Nitartha Digital Library
Tibetan
 
previousཉིན་ལྔ་བའི་བཀའ་ཆོས། next

ཉིན་ལྔ་བའི་བཀའ་ཆོས།

ཡང་ང་ཚོས་བོད་མདོ་ཁམས་ཉི་མ་ཤར་ཕྱོགས་ཀྱི་ཆོས་མིང་ས་ལ་ཐོགས་པའི་སྔ་འགྱུར་བའི་གདན་ས་ཆེན་པོ་འདི་ནས། བསྟན་པ་ཡང་དར་གྱི་སྐབས་འདིར་དམ་པའི་ཆོས་ཀྱི་རྔ་བརྡུང་བ་དང་། དམ་པའི་ཆོས་ཀྱི་དུང་བུས་པ་ལ་བརྟེན་ནས་ལས་ཅན་གྱི་སེར་སྐྱ་ཕོ་མོ་མང་པོ་ཞིག་ཆོས་གཅིག་གིས་མཉམ་དུ་བསྡུས་ཏེ། ཆོས་ར་འདིའི་ནང་ལ་མཉམ་དུ་འཚོགས་ནས་དམ་པའི་ཆོས་ཀྱི་བདུད་རྩི་ལ་ལོངས་སྤྱོད་པའི་བགོ་སྐལ་ཐོབ་པ་ཡིན་ལ། འདི་ལྟ་བུའི་བགོ་སྐལ་ཐོབ་པ་འདི་ཡང་ལས་སྔོན་སོང་ཞིག་མཉམ་དུ་བསགས་པ་དང་། ཐུགས་བསྐྱེད་དང་སྨོན་ལམ་གྱི་མཐུ་མཉམ་དུ་གྲུབ་པ་ཞིག་ཡིན་པ་གཞིར་བཞག་གི་ཐོག་ཏུ་སྐྱེ་དཀའ་བ་ལྷོ་རྒྱལ་འཛམ་གླིང་ལས་ཀྱི་ས་པ། དེའི་ནང་ནས་ཀྱང་སྒྲོན་མེའི་བསྐལ་བ་བཟང་པོ་ལ་ཁེལ། ཐོབ་དཀའ་བ་མི་ལུས་རིན་པོ་ཆེ་ཐོབ། དེའི་ནང་ནས་ཀྱང་ཆོས་ལ་སྨོན་པའི་རིགས་ཅན་ལ་སྐྱེས་ཡོད་པའི་སྐབས་འདིར་འདི་དོན་མེད་ཆུད་ཟོས་སུ་འགྲོ་མི་རུང་བར་གསུངས་པ་ཡིན། དེ་ཡང་རང་ཐོག་ལ་བསྐོར་ནས་ཕྱི་བལྟས་ཤིག་བྱས་ན། དང་པོར་རྣམ་ཤེས་འཁྱམ་པོ་ཞིག་ལས་རླུང་གིས་བདས་ཡོང་བའི་སྐབས་དེར་ཚེ་འདིའི་ཕ་མ་དང་འཕྲད་དེ་ལུས་འདི་བླངས་པ་ཡིན་པས། འཇིག་རྟེན་མི་ཡུལ་འདི་ཐོག་མར་རིག་པའི་དུས་སུ་རྒྱབ་གང་ལ་གཏད་ནས་ཡོང་སའི་ཡོང་ཁུངས་ཤིག་དང་། སྔུན་གང་ལ་བསྐོར་ནས་འགྲོ་བཞིན་ཡོད་པའི་འདུན་པ་ཞིག་ཡོད་པ་མ་ཡིན་པར་འཇིག་རྟེན་འདི་སྣང་ཞིག་ཁྲ་ལམ་མེར་མིག་སྔོན་དུ་ཤར་བ་ཙམ་མ་གཏོགས་པར་ཅི་བསམ་འདི་དྲན་ཞིག་དང་ཅི་ཤེས་འདི་ཤེས་གཉིས་ཀ་མེད་པའི་བྱིས་པ་བསམ་མེད། ལུས་ཤིག་ལ་རྣམ་པར་ཤེས་པ་ཞིག་འཁྲིས་པའི་དབུགས་ཡོད་ཙམ་པ་ཞིག་མ་གཏོགས་མི་ཞིག་གི་བྱེད་ལས་ཆ་ཚང་མི་འགྲུབ་པའི་ཉམ་ཆུང་ཞིག་ཡིན་པ་དེ་རིམ་གྱིས་ནར་སོན་ནས་ལག་ཁྱག་སྟེ་ལུས་དར་བའི་མཉམ་དུ་སེམས་ཀྱིས་ཀྱང་བསམ་བློ་གཏོང་ཇེ་ཤེས་སུ་བྱུང་ཞིང་། དེ་དང་མཉམ་དུ་ལྷན་སྐྱེས་ཀྱི་ཉོན་མོངས་པ་དུག་གསུམ་དུག་ལྔ་ལ་སོགས་པ་སེམས་ཀུན་རྟོག་གི་འཁྲུལ་བའི་བློ་སྣ་སྤོས་རྒྱའི་རི་མོ་འདྲ་བ་ཟད་དུ་མེད་པ་བྱུང་བ་དེ་ལ་བརྟེན་ནས་སེམས་བསམ་པའི་ལུས་འབྱུང་བཞི་གྲུབ་ཅིང་། འདི་སྣང་འཁོར་བའི་སྡུག་བསྔལ་འདི་མྱོང་དང་འདི་མ་མྱོང་བསམ་པ་མེད་པ་མྱོང་བ་དང་། ཚེ་སྔོན་མའི་ལས་ཉོན་གྱིས་འཕངས་པའི་རྣམ་སྨིན་གྱི་ཕུང་པོ་སྡུག་བདེན་གྱི་སྒྱུ་ལུས་ལ་བརྟེན་ནས་ཕྱི་མར་འཁོར་བའི་རྒྱུ་བྱས་ཏེ། ཡང་ཉིན་ཞིག་སྔར་བཞིན་གྲོགས་མེད་གཅིག་པུ་སྐལ་མེད་ལག་སྟོང་། གོས་མེད་གཅེར་བུར་འགྲོ་བ་ནི་ཐོད་སྟེང་ལ་ཐེལ་བརྒྱབ་ཡོད་པས་ན། རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་སྲིད་པའི་འཁོར་ལོ་དེ་ཡང་ཡང་འཁོར་བའི་འཁོར་མཚམས་མ་བཞག་པའི་བར་སྐབས་ལུས་རྟེན་འདིའི་ཐོག་ནས། ཕྱིན་ཆད་འཁོར་བར་འཁྲུལ་མི་དགོས་པའི་གདམས་ངག་གཅིག་ཐོབ་ཡོད་པ་སྟེ། དེ་ཡང་ང་གཅིག་པུས་མི་ཚད་པར་རང་ཅི་འདྲ་རོགས་ཡིན་པ་ནང་བཞིན་གྱི་མཁའ་མཉམ་ཀྱི་སེམས་ཅན་ཟད་མེད་ཅིག་ཡོད་པ་ཐམས་ཅད་དང་བཅས་པ་དུས་གཏན་དུ་བདེ་བའི་ས་ལ་ཐོན་པར་བྱེད་པའི་ལམ་ཞིག་ད་ལྟ་རྙེད་དུས་འདིར་དེ་མི་བསྒྲུབ་པར་འདོར་བ་ནི་བསམ་མེད་ཐབས་རྡུགས་འདང་རྒྱག་མ་ཤེས་པའི་བསམ་སྤྱོད་ཅིག་ཡིན་པ་ནི་ཤེས་སུ་འོས་ཤིང་། འུ་གུ་མི་རང་ག་བས་བསམ་བློ་བཏང་ན་འཇིག་རྟེན་མི་ཡུལ་གྱི་བདེ་སྐྱིད་ཆུང་ཆུང་། ལུས་གནས་སྐབས་ལ་ན་ཚ་མེད་པ་དང་། སེམས་སྐབས་རེ་ཙམ་ལ་མི་བདེ་མི་སྐྱིད་པ་མེད་ཅིང་། འདོད་དོན་བསམ་རྒྱུ་གང་ལ་གང་འཚམས་རེ་འགྲུབ་པའི་དུས་ཚོད་སྡུག་བསྔལ་རགས་པའི་ཚོར་སྣང་ཅུང་ཟད་ཆུང་བའི་སྐབས་འདིར་སྐྱིད་པའི་སྣང་བ་ལྟ་བུ་ཞིག་འཆར་བ་ཡིན། འོན་ཀྱང་དེ་ནི་རྟག་པ་མ་ཡིན་པར། སྐྱིད་རེའི་རྒྱབ་ན་སྡུག་རེ། ལ་རེའི་ཕག་ན་ཐུར་རེ་བྱུང་བའི་སྐྱིད་སྡུག་ཉིན་སྲིབ་ཀྱི་ཉི་མ་འདྲ་བ་དེའི་ངང་ནས་མི་ཚེ་ས་ཆོད་རྡོ་ཆོད་ཀྱིས་ཡས་མ་འགྲུབ་མས་མ་ཐོན་པར་མཐོན་པོ་ལ་བཀུར་མདོག་བྱས། དམའ་མོ་ལ་སྐྱོང་མདོག་བྱས། མཉམ་པོར་འགྲོགས་མདོག་བྱས་ཏེ་ཤོབ་བཤད། ཁྲེལ་བསྣོགས། ཡས་ནས་བཅད་དེ་མར་གླན། མས་ནས་བཅད་དེ་ཡར་གླན། སོར་གང་མཐོ་གང་ཙམ་ཡིན་ཡང་ང་ཨེ་ལེགས་ན། ང་ཨེ་ཡག་ན། ང་ཨེ་བཟང་ན། ང་ཨེ་མཐོ་ན་སྙམ་སྟེ་ཁ་ཤ་རླུང་ལ་བསྐུར། ཉྭ་ཤ་ཁྱི་ལ་བྱིན་ནས་རྒྱུག་རྒྱུག་འདུར་འདུར་གྱིས་བརྩོན་ན་ཡང་། མཐར་བལྟས་དུས་ཉི་མ་ཉིན་གཅིག་གི་བདེ་སྐྱིད་འདི་ཐོབ་ཡོད་ཟེར་རྒྱུ་ཙམ་ཞིག་མེད་པར། མི་ཚེའི་ནམ་ཟླ་བཟང་ས་ཡག་ས་ཐམས་ཅད་ཤོར་དང་འཆོར་བཞིན་པ་སྟེ། འགའ་རེ་ན་ཚོད་ཡོལ་ས་ལ་ཐོན་ནས་སྐྲ་དཀར་གཉེར་མས་རྟགས་བརྒྱབ་ནས་འཆི་བདག་གཤིན་རྗེའི་ཕོ་ཉས་བསུ་ཐག་ཇེ་ཉེ་ཇེ་ཉེར་ཐོན་ཡོད་ནའང་། དེ་སྔར་ལས་ལས་རྒྱུག་རྒྱུག་འདུར་འདུར་བྱས་པ་དེས་གོ་མ་ཆོད། ས་མ་ཟིན་ས་ལ་ཐུག་དུས། སྔོན་ཞིག་ནས་ཐོས་བསྡད་པའི་ཆོས་ཞེས་པ་དེ་ནི་ངོ་མས་གདམས་ངག་བདུད་རྩིའི་ཐིགས་པ་ཡིན་པར་འདུག་ཀྱང་། མཉམ་འགྲོགས་ལེ་ལོ་གཉིས་ཀྱི་དབང་དུ་སོང་ནས། རང་རང་ཁ་ཁ་སོ་སོས་ཉམས་ལེན་མ་ཐུབ་ཅིང་ཕོ་མ་སྐྱེས་པ་ལ་འགྱོད་པ་སྐྱེ་རྒྱུ་ཞིག་ཡོང་བ་ནི། ཨོ་རྒྱན་རིན་པོ་ཆེས། ཨ་རེ་འགྱོད་དེ་བག་ཙམ་འཕྱིས་པ་འདྲ། །ཞེས་གསུངས་པ་ལྟར། འཕྱིས་དྲག་པའི་སྐྱོན་གྱིས་འགྱོད་པས་མི་སླེབ་པའི་ས་ལ་ཐོན་ཚར་བ་ཡིན་པས་དེ་དུས་བཅོས་རྒྱུ་ག་ལ་ཡོད། དེས་ན་ད་ལྟ་རང་དབང་རང་ལག་ཏུ་ཡོད་ཅིང་། སྔོན་ལག་རྒྱབ་ལག་གཉིས་ཀ་ཆོས་པའི་དུས་ཚོད། སྔ་འདེང་ཕྱི་འདེང་གཉིས་ཀ་རྒྱག་ལོང་ཡོད་པའི་དུས་སུ་འདེང་ཞིག་མ་བརྒྱབ་ན། ཕག་རྒན་གྱིས་ས་འབའ་ཞིག་སྣ་ཡིས་བརྐོས་ནས་ས་མིག་ཏག་ཏག་བལྟས་ནས་སོང་སོང་བའི་ཉིན་ཞིག་ལ་གནམ་མཐོང་བའི་སྐབས་སུ་ཤན་པས་བྲང་ཁ་ལ་གྲི་བཙུག་རན་ཡོད་པའི་དཔེ་ལས་མི་འདའ་བ་ཡིན་པས་མཆེད་གྲོགས་ཚང་མ། འདིའི་ནང་གི་བསྟན་འཛིན་གྱི་སྐྱེས་བུ་ཐུགས་རྗེ་ཡས་སྤྲུལ་རྣམས་ནི་བསམ་བཞིན་སྲིད་པར་བྱོན་པ་རེད། དེ་དང་མཚུངས་པའི་དགེ་འདུན་པ། ལུང་སྡེ་སྣོད་གསུམ་ལ་འཆད་ཉན་དང་ལམ་བསླབ་པ་གསུམ་ལ་ཉམས་ལེན་ལ་འབད་བཞིན་ཡོད་པ་འདི་རྣམ་པ་ནི་བསྟན་པའི་སྒྲོན་མེ་ཡིན་ལ། སྟོན་པའི་རྒྱལ་ཚབ་ཀྱང་ཡིན། གོས་ངུར་སྨྲིག་གི་རྒྱལ་མཚན་འཆང་བའི་རྣམ་དག་བསླབ་པའི་གཞི་ལྔ་མིག་འབྲས་ལྟར་བསྲུངས་ཡོད་པའི་དགེ་འདུན་གྱི་སྡེ་འདི་མེད་ན། དམ་ཆོས་འདུལ་བའི་བསྟན་པ་མེད་པ་ཡིན། དམ་ཆོས་འདུལ་བའི་བསྟན་པ་མེད་ན། སངས་རྒྱས་ཀྱི་བསྟན་པ་ཡོད་པ་མ་ཡིན། དེ་མེད་ན་དེའི་ས་ཆ་དེ་ལ་དཀོན་མཆོག་གི་སྣང་བ་མེད་པ་ཡིན། དེ་རྣམ་པ་ཡར་ཕུད་པའི་ཤུལ་གྱི་རྟགས་ཙམ་གྱི་བསྟན་པར་ཚུད་པའི་མི་དང་། ལག་ནས་ཕྲེང་བ་མངག་མེད་ཀྱང་དཀོན་མཆོག་གི་སྐྱབས་འོག་ཏུ་ཚུད་བྱེད་ཀྱི་དག་སྣང་དང་དད་པ་ཡོད་ལ་མེད་ཀྱི་མི་དེ་ཚོས་འདེང་རེ་བརྒྱབ་ནས། རང་དྲིན་རང་ལ་ཆེ་བའི་དཀོན་མཆོག་གི་སྐྱབས་འོག་ནས་མི་འདའ་ཐབས་ཤིག་ད་ལྟ་ནས་མ་བྱས་དུས། ཉིན་ཞིག་སྐྱོབ་ཐབས་མེད་པའི་ས་ཚོད་ལ་ཐུག་ཏུ་ཡོད་པ་ཡིན། གཟེར་ཆེན་པོ་བརྩེགས་ནས་དབུགས་ཕྱི་འཕེན་ནང་འཕེན་བྱེད་པའི་དུས་སུ་སྔས་མགོ་རུ་བླ་མ་གང་དྲག་དྲངས་པར་བྱས་ཀྱང་། བླ་མས་མི་ཚད་སངས་རྒྱས་དངོས་སུ་བྱོན་རུང་དད་པའི་ཨ་ལུང་སྒོར་སྒོར་ཞིག་སྔར་ནས་མེད་ཚེ། ཐུགས་རྗེའི་ལྕགས་ཀྱུའི་གུག་གིས་ཚམ་ཚོམ་མེད་པར་འཛིན་རྒྱུ་དེ་སླ་མོ་ཞིག་མིན་པའི་སྟབས་ཀྱིས། བླ་མ་མི་བཟང་བ་མིན་ཡང་ལས་ཀྱི་དབང་ཤུགས་ལ་བཟློག་ཐབས་མེད་པ་ཡིན། མི་འགའ་རེས་བདེ་འགྲོ་མ་ཐོབ་པའི་ལོ་རྒྱུས་ལྐོག་གྱུར་གཟིགས་པ་ཚོས་གསུངས་ཡོང་ཚེ། དེ་དུས་ཤི་བོའི་ཁྱིམ་མི་ཉེ་རིང་སོགས་ཀྱིས་ཆོས་ཀྱི་ར་མདའ་རེ་བཏང་ན་ཡང་། གལ་ཏེ་གནད་ཐོག་ལ་ཁེལ་ན་མེ་ཏོག་རྙིང་པ་སྦྲང་ཆར་གྱིས་གསོས་པ་ལྟ་བུ་ཡིན་ན་ཐང་ཡང་། གལ་ཏེ་གནད་ཐོག་ལ་མ་ཁེལ་ན་དེ་ལས་ཀྱང་སྡུག་པ་ཞིག་ཏུ་འགྱུར་ནའང་ཐང་སྟེ། སྔོན་ཆད་ཤྭ་རིའི་བུ་དང་མོའུ་འགལ་གྱི་བུ་གཉིས་དམྱལ་ཁམས་ལ་སེམས་ཅན་གྱི་འགྲོ་དོན་དུ་བྱོན་དུས་ཤིག་ལ། མུ་སྟེགས་པའི་སྟོན་པ་ཞིག་དམྱལ་བར་སྐྱེས་ཡོད་པ་དེས་ཆ་འཕྲིན་བསྐུར་ནས། ཁྱེད་རྣམ་པ་གཉིས་ཕྱིར་མི་ཡུལ་ལ་བྱོན་དུས་ཁོའི་སློབ་མ་རྣམས་ལ་འདི་ལྟར་སྨྲོས་ཤིག ངའི་དོན་དུ་ཁྱེད་ཅག་གིས་སྦྱིན་སྲེག་ལ་སོགས་པའི་མཆོད་འབུལ་བྱས་ཚད་པོ་ཐམས་ཅད་ངའི་ཐོག་ཏུ་ལྕགས་བསྲེགས་ཀྱི་སེར་བ་ཤ་སྟག་ཏུ་གྱུར་ནས་འབབ་པར་འདུག་པས་དེ་འདྲ་མ་བྱེད་ཅིག མ་གཞི་ངེད་ཅག་གི་ལམ་དེ་ཕྱིན་ཅི་ལོག་པར་འདུག