Nitartha Digital Library
Tibetan
 
previousཉིན་བཞི་བའི་བཀའ་ཆོས། next

ཉིན་བཞི་བའི་བཀའ་ཆོས།

ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སར་འགོད་པའི་ཆེད་དུ་དམ་པའི་ཆོས་ཉན་ནས། བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་བསྒྲུབས་ཏེ། སྐྱེ་བ་འདི་བརྗེས་མ་ཐག་ཏུ་ཞིང་ཁམས་བདེ་བ་ཅན་དུ་སྐྱེས་ནས་སངས་རྒྱས་སྐུ་དངོས་ཀྱི་མདུན་ནས་ཆོས་ཉན་ནས་བླ་ན་མེད་པའི་བྱང་ཆུབ་ལུས་རྟེན་དེའི་ཐོག་ནས་བསྒྲུབས་ཏེ། འཁོར་བའི་གནས་ཀྱི་སེམས་ཅན་གཅིག་ཀྱང་མ་ལུས་པ་བདེ་བ་ཅན་དུ་དབུགས་དབྱུང་བར་བྱའོ་སྙམ་པའི་སེམས་བསྐྱེད་ཁྱད་པར་ཅན་སྙིང་རྗེས་སེམས་ཅན་ལ་དམིགས་པ་དང་། ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པ་གཉིས་དང་མ་བྲལ་བའི་སྒོ་ནས་དམ་པའི་ཆོས་ཟབ་མོ་འཆད་ཉན་ལ་འཇུག་དགོས་པ་ཡིན། དེས་ན་ཁ་སང་གོང་དུ་སོང་མ་ཐག་གི་བཤགས་པའི་སྐབས་སུ། སྐྱབས་སྡོམ་དབང་བསྐུར་ལ་སོགས་ཐོབ་ན་ཡང་། །དེ་ཡི་སྡོམ་པ་དམ་ཚིག་བསྲུང་མ་ཤེས། །བཅས་པའི་ལྟུང་བ་ཕོག་པ་མཐོལ་ལོ་བཤགས། །ཞེས་གསུངས་ན། ཉེས་པ་ཐམས་ཅད་ཀྱི་འབྱུང་རྩ་དེ་སྤྱིར་ན་ཉོན་མོངས་དུག་གསུམ་དང་། དེ་ལས་ཀྱང་ཀུན་ལ་ཁྱབ་བྱེད་མ་རིག་པའམ་གཏི་མུག་གིས་དབང་བསྒྱུར་ཏེ། མི་ཤེས་རྨོངས་པའི་གཞན་དབང་དུ་སོང་ནས་ལམ་ལོག་ལམ་གོལ་ངན་འགྲོའི་གཡང་སར་དུས་རྟག་ཏུ་འདི་བཞིན་འཕྱན་ནས་ཡོད་པ་ཡིན། ས་ཆོས་ལྡན་གྱི་ཡུལ་དུ་སྐྱེས་ནས་ཆོས་སངས་རྒྱས་ཀྱི་བསྟན་པ་ལ་དད་པ་འཇོག་བཞིན་ཡོད་པའི་ཚུལ་ཙམ་རེ་བཟུང་ན་ཡང་། དཔེར་ན་མཁར་ཆེན་པོ་ཞིག་གི་ནང་ལ་འཛུལ་དགོས་ན། དང་པོ་མཁར་དེའི་སྒོ་དེ་གང་ཡིན་རྙེད་དགོས་ལ། སྒོ་དེ་མ་རྙེད་ཚེ་ནང་དུ་འཛུལ་ཐབས་དང་ཐར་ཐབས་མེད་པ་ཡིན། ནང་དུ་མ་ཚུད་དུས་གང་ལྟར་བཤད་ཀྱང་ད་རུང་ཕྱི་ལ་ལུས་ནས་ནང་མའི་གྲས་སུ་མི་ཚུད་པ་དང་འདྲ་བར། ཐར་པའི་ལམ་ལ་འཇུག་པའི་སྒོའམ་ལམ་ཐམས་ཅད་ཀྱི་རྨང་རྡོ་ལྟ་བུ་ནི་སྐྱབས་སུ་འགྲོ་བ་ཡིན་ལ། དེ་ཡང་དད་པ་དབང་བཙན་དུ་བྱས་པའི་གང་ཟག་ཅིག་ལ་མཚོན་ན། ཕྱི་པ་ནང་པ་སྐྱབས་འགྲོའི་ཁྱད། །ཅེས་གསུངས་པ་ལྟར་དུ་ཕྱི་ནང་གི་དབྱེ་མཚམས་དེ་གང་ལ་སྐྱབས་སུ་འགྲོ་བའི་སྐྱབས་ཡུལ་གྱི་ཐོག་ནས་དབྱེ་བ་སྟེ། གལ་ཏེ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་སྐྱབས་སུ་མ་སོང་ན། དཀོན་མཆོག་གསུམ་གྱི་སྐྱབས་ཀྱི་ར་བའི་ནང་དུ་མ་ཚུད་པར་ཕྱི་རོལ་དུ་ལུས་ནས་ཡོད་པ་ཡིན་ཕྱིར་ནང་པ་མིན་པ་དང་། གྲུབ་མཐའ་སྨྲ་བའི་ལུགས་དབང་བཙན་དུ་བྱས་ན། ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་མི་ལེན་གྱི་ཐོག་ནས་འབྱེད་པ་སྟེ། དེ་ཡང་འདུས་བྱས་ཐམས་ཅད་མི་རྟག་པ། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བ་སྟེ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཡིན། སྐབས་འདིར་སྔ་མ་ལྟར་དུ་དད་པ་དབང་བཙན་དུ་བྱས་པའི་ལུགས་ལྟར་དུ་བྱེད་ནའང་། གང་ལ་སྐྱབས་སུ་འགྲོ་བའི་ཡུལ་དཀོན་མཆོག་གསུམ་པོ་དེ་ངོས་ཟིན་དགོས་པ་ཡིན། དེ་ཡང་ཚང་མས་ཁ་ཡིས་སྐྱབས་སུ་མཆི་ཟེར་ནས་སྐྱབས་འགྲོ་བཞི་སྐོར་མ་འདོན་མི་ཤེས་མཁན་ཕལ་ཆེར་མེད་ནའང་། གང་འདོན་རྒྱུའི་སྐྱབས་འགྲོའི་ནང་དོན་དེ་ཅུང་ཟད་ཅིག་མ་ཤེས་ཐབས་མེད་ཡིན་པས། གང་ལ་སྐྱབས་སུ་འགྲོ་བའི་ཡུལ་དང་། སྐྱབས་སུ་ཇི་ལྟར་འགྲོ་བའི་ཚུལ་དང་། སྐྱབས་སུ་སོང་ནས་དོན་ཅི་ཞིག་འགྲུབ་པའི་དམིགས་ཡུལ་ཏེ། དེ་ཙམ་གྱི་སྒྲོག་ཅིག་ཡིན་ན་མིན་ན་ཁྲོལ་དགོས་པ་ཡིན། ཁྱད་པར་དུ་གདན་ས་ཆོས་འཁོར་ཆེན་པོའི་ཉེ་འདབས་ལ་སྐྱེས་ཤིང་། མི་ཚེ་མི་ཐོག་ལ་དཀར་པོ་དགེ་བའི་ལས་ལ་བརྩོན་མཁན་གྱི་ཆོས་བྱས་བྱས་ཀྱིས་རྒས་སོང་བའི་དཀར་ཕྱོགས་པ་ཞིག་ཡིན་བསམ་པ་ཞིག་གིས། གལ་ཏེ་སྐྱབས་འགྲོ་ཙམ་ཞིག་མ་ཤེས་ན། དེའི་ཡན་གྱི་ཆོས་ཕྱོགས་ཀྱི་སྐད་ཆ་མཐོན་པོ་བཤད་ཐབས་མེད་སོང་བ་ཡིན། གོང་དུ་བཤད་པ་ལྟར་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་མ་སོང་ན་ནང་པ་སངས་རྒྱས་པའི་ཁྱུ་ལ་ཚུད་མེད་ཅིང་། དེ་མེད་དུས་སྡོམ་པ་ཐམས་ཅད་ཀྱི་རྨང་གཞི་སྐྱབས་གསུམ་འཛིན་པའི་སྐྱབས་སྡོམ་ཞིག་ཀྱང་ཐོབ་ཡོད་པ་མ་ཡིན་ཏེ། སྡོམ་པ་ཉི་ཤུ་པའི་ནང་ལ། སྡོམ་པ་ཀུན་ལ་ཡོད་མོད་ཀྱང་། །སྐྱབས་སུ་མ་སོང་པ་ལ་མེད། །ཅེས་གསུངས་པ་ཡིན། སྤྱིར་ན་ཕྱི་རོལ་མུ་སྟེགས་པ་དག་ལ་ཡང་སྡོམ་པ་རེ་ཁོ་རང་ཚོའི་ལུགས་ཀྱིས་དམ་བཅའ་དང་སྦྲགས་ནས་ལེན་རྒྱུ་ཡོད་པ་ཡིན། འོན་ཀྱང་དེ་ལ་ནང་པས་བཤད་ན་སྡོམ་མིན་རྒྱུད་ལྡན་ཞེས་སུ་སྨྲ་བ་ཡིན། དེ་ལྟ་བུ་མ་ཡིན་པར་ནང་པ་སངས་རྒྱས་པའི་ཆོས་དང་བསྟན་པའི་སྒོར་ཞུགས་པ་ལ་སྐྱབས་འགྲོ་རྩོམ་བྱེད་དུ་མ་བྱས་པའི་དགེ་བའི་སྡོམ་པ་རྣམ་དག་ཅིག་ལེན་རྒྱུ་ཡོད་པ་མ་ཡིན། འཁོར་བའི་སྡུག་བསྔལ་ལས་དུས་གཏན་དུ་ཐར་བའི་ཐར་བ་རྣམ་དག་ཅིག་ཐོབ་དགོས་ན། ལམ་བདེན་བདག་མེད་རྟོགས་པའི་ཤེས་རབ་དེ་རྒྱུད་ལ་མ་བསྟེན་ཐབས་མེད་ཡིན། ལམ་གཅིག་པུ་དེ་མི་བརྒྱུད་ནས་འགྲོ་ས་གཞན་པ་ཡོད་པ་མིན་ཞིང་། ལམ་བདེན་བདག་མེད་རྟོགས་པའི་ཤེས་རབ་རྒྱུད་ལ་བསྟེན་པར་བྱེད་པ་ལ། དེའི་རྟེན་དངོས་མེད་ཐབས་མེད་པ་ནི་ཏིང་ངེ་འཛིན་ཡིན་པས་ན་དེ་བསྒོམ་དགོས་པ་ཡིན། དེ་མ་བསྒོམས་ན་གྲོལ་བ་ཐོབ་པའི་འབྲས་བུ་སྨིན་ཞེས་པ་ཞིག་མི་སྲིད་པ་ཡིན། དེ་ལྟ་བུའི་ཏིང་ངེ་འཛིན་བསྒོམས་ནས་བསམ་གཏན་མཉམ་བཞག་གི་ཡེ་ཤེས་རྒྱུད་ལ་བསྐྱེད་དགོས་ན། རྟེན་གཞི་དངོས་ནི་ཚུལ་ཁྲིམས་ཡིན་པས། ཚུལ་ཁྲིམས་རྣམ་པར་དག་པ་ཞིག་བསྲུང་བ་ནི་དེ་བས་ཀྱང་གལ་ཆེ་བ་སྨྲོས་མ་དགོས་ལ། དེ་ཡང་། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས། །ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། །འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འགྲུབ། །ཅེས་གསུངས་པ་ཡིན། ཚུལ་ཁྲིམས་ཡང་དག་པ་ཞིག་ལེན་དགོས་ན། དང་པོར་སྐྱབས་འགྲོ་རྩོམ་བྱེད་དུ་མ་བྱས་པའི་ནང་པ་སངས་རྒྱས་པའི་ལུགས་ཀྱི་སྡོམ་པ་ཞིག་ལེན་རྒྱུ་མེད་པ་ནི་སྐྱབས་འགྲོ་ཉི་ཤུ་པའི་ལུང་གིས་གསལ་བ་གོང་དུ་བཤད་པ་ལྟར་དུ་ཚིག་སྣ་དོན་གྱི་ཐོག་ནས་དེ་ལྟར་འབྲེལ་བ་ཡིན། དེ་ཡིན་ན་རང་རེ་སེར་སྐྱ་ཕོ་མོ་ལ་མ་ལྟོས་པའི་ཆོས་ར་འདིའི་ནང་ན་ཡོད་ཚད་པོ་ཐམས་ཅད་ཀྱིས། ནང་པ་སངས་རྒྱས་པའི་ཁྱུ་ན་ཡོད་སྙམ་ནས་རང་ཉིད་ནང་པ་སངས་རྒྱས་པ་ཡིན་པར་ཁས་འཆེ་བ་ཤ་སྟག་ཡིན་པས། སྐྱབས་འགྲོའི་སྐོར་དེ་མདོ་ཙམ་ཞིག་མཁྱེན་བཞིན་པ་རྣམས་ལ་ཡང་བསྐྱར་ཐུགས་གསོས་ཤིག་དང་། གསལ་བོར་བརྡ་མ་འཕྲོད་པ་རྣམས་ལ་གསལ་འདེབས་ཀྱི་ཚུལ་དུ་ཞར་ལ་ཅུང་ཟད་བཤད་ན་སྙམ་པ་ཡིན། གོང་དུ་གང་ལ་སྐྱབས་སུ་འགྲོ་བའི་ཡུལ་དང་། ཇི་ལྟར་སྐྱབས་སུ་འགྲོ་བའི་ཚུལ་དང་། སྐྱབས་སུ་སོང་བ་ལ་ཕན་པ་ཅི་ཞིག་ཡོད་པ་རྣམས་གསལ་བོར་ཤེས་དགོས་པ་ཡིན་ཞེས་སྐད་ཆའི་འཕྲོས་གཞི་དེ་ནས་བྱུང་བ་ཡིན། འོ་ན་སྐྱབས་སུ་འགྲོ། སྐྱབས་སུ་འགྲོ་ཞེས་པ་འདིའི་ངེས་ཚིག་ངོ་མ་དེ་གང་ཞིག་ཡིན་ན། ནང་པ་ཟེར་ན་ཕྱི་རོལ་བ་མ་ཡིན་པའི་དོན་ཡིན་པར་གོ་ཡང་། སྐྱབས་དང་འགྲོ་ཞེས་པའི་དོན་ད་རུང་མ་གོ་བས་དེའི་དོན་གང་ཡིན་ཞེ་ན། རང་གཞན་འཁོར་བའི་སྡུག་བསྔལ་གྱིས་འཇིགས་ནས་ཡུལ་ཁྱད་པར་ཅན་ཞིག་ལ་སྐྱབས་སུ་འཛིན་པར་ཁས་བླངས་ཏེ་དམ་བཅའ་བའམ་སྐྱབས་སུ་འཛིན་ཅིང་འགྲོ་བ་དེ་སྐྱབས་འགྲོའི་ངེས་ཚིག་ཡིན། དཔེར་ན། བྱིས་པ་ཆུང་ཆུང་ཞིག་ཁྱི་ཡིས་བདས་ཡོང་དུས། བྱིས་པ་དེ་ཁྱི་བཙན་པོ་དེས་གཟུང་བར་སྐྲག་ནས་མི་ཆེན་པོ་ཞིག་གི་རྩར་བརྒྱུགས་ཏེ་དེ་ལ་སྐྱབས་བཅོལ་བའི་སྐབས་སུ། དེས་དེ་ལྟར་བྱས་ན་ཁྱིས་གཟུང་རྒྱུ་ལས་ཐར་འདུག་སྙམ་ནས་སྐྱབས་སུ་སོང་བ་ཡིན། དེ་དང་འདྲ་བར་འཁོར་བ་དང་ངན་སོང་གི་སྡུག་བསྔལ་མྱོང་རྒྱུ་ལ་སྐྲག་ནས་སམ། ཁྱད་པར་དུ་ཐེག་པ་ཆེན་པོའི་ལུགས་ལ་འཁོར་བའི་སྡུག་བསྔལ་ལ་སྐྲག་པས་མ་ཚད་པར། རང་དོན་ཞི་བ་ཕྱོགས་གཅིག་པ་རང་གཅིག་པུ་བདེ་ཐབས་དེ་ལ་ཡང་འཇིགས་ཤིང་སྐྲག་ནས་སྐྱབས་སུ་འགྲོ་བ་ཡིན། གང་ལ་སྐྱབས་སུ་འགྲོ་བའི་ཡུལ་དཀོན་མཆོག་གསུམ་དང་། ཇི་ལྟར་སྐྱབས་སུ་འགྲོ་བའི་སྐོར་འཆད་པའི་སྔོན་དུ་དང་པོར་དད་པ་ཤེས་དགོས་པ་ཡིན། དེ་དགོས་པ་ཅིའི་ཕྱིར་སྙམ་ན། སྐྱབས་འགྲོའི་སྒོ་འབྱེད་པ་ནི་དད་པ་ལ་རག་ལས་ཡོད་པས་ན་དང་པོར་དད་པ་ཤེས་དགོས་པ་ཡིན། དད་པ་འདི་ལ་དབྱེ་ན་དད་པ་གསུམ་མམ་བཞི་ཡོད་པ་ཡིན། དེ་དག་གང་དང་གང་ཡིན་ཞེ་ན། དང་བའི་དད་པ་དང་གཅིག འདོད་པའི་དད་པ་དང་གཉིས། ཡིད་ཆེས་པའི་དད་པ་དང་གསུམ། ཕྱིར་མི་ལྡོག་པའི་དད་པ་དང་བཞི་སྟེ་དེ་དག་ཡིན། དེ་ལས་དང་པོ་དང་བའི་དད་པ་ནི། དེ་ལ་དད་དགོས་པའི་རྒྱུ་མཚན་ཆེན་པོ་ཞིག་ཤེས་དགོས་པ་མ་ཡིན་པར། དཔེར་ན། ལྷ་ཁང་། གནས་རི། སྐུ་གསུང་ཐུགས་རྟེན་ལ་སོགས་པ་མཇལ་ཡོང་དུས། སེམས་དང་བའི་སྒོ་ནས་ཐུགས་རྗེ་མ་ཆུང་སྙམ་པའི་དང་བ་འདྲེན་པའི་སྣང་བ་ཞིག་དང་སྦྲགས་ཏེ། རྒྱུ་མཚན་ཆེན་པོ་བཤད་རྒྱུ་མེད་པའི་དགའ་བ་དང་དད་པ་ཟུང་འབྲེལ་ཞིག་སྐྱེ་རྒྱུ་དེ་དང་བའི་དད་པ་ཡིན། གཉིས་པ་འདོད་པའི་དད་པ་ནི། དད་དགོས་པའི་རྒྱུ་མཚན་དང་ཕན་ཐོགས་བགྲང་རྒྱུ་ཡོད་པ་ཞིག་ཡིན་ལ། འཁོར་བའི་སྡུག་བསྔལ་འདི་མྱོང་མྱོང་གིས་རྨུས་ནས་བྱུང་། ད་དུང་མུ་མཐུད་དུ་མྱོང་དགོས་ན་བཟོད་ཐབས་བྲལ་འདུག་སྙམ་སྟེ་འཁོར་བའི་ཉེས་དམིགས་ཤེས་པ་དང་། ཐར་བ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་ན་དེ་ནི་གཏན་གྱི་བདེ་བ་དོན་དུ་གཉེར་བྱ་མ་ནོར་བ་ཞིག་གོ་སྙམ་ནས་ཐར་པའི་ཕན་ཡོན་དྲན་པ་སྟེ། གཅིག་ལ་སྤང་འདོད་དང་གཅིག་ཤོས་ལ་ཐོབ་འདོད་ཀྱི་བསམ་པ་ཡོད་པའི་རྒྱུ་མཚན་དམིགས་ཡུལ་ཡོད་པའི་དད་པ་ཞིག་ཡིན་པ་དང་། གསུམ་པ་ཡིད་ཆེས་པའི་དད་པ་ནི། ལས་རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱི་ཡོད་པའི་གོ་བ་གཏིང་ནས་ལོན་པའི་ཡིད་ཆེས་པ་དང་། སྟོན་པ་སངས་རྒྱས། སྐྱོབ་པ་དམ་ཆོས། འདྲེན་པ་དགེ་འདུན་གསུམ་གྱི་ཡོན་ཏན་ཤེས་ཤིང་དྲན་པ་དང་། ཁྱད་པར་དུ་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ་བླ་མ་ལ་མི་བསླུ་བར་ཤེས་ཏེ་ཡིད་ཆེས་པ་ནི་ཡིད་ཆེས་པའི་དད་པའོ། །དེ་འདྲའི་ཡིད་ཆེས་ནམ་ཡང་འགྱུར་བ་མེད་པར་བླ་མ་དཀོན་མཆོག་ལ་བློ་གཏད་ལིང་བསྐྱུར་བྱེད་པ་བྲང་ཁར་མདུང་ཐུང་གཟིར་ཡང་ཕྱིར་ནུད་མི་བྱེད་པ་ནི་ཕྱིར་མི་ལྡོག་པའི་དད་པ་སྟེ། དེ་ལྟ་བུའི་དད་པ་བཞིའི་ནང་གི་ཡིད་ཆེས་པའི་དད་པའམ་ཕྱིར་མི་ལྡོག་པའི་དད་པ་དེས་གཞི་བཟུང་སྟེ་རང་ངོས་ནས་དད་པ་ཡོད་ན། ཡུལ་ལ་བཟང་ངན་མེད་པར་སངས་རྒྱས་ཀྱི་བྱིན་རླབས་འཇུག་ཚུལ་ནི་རྒན་མོ་ཁྱི་སོས་སངས་རྒྱས་ཀྱི་དཔེ་ལྟར་ཡིན། དེ་ཡང་གནའ་སྔ་མོ་ཞིག་ལ་རྒན་མོ་མ་བུ་གཉིས་ཡོད་པ་ལས། བུ་ནར་སོན་ནས་ལོ་བསྟར་ཆགས་ལ་རྒྱ་གར་དུ་ཚོང་བྱེད་དུ་སོང་སྐབས། མ་རྒན་དེ་དཀོན་མཆོག་གསུམ་ལ་དད་པའི་ནང་པའི་ཆོས་པ་ཞིག་ཡིན་པས། མ་རྒན་གྱིས་བུ་ཚོང་ལ་ནམ་འགྲོའི་སྐབས་ཀྱི་འགྲོ་རན་ཁར་ཁྱོད་རྒྱ་གར་དུ་སོང་ནས་ཕྱིར་ཡོང་དུས་ཕྱག་འཚལ་ས་དད་པའི་རྟེན་ཞིག་ཁུར་ཤོག་ཅེས་ཡང་ཡང་བཤད་ན་ཡང་། བུས་ཐེངས་གྲངས་མང་པོའི་བར་དུ་བརྗེད་ངེས་སུ་སོང་ནས་མ་རྒན་ལ་དད་རྟེན་ཁྱེར་རྒྱུ་མ་བྱུང་བས། མཐར་མས་བཤད་རྒྱུར་ད་ཐེངས་ཁྱོད་ཀྱིས་དད་རྟེན་ཞིག་ཁྱེར་མ་ཡོང་ན་ང་ཁྱོད་ཀྱི་སྔོན་དུ་ལྕེབས་པ་ཡིན་ཞེས་བཤད་དོ། །བུ་ཡང་རྒྱ་གར་དུ་ཚོང་ལ་སོང་ནས་ཚོང་བྱས་ཏེ་ཕྱིར་ཡོང་སྐབས་ཁྱིམ་གྱི་ཉེ་སར་སླེབས་ནས་ཁང་མགོ་རིག་པ་དང་སྔར་བཤད་པ་དྲན་ནས། ད་ཅི་ཞིག་དགོས་སམ་ད་རེས་མ་རྒན་ལ་སྟོན་རྒྱུ་ཞིག་མེད་ན་མ་རྒན་རང་སྲོག་ལྕེབས་པ་འགྱུར་བས་ཅི་དྲག་སྙམ་ནས་ཕར་ལྟ་ཚུར་ལྟ་ཞིག་བྱེད་སྐབས། ལམ་ཟུར་དེར་ཁྱི་མགོ་དཀར་སེང་ཞིག་ཡོད་པ་མཐོང་བས་ཅི་ཡིན་འདི་ཡིན་མེད་པར་ཁྱི་མགོའི་རྩར་སོང་ནས་དེའི་ཁ་ནང་གི་སོ་ཞིག་ཕུད་དེ། དར་དཀར་གྱིས་ལྕིབས་ནས་མ་རྒན་ལ་འདི་ནི་སངས་རྒྱས་ཀྱི་ཚེམས་ཡིན་ཞེས་བྱིན་པ་དང་། མ་རྒན་ནི་སྤྱིར་དད་པ་ཆེ་བ་དང་། དེའི་ཐོག་སངས་རྒྱས་ཀྱི་ཚེམས་ལག་ཏུ་ལོན་སོང་སྙམ་པས་དགའ་སྟེ་ཚེམས་ལ་ཕྱག་དང་མཆོད་འབུལ་བྱས་པས། སངས་རྒྱས་ཀྱི་ཐུགས་རྗེ་གདུལ་བྱའི་ཡུལ་ལ་འཇུག་པའི་ཕྲིན་ལས་ཀྱི་སྟོབས་ཀྱིས་མ་རྒན་ལ་སངས་རྒྱས་ཀྱི་བྱིན་རླབས་ཐོབ་སྟེ། ཤི་དུས་འཇའ་འོད་ཀྱི་གུར་ཕུབ་རྒྱུ་ལ་སོགས་པ་ཞིང་དག་པར་སྐྱེ་བའི་རྟགས་མཚན་ཤར་བ་ཡིན། དད་པ་ཡོད་ན་བྱིན་རླབས་དེ་ལྟར་འདྲེན་ཐུབ་པ་དང་། དད་པ་མེད་ན་སངས་རྒྱས་དངོས་སུ་མཇལ་ཡང་ཕན་ཐོགས་མེད་པ་སྟེ། དགེ་སློང་ལེགས་པའི་སྐར་མས་སངས་རྒྱས་ཀྱི་ཉེ་གནས་ལོ་ཉི་ཤུ་རྩ་ལྔ་བྱས་ན་ཡང་། མཐར་ཁྱོད་ལ་འོད་འདོམ་གང་ཡོད་པ་ཙམ་ལས་འུ་གཉིས་འདྲ་འདྲ་ཡིན་ཞེས་དད་ལོག་སྐྱེས་ཏེ། ཕྱི་མ་ཡི་དྭགས་ཀྱི་ཡུལ་དུ་སྐྱེས་སོང་བ་ལྟ་བུ་ཡིན། དེ་ལྟ་བུའི་དད་པའི་སྒོ་ཕྱེས་པའི་སྐྱབས་འགྲོ་འདི་ལ། སྐྱེས་བུ་ཆུང་འབྲིང་ཆེ་གསུམ་གྱི་བློ་རིམ་དང་བསྟུན་ཡོང་ན་སྐྱབས་འགྲོ་རྣམ་པ་གསུམ་གྱི་རྣམ་བཞག་ཡོད་པ་ཡིན། དེ་ལྟ་བུའི་སྐྱབས་འགྲོ་གསུམ་གྱི་རྣམ་བཞག་གི་ཁྱད་པར་དེ་ཅི་ཞིག་གི་ཐོག་ནས་ཕྱེ་བ་ཡིན་ཞེ་ན། བསམ་པའི་ཁྱད་པར་དང་གཅིག