ནས། མིའི་བྱེད་ལུགས་དང་། སྐད་ཡིག་འདྲ་མི་འདྲ་འགའ་རེ་དང་། དཔལ་འབྱོར་རིག་པའི་ཤེས་བྱ་སློབ་ཏུ་འཇུག་དགོས་བསམ་གྱིན་ཡོད། དུས་ཡུན་ཟླ་བ་དྲུག་གི་རིང་ཡིན། དེའི་ཚེ་ལ་སྒྲིག་ལམ་བསྲུང་དགོས། བཙུགས་སའི་ས་ཆ་ནི་མུ་ཏིག་ཟམ་པའི་ཚུ་རོལ། ལམ་གྱི་བཞི་མདོའི་ཁ་འདི་ན་ཡིན། དེའི་ནང་དུ་ཞུགས་རྒྱུའི་རེ་བ་ཡོད་མཁན་ཚོའི་མིང་ཐོ་འགོད་པར་གྱིས། མདོར་ན་ཆོས་རའི་ནང་ལ་ཤོག་ཅེས་པ་དེ་ཁྱེད་ཆ་ཁ་ལ་ཕན་ཐོགས་ཡོད་པའི་དོན་དག་དང་། རང་རང་ལ་ཡོང་སྒོ་ཆེན་པོ་ཞིག་དེ་ན་ཡོད་པ་ཡིན་པས་ན། ཁྱེད་ཆ་ཁའི་དོན་དག་ཡིན་བསམ་པ་མ་གཏོགས། ངེད་ཆ་ཁ་ལ་མཚོན་ན་འཕྲ་བརྡུང་བཀྱེ་ཨེ་འགྲོ་སྙམ་པའི་དོགས་པ་མི་དགོས་པས་ན། ཆོས་རའི་ནང་ཁྱེད་ཚོ་མེད་ན་སྟབས་བདེ་བདེ་ལྟ་བུ་ཞིག་ཡིན། ལོ་ཆུང་རྣམས་ཀྱིས་ཀྱང་ལོ་ཉུང་ཡིན་སྙམ་རྒྱུ་ཡོད་པ་མ་ཡིན། ཚེ་གཅིག་ལ་ལོ་ཉུང་བྱས་ནས་སྡོད་དུ་ག་ལ་ཡོད། འདི་ན་ཡོད་པའི་རྒན་རྒོན་རྣམས་ཀྱང་ལོ་ཉུང་མ་མྱོང་བ་དང་། ཕོ་སར་མ་མྱོང་པ་ཞིག་ཅི་ལ་ཡིན། དུར་ཁྲོད་མི་མགོ་བཙའ་བོ་དེ། མ་ཨ་མས་གཅེས་ཕྲུག་བྱས་མ་མྱོང་བ་ཞིག་དང་། ལ་ཁའི་ཤ་རྭ་རྒོག་ཐོ་དེ། ཤྭ་ཕོ་ཆེན་གྱི་དུང་རྭ་མ་མྱོང་པ་ཞིག་ག་ལ་ཡིན། དགེ་བཤས་ཧྭ་ཡི་དུར་ཁྲོད་དེ་རྒན་རྒོན་ཏག་ཏག་གི་ཕ་མཚེར་ག་ལ་ཡིན། དེས་ན་སྐྱིད་རེའི་ཕག་ན་སྡུག་རེ། ལ་རེའི་ཕག་ན་ཐུར་རེ། ཞེས་པའི་དཔེ་བཞིན་དུ་མི་ལ་སྐྱིད་སྡུག་མང་པོ་ཡོང་རྒྱུ་ཡོད་པས། སྡུག་ཐུག་གི་ཉི་མ་ལ་སྐྱབས་རེ་ས་དཀོན་མཆོག་གསུམ་མ་གཏོགས་ཡོད་པ་མ་ཡིན། ང་ཚོའི་སྒྲུང་བཤད་དུས། ལྷ་དཀོན་མཆོག་ནམ་མཁའི་དབྱིངས་བཞུགས་ལ། །དུས་རྒྱུན་དུ་མཆོད་པ་མ་བྱས་ན། །སྡུག་ཨ་ཐང་ཆད་དུས་འབོད་པ་རང་ག་རེད། །ཅེས་པ་ལྟ་བུ་ལས་མ་འདས། འདིའི་ཆ་འདི་ཕོ་སར་གསར་བུ་ཆ་ཁས་མ་ཚད་པར་རུ་རོགས་ཁྱིམ་མཚེས་ཀྱི་ལོ་བཞི་བཅུ་ལྔ་བཅུ་ཅན་གྱི་རྒས་ཕོ་གསར་དང་བཅས་པ་ཀུན་ལ་ཤོད་ཤོག དེ་ཚོ་རང་གར་ཆོས་ཁྲིད་ཀྱི་ཞོར་ལ་ཁ་བརྡ་བྱས་པ་ཡིན།


previousཉིན་གསུམ་པའི་བཀའ་ཆོས། next