ཁྱེད་ཚོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་སུ་ཞུགས་དང་ལམ་ཡང་དག་པར་འདུག་ཅེས་པ་བཞིན་དུ། གལ་ཏེ་ཆོས་བྱེད་པའི་སྐབས་སུ་བྱེད་ཚུལ་ཤེས་མེད་ན། ཆོས་མིན་ལ་ཡང་ལོག་ཏུ་ཡོད་པས། ཚོགས་མ་བསགས་པའི་རྒྱུ་རྫས་ཤིག་ཞིང་མ་དག་པའི་ས་ལ་བཏང་ན། བླ་མ་དམྱལ་བར་ལྟུང་། ཚེ་འདས་ཀྱང་དམྱལ་བར་ལྟུང་ནས། ཤི་བོའི་རྣམ་ཤེས་ཀྱི་ཐོག་ཏུ་ས་སྤུངས་པ་ལྟ་བུ་ཡང་འགྱུར་དུ་ཡོད་པ་ཡིན། མདོར་ན་ཚེ་འདིའི་བདེ་སྐྱིད་བསྐྲུན་ཐབས་ཀྱི་ཕྱོགས་ལ་བསམ་བློ་བཏང་ན་ཡང་། འཇིག་རྟེན་མི་ཡིས་འཇིག་རྟེན་གྱི་བྱ་བཞག་གི་ཐོག་ནས་སྒྲུབ་མི་ཐུབ་རྒྱུ་མང་པོ་ཞིག་ཐུག་ཏུ་ཡོད་པ་ཡིན། དེའི་སྐབས་སུ་ཇི་ལྟར་བྱ་དགོས་སྙམ་ན། དཀོན་མཆོག་ལ་སྙིང་ནས་གསོལ་བ་བཏབ་ན་འགྲུབ་ཐུབ་པ་ཡིན། འོན་ཀྱང་སྔོན་ཞིག་ནས་དཀོན་མཆོག་ལ་དད་པ་དང་། ཚོགས་བསགས་ཁྱད་པར་ཅན་རེ་མ་བྱས་ན། ཐང་བདེ་དུས་ཨ་ལ་ལ་མོ། །འཕྲང་དོག་དུས་ཨོ་རྒྱན་པདྨ། །ཞེས་པ་བཞིན་དུ་སྡུག་ཐུག་དུས་གཞི་ནས་དཀོན་མཆོག་ཚར་དྲན་དང་ཚར་འབོད་བྱས་པ་ཙམ་གྱིས་འདོད་དོན་འགྲུབ་དཀའ་བ་ཡིན། འོན་ཀྱང་དེ་ནི་འགྲུབ་རུང་མ་འགྲུབ་རུང་ཚེ་འདིའི་སྣང་བ་འདི་བར་སྣང་གི་གློག་དང་འདྲ་བ་ཡུན་ཐུང་བ་ཡིན། འདེང་ཕོག་ན་ཚེ་ཕྱི་མའི་སྐྱེ་བའི་ཕྲེང་བ་ཚེ་རབས་ཚེ་བརྒྱུད་ཐམས་ཅད་ཀྱི་སྐྱིད་སྡུག་དེ་རྩ་བ་རང་གིས་བསགས་འབྲས་ཡིན་པས། བླ་མ་དཀོན་མཆོག་ལ་དད་གུས་མཆོད་འབུལ་གྱི་ཐོག་ནས། ཚོགས་བསགས་སྒྲིབ་སྦྱོང་གི་ཐབས་ཟབ་མོ་ཉམས་སུ་ལེན་ཐུབ་ན། ཕྱི་མའི་དོན་ཆེན་འགྲུབ་ཞོར་དུ་ཚེ་འདིའི་དོན་ཆུང་རང་བཞིན་ཤུགས་ཀྱིས་འགྲུབ་པ་ནི། དཔེར་ན་སྟོན་ལོ་ཡག་གི་སྙེ་མ་བསྡུ་ཡོང་དུས། རྩྭ་སོག་མ་ཞོར་འབྱུང་གིས་ཡོང་བ་ལྟ་བུ་ཡིན། ལོགས་སུ་འབད་པ་ཞིག་བྱེད་དགོས་མ་ཡིན། ས་བཟང་ས་ཆོས་ས་ཆོས་ཡུལ་གྱི་མི་དེ་ཆོས་འཇིག་རྟེན་གཉིས་ཀྱི་ཐད་ནས་ཤེས་བྱ་སྣ་མང་ཞིག་གོ་མྱོང་ཡོད་པའི་སྟབས་ཀྱིས་རྒྱུ་དག་འཇམ་ཤ་རེ། ངང་རྒྱུད་རིང་ཤད་དེ། མི་མཐོ་དམན་དྲག་ཞན་སུ་དང་ཐུག་ཀྱང་། འཛུམ་པའི་མདངས་ཀྱིས་སྔུན་བསུ། སྙན་མོའི་ཚིག་གིས་ལན་བྱིན། གཏམ་དྲིས་ན་དྲང་མོར་བཤད་པ། འདྲིས་ན་འགྲོགས་ཡུན་རིང་བ། དོན་ཅི་ཞིག་གི་ཐད་ནས་འབྲེལ་ཡང་ཕན་སེམས་བསམ་པ་བཟང་པོ་དང་མ་བྲལ་བ། རང་གཅེས་པ་རྒྱུ་མཚན་དུ་བྱས་ཏེ་སེམས་ཅན་སྲོག་ཆགས་གཞན་ལ་གནོད་པ་མི་སྐྱེལ་བར། བདེན་གྱིས་སྐྱེས། དྲང་གིས་རྒས་སོང་བའི་ཕོ་མོ་རྒན་གཞོན་སུ་དང་ཐུག་ཀྱང་ཡ་རབས་ཆོས་དང་མཐུན་པའི་གཏམ་ཞིག་མ་གཏོགས་བཤད་རྒྱུ་མེད་པ། ཁྱིམ་པ་ཕོ་མོ་དག་ཀྱང་ཁ་མ་ཎི་ལས་མི་མི་འབྲལ་ཞིང་། ལག་ཕྲེང་བ་དང་མི་འབྲལ་བ། རྒྱུ་ཐང་ལ་བརྡལ་ནས་ཡོད་ཀྱང་རྐུ་མཁན་མེད་པ། མི་ལ་གཏམ་ཡོད་པ། གཏམ་ལ་མནའ་ཡོད་པ། དེ་འདྲ་དེ་དག་གི་ཚེ་བསོད་ནམས། ལས་དབང་ཐང་། ཁ་ལས་རླུང་རྟ་གྱེན་ལ་འགྲོ་བ་ཡིན། དེ་ཅིའི་ཕྱིར་ཞེ་ན། དེ་དག་ལ་དཀར་ཕྱོགས་ཀྱི་ལྷ་དང་སྲུང་མས་སྲུང་སྐྱོབ་བྱེད་པའི་དབང་གིས་ཡིན། དེ་ལྟ་བུའི་ས་ཆ་བཟང་ས་དེ་ལ། རི་སྨུག་པ་ཅན་ལ་རི་དྭགས་འཁོར། མཚོ་རླངས་པ་ཅན་ལ་ཉ་སྲམ་འཁོར་ཞེས་པའི་དཔེ་ལྟར་ཏུ། ཕྱོགས་ཀྱི་མགྲོན་པོ་ངང་གིས་འདུས་ནས། ཆོས་ནོར་སྡེ་བཞིའི་དཔལ་དང་འབྱོར་བ་རྒྱས་པ་ཡིན། མི་སྨོན་རང་སྐྱིད་གཉིས་ཀ་ཞེས་པ་དེ་འབྱུང་བ་ཡིན། ས་སྡུག་ས། ཆོས་མེད་ས། ལས་རྒྱུ་འབྲས་ངོ་མི་ཤེས་པ། ཡ་རབས་བཟང་པོའི་སྤྱོད་ལམ་ཞིག་མཐོང་མ་མྱོང་ཞིང་། རྒྱུ་ཟས་ནོར་ཞིག་གི་དོན་ལ་དྲིན་ཕ་མ་ཡིན་རུང་མི་བརྩི་བ། ཤག་ཕུ་ནུ་ཡིན་ཡང་མི་ལྟ་བ། རྐུ་རྒྱུ་བསྣོག་རྒྱུ། ཆང་འཐུང་། དུ་བ་འཐེན། རྒྱན་འཇོག ཕ་གཞིས་མ་གསོག་གི་རྒྱུ་ནོར་ཡོད་ཚད་གཏའ་མ་བུ་ལོན་ཤོ་བག་གི་རྒྱན་ལ་ཤོར་ནས། དགྲ་ལ་ཐུག་ནས་ཐམས་ཅད་ཕྲོག་སོང་བ་དང་། ཁང་མྱེ་རོ་དུད་སོང་ནས་ཁྱིམ་གཞིས་རླག་སོང་བ་མིན་ན་ཡང་། མདོར་ན་ཉི་མ་གཅིག་ལ་སྤྲང་པོར་བུད། ཧ་བརྒྱ་དོམ་སྟོང་ལ་ལོག གསོན་ན་རྒྱུ་མེད། ཤི་ན་ཆོས་མེད། དེ་ལྟ་བུའི་ས་ཆ་ལ་ཕྱི་མི་ཞིག་ཡོང་ནས་གཏམ་ཞིག་དྲིས་ན་རྒྱུད་གྱོང་ཤ་རེ། གཤིས་རྩུབ་ཤ་རེ། གང་ལ་ཐུག་ན་ལྡུམ་བུ་གཟེ་མ་ར་འགོ་ལ་རེག་པ་དང་འདྲ་བ། རང་སྡེའི་ནང་གི་ཤག་ཕུ་ནུ་ནང་ཁ་ནང་གསུམ་ཞིག་ལ་ཐུག་ནའང་གཏམ་ཚིག་གསུམ་བཤད་ས་མེད་པར་གྲི་མགོ་འཕུར་ཞིང་། ཉམ་ཆུང་ཐུབ་འདུག་བསམ་ན་དགེ་སྡིག་མེད་པ། ཕྱི་དགྲ་ལྕགས་ནག་གི་སེར་བ་འདྲ་ཞིག་ཐུག་ན་གར་སོང་མེད་པར་བྲོས་འགྲོ་བ། དྲིན་ཕ་མ་རྒན་གསུམ་ལ་མི་བརྩི་མི་སྐྱོང་། ལྷ་བླ་མ་དགེ་བའི་བཤེས་གཉེན་ལ་དད་གུས་མེད་པ་དེ་ལྟ་བུས་ལུང་པ་གང་སོང་དུས་ས་ཆ་མུན་པ་ནག་པོར་ལོག་སོང་བ་རེད། གནའ་ཞིག་ལ་མི་དྲ་མ་ཞིག་སྐྱེས་མྱོང་བ་དང་བླ་མ་མཆོག་གྱུར་རེ་བྱོན་མྱོང་བ་ཟེར་བ་ཙམ་ལས་ད་ལྟ་མེད་པ་གནའ་ཤྭ་བ་ཉལ་ཤུལ་དུ་དེང་སང་ཤེའུ་མ་ཉལ་ན། ན་ནིང་གི་དྲོད་རླངས་ཀྱིས་ད་ལོའི་ས་ཆུ་ལ་ཕན་ཐོགས་མེད་པ་ཡིན། དེ་འདྲ་བའི་ས་ཆ་ལ་ནད་མུག་ཡམས། མཚོན་འཁྲུག་རྩོད་དར་ཞིང་། དམ་སྲི་མི་ཁོག་ལ་ཞུགས་ནས་མི་བློ་འདྲེ་ཡིས་བསྒུལ་ཏེ་ཤར་ཕུང་། ལྷོ་བརྫད། ཐ་མར་ཡུལ་ལུང་ནག་པོར་གྱུར་ཏེ། ལྷ་སྲུང་མ་རྒྱབ་ཀྱིས་ཕྱོགས། འདྲེ་འབྱུང་པོ་ཚུར་ལ་འཁོར་ཏེ། ཆོས་དཀར་ཕྱོགས་ཀྱི་དབུ་འཕངས་མར་ལ་འབེབ་དུས། མི་ཡུལ་ཞེས་ཀྱང་འདྲེ་ཡུལ་ཞིག་ཏུ་འགྱུར་དུ་ཡོད་པ་ཡིན། ཨོ་རྒྱན་ཆེན་པོས། དུས་ནི་མི་འགྱུར་མི་རྣམས་འགྱུར་བ་ཡིན། །ཞེས་གསུངས་ཡོད་པ་ཡིན། དེ་ཡང་དུས་འགྱུར་བ་ཞེས་པ་ཕྱིའི་འབྱུང་བཞིའི་འཕོ་འགྱུར་ནམ་ཟླ་དབྱར་དགུན་སྟོན་དཔྱིད་ཀྱི་བརྗེ་རེས་ལོ་སྐོར་ཟླ་བ་བཅུ་གཉིས་ཀྱི་འཁོར་འགྲོས་འགྱུར་ག་ལ་འགྲོ། གནམ་ས་དང་ས་གནམ་ལ་གྱུར་ནས་མགོ་མཇུག་ལོག་འགྲོ་བ་མ་ཡིན་པར་མི་བློ་བདུད་ཀྱིས་བསྒྱུར་ཏེ་ནག་ཕྱོགས་འབྱུང་པོ་ཁ་དར་དུས། མིའི་བསམ་པ་དང་བྱ་སྤྱོད་འགྱུར་ཞིང་། དེའི་དབང་གིས་ཡུལ་ལ་མི་དགེ་བ་དར་ནས། དེའི་འབྲས་བུ་ནད་མུག་མཚོན་འཁྲུག་དར་ཏེ་རང་གཞན་ཐམས་ཅད་མི་བདེ་བར་འགྱུར་བ་ཡིན། དེས་ན་སྤྱིར་ཡུལ་དང་ལུང་པ། སྒོས་རང་ཉིད་ཀྱི་ཉེ་གཞིས་རྩ་ལག ཁྱད་པར་དུ་ཁྱིམ་ཕ་མ་སྤུན་གྲོགས་རྣམས། ཚེ་འདི་བདེ་ཕྱི་མ་སྐྱིད་པ་ཞིག་བྱེད་དགོས་འདུག་སྙམ་ན། ལས་རྒྱུ་འབྲས་བསྲུངས་ཤིང་དཀར་པོ་དགེ་བའི་ལས་ལ་སྙིང་རྗེའི་ཕན་སེམས་ཀྱིས་གཞིར་བཟུང་བའི་ལུས་ངག་གི་དགེ་བ་སྣ་རེ་ཡན་ཆད་འགྲུབ་ན། རང་བདེ་གཞན་སྐྱིད་གཉིས་ཀ་དེའི་ཐོག་ནས་ཡོང་བ་ཡིན། དེའི་ཐོག་ནས་མིས་མི་ལ་ལྟོས་དང་། ཚང་མ་མི་ཡིན་ཕྱིར། མི་འགའ་རེས་གསོན་གྲོང་ངའི་ཁམས་ན་ཡོད་པའི་རིང་ལ་ཆོས་དགེ་བ་བསྒྲུབས། ཚོགས་བསགས་སྒྲིབ་སྦྱོང་བྱས། ཚེ་སྟོད་སྨད་གཉིས་ཀ་ཆོས་དང་འབྲེལ་ནས་ཕྱི་མ་ཞིང་ཁམས་གང་སྐྱིད་གདམ་འགྲོ་བའི་མི་དང་། ཡང་མི་འགའ་རེས་མི་ཚེ་སྡིག་སྡུག་གཉིས་ཀ་ལ་འབགས། ཁ་མ་སོས། ནམ་མ་ལངས། ཤི་ཁར་བྲང་ལག་འཐབ། ལས་ལས་བཅས་བཅས་པ་ཐམས་ཅད་ཀྱིས་དམྱལ་བའི་གཏིང་རྡོ་རང་གིས་རང་ལ་བྱས་པའི་མི་ཡོད་པ་རེད། དེ་ལས་གང་ཅན་པོ་བྱེད་ད་ལྟའི་སྐབས་འདིར་རང་ལག་ཡིན། ཡར་འགྲོ་མར་འགྲོའི་ས་མཚམས་ཟེར་བ་དེ་མཚན་བྱང་མགོ་ལ་དབང་བསྐུར་དུས་ཤིག་ལ་མིན་པར་ད་ལྟ་རང་དབང་རང་ལག་ཏུ་ཡོད་དུས་ལམ་གང་གདམ་རྟ་ཁ་སྲབ་ཀྱིས་གང་ལ་བསྒྱུར་ན་ཆོག་དུས་ལྟ་བུ་ལས་མ་འདས། དེ་ཡང་ཆོས་སྒྲུབ་ཅེས་པ་དེ་ཡིན་ན་མིན་ན་མཚམས་ནག་སྒོ་བཅད་བྱེད་ནས་འདུག་དགོས་པ་ཞིག་དང་། ཡིན་ན་མིན་ན་བླ་སེར་ཞིག་གིས་མ་གཏོགས་བསྒྲུབ་མི་རུང་བ་དང་། ཡིན་ན་མིན་ན་ལྷ་ཁང་ཞིག་དང་ཆོས་ར་ཞིག་གི་ནང་ནས་མ་གཏོགས་བསྒྲུབ་མི་རུང་བ་ཞིག་མ་ཡིན་པར། ཆོས་ནི་འགྲོ་ཞོར་འདུག་ཞོར་ལའང་སྒྲུབ་ཆོག་ཅིང་། ཟེར་ཞོར་གཏམ་ཞོར་ལའང་སྒྲུབ་ཆོག་པ་ཡིན། འདོན་རྒྱུ་བསྐོར་རྒྱུ་ལས་གཞན་པའི་ཆོས་བསྒྲུབ་རྒྱུ་མེད་པ་མ་ཡིན་པར་རང་རྒྱུད་ཆོས་དང་འདྲེས་དགོས་པ་ཞིག་ཡིན། རང་རྒྱུད་ཆོས་དང་འདྲེས་ན་བྱ་སྤྱོད་ཆོས་ལ་འདྲེས་ཡོང་བ་དང་། བྱ་སྤྱོད་ཆོས་ལ་འདྲེས་ན་ངག་ཚིག་ཆོས་ལ་འདྲེས་ཡོང་བ་ཡིན། ཆོས་དང་རྒྱུན་གྱི་འཚོ་བ་གཉིས་ཀ་ཁ་མ་བྲལ་བ་ཞིག་ཏུ་ལོག་དུས། སོང་ཚད། བསྡད་ཚད། བཤད་ཚད། ལས་ཚད་ཚང་མ་ཆོས་དང་མཐུན་པ། འབྲེལ་ཚད་དོན་ལྡན་རང་གཞན་གཉིས་ཀྱི་དོན་མཉམ་དུ་འགྲུབ་ཏུ་ཡོད་པ་དེ་འདྲ་ཞིག་ཐབས་བཀོད་པ་མེད་པ་ཞིག་ག་ལ་ཡིན། དཔེར་ན་དེ་རིང་མི་མང་འཛོམས་ས་ཞིག་ལ་ཐོན་སོང་དུས། གཅིག་གིས་ཁྱོད་ལ་དོན་མེད་ས་ཞིག་ནས་ཁེལ་ཐོ་གློ་མདུང་ཞིག་བྱས་ཡོང་ན། ཁྱོད་ཀྱིས་ཕར་ལ་སྤུན་ཡ་སྤུན་རྡིས་ཁྱོད་སྤྲོ་མ་ལངས་ཞེས་སྨྲས་ན། དེ་ལ་བཟོད་པ་བསྒོམས་པ་ཡིན་པས་བསོད་ནམས་ཆེན་པོ་བསགས་པ་ཡིན། ཕ་རོལ་གྱི་མི་དེས་ངན་གཤིས་ཤིག་ངོམ་པ་དེ་ངོ་ཚ་ཉོ་བྱེད་དུ་སོང་བ་ཡིན། གལ་ཏེ་ཁྱོད་ཀྱིས་དེ་ཐུབ་དགོས་ན། འཇམ་པོའི་ཚིག་དེས་ཁུ་ཚུར་གྱིས་རྣ་རྩར་གཅིག་བརྒྱབ་པ་བས་ཐུ་ཞིག་ཐུབ་སོང་བ་ནི། འཇམ་པོས་འཇམ་པོ་འཇོམས་བྱེད་ཅིང་། །འཇམ་པོས་རྩུབ་པོའང་འཇོམས་པར་བྱེད། །འཇམ་པོས་ཀུན་འགྲུབ་དེ་ཡི་ཕྱིར། །འཇམ་ཉིད་རྣོ་ཞེས་མཁས་རྣམས་སྨྲ། །ཞེས་གསུངས་པ་ལྟ་བུ་ཡིན། ཕ་རོལ་པོ་ལ་ཡང་ཕྱིན་ཆད་དེ་འདྲ་བྱ་རུང་མི་འདུག་སྙམ་པའི་དྲན་བསྐུལ་བཟང་པོ་ཞིག་ཐོབ་སོང་བ་ཡིན། དེ་ལ་བརྟེན་ནས་རང་ཡང་མི་ཁོག་ཡངས་བློ་རྒྱ་ཅན། ཐམས་ཅད་ཀྱིས་བརྩི་ས། ཐམས་ཅད་ཀྱིས་ཆ་འཇོག་སའི་མི་ཞིག་ཏུ་གྱུར་པ་ཡིན། འུ་ཚོ་ས་ཁུག་ལུང་དཀྱོག་གི་མི་དག་གིས་རྒྱག་རེས་བྱེད་འདུག་པ་དེ་ཡང་། ཀན་གྱིས་ངའི་ཚོད་ལ་བལྟ་བ་འདུག་སྙམ་པ་དང་། གཅིག་ཤོས་ཀྱིས་ཀྱང་དེ་ལྟར་སེམས་ནས་ཁོག་ཆུང་འདྲ་འདྲ་གཉིས་ཐུག་སོང་བ་ལས་བྱུང་བ་ཡིན། སྒྲུང་ཡིག་གི་ནང་ནས། སྐྱེས་ཕོ་ངན་འདྲ་གཉིས་ཐུག་པའི་དུས། །ཀུ་རུས་འཕྲ་རྡུང་བྱས་པ་འདྲ། །ན་ལེ་གཟེར་ལེ་གཉིས་ཀ་རེད། །ཅེས་པ་ལྟ་བུ་ལས་མི་འདའ་བར་རང་གཞན་གཉིས་ཕུང་དུ་འགྲོ་བ་ཡིན། དེས་ན་རྒྱུན་དུ་བསམ་པ་བཟང་པོ་སྙིང་རྗེའི་སེམས་དང་མ་བྲལ་བ་ཞིག་བྱེད་དགོས། སེམས་ཅན་ཐམས་ཅད་ད་ལྟའི་ཕ་མ་དང་ཁྱད་མེད་པ་ཞིག་དང་པོ་ཉིད་ནས་བསམ་མ་ཐུབ་རུང་། དམྱལ་བ་ཡང་སོས་ཀྱི་ཡུལ་དང་། ལྷ་མ་ཡིན་གྱི་ཡུལ་དུ་སྐྱེས་སོང་བ་ལྟར་དུ་མི་དང་མི་ཐུག་དུས་དགྲ་དང་དགྲ་ཐུག་སོང་བ་འདྲ་བའི་འཇིགས་སྐྲག་ཅན་གྱི་དམྱལ་ཁམས་ཤིག་ཏུ་མི་འགྱུར་བའི་ཕན་པ་ཡོད་པ་ཡིན། བདེ་བ་ཅན་དུ་སྐྱེ་དགོས་ན་སྐྱེ་བྱེད་ཀྱི་རྒྱུ་དང་པོ་དེ་རྟེན་ཚོགས་ཞིང་གསལ་འདེབས་པ་སྣང་སྲིད་ལྷ་དང་ལྷ་མོ། སྒྲ་གྲགས་སྔགས་དང་ཆོས་སྒྲ། དྲན་རྟོག་ཐུགས་ཀྱི་ཏིང་འཛིན། སྣོད་བཅུད་བདེ་བ་ཅན་གྱི་ཞིང་ཁམས་སུ་བསྒོམས་ན་སྔགས་ཀྱི་མྱུར་ལམ་དང་འབྲེལ་ཏེ་ཡོད་པ་ཡིན། རྒྱུ་ཚོགས་བསགས་སྒྲིབ་སྦྱོང་དེ་ཡང་ཡར་དཀོན་མཆོག་ལ་མཆོད་ན་མཆོད་ཡུལ་གྱི་ཞིང་ས་དང་། མར་སེམས་ཅན་ལ་བྱིན་ན་སྦྱིན་ཡུལ་གྱི་ཞིང་ས་ཡིན་པས། སྙིང་རྗེའི་སེམས་དང་བསམ་པ་བཟང་པོས་མ་འབྲེལ་ས་ཞིག་ཡོད་པ་མ་ཡིན།