དུས་ཀྱི་ཁྱད་པར་དང་གཉིས། ཡུལ་གྱི་ཁྱད་པར་དང་གསུམ་གྱི་ཐོག་ནས་ཕྱེ་བ་ཡིན། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་ནང་པ་སངས་རྒྱས་པ་ཡིན་པ་གཞིར་བཞག་གི་ཐོག་ནས་སྐྱེས་བུ་ཆུང་ངུ་ལ་མཚོན་ན། བསམ་པའི་ཁྱད་པར་ནི་རང་ཉིད་ངན་སོང་གསུམ་ལས་ཐར་ཏེ་མཐོ་རིས་ལྷ་མིའི་གོ་འཕང་ཐོབ་པའི་ཆེད་དུ་སྐྱབས་སུ་འགྲོ་བ་ཡིན། དུས་ཀྱི་ཁྱད་པར་ནི་གནས་སྐབས་ཇི་སྲིད་འཚོའི་བར་ཏེ་ཤི་མ་སོང་གི་བར་དང་། མཐར་ཐུག་ལྷ་མིའི་གོ་འཕང་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བ་ཡིན། ཡུལ་གྱི་ཁྱད་པར་ནི། སྐྱབས་སུ་འགྲོ་ཡུལ་སངས་རྒྱས་ཆོས་དང་དགེ་འདུན་ཏེ་དཀོན་མཆོག་གསུམ་པོ་སྟེ། དེ་ཡང་སངས་རྒྱས་ནི་སངས་རྒྱས་ཀྱི་སྐུ་གཟུགས་ལི་མ་གཏེར་མ་ལུགས་སུ་བླུགས་པ་རིས་སུ་བྲིས་པ་དེ་ཚོས་ཆོག་པ་དང་། ཆོས་དཀོན་མཆོག་དམ་ཆོས་གླེགས་བམ་གསུང་རབ་པོ་ཏིའི་རྣམ་པ་ཅན་དེ་དག་དང་། དགེ་འདུན་ཡང་འཕགས་པ་དང་སོར་སྐྱེའི་ཁྱད་པར་སོགས་ཤེས་པ་མ་ཡིན་པས། གྲྭ་པ་ཚུལ་ལྡན་ཆ་རེ་ལ་དགེ་འདུན་དུ་བརྩི་རྒྱུ་ཙམ་ཞིག་ལས་རྒྱུ་མཚན་ཆེན་པོ་ཞིག་ཤེས་དགོས་པ་མ་ཡིན། སྐྱེས་བུ་འབྲིང་གི་སྐྱབས་སུ་འགྲོ་བའི་ཚུལ་ནི། སྐྱེས་བུ་འབྲིང་ཞེས་པ་ནི་ཉན་ཐོས་དང་རང་རྒྱལ་གཉིས་ཏེ། དེ་ཡང་སྐྱེས་བུ་འབྲིང་གི་ལམ་ཉན་རང་ལ་མཚོན་ན་རྒྱུ་མཚན་ཤེས་དགོས་པ་ཡིན། བསམ་པའི་ཁྱད་པར་གྱི་ཐོག་ནས་བཤད་ན། ཕྱི་མར་ལྷ་མིའི་བདེ་འབྲས་ཐོབ་ཀྱང་འཁོར་བའི་གནས་ལས་མ་འདས། འཁོར་བ་རིགས་དྲུག་གང་དུ་སྐྱེས་ཀྱང་སྡུག་བསྔལ་གསུམ་གྱིས་དམ་ལ་མ་བཞག་ས་ཞིག་ཡོད་པ་མི་འདུག་སྙམ་ནས། སྲིད་པ་རིགས་དྲུག་པོ་གང་དུ་སྐྱེས་ཀྱང་སྡུག་བསྔལ་དུ་ཤེས་པའི་སྒོ་ནས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་རང་ཉིད་ཁོ་ན་ཐར་འདོད་གྱི་བསམ་པ་སྐྱེ་བ་དེ་སྐྱེས་བུ་འབྲིང་གི་བསམ་པའི་ཁྱད་པར་ཡིན། སྐྱེས་བུ་འབྲིང་དེ་ཐེག་པའི་དབང་དུ་བྱས་ན་ཐེག་པ་དམན་པ་ཡིན། དེ་དག་ལ་འཁོར་བ་ལས་ངེས་པར་འབྱུང་བའི་བློ་ཡོད་པ་སྟེ། ཐེག་དམན་སོ་ཐར་བཤད་པའི་སྐབས་སུ་ཐོག་མ་ཉིད་ནས། ངེས་པར་འབྱུང་བའི་བསམ་པས་ཀུན་ནས་བསླངས་པའི་ཞེས་གསུངས་ཡོད་པ་ཡིན། དེའི་སྐྱབས་འགྲོའི་དུས་ཀྱི་ཁྱད་པར་ནི་གནས་སྐབས་ལུས་རྟེན་འདིའི་སྲོག་ཇི་སྲིད་འཚོའི་བར་དུ་དང༌། མཐར་ཐུག་ཉན་རང་དགྲ་བཅོམ་པའི་གོ་འཕང་ཐོབ་མ་སོང་གི་བར་དུ་སྐྱབས་སུ་འགྲོ་བ་ཡིན། སྐྱབས་ཡུལ་གྱི་ཁྱད་པར་ནི། སངས་རྒྱས་ནི་ཉན་རང་དགྲ་བཅོམ་པ་གཉིས་ཀའི་ཆ་ལས་གྲོལ་བ་ཞིག་གི་ཕན་དུ་སྤངས་རྟོགས་ཀྱི་ཡོན་ཏན་མ་ལུས་པ་མཐར་ཕྱིན་སོང་བ་མཐའ་གཉིས་ལ་མི་གནས་པའི་མྱང་འདས་ཡིན་པར་འདོད་པ་མ་ཡིན། སངས་རྒྱས་བཅོམ་ལྡན་འདས་ལ་གཞན་དང་མ་འདྲ་བའི་མཁྱེན་པའི་ཡེ་ཤེས་དང༌། མཚན་དཔེའི་ཡོན་ཏན་ཁྱད་པར་འཕགས་པས་བརྒྱན་པ་ཉན་རང་དགྲ་བཅོམ་པ་དག་ལས་ཁྱད་པར་དུ་འཕགས་པ་ནི་བསྐལ་བ་གྲངས་མེད་གསུམ་དུ་ཚོགས་བསགས་པའི་སྟོབས་དང༌། རིགས་འཁོར་ལོའི་སྒྱུར་བའི་རྒྱལ་པོའི་རིགས་སུ་འཁྲུངས་པའི་སྟོབས་ཀྱིས་ཡིན་པར་འདོད་པ་ཡིན། སངས་རྒྱས་ཀྱི་སྐུ་གཟུགས་དེ་རྣམ་སྨིན་སྡུག་བདེན་གྱི་ཕུང་པོ། མི་གཙང་བའི་རྫས་ཀྱི་རང་བཞིན་ཅན་ཞིག་ཡིན་པས། སྐྱབས་སུ་འགྲོ་ཡུལ་དངོས་ནི་སངས་རྒྱས་ཀྱི་ཐུགས་འགོག་པ་དམ་པ་དེ་ལ་སྐྱབས་སུ་འགྲོ་དགོས་པ་ཡིན་ཞེས་སྨྲ་བ་དང་། ཆོས་དཀོན་མཆོག་ནི་ཐེག་དམན་རང་ལུགས་ཀྱི་སྡེ་སྣོད་གསུམ་དང་བསླབ་པ་གསུམ་པོ་སྟེ། ལུང་དང་རྟོགས་པའི་ཆོས་གཉིས་ཀྱི་ནང་ནས་རྟོགས་པའི་ཆོས་དང་། རྟོགས་པའི་ཆོས་དེ་ལ་ལམ་དང་འགོག་པའི་བདེན་པ་གཉིས་ཡོད་པ་ལས་འགོག་པའི་བདེན་པ་དེ་སྐྱབས་སུ་འགྲོ་ཡུལ་གྱི་ཆོས་དངོས་ཡིན་པར་འདོད་པ་ཡིན། དགེ་འདུན་ནི། སོ་སྐྱེས་དགེ་འདུན་དང་འཕགས་པའི་དགེ་འདུན་གཉིས་ཡོད་པ་ལས། དགེ་འདུན་དཀོན་མཆོག་དེ་འཕགས་པ་རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང་བའི་འཕགས་པའི་དགེ་འདུན་ལ་འདོད་པ་དང་། དེ་ཡང་དེ་དག་གི་སྐུ་ལུས་ནི་རྣམ་སྨིན་སྡུག་བདེན་གྱི་ཕུང་པོའི་ལྷག་མ་མི་གཙང་བའི་རང་བཞིན་ཡིན་པས་དེ་དག་གི་ཐུགས་འགོག་པ་དམ་པ་དེ་ལ་སྐྱབས་སུ་འགྲོ་དགོས་ཞེས་གསུངས་པ་ཡིན། དཀོན་མཆོག་གསུམ་གྱི་ངོས་འཛིན་ཚུལ་དེ་དག་གིས་དེ་ལྟར་འདོད་པ་ཡིན། སྐྱེས་བུ་ཆེན་པོའི་ལམ་ཐེག་པ་ཆེན་པོའི་ལུགས་ཀྱི་བསམ་པའི་ཁྱད་པར་ནི། བདག་རང་ཉིད་གཅིག་པུ་འཁོར་བ་དང་ངན་སོང་གི་གནས་ནས་ཐར་དགོས་སྙམ་པ་དེ་འདྲ་མ་ཡིན་པར། ནམ་མཁའི་མཐའ་ཀླས་གྱུར་པའི་མ་རྒན་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ་བར་བྱ་བའི་ཕྱིར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའོ་སྙམ་པའི་སྦྱོར་བ་སེམས་བསྐྱེད་དམ་པ་ཀུན་སློང་དོན་གཉིས་སམ་ཟུར་གཉིས་དང་ལྡན་པ་ཞིག་དང་། དུས་ཀྱི་ཁྱད་པར་ནི། དུས་དེ་རིང་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བ་ཡིན། དེ་ལའང་སྐྱབས་སུ་འགྲོ་བའི་དུས་ཚོད་གཅིག་དང་མི་འགྲོ་བའི་དུས་ཚོད་གཉིས་ཡོད་འདུག་པས་མཐར་ཐུག་པ་མ་ཡིན་པར་འགྱུར་རོ་སྙམ་ན། དེ་ནི་བྱང་ཆུབ་ཆེན་པོའི་གོ་འཕང་ཐོབ་དུས་སྐྱབས་སུ་འགྲོ་དགོས་པ་མ་ཡིན་ཏེ། དེའི་དུས་བདག་རང་ཉིད་སྟོབས་བཅུའི་སྟོབས་དང་ལྡན། དབང་བཅུའི་དབང་གིས་ཕྱུག་ཡོད་པས་ན། རང་ཉིད་གཞན་གྱིས་སྐྱོབ་མི་དགོས་པར་མ་ཟད། གཞན་ཕ་རོལ་པོ་སྐྱོབ་པའི་ནུས་པ་དང་ལྡན་ཡོད་པས་ན་སྐྱབས་སུ་འགྲོ་དགོས་པ་མིན་ནོ། །སྐྱབས་ཡུལ་གྱི་ཁྱད་པར་ནི། སངས་རྒྱས་ནི་སྐུ་བཞི་ཡེ་ཤེས་ལྔ་དང་ལྡན་པ་སྟེ་དེ་ནི་སྐྱེས་བུ་ཆེན་པོའི་ལུགས་ཀྱི་སྐྱབས་ཡུལ་སངས་རྒྱས་དཀོན་མཆོག་དང་། ཆོས་ཐེག་པ་ཆེན་པོའི་ལུང་དང་རྟོགས་པའི་ཆོས་དང་། དགེ་འདུན་དེ་འཕགས་པའི་གང་ཟག་ས་དང་པོ་ནས་ས་བཅུའི་རྒྱུན་མཐའི་བར་གྱི་བྱང་ཆུབ་སེམས་དཔའ་རྣམས་ཏེ་ཐེག་ཆེན་ལུགས་ཀྱི་ཐུན་མོང་ཕྱི་ཡི་སྐྱབས་ཡུལ་དཀོན་མཆོག་གསུམ་པོ་ནི་དེ་ལྟ་བུའོ། །ཐུན་མོང་མ་ཡིན་པ་ནང་གི་སྐྱབས་འགྲོའི་ཡུལ་ནི་བླ་མ་ཡི་དམ་མཁའ་འགྲོ་གསུམ་སྟེ། བྱིན་རླབས་ཀྱི་རྩ་བ་བླ་མ། དངོས་གྲུབ་ཀྱི་རྩ་བ་ཡི་དམ། ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོའོ། །ཁྱད་པར་དུ་ཐབས་མཆོག་རྡོ་རྗེ་སྙིང་པོ་གསང་སྔགས་རྫོགས་པ་ཆེན་པོའི་ལུགས་ཀྱི་སྐྱབས་ཡུལ་ནི་རྩ་རླུང་ཐིག་ལེའི་རང་བཞིན་ཏེ། གནས་པ་རྩ། གཡོ་བ་རླུང༌། བཀོད་པ་བྱང་ཆུབ་སེམས་དང་གསུམ་ཡིན་པ་དང་། མཐར་ཐུག་བསླུ་བ་མེད་པ་གནས་ལུགས་རྡོ་རྗེའི་སྐྱབས་ཡུལ་ནི། ངོ་བོ་རང་བཞིན་ཐུགས་རྗེའི་བདག་ཉིད་ཅན་ཏེ། མདོ་ལྟར་ན་བདེ་གཤེགས་སྙིང་པོ། སྔགས་ལྟར་ན་རང་བྱུང་ནང་གསལ་གྱི་ཡེ་ཤེས། སྣང་སྟོང་དབྱེར་མེད་པའི་བདག་ཉིད་རྣམ་གསུམ་དབྱེར་མེད་ཆེན་པོའོ། །དེ་ཡང་ཐེག་ཆེན་ཐུན་མོང་གི་ལུགས་ལ། ཆོས་དགེ་འདུན་གཉིས་ཀ་གནས་སྐབས་ཀྱི་སྐྱབས་དང༌། མཐར་ཐུག་གི་སྐྱབས་དེ་དཀོན་མཆོག་ཀུན་འདུས་སངས་རྒྱས་ཁོ་ན་ཡིན་པར་འདོད་པ་ཡིན། སྐྱེས་བུ་ཆེན་པོའི་ལུགས་ཀྱི་དུས་ཀྱི་ཁྱད་པར་ནི། རྒྱུ་མཚན་ཉིད་ཐེག་པའི་ལུགས་ལྟར་དུ་བྱས་ན། ཕྱི་བྱང་ཆུབ་སྙིང་པོ་བྱང་ཆུབ་ཤིང་དྲུང་དུ་བཞུགས་ནས་མངོན་པར་རྫོགས་པ་སངས་མ་རྒྱས་ཀྱི་བར་དང༌། ནང་གི་བྱང་ཆུབ་སྙིང་པོ་རིག་པ་བདེ་གཤེགས་སྙིང་པོ་མངོན་དུ་མ་གྱུར་གྱི་བར་དུ་སྐྱབས་སུ་འགྲོ་བ་དང་། སྔགས་ཀྱི་ལུགས་རྐྱང་པའི་ཐོག་ནས་བཤད་ན། ལྷུན་གྲུབ་རིག་འཛིན་གྱི་ས་ཐོབ་སྟེ། ནང་གསལ་གདོད་མའི་དབྱིངས་སུ་སངས་རྒྱས་མ་སོང་གི་བར་དུ་སྐྱབས་སུ་འགྲོ་བ་ཡིན་ཞེས་འཆད་པ་ཡིན། དེས་ཁྱད་པར་གསུམ་ལྡན་གྱི་སྐྱེས་བུ་ཆེ་འབྲིང་ཆུང་གསུམ་གྱི་སྐྱབས་འགྲོའི་དབྱེ་བ་བཤད་པའོ། །དེ་ནས་སྐྱབས་སུ་འགྲོ་བའི་ཡུལ་གང་ཡིན་གསལ་བོར་ཤེས་དགོས་པ་ཡིན་ལ། དེ་ཡང་སྐྱབས་ཀྱི་ཡུལ་དུ་གྱུར་པའི་དཀོན་མཆོག་གསུམ་པོ་དེ་ཇི་ལྟ་བུ་ཞིག་ཡིན་པར་ཞིབ་ཀྱིས་ཤེས་དགོས་ན། དཀོན་མཆོག་གསུམ་པོ་དེའི་ངོ་བོ། དབྱེ་བ། ཡོན་ཏན་གསུམ་གྱི་ཐོག་ནས་བཤད་དགོས་པས། དང་པོ་སངས་རྒྱས་དཀོན་མཆོག་གི་ངོ་བོ་ནི་སྤངས་རྟོགས་མཐར་ཕྱིན་པ་སྟེ། འོ་ན་སྤངས་རྟོགས་མཐར་ཇི་ལྟར་ཕྱིན་པ་ཡིན་ཞེ་ན། ལམ་ལྔ་ས་བཅུ་བརྒྱུད་ནས་རྫོགས་སྨིན་སྦྱངས་གསུམ་གྱི་སྒོ་ནས་སྒྲིབ་གཉིས་ཀྱི་དྲི་མ་ཕྲ་རགས་ཐམས་ཅད་སྤངས་ཏེ། ས་བཅུའི་རྒྱུན་གྱི་ཐ་མའི་བག་ཆགས་ཀྱི་སྒྲིབ་པ་ཕྲ་མོ་དེ་གཉེན་པོ་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས་བཅོམ་ནས་སྤང་བྱ་ལྷག་མ་མ་ལུས་པ་སྤངས་ཤིང་། རྟོགས་བྱ་ལྷག་མ་མ་ལུས་པ་རྟོགས་པའི་སྤངས་རྟོགས་མཐར་ཕྱིན་པ་དེ་སངས་རྒྱས་ཀྱི་ངོ་བོ་ཡིན་པའོ། །སངས་རྒྱས་དཀོན་མཆོག་དེ་ལ་དབྱེ་བའི་ཐོག་ནས་བཤད་སོང་ན། རྟེན་སྐུ། བརྟེན་པ་ཡེ་ཤེས། མཛད་པ་ཕྲིན་ལས་དང་གསུམ་དུ་དབྱེ་རུ་ཡོད་ཅིང་། རྟེན་སྐུ་ནི་ངོ་བོ་ཉིད་སྐུ། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་སྟེ་བཞི་ཡིན་ལ། དེ་ལས་ངོ་བོ་ཉིད་སྐུ་ནི། དབྱིངས་རང་བཞིན་གྱིས་རྣམ་པར་དག་པའི་ཆ་དེ་ཡིན་པར་གསུངས་པ་དང་། བྲལ་སྨིན་གྱི་ཡོན་ཏན་དང་ལྡན་པ་འབྲས་ཆོས་ཉེར་ལྔའི་བདག་ཉིད་ཅན་ནི་སངས་རྒྱས་ཆོས་ཀྱི་སྐུ་དང་། ཕྱི་གསལ་སྐུ་དང་ཡེ་ཤེས་རྒྱ་མཚོའི་རང་བཞིན་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་ངོ་བོ་དེ་ལོངས་སྤྱོད་རྫོགས་སྐུ་དང་། སྣ་ཚོགས་གདུལ་བྱའི་སྣང་ངོར་གང་ལ་གང་འདུལ་དེ་ལ་དེར་སྣང་དུ་བྱོན་པ་ནི་སྤྲུལ་བའི་སྐུ་སྟེ་སྐུ་བཞིའོ། །ཡེ་ཤེས་ལྔ་ནི། ཆོས་དབྱིངས་ཡེ་ཤེས། མེ་ལོང་ཡེ་ཤེས། མཉམ་ཉིད་ཡེ་ཤེས། སོར་རྟོག་ཡེ་ཤེས། བྱ་གྲུབ་ཡེ་ཤེས་དང་ལྔ་བོ་དེ་ཡིན་ལ། དེ་ཡང་ཆོས་ཐམས་ཅད་ཀྱི་གནས་ལུགས་དོན་དམ་པའི་བདེན་པ་མངོན་སུམ་དུ་ཤེས་པ་དེ་ཆོས་དབྱིངས་ཡེ་ཤེས་དང་། ཆོས་དབྱིངས་ཡེ་ཤེས་དེའི་ངོ་ཁ་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་སྣང་ཆ་འགག་པ་མེད་པ་དེ་མེ་ལོང་ལྟ་བུའི་ཡེ་ཤེས་དང་། མེ་ལོང་གི་ངོས་ལ་འཆར་བའི་གཟུགས་ལ་བཟང་ངན་གང་ཡོད་ཀྱང་གཟུགས་བརྙན་དུ་མཉམ་པ་བཞིན་འཁོར་འདས་མཉམ་ཉིད་ཚུལ་གཅིག་རོ་གཅིག་ཏུ་གཟིགས་པ་ནི་མཉམ་ཉིད་ཡེ་ཤེས་དང་། ཆོས་ཉིད་ཀྱི་ངོས་ནས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མཉམ་པ་ཡིན་ནའང་ཆོས་ཅན་གྱི་ངོས་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་མ་འདྲེས་སོ་སོར་མཁྱེན་པ་ནི་སོར་རྟོག་ཡེ་ཤེས་དང་། སངས་རྒྱས་ཀྱིས་གདུལ་བྱ་འདུལ་བ་ལ་འབད་པ་དང་རྩོལ་བ་མི་དགོས་པར་ཡིད་བཞིན་གྱི་ནོར་བུ་དང་། དཔག་བསམ་གྱི་ཤིང་ལྟར་དུ་རྩོལ་མེད་ལྷུན་གྲུབ་ཏུ་འདོད་དགུ་ངང་གིས་འབྱུང་བ་ནི་བྱ་གྲུབ་ཡེ་ཤེས་ཞེས་སུ་གསུངས་པ་ཡིན་ལ། དེ་ལྟ་བུའི་རྟེན་སྐུ་བརྟེན་པ་ཡེ་ཤེས་ཅན་དེའི་མཛད་པ་ཕྲིན་ལས་ནི། རྟག་པ། ཀུན་ཁྱབ། ལྷུན་གྲུབ། འབད་རྩོལ་མེད་པ་ཞིག་སྟེ། དེ་ཡང་རྟག་པའི་མཐར་ལྷུང་བ་ཞིག་མ་ཡིན་པར་རྟག་པ་རྒྱུན་ཆད་མེད་པའི་རྟག་ཆད་ཀྱི་མཐའ་ལས་འདས་པའི་རྟག་པ་དམ་པ་དང་། ཀུན་ལ་ཁྱབ་པས་མ་ཁྱབ་པ་མེད་པ་དང་། ལྷུན་གྱིས་གྲུབ་པས་འབད་རྩོལ་མི་དགོས་པའོ། །དེས་སྐྱབས་ཡུལ་སངས་རྒྱས་དཀོན་མཆོག་གི་ངོ་བོ་དང་དབྱེ་བ་བཤད་པ་ཡིན། སངས་རྒྱས་དཀོན་མཆོག་གི་ཡོན་ཏན་གྱི་ཕྱོགས་ནས་བསམ་བློ་ཞིག་བཏང་ན། སངས་རྒྱས་ཆོས་སྐུའི་ཡོན་ཏན་དེ་ཇི་ལྟ་བུ་ཞིག་ཡིན་ཞེ་ན། སྟོབས་བཅུ་མི་འཇིགས་པ་བཞི་མ་འདྲེས་པ་བཅོ་བརྒྱད་སོགས་ཟག་མེད་ཀྱི་ཆོས་སྡེ་ཚན་ཉི་ཤུ་རྩ་གཅིག་གི་རང་བཞིན་ཅན་དང་། གཟུགས་སྐུའི་ཡོན་ཏན་ལ་མཚོན་ན། སྐུ་མཚན་བཟང་སོ་གཉིས་དང་དཔེ་བྱད་བརྒྱད་ཅུའི་ཡོན་ཏན། གསུང་ཚངས་དབྱངས་ཡན་ལག་དྲུག་ཅུའི་ཡོན་ཏན། ཐུགས་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་དང་ལྡན་པ་དང་། བརྩེ་བའི་ཐུགས་རྗེས་ཉིན་མཚན་དུས་དྲུག་ཏུ་སེམས་ཅན་ཐམས་ཅད་ལ་ཉེ་རིང་མེད་པར་གཟིགས་པ་དང་། སྐྱོབ་པའི་ནུས་མཐུ་དེ་ཇི་ལྟར་ཡིན་ན། རྒྱ་མཚོ་ཆུ་སྲིན་གནས་ཀྱི་རླབས། །དུས་ལས་ཡོལ་བར་འགྱུར་སྲིད་ཀྱི། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་མི་སྲིད། །ཅེས་གསུངས་པ་ལྟ་བུ་ཡིན་ལ། དེས་སངས་རྒྱས་དཀོན་མཆོག་གི་ངོ་བོ། དབྱེ་བ། ཡོན་ཏན་ཐམས་ཅད་བཤད་ཟིན་པ་དང་། ཆོས་དཀོན་མཆོག་ལ་མཚོན་ན། ཡང་དེ་ལྟར་དུ་ངོ་བོ་དབྱེ་བ་ཡོན་ཏན་གསུམ་གྱི་ཐོག་ནས་བཤད་དུ་ཡོད་པ་སྟེ། ཉོན་མོངས་པ་དང་ཤེས་བྱ་བག་ཆགས་ཀྱི་སྒྲིབ་པ་སྤངས་པ་འམ་སྤོང་བྱེད་ཀྱི་ཐབས་སུ་གྱུར་པ་དེ་དམ་པའི་ཆོས་ཀྱི་ངོ་བོ་ཡིན། དབྱེ་ན་ལུང་གི་ཆོས་དང་རྟོགས་པའི་ཆོས་གཉིས། ལུང་གི་ཆོས་ལའང་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི། དེ་ཚུར་ལ་བསྡུ་ན་གསུང་རབ་ཡན་ལག་བཅུ་གཉིས། དེ་བསྡུ་ན་འདུལ་བ་མདོ་སྡེ་མངོན་པ་སྟེ་སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ་གྱི་ནང་དུ་འདུས་པ་ཡིན། རྟོགས་པའི་ཆོས་ནི་སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ་གྱི་དོན་ཉམས་སུ་བླངས་པའི་ལམ་ལྷག་པའི་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་སྟེ། དེ་ཡང་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ། ལྷག་པ་ཤེས་རབ་ཀྱི་བསླབ་པའོ། །དེ་གསུམ་པོ་ནི་ཕྱི་རོལ་མུ་སྟེགས་པའི་ལུགས་ཀྱི་བརྟུལ་ཞུགས་མཐའ་དག་ལས་ལྷག་པས་ན་ལྷག་པའི་བསླབ་པ་ཞེས་སུ་གསུངས་པ་ཡིན། དམ་པའི་ཆོས་ཀྱི་ཡོན་ཏན་ནི། ཆོས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ། །ཅེས་གསུངས་པ་ལྟར་དུ་སྲིད་ཞིའི་རྒུད་པ་ཐམས་ཅད་སེལ་བ་དང་། སྲིད་ཞིའི་ཕུན་ཚོགས་ཐམས་ཅད་འབྱུང་བའོ། །དེས་དམ་པའི་ཆོས་དཀོན་མཆོག་གི་དབྱེ་བ་དང་ཡོན་ཏན་ཐམས་ཅད་བཤད་པའོ། །དགེ་འདུན་དཀོན་མཆོག་ལའང་ངོ་བོ་དབྱེ་བ་ཡོན་ཏན་གསུམ་གྱི་ཐོག་ནས་བཤད་རྒྱུ་ཡོད་པ་སྟེ། ངོ་བོ་ནི། རིག་གྲོལ་ཡོན་ཏན་བརྒྱད་དང་ལྡན་པ་སྟེ། བདེན་པ་མཐོང་ཞིང་རིག་ནས་སྤང་བྱ་ཅི་རིགས་ལས་གྲོལ་བས་རིག་གྲོལ་ཟེར་བ་ཡིན། དབྱེ་ན་ཐེག་དམན་ཉན་རང་གི་དགེ་འདུན་དང་ཐེག་ཆེན་འཕགས་པའི་དགེ་འདུན་གཉིས་སོ། །དགེ་འདུན་གྱི་ཡོན་ཏན་ནི་བསླབ་པ་གསུམ་དང་གཟུངས་དང་སྤོབས་པའི་ཡོན་ཏན་མཐའ་ཡས་པ་རྒྱ་མཚོ་ལྟ་བུ་དང་ལྡན་པའོ། །དེ་ལྟ་བུའི་སྐྱབས་གནས་དཀོན་མཆོག་གསུམ་པོ་དེ་ཚུར་ལ་བསྡུ་ན་བླ་མ་གཅིག་ལ་འདུས་པ་ཡིན། བླ་མའི་སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་ཡིན་པ་སྟེ། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །བླ་མ་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་གསུངས་པ་ལྟ་བུ་དང་། ད་དུང་མདོ་ཕྱོགས་ནས་ཡིན་ན། མྱ་ངན་མ་བྱེད་ཀུན་དགའ་བོ། །སྨྲེ་ངག་མ་འདོན་ཀུན་དགའ་བོ། །ང་ཉིད་ཕྱི་མའི་དུས་ཀྱི་ཚེ། །དགེ་བའི་བཤེས་ཀྱི་གཟུགས་སྤྲུལ་ནས། །ཁྱོད་ལ་སོགས་པའི་དོན་བྱེད་འགྱུར། །ཞེས་གསུངས་པ་ཡིན། སངས་རྒྱས་ཐམས་ཅད་ལ་ཐུགས་རྗེ་ཡོད་ཀྱང་བར་དུ་བླ་མ་མ་བརྒྱུད་ན་བྱིན་རླབས་འཇུག་ཐབས་ཡོད་པ་མ་ཡིན་ཏེ། དཔེར་ན། ཉི་མའི་དཀྱིལ་འཁོར་ལ་ཚ་དྲོད་ཡོད་ཀྱང་མེ་ཤེལ་ཞིག་དེའི་བར་དུ་མ་བརྒྱུད་ན། རྩྭ་སྐམ་པོ་ལ་མེ་འབར་ཐབས་མེད་པ་ལྟ་བུ་ཡིན། དེས་ན་བླ་མ་ནི་སྐྱབས་གསུམ་ཀུན་འདུས་ཡིན་པས་མ་ཚད། རྩ་གསུམ་ཀུན་འདུས། སྐུ་གསུམ་ཀུན་འདུས་ཀྱང་ཡིན་པས། སྔོན་འགྲོ་དང་དངོས་གཞིའི་ཆོས་གང་ཞིག་ཉམས་ལེན་བྱེད་ཀྱང་། བླ་མའི་ཐུགས་རྒྱུད་ཀྱི་བྱིན་རླབས་སློབ་མའི་མོས་གུས་ཀྱིས་འདྲེན་ཏེ་རྟོགས་པ་ཁྱད་པར་ཅན་རྙེད་དགོས་པ་ཡིན། སྐྱབས་འགྲོ་འདི་ལ་རྒྱུའི་སྐྱབས་འགྲོ་དང་འབྲས་བུའི་སྐྱབས་འགྲོ་ལ་སོགས་པའི་དབྱེ་བ་དང་རྣམ་གྲངས་མང་པོ་འཆད་དུ་ཡོད་ཀྱང་། ལས་དང་པོ་བ་དང་། ཁྱད་པར་དུ་ཁྱིམ་པ་ཕོ་མོ་ཚོས་དཀོན་མཆོག་གསུམ་པོ་གང་ཡིན་གྱི་དོན་སྤྱིའི་གོ་བ་ཙམ་ཞིག་ཆགས་པའི་ཆེད་དུ། སྐྱབས་ཡུལ་དཀོན་མཆོག་གསུམ་གང་ཡིན་དང་། བློ་ཆེ་འབྲིང་ཆུང་གསུམ་གྱིས་སྐྱབས་སུ་འགྲོ་ཚུལ་ཇི་ལྟར་ཡིན་པ། སྐྱབས་སུ་སོང་བའི་ཕན་ཡོན་དང་། དགོས་པ་ཆེ་ཚུལ་གྱི་སྐོར་རགས་རིམ་ཙམ་ཞིག་དེ་རིང་ཆོས་ཁྲིད་ཀྱི་ཞར་ལ་གླེང་མོལ་བྱས་པ་ཡིན། ད་སྐབས་སུ་བབས་པ་གང་ཞིག་གསན་པར་བྱ་བ་བདེ་བ་ཅན་གྱི་ཞིང་གི་སྨོན་ལམ་དང་སྦྲེལ་བའི་བདེ་ཆེན་ཞིང་ཁྲིད་འཆད་པའི་སྐབས་ཏེ། དེ་ལ་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་འཆད་པའི་སྐབས་ནས། རྒྱུ་དང་པོ་རྟེན་ཚོགས་ཞིང་གསལ་འདེབས་པ་སོང་ནས། རྒྱུ་གཉིས་པ་ཚོགས་བསགས་སྒྲིབ་སྦྱོང་གི་སྐབས་དང་། དེ་ལ་ཚོགས་བསགས་པའི་སྒོ་དམ་པ་དེ་ཉིད་ལ་ཡན་ལག་བདུན་ཡོད་པ་ལས། ཕྱག་འཚལ་བ་དང་། མཆོད་པ་དང་། བཤགས་པ་རྣམས་སོང་ནས། དེ་རིང་ནི་ཡན་ལག་བཞི་བ་རྗེས་སུ་ཡི་རང་བའི་ཡན་ལག་བཤད་པའི་སྐབས་ཏེ།