རྒྱུ་གསུམ་པ་གྲོགས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ།

ཁྱད་པར་དུ་དེ་རིང་སྐབས་སུ་བབ་པའི་བཤད་བྱ་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་གསུམ་པ་གྲོགས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདི་དང་འབྲེལ་ཆེ་བས་མ་ཚད་དེ་ནི་ལྷག་པར་དུ་སྙིང་རྗེ་ཕན་སེམས་ཤིག་དང་མ་འབྲེལ་ཐབས་མེད་ཡིན། དེ་ཡང་གྲོགས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདི་སྨོན་ལམ་གྱི་གཞུང་གི་ནང་ནས་ས་བཅད་ལོགས་སུ་གསུངས་མེད་པས་ཚིག་ཟིན་དུ་དངོས་སུ་མེད་ན་ཡང་། གོང་གི་བསྔོ་བའི་སྐབས་ཀྱི་ཤུགས་བསྟན་དུ་འབྱུང་བ་ཡིན། འདི་ནས་དེའི་སྐོར་ལ་ཡང་བསྐྱར་རྗེས་དྲན་ཞིག་བྱེད་ན། ཐེག་ཆེན་ལམ་གྱི་རྩ་བ་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཡིན་པས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དེ་དང་བྲལ་སོང་པ་ཡིན་ན། ཐེག་པ་ཆེ་ཆུང་གང་གི་ཆོས་ཉམས་སུ་བླངས་ཀྱང་། དེ་ཐེག་པ་ཆེན་པོའི་ཆོས་ཀྱི་གྲལ་ལ་འགྲོ་བ་མ་ཡིན། དེས་ན་ཐེག་པ་ཆེན་པོའི་ཆོས་སྒོར་ཚུད་པའི་ཆོས་པ་ངོ་མ་ཞིག་བྱེད་བསམ་ན། ལས་དང་པོ་བའི་གནས་སྐབས་ན་ལྟ་བ་སྒོམ་པ་ལ་སོགས་པ་མང་པོ་ཞིག་བཤད་འདུག་པ་བས་བསམ་པ་བྱང་ཆུབ་ཀྱི་སེམས་ཤིག་བསྐྱེད་རྒྱུ་གལ་ཆེ་བ་ཡིན། དེས་ན་ཆོས་པ་ལས་དང་པོ་བ་ལ་ཐོག་མའི་རྨང་གཞི་སྙིང་རྗེས་ཀུན་ནས་བསླངས་པའི་བསམ་པ་བཟང་པོ་ཞིག་དགོས་པ་ནི། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། །བསམ་པ་ངན་ན་ས་དང་ལམ་ཡང་ངན། །ཞེས་རང་རེས་ཉིན་བཞིན་ལུང་སྐྱོར་བ་ལྟ་བུ་ཡིན། དེ་ལ་བསམ་པ་བཟང་པོ་དང་ལྡན་ན་ས་དང་ལམ་བཟང་པོ་ཅི་ཞིག་ལྡན་པ་ཡིན་ཅེ་ན། ས་བཟང་པོ་ས་བཅུ་དང་། ལམ་བཟང་པོ་ལམ་ལྔ་བགྲོད་ནས་འབྲས་བུ་བཟང་པོ་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་། བསམ་པ་ངན་ན་ས་དང་ལམ་ཇི་ལྟར་ངན་པ་ཡིན་ཞེ་ན། ས་ངན་པ་ཁམས་གསུམ་ས་དགུ་དང་། ལམ་ངན་པ་འགྲོ་བ་རྒྱུད་ལྔ་ལ་བརྟེན་ནས་འབྲས་བུ་ངན་པ་ཁམས་གསུམ་འཁོར་བའི་གནས་ནས་ཐར་དུ་མེད་པའོ། །དེས་ན་སྙིང་རྗེས་དྲངས་བའི་བསམ་པ་བཟང་པོས་ཀུན་ནས་བསླངས་ཏེ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ངེས་པར་དུ་རྒྱུད་ལ་བསྐྱེད་དགོས་པ་ཡིན། དེ་དགོས་ན་བྱང་ཆུབ་ཀྱི་སེམས་ཞེས་པ་དེ་གང་འདྲ་ཞིག་ཡིན་ཅེ་ན། དེ་ལ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྨོན་དང་འཇུག་པའི་བདག་ཉིད་ཅན་ཞིག་དང་། དོན་དམ་བྱང་ཆུབ་ཀྱི་སེམས་ངེས་དོན་མཐར་ཐུག་གི་སྐྱེལ་སོ་ལ་བབ་པ་ཞིག་དང་གཉིས་ཡོད་པ་ལས། ལས་དང་པོ་བས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དེ་ཡང་ལྟ་བའི་གྲོགས་སུ་ཡོད་དགོས་པ་ཞིག་ཡིན་ཏེ། གལ་ཏེ་བསམ་པ་རྒྱ་ཆེ་བ་བྱང་ཆུབ་ཀྱི་སེམས་དེ་དང་བྲལ་བ་ཡིན་ན་སྟོང་ཉིད་ཉན་རང་གིས་ཀྱང་རྟོགས་ཡོད་ན་ཡང་མཐར་ཐུག་རང་གཞན་གཉིས་དོན་འགྲུབ་མེད་པ་ལྟ་བུ་ཡིན། བར་དུ་ཀུན་རྫོབ་དང་དོན་དམ་གྱི་སེམས་གཉིས་ཀ་ཟུང་འཇུག་ཡ་མ་བྲལ་བའི་ཐོག་ནས། ཆེན་པོ་གསུམ་གྱི་ལྟ་བས་བློ་སྦྱོང་པས་མཐར་ཐུག་ངེས་དོན་ངོ་མ་དོན་དམ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་ཏེ། སེམས་རྣམ་པར་རྟོག་པའི་རྒྱུ་བ་དབྱིངས་སུ་ནུབ་ཅིང་ས་ལམ་གྱི་ཡོན་ཏན་མཐར་ཕྱིན་ནས། དོན་གཉིས་ལྷུན་གྱིས་འགྲུབ་དགོས་པ་ཡིན། དེས་ན་དྲང་དོན་དང་གཅིག ངེས་དོན་ཙམ་དང་གཉིས། ངེས་དོན་མཐར་ཐུག་པ་ཞིག་དང་གསུམ་གྱི་རིམ་པ་བརྒྱུད་དགོས་པ་ཡིན་པས། ཐོག་མར་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་ལ་མ་བརྒྱུད་ཐབས་མེད་ཡིན། དེ་རྒྱུད་ལ་སྐྱེ་བར་བྱེད་པ་ལ་ཚད་མེད་བཞིས་བློ་སྦྱོང་བ་སྔོན་དུ་མ་སོང་ཐབས་མེད་ཡིན། གལ་ཏེ་ཚད་མེད་བཞིས་བློ་ལེགས་པོ་ཞིག་སྦྱངས་མ་ཐུབ་ན། ཐོག་མེད་ནས་གོམས་པའི་བདག་འཛིན་གྱི་བསམ་པ་འདི་ཤུགས་ཆེ་སོང་བའི་སྟབས་ཀྱིས་རང་དོན་ཁོ་ན་ལ་བརྩོན་པའི་བསམ་པ་དང་སྦྱོར་བ་འདི་སྤངས་མི་ཐུབ་ལ། དེ་སྤངས་མ་ཐུབ་པར་རང་དོན་ཏག་ཏག་ཅིག་བསྒྲུབས་ཀྱང་རང་དོན་ཡང་དག་ཅིག་འགྲུབ་པ་མ་ཡིན། ཆོས་དང་འཇིག་རྟེན་གང་གི་ཐད་ནས་ཡིན་ཡང་གཞན་དོན་བསྒྲུབས་ནས་རང་དོན་ཞོར་འབྱུང་ལ་འགྲུབ་སོང་བ་ཞིག་མ་གཏོགས་པར་རང་དོན་བསྒྲུབས་ནས་རང་དོན་བཟང་པོར་འགྲུབ་སོང་བའི་དཔེ་ཞིིག་ཡོད་པ་མ་ཡིན། འཇིག་རྟེན་གྱི་ཕྱོགས་ནས་ཀྱང་མི་རང་འདོད་ཕུགས་བཅུག་བྱེད་འདུག་མཁན་ང་ཏག་ཏག་བླ་མས་སྐྱོབས་ཟེར་འདུག་པ་དེས་ཐ་མར་རང་འདོད་ཀྱང་འགྲུབ་པ་མ་རེད། དམ་པའི་ཆོས་ཕྱོགས་ནས་ཀྱང་ཉན་རང་གཉིས་ཀས་རང་དོན་ཞི་བདེ་དོན་དུ་གཉེར་བས། རྒྱལ་སྲས་བྱང་ཆུབ་སེམས་དཔའི་སའི་ཡོན་ཏན་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་མཐར་ཐུག་གི་འབྲས་བུ་མ་ཐོབ་པ་ཡིན། དེ་ལྟར་དོན་མི་འགྲུབ་པའི་རྩ་བ་ནི་རང་འདོད་ལ་ཐུག་ཡོད་པ་ཡིན། དེས་ན་རང་འདོད་མི་བསྒྲུབས་པར་གཞན་ཕན་བྱང་ཆུབ་ཀྱི་སེམས་རྒྱུད་ལ་བསྐྱེད་པར་བྱ་དགོས། འོ་ན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཞེས་པ་དེ་གང་ཡིན་ཅེ་ན། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་མཆོག་ལ་འགོད་འདོད་ཀྱི་བསམ་པ་ཡང་དག་པ་ཞིག་རྒྱུད་ལ་སྐྱེས་པ་དེ་ཡིན། དེ་འདྲའི་བསམ་པ་དེ་སྐྱེ་དགོས་ན་ཐབས་ཅི་འདྲ་ཞིག་ལ་བརྟེན་དགོས་པ་ཡིན་སྙམ་ན། བྱམས་དང་སྙིང་རྗེ་དགའ་བ་བཏང་སྙོམས་ཏེ་ཚད་མེད་རྣམ་པ་བཞིས་བློ་སྦྱོང་དགོས་པ་ཡིན། བྱམས་པ་དང་སྙིང་རྗེ་ལ་སོགས་པ་བཞི་པོ་དེ་ལ་ཚད་མེད་ཅེས་པའི་དོན་ནི། དམིགས་པའི་ཡུལ་ཚད་མེད། རྣམ་པའི་བློ་ཚད་མེད། དེའི་འབྲས་བུ་ཚད་མེད་ཡིན་པས་ན་ཚད་མེད་ཅེས་སུ་གསུངས་པ་ཡིན། བྱམས་པ་ལ་སོགས་པ་བཞི་པོ་དེ་ལ་ངེས་འབྱུང་གི་བསམ་པས་མ་ཟིན། བྱང་ཆུབ་ཀྱི་སེམས་ཀྱིས་མ་ཟིན། སྟོང་ཉིད་ཀྱི་ལྟ་བས་མ་ཟིན། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་མ་ཟིན་ན། དེའི་མིང་ལ་ཚངས་པའི་གནས་པ་བཞི་ཞེས་གྲགས་པ་ཡིན། ཚད་མེད་བཞིའི་མིང་མི་ཐོབ་པ་ཡིན། ཚངས་པ་མདུན་ན་འདོན་ལ་སོགས་པ་ཚངས་གནས་བཞི་ལ་སྐྱེ་བྱེད་ཀྱི་རྒྱུ་རུ་འགྲོ་བ་ལས། ཐམས་ཅད་མཁྱེན་པའི་ལམ་དུ་འགྲོ་བའི་དངོས་རྒྱུ་རུ་མི་འགྱུར་བ་ཡིན། ཐམས་ཅད་མཁྱེན་པའི་དངོས་རྒྱུ་རུ་འགྱུར་བ་ལ་དམིགས་རྣམ་ཚད་མེད་པ་ཞིག་དགོས་པ་ཡིན། གཞུང་གི་གོ་རིམ་ལྟར་ན་བྱམས་པ་ནས་འགོ་བཟུང་ཏེ་བགྲང་བ་ཡིན་མོད། མན་ངག་གི་ལུགས་སུ་བཏང་སྙོམས་ཚད་མེད་ནས་འགོ་བཟུང་ནས་བསྒོམ་དགོས་པ་ཡིན། ལས་དང་པོ་བས་དམིགས་བཅས་ཀྱི་ཚད་མེད་སྒོམ་དུས་དམིགས་རྣམ་སྤྲད་ནས་བསྒོམ་དགོས་པ་ཡིན། དམིགས་རྣམ་སྤྲད་ཅེས་པ་དེ་ཅི་འདྲ་ཞིག་ཟེར་བ་ཡིན་སྙམ་ན། དམིགས་པ་ནི་ཡུལ་དང་། རྣམ་པ་ནི་བློ་ཡིན། དེ་ལ་དམིགས་པའི་ཡུལ་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་དམིགས་ནས། རྣམ་པའི་བློ་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་འདོད་ཀྱི་བྱམས་པ། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་འདོད་པའི་སྙིང་རྗེ། སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་འདོད་པའི་དགའ་བ། སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བར་འདོད་པའི་བཏང་སྙོམས་ཏེ་། དེ་དག་ནི་དམིགས་བཅས་ཀྱི་སྒོམ་ལུགས་སོ། །དམིགས་མེད་དེ་ཇི་ལྟར་བསྒོམ་དགོས་སྙམ་ན། ལས་དང་པོ་བས་ནི་འདི་ལྟར་སྣང་བའི་ཆོས་ཐམས་ཅད། སྒྱུ་མ་སྨིག་སྒྱུ་མིག་ཡོར་བྲག་ཆ་ལ་སོགས་པ་སྒྱུ་མའི་དཔེ་བརྒྱད་དུ་བློ་སྦྱངས་ནས་བསྒོམ་པར་བྱ་བ་དང་། རྟོགས་པ་མཆོག་ལྡན་ཞིག་ཡིན་ན། མཉམ་བཞག་གི་རྩལ་དེ་བྱམས་དང་སྙིང་རྗེ་ལ་སོགས་པ་ཤར་བའི་ཚུལ་གྱིས་སྒོམ་པའོ། །ལས་དང་པོ་བས་དམིགས་བཅས་ཀྱི་ཚད་མེད་བཞི་བསྒོམ་ཚེ། དང་པོར་བཏང་སྙོམས་ནས་འགོ་བཟུང་སྟེ་མ་སྦྱངས་ན། བྱམས་པ་ལ་སོགས་པ་གཞན་ཐམས་ཅད་ཚད་མེད་ལ་འགྲོ་ཐུབ་པར་ཕྱོགས་རེ་བ་རུ་འགྲོ་བ་ཡིན། སྒོམ་ཚུལ་ལ་ཡང་བརྟགས་ཤིང་དཔྱད་ནས་བསྒོམ་པའི་དཔྱད་སྒོམ་ཞིག་དང༌། མ་བཅོས་གཤིས་ལ་འཇོག་པའི་འཇོག་སྒོམ་ཞིག་དང་གཉིས་ལས། དང་པོ་དཔྱད་སྒོམ་གྱི་སྐབས་སུ་བཏང་སྙོམས་བསྒོམ། བྱམས་པ་བསྒོམ། སྙིང་རྗེ་བསྒོམ། དགའ་བ་བསྒོམ་ཞེས་སུ་བརྗོད་པ་དང་། རྗེས་མ་འཇོག་སྒོམ་གྱི་སྐབས་སུ་བཏང་སྙོམས་ཀྱི་ཏིང་ངེ་འཛིན། བྱམས་པའི་ཏིང་ངེ་འཛིན། སྙིང་རྗེའི་ཏིང་ངེ་འཛིན། དགའ་བའི་ཏིང་ངེ་འཛིན་ཞེས་བརྗོད་པ་ཡིན། འདི་ནི་ཞི་གནས་ལྷག་མཐོང་གཉིས་ལས་ཞི་གནས་བསྒོམ་པ་ཡིན། དེ་ལས་བཏང་སྙོམས་བསྒོམ་དུས་ཇི་ལྟར་བསྒོམ་དགོས་སྙམ་ན། རང་ཉིད་ཀྱི་གཡས་ཕྱོགས་སུ་དེ་བས་སྡང་ཞིག་མེད་པའི་སྐྱེ་བ་ད་རེས་ཀྱི་དགྲ་དེ་དང༌། གཡོན་ཕྱོགས་སུ་དེ་བས་གཅེས་ཤིག་མེད་པའི་སྐྱེ་བ་ད་རེས་ཀྱི་གཉེན་གཉིས་ཀ་ཡོད་པར་བསམས་ནས། དང་པོར་དེ་གཉིས་ལ་དགྲ་གཉེན་གྱི་ཆགས་སྡང་དེ་བས་ཡན་ལ་ལངས་རྒྱུ་མེད་པ་ཞིག་ཡར་བསླངས་ཞིང་། དེ་ནས་བསམ་བློ་ནང་ལ་བསྐོར་ཏེ། འདས་མ་འོངས་ད་ལྟ་དུས་གསུམ་ཀྱི་ཐོག་ནས་འདེང་ཞིག་བརྒྱབ་ན། འདིའི་དགྲ་གཉེན་གཉིས་ཀ་དང་ང་རང་བཅས་པ་ཐམས་ཅད་སྐྱེ་བ་ཚེ་རབས་མང་པོ་ཞིག་ནས་སྐྱེ་ཤིའི་ཁ་བརྒྱུད་ནས་ཡོང་བ་ཞིག་ཡིན་ཤག་ཤག་ཏུ་འདུག དེའི་སྐབས་སུ་དགྲ་དགྲ་ཡིན་པའི་ངེས་པ་དང་གཉེན་གཉེན་ཡིན་པའི་ངེས་པ་མི་འདུག སྐབས་རེར་དགྲ་གཉེན་ལ་འགྱུར་བ་དང་། སྐབས་རེར་གཉེན་དགྲ་ལ་འགྱུར་བའང་ཡོད་པར་འདུག ཕ་མ་གཉེན་བཤེས་མཛའ་གྲོགས་ལ་སོགས་པ་བྱས་པ་ཡང་གྲངས་ཀྱིས་མི་ཆོད་པར་འདུག དེ་དག་གི་སྐབས་སུ་ད་ལྟའི་དགྲ་འདིས་ཕན་ཆེན་པོ་བཏགས་པ་དང་། གནོད་ཆེན་པོ་ལས་བསྐྱབས་པའང་ཡོད་ངེས་པས་ན་དགྲ་འདི་དགྲ་ཡིན་པའི་ངེས་པ་མེད་པ་དང་། གཉེན་འདི་ཡང་ད་ལྟའི་གཉེན་ཡིན་ན་ཡང་། སྐྱེ་བ་སྔོན་མར་འདིས་དགྲ་བྱས་པ་ཡང་གྲངས་ཀྱིས་མི་ཆོད་ཅིང་། ལར་མ་གཞི་ད་ལྟའི་དགྲ་འདི་ལྟ་བུ་ཞིག་ལ་མཚོན་ན་ཡང་། དང་པོར་དགྲ་མ་ཡིན་པར་གཉེན་ཡིན། ངེད་གཉིས་ཕན་ཚུན་བཟང་ས་ཞིག་ཡིན་ན་ཡང་ཕྱིས་སུ་དགྲ་རུ་གྱུར་སོང་བ་རེད། འཇིག་རྟེན་སྟེང་གི་དགྲ་མང་ཆེ་བ་དེ་གཉེན་དགྲ་རུ་གྱུར་པ་ཕལ་ཆེར་ཡིན་པ་སྟེ། འབྲེལ་བ་མེད་ན་འགལ་བ་ཡོང་དོན་ཡོད་པ་མ་ཡིན། འདི་ཡང་ཉིན་ཞིག་གཉེན་དུ་འགྱུར་ན་ཁྲིགས་ཁྲིགས་ཡོད་རྒྱུ་མ་རེད། དུས་ངན་སྙིགས་མའི་སྐབས་འདིར་སྔ་དྲོ་གཉེན་གྱི་དྭངས་མ་ཡིན་ཡང་། ཕྱི་དྲོ་དགྲ་ཡི་རྩེ་མོར་འགྱུར་བ་ཡང་མང་ལ། ཆོས་ཕྱོགས་ནས་འདང་ཞིག་བརྒྱབ་ན་ཡང༌། དགྲས་ལོག་སྒྲུབ་བྱས་ཀྱང་ཐུགས་དམ་གྱི་བོགས་འདོན། །གཏམ་མ་ཉེས་ཁ་གཡོག་དགེ་བསྐུལ་གྱི་ལྕག་འདེབས། །འདི་ཆགས་ཞེན་འཇིག་པའི་བླ་མ་རུ་མཐོང་ནས། །ཁོའི་དྲིན་ལན་འཁོར་ཐབས་མེད་པ་རུ་འདུག་གོ། །ཞེས་གསུངས་པ་ལྟ་བུ་ཡིན། དགྲས་གནོད་བསྐྱལ་བའི་དབང་གིས་ཆོས་རྣམ་དག་ཅིག་ལ་འཕྲད་ཅིང་ཆོས་རྣམ་དག་གི་སྐུལ་མ་རུ་སོང་བ་དཔེར་ན། རྗེ་བཙུན་མི་ལ་རས་པ་ལ་ཨ་ཁུ་དང་ཨ་ནེ་གཉིས་ཀྱིས་དགྲ་བྱས་པའི་ཐ་མར་ངེས་འབྱུང་གིས་བསྐུལ་ཏེ་ཆོས་བསྒྲུབས་ནས་གྲུབ་པ་ཐོབ་སོང་བ་ལྟ་བུ་ཡིན། སྦྱིན་པ་ལོ་བརྒྱ་བྱིན་པ་བས། །ཚུལ་ཁྲིམས་ཉིན་གཅིག་བསྲུངས་ན་དགའ། །ཚུལ་ཁྲིམས་ལོ་བརྒྱ་བསྲུངས་པ་བས། །བཟོད་པ་ཉིན་གཅིག་བསྒོམས་ན་དགའ། །ཞེས་གསུངས་པ་ཡིན་པས་ཕན་ཡོན་ལྷག་ཏུ་ཆེ་ལ། སངས་རྒྱས་ཀྱི་མཚན་དང་དཔེ་བྱད་དེ་རྣམས་ཀྱི་ཐོབ་བྱེད་ཀྱང་བཟོད་པ་བསྒོམས་པ་འདི་ཡིན། དེས་ན་དགྲ་མེད་ན་བཟོད་པ་སུ་ལ་བསྒོམ། བཟོད་པ་བསྒོམ་ས་དགྲ་ཡིན། རང་ཉིད་ཀྱིས་བཟོད་པ་སྒོམ་ཐུབ་ན་དགྲས་ཕན་བཏགས་པ་མ་གཏོགས་གནོད་བསྐྱལ་མེད་པ་ཡིན། གཉེན་ལ་ཡང་གཉེན་ཡིན་པར་སྙམ་ནས་ཆགས་པ་མ་གཏོགས། སྐྱེ་བ་སྔོན་མ་ཐམས་ཅད་གཉེན་ཤ་སྟག་ཏུ་སོང་བ་ཞིག་ག་ལ་ཡིན། མཚམས་རེ་ལ་དགྲར་བྱས་ཏེ་ཅི་འདྲའི་གནོད་བསྐྱལ་མེད། ཚེ་འདི་ལ་ཡང་གཉེན་ལ་ཞེ་ཆགས་ནས། དགྲ་འདུལ་གཉེན་སྐྱོང་གཡོ་སྒྱུའི་སྡིག་ལས་ལ་མགོ་འཁོར་བས། ཆོས་སྒྲུབ་པའི་བར་ཆད་བྱས་དང་བྱེད་བཞིན་པ་འདི་དག་ལ་བསམ་བློ་ཞིག་བཏང་ན། ངོ་མ་བཤད་ན་དགྲ་དངོས་དེ་འདི་དག་རེད་མི་འདུག་གམ་སྙམ་པ་ཞིག་ཡོང་བ་ཡིན། དེ་ལྟར་ཞིབ་ཏུ་བསམ་བློ་ཞིག་བཏང་ན་དགྲ་གཉེན་ཞེས་པ་འདི་མཐའ་གཅིག་ཏུ་ངེས་པ་ཅན་ཞིག་མ་ཡིན་པར། མཚམས་རེར་གཉེན་དང་། མཚམས་རེར་དགྲ་རུ་གྱུར་ནས་རྟག་བརྟན་ངེས་པ་ཞིག་མེད་པར་གྱུར་ནས་དགྲ་འདི་རེད་ཟེར་བ་ཞིག་དང་གཉེན་འདི་རེད་ཟེར་སའི་མཛུབ་མོ་འཛུགས་ས་མ་ལོན་པར་ཆགས་པ་ཡིན། དེ་ལྟར་བསམ་བློ་བཏང་ནས་གཏན་ལ་ཕབ་ཚེ་གཉིས་ཀ་ལ་ཞེན་ཁ་ལོག་པ་ཞིག་བྱུང་ནས་ཕན་ཡང་མི་གདགས། གནོད་ཀྱང་མི་བསྐྱལ་སྙམ་པ་ཞིག་གི་ཚད་ལ་ཐོན་དུས་བསྐྱུར་བཞག་ན་ཕན་མེད་གནོད་མེད་གཏི་མུག་བཏང་སྙོམས་ཟེར་བ་དེ་ཡིན། དེས་བཏང་སྙོམས་ཀྱི་གོ་མི་ཆོད་པ་ཡིན། བཏང་སྙོམས་ཚད་མེད་ཡིན་པ་མ་རེད། དགྲ་གཉེན་གཉིས་ཀ་ད་ལྟའི་མ་རྒན་དྲིན་ཅན་མ་དང་ཁྱད་པར་མེད་པ་གཅེས་པའི་བཏང་སྙོམས་ཤིག་དགོས་པ་ཡིན། དེ་ཡང་བསམ་བློ་རྒྱ་ཆེ་ས་ནས་བཏང་ན། ནམ་མཁས་གར་ཁྱབ་སེམས་ཅན་གྱིས་ཁྱབ་ཡོད་པ་དང་། སེམས་ཅན་གྱིས་གར་ཁྱབ་ལ་ལས་སྣང་སྡུག་བསྔལ་གྱིས་ཁྱབ་ཡོད་ཅིང་། ལས་སྣང་སྡུག་བསྔལ་གྱིས་མནར་བའི་སེམས་ཅན་འདི་ཚོ་ཐམས་ཅད་ཐོག་མ་མེད་པའི་དུས་ནས་རང་གི་ཕ་མ་གཉེན་བཤེས་ལ་སོགས་པ་འདི་མ་བྱས་བསམ་པ་ཞིག་མེད། ད་དུང་མ་བྱས་པའི་དུས་སྐབས་སུ་ད་ལྟའི་ཚེ་འདིའི་མ་འདི་དང་འདྲ་འདྲ་གཅེས་སྐྱོང་བྱས་ཡོད་ལ། མ་བྱས་མྱོང་བ་དེ་ཡང་ལན་གཅིག་པུས་མི་ཚད་དེ། མ་ཡི་ཐུག་མཐའ་རྒྱ་ཤུག་ཚི་གུ་ཙམ། །རིལ་བུར་བགྲངས་ཀྱང་ས་ཡིས་ལང་མི་འགྱུར། །ཞེས་གསུངས་པས། ཐམས་ཅད་མཁྱེན་པ་ཞིག་གི་མདུན་དུ་སོང་ནས་ངའི་དགྲ་འདི་དང་ངའི་མ་འདི་གཉིས་ཀ་ངའི་སྐྱེ་བ་སྔོན་མའི་མ་བྱས་གྲངས་སུས་མང་བ་ཡིན་ཞེས་ཞུས་པའི་དབང་དུ་བཏང་ན། གཉིས་ཀའི་གྲངས་ས་གཞི་རིལ་བུ་བསྒྲིལ་ནས་རྩིས་ཤིག་བརྒྱབ་པའི་གྲངས་ལས་མང་ཞིག་ཡིན་པར་གསུངས་ངེས། དེ་ཅིའི་ཕྱིར་ཟེར་ན། འཁོར་བ་ཐོག་མེད་ནས་འཁོར་བས་ས་ལག་མཐིལ་འདྲ་བའི་ཐོག་ནས་ལན་གྲངས་མང་པོ་སྐྱེ་མ་མྱོང་ས་དང་ལན་གྲངས་མང་པོ་ཤི་མ་མྱོང་ས་མེད་པ་ཡིན་ཕྱིར་ད་ལྟའི་དགྲ་འདི་སྐྱེ་བ་སྔོན་མ་མང་པོ་ཞིག་གི་སྐབས་ཀྱི་མ་ཡིན་པའི་ཐག་ཆོད་སོང་བ་ཡིན་ཞིང་། དེའི་མིང་ལ་མར་ཤེས་ཟེར་བ་དེ་ཡིན། མ་ཡིན་པར་ཤེས་པ་རྐྱང་པས་མི་ཆོག་སྟེ། མར་ཤེས། དྲིན་དྲན། དྲིན་ལན་གསབ་འདོད་དེ་དག་ཡོད་དགོས། དྲིན་དྲན་པའི་ཕྱོགས་ནས་བསམ་བློ་ཞིག་བཏང་ན། མས་བུ་ལ་གཅེས་པ་ལྟ་བུ་དེ་མ་རང་ཉིད་ཀྱིས་རང་ཉིད་ལ་གཅེས་པ་མ་ཡིན། ཁྲ་དང་སྤྱང་ཀི་སྟག་གཟིག་དོམ་དྲེད་ལྟ་བུ་སྲོག་ཆགས་གཏུམ་པོ་ཡིན་ཡང་གཞན་གྱི་སྲོག་བཅད་ནས་རང་གི་བུ་གསོ་བཞིན་ཡོད། བུའི་དོན་དུ་རང་ཉིད་ཀྱི་སྲོག་ཀྱང་གཏོང་ཐུབ། མི་ལུས་བླངས་སྐབས་ཀྱི་མ་འདི་ལ་མཚོན་ན། ཟས་ཀྱི་ཕུད་བྱིན། གོས་ཀྱི་རྩེས་གཡོགས། བུ་ན་བ་ལས་ཀྱང་མ་རང་ཉིད་འཆི་བ་བདམས་ནས་སེམས་ནད་ལུས་གཅོང་བུའི་དོན་དུ་མྱོང་ཞིང་། འཇིག་རྟེན་གྱི་ཕྱོགས་ནས་དྲིན་ཆེ་ལུགས་ལ་བསམ་བློ་བཏང་ན། ལུས་བསྐྱེད་པའི་དྲིན། སྲོག་བྱིན་པའི་དྲིན། ཡོ་བྱད་བསྟབས་པའི་དྲིན། འཇིག་རྟེན་བསྟན་པའི་དྲིན། དམ་པའི་ཆོས་ཕྱོགས་ནས་བསམ་བློ་བཏང་ན། དལ་འབྱོར་བཅོ་བརྒྱད་ཚང་བའི་མི་ལུས་འདི་བསྐྱེད། བྱང་ཆུབ་སྒྲུབ་པའི་ཡོ་བྱད་ཟས་གོས་གནས་མལ་སྤྲད། མ་སེམས་ཅན་མེད་ན་དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཐབས་མེད། མ་སེམས་ཅན་འདི་དག་མེད་ན་བར་དུ་རྒྱལ་སྲས་ཀྱི་སྤྱོད་པ་རྒྱ་མཚོ་ལ་སློབ་ཐབས་མེད། དེ་གཉིས་ཀ་མེད་ན་མཐར་མངོན་པར་རྗོགས་པར་སངས་རྒྱས་ཐབས་ཤིག་གང་ན་ཡང་མེད་སྙམ་ནས་ཆོས་འཇིག་རྟེན་གཉིས་ཀའི་དྲིན་དྲན་པ་དེ་དྲིན་དྲན་པ་ཡིན། དྲིན་ལན་གསབ་འདོད་ཀྱི་ཐད་ནས་བསམ་བློ་བཏང་ན། དེ་ལྟ་བུའི་དྲིན་ཅན་གྱི་མ་འདིས་དེ་སྔ་ཉི་མ་ཡན་ཆད་ལ་དྲིན་ཆེན་པོས་ཚུར་འབའ་ཞིག་བསྐྱངས་ཡོད་ཅིང་། ད་རེས་ངས་ཐེག་པ་ཆེན་པོའི་ཆོས་དང་མཇལ། བླ་མ་དགེ་བའི་བཤེས་གཉེན་གྱིས་རྗེས་སུ་བཟུང་ནས། སྤང་བླང་འདོར་ལེན་ཤེས་པའི་སྐབས་ལ་ཁེལ་ཡོད་ལ། ད་རེས་ངས་མ་རྒན་སེམས་ཅན་འདི་དག་གི་དྲིན་ལན་འཇལ་རྒྱུའི་རེས་ལ་བབ་པ་ཡིན་སྙམ་པའི་དྲིན་ལན་བཟོ་འདོད་ཀྱི་རྟོག་པ་ཞིག་བསྐྱེད་དེ། སེམས་ཅན་ཐམས་ཅད་ལ་སྙོམས་པར་བྱ་རྒྱུ་དེ་བཏང་སྙོམས་ཚད་མེད་བསྒོམ་པ་དེ་ཡིན། དེ་ལྟར་བྱས་ནས་བརྟགས་ཤིང་དཔྱད་པ་བཏང་སྟེ་སྒོམ་ཚེ་བར་སྐབས་ཤིག་ལ་སེམས་འདི་ཐང་ཆད་ནས་རྣམ་རྟོག་གཏན་ནས་མི་འཕྲོ་དུས་འདས་པའི་རྗེས་སུ་མི་འབྲང་། མ་འོངས་པའི་མདུན་མི་བསུ། ད་ལྟའི་རྟོག་པ་འཕྲོ་མི་མཐུད་པར་བཅས་བཅོས་མེད་པར་བཞག་པ་དེ་ཉིད་བཏང་སྙོམས་ཀྱི་ཏིང་ངེ་འཛིན་སྒོམ་པ་ཞེས་པ་དེ་ཡིན། དམིགས་མེད་ཀྱི་བཏང་སྙོམས་སྒོམ་པ་ནི། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་འདི་རྡུལ་ཕྲན། སེམས་སྐད་ཅིག་མའི་སྐྱེ་འགག་གི་ཕྲེང་བ། སྐད་ཅིག་གཉིས་པར་མི་སྡོད་པ། དོན་དམ་པར་རང་བཞིན་གྱིས་མ་གྲུབ་པ། ཐ་སྙད་དུ་སྟོང་ཉིད་ཅིར་ཡང་མ་ཡིན་པ་ལས་ཅིར་ཡང་སྣང་བའི་རྟེན་འབྱུང་འགག་པ་མེད་པ། སྟོང་རྟེན་འབྱུང་དབྱེ་བསལ་མེད་པའི་དོན་ལ་ངེས་ཤེས་དྲངས་ཏེ་ཡང་བཅས་བཅོས་མེད་པར་འཇོག་རྒྱུ་དེ་ལྷག་མཐོང་སྐྱེད་པའི་ཐབས་ཡིན། དེ་ལྟར་ཐུན་བཅད་ནས་སྒོམ་དུས་ཀྱི་ཐུན་གྱི་བར་མཚམས་ཐམས་ཅད་ལ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཀྱི་ཆགས་སྡང་གཉིས་པོ་དུས་དང་རྣམ་པ་ཐམས་ཅད་དུ་བྲལ་བར་གྱུར་ཅིག་ཅེས་དེ་ལྟར་བསམ་པ་དེ་ཉིད་སྨོན་པ་དང་འབྲེལ་བ་ཡིན་ཞིང་། དེ་བྲལ་ན་ཅི་མ་རུང་སྙམ་པ་དེ་ཉིད་འདུན་པ་དང་འབྲེལ་བ་ཡིན་ལ། བྲལ་བ་ཞིག་ངས་བྱེད་དགོས་སྙམ་པ་དེ་ཉིད་དམ་བཅའ་དང་འབྲེལ་བ་སྟེ་འབྲེལ་བ་གསུམ་ལྡན་ཞེས་ཟེར། དེའི་ཐོག་ཏུ་དེ་ལྟར་འགྲུབ་པར་བླ་མ་དཀོན་མཆོག་ལ་གསོལ་བ་འདེབས་པ་ནི་གསོལ་འདེབས་དང་འབྲེལ་བ་སྟེ་འབྲེལ་བ་བཞི་ལྡན་དུ་ཐུན་དང་ཐུན་མཚམས་ཐམས་ཅད་དུ་མི་འབྲལ་བ་བྱེད་དགོས། འདི་མན་ངག་གི་ལུགས་ཀྱི་སྒོམ་སྟངས་ཡིན་ཞིང་། ཚད་མེད་གཞན་ཐམས་ཅད་ནི་འདིའི་རིགས་བསྒྲེས་ནས་བསྒོམ་དགོས། ཡང་བྱམས་པ་སྒོམ་དུས་བཏང་སྙོམས་ཀྱིས་སེམས་ཅན་ཐམས་ཅད་ཕན་པའི་ཡུལ་དུ་ཁྱད་པར་མེད་པ་འདྲ་འདྲར་བྱས་ཏེ་སྙོམས་པར་བྱས་པ་དེའི་ཐོག་ཏུ་བྱམས་པ་བསྒོམ་དགོས། འདི་ཚང་མ་ཐུན་གྱི་འགོ་ནས་ཁོལ་བུ་ཁོལ་བུར་བྱས་ཏེ་དམིགས་རྟེན་ལ་བཟུང་ཞིང་། དམིགས་རྣམ་སྤྲད་ནས་ཐུན་གྱི་སྨད་དུ་སེམས་ཅན་ཐམས་ཅད་ལ་བསྒོམ་དགོས། དེས་ན་དང་པོར་རང་གི་ཚེ་འདིའི་མ་དྲིན་ཆེན་མ་དེ་ཅི་འདྲའི་དྲིན་ཆེན་ཞིག་ཡིན། འདིས་འདོད་རྒྱུ་བདེ་བ་འདོད་ཀྱང་བདེ་བའི་རྒྱུ་སྒྲུབ་མི་ཤེས། སྡུག་བསྔལ་མི་འདོད་ཀྱང་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་ལ་རང་བཞིན་ཤུགས་ཀྱིས་སྤྱོད་ཀྱིན་ཡོད་བསམས་ནས། མ་རྒན་དེ་དམིགས་པའི་ཡུལ་དུ་བཟུང་སྟེ། རྣམ་པ་བློ་དེ་ཅི་འདྲ་ཞིག་ཡིན་ཟེར་ན། མ་རྒན་དྲིན་ཆེན་མ་འདི་སྐྱེ་བ་ནས་ཚེ་རབས་ཐམས་ཅད་ལ་བདེ་བའི་རྒྱུ་དད་དང་ངེས་འབྱུང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གསུམ་དང་ལྡན་པར་གྱུར་ཅིག ལྡན་ན་ཅི་མ་རུང་། ལྡན་པ་ཞིག་ངས་བྱ་བསམ་རྒྱུ་དང་། དེ་ལྟར་ལྡན་པ་ཞིག་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་གསོལ་བ་འདེབས་དགོས། སྤྱིར་ན་རྒྱུ་འབྲས་ཡིད་ཆེས་ཀྱི་དད་པ་ཟེར་བ་དེ་མཐོ་རིས་ཀྱི་རྒྱུ། ངེས་འབྱུང་དེ་ནི་ཐར་པའི་རྒྱུ། བྱང་ཆུབ་ཀྱི་སེམས་དེ་རྫོགས་པའི་སངས་རྒྱས་ཀྱི་རྒྱུ་ཡིན། སེམས་ཅན་ཐམས་ཅད་མར་ཤེས་པ་ནས་བདེ་བ་རྒྱུ་འབྲས་གཉིས་དང་ལྡན་པར་འདོད་པའི་བར་གྱི་དཔྱད་སྒོམ་གྱི་ཐོག་ནས་བྱམས་པ་སྒོམ་ལུགས་དེ་ལྟ་བུ་ཞིག་ཡིན། དེ་ནས་ཡང་སྔར་བཞིན་དུ་འཇོག་སྒོམ་བྱེད་རྒྱུ་དེ་ཉིད་ཞི་གནས་དང་དམིགས་མེད་ཀྱི་ཏིང་ངེ་འཛིན་འཁོར་གསུམ་པོ་སྣང་ལ་རང་བཞིན་མེད་པར་བསྒོམས་ནས། ཐུན་མཚམས་ཐམས་ཅད་ལ་དུས་རྒྱུན་དུ་བྱམས་པའི་ལུས་ཀྱི་ལས། མི་སུ་ལ་བལྟས་ན་འཛུམ་དམུལ་ལེ། སུ་དང་ཐུག་ཀྱང་དགའ་ཡ་ལེ། ཁྱད་པར་དུ་བྱམས་པའི་ལུས་ཀྱི་ལས། རྒན་པ་དང་ཉམ་ཆུང་རྣམས་བྱམས་པས་བསྐྱངས། བྱམས་པའི་ངག་གི་ལས། ཚིག་སྙན་མོ་བཤད། གཏམ་འཇམ་པོ་སྨྲ། སུ་ཡིན་ན་ཕན་པའི་དྲང་གཏམ་བརྗོད། བྱམས་པའི་སེམས་ཀྱི་ལས། མ་རྒན་སེམས་ཅན་ཐམས་ཅད་གནས་སྐབས་དང་མཐར་ཐུག་གི་བདེ་བ་ལ་ཇི་ལྟ་བུས་འགོད་དགོས་བསམས་ནས་བསམ་སྦྱོར་གྱིས་སྒྲུབ་དགོས་པ་དེ་ལྟ་བུ་ཡིན། སྙིང་རྗེ་ཚད་མེད་སྒོམ་དུས་ཀྱང་རང་གི་ཚེ་འདིའི་རྩ་བའི་མ་ཉིད་བསྒོམ་རྒྱུ་ཞིག་དང་། བཤའ་ལུག་ལ་སོགས་པ་གསོད་རན་པའི་སེམས་ཅན་ཞིག་ལ་དམིགས་ཡུལ་བྱས་པ་སྟེ། དེ་ཡང་མིན་ན་རང་ཉིད། ཡང་མིན་ན་ཨ་མ་རྒན་མོ་དེ་ཡིན་པའི་འདུ་ཤེས་བཞག་ནས། སྒོམ་ལུགས་ཤིག་སྟེ་ལུགས་སྲོལ་འདྲ་མི་འདྲ་གཉིས་ལྟ་བུ་ཞིག་ཡོད་ལ། གང་སྒོམ་ན་དོན་གཅིག་ཡིན། རང་གི་རྩ་བའི་མ་ནས་སྒོམ་པ་ལྟ་བུ་ལ་མ་རྒན་མོ་དེ་དམིགས་པའི་ཡུལ་དུ་བྱས་ཏེ་བསྒོམས་ནས་འདིས་མ་ལན་གཅིག་གིས་མི་ཚད་ཐེངས་མང་པོར་བྱས་ཤིང་། མ་བྱས་པའི་སྐབས་སུ་ལུས་བསྐྱེད་པའི་དྲིན། སྲོག་བྱིན་པའི་དྲིན། ཡོ་བྱད་བསྟབས་པའི་དྲིན། འཇིག་རྟེན་བསྟན་པའི་དྲིན་ལ་སོགས་པ་དྲིན་ཐམས་ཅད་ཚུར་དྲན་པར་བྱེད་པ་སྟེ། ལུས་བསྐྱེད་པའི་དྲིན་ལ་བསམ་བློ་ཞིག་བཏང་ན། རྣམ་ཤེས་བར་དོར་ཁྱི་གླེན་བཞིན་དུ་འཁྱམས་ནས། དེར་གནས་མེད་རྟེན་མེད་འཇིགས་སྐྲག་སྣ་ཚོགས་པས་མནར་ནས་ཡོད་པའི་སྐབས་སུ་རྟེན་སའི་ལུས་ཤིག་བྱིན། སྲོག་བྱིན་པའི་དྲིན་ལ་བསམ་བློ་བཏང་ན། ཚེ་འདིའི་གསོན་པོར་འཚོ་བའི་སྲོག་དམར་ཐང་ཅན་དེ་ཉིད་འདིས་བྱིན། ཡོ་བྱད་བསྟབས་པའི་དྲིན་ལ་བསམ་བློ་བཏང་ན། རྒྱུ་ལོངས་སྤྱོད་རྔུལ་ཆུའི་ཐིགས་པས་བསགས་པ་དེ་བུ་ལ་ཕངས་སེམས་མེད་པར་བྱིན། འཇིག་རྟེན་བསྟན་པའི་དྲིན་གྱི་ཐད་ནས་བསམ་བློ་བཏང་ན། མེ་ནང་ལ་མ་ལྕེབས་མ་གཏོགས་ཚིག་འགྲོ། ཆུ་ནང་ལ་མ་མཆོངས་མ་གཏོགས་འཁུར་འགྲོ། འདི་གྱིས་དང་འདི་ཡ་རབས་སྦྱོད་བཟང་གི་བྱ་བ་རེད། འདི་མ་བྱེད་འདི་མ་རབས་ཐ་ཆད་ཀྱི་ལས་ཀ་རེད་ཅེས་མ་རང་གིས་མ་ཤེས་ན་མ་གཏོགས་བསམ་བཟང་གིས་བུ་ལ་བསླབས་པ་དེ་ཉིད་འཇིག་རྟེན་བསྟན་པའི་དྲིན་ཡིན། དེ་ཚོ་ཚང་མ་ཞེ་ལ་བླངས་ན་མར་ཤེས་དྲིན་དྲན་གཉིས་ཀ་གྲུབ་སོང་བ་ཡིན། དྲིན་གཟོ་འདོད་ཀྱི་ཐོག་ནས་བསམ་བློ་བཏང་ན། འདིའི་བསམ་རྒྱུ་འདོད་རྒྱུ་ཅི་ཞིག་ཡིན་ན་བདེ་བ་འདོད་པ་ཡིན་ལ། ཁ་ཚིག་གཅིག་མ་གཏོགས་མ་གྲག