བཞི་བ་ཡན་ལག་བཞི་བ་རྗེས་སུ་ཡི་རང་བའི་ཡན་ལག

དེ་ཡང་རྗེས་སུ་ཡི་རང་བའི་ཡན་ལག་ནི་ཕྲག་དོག་གི་གཉེན་པོ་ཡིན་ལ། དེ་ལ་ཕྲག་དོག་ཅེས་པའི་ཉོན་མོངས་པ་འདི་ནི། གཞན་གྱི་ཕུན་སུམ་ཚོགས་པའི་དཔལ་ལ་མི་བཟོད་པའི་སེམས་ཀྱི་ཟུག་རྔུ་བསྐྱེད་པ་ཞིག་སྟེ། འདི་ལ་ནང་གསེས་ཀྱི་དབྱེ་བ་ཕྱེས་ན་གཞན་འབྱོར་བ་རྒྱས། མངའ་ཐང་དར། གོ་གནས་མཐོ། ཡོན་ཏན་ལྡན། དཔུང་སྟོབས་བཙན་པ་ལ་སོགས་པ་ཕྲག་གིས་དོག་པ་སྐྱེ་སའི་ཡུལ་དང་འབྲེལ་བའི་ནང་གི་དབྱེ་བ་དུ་མ་ཡོད་ཅིང་། འོན་ཀྱང་འདིར་གཞན་གྱིས་རྣམ་དཀར་དགེ་བའི་ལས་བསྒྲུབས་ཏེ་བསོད་ནམས་བསགས་པ་ལ་ཕྲག་གིས་དོག་པ་དངོས་བསྟན་དང་གཞན་རྣམས་ཤུགས་ཀྱིས་གོ་བར་འགྱུར་བའི་སྒོ་ནས་བསྟན་ཏེ། དང་པོ་ཕྲག་དོག་སྤངས་པའི་ཕན་ཡོན་གྱི་སྒོ་ནས་བསྟན་པ་ནི།

དང་པོ་ཕྲག་དོག་སྤངས་པའི་ཕན་ཡོན་གྱི་སྒོ་ནས་བསྟན་པ།

གཞན་གྱིས་དགེ་བ་བྱེད་པ་ཐོས་པའི་ཚེ།།

དེ་ལ་ཕྲག་དོག་མི་དགའི་སེམས་སྤངས་ཏེ།།

སྙིང་ནས་དགའ་བས་རྗེས་སུ་ཡི་རང་ན།།

དེ་ཡི་བསོད་ནམས་མཉམ་དུ་ཐོབ་པར་གསུངས།།

ཞེས་གསུངས་ཏེ། གང་ཟག་གཞན་གྱིས་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་བསྟེན་ནས་རང་རྒྱུད་ཡོན་ཏན་གྱིས་ཕྱུག་པའི་དམ་པའི་རྣམ་ཐར་གྱི་རྗེས་སུ་སློབ་ཅིང་། རྒྱལ་བའི་བསྟན་པ་བཤད་དང་སྒྲུབ་པས་འཛིན་སྐྱོང་སྤེལ་གསུམ་བྱེད་པ་དང་། ཡང་གང་ཟག་འགའ་ཞིག་གིས་དགེ་འདུན་འདུ་བའི་གཙུག་ལག་ཁང་དང་། སྐུ་གསུང་ཐུགས་རྟེན་གྱི་བཞེངས་པ་རྒྱ་ཆེན་པོ་མཛད་པ་དང་། ཡང་སྦྱིན་སོགས་རྒྱལ་སྲས་ཀྱི་སྤྱོད་པ་ལ་བསླབ་སྟེ། མཆོད་སྦྱིན་རྒྱ་ཆེན་པོ་མཛད་པ་ལ་སོགས་པ། གཞན་དག་གིས་རྣམ་དཀར་དགེ་བའི་ལས་བྱེད་པ་མིག་གིས་མཐོང་བ་དང་རྣ་བས་ཐོས་པའི་ཚེ་ན། དེ་ལ་ཕྲག་དོག་སྟེ་སེམས་གུ་དོག་ཆུང་ཆུང་གི་ནང་དུ་གཞན་གྱི་བཟང་ཆ་ལེགས་ཆ་གོ་རྒྱུ་རིག་རྒྱུ་དེ་དག་མི་ཤོང་ཞིང་མ་རན་པའི་ན་ཟུག་སྐྱེས་ཤིང་རང་གི་དགེ་བ་བས་ཕ་རོལ་པོའི་དགེ་བ་དེས་ཆེ་འགྲོ་བར་འདུག་སྙམ་པའི་སྒོ་ནས། དེ་ལ་འགྲན་སེམས་དང་ལྡན་པའི་བསམ་ངན་ཏེ། གཞན་འབྱོར་ལ་སྡང་ལྷ་མ་ཡིན་གྱི་སེམས། །ཞེས་གསུངས་པ་བཞིན་དུ་གཞན་འབྱོར་ལ་སྡང་ཞིང་གཞན་ལ་བཟང་ཆ་ཡོད་པར་བཟོད་མི་ཐུབ་ཅིང་། གལ་ཏེ་དེ་རང་ལ་ཡོད་ན་དགའ་དགའ་རྒྱན་རྒྱན་གྱིས་མ་ཚད། ད་དུང་དེ་བས་ལྷག་ཅིག་ཡོད་ནའང་ཆོག་པ། གཞན་ལ་ཡོད་ན་ཡོད་མི་ཆོག་པར་དྲན་པའི་སེམས་ཀྱི་ནད་ཅིག་ཡིན། དེའི་ནད་དེ་གཏིང་ནས་སྤངས་མ་ཐུབ་རུང་། ཉོན་མོངས་ཕྲག་དོག་དེ་ལ་ཚོད་འཛིན་ཞིག་ཐུབ་སྟེ་དེའི་དབང་དུ་དེ་ཙམ་མ་ཤོར་ནའང། དེའི་ཚོད་ཀྱི་བདེ་སྐྱིད་ཅིག་རྙེད་རྒྱུ་ཡོད་པ་ཁོ་ཐག་ཡིན། ཕྲག་དོག་ཅིག་རང་རྒྱུད་ལ་ཡོད་ནས་བཟུང་སྟེ། དེས་མི་གཞན་གྱི་ཡོན་ཏན་མཐོང་མི་ཐུབ་པ་དང་། རང་གི་སྐྱོན་ཆ་མི་ཤེས་པ་ཡིན། དེ་མི་ཤེས་པའི་སྐྱོན་ཆ་དང་ཉེས་པ་ནི་ཤིན་ཏུ་ཆེ་བ་ཡིན། དེས་ན་གཞན་གྱིས་དགེ་བ་བྱེད་པ་ཐོས་པ་དང་མཐོང་བའི་སྐབས་སུ་མི་དགའ་བའི་སེམས་སྤངས་ནས། ཨ་སྐྱིད་པ་ལ་འདིས་འདི་འདྲའི་དགེ་བ་རླབས་ཆེན་བསྒྲུབས་པ་ཅི་འདྲའི་ངོ་མཚར་ཆེན་པོ་ཞིག་རེད་ཨང་ཞེས་དེའི་དགེ་བ་དེ་རང་ཉིད་ཀྱིས་དངོས་སུ་འགྲུབ་པ་དང་འདྲ་བའི་དགའ་ཚོར་བསྐྱེད་དེ། སྙིང་ནས་དགའ་བས་དེ་ལ་རྗེས་སུ་ཡི་རང་བྱས་ན། ཕ་རོལ་པོས་དངོས་སུ་བསྒྲུབས་པ་དང་། རང་གིས་སེམས་ཀྱིས་བསྒྲུབས་པ་གཉིས་ལ་ཁྱད་པར་མེད་པར་དགེ་རྩ་དེའི་བསོད་ནམས་ལ་རྗེས་སུ་ཡི་རང་བྱས་པའི་དབང་གིས་རང་ཉིད་ལ་ཡང་དེ་འདྲ་བའི་བསོད་ནམས་མཉམ་དུ་ཐོབ་ཏུ་ཡོད་པ་བཅོམ་ལྡན་འདས་ཀྱིས། མདོ་སྡུད་པ་ལས། སྟོང་གསུམ་རི་རབ་སྲང་ལ་གཞལ་བས་ཚད་བཟུང་རུང་། །རྗེས་སུ་ཡི་རང་དགེ་བ་དེ་ནི་དེ་ལྟ་མིན། །ཞེས་གསུངས་པ་ཡིན། སྟོང་གསུམ་རི་རབ་གླིང་བཞི་དང་བཅས་པ་སྲང་རྒྱ་མར་གཞལ་ཏེ་བལྟས་ན། དེའི་ལྗིད་ཚད་ཅི་ཙམ་ཡོད་པ་ཤེས་པ་བྱར་ཡོད་ལ། འོན་ཀྱང་གཞན་གྱི་དགེ་བ་བྱེད་པ་ལ་རྗེས་སུ་ཡི་རང་བྱེད་པའི་དགེ་བའི་ཆེ་ཆུང་གི་ཚད་ནི། དེ་ལས་ཀྱང་གཞལ་དཀའ་ཞིང་མང་བ་བསམ་གྱིས་མི་ཁྱབ་པ་ཡིན་ཞེས་པའོ། །གནའ་སངས་རྒྱས་བཅོམ་ལྡན་འདས་ཞལ་བཞུགས་པའི་སྐབས་སུ། རྒྱལ་པོ་གསལ་རྒྱལ་ཞེས་པ་བཅོམ་ལྡན་འདས་ཀྱི་སྦྱིན་བདག་ཆོས་རྒྱལ་ཆེན་པོ་ཞིག་ཡོད་པ་དེས། སངས་རྒྱས་བཅོམ་ལྡན་འདས་འཁོར་དགྲ་བཅོམ་པའི་ཚོགས་དང་བཅས་པ་ཉིན་གུང་གི་གདུགས་ཚོད་ལ་སྤྱན་དྲངས་ཏེ་མཆོད་པ་རྒྱ་ཆེན་པོ་ཕུལ་བ་ན། བཅོམ་ལྡན་འདས་འཁོར་དང་བཅས་པས་གུང་ཚིགས་བཞེས་ཏེ། མཇུག་གི་ཡོན་བསྔོ་གསུང་རན་དུས། བཅོམ་ལྡན་འདས་ཀྱིས་དེ་རིང་ཡོན་བསྔོ་དེ་རྒྱལ་པོ་ཁྱེད་རང་ལ་བྱེད་དམ། དེ་ལས་ལྷག་པའི་བསོད་ནམས་བསགས་པ་ཞིག་ཡོད་འདུག་པ་དེ་ལ་ཡོན་བསྔོ་བར་བྱེད་ཅེས་རྒྱལ་པོ་ལ་དྲིས་པས། རྒྱལ་པོས་སྟོན་པ་ལ་ང་ལས་ལྷག་པའི་དགེ་རྩ་བསགས་པ་དེ་ལ་ཡོན་བསྔོ་མཛད་དུ་གསོལ་ཞེས་ཞུས་པས། དེ་ནས་བཅོམ་ལྡན་འདས་ཀྱིས། དབུལ་མོ་གྲོང་ཉུག་མ་ཟེར་བ་ཚེ་གཅིག་ལ་གྲོང་ཤ་སྟག་ཉུག་པའི་སྤྲང་མོ་དེའི་མིང་ནས་བཟུང་སྟེ་ཡོན་བསྔོ་མཛད་པ་ཡིན། དབུལ་མོ་གྲོང་ཉུག་མ་ནི་འབྱོར་བ་དང་འཁོས་ཀ་ཞན་པའི་དབང་གིས་མོ་རང་ལ་བསོད་ནམས་གསོག་བྱེད་ཅི་ཡང་མེད་ཀྱང་། དེའི་ཉིན་པར་རྒྱལ་པོ་གསལ་རྒྱལ་གྱིས་སངས་རྒྱས་འཁོར་བཅས་ལ་མཆོད་པ་ཕུལ་བ་ལ་དད་ནས་སྙིང་ནས་དགའ་བས་རྗེས་སུ་ཡི་རང་བྱས་པའི་རྐྱེན་གྱིས་དེ་ལྟ་བུའི་བསོད་ནམས་ཆེན་པོ་ཐོབ་པ་ཡིན། དེ་ལྟར་རྒྱུ་ཚེགས་གཉིས་ཀའི་འབད་རྩོལ་མི་དགོས་པར་སེམས་ཀྱི་རྣམ་རྟོག་ཤར་ཚུལ་གྱི་ཁྱད་པར་ཞིག་གིས་དེ་འདྲའི་དགེ་བ་རླབས་ཆེན་རང་ཤུགས་ཀྱིས་ཐོབ་པའི་ཐབས་ནི་ཕྲག་དོག་སྤངས་པའི་རྗེས་སུ་ཡི་རང་གི་དགའ་བ་བསྒོམས་པ་དེ་ཉིད་ཡིན་པས། རང་གི་ཕྲག་དོག་གི་སྐྱོན་ཆ་ངོས་བཟུང་ནས་ལྷང་ལ་ཕུད་ནས་རྗེས་སུ་ཡི་རང་བསྒོམ་པ་ལ་བློ་གོམས་སུ་འཇུག་དགོས། དུས་རྒྱུན་དུ་ཕྲག་དོག་མེད་པའི་བློ་རྒྱ་གུ་ཡངས་མོ་ལ་སྦྱངས་ཨེ་ཐུབ་ལྟོས་དང་། སེམས་སྙིང་ཁམས་མི་བདེ་བའི་ནད་གཞི་དྲག་སྐྱེད་ལའང་ཕན་ཐོགས་དེས་ཆེ་བ་ཡིན། ཕྲག་དོག་གིས་ཀུན་ནས་བསླངས་པས་གཞན་གྱི་བླ་བཙག་རྐང་འདྲེན་བྱེད་པ་འདི་དག་ཇེ་ཉུང་དུ་སོང་ན། གཞན་སེམས་བསྲེགས་པའི་ལས་ངན་བསགས་པ་དེའང་ཇེ་ཉུང་དུ་འགྲོ་བ་ཡིན། མ་ཟད་མི་གཞན་གྱིས་རང་ཉིད་ལ་གནོད་པ་མི་བྱེད་ཅིང་རང་གཞན་གཉིས་ཀ་བདེ་བའི་ཁོར་ཡུག་བཟང་པོ་ཞིག་ཀྱང་སྐྲུན་ཐུབ་པས་མ་ཚད། དེའི་འབྲས་བུ་བདེ་ནས་བདེ་བའི་སར་ཕྱིན་ཐུབ་པ་ཡིན། དེ་ཡན་ཆད་ཀྱིས་ཕྲག་དོག་གི་གཉེན་པོ་རྗེས་སུ་ཡི་རང་བའི་ཡན་ལག་སྤྱིར་བཤད་པའོ། །ནང་གསེས་ཟག་བཅས་ཀྱི་དགེ་བ་གཙོ་བོར་བྱས་པ་ལ་རྗེས་སུ་ཡི་རང་བ་ནི།

ཟག་བཅས་ཀྱི་དགེ་བ་གཙོ་བོར་བྱས་པ་ལ་རྗེས་སུ་ཡི་རང་བ།

དེ་ཕྱིར་འཕགས་པ་རྣམས་དང་སོ་སྐྱེ་ཡིས།།

དགེ་བ་གང་བསྒྲུབས་ཀུན་ལ་ཡི་རང་ངོ་།།

ཞེས་གསུངས་ཏེ། གོང་དུ་བཤད་པ་དེ་ལྟ་བུའི་རྗེས་སུ་ཡི་རང་བྱས་ན། འབད་པ་མེད་པར་ཕན་ཡོན་དང་བསོད་ནམས་རྒྱ་ཆེན་པོ་ཐོབ་པ་དེའི་ཕྱིར་ན་ཐེག་དམན་ཉན་རང་གི་རིགས་སུ་གཏོགས་པ་འཕགས་པ་ཟུང་བཞི་ཡ་བརྒྱད་ཀྱིས་སྤང་བྱ་སྤངས་པ་དང་། རྟོགས་བྱ་རྟོགས་པར་བྱེད་པའི་ཞི་གནས་དང་ལྷག་མཐོང་གི་བསམ་གཏན་བསྒོམས་པ་དང་འགྲོ་དོན་མཛད་པ་དང་། ཐེག་ཆེན་བྱང་སེམས་འཕགས་པ་ཐམས་ཅད་ཀྱིས་བསྐལ་ཆེན་གྲངས་མེད་མང་པོར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་བསགས་པ་དང་། རིག་པ་དང་གྲོལ་བའི་ཡོན་ཏན་ལ་སོགས་པ་དང་། ལམ་ལྔ་ས་བཅུས་བསྡུས་པའི་ཡོན་ཏན་རྣམས་དང་། རང་གཞན་དོན་གཉིས་ཕུན་སུམ་ཚོགས་པའི་ཟག་མེད་ཀྱི་དགེ་བ་དང་། སོ་སྐྱེ་ཞེས་པ་ནི། སོ་སོ་ཐ་དད་འགྲོ་བ་ལ། །སོ་སོའི་སྐྱེ་བོ་ཞེས་བྱའོ། །ཞེས་ལས་དང་ཉོན་མོངས་པ་ཐ་དད་པས་གནས་རིས་སོ་སོ་ཐ་དད་དུ་འཕེན་པའམ་འགྲོ་བར་བྱེད་པའི་སོ་སོའི་སྐྱེ་བོ་ཐར་པའི་ལམ་དུ་ཞུགས་ཟིན་པ་ཚོགས་ལམ་པ་ཡན་ཆད་དང་། ལམ་མ་ཞུགས་པའི་གང་ཟག་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཟག་བཅས་ཀྱི་དགེ་བ་ཆེ་ཕྲ་ཆུང་གསུམ་གང་བསྒྲུབས་པ་ཀུན་ལ་རྗེས་སུ་ཡི་རང་ངོ་ཞེས་པའོ། །ཐེག་ཆེན་གྱི་དགེ་བ་ལ་བྱེ་བྲག་ཏུ་རྗེས་སུ་ཡི་རང་བ་ནི།

ཐེག་ཆེན་གྱི་དགེ་བ་ལ་བྱེ་བྲག་ཏུ་རྗེས་སུ་ཡི་རང་བ།

བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས།།

འགྲོ་དོན་རྒྱ་ཆེན་མཛད་ལ་ཡི་རང་ངོ་།།

ཞེས་གསུངས་ཏེ། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དང་པོར་བླ་མེད་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཅིང་། བར་དུ་བསྐལ་བ་གྲངས་མེད་མང་པོར་ལྷག་བསམ་རྣམ་པར་དག་པས་སྦྱོར་བ་ཕར་ཕྱིན་དྲུག་གིས་སེམས་ཅན་ཡོངས་སུ་སྨིན་པར་མཛད་དེ། རྫོགས་སྨིན་སྦྱངས་གསུམ་མཐར་དབྱུང་པར་མཛད་པ་དང་། མཐར་མངོན་པར་རྫོགས་པར་སངས་རྒྱས་ཏེ་མཛད་པ་བཅུ་གཉིས་ལ་སོགས་པའི་རྨད་དུ་བྱུང་བའི་ངོ་མཚར་གྱི་མཛད་པ་བསམ་གྱིས་མི་ཁྱབ་པས་ཞིང་ཁམས་བྱེ་བ་ཁྲག་ཁྲིག་རྣམས་སུ་མཛད་པ། ཇི་སྐད་དུ། མ་དག་འགྲོ་བ་དྲུག་གི་ཁམས་རྣམས་སུ། །རྒྱལ་རིགས་རྗེའུ་རིགས་དམངས་རིགས་བྲམ་ཟེའི་རིགས། །གདོལ་བ་བུད་མེད་ཁྱེའུ་དགེ་སྦྱོང་དང་། །ཀུན་ཏུ་རྒྱུ་དང་བསླབ་གནས་རིག་བྱེད་མཁན། །རིགས་ཀྱིས་བཀུར་བ་དང་ནི་མ་བཀུར་བ། །སྨད་དང་བསྟོད་དང་ནད་པ་ཆོས་སྨྲ་དང་། །བྱ་དང་རི་དྭགས་གྲོང་ཁྱེར་སློང་མོ་བ། །གང་ལ་གང་འདུལ་དེ་ལ་དེར་སྟོན་པ། །སྣ་ཚོགས་གཟུགས་ཀྱིས་འགྲོ་བ་འདུལ་བར་ཤོག །ཅེས་གསུངས་པ་ལྟར་དུ་གང་ལ་གང་གིས་འདུལ་དགོས་ན། དེ་ལ་དེར་སྟོན་པའི་ཚུལ་གྱིས་འདུལ་བའི་ཐུགས་རྗེ་དང་མཛད་པ་ཕྲིན་ལས་རྟག་ཁྱབ་ལྷུན་གྲུབ་ཀྱི་སྒོ་ནས་འགྲོ་དོན་རྒྱ་ཆེ་ལ་རྒྱུན་མི་ཆད་པར་མཛད་པ་ལ་རྗེས་སུ་ཡི་རང་ངོ་ཞེས་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་སྔོན་སློབ་པ་ལམ་ལ་གནས་པའི་དུས་སུའང་རྫོགས་སྨིན་སྦྱངས་པ་མཛད་པའི་ལོ་རྒྱུས་སྟོན་པའི་སྐྱེས་རབས་དང་མདོ་སྡེ་སོ་སོའི་ནང་ནས་འབྱུང་བ་ལྟ་བུ་དང་། སངས་རྒྱས་ཡོན་ཏན་བསམ་མི་ཁྱབ། །ཆོས་ཀྱི་ཡོན་ཏན་བསམ་མི་ཁྱབ། །དགེ་འདུན་ཡོན་ཏན་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་དད་བྱས་ན། །རྣམ་པར་སྨིན་པའང་བསམ་མི་ཁྱབ། །ཅེས་གསུངས་པ་ལྟ་བུའི་མཛད་པ་དང་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ལ་དགའ་བ་སྒོམ་པའི་ཡུལ་ལམ་རྗེས་སུ་ཡི་རང་བྱེད་པའི་ཡུལ་ཡིན། སོ་སོའི་སྐྱེ་བོའི་དུས་ན་ཡང་འགྲོ་དོན་ཡོད་པ་ནི། དཔེར་ན། སེམས་ཅན་གཅིག་ལ་ཕན་སེམས་སྐད་ཅིག་མ་གཅིག་སྐྱེས་པ་དང་། གཞན་གྱི་སེམས་དགའ་ཐབས་ཀྱི་བྱ་བ་སྣ་གཅིག་བསྒྲུབས་པ་དང་། སེམས་ཅན་གཅིག་གི་བློ་སྣ་ཆོས་ལ་བསྒྱུར་བ་དང་། དགེ་བ་སྣ་གཅིག་འགྲུབ་པ་ཡང་འགྲོ་བ་སེམས་ཅན་ལ་བསྔོས་པ་ལ་སོགས་པ་མདོར་ན་རང་འདོད་མེད་པའི་བྱ་བ་ཐམས་ཅད་འགྲོ་བ་སེམས་ཅན་ཀྱི་དོན་ཡིན་པས། དེ་ཐམས་ཅད་ཀྱི་རྗེས་སུ་ཡི་རང་བའི་ཡུལ་ཡིན་ནོ། །དེ་ལྟར་རྗེས་སུ་ཡི་རང་བྱས་པ་ལ་བསོད་ནམས་དང་། ཕན་ཡོན་ཆེན་པོ་ཐོབ་རྒྱུ་ཡོད་པ་ལྟར་དུ། གཞན་གྱི་རྣམ་དཀར་ལ་ཕྲག་དོག་དང་སྡང་སེམས་སྐྱེས་ན་དེ་མཚུངས་ཀྱི་སྡིག་པ་ཆེན་པོའང་དོན་མེད་དུ་བསགས་པ་ཡིན་པས། གཞན་ལ་ཕྲག་དོག་བྱེད་པ་འདིའི་དོན་དངོས་སུ་བཤད་ན། མྱི་མི་ཐུབ་རང་ལ་གནོད་པ། གནོད་པ་དེ་ཡང་གནས་སྐབས་སེམས་འཁྲུག་ཅིང་ཞེ་མི་བདེ། མཐར་ཐུག་ངན་སོང་གི་འབྲས་བུ་དང་རྣམ་སྨིན་ཡིད་དུ་མི་འོང་པ་མྱོང་དགོས་པས་ན། ཕྲག་དོག་ཞེས་པ་འདི་ནི་ནད་དགྲ་ཆེན་རང་གི་ཁོག་ནས་ཡར་ལ་ལངས་ཡོང་བ་ཞིག་ཡིན་པའི་ངོས་འཛིན་གསལ་པོ་ཐོབ་དགོས་པ་ཡིན། གཞན་གྱི་སྲོག་སྐྱོབ་པ་ལ་སོགས་པ་ཁྱད་པར་ཅན་གྱི་དགེ་བ་བཅུ་བསྒྲུབས་པ་ལ་རྗེས་སུ་ཡི་རང་བ་བསྟན་པ་ནི།