ལག་ཡ་གཅིག་མ་གཏོགས་མ་འགུལ་ན་བདེ་བའི་ཆེད་དུ་ཡིན་ཡང་བདེ་བའི་རྒྱུ་ངོ་མ་དེ་ཉིད་དད་པ་ངེས་འབྱུང་བྱང་ཆུབ་ཀྱི་སེམས་ནི་འདིས་སྒྲུབ་མི་ཤེས། ལམ་སྟོན་གྱི་དགེ་བའི་བཤེས་གཉེན་ནི་འདི་ལ་མེད། ཡོད་ཀྱང་དེའི་བཀའ་བཞིན་སྒྲུབ་མི་ཤེས། སྤྱོད་འཇུག་གི་ནང་དུ། བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །ཞེས་གསུངས་པ་ལྟར་སྡུག་བསྔལ་ནི་འདིས་མི་འདོད། ཐ་ན་མེ་སྟག་ཕྲ་མོ་ལུས་ལ་ཕོག་པའི་སྡུག་བསྔལ་དང་ཚེར་མ་རྣོན་པོ་ལག་པ་ལ་ཟུག་པའི་སྡུག་བསྔལ་ཙམ་ཡང་འདིས་མི་འདོད་ཀྱང་། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །ཅེས་གསུངས་པ་ལྟར་ཞེ་འདོད་དང་ལག་ལེན་གཉིས་ཀ་ཕྱིན་ཅི་ལོག་ཏུ་གྱུར་ཏེ། སྡུག་བསྔལ་གྱི་བདེན་པས་དངོས་སུ་གནོད། ཀུན་འབྱུང་གི་བདེན་པས་བརྒྱུད་ནས་གནོད། ཚེ་འདིའི་སྡུག་བསྔལ་གྱིས་སྐྱེལ་མ་བྱས། ཚེ་ཕྱི་མའི་སྡུག་བསྔལ་གྱིས་བསུ་མ་བྱས་ཏེ། བར་དོའི་སྡུག་བསྔལ་གྱིས་མཚམས་སྦྱོར་བའི་སྡུག་བསྔལ་རྒྱུ་འབྲས་ཀྱིས་མནར་ནས། མ་རྒན་དྲིན་ཅན་མ་འདི་ཤ་ཚ་སྙིང་རྗེ་བསམས་ཏེ། འདི་སྲིད་པ་ཁམས་གསུམ་འཁོར་བའི་སྡུག་བསྔལ་དང་བྲལ་བར་གྱུར་ཅིག བྲལ་ན་ཅི་མ་རུང༌། བྲལ་བ་ཞིག་ངས་བྱ། དེ་ལྟར་བྲལ་བར་བླ་མ་དཀོན་མཆོག་གསུམ་ལ་གསོལ་བ་འདེབས་པ་དེ་ཉིད་རྣམ་པ་བློ་ཡིན། མཐར་སེམས་ཅན་ཐམས་ཅད་ལ་དེ་འདྲ་བསྒོམས་ནས་འབྲེལ་བ་བཞི་ལྡན་གྱི་ཐོག་ནས་དཔྱད་སྒོམ་དང་འཇོག་སྒོམ་སྤེལ་མ་རེ་བྱེད། སྙིང་རྗེའི་ཏིང་ངེ་འཛིན་འཁོར་གསུམ་པོ་སྣང་ལ་རང་བཞིན་མེད་པའི་ངེས་ཤེས་དྲངས་པས་དུས་རྒྱུན་དུ་སེམས་ཅན་མིག་གིས་མཐོང་ཚད་ལ་སྙིང་རྗེ་བསྒོམ། དགའ་བ་ཚད་མེད་ལ་མཚོན་ན། ཡང་རང་གི་རྩ་བའི་མ་དེ་དམིགས་ཡུལ་ལ་བཟུང་སྟེ། མར་ཤེས། དྲིན་དྲན། དྲིན་གཟོ་འདོད་དང་། ཁྱད་པར་དུ་བདེ་བ་དང་ལྡན་འདོད་ཀྱི་བྱམས་པ་དང་། སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་གཉིས་ཀ་བཅོས་མ་མ་ཡིན་པ་ཞིག་བསྒོམ། མ་རྒན་དེ་ཟས་གོས་ལོངས་སྤྱོད་འབྱོར་བ་མངའ་ཐང་ཞིག་ཡོད་པ་དེ་དམིགས་པའི་ཡུལ་དུ་བཟུང་སྟེ། དེའི་ཐོག་ལ་རྣམ་པ་བློ་དེ་ཅི་འདྲ་དགོས་པ་ཡིན་ཟེར་ན། མ་རྒན་སྐྱིད་ཀྱིན་ཡོད་པ་དེ་ལ་དགའ་བ་བསྒོམ། མ་རྒན་དེ་སྐྱིད་ཀྱི་འབྲས་བུ་མྱོང་བ་དེའི་རྒྱུ་དགེ་བ་ཅུང་ཟད་ཅིག་ཡོད་པ་དེ་ཉིད་མ་ཉམས་མི་ཟད་པར་གོང་ནས་གོང་དུ་འཕེལ། བདེ་བ་རྒྱུ་འབྲས་གཉིས་ཀ་དང་ནམ་ཡང་འབྲལ་བར་མ་གྱུར་ཅིག མ་བྲལ་ན་ཅི་མ་རུང་། མི་འབྲལ་བ་ཞིག་ངས་བྱ། མི་འབྲལ་བར་བླ་མ་དཀོན་མཆོག་མཁྱེན་སྙམ་ནས་གསོལ་བ་འདེབས་དགོས། དེ་ལྟར་དཔྱད་སྒོམ་གྱི་ཐོག་ནས་དགའ་བ་བསྒོམ། སྣང་ལ་རང་བཞིན་མེད་པའི་ངེས་ཤེས་དྲངས་ནས་དགའ་བའི་ཏིང་ངེ་འཛིན་བསྒོམ། དམིགས་མེད་ཀྱི་ངང་ལ་མཉམ་པར་བཞག དུས་རྒྱུན་དུ་ཡང་སེམས་ཅན་ཐམས་ཅད་ཀྱི་བདེ་བ་ལ་ཕྲག་དོག་མེད་པའི་དགའ་བ་བསྒོམ་དགོས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཐོག་མར་དེ་ལྟར་ཚད་མེད་བཞི་དེ་བསྒོམ་དགོས། ཚད་མེད་བཞི་པོ་དེ་བསྒོམས་ནས་ངེས་ཤེས་གང་ལ་གང་འཚམས་ཤིག་འདྲོངས་བའི་རྗེས་ཐོག་དེ་ནས་དངོས་སུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དགོས་པ་ཡིན། སེམས་བསྐྱེད་ཅེས་པ་འདི་ལ་ངོ་བོ་དང་དབྱེ་བ་དང་སེམས་བསྐྱེད་ཚུལ་དང་གསུམ་བཤད་རྒྱུ་ཡོད། དེའི་ནང་གི་དང་པོ་ངོ་བོ་དེ་ཅི་འདྲ་ཞིག་ཡིན་ཟེར་ན། དོན་གཉིས་ལྡན་པའི་སེམས་བསྐྱེད་དེ་བྱང་ཆུབ་སེམས་བསྐྱེད་ཀྱི་ངོ་བོ་ཡིན། དོན་གཉིས་སམ་ཟུར་གཉིས་དེ་གང་ཡིན་ཞེ་ན། རྒྱལ་ཚབ་བྱམས་པ་མགོན་པོས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་ཡོད་ལ། ཟུར་དང་པོའམ་དོན་དང་པོ་དེ་གང་ཡིན་ཞེ་ན། སྙིང་རྗེས་སེམས་ཅན་ལ་དམིགས་པ་སྟེ། སེམས་ཅན་ཐམས་ཅད་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་ན་སྙམ་པ་དེ་ཡིན། དོན་གཉིས་པའམ་ཟུར་ཕྱི་མ་དེ་སེམས་ཅན་ཐམས་ཅད་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་ནས་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ་སྙམ་པ་དེ་ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པ་ཡིན། ཟུར་གཉིས་ཀ་དེ་མ་ཚང་ན་སེམས་བསྐྱེད་ཡང་དག་པ་ཞིག་འགྱུར་མི་ཐུབ། དེ་ལ་དབྱེ་ན་བློ་སྟོབས་ཀྱི་ཁྱད་པར་གྱིས་ཟུར་དང་པོ་སྙིང་རྗེས་སེམས་ཅན་ལ་དམིགས་པ་ལ་དབྱེ་བ་མེད་ཀྱང་ཟུར་གཉིས་པ་ཤེས་རབ་ཀྱིས་རྫོགས་བྱང་ལ་འགོད་ལུགས་ལ་བློ་སྟོབས་ཀྱི་ཁྱད་པར་གྱིས་དབྱེ་བ་ཡོད། དེ་ཇི་ལྟར་ཡིན་ཞེ་ན། དང་པོ་རང་ཉིད་སངས་རྒྱས་ཐོབ་སྟེ། དེ་ནས་སེམས་ཅན་སངས་རྒྱས་ཀྱི་སར་བཀོད་པ་རྒྱལ་པོ་ལྟ་བུའི་སེམས་བསྐྱེད་ཅེས་པ་སྟེ། རྒྱལ་པོས་སྔོན་ན་རང་ཉིད་ཀྱིས་རྒྱལ་ས་ཐོབ། དེ་ནས་མངའ་འབངས་བདེ་བ་ལ་བཀོད་པ་དང་འདྲ་བ་ཡིན། གཉིས་པ་གྲུ་པ་ལྟ་བུའི་སེམས་བསྐྱེད་ཅེས་པ་ནི་རང་ཉིད་སྔོན་ལ་མི་འགྲོ་སེམས་ཅན་རྗེས་ལ་མི་བཞག་ནས་ལྷན་དུ་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པ་སྟེ། གྲུ་པ་དང་གྲུ་ནང་གི་འགྲུལ་བ་གཉིས་ཀ་ཆུའི་ཕ་རོལ་མཉམ་པོར་ཐོན་པ་ལྟ་བུ་ཡིན། གསུམ་པ་རྫི་བོ་ལྟ་བུའི་སེམས་བསྐྱེད་ཅེས་པ་ནི། དང་པོ་སྔོན་ལ་སེམས་ཅན་འདི་དག་ཐམས་ཅད་ཀྱིས་གཏན་བདེ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཞིག་ཐོབ་དགོས། དེའི་རྗེས་སུ་རང་ཉིད་ལྟོས་པ་མེད་པར་གཏན་བདེའི་གོ་འཕང་ཐོབ་ན་ཐོབ་མ་ཐོབ་ན་མ་ཐོབ་སྙམ་རྒྱུའི་སེམས་བསྐྱེད་དེ་ཡིན། སེམས་བསྐྱེད་འདིའི་ས་མཚམས་ཀྱི་དབྱེ་བའི་ཐད་ནས་བཤད་ན། ཚོགས་སྦྱོར་གཉིས་ཀྱི་ལམ་ན་མོས་པས་སྤྱོད་པའི་སེམས་བསྐྱེད་ཅེས་གསུངས་ཡོད། དེ་ཅིའི་ཕྱིར་ཟེར་ན། དེའི་སྐབས་སུ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་མཚན་ཉིད་པ་རྒྱུད་ལ་སྐྱེ་རུང་དུ་ཡོད་ཀྱང་། དོན་དམ་བྱང་ཆུབ་ཀྱི་སེམས་ལ་དོན་སྤྱིའི་ཐོག་ནས་གོ་བའམ་མྱོང་བ་ཙམ་ཞིག་མ་གཏོགས། མངོན་སུམ་དུ་མ་རྟོགས་པས་མོས་པས་སྤྱོད་པའི་སེམས་བསྐྱེད་ཅེས་གསུངས་ལ། ས་དང་པོ་ནས་བདུན་པའི་བར་ལྷག་བསམ་དག་པའི་སེམས་བསྐྱེད་ཅེས་གསུངས་ཤིང་། དེའི་དོན་ཅི་ཡིན་ཞེ་ན། དེའི་དུས་མཉམ་བཞག་གི་སྐབས་ཉོན་ཡིད་འགགས་ནས་རྗེས་ཐོབ་ཏུ་ངར་འཛིན་ཕྲ་བ་རེ་སྐྱེས་ཀྱང་ལམ་གྱི་བར་ཆད་དུ་མི་འགྱུར་བས་ན་ལྷག་བསམ་དག་པའི་སེམས་བསྐྱེད་ཅེས་གསུངས། དག་པ་ས་གསུམ་གྱི་གནས་སྐབས་སུ་རྣམ་པར་སྨིན་པའི་སེམས་བསྐྱེད་ཅེས་གསུངས་ཏེ། དེའི་དོན་ཅི་ཡིན་ཞེ་ན། དེའི་སྐབས་སུ་སྔར་ཚོགས་སྦྱོར་གྱི་དུས་སུ་སྨོན་ལམ་བཏབ་པ་ཐམས་ཅད་འགྲུབ་རན་ནས། དཔེར་ན་ལོ་ཐོག་སྨིན་པ་དང་འདྲ་བས་མི་ཚད་གཞན་དོན་རླབས་ཆེན་འགྲུབ་པའི་དུས་ཀྱང་ཡིན། སངས་རྒྱས་ཀྱི་ས་ན་སྒྲིབ་པ་སྤངས་པའི་སེམས་བསྐྱེད་དེ། སྒྲིབ་པ་སྤངས་པའི་སེམས་བསྐྱེད་དེ་ཅི་འདྲ་ཞིག་ཡིན་ཞེ་ན། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པས་ཀུན་རྫོབ་སེམས་བསྐྱེད་སྔར་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར་དུ་ཁས་བླངས་པས་དུས་ཚོད་ཀྱི་ཐོག་ཐོན་པས་མི་ཚད་འདས་ཟིན་ཀྱང༌། དོན་དམ་སེམས་བསྐྱེད་ཐོབ་ལ་མ་ཉམས་པའི་ཚུལ་ཡར་ལྡན་དུ་ཡོད་པ་ཡིན། དེས་ན་ཚོགས་སྦྱོར་གྱི་གནས་སྐབས་སུ་ཀུན་རྫོབ་སེམས་བསྐྱེད་རྣམ་པར་དག་པ་ཞིག་ཡོད་ཀྱང་། དོན་དམ་སེམས་བསྐྱེད་ཐད་ཀྱི་ཚོགས་ལམ་པས་གོ སྦྱོར་ལམ་པས་མྱོང་། མཐོང་ལམ་པས་རྟོགས། ས་དང་པོ་ཐོབ་ནས་མཐོང་ལམ་ཆོས་ཉིད་ཀྱི་བདེན་པ་རྟོགས་པའི་གནས་སྐབས་སུ་རང་དོན་དུ་ཡེ་ཤེས་མངོན་སུམ་དུ་རྟོགས་ཀྱང་གཞན་དོན་དུ་ཏིང་ངེ་འཛིན་དང་རྫུ་འཕྲུལ་ལ་རང་དབང་འབྱོར་བའི་ཡོན་ཏན་ཐོབ་རྒྱུ་ཡོད། མ་དག་ས་བདུན་གྱི་གནས་སྐབས་ན་ཉོན་ཡིད་མ་སྤངས་པའི་སྟབས་ཀྱིས་མ་དག་ས་བདུན་ཞེས་གསུངས་ཡོད། འདིའི་དུས་སུ་རྗེས་ཐོབ་ན་རང་འདོད་ཀྱི་རྟོག་པ་ཕྲ་མོ་རེ་ཡོད་ཀྱང་རང་བཞིན་གྱིས་དག་ནས་ཞིག་འགྲོ་བ་མ་གཏོགས་སྦྱོར་བས་རང་དོན་མི་བསྒྲུབས་པས་ན་ལྷག་བསམ་དག་པ་ཞེས་གསུངས། དེའི་ཡན་གྱི་དག་པ་ས་གསུམ་ནི་ཞིང་དང་སྤྱོད་ཡུལ་དག་པས་ན་དག་པ་ཞེས་གསུངས་ལ། དག་པ་ས་གསུམ་འདིའི་གནས་སྐབས་ན་ཤེས་སྒྲིབ་ཕྲ་རགས་ཐམས་ཅད་སྤངས་པས་ས་བཅུའི་རྒྱུན་གྱི་ཐ་མ་ལ་གཉེན་པོ་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས་བག་ཆགས་ཀྱི་སྒྲིབ་པ་ལྷག་མ་མ་ལུས་པ་སྤངས་ཏེ། རྣམ་པ་ཐམས་ཅན་མཁྱེན་པའི་ཡེ་ཤེས་སུ་གནས་གྱུར་པ་སྒྲིབ་པ་སྤངས་པའི་སེམས་བསྐྱེད་ཅེས་གསུངས་ཤིང་། སྤྱིར་ན་ཤེས་སྒྲིབ་ངོས་འཛིན་ལུགས་ལ་ཁྱད་པར་ཅི་རིགས་ཡོད་ལ། སྔ་འགྱུར་རང་ལུགས་ལ་རྒྱུད་བླ་མའི་དགོངས་དོན་ལྟར་དུ་ཡིན་པ་སྟེ། སེར་སྣ་ལ་སོགས་རྣམ་རྟོག་གང་། །དེ་ནི་ཉོན་མོངས་སྒྲིབ་པར་འདོད། །འཁོར་གསུམ་རྣམ་པར་རྟོག་པ་གང་། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །ཅེས་གསུངས་པས་ཉོན་མོངས་འདོད་ཆགས་ལ་སོགས་པ་ཉོན་སྒྲིབ་དང་། འཁོར་གསུམ་དུ་རྣམ་པར་ཞེན་པ་ཤེས་སྒྲིབ་ཏུ་འདོད་པ་ཡིན། ལུགས་གཞན་ལྟར་ན་ཉོན་ཤེས་ཀྱི་སྒྲིབ་པ་གཞི་མཐུན་དུ་འདོད་པ་དང་། བདེན་འཛིན་ཉོན་སྒྲིབ་དང་དེ་ཇེ་ཕྲར་སོང་བ་དེ་ཤེས་སྒྲིབ། དེ་ཇེ་ཕྲར་སོང་བ་བག་ཆགས་ཀྱི་སྒྲིབ་པར་འདོད་པ་ལ་སོགས་པ་དེ་ཚོ་ཞིབ་ཅིང་ཕྲ་བ་ནི་གཞུང་བཤད་པའི་ཞལ་ནས་གསལ་བ་ཡིན། སེམས་བསྐྱེད་དེ་ངོ་བོའི་སྒོ་ནས་དབྱེ་ན། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཞེས་པ་ཞིག་དང་། དོན་དམ་བྱང་ཆུབ་ཀྱི་སེམས་ཞེས་པ་གཉིས་ཡིན། དེ་ཅི་འདྲ་ཡིན་ཞེ་ན། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་བློ་རྣམ་པར་རྟོག་པ་འདིའི་སྟེང་ནས་བསྐྱེད་བསྡུད་བྱེད་རྒྱུ་ཞིག་དང་། དོན་དམ་བྱང་ཆུབ་ཀྱི་སེམས་ཟེར་རྒྱུ་དེ་སེམས་རྣམ་པར་རྟོག་པའི་རྒྱུ་བ་དབྱིངས་སུ་ནུབ་པའི་ཡེ་ཤེས་དེ་ཡིན། དེས་ན་འུ་ཅག་གིས་མ་ཤེས་ཐབས་མེད་ཅིག་ལ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་ལ། སྨོན་པ་བྱང་ཆུབ་ཀྱི་སེམས་ཞེས་པ་ཞིག་དང་། འཇུག་པ་བྱང་ཆུབ་ཀྱི་སེམས་ཞེས་པ་ཞིག་སྟེ་གཉིས་ཡོད་དེ། རྒྱལ་སྲས་ཞི་བ་ལྷས། འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་བཞིན། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་གསུངས་ཏེ། ས་ཆ་ག་གེ་མོ་ཞིག་ལ་འགྲོ་དགོས་སྙམ་པའི་བསམ་པ་དང་། ངོ་མ་དངོས་སུ་འགྲོ་འགོ་བཙུགས་པ་ལྟ་བུ་ཞིག་གི་ཁྱད་པར་ཡོད་པ་ཡིན། དེས་ན་དོན་གྱི་ཐོག་ནས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སར་འགོད་དགོས་བསམས་ནས་དེའི་འབྲས་བུ་ལ་སྨོན་པ་སྨོན་པ་བྱང་ཆུབ་ཀྱི་སེམས་དང་། དེ་ཐོབ་པའི་རྒྱུའམ་ཐབས་ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་འདོད་ཀྱི་འཇུག་པ་དེ་རྒྱུ་ལ་དམ་བཅའ་བ་འཇུག་པ་བྱང་ཆུབ་ཀྱི་སེམས་ཡིན། དོན་དམ་བྱང་ཆུབ་ཀྱི་སེམས་དེ་སྒོམ་པའི་སྟོབས་ལས་སྐྱེ་དགོས་པ་སྟེ། ཡོངས་འཛིན་དམ་པ། རྗེས་གྲུབ་དམ་པ། རྟོགས་པ་དམ་པ་གསུམ་ལས་སྐྱེ་རྒྱུ་ཞིག་ཡིན་ལ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་ཆོ་ག་ལ་བརྟེན་ནས་སྐྱེ་བ་ཡིན། དེས་ན་སྐབས་འདིར་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་གསུམ་པ་གྲོགས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཡིན་ལ། དམ་བཅའི་ལྕགས་ཀྱུས་ཟིན་པའི་སེམས་བསྐྱེད་ཀྱི་སྡོམ་པ་ཇི་ལྟར་ལེན་དགོས་ཤེ་ན། སྤྱིར་ན་དབུ་མ་དང་ནི་སེམས་ཙམ་གྱི་ལུགས་རྣམ་པ་གཉིས་སམ། ཡང་ན་འཕགས་པ་འཇམ་དཔལ་ནས་ཀླུ་སྒྲུབ་ལ་བརྒྱུད་པའི་ཟབ་མོ་ལྟ་སྲོལ་དང་། རྗེ་བཙུན་བྱམས་མགོན་ནས་ཐོགས་མེད་ལ་བརྒྱུད་པའི་རྒྱ་ཆེན་སྤྱོད་སྲོལ་ཏེ། སྲོལ་གཉིས་ཀྱི་ནང་གི་གང་ཡིན་རུང་། སྦྱོར་བ་སྔོན་འགྲོའི་ཆོས། དངོས་གཞི་དམ་བཅའ་བ། མཇུག་རང་གཞན་དགའ་བ་སྒོམ་པ་དང་གསུམ་ཡོད། དེའི་ནང་གི་དང་པོ་སྦྱོར་བ་སྔོན་འགྲོའི་ཆོས་དེ་ཚོགས་བསགས་པ་དང་། བློ་སྦྱོང་བ་དང་། ཡོངས་སུ་བཟུང་བའི་གཞི་གསུམ་བཏང་བ་རྣམས་སྔོན་དུ་སོང་ནས། རང་རེས་ནངས་དུས་སྔ་མོ་འདོན་རྒྱུ་དེས་བྱང་སེམས་ཀྱི་སྡོམ་པ་ལེན་ལུགས་ནི། མདུན་གྱི་ནམ་མཁར་འོད་དཔག་མེད་ལ་སོགས་པ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་དང་། བླ་མ་རྡོ་རྗེ་འཛིན་པ་རྣམས་མངོན་སུམ་དུ་བཞུགས་ཡོད་པར་བསྒོམས་ཏེ་དམིགས་པའི་སྤྱན་སྔར། སེམས་ཅན་ཐམས་ཅད་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་ཏེ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པའི་ཆེད་དུ་སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། འཇུག་པ་ཕར་ཕྱིན་དྲུག་ལ་བསླབ་རྒྱུའི་དོན་དུ་གོང་དུ་བསྐྱེད་པའི་ཚོགས་ཞིང་གི་མདུན་དེ་ནས་བདག་གིས་ཐེག་ཆེན་སེམས་བསྐྱེད་ཀྱི་སྡོམ་པ་ཞུ་བ་ཡིན་སྙམ་པས། དགོངས་སུ་གསོལ་བ་གསུམ་སྔོན་དུ་སོང་ནས། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར་ལ་སོགས་པ་སྐྱབས་སུ་འགྲོ་བ་གསུམ་གྱིས་གཞི་བཟུང་སྟེ། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས་ལ་སོགས་པ་དངོས་གཞི་དམ་བཅའ་བ་གསུམ་གྱི་ཐོབ་མཚམས་བརྗོད་པ་གསུམ་གྱི་ཐ་མ་ལ་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་སྡོམ་པ་དེ་ཐོབ་སོང་བ་ཡིན། དེ་ནས་མཇུག་ཏུ་དེང་དུས་བདག་ཚེ་ལ་སོགས་པ་རང་གཞན་དགའ་བ་བསྒོམ། རང་དགའ་བའི་རྒྱུ་མཚན་ཅི་ཡིན་ཟེར་ན། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ཞེས་གསུངས་ཤིང་། སངས་རྒྱས་ཀྱི་སྲས་སུ་གྱུར་སོང་བས་དགའ་བ་སྨྲོས་ཅི་དགོས་ཏེ། རང་དགའ་བ་སྒོམ་པའི་རྒྱུ་མཚན་དེ་ཡིན། མི་ཡི་ལུས་རྟེན་ཞིག་བླངས་བ་གོ་ཆོད་ནས་སངས་རྒྱས་ཀྱི་རིགས་སམ་སངས་རྒྱས་ཀྱི་སྲས་སུ་སྐྱེས་ཏེ་སྐུའི་གདུང་འཚོབ། གསུང་གི་མཛོད་འཛིན། ཐུགས་ཀྱི་གསང་བ་འཆང་། གདུལ་བྱའི་ལྷག་མ་སྐྱོང་བའི་བྱང་ཆུབ་སེམས་དཔར་གྱུར་སོང་བ་སྟེ། ལོང་བས་ཕྱག་དར་ཕུང་པོ་ལས། །ཇི་ལྟར་རིན་ཆེན་རྙེད་པ་ལྟར། །དེ་བཞིན་ཅི་ཞིག་ལྟར་སྟེས་ནས། །བྱང་ཆུབ་སེམས་ནི་བདག་ལ་སྐྱེས། །ཞེས་གསུངས་པ་ལྟར་མི་ལོང་བ་ཞིག་གིས་རྡུལ་སྙིགས་ཀྱི་ཁྲོད་ནས་ཡིད་བཞིན་གྱི་ནོར་བུ་བསམ་དོན་ཐམས་ཅད་འགྲུབ་པའི་རྙེད་པ་ཆེན་པོ་ཞིག་རྙེད་པས་ད་ནི་སྲོག་དམར་པོ་འདི་ལ་བབ་ཀྱང་རང་དོན་ཡིད་བྱེད་ཀྱི་སྐྱོན་མེད་པ་ཞིག་བྱེད་དགོས། རིགས་དམ་པ་རྒྱལ་སྲས་ཀྱི་རིགས་འདི་བརྫད་མི་ཉན། འདི་བརྫད་དུས་ཕྱོགས་བཅུའི་སངས་རྒྱས་བསླུས་ཤིང་། ཁམས་གསུམ་སེམས་ཅན་བསླུས་ལ། དེ་ལྟར་དུ་བསམ་དགོས། དེས་ནི་རང་དགའ་བ་བསྒོམ་པའི་རྗེས་སུ་ཡང་གཞན་དགའ་བ་བསྐྱེད་པ་སྟེ། བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །ཞེས་གསུངས་པ་ལྟར་རང་རེའི་འདོན་ཆའི་ནང་དུ་ཡོད་པ་ལྟར་རང་དགའ་བ་བསྒོམས་པའི་རྗེས་སུ་གཞན་དགའ་བ་བསྒོམ་དགོས། ངས་ཉི་མ་དེ་རིང་ནས་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་སེམས་ཅན་ཐམས་ཅད་གནས་སྐབས་ལྷ་མིའི་གོ་འཕང་ནས་མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་གི་བདེ་བ་ལ་དགོད་རྒྱུའི་མགྲོན་ལ་བོས་ཚར་བ་ཡིན་པས་ལྷ་དང་ལྷ་མིན་ལ་སོགས་པ་ཐམས་ཅད་ཀྱིས་དགའ་དགའ་གྱིས་ཞེས་གསུངས་པ་ཡིན། དེ་ལྟར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་སེམས་བསྐྱེད་ཀྱི་སྡོམ་པ་དེ་ཐོབ་པ་ནས་བཟུང་སྟེ། མིང་གནས་གྱུར་ནས་བྱང་ཆུབ་སེམས་དཔར་གྱུར་སོང་བ་ནི། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་གསུངས་པ་ལྟ་བུ་དང་། དོན་གནས་གྱུར་སོང་ཞིང་། དོན་ཇི་ལྟར་གནས་གྱུར་སོང་ཞེ་ན། དོན་གནས་གྱུར་ནས་འགྲོ་བ་ལྷ་དང་བཅས་པས་ཕྱག་བྱ་བའི་འོས་སུ་གྱུར་སོང་ལ། ཉི་མ་དེ་རིང་ནས་བཟུང་སྟེ་དཀར་ཕྱོགས་སྐྱོང་བའི་ལྷ་ཐམས་ཅད་ཀྱིས་ཡོངས་སུ་སྐྱོབ་པ་དང་། གང་དུ་གནས་པའི་ས་ཕྱོགས་སུ་དབུལ་ཕོངས་དང་འཐབ་རྩོད་ཞི་བ་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་དེ་ལྟར་ཐོབ་རྒྱུ་ཡོད། འོན་ཀྱང་སེམས་མཆོག་བསྐྱེད་པ་སླ་ཡང་སྐྱེས་པ་དཀའ་ཞེས་གསུངས་ཏེ། བྱང་སྡོམ་ལེན་རྒྱུ་ཆོ་གའི་སྟེང་ནས་ལས་སླ་མོ་བྱས་ཏེ་ཚིག་འགའ་ཞིག་བཏོན་ནས་ལེན་རྒྱུ་ཡོད་ཀྱང་རྒྱུད་ལ་དངོས་སུ་སྐྱེས་པ་དེ་ཉིད་དཀའ་མོ་ཡིན། གོང་དུ་བཤད་པའི་ཚད་མེད་བཞི་དེ་ཚུར་བསྡུས་ན། བྱམས་སྙིང་རྗེ་གཉིས། དེ་ཡང་གཅིག་ཏུ་ཚུར་བསྡུས་ན། སྙིང་རྗེ་གཅིག་པུ་བསྒོམ་རྒྱུ་དེ་གཟབ་རྒྱུ་འདི་གལ་ཆེན་ནང་གི་དོན་ཆེན་ཡིན། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྐྱེས་པའི་ཕན་ཡོན་ལ་བསམས་ན། ཡོད་ན་སངས་རྒྱས་སྒྲུབ་ལ་དེས་ཆོག་ཅིང༌། །མེད་ན་སངས་རྒྱས་སྒྲུབ་ལ་ཐབས་ཆག་པ། །སངས་རྒྱས་སྒྲུབ་པའི་ས་བོན་མ་ནོར་བ། །རྣམ་དག་བྱང་ཆུབ་སེམས་མཆོག་བསྐྱེད་པར་ཤོག །ཅེས་གསུངས་པ་ལྟར་ཡིན་པ་མ་ཟད་བྱང་ཆུབ་སེམས་ཀྱིས་མ་ཟིན་པའི་དགེ་རྩ་ཡོད་ཚད་ཐམས་ཅད་བདེ་འབྲས་ལན་གཅིག་མྱོང་ཚར་ནས་ཟད་འགྲོ་རྒྱུ་དཔེར་ན་ཆུ་ཤིང་གི་འབྲས་བུ་གཅིག་མ་གཏོགས་མེད་པ་དེ་ལྟ་བུ་ཡིན་པ་རེད། བྱང་ཆུབ་ཀྱི་སེམས་འདི་རྒྱུད་ལ་ཡོད་ན་དགེ་རྩ་རྒྱུན་མི་ཆད་པ་གོང་ནས་གོང་དུ་འཕེལ། ངེས་པའི་སྡིག་པ་མཚམས་མེད་བསགས་པ་ལྟ་བུ་ཡོད་ཀྱང་ངན་སོང་ལ་སྐྱེས་ན་དར་གྱི་ཕོ་ལོང་བརྡབས་པའི་ཡུན་ཙམ་ཞིག་ལས་འགྲོ་མི་དགོས། མ་ངེས་པའི་སྡིག་པ་མི་རྟ་བཅོ་བརྒྱད་བསད་ཡོད་ཀྱང་བྱང་ཆུབ་ཀྱི་སེམས་དེ་སྐྱེས་པའི་སྐད་ཅིག་གཅིག་ལ་དུས་མཐའི་མེས་རྩྭ་དང་སྦུར་མ་བསྲེགས་པ་ལྟར་སྡིག་པ་ཆེན་པོ་དེ་འཇོམས་འགྲོ། དེས་ན་ཞིང་ཁམས་འདིའི་བྱང་ཆུབ་སེམས་དཔའ་ཐམས་ཅད་བདེ་བ་ཅན་དུ་སྐྱེ་བར་སྨོན་ལམ་བཏབ་ན་ཞིང་ཁམས་དེར་སྐྱེ་ཞེས་གསུངས་པས་སེམས་བསྐྱེད་འདི་ལ་རྒྱུན་དུ་འབད་པ་བྱེད་རྒྱུ་དེ་ཉིད་གལ་ཆེ། བདེ་བ་ཅན་དུ་སྐྱེ་བྱེད་ཀྱི་རྒྱུ་ངོ་མ་དེ་ཉིད་ཡིན། བྱང་ཆུབ་ཀྱི་སེམས་འདི་བླངས་ནས་ཉམས་ཤོར་ན་ནག་པོའི་ཆོས་བཞི་མཉམ་གཅིག་ཏུ་རྒྱུད་ལ་འབྱུང་བ་ཡིན་ཞིང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་སྨོན་འཇུག་གི་བསླབ་བྱ་ལ་སློབ་དགོས། བྱང་ཆུབ་སྨོན་པའི་བསླབ་བྱ་རང་འདོད་མ་དོར་ནས་སེམས་ཅན་བློས་བཏང་དང་། རྣམ་མཁྱེན་བློས་བཏང་མི་བྱེད་པའི་ཐོག་ནས་བདག་གཞན་མཉམ་པ། བདག་གཞན་བརྗེ་བ། བདག་བས་གཞན་གཅེས་གསུམ་པོ་བསྒོམ། འཇུག་པའི་བསླབ་བྱ་ལ་མཚོན་ན་རྒྱལ་སྲས་ཀྱི་སྤྱོད་པ་རྒྱ་མཚོ་ལྟ་བུ་མང་པོ་ཞིག་ཡོད་ཅིང་། དེ་ཐམས་ཅད་ཚུར་བསྡུ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ནང་དུ་འདུས་པ་ཡིན། སྦྱིན་པ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན་ཏེ། དེ་དག་དམིགས་བཅས་བསོད་ནམས་ཀྱི་ཚོགས་དང་ཐབས་སྤྱོད་པའི་ཚོགས་ཞེས་ཀྱང་ཟེར། ཤེས་རབ་དེ་དམིགས་མེད་ཡེ་ཤེས་ཀྱི་ཚོགས་སམ་ལྟ་བའི་ཚོགས་ཡིན། འདི་དྲུག་ལ་ཕར་ཕྱིན་ཞེས་གསུངས་དོན་ཅི་ཡིན་ཟེར་ན། ཕ་རོལ་མྱ་ངན་ལས་འདས་པའི་ས་ལ་ཕྱིན་པར་བྱེད་པའི་ཐབས་སུ་གྱུར་པས་ན་ཕར་ཕྱིན་ཞེས་གསུངས། སྦྱིན་པ་ལ་སོགས་པ་དྲུག་པོ་དེ་ངེས་འབྱུང་གི་བསམ་པས་མ་ཟིན། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་མ་ཟིན། སྟོང་ཉིད་ཀྱི་ལྟ་བས་མ་ཟིན་ན་ཕར་ཕྱིན་ཉི་ཚེ་བར་འགྱུར་འགྲོ། དེ་ལྟ་བུ་དེ་ཉིད་ཀྱིས་ཉན་རང་གི་གོ་འཕང་ཙམ་མ་གཏོགས་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུར་འགྱུར་མི་ཐུབ། སངས་རྒྱས་ཀྱི་གོ་འཕང་དེ་མཐའ་གཉིས་ལ་མི་གནས་པ་ཞིག་ཡིན་པས་དེ་ཐོབ་པའི་ཐབས་ལ་ལྟ་བས་སྲིད་པའི་མཐའ་གནོན་དགོས་པ་དང་། སྙིང་རྗེས་ཞི་བའི་མཐའ་མནན་ཏེ་སྲིད་ཞི་གཉིས་ཀྱི་མཐའ་ལ་མི་གནས་པའི་ཕ་རོལ་ཏུ་ཕྱིན་པར་བྱེད་པས་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ཡིན་ལ། སྨོན་འཇུག་གི་བསླབ་བྱའི་སྐོར་དེ་ཚོ་རིམ་གྱིས་གཞུང་གི་ནང་ནས་ཤེས་པར་བྱ་བ་ཞིག་ཡིན་ཞིང་། དེ་ཡིས་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་གསུམ་པ་གྲོགས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཤུགས་ལ་བསྟན་པའི་གོ་དོན་དེ་གསལ་བཤད་བྱས་པ་ཡིན།