ཁྱད་པར་ཅན་གྱི་དགེ་བ་བཅུ་བསྒྲུབས་པ་ལ་རྗེས་སུ་ཡི་རང་བ་བསྟན་པ།

མི་དགེ་བཅུ་པོ་སྤངས་པ་དགེ་བ་བཅུ།།

གཞན་གྱི་སྲོག་བསྐྱབ་སྦྱིན་པ་གཏོང་བ་དང་།།

སྡོམ་པ་སྲུང་ཞིང་བདེན་པར་སྨྲ་བ་དང་།།

འཁོན་པ་སྡུམ་དང་ཞི་དུལ་དྲང་པོར་སྨྲ།།

དོན་དང་ལྡན་པའི་གཏམ་བརྗོད་འདོད་པ་ཆུང་།།

བྱམས་དང་སྙིང་རྗེ་སྒོམ་ཞིང་ཆོས་ལ་སྤྱོད།།

དགེ་བ་དེ་རྣམས་ཀུན་ལ་ཡི་རང་ངོ་།།

ཞེས་གསུངས་ཏེ། དེ་ཡངསྤྱིར་མི་དགེ་བ་བཅུ་པོ་སྤོང་བར་དམ་བཅས་ནས་སྤངས་པ་དེ་ཐུན་མོང་གི་དགེ་བ་བཅུ་ཡིན་པ་དང་། དེའི་ཐོག་ཏུ་དགེ་བཅུ་ཁྱད་པར་བ་ཞེས་པ། སྲོག་གཅོད་སྤངས་པའི་བསོད་ནམས་ཀྱི་ཐོག་ཏུ་སྲོག་བསྐྱབ་པའི་བྱ་བ་བསྒྲུབས་ན་དེ་བས་ཀྱང་ཕན་ཡོན་ལྷག་པར་ཆེ་བ་སྟེ། གནའ་སྔ་མོ་ཞིག་ལ་རྒྱ་གར་གྱི་ཡུལ་གྲོང་ཁྱེར་མཉན་ཡོད་དུ་ཁྱིམ་བདག་ཕྱུག་པོ་ཞིག་ལ་བུ་ཡ་མཚན་ཅན་ཞིག་སྐྱེས་པ་ན། ཁྱིམ་བདག་དེ་ཚང་གི་གཉེན་ཉེ་རྩ་ལག་ཐམས་ཅད་ཆུ་ཆེན་པོ་ཞིག་གི་འགྲམ་དུ་འདུས་ནས་བུ་དེའི་བཙས་སྟོན་བྱས་པ་དང་། ཁྱེའུ་དེ་གཞན་དང་མི་འདྲ་བ་གཟུགས་མཛེས་ཤིང་ཡ་མཚན་ཅན་ཞིག་ཡོད་པས། མི་ཐམས་ཅད་ཀྱིས་ལག་ཏུ་བླངས་ནས་ཚང་མས་གཅེས་གཅེས་དགའ་དགའ་ཡིས་གཅིག་གི་གཅིག་ལ་ལག་བརྒྱུད་བྱེད་སྐབས་སྟབས་མ་ལེགས་པར་ཆུ་ནང་དུ་ཤོར་ནས་ཆུས་ཁྱེར་སོང་བ་དང་། དེ་ནི་བསོད་ནམས་ཆེན་པོ་ཅན་ཡིན་པའི་སྟབས་ཀྱིས་ཆུ་ནང་དུ་འཚུབས་ཏེ་མ་ཤི་བ་ཡོད་པ་ལ། སྐབས་ཤིག་ལ་ཆུ་དེའི་ནང་གི་ཉ་ཆེན་པོ་ཞིག་གིས་ཟོས་ཏེ་ཁྱུར་མིད་བྱས་ཀྱང་། མ་ཤི་བ་ཉ་ཡི་ལྟོ་བའི་ནང་དུ་གསོན་པོར་འཚོ་སྟེ་ཡོད་པ་ལ། ཆུ་དེའི་སྨད་ཅིག་ལ་དུད་ཚང་བུ་མེད་པ་ཚང་ཞིག་གིས་ཉ་རྒྱའི་ནང་ཉ་དེ་ཚུད་ནས་བཟུང་སྟེ། བཤས་སྐབས་ཉ་དེའི་ཁོག་པའི་ནང་དུ་བུ་ཁྱེའུ་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཡོད་པ་མཐོང་བས། དེ་ཚང་དགའ་ནས་བུ་ཚབ་ཏུ་གསོས་ཏེ་སྐྱེད་སྲིང་བྱས་ནས་དེ་ཚང་གི་བུར་གྱུར་པ་དང་། དེ་ནས་ཡར་ལག་ཁྱག་སྟེ་ནར་སོན་ཚེ་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཐོབ་པ་ཡིན། དགྲ་བཅོམ་པ་དེའི་སྔོན་གྱི་སྐྱེ་བརྒྱུད་དེ་ཅི་ཞིག་ཡིན་པར་སྟོན་པའི་འཁོར་ཐམས་ཅད་ཀྱིས་སྟོན་པ་ལ་ཡར་ཞུས་ཚེ། བཅོམ་ལྡན་འདས་ཀྱིས་སྔོན་སངས་རྒྱས་རྣམ་པར་གཟིགས་འཇིག་རྟེན་དུ་བྱོན་ནས་སྲོག་གཅོད་སྤངས་པའི་ཕན་ཡོན་མང་པོ་གསུངས་པའི་དུས་སུ་ཁྱིམ་བདག་ཅིག་གིས་སྲོག་གཅོད་སྤངས་པའི་སྡོམ་པ་བླངས་ཏེ་དེ་ལས་འགལ་བ་མ་བྱུང་བས། ཁྱིམ་བདག་དེའི་སྐྱེ་དང་ཚེ་རབས་ཐམས་ཅད་དུ་གཟུགས་མཛེས་པ་ཤ་སྟག་ཏུ་སྐྱེ་བས་མ་ཚད། སྲོག་ཆགས་གཏུམ་པོ་གདུག་རྩུབ་ཅན་ཆུ་སྲིན་མྱི་གཟན་གྱི་ཁ་ནང་དུ་ཚུད་ཀྱང་འཆི་རུ་མེད་པ་ཤ་སྟག་གི་སྐྱེ་བ་བླངས་བ་ཡིན། དེས་སྲོག་གཅོད་སྤངས་པའི་སྡོམ་པ་བླངས་པས་མི་ཚད་སངས་རྒྱས་རྣམ་པར་གཟིགས་ལ་གསེར་གྱི་དོང་ཙེ་ཞིག་ཀྱང་ཕུལ་མྱོང་བས་ན། ཞིང་ཁྱད་པར་ཅན་དེས་བསོད་ནམས་ཀྱི་སྟོབས་ཀྱིས་གང་དུ་སྐྱེས་ན་ཕྱུག་པོ་ཤ་སྟག་གི་ལུས་བླངས་པ་དང་། ད་ལྟ་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཐོབ་པ་ཡིན་ཞེས་དེ་ལྟར་ལུང་བསྟན་པ་ཡིན། དེས་ན་དེ་ནི་སྐྱེ་བ་ནས་ཚེ་རབས་གང་དུ་སྐྱེས་ཀྱང་རྒྱུ་ཕྱུག་པོ་ཡིན་པ་དང་། གཟུགས་མཛེས་པ་ཡིན་པ་དང་། ཚེ་སྲོག་ལ་བར་ཆད་མེད་པར་བྱུང་བ་ཡིན་པས། སྲོག་གཅོད་སྤངས་པའི་སྟེང་དུ་གཞན་སྲོག་བསྐྱབ་པའི་དགེ་བ་ཁྱད་པར་ཅན་བསྒྲུབས་ན་དེ་ལྟར་ཕན་ཡོན་ཡོད་པ་ཡིན། ཡང་དེ་དང་འབྲེལ་བའི་གཏམ་རྒྱུད་གཞན་ཞིག་ནི། ཡང་ཁྱིམ་བདག་ཚང་ཞིག་ལ་ནོར་ལྷ་མ་ཎི་བྷ་དྲའི་ལྷ་རྟེན་བཞུགས་པའི་རྟེན་མཁར་ཞིག་ཡོད་པ་ཡིན། དེ་ཚང་ལ་རིགས་རྒྱུད་འཛིན་མཁན་གྱི་བུ་མེད་པས་རྒྱུ་ཡོད་ཀྱང་བུ་མེད་པ་ན། དེ་ཚང་གི་ཁྱིམ་བདག་གིས། མ་ཎི་བྷ་དྲའི་རྟེན་མཁར་ལ། གལ་ཏེ་ཁྱོད་ཀྱིས་ང་ལ་བུ་ཞིག་འབྱུང་བའི་དངོས་གྲུབ་ཅིག་མི་སྦྱིན་ན་རྟེན་མཁར་བཤིག་ཡིན་རྒྱུ་ཞེས་སྨྲས་པས། མ་ཎི་བྷ་དྲ་སྐྲག་ནས། རྣམ་ཐོས་སྲས་ཁྱོད་ལ་ཐབས་ཤིག་ཡོད་དམ་ཞུས་པས། རྣམ་ཐོས་སྲས་ལའང་ཐབས་མེད་ནས་ལྷའི་དབང་པོ་བརྒྱ་བྱིན་ལ་ཞུས་པས། ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷ་ཚེ་ཚད་རྫོགས་ནས་འཕོ་རན་ཁ་ཞིག་ལ་ཁྱོད་ཁྱིམ་བདག་དེ་ཚང་གི་བུ་རུ་སྐྱེ་བ་ལེན་དགོས་ཞེས་བཀའ་སྩལ་བ་ན། ལྷ་འཆི་ཁ་མ་དེས་ངས་ནི་རབ་ཏུ་བྱུང་བའི་ལུས་རྟེན་ཞིག་ལེན་སྙམ་པ་ཡིན། དེ་ཚང་གི་བུ་རུ་སྐྱེ་བ་བླངས་ན་རབ་ཏུ་བྱུང་བ་ལ་གེགས་དང་བར་ཆད་ཡོད་པར་འདུག་པས་སྐྱེ་བ་ལེན་དུ་མི་རུང་བ་ཁོ་རང་གིས་མངོན་ཤེས་ཀྱིས་ཤེས་པ་ལྟར་བཤད་པ་དང་། ལྷའི་དབང་པོ་བརྒྱ་བྱིན་གྱིས་ཁྱོད་ངེས་པར་དུ་དེར་སྐྱེ་བ་ལེན་དགོས། རབ་ཏུ་བྱུང་བ་ལ་གེགས་དང་བར་ཆད་བྱུང་དུས་ངས་རོགས་བྱེད་ཆོག་ཅེས་བཤད་པས། ལྷ་དེས་ཀྱང་ཁས་བླངས་ཏེ་འཆི་ཁའི་མཚམས་སྦྱོར་གྱི་སྨོན་ལམ་བཏབ་ནས་ཁྱིམ་བདག་དེ་ཚང་གི་བུར་སྐྱེས་པ་ཡིན། དེ་ཡར་ནར་སོན་དུས་ཁོ་རབ་ཏུ་བྱུང་དགོས་ཞེས་སྨྲས་ཀྱང་། ཁོང་ཚང་གིས་རིགས་རྒྱུད་འཛིན་མཁན་ལྷ་ལ་གསོལ་བ་བཏབ། མཆོད་པ་ཕུལ། བསོད་ནམས་བསགས་ཏེ་ཐོབ་པ་ཡིན་པས། ཁྱོད་རབ་ཏུ་བྱུང་རྒྱུ་ཡོད་པ་མིན། རིགས་བརྒྱུད་འཛིན་ཏེ་ཁྱིམ་སོ་གཟུང་དགོས་པ་ཡིན་ཞེས་སྨྲས་པས། བུས་བསམ་པར་ད་ལུས་རྟེན་འདིའི་ཐོག་ནས་རབ་ཏུ་བྱུང་མ་ཐུབ་ན་མི་ལུས་བླངས་ཀྱང་དོན་མེད་རེད་སྙམ་ནས་རང་སྲོག་རང་གིས་བཅད་ནས་ཤི་དགོས་སྙམ་སྟེ་ཆུ་ནང་དུ་མཆོངས་སྐབས། ཆུས་ཐུར་དུ་མ་ཁུར་ཏེ་གྱེན་དུ་ཁུར། དེ་བཞིན་དུ་མཚོན་ཆས་རང་གིས་རང་ལ་བརྒྱབ་ཀྱང་མ་ཤི། མེ་ནང་དུ་མཆོངས་ཀྱང་མ་ཚིག བྲག་མཐོན་པོ་དང་མཁར་གྱི་རྩེ་མོ་ནས་མཆོངས་ཀྱང་གཏན་ནས་མ་ཤི་བས། ཁོ་རང་གིས་བསམ་བློ་ཞིག་བཏང་སྟེ་སྲོག་འདི་འདོར་ཐབས་ཤིག་དང་ལུས་འདི་སྤང་དགོས་པས་ཅི་དགའ་འདུག་སྙམ་སྟེ་བསམ་བློ་ཞིག་བཏང་བ་དང་། ཁོས་བསམ་པར་ཡུལ་ཁམས་དེའི་རྒྱལ་པོ་གསལ་རྒྱལ་ནི་རྒྱལ་པོ་ཆེན་པོ་གཏུམ་པོ་ཞིག་ཀྱང་ཡིན་པས། དེ་ཡི་ཁྲིམས་དང་འགལ་བར་བྱས་ན་གསོད་པར་ཐེ་ཚོམ་མི་དགོས་སྙམ་སྟེ། རྒྱལ་པོ་གསལ་རྒྱལ་གྱི་རྒྱལ་ས་ཡོད་སའི་ཡུལ་མཉན་ཡོད་ཀྱི་གྲོང་ཁྱེར་དུ་ཕྱུག་པོ་འགའི་ཁྱིམ་དུ་རྐུ་བྱེད་དུ་སོང་བ་དང་། ཁྱིམ་ཚང་དེ་ཚོས་རྐུན་མ་ཡོང་བར་ཐོས་ནས་ཚུར་བཟུང་སྟེ་རྒྱལ་པོའི་ཁྲིམས་རའི་ནང་དུ་བཙུད་པ་དང་། རྒྱལ་པོས་ཉེས་ཁྲིམས་གཅོད་སྐབས་སྲོག་ཁྲིམས་ཕོག་སྟེ་མདའ་འབེན་ལ་འཛུགས་རྒྱུའི་བཀའ་ཐག་བཅད་པས། དེ་མ་ཐག་ཏུ་ཤན་པ་ལག་དམར་རྣམས་ཀྱི་རྩལ་གྱིས་དུག་མདའ་འཕངས་ཀྱང་མ་ཕོག་པ་དང་། ཕོག་ཀྱང་མ་ཆོད་པས་སྔར་བྱུང་མ་མྱོང་བའི་གནས་ཚུལ་དེར་རྒྱལ་པོ་སོགས་ཡ་མཚན་སྐྱེས་ཏེ། སྐྲག་ནས་བཟོད་པར་གསོལ་བ་དང་བུ་དེས་ལོ་རྒྱུས་ཚང་མ་ཆད་ལུས་མེད་པར་བཤད་པ་ན། རྒྱལ་པོས་དེ་རབ་ཏུ་བྱུང་ཆོག་པའི་གནང་བ་བྱིན་པས། བུ་དེ་རབ་ཏུ་བྱུང་ནས་བརྩོན་འགྲུས་བརྩམས་ནས། དུས་ཡུན་རིང་པོར་མ་འགོར་བར་དགྲ་བཅོམ་ཐོབ་པར་གྱུར། དེའི་སྐྱེ་བ་སྔོན་མའི་ལོ་རྒྱུས་སྟོན་པ་ལ་དྲིས་པ་ན། སྟོན་པས་སྔར་འཇིག་རྟེན་གྱི་ཁམས་འདིར་རྒྱལ་པོ་ཚངས་བྱིན་ཟེར་བ་ཞིག་ཡོད་པ་དང་། དེའི་བློན་པོ་མདུན་ན་འདོན་དབང་ཆེན་ཞིག་ཡོད་པ་དེས་རྒྱལ་པོས་ཁྲིམས་ཀྱིས་གསད་རྒྱུར་ཐག་བཅད་ཚར་བའི་མི་ཞིག་མ་བསད་པར་སྲོག་ཐར་བར་བྱས་པའི་རྣམ་དཀར་གྱི་དགེ་བའམ་བསོད་ནམས་ཀྱིས་ཚེ་རབས་ལྔ་བརྒྱའི་བར་འཇིགས་པ་གང་གིས་ཀྱང་མི་ཚུགས་པ་དེ་ལྟ་བུ་ཡིན་ཞེས་གསུངས་པ་ཡིན། ཡང་དེའི་ལོ་རྒྱུས་དེ་དང་ཕྱོགས་འདྲ་བའི་གཏམ་རྒྱུད་གཞན་པ་ཞིག་བཤད་ན། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་སྔོན་སློབ་པ་ལམ་གྱི་གནས་སྐབས་ན་གཅན་གཟན་ཀུན་ཏ་ཞེས་པའི་སྐྱེ་བ་བཞེས་སྐབས། གཅན་གཟན་ཀུན་ཏ་ཟེར་པ་མཛེས་ཤིང་ཡིད་དུ་འོང་བ། སྤུ་རྩེ་སེར་པོ་གསེར། སྤུ་སྐེད་ཁམས་པ་དངུལ། སྤུ་རྟིང་དཀར་པོ་དུང་ལས་གྲུབ་པ། གཡུའི་རྫི་མ་ཡོད་པ། མུ་ཏིག་གི་ཐིག་ལེ་ཡོད་པ། རྒྱ་མཚོའི་ཆུ་རིས་ཀྱི་རི་མོ་དང་། ནམ་མཁའ་གློག་སྤྲིན་གྱི་ལྡབ་ཤ་ཡོད་པ་སྟེ། དེ་ལྟ་བུའི་རིགས་ཀྱི་སྒོ་ནས་རིན་ཐང་ཅན་ཞིག་ཡོད་པ་ན། ཡུལ་དེའི་རྒྱལ་པོ་ཚངས་བྱིན་ཞེས་པ་དེ་རློམ་སེམས་ཀྱི་འདོད་རྔམ་མེ་ལྟར་འབར་ཏེ། ཡུལ་དེའི་རྔོན་པའི་གཙོ་བོ་ལ་བཀའ་ཕབ་པ། ཁྱོད་ཀྱིས་གཅན་གཟན་ཀུན་ཏའི་པགས་པ་དེ་མྱུར་དུ་ལོན་དགོས་ལ། གལ་ཏེ་མ་ལོན་ན་ཁྱོད་གཙོར་བྱས་པའི་ས་འདིའི་རྔོན་པ་ཡོད་ཚད་གཅིག་ཀྱང་མི་ལྷག་པར་གསོད་རྒྱུ་ཡིན་ཞེས་བཤད་པས། རྒྱལ་པོའི་སྨྲ་བ་ནི་ལན་གཅིག་ཡིན་པས་བཀའ་ལ་ཡར་ལྡོག་མེད་པར་ཤེས་ནས། རྔོན་པའི་གཙོ་བོ་མི་འགྲོ་ཀ་མེད་དུ་གྱུར་ཏེ་མདའ་གཞུ་མཆན་དུ་བཟུང་ཞིང་སོང་སོང་ནས་ཉིན་ཞག་མང་པོ་ཞིག་འགོར་ཡང་གཅན་གཟན་ཀུན་ཏ་ལ་མ་ཐུག་ཅིང་། དེ་ནི་དཀའ་ཞིང་ལྟོགས་ནས་ཆུ་མེད་པའི་བྱེ་ཚན་གྱི་མྱ་ངན་གྱི་ཐང་ཞིག་ལ་འཁྱམས་འཁྱམས་ནས། གཟུགས་གཞི་ལུས་པོས་མ་ཁྱོག་པར་འཆི་ལ་རན་པར་གྱུར་པ་ན། གཅན་གཟན་མངོན་ཤེས་ཅན་དེས་དེའི་གནས་ཚུལ་ཤེས་ཏེ་སྙིང་རྗེ་སྐྱེས་ནས། ཆུ་དང་ཤིང་ཏོག་བྱིན་ཏེ་རྔོན་པ་ཡར་སོས་སུ་བཅུག་པས་མ་ཚད། དེ་རྗེས་རང་གི་པགས་པ་རང་གིས་གསོན་བཞིན་དུ་བཤུས་ཏེ། རྔོན་པ་ལ་བྱིན་ནས་རང་སྲོག་ཐད་དུ་བོར་ཏེ་སེམས་ཅན་གྱི་སྲོག་དེ་ལྟར་བསྐྱབས་པ་ལ་སོགས་པའི་རྣམ་ཐར་མང་པོ་ཡོད་པ་ལྟར་དུ་སེམས་ཅན་གྱི་སྲོག་མི་གཅོད་ཅིང་བསྐྱབས་པར་བྱས་ན་ལྷའི་ཚེ་སྲོག་ཐོབ་པ་དང་། སེམས་ཅན་གྱི་སྲོག་བཅད་ན་དམྱལ་བའི་ཚེ་སྲོག་ཐོབ་པ་ཡིན་པར་གསུངས་ཤིང་། ཚུལ་ཁྲིམས་བསྲུངས་པའི་ནང་ནས་གཞན་གྱི་སྲོག་བསྐྱབས་པ་འདི་མཐོ་རིས་སུ་སྐྱེ་བའི་རྒྱུ་ལས་མཆོག་ཏུ་གྱུར་པ་ཡིན་ནོ། །དེ་བཞིན་དུ་སྦྱིན་པ་གཏོང་བའི་བསོད་ནམས་ཀྱང་བསམ་གྱིས་མི་ཁྱབ་པ་ཡིན་ཏེ། སྦྱིན་པ་གཏོང་བ་ལ་བརྩོན་ན་ཚེ་འདི་ཕྱི་ཀུན་ཏུ་ལོངས་སྤྱོད་ཆེན་པོ་ཐོབ་ཅིང་དབུལ་ཕོངས་མེད་པ་དང༌། ཡི་དྭགས་ཀྱི་སྐྱེ་སྒོ་ཆོད་ནས་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འགྱུར་བ་ཡིན་པས། རྗེ་མི་ལ་རས་པས། ལྟོ་ཁ་ནས་བྲུས་ལ་སྦྱིན་པ་ཐོངས། །ཞེས་གསུངས་པ་ཡིན། སྦྱིན་པ་དེ་ཡང་ཆུང་ས་ནས་ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་ཁྱི་དང་བྱ་ཉ་ལ་སོགས་པ་ལ་ཟས་ཁམ་བུ་གང་བྱིན་པ་ཡན་ཆད་དང་། ཆེ་ས་ནས་རྟ་དང་གླང་ཆེན། བུ་དང་ཆུང་མ། མགོ་དང་ཡན་ལག་ནས་སྲོག་གི་སྦྱིན་པ་གཏོང་བའི་བར་དུ་བརྩོན་དགོས་པ་ཡིན། བསྐལ་བ་མང་པོ་འདས་པའི་སྔོན་རོལ་དུ་ཡུལ་འཛམ་བུའི་གླིང་འདི་ན། རྒྱལ་པོ་ཟླ་འོད་ཟེར་བ་འཛམ་གླིང་ཡོངས་ལ་དབང་བའི་རྒྱལ་པོ་ཆེན་པོ་ཞིག་ཡོད་མྱོང་བ་ཡིན། དེ་ནི་དབུལ་ཕོངས་མགོན་མེད་ལ་བྱམས་བརྩེ་ལྷག་པར་ཆེ་བ། དཀོར་མཛོད་ཀྱི་ནོར་ཡོད་ཚད་པོ་སྦྱིན་པ་ཤ་སྟག་གཏོང་བས་སྙན་གྲགས་ཀྱིས་འཛམ་གླིང་གི་ས་ཆ་གང་ས་རུ་ཁྱབ་པར་བྱུང་། ཡང་ཡུལ་མཐའ་འཁོབ་ཀྱི་རྒྱལ་ཕྲན་བྱེ་མ་སེ་ལ་ཟེར་བ་ལ་སྡིག་རྒྱལ་ཕྲག་དོག་ཆེན་པོ་ཅན་ཞིག་ཡོད་པ་དེས། རྒྱལ་པོ་ཟླ་འོད་ཀྱིས་དཀོར་མཛོད་ཀྱི་ནོར་དབུལ་ཕོངས་མགོན་མེད་ལ་སྦྱིན་པ་གཏོང་བའི་སྙན་པ་ཐོས་པས་ཕྲག་དོག་གིས་སེམས་མ་བདེ་ནས། རྒྱལ་པོ་ཟླ་འོད་མེད་པར་བྱེད་ཐབས་ཅི་ཞིག་དགོས་སྙམ་ནས་བསམ་བློ་བཏང་ཡང་ཅི་ཡང་མ་དྲན་ལ། མུ་སྟེགས་པའི་མཆོད་གནས་དེ་ཚོར་བློ་འདྲི་བྱས་ཀྱང༌ཐབས་མ་རྙེད་ནས་ཡིད་མུག་སྟེ་གནས་པ་ལ། ཉིན་ཞིག་ཁོ་རང་གི་མངའ་འོག་གི་མི་རྣམས་ལ་དྲིལ་གྱིས་བསྒྲགས་ནས། སུ་ཞིག་གིས་རྒྱལ་པོ་ཟླ་འོད་ཀྱི་མགོ་བཅད་ནས་འདིར་ཁུར་ཡོང་མཁན་ཞིག་ཡོད་ན་རྒྱལ་སྲིད་ཀྱི་ཕྱེད་ཀ་སྦྱིན་ཞེས་སྨྲས་ཀྱང་ཁས་ལེན་བྱེད་མཁན་སུ་ཡང་མེད་པའི་སྐབས་དེར། རི་བྲག་གི་ཁོང་གསེང་ཞིག་ནས་བྲམ་ཟེ་ལེའུ་ཏེ་ཙ་ཟེར་བ་ཞིག་ཡོང་ནས་དེས་ཁས་བླངས་ནས་རྒྱལ་པོ་ཟླ་འོད་བཞུགས་སའི་ཕྱོགས་སུ་སོང་ངོ་། །རྒྱལ་པོ་ཟླ་འོད་བཞུགས་སའི་ཕྱོགས་དེར་ལྟས་ངན་རྣམ་པ་སྣ་ཚོགས་པ་མང་པོ་ཞིག་བྱུང་བ་ནི། རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་གི་རྨི་ལམ་དུས་གཅིག་ལ་མཐུན་པར་རྒྱལ་པོའི་གསེར་གྱི་རྒྱལ་མཚན་ཆག་ཡོད་པར་རྨིས་པ་དང་། ཁྱད་པར་དུ་རྒྱལ་པོའི་ཆོས་བློན་ཟླ་བ་ཆེན་པོ་ཟེར་བ་དེའི་རྨི་ལམ་དུ་འདྲེ་ངན་ཞིག་གིས་རྒྱལ་པོའི་གསེར་གྱི་ཅོད་པན་འཕྲོག་སོང་བ་རྨིས་པ་སོགས་རྨི་ལམ་དང་། རྟགས་དང་མཚན་མ་མ་ལེགས་པ་མང་པོ་ཡོང་བ་མངའ་འབངས་ཚང་མ་སེམས་མ་བདེ་བར་གནས་པ་ན། ཅུང་མ་འགོར་བ་བྲམ་ཟེ་ལེའུ་ཏེ་ཙ་༼དྲག་པོའི་མིག་༽ཕོ་བྲང་གི་སྒོ་རུ་ཐོན་པ་ན། ཕོ་བྲང་གི་སྲུང་མ་ལྷ་ཞིག་ཡོད་པ་དེའི་མངོན་ཤེས་ཀྱིས་རྒྱལ་པོའི་དབུ་སློང་མཁན་ཡིན་པ་མཁྱེན་ཏེ་ནང་དུ་མ་མངགས་པ་ན། དེའི་ཚེ་གཙང་རིས་ཀྱི་ལྷ་ཐམས་ཅད་ཀྱིས་རྒྱལ་པོའི་དབུ་སྦྱིན་པ་བཏང་ན་སྦྱིན་པའི་ཕར་ཕྱིན་རྫོགས་པར་ཤེས་ཏེ། རྒྱལ་པོའི་གཟིམ་ལམ་གྱི་ནང་ནས་བྲམ་ཟེ་ལེའུ་ཕོ་བྲང་གི་སྒོ་རུ་ཁྱེད་ཀྱི་དབུ་སློང་བར་ཡོང་འདུག་སྟེ། ཕོ་བྲང་གི་སྒོ་སྲུང་གིས་ཡར་ནང་ལ་མ་མངགས་པར་འདུག་ཅེས་ལོ་རྒྱུས་ཆ་ཚང་བཤད་པས་རྒྱལ་པོ་གཉིད་ལས་སད་དེ་བསམ་བློ་ཞིག་གཏོང་དུས། ངས་ལུས་དང་སྲོག་ཀྱང་སློང་མཁན་ཡོད་ན་སྦྱིན་པའི་དམ་བཅས་ཟིན་པས་ན། སྒོ་ཁའི་བྲམ་ཟེ་ནང་དུ་མངོགས་ཤིག་གསུངས་ཏེ་བློན་པོ་རྣམས་ལ་ནང་དུ་མ་བཏང་ན་མི་ཆོག་པའི་བཀའ་ཕབ་པ་དང་། བློན་པོ་ཐམས་ཅད་ཀྱིས་ནང་དུ་མི་མངག་པ་མ་ཕོད་ནས་རྒྱལ་པོའི་མདུན་དུ་མངགས་པ་དང་། བྲམ་ཟེ་དེས་རྒྱལ་པོ་ལ་དབུ་བསླངས་སྐབས། བློན་པོ་ཟླ་བ་ཆེན་པོ་ཡོང་ནས་རིན་པོ་ཆེ་སྣ་བདུན་རེ་རེ་ཡང་རྒྱལ་པོའི་དབུ་དང་ལྗིད་ཚད་དང་ཆེ་ཆུང་གི་ཚད་མཉམ་པ་ལྔ་བརྒྱ་ལྔ་བརྒྱ་བྲམ་ཟེ་ལ་བྱིན་ནས་རྒྱལ་པོའི་དབུ་ནི་ཤ་ཁྲག་ལས་གྲུབ་པའི་མི་གཙང་བའི་རྫས་ཤིག་ཡིན་ཕྱིར་དེས་ཁྱོད་ལ་དགོས་མཁོ་མེད་པ་དང་། རིན་པོ་ཆེ་འདི་དག་གིས་ཁྱོད་ཀྱི་མི་རབས་མི་རྒྱུད་དང་བཅས་པ་མི་ཚེ་མང་པོར་ཕྱུག་པོ་ཡོང་བ་སོགས་བཤད་ནས་ཐབས་སྣ་ཚོགས་ཀྱིས་བྲིད་ཀྱང་ཁར་མ་ཉན་པར་ཡང་བསྐྱར་རྒྱལ་པོའི་དབུ་བསླངས་པ་དང་། ལྷག་བསམ་ཅན་གྱི་བློན་པོ་དེ་སྙིང་མ་བདེ་བར་སྙིང་གས་ཏེ་ཤི་བར་གྱུར། དེ་ནས་རྒྱལ་པོ་ཟླ་འོད་ཀྱིས་བློན་པོ་ཞིག་ཉིན་རེ་དཔག་ཚད་བརྒྱ་སྟོང་མང་པོ་འགྲོ་ཐུབ་པའི་གླང་པོ་ཆེ་ཞིག་ལ་བསྐྱོན་ཏེ། ཡུལ་གྲུ་མཐའ་དག་ལ་ཆ་རྒྱག་པར་མངགས་ཏེ། ད་ནས་བརྩིས་པའི་ཞག་མ་བདུན་གྱི་མཚམས་ནས་ང་རྒྱལ་པོ་ཟླ་འོད་ཀྱིས་བྲམ་ཟེ་ལེའུ་ལ་དབུ་སྦྱིན་པ་གཏོང་རྒྱུ་ཡིན་པས། ལྟ་འདོད་མཁན་ཡོད་ན་ཤོག་ཅེས་དྲིལ་གྱིས་བསྒྲགས་པས། དེའི་ཉི་མ་བདུན་གྱི་ཉིན་པར་ས་ཐོག་གི་མི་མཆོག་དམན་ཚང་མ་མཉམ་པོར་འདུས་པའི་ཚེ། རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་། བློན་པོ་སྟོང་ཕྲག་གཅིག