རྒྱུ་བཞི་བ་རྐྱེན་སྨོན་ལམ་དག་པས་མཚམས་སྦྱར་བ།

དེ་ལ་འཆི་ཁར་འོད་དཔག་མེད་ཀྱི་ཞལ་མཇལ་བ་ལ་སྨོན་པ། ཤི་བའི་འོག་ཏུ་བདེ་བ་ཅན་དུ་སྐྱེ་བའི་གེགས་འཁོར་བ་ལ་ཆགས་ཞེན་གཅོད་པར་སྨོན་པ། བདེ་བ་ཅན་ལ་སོང་ནས་ཡོན་ཏན་ཐོབ་ཚུལ་ལ་སྨོན་པ། ཞིང་ཁམས་ཀྱི་བཀོད་པ་ཡིད་ལ་བྱས་ཏེ་སྨོན་པ་དང་བཞི་ལས།

དང་པོ་འཆི་ཁར་འོད་དཔག་མེད་ཀྱི་ཞལ་མཇལ་བར་སྨོན་པ་ནི།

ད་ནི་རྒྱུ་བཞི་བ་རྐྱེན་སྨོན་ལམ་དག་པས་མཚམས་སྦྱར་བ་བཤད་པའི་སྐབས་ཏེ། རྐྱེན་སྨོན་ལམ་དག་པས་མཚམས་སྦྱར་བ་འདི། སྨོན་ལམ་རྣམ་པར་དག་པས་དགེ་རྩ་ཐམས་ཅད་རང་གཞན་བདེ་བ་ཅན་དུ་སྐྱེ་བའི་ཆེད་དུ་བསྔོ་བ་དང་སྨོན་ལམ་འདེབས་པ་དེ་ཡིན།

བདག་དང་བདག་ལ་འབྲེལ་ཐོགས་ཀུན།།

འདི་ནས་ཚེ་འཕོས་གྱུར་མ་ཐག།

ཅེས་གསུངས་ཏེ། སྨོན་ལམ་འདི་ཉིད་ལྗགས་རྩོམ་མཛད་པ་པོ་དེ་སུ་ཡིན་ན་མཁས་གྲུབ་ཀརྨ་ཆགས་མེད་རིན་པོ་ཆེ་ཡིན་ཞིང་། ཁོང་ཞིང་ཁམས་ལ་ཕེབས་དུས་ཁོང་གི་སྐུ་ཚེ་དེའི་མ་དང་། ཁོང་གི་གཡོག་ཞབས་ཕྱི། སྒོ་ཁྱི་ལ་སོགས་པ་ཐམས་ཅད་བདེ་བ་ཅན་དུ་སྐྱེས་སོང་བའི་ལོ་རྒྱུས་ཡོད། དེ་དང་མཚུངས་པར་གྲོགས་བྱང་ཆུབ་སེམས་ཀྱིས་ཀུན་ནས་བསླངས་ཏེ་རྟེན་ཚོགས་ཞིང་གསལ་འདེབས་དང་། རྒྱུ་ཚོགས་བསགས་སྒྲིབ་སྦྱོང་གི་མཐུ་དེར་བརྟེན་ནས། བདག་དང་བདག་ལ་འབྲེལ་ཐོགས་ཀུན་ཞེས་སྨོན་ལམ་འདེབས་པ་པོ་བདག་དང་། བདག་ལ་བཟང་པོ་ཆོས་དང་ཟང་ཟིང་གི་འབྲེལ་བ་ཡོད་པ། ངན་པ་འཕྲོག་བཅོམ་རྡུང་རྡེག་ངན་སྨོད་མཚང་འབྲུ་ལ་སོགས་པ་བྱེད་མཁན། མདོར་ན་དངོས་ཡོད་ཀྱི་དགྲ་དང་དངོས་མེད་ཀྱི་བགེགས་ལ་སོགས་པ་བཟང་ངན་གྱི་འབྲེལ་བ་ཐོགས་པའི་ཕ་མར་གྱུར་པའི་སེམས་ཅན་གཅིག་ཀྱང་མ་ལུས་པ་ཐམས་ཅད། འདི་ནས་ཚེ་འཕོས་གྱུར་མ་ཐག་ཅེས་ནམ་ཞིག་འཇིག་རྟེན་གྱི་ཁམས་འདི་ནས་ཚེ་འཕོས་ནས་ཤི་བ་གྱུར་མ་ཐག་པའམ། ཡང་ན་འཆི་ནད་དྲག་པོ་ཞིག་ཐེབས་ནས་ལུས་ཀྱིས་ཚུགས་མི་ཐུབ། ཟས་བཟའ་བཏུང་གི་ཡི་ག་ཆད། གོས་གདན་ཉལ་ཆས་ཅི་འདྲའི་བདེ་མོ་ཞིག་བཞག་ནའང་མི་བདེ་བའི་སྣང་བ་ཤར། འབྱུང་བའི་ཐིམ་རིམ་རགས་པ་ཤར་ནས་མིག་གིས་གཟུགས་ལ་བལྟས་ན་རབ་བེ་རིབ་བེ་ཞིག་མ་གཏོགས་མི་མཐོང་། རྣ་བས་སྒྲ་ཉན་ན་ཐག་རིང་གི་སྒྲ་དང་མཚུངས་པ་ཞིག་ལས་མི་གོ། སྲོག་ཆད་པའི་གནད་མང་པོ་གང་ཡིན་ཚོར་བའི་སྡུག་བསྔལ་ཆེན་པོས་གཟིར་བའི་གནས་སྐབས་ན་སྡིག་ཆེན་ལ་སྡིག་པའི་སྣང་བ་དང་། དགེ་བ་ཅན་ལ་དགེ་བའི་སྣང་བ་དེའི་དུས་སུ་ཤར་བ་ཡིན། དེའི་སྐབས་སུ་སྡིག་ཆེན་འགའ་རེས་སེམས་སྐྲག་སྟེ་རྣལ་དུ་མི་གནས་པར་སྨྱོ་གཏམ་བྱས་ཏེ། འདྲ་མི་འདྲ་དུ་མའི་འཆལ་གཏམ་སྔོན་བྱས་ཚད་ཐམས་ཅད་བཤད་པའི་དུས་དེར།