བཙུན་མོ་སྟོང་ཕྲག་ཉི་ཤུ། རྒྱལ་བུ་ལྔ་བརྒྱ་ལ་སོགས་པ་ཐམས་ཅད་ཀྱིས་རང་རང་སོ་སོའི་ངོས་ནས་ཞུ་བ་ཕུལ་བར། ཁྱེད་ཀྱིས་དབུ་སྦྱིན་པ་མི་གཏོང་བར་འཚལ། གཞན་མངའ་འབངས་ལོངས་སྤྱོད་དང་བཅས་པ་ཅི་ཞིག་སྦྱིན་དགོས་ན་ལོས་ཆོག་ཅེས་གསོལ་བ་བཏབ་ཀྱང་མ་གནང་བར་རྒྱལ་པོ་ཟླ་འོད་ཀྱིས་འཁོར་དམར་ནག་གི་ཁྲོམ་འདུས་ས་ནས་འདི་ལྟར་གསུངས་པ། འུ་ཅག་ཐོག་མ་མེད་པ་ནས་འཁོར་བའི་གནས་འདིར་འཁོར་ནས་ངན་སོང་གསུམ་ལ་སོགས་པར་ལུས་གྲངས་མེད་འདི་མ་བླངས་བསམ་པ་ཞིག་ཡོད་པ་མ་ཡིན་ཡང་། ལུས་བླངས་ཚད་ཀུན་ཆུད་ཟོས་དོན་མེད་ཤ་སྟག་ལས་མ་འདས། ད་ངས་ལུས་འདི་བཏང་སྟེ་བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པ་ཡིན་པས། བདག་ནམ་ཞིག་སངས་རྒྱས་པ་ན་ཁྱེད་རྣམས་ཀྱང་སྡུག་བསྔལ་གྱི་མཚོ་ལས་ངས་བསྒྲལ་བར་བྱ་ཡི་ཁྱེད་ཅག་གིས་ངས་བྱང་ཆུབ་སྒྲུབ་པ་ལ་གེགས་དང་བར་ཆད་མ་བྱེད་ཅིག་གསུངས་པ་དང་། ཡང་བྲམ་ཟེ་ལ་གསུངས་པར་ཁྱོད་ཀྱིས་ངའི་མགོ་ལེན་པའི་དུས་ལ་བབ་པས་ལོངས་ཤིག་གསུངས་པས། བྲམ་ཟེས་རྒྱལ་བློན་འཁོར་དང་བཅས་པའི་གཟི་བྱིན་མ་བཟོད་དེ། ངས་འདི་ནས་ལེན་པར་མི་བྱ་སྐྱེད་མོའི་ཚལ་གྱི་གླིང་ག་ཞིག་ནས་ལེན་དགོས་པས། ཁྱེད་ཕེབས་པར་ཞུ་ཞུས་པས། རྒྱལ་པོ་དེར་ཕེབས་ནས་སྐྱེད་མོའི་ཚལ་གྱི་ཤིང་གི་ཡལ་ག་ཞིག་ལ་དབུ་བཏགས་ཏེ། ཁྱོད་ཀྱིས་ངའི་མགོ་བཅད་ནས་ངའི་ལག་ཏུ་ཞོག་དང་། ངའི་ལག་ནས་ཁྱོད་ལ་སྟེར་བར་བྱ། སྐྱེས་བུ་དམ་པ་ཐམས་ཅད་ཀྱིས་སྦྱིན་པ་སྦྱིན་སྐབས་དད་པས་སྦྱིན་པ། གུས་པས་སྦྱིན་པ། རང་གི་ལག་ནས་སྦྱིན་པ། གཞན་དག་ལ་མི་གནོད་པར་སྦྱིན་པ་སོགས་ལྔ་ཚང་དགོས་པས། ངས་ཁྱོད་ལ་མགོ་སྦྱིན་པའི་བསོད་ནམས་འདིས་ཁམས་གསུམ་གྱི་བདེ་བའི་ལོངས་སྤྱོད་འདོད་པའི་ཕྱིར་བྱིན་པ་མིན། འགྲོ་བ་སེམས་ཅན་མང་པོ་ཞིག་སྐྱོབ་པའི་ཆེད་དུ་བླ་ན་མེད་པའི་བྱང་ཆུབ་འདོད་ནས་སྦྱིན་པ་ཡིན་གསུངས་པ་དང་། དེ་ནས་བྲམ་ཟེས་རལ་གྲི་གནམ་དུ་ཕྱར་བ་ན། ཤིང་གི་ལྷ་མོས་ཐལ་ལྕག་ཅིག་བརྒྱབ་པས་བྲམ་ཟེ་ས་ཐོག་ཏུ་འགྱེལ་བ་ན། རྒྱལ་པོས་ཤིང་གི་ལྷ་མོ་ལ་གསུངས་པར་འདས་པའི་དུས་སུ་ཤིང་སྡོང་པོ་འདིའི་དྲུང་ནས་ངས་མགོ་ཐེངས་མ་དགུ་བརྒྱ་དགུ་བཅུ་གོ་དགུ་སྦྱིན་པ་བཏང་བ་ཡིན། ད་རེས་འདི་བརྩིས་ན་སྟོང་ཕྲག་གཅིག་ཚང་ཞིང་སྦྱིན་པའི་ཕར་ཕྱིན་ཡོངས་སུ་རྫོགས་པ་ཡིན་པས་བདག་གི་བྱང་ཆུབ་ལ་བར་ཆད་མ་གཏོང་ཞིག་གསུངས་པ་དང་། དེ་ནས་བྲམ་ཟེ་ཡར་ལ་ཡོང་སྟེ་རལ་གྲིས་རྒྱལ་པོའི་དབུ་བཅད་ནས་དབུ་ཕྱག་གི་ནང་དུ་ལྷུངས་པ་དང་ས་རྣམ་པ་དྲུག་ཏུ་གཡོས་སོ། །དེ་ལྟར་རྒྱལ་པོ་ཟླ་འོད་ཀྱིས་དབུ་སྦྱིན་པ་བཏང་བས་སྦྱིན་པའི་ཕར་ཕྱིན་ཡོངས་སུ་རྫོགས་སོང་བ་ཡིན་ནོ། །གཏམ་སྙན་དེས་འཛམ་གླིང་གི་ས་ཆ་ཡུལ་གྲུ་ཐམས་ཅད་ལ་ཁྱབ་པས། རྒྱལ་པོ་བྱེ་མ་སེ་ན་ལྷག་ཏུ་ཕྲག་དོག་འབར་བའི་དབང་གིས་སྙིང་གས་ནས་ཤི་བ་དང་། བྲམ་ཟེས་རྒྱལ་པོའི་དབུ་ཁྱེར་ཏེ་སོང་བ་རྒྱལ་ཁམས་ཐམས་ཅད་ཀྱིས་ངན་སྨོད་བྱས་ནས་ཁ་ཟས་སྟེར་མཁན་ཙམ་ཞིག་ཀྱང་མ་རྙེད་པར་ཉམ་ཐག་གི་གནས་སུ་ལྷུང་སོང་བ་དང་། རྒྱལ་པོའི་དབུ་ཡང་རུལ་ཏེ་འདོར་དགོས་ཐུག་ཅིང་། དེའི་ཐོག་རྒྱལ་པོ་བྱེ་མ་སེ་ན་ཤི་བ་གོ་བས་ཡི་མུག་ནས་མྱ་ངན་གྱིས་མནར་ཏེ་སྙིང་ཚལ་བ་བདུན་དུ་གས་ཤིང་ཁ་ནས་ཁྲག་བསྐྱུགས་ཏེ་ཚེ་འཕོས་སོ། །རྒྱལ་པོ་བྱེ་མ་སེ་ན་དང་བྲམ་ཟེ་གཉིས་ཀས་མཚམས་མེད་ཀྱི་ལས་བསགས་པས་དམྱལ་བ་མནར་མེད་དུ་སྐྱེས་ཤིང་། རྒྱལ་པོ་ཟླ་འོད་ཀྱི་ཆེད་དུ་སེམས་ནད་བྱས་ཏེ་ཤི་སོང་བ་ཚང་མ་མཐོ་རིས་ཀྱི་ལྷ་གནས་སུ་སྐྱེས་པ་ཡིན། དེའི་སྐབས་ཀྱི་རྒྱལ་པོ་ཟླ་འོད་དེ་སངས་རྒྱས་བཅོམ་ལྡན་འདས་དང༌། རྒྱལ་པོ་བྱེ་མ་སེ་ན་བདུད་སྡིག་ཏོ་ཅན་དང་། བྲམ་ཟེ་དེ་ལྷས་བྱིན། ཤིང་གི་ལྷ་མོ་དེ་མོའུ་འགལ་གྱི་བུ། བློན་པོ་ཟླ་བ་ཆེན་པོ་དེ་འཕགས་པ་ཤཱ་རིའི་བུ་ཡིན་པར་གསུངས་སོ། །དེ་ལྟ་བུའི་སྒོ་ནས་སྦྱིན་པའི་ཕར་ཕྱིན་རྫོགས་དགོས་པ་ཡིན་ཡང་། རང་ཅག་སོ་སོའི་སྐྱེ་བོ་ལས་དང་པོ་བ་ཞིག་གིས་དང་པོ་ཉིད་ནས་མགོ་དང་ཡན་ལག་གི་སྦྱིན་པ་གཏོང་བའི་སྐབས་ལ་མ་སླེབས་ཀྱང་། ཆོས་དང་ཟང་ཟིང་གི་སྦྱིན་པ་ནུས་པས་ལྕོགས་ཚད་རེ་ཡིས་འགོ་བརྩམས་ཏེ། མཐའ་ཡས་སེམས་ཅན་གྱི་དོན་དུ་གཏོང་པ་ཆེན་པོའི་སྒོ་འཕར་ཕྱེས་ཏེ་དཔའ་ཆེན་སེམས་དཔའི་རྣམ་ཐར་གྱི་རྗེས་སུ་འཇུག་དགོས་པ་ཡིན་ནོ། །སྡོམ་པ་སྲུང་ཞིང་ཞེས་པའི་སྡོམ་པ་འདི་ལ་སྤྱིར་ན་སོ་ཐར་རིགས་བདུན་གྱི་རང་ལམ་གྱི་བསྲུང་བྱའི་རྣམ་གྲངས་མང་པོ་ཡོད་པ་ལས། རང་ཉིད་ཀྱིས་མཁན་སློབ་ཀྱི་མདུན་ནས་གང་བླངས་ཤིང་ཁས་བླངས་ཏེ་དམ་བཅས་པའི་སྡོམ་པ་དེ་སྲོག་ལ་བབ་ཀྱང་གཏོང་མི་རུང་བ་སྟེ། ཚུལ་ཁྲིམས་བསྲུངས་པའི་ཕན་ཡོན་དེ་བསམ་གྱིས་ཀྱང་མི་ཁྱབ་ཅིང་། ཚུལ་ཁྲིམས་བསྲུངས་པའི་དགེ་བ་རྒྱ་ཆེན་བསྒྲུབས་པའི་གང་ཟག་དེ་ལ་རྗེས་སུ་ཡི་རང་བྱེད་དགོས། སྡོམ་པ་བསྲུངས་པའི་དཔེ་མཚོན་གྱི་གཏམ་རྒྱུད། སྔར་ཉན་ཐོས་འོད་སྲུང་ཆེན་པོ་འདི་བྲམ་ཟེའི་བུ་ནྱ་གྲོ་དྷ་རུ་སྐྱེས་ཤིང་། དགེ་སློང་མ་སེར་སྐྱ་བཟང་མོ་དེ་བྲམ་ཟེ་སེར་སྐྱའི་བུ་མོར་སྐྱེས་པའི་ཚེ། ཕ་མ་དག་གིས་མི་འདོད་བཞིན་དུ་གཉེན་དུ་བསྒྲིགས་ནས་ལོ་བཅུ་གཉིས་ཀྱི་བར་དུ་ཁྱིམ་ཐབ་གཅིག་ལ་བཞག་ཀྱང༌། དེ་གཉིས་ནི་སྔར་ནས་ཚུལ་ཁྲིམས་བསྲུངས་ཤིང་འདོད་པའི་ཉེས་དམིགས་ཤེས་པའི་སྐྱེས་བུ་དམ་པ་གཉིས་ཡིན་པའི་སྟབས་ཀྱིས་ཚུལ་ཁྲིམས་ལ་ཉེས་སྐྱོན་གཏན་ནས་མ་བྱུང་སྟེ། མཐར་རབ་ཏུ་བྱུང་བའི་གནས་སྐབས་སུ་སངས་རྒྱས་ཀྱི་རྒྱལ་ཚབ་བསྟན་པ་གཏད་སའི་གཏད་རབས་དགྲ་བཅོམ་འོད་སྲུང་ཆེན་པོ་དང་། དགྲ་བཅོམ་མ་སེར་སྐྱ་བཟང་མོ་གཉིས་སུ་གྱུར་སོང་བ་ལྟ་བུ་དང་། གཞན་ཡང་ཚུལ་ཁྲིམས་བསྲུངས་པའི་ཕན་ཡོན་ནི། ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ་ལས། ཚུལ་ཁྲིམས་ལྡན་པ་མཐོ་རིས་འགྲོ་བའི་རྒྱུ། །ཚུལ་ཁྲིམས་བསྲུངས་པས་མྱ་ངན་འདའ་ཐོབ་འགྱུར། །ཇི་ལྟར་མིག་མེད་གཟུགས་མཐོང་མི་རུང་ལྟར། །དེ་བཞིན་ཚུལ་ཁྲིམས་མེད་ན་ཆོས་མི་མཐོང་། །ཇི་ལྟར་རྐང་མེད་ལམ་འཇུག་ག་ལ་ནུས། །དེ་བཞིན་ཚུལ་ཁྲིམས་མེད་ན་ཐར་མི་འགྱུར། །ཞེས་གསུངས་པ་ཡིན། དགེ་ཚུལ་སློང་གི་སྡོམ་པ་བླངས་པའི་དགེ་འདུན་པས་ཚུལ་ཁྲིམས་སྲོག་གིས་བསྲུང་དགོས་པ་སྨོས་མ་དགོས་པ་ནི། དགེ་ཚུལ་ཞིག་གིས་སྡོམ་པ་བསྲུང་བའི་ཆེད་དུ་རང་སྲོག་བཏང་བའི་ལོ་རྒྱུས་ཡོད་པ་ལྟ་བུ་དང་། ལུས་རྟེན་ཁྱིམ་པ་ཡིན་ཡང༌དགེ་བསྙེན་གྱིས་བསྲུང་རྒྱུའི་བསླབ་པའི་ཁྲིམས་སྲོག་གཅོད་མ་བྱིན་ལེན། ལོག་གཡེམ་མི་ཆོས་བླ་མའི་རྫུན། ཆང་དང་ལྔ་པོ་རབ་ན་གཏན་ཁྲིམས་བྱས་ཏེ་བསྲུང་རྒྱུ། མིན་ཡང་སྟོན་པའི་དུས་ཆེན་བཞིའམ་ཉ་སྟོང་བརྒྱད་གསུམ་ལ་སོགས་པར་བསྙེན་གནས་ཡན་ལག་བརྒྱད་པ་ཉིན་ཞག་གི་མཐའ་ཅན་རེ་བསྲུངས་ཐུབ་ན་ཕན་ཡོན་དང་དགོས་འབྲེལ་རྒྱ་ཆེན་པོ་ཡོད་པ་ཡིན། སྲོག་གཅོད་སྤངས་པས་རྡོ་རྗེའི་སྐུ་འགྲུབ། མ་བྱིན་ལེན་སྤངས་པས་མཚན་བཟང་ཐོབ། ལོག་གཡེམ་སྤངས་པས་དབང་པོ་ཚང་ཞིང་ལུས་རྒྱས། ཆང་སྤངས་པས་མཛེས་ཤིང་བཀྲག་མདངས་ལྡན་ལ་འཁྲིལ་བག་ཆགས་པ་ལ་སོགས་པའི་ཡོན་ཏན་དེ་དག་ཐོབ་པ་དང་། བསྐལ་བ་བཟང་པོའི་དུས་སུ་ཚུལ་ཁྲིམས་བསྲུངས་པ་བས། དུས་སྙིགས་མ་ལྔ་བདོའི་གནས་སྐབས་འདི་ལྟ་བུར་ཚུལ་ཁྲིམས་བསྲུངས་ན་ལྷག་པར་དུ་ཕན་ཡོན་ཆེ་བའི་ཚུལ། མདོ་སྡེ་ཏིང་འཛིན་རྒྱལ་པོ་ལས། བསྐལ་བ་གང་གཱའི་ཀླུང་གི་བྱེ་སྙེད་དུ། །དྭངས་བའི་སེམས་ཀྱིས་ཟས་དང་སྐོམ་རྣམས་དང༌། །གདུགས་དང་བ་དན་མར་མེའི་ཕྲེང་བ་ཡིས། །སངས་རྒྱས་བྱེ་བ་ཁྲག་ཁྲིག་རིམ་གྲོ་བྱས། །གང་ཞིག་དམ་ཆོས་རབ་ཏུ་འཇིག་པ་དང་། །བདེར་གཤེགས་བསྟན་པ་ནུབ་པར་འགྱུར་བའི་ཚེ། །ཉིན་ཞག་དུ་ནི་བསླབ་པ་གཅིག་སྤྱོད་ན། །བསོད་ནམས་དེ་ནི་དེ་བས་ཁྱད་པར་འཕགས། །ཞེས་གསུངས་པ་ཡིན། གཞན་ཡང་དག་པའི་ཞིང་ཁམས་གཞན་ཞིག་ནས་བསྐལ་བ་བརྒྱ་སྟོང་གི་བར་དུ་ཚངས་སྤྱོད་བསྲུངས་པའི་དགེ་བ་བས། ཞིང་འདི་ནས་སྔ་དྲོ་ཙམ་ཞིག་ཏུ་བསྲུངས་པའི་ཕན་ཡོན་ཆེ་བ་ཡིན་པས། ཁྱིམ་པ་ཕོ་མོ་ཐམས་ཅད་ཀྱིས་བསྙེན་གནས་ཀྱི་སྡོམ་པ་འདི་བསྲུངས་ན་ཕན་ཡོན་ལྷག་པར་ཆེ་བ་ཡིན། དེ་ཡང་ཡན་ལག་བརྒྱད་པོ་མ་ཉམས་པར་བསྲུང་དགོས་ལ། ཡན་ལག་བརྒྱད་པོ་མ་ཉམས་པར་བསྲུངས་ན་ལྷ་ཡུལ་དུ་སྐྱེ་བ་ལ་སོགས་པའི་ཕན་ཡོན་ཡོད་པ་དང་། དེ་ལས་སྣ་རེ་རེ་ཙམ་ལས་བསྲུང་མ་ཐུབ་པར་ཉམས་ན། འབྲས་བུ་བདེ་སྡུག་སྤེལ་མ་མྱོང་བའི་ཚུལ། གནའ་སྔ་མོར་རྒྱ་གར་ནས་བྲམ་ཟེ་སྤྲང་པོ་ཞིག་གིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་རབ་ཏུ་བྱུང་བའི་དགེ་འདུན་པ་དང་། ཁྱིམ་པ་གསོ་སྦྱོང་ལེན་མཁན་རྣམས་ཀྱི་སྦྱིན་བདག་བྱས་ནས་དེ་དག་བསོད་སྙོམས་མང་པོ་སྦྱིན་པར་མཐོང་ནས། ཁོ་རང་གིས་གསོ་སྦྱོང་ཞིག་ལེན་དགོས་སྙམ་སྟེ་དེར་སོང་ནས་གསོ་སྦྱོང་བླངས་ཤིང་། དགོང་མོ་ཁོ་རང་ས་ཆ་ཁུག་ཀྱོག་ཅིག་ལ་ཐོན་དུས་གནས་ཚང་མ་རྙེད་པར་མུན་འགོ་རུབ་རྩིས་བྱེད་སྐབས། བྲམ་ཟེའི་ཁྱིམ་ཚང་ཞིག་ཡོད་པ་དེར་གནས་ཚང་གཡར་ཏེ་དེ་ནུབ་དེར་བསྡད་པ་ན། དེ་ཚང་གིས་ཟ་མ་བྱིན་པ་ན། ཁོས་དེ་རིང་གསོ་སྤྱོང་བླངས་པས་ཕྱི་དྲོའི་ཁ་ཟས་ཟ་བ་མིན་ཞེས་སྨྲས་པ་ན། དེ་ན་རེ་གལ་ཏེ་ཟ་མ་མ་ཟོས་ན་ངེད་ཚང་ལ་མ་སྡོད་པར་སོང་ཟེར་བས་ནམ་གུང་ཞིག་ལ་སྒོར་ཕུད་པར་སྐྲག་ནས་ཟས་ཟོས་པས་གསོ་སྦྱོང་རལ་ལོ། །སྤྱིར་ན་དེ་སུམ་ཅུ་རྩ་གསུམ་ལ་སྐྱེ་བ་ཡིན་ཡང་། དེའི་ཚེ་བསྙེན་གནས་ཀྱི་སྡོམ་པ་སྣ་གཅིག་ཉམས་སོང་བས་རྒྱལ་ཆེན་རིགས་བཞིའི་ལྷ་ཡུལ་དུ་སྐྱེས་སོ། །སྔར་མི་ཡུལ་ནས་གསོ་སྦྱོང་ཉམས་པའི་རྐྱེན་གྱིས་ལྷ་ཡུལ་ནས་གསོ་སྦྱོང་རལ་ཞེས་པའི་མིང་ངན་ཡང་ཐོགས་པ་དང་། ལོངས་སྤྱོད་དང་གཟི་བརྗིད་ཀྱང་ལྷ་གཞན་ལས་དམན་པ་ངོ་ཚ་དགོས་པ་ཞིག་ཏུ་གྱུར་པ་ཡིན། དེ་བཞིན་དུ་སྡོམ་པ་སྣ་རེ་ཉམས་ན་དེའི་ཚོད་ཀྱིས་རྣམ་སྨིན་མྱོང་རབས་ལོ་རྒྱུས་ཀྱང་མང་ངོ་། །དེ་ནས་བདེན་པར་སྨྲ་བ་དང་ཞེས་པ་སྟེ། རྫུན་སྤངས་པས་མ་ཚད་བདེན་པར་སྨྲ་བ་ལ་འབད་ན་བསོད་ནམས་ཆེ་བ་ཡིན་ལ་དེ་ནི་ངག་གི་དགེ་བ་ཡིན། ཚེ་གཅིག་ལ་རྫུན་མི་སྨྲ་བར་བདེན་པའི་ཚིག་ཏག་ཏག་སྨྲ་བའི་མི་དེ་ལྟ་བུ་ལ་ཐམས་ཅད་ཡིད་ཆེས་ཤིང་དགའ་བ་དང་། མི་དེ་ལྟ་བུ་ནི་ལྷད་མེད་གསེར་དང་འདྲ་བ་ཞེས་པ་དེ་ཡིན། ཚོམས་ལས་ཀྱང༌། བདེན་པའི་ཚིག་ནི་བདུད་རྩི་སྟེ། །བདེན་པའི་ཚིག་ནི་བླ་མེད་ཡིན། །དོན་དང་ཆོས་ལ་རབ་གནས་པ། །བདེན་པ་ཡིན་ཞེས་དམ་པ་གསུངས། །ཞེས་གསུངས་སོ། །འཁོན་པ་སྡུམ་ཞིང་ཞི་དུལ་དྲང་པོར་སྨྲ། །ཞེས་པ་ནི། འཁོན་ཞེ་འགྲས་ཀྱིས་འཁྲུག་རྩོད་བྱུང་ན་ལུས་ངག་ཡིད་གསུམ་གྱི་མི་དགེ་བ་སྣ་ཚོགས་འབྱུང་བ་ཡིན་པས་ན། ནང་འཁྲུག་ཞེ་འཁོན་གྱི་རིགས་ཐམས་ཅད་མེད་པར་བྱས་ནས། ཕན་ཚུན་གྱི་བར་དགྲ་བོར་གྱུར་པའི་ཁག་གཉིས་ཚུར་ལ་འགྲིག་མཐུན་གྱིས་མཛའ་བཤེས་ཀྱི་འབྲེལ་བ་མཐུད་དེ་འདུམ་པའི་ཆེད་དུ་འཁོན་པ་སྡུམ་པར་བྱེད་པ་དེ་ནི་དགེ་ལས་ཁྱད་པར་ཅན་ཞིག་ཡིན། དེ་ཆེ་འདོད་ཀྱི་གཙོ་བོ་དང་། ཟ་འདོད་ཀྱི་བར་པ་མིན་པར་ཀུན་སློང་རྣམ་པར་དག་པ་རང་འདོད་དང་ཕྱོགས་ཞེན་མ་འདྲེས་པའི་བསམ་པ་བཟང་པོའི་ངང་ནས། ཕྲ་མ་སྤངས་ཏེ་འཁོན་པ་བསྡུམས་ན་མི་དགེ་བ་མང་པོ་ཞིག་དེའི་ཁོངས་ནས་ཞི་བ་ཡིན་པས། རང་གིས་འཁོན་པ་བསྡུམས་མ་ཐུབ་ནའང་གཞན་གྱིས་འཁོན་པ་བསྡུམ་པ་ལ་མི་དགའ་བ་མེད་པར་མ་ཟད་རྗེས་སུ་ཡི་རང་བྱེད་དགོས། དེ་ནི་རྣམ་དཀར་གྱི་དགེ་བ་ཕུལ་དུ་བྱུང་བ་ཞིག་ཡིན་ཏེ། དྲན་པ་ཉེར་བཞག་ལས། གྲོགས་པོ་གཉེན་བཤེས་རྩ་ལག་དང༌། །ཕན་ཚུན་མི་མཐུན་གྱུར་པ་ལ། །གང་ཞིག་ཤིན་ཏུ་སྡུམ་བྱེད་པ། །ལྷ་མི་རྣམས་ཀྱི་ནང་དུ་འགྲོ། །ཞེས་གསུངས་སོ། །ཞི་དུལ་དང་ལྡན་པའི་ཚིག་གིས་དྲང་པོར་སྨྲ་བ་ནི། ཆགས་སྡང་མེད་པས་སེམས་རྒྱུད་ཞི་བ། ངང་རྒྱུད་འཇམ་ཞིང་དུལ་བ། བབས་ཆགས་པ་སྟེ། དེ་འདྲའི་ཁ་ཞེ་གཉིས་ཀ་འཇམ་པའི་མི་ནི་མང་པོའི་ནང་དུ་རེ་གཉིས་ཙམ་ཡོད་པའི་སྲིད་མཐའ་མ་བཀག་པ་ཙམ་ཞིག་ཡིན་ལ། མི་འགའ་རེའི་ལྟར་སྣང་ལ་འདི་འདྲའི་མི་རྒྱུད་འཇམ་ཞི་དུལ་གཉིས་འཛོམས་མཐོང་དཀའ་འོ་སྙམ་པ་ལྟ་བུ་ཡང་། ཡུན་རིང་པོར་གཤིབ་ན་དེ་ལས་ལྡོག་སྟེ། སྔར་གྱི་མི་དེ་ལས་གཞན་དུ་འགྱུར་འགྲོ་བ། ཁྱད་པར་དུ་རྐྱེན་དང་ཐུག་ན་གཤིས་སྤྱོད་ངན་པ་དཔེར་ན། གཡི་དཀར་གྱི་སེན་མོ་བཞིན་དུ་དུས་རྒྱུན་མཐོང་དུ་མེད་ལ་མཚམས་རེར་མདུན་ན་མངོན་ཡོང་བའི་མི་ཁོག་ནག་དེ་ལ་གཡོ་ཅན་བྱི་ལའི་བརྟུལ་ཞུགས་ཅན་ཞེས་པ་དེ་ཡིན། བྱི་ལ་རྣམས་དུས་རྒྱུན་འགྲོ་འདུག་གི་ཀུན་སྤྱོད་འཇམ་ཞིང་དལ་བ་ཡིན་ན་ཡང་། བྱི་བ་ཞིག་དང་འཕྲད་ན་ཀུན་སྤྱོད་ཨེ་འཇམ་གསལ་ཡོང་བ་རེད། དེ་ལྟ་བུའི་མིང་ལ་གཡོ་སྒྱུ་ཅན་ནམ་གཡོན་ཅན་ཞེས་ཟེར་བ་ཡིན། གཡོན་ཅན་སྙན་པར་སྨྲ་བ་ནི། །རང་དོན་ཡིན་གྱི་གུས་ཕྱིར་མིན། །ཞེས་གསུངས་ཏེ་གཡོ་ཅན་གྱིས་འཇམ་འཇམ་སྙན་སྙན་བྱེད་པ་ནི་ཁྱོད་ལ་གུས་ཞབས་ཆེ་བས་མ་ཡིན་པར་ཁོ་རང་གིས་རང་དོན་ཞིག་མ་འགྲུབ་པར་ཡོད་པ་ཡིན་ཞེས་པའི་དོན། དེ་འདྲ་དེ་ལ་སླུ་རུ་མི་འཇུག་པར་དོགས་ཟོན་བྱེད་དགོས་པ་ཡིན། དེ་ལྟར་མ་ཡིན་པར་གཤིས་སྤྱོད་ལམ་གཉིས་ཀ་བཟང་ཞིང༌དྲང་ལ་གཡོ་སྒྱུ་མེད་པ་ལ་དྲང་པོར་སྨྲ་བ་ཟེར་བ་ཡིན་པས། རྟག་ཏུ་ངག་ཚིག་འཁྱོག་པོ་སྤང་དགོས། རང་གར་དོན་མེད་དུ་རྫུན་བཤད་མཁན་གྱི་མི། ཡར་ལ་འགྲོ་ན་མར་ལ་འགྲོ་བ་ཡིན་ཟེར་མཁན། བྱ་རོག་ལྟར་དུ་དོན་མེད་དུ་དོགས་འདྲོག་བྱེད་འདུག་པ་དེ་དག་ཀྱང་གཡོ་ཅན་གྱི་ཕྱོགས་སུ་གཏོགས་པ་ཡིན། ཡང་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པའི་མཛད་པ་དང་དགོས་པ་ཆེན་པོ་ལྡན་ན། དགག་བྱ་དོར་དགོས་པའི་རིགས་ཀྱང་ཡོད་པས། ཐབས་མཁས་དང་མགོ་བདེ་ནོར་མི་ཉན། གཡོ་ཅན་དང་མཛངས་པ་ནོར་མི་ཉན། དེས་ན་དུས་རྟག་ཏུ་འཁྱོག་པོའི་ལས་ལམ་དང་ངག་ཚིག་སྤོང་པ་ལ་བརྩོན་ཞིང་། ཞི་དུལ་དྲང་པོར་རང་གིས་སྨྲ་བ་དང་། གཞན་གྱིས་དེ་ལྟར་བྱེད་པ་ལ་རྗེས་སུ་ཡི་རང་བྱེད་དགོས་པ་ཡིན། དོན་དང་ལྡན་པའི་གཏམ་བརྗོད་འདོད་པ་ཆུང༌། །ཞེས་གསུངས་ཏེ། དེ་ཡང་རྒྱལ་སྲས་འཕགས་པ་ཐོགས་མེད་ཀྱིས། །སྨྲ་བ་མང་པོས་མི་དགེ་སྐྱེད་བྱེད་ཅིང༌། །དེ་མ་བསྐྱེད་ཀྱང་དོན་མེད་དུས་འདའ་བས། །རང་དང་གཞན་ལ་ཕན་ངེས་མ་གཏོགས་པ། །སྨྲ་བརྗོད་སྤངས་པ་བརྩོན་འགྲུས་གྲོགས་སུ་གྱིས། །ཞེས་གསུངས་པ་ཡིན་པས། གདུལ་བྱ་ཆོས་ལ་བསྐུལ་བའི་གཏམ་དང་། སྡུག་བསྔལ་ཅན་གྱི་ན་ཚ་ཞི་བའི་གཏམ། ཡིད་ཆད་མགྲོན་པོ་ངལ་འཚོ་བའི་གཏམ་ལ་སོགས་པ་བཤད་ན་གཞན་ལ་ཕན་ཐོགས་ཤིང་། འཕྲལ་ཕུགས་ཀྱི་ཕན་བདེ་འགྲུབ་པ་ཡིན། དེ་ལྟ་བུའི་གོང་དུ་བཤད་པའི་ལུས་ཀྱི་དགེ་བ་གསུམ་དང་། དེའི་ཐོག་ལ་ངག་གི་དགེ་བ་བཞི་བསྣན་པས་ལུས་ངག་གི་དགེ་བ་བདུན་པོ་སྒྲུབ་མཁན་ཐམས་ཅད་ལ་སྙིང་ཐག་པས་རྗེས་སུ་ཡི་རང་བྱེད་པ་དང་། དེ་བཞིན་དུ་ཡིད་ཀྱི་དགེ་བ་བརྣབ་སེམས་སམ་རློམ་སེམས་སྤངས་ཏེ་རྒྱུ་རྫས་ལོངས་སྤྱོད་ལ་འདོད་པ་ཆུང་བའི་ཆོག་ཤེས་བསྟེན་དགོས། བསོད་ནམས་ཡོད་ན་མི་འདོད་བཞིན་དུ་འབྱུང༌། །བསོད་ནམས་མེད་ན་འདོད་པས་འོང་བ་དཀའ། །ཞེས་གསུངས་པ་ཡིན། ནོར་ལོངས་སྤྱོད་རང་ལ་ཡོད་པ་དེའི་ཐོག་ཆོག་ཤེས་བྱེད་ཅིང་མེད་པ་ཞིག་མི་འཚོལ་བར་འདོད་པ་ཆུང་ངུ་བྱེད་ཐུབ་ན་བདེ་བ་དེའི་ཚོད་ཀྱིས་ཆེ་བ་ཡིན། ནོར་ཡོད་པའི་བདེ་བ་ཙམ་ལ་སྤྱོད་མཁན་མང་ན་ཡང༌། འདོད་ཆུང་ཆོག་ཤེས་ཀྱི་བདེ་བར་སྤྱོད་མཁན་ཤིན་ཏུ་ནས་ཀྱང་དཀོན་པ་ཡིན། ཆོག་ཤེས་ཀྱི་བདེ་བ་ནི་ལྷའི་དབང་པོ་ཚངས་པ་དང་བརྒྱ་བྱིན་གྱིས་ཀྱང་རྙེད་དཀའ་བ་ནི། རྒྱལ་སྲས་ཞི་བ་ལྷས། ཆོག་ཤེས་བདེ་སྐྱིད་གང་ཡིན་པ། །དབང་པོས་ཀྱང་ནི་རྙེད་པར་དཀའ། །ཞེས་གསུངས་པ་ཡིན། རང་རྒྱུད་ལ་ཆོག་ཤེས་མེད་པར། འདོད་པ་ཁ་ཡན་ལ་ཤོར། བདག་མེད་ལང་ཤོར་དུ་མངགས་ན། གསེར་རི་བོ་ཙམ་ཞིག་ཡོད་ཀྱང་དེས་འདོད་པའི་ཁ་མི་གང་ཞིང་། ཁྱད་པར་དུ་རབ་ཏུ་བྱུང་བའམ་ཆོས་ལ་ཞུགས་པའི་གང་ཟག་ཅིག་ཡིན་ཚེ། དུས་དང་རྣམ་པ་ཀུན་ཏུ་ཆོག་ཤེས་བསྟེན་པ་དེ་ཇོ་བོ་བཀའ་གདམས་པའི་བླ་མ་ཐམས་ཅད་ཀྱིས་ཕ་ནོར་བུ་སྐལ་ལ་བཞག་པ་ཡིན། ནོར་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པའི་ནོར་མཆོག་ཆོག་ཤེས་ཡིན་པས་དེ་དང་དུ་ལེན་པ་ནི་མེད་དུ་མི་རུང་བའོ། །བྱམས་དང་སྙིང་རྗེ་སྒོམ་ཞིང་ཆོས་ལ་སྤྱོད། །དགེ་བ་དེ་རྣམས་ཀུན་ལ་ཡི་རང་ངོ་། །ཞེས་གསུངས་ཏེ། མ་སེམས་ཅན་ཐམས་ཅད་ལ་ཡིད་འོང་གི་བྱམས་པ་དང་བརྩེ་བའི་སྙིང་རྗེ་དུས་རྒྱུན་དུ་སྒོམ་པར་བྱེད་པ་ནི། ཐེག་ཆེན་ལམ་གྱི་གཞུང་རྟ་དོན་གཉིས་ལྷུན་གྲུབ་ཀྱི་གཞི་ཡིན་པས། ཕ་བསད་ཀྱི་དགྲ་བོ་ལག་དམར་ཞིག་ཡིན་ཡང་། རྨོངས་པ་མ་རིག་པའི་གཞན་དབང་དུ་གྱུར་ཏེ། ལས་བྱ་བ་དེ་དང་དེ་ལྟ་བུར་གྱུར་པ་ལས། སྔོན་ཆད་བདག་གི་གཉེན་ཡང་ཡིན་པ་དང་། གནོད་ཕར་ལ་བསྐྱལ་ན་གནོད་པའི་ལན་ཆགས་རང་ལ་ཚུར་འཁོར་བ་ཡིན་པས། འདི་ནི་ཞེ་སྡང་སྐྱེ་སའི་ཡུལ་ཞིག་མིན་ནོ་སྙམ་ནས། གནོད་སེམས་མེད་པས་མ་ཚད་སེམས་ཅན་འདི་དག་ཐམས་ཅད་བདེ་བ་དང་ལྡན་འདོད་ཀྱི་བྱམས་པ་དང་། འདི་དག་ཐམས་ཅད་སྡུག་བསྔལ་དག་དང་བྲལ་ན་ཅི་མ་རུང་སྙམ་པའི་སྙིང་རྗེ་སྟེ། དེ་འདྲའི་སེམས་ལན་རེ་ཙམ་བསྒོམས་ན་ཡང་དགེ་བ་བསམ་གྱིས་མི་ཁྱབ་པ་བསགས་པ་ཡིན་པ་ནི། ཚོམས་ལས། ཟླ་བ་རེ་རེར་མཆོད་སྦྱིན་སྟོང་། །ལོ་བརྒྱར་བྱེད་པ་གང་ཡིན་དེས། །སེམས་ཅན་རྣམས་ལ་བྱམས་པ་ཡི། །བཅུ་དྲུག་ཆར་ནི་མི་ཕོད་དོ། །ཟླ་བ་རེ་རེར་མཆོད་སྦྱིན་སྟོང་། །ལོ་བརྒྱར་བྱེད་པ་གང་ཡིན་དེས། །སེམས་ཅན་རྣམས་ལ་སྙིང་བརྩེ་བའི། །བཅུ་དྲུག་ཆར་ནི་མི་ཕོད་དོ། །ཞེས་གསུངས་པ་སྟེ། དེ་ཡང་ཟླ་བ་རེ་རེའི་ནང་དུ་ཆག་མེད་ཀྱིས་མཆོད་པ་དང་སྦྱིན་པ་ཐེངས་མ་སྟོང་ཕྲག་ཏུ་ལོང་བ་རྒྱུན་མི་ཆད་པར་མི་ལོ་བརྒྱར་བྱེད་པ་གང་ཡིན་པ་དེས། བྱམས་པ་ཐེངས་གཅིག་བསྒོམས་པའི་དགེ་བ་དེའི་བཅུ་དྲུག་གི་ཆ་གཅིག་ཙམ་ལའང་འགྲན་མི་ཕོད་པ་དང་། དེ་བཞིན་དུ་སྙིང་རྗེ་ལན་གཅིག་བསྒོམས་པའི་བཅུ་དྲུག་གི་ཆར་ཡང་མི་ཕོད་པ་ཡིན་ཞེས་གསུངས་པ་ཡིན། དེས་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས། སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་པ་རྣམས་ཀྱིས་ཆོས་མང་པོ་ལ་བསླབ་པར་མི་བྱ། ཆོས་གཅིག་ལ་བསླབ་པར་བྱའོ། །གཅིག་དེ་གང་ཞེ་ན། སྙིང་རྗེ་ཆེན་པོའོ་ཞེས་གསུངས་པ་ཡིན། དེས་ན་ལོག་པར་ལྟ་བ་སྤངས་ཏེ། ལས་རྒྱུ་འབྲས་ལ་སྙིང་ནས་ཡིད་ཆེས་བསྐྱེད་ནས་དམ་པའི་ཆོས་ལ་ལོངས་སྤྱོད་དགོས། དེ་ནི་ཡིད་ཀྱི་དགེ་བ་གསུམ་པ་ཡིན། རྒྱུ་འབྲས་ཡིད་ཆེས་ནི་འཇིག་རྟེན་ཡང་དག་གི་ལྟ་བ་ཡང་ཡིན་ཏེ། འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་སུ་ལ་ཡོད་གྱུར་པ། །དེ་ནི་བསྐལ་བ་སྟོང་དུ་ཡང་། །ངན་འགྲོར་འགྲོ་བར་མི་འགྱུར་རོ། །ཞེས་གསུངས་པ་ཡིན། དགེ་བ་དེ་རྣམས་ཀུན་ལ་ཡི་རང་ངོ་། །ཞེས་པ་སྟེ། དེ་ལྟ་བུའི་མི་དགེ་བཅུ་པོའི་ལྡོག་ཕྱོགས་ཀྱི་དགེ་བཅུ་སྒྲུབ་པའི་གང་ཟག་དེ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཐམས་ཅད་ལ་མི་དགའ་བའི་ཕྲག་དོག་སྤངས་ཏེ་སྙིང་ནས་དགའ་བའི་ངང་ནས་རྗེས་སུ་ཡི་རང་ངོ་སྙམ་པའི་བསམ་པ་ལ་བློ་ཡང་ནས་ཡང་དུ་སྦྱང་དགོས་སོ། །དེ་ཡན་ཆད་རྗེས་སུ་ཡི་རང་བའི་ཡན་ལག་སོང་བའོ། །ལྔ་བ་ཆོས་སྤོང་གི་གཉེན་པོར་ཆོས་འཁོར་བསྐོར་བར་བསྐུལ་བའི་ཡན་ལག་ནི།

ལྔ་བ་ཆོས་སྤོང་གི་གཉེན་པོར་ཆོས་འཁོར་བསྐོར་བར་བསྐུལ་བའི་ཡན་ལག

ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ཐམས་ཅད་ན།།

རྫོགས་སངས་རྒྱས་ནས་རིང་པོར་མ་ལོན་པར།།

དེ་དག་རྣམས་ལ་ཆོས་ཀྱི་འཁོར་ལོ་ནི།།

རྒྱ་ཆེན་མྱུར་དུ་བསྐོར་བར་བདག་གིས་བསྐུལ།།

མངོན་ཤེས་ཐུགས་ཀྱིས་དེ་དོན་མཁྱེན་པར་གསོལ།།

ཞེས་ཆོས་འཁོར་བསྐོར་བར་བསྐུལ་བའི་ཡན་ལག་ནི་ཚིག་རྐང་ལྔ་པོ་དེས་བསྟན་པ་སྟེ། དཔག་ཡས་འཇིག་རྟེན་གྲངས་མེད་བརྗོད་ཀྱིས་མི་ལང་བ། རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་ཞིང་ཁམས་མཐའ་ཡས་པ་བསམ་གྱིས་མི་ཁྱབ་པ་དེ་ལྟ་བུའི་ཞིང་ཁམས་རབ་འབྱམས་གྲངས་མེད་པ་ཐམས་ཅད་ན་བཞུགས་པའི་རྫོགས་པའི་སངས་རྒྱས་དེ་དག རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱས་ནས་དུས་ཡུན་རིང་པོར་མ་ལོན་པར། ཆོས་ཀྱི་ཆེ་བ་འདོན་པའི་ཕྱིར་དུ་ཆོས་མི་གསུངས་པའི་ཚུལ་བསྟན་ནས་བཞུགས་པའི་ཚེ་ན། དཔེར་ན་ལྷ་ཚངས་པས་གསེར་གྱི་འཁོར་ལོ་དང་། བརྒྱ་བྱིན་གྱིས་དུང་དཀར་པོ་གཡས་སུ་འཁྱིལ་བ་ཕུལ་ཏེ་ཆོས་འཁོར་བསྐོར་བར་ཞུས་པ་ལྟར་དུ་སངས་རྒྱས་ཀྱི་སྤྲུལ་བ། སྟོན་པའི་ཞལ་ཚབ། བྱང་ཆུབ་སེམས་དཔའ་དང་། བླ་མ་དགེ་བའི་བཤེས་གཉེན་གང་ན་སུ་བཞུགས་པ་དེ་དག་གི་དྲུང་དུ་སོང་སྟེ། རང་གི་ལུས་དཔག་ཏུ་མེད་པ་མང་པོར་སྤྲུལ་ནས་ཆོས་འཁོར་བསྐོར་བར་བསྐུལ་བའི་རྟེན་འབྲེལ་གྱི་རྫས། གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་དང་། དུང་དཀར་པོ་གཡས་སུ་འཁྱིལ་བ་ལ་སོགས་པའི་མཆོད་རྫས་མང་པོ་ཐོགས་ཏེ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སེལ་བའི་ཆེད་དུ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེ་ལ་རྒྱུན་རིང་བ་ཞིག་བསྐོར་བར་བསྐུལ་ཞིང་གསོལ་བ་བཏབ་པས། སངས་རྒྱས་དེ་དག་གི་མངོན་ཤེས་ཀྱི་ཐུགས་ཀྱིས་བདག་གིས་གང་ཞུས་པ་དེ་དག་དགོངས་ཏེ། བདག་སོགས་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་ཆོས་འཁོར་བསྐོར་བར་ཞལ་གྱིས་བཞེས་ཏེ་བཀས་གནང་བར་ཐོབ་པར་བསམས་ན་དངོས་སུ་ཞུས་པ་དང་འདྲ་བ་ཡིན། དེ་སེམས་ཀྱིས་བསྒོམས་པ་ཡིན། དངོས་སུའང་བླ་མ་དགེ་བའི་བཤེས་གཉེན་ལུང་དང་རྟོགས་པའི་ཡོན་ཏན་དང་ལྡན་པ་དག་ལ་རང་གི་འབྱོར་ཚོད་ཀྱི་མཎྜལ་ཕུལ་ཏེ། ཆོས་འཁོར་སྐོར་བའི་སྣ་འདྲེན་བྱེད་ཐུབ་ན། སེམས་ཅན་མང་པོ་ཞིག་ཆོས་ཀྱི་ཆར་འདབ། དགེ་བའི་རྟ་འཕོངས་ལ་བཞག་ཐུབ་པ་དང་། སོ་སོ་རང་ཉིད་ཀྱང་ཚེ་རབས་འཁོར་བ་ཐོག་མེད་ནས་བསགས་པའི་ཆོས་སྤོང་གི་ལས་སྒྲིབ་དག་སྟེ། ཚེ་རབས་ཐམས་ཅད་དུ་དཀོན་མཆོག་གསུམ་གྱི་སྣང་བ་དང་མི་འབྲལ་ཞིང་། ཆོས་མེད་མུན་པའི་བསྐལ་བར་ནམ་ཡང་མི་སྐྱེ་བའི་དགོས་པ་དེ་ལྟ་བུ་ཡོད་པ་ཡིན་ནོ། །ལོག་ལྟའི་གཉེན་པོ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་ནི།

དྲུག་པ་ལོག་ལྟའི་གཉེན་པོ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ།

སངས་རྒྱས་བྱང་སེམས་བསྟན་འཛིན་དགེ་བའི་བཤེས།།

མྱ་ངན་འདའ་བར་བཞེད་ཀུན་དེ་དག་ལ།།

མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས།།

ཞེས་པས་བསྟན་པ་སྟེ། སྔོན་སྟོན་པ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོ་སྐུ་མྱ་ངན་ལས་འདའ་བར་བཞེད་པའི་སྐབས་སུ་དགེ་བསྙེན་ཙུནྡས་བཞུགས་གསོལ་བཏབ་པས། སྐུ་ཚེའི་འདུ་བྱེད་བྱིན་གྱིས་བརླབས་ཏེ་སྐུ་ཚེ་ཟླ་བ་གསུམ་ལ་བསྲིངས་ནས་བཞུགས་མཛད་པ་ལྟར་དུ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་རྒྱལ་བ་རྫོགས་པའི་སངས་རྒྱས་རྣམས་དང་། རྒྱལ་སྲས་བྱང་ཆུབ་སེམས་དཔའ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་བའི་དགེ་བའི་བཤེས་གཉེན་གྱི་ཚོཊ་དང་བཅས་པ་རྣམས་བསམ་བཞིན་དུ་རེ་ཞིག་མྱ་ངན་ལས་འདའ་བར་བཞེད་པ་ཀུན་ལ། བསྐལ་བ་གྲངས་མེད་མང་པོར་མྱ་ངན་ལས་མི་འདའ་བར། འགྲོ་བ་མགོན་མེད་ཀྱི་མགོན་དང་སྐྱབས་མེད་ཀྱི་སྐྱབས་སུ་བཞུགས་པར་སྙིང་ཐག་པ་ནས་གསོལ་བ་འདེབས་པར་བསམས་པ་སྟེ། དེ་ལྟར་སྐྱེས་བུ་དམ་པ་རྣམས་ཞབས་པད་བརྟན་པའི་གསོལ་འདེབས་དང་སྨོན་ལམ་བྱས་ན་རང་གི་ཚེ་ཐུང་ནད་མང་གི་སྒྲིབ་པ་དག་ཅིང་། སྤྱིར་ན་ས་ཐོབ་ཡན་ཆད་ཀྱི་སྐྱེས་བུ་དམ་པ་ཐམས་ཅད་ལ་གཤེགས་བཞུགས་ཀྱི་རང་དབང་ཡོད་པ་ཡིན། བཞེད་ན་བསྐལ་བ་ལ་ཡང་བཞུགས་ནུས་པ་དང་། གདུལ་བྱ་རྟག་འཛིན་ཅན་ཆོས་ལ་བསྐུལ་ཞིང་སྐྱོ་བ་སྐྱེ་བའི་ཕྱིར་དུ་མྱ་ངན་ལས་འདའ་ཚུལ་ཡང་སྟོན་པ་ཡིན། ཁྱད་པར་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཡུན་དུ་བཞུགས་པ་ཞིག་ཡིན་ན། སེམས་ཅན་ལེ་ལོ་ཅན་རྣམས་ཀྱིས་དེ་རྣམ་པ་རྟག་ཏུ་བཞུགས་པའི་འདུ་ཤེས་ཀྱིས་ཆོས་བསྒྲུབ་པ་ལ་ལེ་ལོ་སྐྱེ་བ་དང་། སྙིགས་མའི་དུས་ཀྱི་སེམས་ཅན་དམུ་རྒོད་ཡིན་པའི་དབང་གིས་ལོག་སྒྲུབ་བྱས་ན་རེ་ཞིག་ཏུ་འདུལ་ཐབས་མི་ཐོན་པ་ཡིན་ཕྱིར། ཐུགས་སུན་པའི་ཚུལ་གྱིས་བླ་མ་དགེ་བའི་བཤེས་གཉེན་དེ་ཚོ་ཞིང་ཁམས་གཞན་ལ་ཐུགས་གཏད་འགྲོ་བ་དེ་འདྲ་ཡོད་པ་ཡིན། གདུལ་བྱ་མེད་ན་འདུལ་བྱེད་དབྱིངས་སུ་ནུབ་པ་ནི། ཆུ་སྣོད་ཟླ་གཟུགས་ཀྱིས་དཔེས་མཚོན་པ་ཞིག་ཡིན་པས། གདུལ་བྱའི་བསོད་ནམས་ཀྱི་དབང་ལས་འདུལ་བྱེད་དམ་པའི་སྐྱེས་བུ་འབྱོན་པ་ཡིན། དེས་ན་འཇིག་རྟེན་གྱི་ཁམས་ན་རྒྱལ་བ་སྲས་དང་སློབ་མར་བཅས་པ་གང་དག་འཚོ་ཞིང་གཞེས་པའི་སྐྱེས་ཆེན་ཐམས་ཅད་མྱ་ངན་ལས་མི་འདའ་བར། ཞབས་པད་བསྐལ་བ་རྒྱ་མཚོར་ཆོས་འཁོར་དང་བཅས་པ་བཞུགས་པར་གསོལ་བ་འདེབས་པ་དེ་ཡན་ལག་དྲུག་པའོ། །ཡན་ལག་བདུན་པ་བསྔོ་བའི་ཡན་ལག་ནི།

བདུན་པ་བསྔོ་བའི་ཡན་ལག

འདིས་མཚོན་བདག་གི་དུས་གསུམ་དགེ་བ་རྣམས།།

འགྲོ་བ་སེམས་ཅན་ཀུན་ཀྱི་དོན་དུ་བསྔོ།།

ཀུན་ཀྱང་བླ་མེད་བྱང་ཆུབ་མྱུར་ཐོབ་ནས།།

ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་གྱུར་ཅིག།

ཅེས་གསུངས་ཏེ། འདི་ཉིད་ནི་ཐེ་ཚོམ་གྱི་གཉེན་པོ་སྟེ། གང་བསྔོ་བར་བྱ་བ་ནི། ད་ལྟ་སྒྲུབ་བཞིན་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ། བདག་གིས་སྔར་དགེ་བ་བྱས་པ་དང་། ཕྱིས་སུ་བྱེད་པར་འགྱུར་བའི་དགེ་བ་སྟེ། དུས་གསུམ་གྱི་དགེ་བའི་ཚོགས་ཅི་མཆིས་པ་ཐམས་ཅད་སེམས་ཐོག་ཏུ་བླངས་ནས། གང་ལ་བསྔོ་ན། མཁའ་ཁྱབ་ཀྱི་འགྲོ་བ་སེམས་ཅན་གཅིག་ཀྱང་མ་ལུས་པ་ཐམས་ཅད་ཀྱི་དོན་དུ་བསྔོ་ཞེས་པས་སྙིང་རྗེས་གཞན་དོན་ལ་དམིགས་པ་དང་། དོན་ཅི་ཞིག་ཐོབ་པའི་ཆེད་དུ་བསྔོ་ན། སེམས་ཅན་ཀུན་ཀྱང་བླ་ན་མེད་པའི་བྱང་ཆུབ་བམ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་བ་ཉིད་དུ་ཐོབ་ནས། སེམས་ཅན་ཞེས་པའི་མིང་ཙམ་ཡང་མི་ལུས་ཤིང་། འདོད་གཟུགས་གཟུགས་མེད་ཁམས་ཀྱི་ཁམས་གསུམ་འཁོར་བ་འདི་སྣོད་སྟོང་གཙང་སྦྲ་བྱས་པ་བཞིན་དུ་དོང་ནས་སྤྲུགས་པའམ་གཏིང་ནས་བཏོན་ཏེ་སྟོང་པར་གྱུར་ཅིག་ཅེས་ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པའི་བསྔོ་བ་མཛད་པའོ། །བསྔོ་བའི་ཚུལ་མང་པོ་ཡོད་ཀྱང་དུས་གསུམ་རྒྱལ་བ་སྲས་བཅས་ཀྱིས་ཇི་ལྟར་བསྔོས་པ་བཞིན་དུ། བདག་གིས་ཀྱང་དེ་ལྟར་བསྔོ་བ་ཡིན་སྙམ་ནས་བསྔོས་ན་བསྔོ་བ་ཡང་དག་པ་དང་རྗེས་སུ་མཐུན་པའི་བསྔོ་བ་ཡིན། ཕུང་པོ་གསུམ་པ་ལྟུང་བཤགས་ཀྱི་མདོ་ལས། ཇི་ལྟར་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོས་པ་དང༌། ཇི་ལྟར་མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོ་བར་འགྱུར་པ་དང༌། ཇི་ལྟར་ད་ལྟར་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོ་བར་མཛད་པ་དེ་བཞིན་དུ་བདག་གིས་ཀྱང་ཡོངས་སུ་བསྔོ་བར་བགྱིའོ། །ཞེས་གསུངས་པ་དང་། བཟང་སྤྱོད་ལས། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་ཀྱི་རྗེས་སུ་བདག་སློབ་ཕྱིར། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །ཞེས་གསུངས་པ་བཞིན་དུ་བསྔོ་བའི་འདུན་པ་བྱས་ན། སེམས་ཅན་ཐམས་ཅད་ལ་བསྔོས་པ་བཞིན་དུ་ཐོབ་པ་ནི་སངས་རྒྱས་ཀྱི་མཐུ། ཆོས་ཉིད་ཀྱི་བདེན་སྟོབས། རང་གི་ལྷག་བསམ་བཟང་པོས་མཚམས་སྦྱར་བྱས་པ་བཅས་ཀྱི་འབྲས་བུ་ཡིན་ལ། གལ་ཏེ་སོ་སོའི་སྐྱེ་བོས་ཟག་བཅས་ཀྱི་དགེ་རྩ་ལ་བདག་ཏུ་བཟུང་སྟེ་མ་བསྔོས་ན། བསྐལ་བ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་དག་ཀུན། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཅེས་གསུངས་པ་ལྟར་དུ། ཁོང་ཁྲོ་སྐྱེས་པ་སོགས་ཀྱིས་དགེ་རྩ་དེ་འཇོམས་ཤིང་མེད་པར་བྱས་ཏེ་ཆུད་ཟ་བ་དང་། སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པའི་ཕྱིར་དུ་བསྔོས་ན་ཟད་དུ་མེད་པ་ནི་ཆོས་ཀྱི་དབྱིངས་ཟད་པ་མེད་པའི་ཕྱིར་ན། རྒྱ་མཚོ་ཆུ་ཐིགས་ཀྱི་དཔེ་བཞིན་དུ་ནམ་ཡང་འཛད་པ་མེད་པ་ཡིན་ནོ། །དེ་ཡན་ཆད་ནི་མཐར་ཐུག་གི་བསྔོ་བའོ། །ཞོར་དུ་དེ་ལྟ་བུའི་དགེ་བའི་རྩ་བ་དེ་དག་གནས་སྐབས་གཞན་དོན་འགྲུབ་པའི་རྒྱུ་རྒྱལ་སྲས་ཀྱི་སྤྱོད་པའི་དོན་དུ་དམིགས་ནས་སྨོན་ལམ་འདེབས་པ་ནི།

ཞར་ལ་དགེ་བའི་རྩ་བ་དེ་དག་གནས་སྐབས་གཞན་དོན་འགྲུབ་པའི་རྒྱུ་རུ་སྨོན་པ།

དེ་ཡི་དགེ་བ་བདག་ལ་མྱུར་སྨིན་ནས།།

ཚེ་འདིར་དུས་མིན་འཆི་བ་བཅོ་བརྒྱད་ཞི།།

ནད་མེད་ལང་ཚོ་རྒྱས་པའི་ལུས་སྟོབས་ལྡན།།

དཔལ་འབྱོར་འཛད་མེད་དབྱར་གྱི་གངྒཱ་ལྟར།།

བདུད་དགྲའི་འཚེ་བ་མེད་ཅིང་དམ་ཆོས་སྤྱོད།།

བསམ་པའི་དོན་ཀུན་ཆོས་ལྡན་ཡིད་བཞིན་འགྲུབ།།

བསྟན་དང་འགྲོ་ལ་ཕན་ཐོགས་རྒྱ་ཆེན་འགྲུབ།།

མི་ལུས་དོན་དང་ལྡན་པ་འགྲུབ་པར་ཤོག།

ཅེས་པས་བསྟན་པ་སྟེ། གོང་དུ་བཤད་པའི་སེམས་བསྐྱེད་ཁྱད་པར་ཅན་གྱིས་བསྔོ་བ་བྱས་པ་ལ་སོགས་པའི་དགེ་བའི་རྩ་བ་དེ་དག་ཐམས་ཅད་ལུས་རྟེན་འདིའི་ཐོག་ནས་རང་གཞན་ཀྱི་དོན་སྒྲུབ་པའི་ཆེད་དུ་མྱུར་དུ་སྨིན་ནས། ཚེ་འདིར་དུས་མིན་གྱི་འཆི་བ་བཅོ་བརྒྱད་ཞི་ཞིང་། ཚེ་རིང་། ནད་མེད། ལང་ཚོ་རབ་དུ་རྒྱས་པའི་མདངས་པད་མ་ལྟར་དུ་བཀྲ་བ་དང་། ལུས་ལ་སྟོབས་ཤུགས་ཆེན་པོ་དང་ལྡན་པ་སྲེད་མེད་ཀྱི་བུ་ལྟ་བུ་དང་། འདོད་དགུའི་དཔལ་འབྱོར་ཐམས་ཅད་འཛད་པ་མེད་པར་དབྱར་གྱི་ཆུ་བོ་གང་གཱ་ལྟར་དུ་ཡར་ལ་འཕེལ་ཞིང་རྒྱས་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པའོ། །འོན་ཀྱང་། སྤྱོད་འཇུག་ལས། ནོར་ལ་ཆགས་པས་གཡེང་བར་གྱུར་པ་རྣམས། །སྲིད་པའི་སྡུག་བསྔལ་ལས་གྲོལ་སྐབས་མེད་དོ། །ཞེས་གསུངས་པའི་ཕྱིར་ན། ཧ་ཅང་ནོར་གསོག་སྲུང་སྤེལ་གསུམ་གྱིས་གཡེངས་ན། དགའ་བྲོད་ལྷའི་བུའི་བདུད་སོགས་ཀྱིས་ཆོས་ལ་བར་ཆད་དང་། སྔོན་གྱི་ལན་ཆགས་ཀྱི་བུ་ལོན་མ་སོད་པའི་དབང་གིས་དགྲ་ཇག་གིས་འཚེ་བ་ཡོད་པ་ཡིན་ཕྱིར། དེ་ལ་ཞེན་པ་མི་ཆེ་ཞིང༌ཚོགས་བསགས་པའི་སྟོབས་ཀྱིས་གནོད་པ་སྐྱེལ་མཁན་མེད་ཅིང་དམ་པའི་ཆོས་ལ་འབད་མེད་རང་དབང་དུ་སྤྱོད་པར་ཤོག་ཅིག་ཅེས་སྨོན་པའོ། །ཚེ་ཐུང་། ནོར་མེད། བདུད་དགྲའི་འཚེ་བ་ཡོད་ན་གཞན་དོན་སྒྲུབ་པའི་བར་ཆད་ཡིན་པས་བྱང་ཆུབ་སེམས་དཔའ་ཁྱིམ་ན་གནས་པ་ཞིག་ཡིན་པའི་དབང་དུ་བྱས་ནས་ལུས་དང་ལོངས་སྤྱོད་ཀྱི་འབྱོར་བ་འཕགས་པ་འཇམ་དཔལ་དང་ཀུན་ཏུ་བཟང་པོ་སོགས་ཀྱི་རྒྱན་དང་བཀོད་པ་ལྟ་བུ་ཞིག་ལ་འདིར་སྨོན་པ་མཛད་པ་སྟེ། བྱང་ཆུབ་སེམས་དཔའ་ལ་ལོངས་སྤྱོད་འབྱོར་བ་ཕུན་སུམ་ཚོགས་ན། སྦྱིན་པ་གཏོང་བ་ལ་སོགས་པ་བསྡུ་བའི་དངོས་པོ་བཞིའི་སྒོ་ནས་འགྲོ་དོན་འཕེལ་བ་ཡིན་པས་ཕལ་བའི་གང་ཟག་ལ་ལོངས་སྤྱོད་ཡོད་པ་དང་མི་འདྲའོ། །དེ་ལྟ་བུའི་བསམ་པའི་དོན་ཀུན་ཆོས་ལྡན་ནམ་ཆོས་དང་མཐུན་པའི་དོན་རང་དོན་དུ་ཐོས་བསམ་སྒོམ་གསུམ། གཞན་དོན་དུ་འཆད་རྩོད་རྩོམ་གསུམ། གཉིས་དོན་དུ་མཁས་བཙུན་བཟང་གསུམ་སྟེ་དམ་པའི་ཚུལ་དགུའི་ཡོན་ཏན་མཐའ་དག་གེགས་མེད་ཡིད་བཞིན་དུ་འགྲུབ་ནས་ལུང་དང་རྟོགས་པའི་བདག་ཉིད་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་བཤད་དང་སྒྲུབ་པས་འཛིན་སྐྱོང་སྤེལ་གསུམ་བྱེད་ནུས་པ་དང༌། བསྟན་པ་ནི་ཕན་བདེ་འབྱུང་བའི་གཞི་ཡིན་པས་ན། དེ་ལ་བརྟེན་ནས་འགྲོ་བ་སེམས་ཅན་ཐམས་ཅད་གནས་སྐབས་ཕན་ཐོགས་པ་ལྷ་དང་མི་ཡི་དཔལ་དང་། མཐར་ཐུག་གི་བདེ་བ་བྱང་ཆུབ་ཆེན་པོར་འགོད་པ་ལ་སོགས་པའི་སྒོ་ནས། བསྟན་དང་འགྲོ་བའི་དོན་རྒྱ་ཆེན་པོ་འགྲུབ་པ་དེ་ལྟ་བུའི་སྒོ་ནས་མི་ལུས་རིན་པོ་ཆེ་ཐོབ་པ་དོན་མེད་དུ་མ་གྱུར་པར་དོན་ཆེན་པོ་དང་ལྡན་པ་འགྲུབ་པར་ཤོག་ཅེས་སྨོན་པ་མཛད་པའོ། །འདིའི་བསྟན་དང་འགྲོ་ལ་ཞེས་པའི་བསྟན་པ་ནི། སློབ་དཔོན་དབྱིག་གཉེན་གྱིས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང༌། །སྒྲུབ་པར་བྱེད་པ་ཁོ་ནའོ། །ཞེས་གསུངས་པ་ལྟར་དུ་ལུང་གི་ཆོས་སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ་འཆད་ཉན་སྤེལ་གསུམ་བྱེད་པ་དང་། རྟོགས་པའི་ཆོས་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་སྒོམ་སྒྲུབ་རྟོགས་གསུམ་བྱེད་པ་འདི་ཁོ་ན་སངས་རྒྱས་ཀྱི་བསྟན་པ་ལ་རྗེས་འཇུག་གིས་བྱ་བ་བྱས་པ་ཡིན་གྱི། དེ་ལས་གཞན་པའི་འབྱོར་བ་ལོངས་སྤྱོད་མངའ་ཐང་སྟོབས་རྒྱ་ཇི་ཙམ་བསྐྱེད་པར་བྱས་ཀྱང་སངས་རྒྱས་ཀྱི་བསྟན་པ་དངོས་མ་ཡིན་པར་གསུངས་སོ། །བསྟན་པ་མི་ཤེས་བསྟན་འཛིན་རློམ་པ་མཚར། །ཞེས་གསུངས་པ་ལྟར་དུ་ལུང་རྟོགས་བཤད་སྒྲུབ་ཀྱི་བསྟན་པ་གང་ཡིན་ཙམ་ཡང་མི་ཤེས་པར་ཆགས་སྡང་ཕྱོགས་འཛིན། བདག་བསྟོད་གཞན་སྨོད་ཀྱི་རྣམ་གཡེང་ལས་ཀྱི་འཁོར་ལོ་ཙམ་ཞིག་ལ་བསྟན་པར་བྱ་བ་བྱས་པའི་མིང་བཏགས་པ་ནི། སེང་གེའི་ཁོག་པ་འབུས་འཇིག་པའི་སངས་རྒྱས་ཀྱི་ལུང་བསྟན་དུས་ལ་བབ་པ་ཙམ་ལས་བསྟན་པ་འཛིན་སྐྱོང་གི་དོན་ཞིག་ངོ་མས་ངོ་མ་དྲང་པོར་དཔྱད་ན་དེའི་ནང་དུ་འདྲེས་ཡོད་པ་མ་ཡིན། བཤད་སྒྲུབ་ཀྱི་བསྟན་པ་རྒྱ་ཆེན་པོ་འཛིན་མཁན་ནི་རྒྱལ་བའི་རྒྱལ་ཚབ་མཁན་སྤྲུལ་དགེ་བའི་བཤེས་གཉེན་རྣམས་ལོས་ཡིན་ཡང་། སངས་རྒྱས་ཀྱི་རྗེས་འཇུག་ཡིན་ཚད་པོས་རང་རང་གི་ཚོད་ཀྱི་བསྟན་པ་འཛིན་ཆོག་པ་ཡིན། བསྟན་པ་ཕྱི་རུ་མི་བཞུགས་ནང་དུ་བཞུགས། །ནང་དུ་རང་གི་སེམས་རྒྱུད་བསྟན་པས་འདུལ། །ཞེས་གསུངས་པ་ཡིན། སངས་རྒྱས་ཀྱི་བསྟན་པ་ཆ་ཚང་གང་ཟག་རང་རྒྱུད་ལ་བཞུགས་པ་ཡིན་པས། ཐུབ་པའི་སྲས་ཀྱི་སྡེ་སྣོད་གསུམ། །ཐམས་ཅད་ཤེས་པ་ཡོད་མིན་ཡང་། །ཚིག་འབྲུ་གཅིག་གི་དོན་ཤེས་ན། །དེ་ཡང་ལུང་གི་བསྟན་པ་ཡིན། །ཞེས་པ་དང་། རྒྱལ་བའི་སྲས་ཀྱི་བསླབ་པ་གསུམ། །ཐམས་ཅད་བསྒྲུབས་པ་ཡོད་མིན་ཀྱང༌། །དགེ་སེམས་སྐད་ཅིག་གཅིག་སྐྱེས་ན། །དེ་ཡང་རྟོགས་པའི་བསྟན་པ་ཡིན། །ཞེས་གསུངས་པ་ཡིན་པས། ཆོས་ཚིག་གཅིག་གི་དོན་ཤེས་ནའང་ལུང་གི་བསྟན་པ་དང་། ཚིག་དེའི་དོན་ལ་བསམས་ཏེ་དགེ་སེམས་སྐད་ཅིག་མ་གཅིག་སྐྱེས་ནའང་རྟོགས་པའི་བསྟན་པ་ཡིན། དེ་རིང་ཁ་རྩང་ཕྱི་ཚུལ་ནས་ཧང་སེ་བལྟས་ན་བསྟན་པ་དར་བའི་དུས་ཡིན་ཀྱང༌། ཉམས་སུ་བླངས་ཏེ་རྒྱུད་ལ་གཅར་ན། དོན་གྱི་བསྟན་པ་ཉམ་དམའ་ཉག་ཕྲའི་སྐབས་ལ་ཁེལ་བས། རླབས་ཆེན་ཕྱི་ཚུལ་གྱི་འགྲོ་དོན་རྒྱ་ཆེན་ཞིག་མ་འགྲུབ་རུང་། རང་རྒྱུད་བསྟན་པས་ཕྱུག་པ་རྒྱལ་བ་དགྱེས་པའི་རྣམ་ཐར་སྐྱོང་ཐུབ་ན་དེས་ཀྱང་དོན་གྱི་ཐོག་ནས་བསྟན་པ་དང་སེམས་ཅན་ལ་ཕན་པ་ཆེན་པོ་འབྱུང་བས་མ་ཚད་པར་རང་ཉིད་ཀྱི་མི་ལུས་ཐོབ་པའང་དོན་ཡོད་དུ་འགྱུར་བ་ཡིན། ཁྱིམ་པ་ཕོ་མོ་ལྟ་བུ་ཞིག་ལ་མཚོན་ནའང་ངེད་ཅག་ལ་བསྟན་པའི་ཁུར་ཐང་ཅི་ཡོད་ཡ་མི་སྙམ་པར་ལྷག་བསམ་རྣམ་དག་གིས་སྤྱིའི་བསྟན་ཆུས་རང་ཐོག་ལ་བབ་པ་ལྟ་བུའི་བསམ་བློ་རེ་བཏང་ན། གོང་གི་བླ་སྤྲུལ་མན་ཆད་དང་། འོག་གི་ལོ་བརྒྱད་ལོན་པའི་གྲྭ་ཆུང་ཡན་ཆད་ཐམས་ཅད་ཁྱིམ་ཕ་མའི་གོ་ཁ་ལ་བརྟེན་ཏེ་མ་བྱུང་བར་ནམ་མཁའ་ནས་ཐོག་བབ་ཏུ་བྱུང་བ་སུ་ཡང་མེད་ཕྱིར་ཕ་མ་གཉེན་གྲོགས་ཀྱིས་ཡར་སྐུལ་བཟང་སེམས་ཀྱིས་ཕན་ཐོགས་ཡོད་པ་དང༌། མི་དགེ་བའི་བཤེས་གཉེན་གྱིས་དབྱེན་དཀྲུག་གཏོར་བཤིག་གིས་གནོད་པ་ཤུགས་རྐྱེན་ཐེབས་སུ་ཡོད་པ་ནི་སྨོས་མ་དགོས་པས། ཐད་ཀ་ཐད་དུ་བསྟན་པ་འཛིན་སྐྱོང་གི་འགན་མེད་རུང༌བསྟན་པ་ཡར་རྒྱས་དང་བསྟན་འཛིན་ཐུགས་མཐུན་གྱི་མཐུན་རྐྱེན་སྐྲུན་པའི་ཐོབ་ཐང་དེ་ཡོད་པ་ཡིན། ཅི་མ་ཐུབ་ཀྱང་སྨོན་ལམ་བཟང་པོའི་རྒྱས་འདེབས་ཅན་གྱི་རྒན་མོ་བསམ་བཟང་སུ་ཡིན་ཡང་བྱེད་ཐུབ་པ་ཡིན། སྡུག་སྡིག་པའི་བྲེ་ཁ་མ་གང་ན་ཞེས་པའི་དཔེ་བཞིན་དུ་ལར་སྔོན་བསགས་ཀྱི་རྟེན་བཟང་ཁྱད་པར་ཅན་ཞིག་མ་ཐོབ་པས་བསགས་པ་ཆུང༌། དེའི་ཐོག་ལ་ཆགས་སྡང་དོན་མེད་ཅིག་གིས་ཀུན་ནས་བསླངས་ཏེ་མི་ཁ་ལ་བརྒྱུགས་པའི་དབང་གིས་བསྟན་འཛིན་གྱི་སྐྱེས་བུ་དག་ལ་སྐུར་བ་འདེབས་པའི་དོན་མེད་ལོག་ལྟ་མི་བྱེད་པ་ནི་གནད་ཆེ་སྟེ། གཅིག་ན་རང་དོན། གཉིས་སུ་བསྟན་དོན་ཚང་མ་མཉམ་འགྲུབ་ཡོང་བ་ཡིན། གཞན་དུ་ཕ་རོལ་པོར་གནོད་བསྐྱལ་དགོས་སྙམ་ནས་རང་ཉིད་བསྡད་ཡོད་པའི་ཁང་པའི་ཀ་བ་བླངས་ན་རང་གཞན་གཉིས་ཀའི་མགོ་ཐོག་ཏུ་བརྡིབ་པ་ལས་འོས་མེད་པ་རང་གཞན་གཉིས་ཀ་གནོད་པ་ལས་མ་འདས་པ་ནི། སྔོན་ཕ་རྒན་ཀླད་དམར་ཞིག་ལ་བུ་གླེན་པ་ཞིག་ཡོད་པ་ན། ཕ་བུ་གཉིས་ཀ་ཉལ་ནས་ཡོད་པ་ལ་ཕ་རྒན་ཀླད་དམར་གྱི་མགོར་འབུ་སྦྲང་མ་ཞིག་ནག་རིལ་ལེ་བབས་ཡོད་དུས། བུ་གླེན་པས་ཕ་རྒན་གསོན་གསོན་དུ་ཟ་འགྲོ་བར་བསམས་ཏེ་འབུ་སྦྲང་མར་འཁོན་རྩོད་ས་ནས་ཕ་རྒན་བསད་བཞག་པའི་གཏམ་རྒྱུད་གོང་ནས་བཤད་པ་ལྟ་བུ་སྟེ། དེ་འདྲའི་གླེན་ལས་ཀྱིས་རང་གཞན་གཉིས་ཀ་ཕུང་དུ་ཡོད་པ་ཡིན། དེས་ན་ཆོས་འཇིག་རྟེན་གང་གི་སྐབས་སུ་ཡིན་ཡང་སྤྱི་དོན་ལྷག་བསམ་ལྷད་མེད་ཀྱི་སྒོ་ནས། རང་གིས་རང་ལ་དགེ་རྒན་བྱེད་པ་དང་། མཚམས་རེར་རང་ཉིད་ཐད་དུ་བཞག་སྟེ། རང་གིས་རང་ལ་ལན་བལྟས་བྱེད་པ་གལ་ཆེན་པོ་ཡིན། མི་སྐྱ་ཕོ་མོ་ཁྱིམ་ཚང་ཕལ་བ་ཞིག་ལ་མཚོན་ན། རང་རང་གིས་ཐུབ་ཚོད་ནུས་ཚོད་ཀྱིས་གྲྭ་པ་སློབ་གཉེར་བ་རེ་ལ་རོགས་བྱེད་པ་དང་། མཚམས་པ་ཉམས་ལེན་པ་ལ་གསོལ་བ་ཙམ་རེ་འདྲེན་པ་དང་། དབྱར་གནས་པའི་དགེ་འདུན་ལ་གུང་ཚིགས་རེ་འདྲེན་པ་དང་། ཆོས་འཆད་པའི་བླ་མ་སློབ་དཔོན་ལ་ཞབས་ཏོག་རེ་བསྒྲུབ་རྒྱུ་དང་། ཐག་རིང་གི་ཆོས་ཞུ་བ་དམ་ཆོས་དོན་གཉེར་གྱིས་ཕེབས་པ་ལ་རྒྱུག་སྐྱེལ་རོགས་དན་རེ་བྱས་ན་དེ་དག་ཀྱང་བསྟན་པའི་ཞབས་ཞུ་ཡིན། བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་པ་རྒྱས། །ཞེས་སྨོན་ལམ་འདེབས་ས་དེའི་གྲལ་དུ་བསླེབས་པ་ཡིན། རང་ངོས་ནས་ཀྱང་དགེ་སྒྲུབ་སྡིག་སྤངས་སྣ་རེ་ཙམ་ཞིག་ཐུབ་སོང་ནའང་བསྟན་པ་ལ་བྱ་བ་བྱས་པ་ཟེར་ཆོག་པ་ཡིན། རང་མགོ་ཉི་མ་ཆོས་ཀྱིས་བཏོན་ན་གྲགས་རྒྱ་ཆེན་པོ་ཞིག་མེད་རུང༌། དོན་ནང་ནོམ་ཚང་ནས་ཡོད་པ་ཡིན། སངས་རྒྱས་ཀྱི་བསྟན་པ་མཐའ་དག་ནུབ་ཅེས་པ་དེ་དཔེར་ན་ཡུལ་གྲོང་ཚོ་གཅིག་གི་ནང་དུ་ཆོས་ཚིག་གཅིག་ཙམ་ཡང་ཤེས་མཁན་མེད་ཅིང་། དགེ་སེམས་སྐད་ཅིག་མ་ཙམ་ཡང་དྲན་མཁན་ཞིག་མེད་པའི་དུས་ཚོད་ལ་ཐོན་དུས་བསྟན་པ་ཉམས་པ་ཡིན་པར་གསུངས་ཤིང་། དེང་སང་དེ་ཙམ་ཞིག་ལ་ཐོན་མེད་ཀྱང༌། ཕལ་ཆེའི་མཚམས་ཤིག་ལ་སྙེག་བཞིན་ཡོད་པའི་དུས་ངན་སྙིགས་མའི་སྐབས་འདིར། ལུས་རྟེན་མཆོག་དམན་ལ་མ་ལྟོས་པར་ཆོས་ཤེས་མཁན་རྣམས་ཀྱིས་ལྷག་བསམ་རྣམ་དག་གི་སྒོ་ནས་དམ་ཆོས་འཆད་སྤེལ་ཆེ་ཐུབ་ཆུང་ཐུབ་བྱེད་དགོས་པ་སྟེ། རྒྱུད་ཀྱི་ནང་དུ། དུས་ངན་ཐ་མའི་འཇིག་རྟེན་འདིར། །སངས་རྒྱས་མཛད་དཀའ་བདག་གིས་བསྒྲུབ། །བྱང་ཆུབ་སྤྱད་དཀའ་བདག་གིས་སྤྱད། །ཅེས་གསུངས་པ་ལྟར་དགོས་པ་ཡིན། འཆད་སྤེལ་ཐུབ་མཁན་དག་གིས་བསྟན་པ་ལ་བསམ་བློ་བཏང་སྟེ་འཆད་ཐུབ་ན་འཆད་པ་དང་། འཆད་མི་ཐུབ་ན་ཉན་པར་བྱས་ནས། དམ་ཆོས་འཆད་ཉན་སྤེལ་གསུམ་གྱི་བྱ་བ་ལ་འཇུག་དགོས་པ་ཡིན། ཁྱིམ་པ་ཕོ་མོ་རྐྱང་པ་ལ་ཟེར་བ་མིན། སོ་སོའི་སྐྱེ་བོ་སུ་ཡིན་ཡང་སྡིག་པ་རི་རབ་འདྲ་བ་དེ་མ་བཤགས་པར་སྔོན་དུ་སོང་ཞིང་། དགེ་བ་ཏིལ་འབྲུ་ཙམ་ཞིག་བྱེད་དུ་ཡོད་པ་དེ་ཕྱི་བཤོལ་བྱས་ནས་མ་བསྒྲུབས་པའི་སྔོན་དུ་འཇིག་རྟེན་ཕྱི་མའི་ཡུལ་དུ་འགྲོ་དགོས་པའི་དུས་ལ་ཐོན་ནས། ཆོས་སྔོན་སོང་རང་གིས་བསྒྲུབས་པ་ཞིག་མེད་ན་ཤི་བའི་རྗེས་ཀྱི་བདུན་ཚིགས་ཁྲལ་བསད་མ་ཞིག་འདེད་ན་ཐང་ཡང་། ཚོགས་ངན་སེར་སྣ་འདྲེས་མ་དེས་ཉམ་ལ་རན་པའི་བེད་ཅིག་ཆོད་དཀའ་བ་ཡིན། ཆོས་སྔོན་སོང་རང་གིས་འདི་བསྒྲུབས་ཡོད་བསམ་པ་ཞིག་ཡོད་ན་ཤི་ཡང་འགྱོད་པ་མེད་པས་མ་ཚད་སྡིག་པ་སྔོན་སོང་ལ་སྐྲག་སྔངས་འདར་གསུམ་མི་དགོས་པར་མེ་དྲག་ཏུ་འབར་བའི་ཁྱིམ་གྱི་ནང་ནས་ཐར་སོང་བ་བཞིན་དུ་བློ་བདེ་བདེ་ཡིད་སྤྲོ་སྤྲོའི་ངང་དུ་ཞིང་ཁམས་བདེ་བ་ཅན་དུ་རང་མི་རང་ཁྱིམ་དུ་ཕྱིན་པ་ལྟ་བུ་དང་། ངང་པ་པདྨའི་མཚོ་ལས་པདྨའི་མཚོ་གཞན་ཞིག་ཏུ་འཕུར་བ་ལྟ་བུ་ནི་མི་ལུས་བླངས་པའི་དོན་གོ། དལ་འབྱོར་ཐོབ་པའི་རིན་ཐང༌། དམ་པའི་ཆོས་ཐོབ་ཅིང་བླ་མ་མཇལ་བའི་འབྲས་བུ་ཡིན་པས། གྲལ་འདྲ་འདྲའི་ནང་ནས་རང་གི་ཆོས་སྐལ་མ་ཆད་པར་ཚེ་ཕྱི་མ་ཐར་བའི་ལམ་སྣ་ཟིན་ནས། རང་གཞན་གཉིས་དོན་མཉམ་དུ་འགྲུབ་སོང་བ་ཡིན། བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིའི་ནང་གི་རྒྱུ་གཉིས་པ་ཚོགས་བསགས་སྒྲིབ་སྦྱོང་གི་སྒོ་ཐམས་ཅད་གཅིག་ཏུ་འདུས་པ་ནི་ཡན་ལག་བདུན་པ་ཡིན་པས། ཞིང་ཁམས་བདེ་བ་ཅན་དུ་ལུས་འདི་བརྗེས་མ་ཐག་ཏུ་སྐྱེ་བའི་ཆེད་དུ་ཚོགས་བསགས་ཡན་ལག་བདུན་པ་འདི་ཉམས་ལེན་གྱི་མཐིལ་དུ་གཟུང་རྒྱུ་གནད་ཆེ་བ་ཡིན་ནོ། །དེ་རིང་ཆོས་མཚམས་ནི། མི་ལུས་དོན་དང་ལྡན་པ་འགྲུབ་པར་ཤོག །གསུངས་པའི་མཚམས་དེར་བཞག་ནས། སང་ཉིན་བདག་དང་བདག་ལ་འབྲེལ་ཐོག་ཀུན། །ཞེས་པ་ནས་འཆད་རྒྱུ་བྱེད། ད་རེས་ཀྱི་ཞིང་ཁྲིད་འདིའི་བླ་གྲྭ་དགེ་འདུན་པ་མན་ཆོད། དད་ལྡན་གྱི་མི་སྐྱ་ཕོ་མོ་ཡན་ཆོད་ཚང་མས་ཐུགས་སེམས་རྣམ་དག་གིས་དམ་ཆོས་འཆད་ཉན་ལ་ཞུགས་པ་ནི། རྗེས་སུ་ཡི་རང་གི་བསྔགས་བརྗོད་འབུལ་འོས་པའི་གནས་ཤིག་རེད། དགེ་འདུན་པ་ནི་རྟག་ཏུ་ཆོས་སྤྱོད་བཅུའི་མཛད་པ་སྐྱོང་མཁན་ཏག་ཏག་ཡིན་དགོས་པས་དེ་ལྟར་ཡིན་ངེས་ཀྱང་། ད་སྔའི་ཉིན་ལྔ་བོའི་གནས་ཚུལ་ལ་བལྟས་ན་མི་སྐྱ་ཕོ་མོ་ལོ་རྒན་གཞོན་ཚང་མའི་ཆོས་སྒྲུབ་ཚུལ་དང་ཆོས་གྲྭའི་ནང་དུ་ཞུགས་སྟངས་ཐམས་ཅད་ཤིན་ཏུ་བཟང་བར་འདུག འགའ་རེ་ས་ཐག་རིང་ནས་ཉིན་བཞིན་འདིར་ཡོང་དགོས་པ་རེད། དེ་ལ་དཀའ་ངལ་ཆེན་པོ་ཡོད་ཅིང་། འཁོར་བ་པ་ཞིག་ཡིན་དུས་མི་ཁོམ་པའི་རང་བཞིན་ཡོད་པ་རེད། ཡང་སྒོས་དེང་སང་ནམ་ཟླ་སྟོན་ཁ་སྟོན་ལས་ཀྱི་སྐབས་ཡིན་པས་ལྡུམ་བུ་བརྐོ་རྒྱུ་ལ་སོགས་པ་ལས་རྒྱུ་མང་པོ་ཡོད་པ་དང་། འདིར་ཞག་སྡོད་བྱས་ཡོད་པ་རྒས་པའི་གྲས་རྣམས་ལ་ཡང་དཀའ་ངལ་ཆེན་པོའི་སྒོ་ནས་ནང་སྔ་ལངས་བྱེད་བཞིན་འདུག ནུབ་ཕྱི་ཉལ་བྱེད་བཞིན་འདུག ལ་ལ་སྔ་མོ་ཆུ་ཚོད་བཞིའི་ཐོག་ནས་ཡར་ལངས་ནས་སྐོར་བ་བྱེད་པ་དང་། ལ་ལས་དེ་བས་སྔ་ལ་བརྐྱངས་ཕྱག་འཚལ་བཞིན་འདུག བརྐྱངས་ཕྱག་འཚལ་མཁན་མང་བའི་དབང་གིས་སྐོར་ལམ་ཡང་འཇམ་པོར་སོང་ནས་འདུག འཚལ་སའི་ལམ་ཡང་མི་ཐེམས་པར་སྒུག་དགོས་པ་སོགས་ཧ་ལས་དགོས་པའི་ཆོས་ཕྱོགས་ལ་དང་བ་དང་བརྩོན་འགྲུས་ཆེན་པོ་བྱེད་ཀྱིན་འདུག ས་ཆ་ཆོས་ལྡན་གྱི་མི་ལོས་ཡིན་བསམ་རྒྱུ་ཞིག་རེད། འདི་ནས་གུར་ཕུབ་ནས་འདུག་མཁན་མང་ཆེ་བར་ལོ་ལོན་ཡིན་པས་ས་འཁྱག་གི་ཐོག་ནས་རྐང་ལག་མི་བདེ་བ་སོགས་དཀའ་ངལ་ཡོད་ཤག་ཤག་རེད། འོན་ཀྱང་དཀའ་ངལ་འཛེམས་མེད་ཀྱིས་ཆོས་སྒྲུབ་པ་ནི་མ་འདྲ་བ་ཞིག་རེད། མདོར་ན་ཐམས་ཅད་ལ་རྗེས་སུ་ཡི་རང་བྱེད་པས་མ་ཚད་དགེ་རྩ་རྫོགས་བྱང་དུ་བསྔོ་བས་རྗེས་འདེབས་བྱེད་ཡོང་། ངས་བསམ་ན་འདི་འདྲའི་ལུས་ངག་གི་དགེ་བ་ལ་བརྩོན་སེམས་ཤིག་ཡོད་པའི་ཁར་སེམས་ཀྱི་དགེ་བ་སྒྲུབ་སྟངས་དེ་ཡང་དག་ཅིག་ཤེས་ན་ཅི་འདྲའི་མི་བཟང་ན་སྙམ་པ་ཡིན། དེས་ན་མི་སྐྱ་ཕོ་མོ་དག་གིས་ཀྱང་ང་ལ་རིག་གནས་མེད་པས་ངས་གོ་རྒྱུ་མ་རེད། ཤེས་རྒྱུ་མ་རེད་ཅེས་དང་པོ་ཉིད་ནས་མི་ཤེས་པའི་ཐག་གཅོད་མ་བྱེད། ངས་ཤེས་སོ་སྙམ་པ་དག་གིས་དང་པོར་ཀ་ཁ་ཙམ་ཡང་མི་ཤེས་ཀྱང་སྦྱངས་ནས་རིམ་གྱིས་ཤེས་སོང་བ་རེད། དེས་ན་ཆོས་ཀྱི་ཚིག་དོན་རེ་རེ་བཞིན་དུ་ཨེ་གོ་ལྟོས་དང་རིམ་གྱིས་གོ་ཡོང་བ་ཡིན། ཀུན་བཟང་བླ་མའི་ཞལ་ལུང་དེ་ལ་ཚར་མང་པོར་ལྟོས་དང་ཕན་པ་ཡོད་པ་ཡིན། ཡི་གེ་མི་ཤེས་མཁན་དག་གིས་ཀྱང་སྒྲ་འཁོར་རེ་ཉོན་དང་ཕན་པ་ཡོད་པ་ཡིན། ངས་ན་ནིང་བཤད་པའི་སྒྲ་འཁོར་དེ་ཉོན་དང་ཕན་ཐོགས་ཡོད་ཤས་ཆེ། ཁྱེད་ཚོས་སྒྲ་འཁོར་འོད་སྡེར་ཞེས་པའི་གོ་གོར་དེ་ཉན་སའི་འཕྲུལ་ཆས་དེ་ཉོ་དགོས་པ་ཡིན། ད་ཕྱིན་ཆད་དེས་བེད་ཆེ་བ་རེད། རང་རེས་སྔར་བེད་སྤྱོད་གཏོང་བའི་སྒྲ་ཐག་སྟེ་རྒྱ་སྐད་ཀྱི་ཚི་དེད་ཅེས་པ་དེ་ད་ཕན་ཆོད་བེད་སྤྱོད་མེད་པར་འགྱུར་བ་རེད་ཟེར་གྱིན་འདུག ད་རུང་སྙིང་ཐིག་གི་སྨོན་ལམ་རྣམ་ལྔ་དེ་ངས་རྫོགས་ཆེན་རང་སྐད་ཀྱི་ཐོག་ནས་སྒྲ་བླངས་པ་ཞིག་ཡོད། དེ་བསམ་བཞིན་དུ་ས་ཆ་འདིའི་མི་ཡི་གེ་མི་ཤེས་མཁན་རྣམས་ཀྱིས་བློ་ལ་ལེན་པའི་ཆེད་དུ་སྒྲ་བླངས་པ་ཡིན། དེ་ཉོན་ནས་དུས་རྒྱུན་དུ་ཁ་བཏོན་གྱིས་དང་ཕན་ཡོན་ཆེ་ཞིང་ནང་དོན་ལ་ཡང་གོ་བ་ཆེན་པོ་ལེན་རྒྱུ་ཡོད་པ་ཡིན། ཆོས་སྒྲུབ་པ་ལ་ཡར་བསྐྱེད་ཡོང་བའི་ཕན་ཐོགས་ཆེན་པོ་ཡོད་པ་ཡིན་ནོ། །དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱི་དུས་གསུམ་བསགས་ཡོད་ཀྱི་དགེ་རྩ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས། སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལུང་དང་རྟོགས་པའི་བདག་ཉིད་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱི་སྒོ་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་དམ་པ་སྔ་རབས་གཤེགས་པ་རྣམས་ཀྱི་དགོངས་པ་ཡོངས་སུ་རྫོགས། ད་ལྟར་བཞུགས་པ་རྣམས་ཀྱི་སྐུ་ཚེ་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན། ཁྲིམས་གཙང་། བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཀུན་ཏུ་ཆར་ཆུ་དུས་སུ་འབེབས། ལོ་ཕྱུགས་རྟག་ཏུ་ལེགས། མི་ནད་དང་ཕྱུགས་ནད་འཁྲུག་རྩོད་ཐམས་ཅད་རྒྱུན་ཆད། བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་པའི་ཕྱིར་དང་། བདག་ཅག་རྣམས་ཀྱི་ཚེ་འདིའི་ཕ་མ་གཉིས་དང་། དགྲ་བགེགས་གཉིས་ཀྱི་གཙོས་བྱས་པའི་བཟང་འབྲེལ་ངན་འབྲེལ་ཐོགས་པའི་མཐའ་ཡས་པའི་སེམས་ཅན་ཐམས་ཅད་མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་། དེ་མ་ཐོབ་ཀྱི་བར་དུ་ཡིན་ན་ཡང་མཐོ་རིས་ཡོན་ཏན་བདུན་དང་ལྡན་པའི་ལུས་རྟེན་ཁྱད་པར་ཅན་ཞིག་རྙེད་ནས་ཐེག་པ་ཆེན་པོའི་ཆོས་ལ་ཚུལ་བཞིན་དུ་སྤྱོད་པའི་སྐལ་བ་དང་ལྡན་པའི་ཕྱིར་དུ་རྗེ་བཙུན་འཇམ་དཔལ་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་གནང་བར་ཞུ། །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་། །སྐྱེ་རྒ་ན་འཆི་རྦ་རླབས་འཁྲུག་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག།


previousཉིན་བཞི་བའི་བཀའ་ཆོས། next