སྤྲུལ་བའི་སངས་རྒྱས་འོད་དཔག་མེད།།

དགེ་སློང་དགེ་འདུན་འཁོར་གྱིས་བསྐོར།།

མདུན་དུ་མངོན་སུམ་འབྱོན་པར་ཤོག།

ཅེས་གསུངས་ཏེ། དེའི་དུས་སུ་སྤྲུལ་བའི་སངས་རྒྱས་འོད་དཔག་མེད་པ་ལ། འཁོར་དགེ་སློང་གི་དགེ་འདུན་མང་པོས་བསྐོར་བ་ཐམས་ཅད་ཀྱིས་ཆོས་གོས་རྣམ་གསུམ་སྐུ་ལ་གསོལ་ནས། གསེར་རིའི་ཕྲེང་བ་ལ་ཉི་མའི་འོད་ཟེར་ཕོག་པ་ལྟ་བུའི་སེར་མདངས་ལམ་མེར་ནམ་མཁའ་འཇའ་འོད་ཀྱི་ཀློང་ནས་མདུན་དུ་མངོན་སུམ་དུ་འབྱོན་ཞིང་མཇལ་བར་ཤོག་ཅེས་གསུངས་པ་ཡིན། ཞིང་ཁྲིད་འདི་དང་འབྲེལ་བའི་སེམས་ཅན་ཐམས་ཅད་ཀྱང་དེ་དུས་ལས་ངན་པའི་འཁྲུལ་སྣང་དག་ནས་རྒྱལ་བ་འོད་དཔག་མེད་འཁོར་དང་བཅས་པའི་ཞལ་མཇལ་ཞིང་མེ་ཏོག་སྣ་ཚོགས་ཀྱི་ཆར་ཕབ། དྲི་ཞིམ་སྤོས་ཀྱི་དྲི་བཟང་གིས་ཁྱབ། རོལ་མོ་སྙན་འཇེབས་ཀྱི་སྒྲ་གྲགས། འཇའ་འོད་སྣ་ལྔས་ལམ་འཐེན་ནས་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ལ་བསུ་འགྲོ་བའི་སྨོན་ལམ་ཐེབས་པ་ཡིན།

དེ་མཐོང་ཡིད་དགའ་སྣང་བ་སྐྱིད།།

ཤི་བའི་སྡུག་བསྔལ་མེད་པར་ཤོག།

ཅེས་གསུངས་ཏེ། མགོན་པོ་འོད་དཔག་མེད་འཁོར་དང་བཅས་པའི་སྐུ་མཚན་དཔེའི་ཞལ་བཟང་མཆོག་དུ་གྱུར་པ་དེ་མཇལ་བའི་རྐྱེན་དང་། ད་ལྟ་ཚོགས་ཞིང་མགོན་པོ་འོད་དཔག་མེད་འཁོར་དང་བཅས་པའི་དཀྱིལ་འཁོར་བཀྲ་ལམ་མེར་རང་གིས་གསལ་བཏབ་སྟེ་བསྒོམས་པའི་བག་ཆགས་ཏེ། ད་ལྟ་སྒོམ་པ་དང་དེ་དུས་དེའི་བག་ཆགས་ཡོད་པ་གཉིས་ཀ་དུས་གཅིག་ཏུ་ཚོགས་སྐབས་བུས་མ་ངོ་མཐོང་མ་ཐག་ཏུ་ཤེས་པ་བཞིན་དུ་ཡིད་དགའ་ཡ་ལེ། རིག་པ་སྤྲོ་སང་ངེ་། སྣང་བ་སྐྱིད་དུང་ངེ་། འཆི་བ་འོད་གསལ་དུ་གྲོལ་བ་ལྟར་གནད་གཅོད་ཤི་བའི་སྡུག་བསྔལ་དང་། བར་དོ་འཁྲུལ་བའི་སྡུག་བསྔལ། ཕྱི་མ་ངན་འགྲོའི་སྡུག་བསྔལ་ལ་སོགས་པ་སྡུག་བསྔལ་སྤུ་ཙམ་ཡང་མེད་པར་ཤོག་ཅེས་གསུངས་པ་ཡིན། རང་ཉིད་དུས་རྒྱུན་དུ་བག་ཆགས་དང་གོམས་ཆ་ཅི་ཞིག་ཡོད་ན་འཆི་ཁའི་འཁྲུལ་སྣང་ལ་དེ་འཆར་ལ། སྡིག་ཆེན་འགའ་རེས་ར་ལུག་བཤའ་ཟོག་དེ་ཚོ་ཕར་རྒྱོབ་ཟེར་བ་ལྟ་བུ་དང་། རྔོན་པ་འགའ་རེས་རི་དྭགས་དེ་ཚོ་ཕར་རྒྱོབ་ཟེར་བ་ལྟ་བུ། ང་བརྡུང་བྱུང་ཞེས་ཟེར་བ་ལྟ་བུ། གནའ་མཛོ་ཁལ་དེད་ནས་རྒྱ་འགྲོ་དབུས་བསྐོར་བྱས་ནས་ཚོང་ཤ་སྟག་བརྒྱབ་ནས་འགྲོ་བ་དེ་ཚོས་ཐེས་ལུང་དང་འབྲེང་པ་ཁྱེར་ཤོག་ཅེས་ཟེར་མཁན་ཡོད་ཚུལ་བཤད་སྲོལ་ཡོད་དར། དེ་འདྲའི་འཁྲུལ་སྣང་ཤར་གྱིན་ཡོད་པའི་རྟགས་ཅི་ཞིག་ཡོད་ཟེར་ན། འཆི་ཁ་མ་དེའི་ལུས་ཀྱི་རྣམ་འགྱུར་གྱི་ཐོག་ནས་ཤེས་རྒྱུ་ཅན་ཞིག་ཡིན། དེའི་དུས་ཚོད་གནད་གཅོད་ཚོར་བའི་སྡུག་བསྔལ་དང་བག་ཆགས་འཁྲུལ་སྣང་གི་སྡུག་བསྔལ་གྱིས་འཆི་རྒྱུ་ལ་འཚེར་ཞིང་། ཤི་རྒྱུ་སྡུག་པོ་ཉམ་ཐག་འགའ་རེས་ང་ཤི་མ་བཅུག་ཅེས་མཐེ་བོང་སློང་མཁན་ལ་སོགས་ཡོད། འོན་ཀྱང་དེའི་དུས་སུ་ཕོ་སུ་འདྲ་ཞིག་ཡིན་ཡང་འཇིག་རྟེན་ན་སྲིད་པ་གསུམ་པོ་ར་མདའ་ལ་སྦྲན་རུང་དེ་ཤི་མི་དགོས་པའི་ཐབས་ཤིག་བྱེད་རྒྱུ་མེད་དེ། སྨན་པའི་རྒྱལ་པོ་དངོས་སུ་བྱོན་གྱུར་ཀྱང་། །ཚེ་ཡི་འཕེན་ཟད་སྲོག་ལ་མཐུད་མི་ཤེས། །ཞེས་གསུངས་པ་ཡིན། གཉེན་གྲོགས་ནོར་རྫས་ཐམས་ཅད་བློས་མི་ཐོང་ལ། བློས་མ་ཐོང་ཡང་མི་སྐྱུར་ཐབས་མེད་ལ་ཐུག་པ་ཡིན། བློས་མི་ཐོང་ན་ཡང་རྗེས་སུ་མི་འབྲང་ལ། ནག་ཆེན་གྱི་མྱི་ཁྲིམས་ཆེན་གྱི་ཁྲིམས་ལ་ཐུག་པ་བཞིན་དུ་འཇིགས་རུང་མུན་པ་ནག་པོས་མདུན་ནས་བསུས། ལས་ཀྱི་རླུང་དམར་དྲག་པོས་རྒྱབ་ནས་དེད། གཤིན་རྗེའི་སྐྱེས་བུས་ཁྲོ་གཉེར་སྡང་མིག་བགྲད། རྒྱོབ་སོད་ཀྱི་སྒྲ་བསྒྲགས། འཆི་བདག་གི་ཞགས་ནག་སྐེ་ལ་བསྐོན་ནས་འཁྲིད་པའི་དུས་དང་། ཚེ་ཕྱི་མར་སྐྲག་ནས་སྡུག་བསྔལ་མྱོང་བའི་སྐབས་དེར། ཕོ་ཐ་མའི་བློ་དེ་རྗེས་ནས་དྲན་ཞེས་པ་ལྟར་དུ། སྔར་དགེ་སྡིག་སྤང་བླང་འདོར་ལེན་མ་བྱས་པས་ད་གཟོད་འགྱོད་ནས་སྡུག་ཁོག་ལ་མི་ཤོང་། བྲང་སེན་རྗེས་ཀྱིས་གང་། ཁ་ངུ་འབོད་ཀྱིས་གང་། མིག་མཆི་མས་གང་། སེམས་སྡུག་ཡུས་ཀྱིས་གང་ཞོར་ལ་གཅིག་པུ་གྲོགས་མེད་ཁེར་རྐྱང་། གཅེར་བུ་ལག་སྟོང་མཆན་ལ་བཅུག་ནས་འགྲོ་དགོས་པའི་དུས་སུ་འཆི་རྒྱུའི་ཤི་བོ་མ་ཟད་ཟུར་ནས་ལྟ་མཁན་གྱི་མི་ཡང་སྐྱི་གཡའ་ཞིང་སྐྲག་དགོས་པ་སྟེ། རྗེ་མི་ལ་རས་པས། མི་སྡིག་ཆེན་འཆི་བ་མཐོང་ཙ་ན། །ལས་རྒྱུ་འབྲས་སྟོན་པའི་སློབ་དཔོན་ཡིན། །ཞེས་གསུངས་པ་ལྟ་བུ་ཡིན། དེས་ན་ད་ལྟ་གསོན་པོའི་གནས་སྐབས་སུ་རང་དབང་རང་ལག་ཡོད་དུས་དགེ་བ་སྔོན་སོང་རེ་ཡོད་དུ་འཇུག་པ་དང་། བག་ཆགས་བཟང་པོ་རེ་གོམས་སུ་འཇུག་པ་དང་། ཁྱད་པར་དུ་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་ལ་གོམས་པ་རེ་ཡོད་ན་དེ་དུས་རང་མི་རང་ཁྱིམ་བྱས་ཏེ་དག་པའི་ཞིང་ཁམས་ལ་འགྲོ་ཆོག་པ་ཡིན།

བྱང་ཆུབ་སེམས་དཔའ་མཆེད་བརྒྱད་ནི།།

རྫུ་འཕྲུལ་སྟོབས་ཀྱིས་ནམ་མཁར་བྱོན།།

བདེ་བ་ཅན་དུ་འགྲོ་བ་ཡི།།

ལམ་སྟོན་ལམ་སྣ་འདྲེན་པར་ཤོག།

ཅེས་གསུངས་ཏེ། གོང་དུ་བཤད་པ་ལྟ་བུའི་ཕྱི་དབུགས་ཆད་ལ་ཉེ་བའི་སྐབས་དེར། བྱང་ཆུབ་སེམས་དཔའ་མཆེད་བརྒྱད་ནི་ཞེས་འཕགས་པ་སྤྱན་རས་གཟིགས་དང་། རྒྱལ་སྲས་མཐུ་ཆེན་ཐོབ། འཇམ་དཔལ་དབྱངས། བྱམས་པ། སའི་སྙིང་པོ། ནམ་མཁའི་སྙིང་པོ། སྒྲིབ་པ་རྣམ་པར་སེལ་བ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་སྟེ། དེ་རྣམས་ཉེ་བའི་སྲས་བརྒྱད་ཡིན་ཞིང་། བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་ཆེན་བརྒྱད་པོ་དེ། སྐུ་རྫུ་འཕྲུལ་གྱི་སྟོབས་ཀྱིས་ཤི་རན་པའི་འཆི་ཁ་མ་དེའི་མདུན་གྱི་ནམ་མཁའ་ཡངས་པ་ན་འཇའ་ཚོན་མེ་ཏོག་གི་ལམ་ནས་བྱོན་ཏེ། དེ་རྣམ་པའི་ཞལ་ནས་ཀྱཻ་རིགས་ཀྱི་བུ་ཞེས་གསུངས་ཤིང་མིང་ནས་བོས་ཏེ། ཁྱོད་སྐྲག་མི་དགོས་གསུངས་ནས་དབུགས་འབྱིན་གནང་བ་ཡིན། ད་ལྟ་གསང་སྔགས་ཀྱི་དབང་བསྐུར་ཐོབ་ནས་གསང་མཚན་གྱི་ཐོག་ནས་འབོད་པའམ། ཡང་མིན་ན་གང་ཟག་རང་གི་མིང་ནས་བཟུང་སྟེ་འབོད་པར་མཛད་ལས་ཆེ། མདོར་ན་མིང་ནས་བཟུང་སྟེ། ཁྱོད་སྐྲག་མི་དགོས། འཇིགས་མི་དགོས། ངེད་ཅག་གིས་ཁྱོད་བདེ་བ་ཅན་གྱི་ཞིང་ཁམས་སུ་འཁྲིད་པའི་བསུ་མ་ལ་ཡོང་བ་ཡིན་པས་འདིར་ཤོག་ཅེས་གསུངས་ནས་ཁྲིད་འགྲོ་བ་ལྟ་བུ། ཡང་མིན་ན་རང་གང་ལ་མོས་པའི་ཡི་དམ་གྱི་ལྷག་པའི་ལྷའི་ཚུལ་བྱས་པའམ། དེ་མིན་ན་རང་གི་རྩ་བའི་བླ་མ་དེ་དེ་དུས་མངོན་སུམ་བྱོན་ཏེ་མིང་ནས་བཟུང་ཞིང་བུ་ཁྱོད་མ་སྐྲག་ཅིག མ་འཇིགས་ཤིག འཁྲུལ་སྣང་འཁོར་བའི་བདེ་སྐྱིད་ལ་ཞེ་མ་ཆགས། ངས་ཁྱོད་བདེ་ཆེན་ཐར་པའི་ལམ་ལ་ཁྲིད་འགྲོ་བ་ཡིན་ཞེས་གསུངས་ནས་གསུང་གི་དབུགས་འབྱིན་ཐོབ་མ་ཐག་འཇིགས་སྐྲག་རང་ཡལ་དུ་སོང་ནས་བདེ་བ་ཅན་ལ་འགྲོ་བའི་ལམ་སྟོན་པ་དེ་ཉིད་ཀུན་མཁྱེན་འཇིགས་གླིང་གིས་ཟངས་མདོག་དཔལ་རིའི་སྨོན་ལམ་ལས། མངོན་སུམ་ལག་པའི་ཁུ་ཚུར་ནས་བཟུང་སྟེ། །མཁར་ཆེན་བཟའ་དང་གུ་ཎ་ནཱ་ཐ་ལྟར། །བདག་ཀྱང་པདྨ་འོད་དུ་འཁྲིད་པར་ཤོག །ཅེས་ལག་མགོ་ནས་བཟུང་སྟེ་ཁྲིད་འགྲོ་བར་ཤོག་ཅེས་གསུངས་པ་དེ་ལྟར་མངོན་སུམ་ལམ་སྣ་ཁྲིད་ནས་དགེ་སློང་དགེ་འདུན་གྱི་ཚོགས་ཀྱིས་འཇའ་གུར་གྱི་ནང་ནས་རོལ་མོ་དབྱངས་སྙན་གྱི་ཁྲོད་ནས་འགའ་རེས་སྔོན་བསུ། འགའ་རེས་རྒྱབ་ནས་སྐྱེལ། འགའ་རེས་གཡས་ནས་བརྟེན་ཏེ་ལམ་སྟོན་ཅིང་ལམ་སྣ་འདྲེན་པར་མཛད་དེ། བར་དོའི་སྣང་བ་ཙམ་ཡང་མེད་པར་བདེ་བ་ཅན་གྱི་ཞིང་ཁམས་སུ་ཁྲིད་པར་ཤོག་ཅེས་གསུངས་པ་ཡིན། རྒྱལ་བ་ཙོང་ཁ་པས་ཀྱང་། ནམ་ཞིག་ཚེ་ཡི་འདུ་བྱེད་གཏོང་བ་ན། །འཁོར་ཚོགས་རྒྱ་མཚོས་བསྐོར་བའི་འོད་དཔག་མེད། །མིག་གི་ལམ་དུ་གསལ་བར་མཐོང་གྱུར་ནས། །དད་དང་སྙིང་རྗེས་བདག་རྒྱུད་གང་བར་ཤོག །བར་དོའི་སྣང་བ་ཤར་བར་གྱུར་མ་ཐག །རྒྱལ་སྲས་བརྒྱད་ཀྱིས་མ་ནོར་ལམ་བསྟན་ཏེ། །བདེ་བ་ཅན་དུ་སྐྱེས་ནས་སྤྲུལ་བ་ཡིས། །མ་དག་ཞིང་གི་འགྲོ་བ་འདྲེན་གྱུར་ཅིག །ཅེས་གསུངས་ཡོད་པ་དང་། བཟང་པོ་སྤྱོད་པའི་སྨོན་ལམ་གྱི་ནང་དུ། བདག་ནི་འཆི་བའི་དུས་བྱེད་གྱུར་པ་ན། །སྒྲིབ་པ་ཐམས་ཅད་དག་ནས་ཕྱིར་བསལ་ཏེ། །མངོན་སུམ་སྣང་བ་མཐའ་ཡས་དེ་མཐོང་ནས། །བདེ་བ་ཅན་གྱི་ཞིང་དེར་རབ་ཏུ་འགྲོ། །ཞེས་གསུངས་ཤིང་། མདོ་སྡེ་ཟ་མ་ཏོག་བཀོད་པའི་ནང་དུ་ཡང་། གསུང་ཡི་གེ་དྲུག་མའི་སྒྲ་ཐོས་ཚད་ཐམས་ཅད་འཆི་བའི་ཚེ་སངས་རྒྱས་བཅུ་གཉིས་དང་། ཉེ་སྲས་བརྒྱད་ཀྱིས་ལམ་སྣ་དྲངས་ནས་བདེ་བ་ཅན་དུ་འགྲོ་བར་གསུངས་ཡོད། བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་བསྒྲུབས་ནས་སྒྲིབ་སྦྱོང་མོས་གུས་བྱས་ན་སངས་རྒྱས་འོད་དཔག་མེད་འཁོར་དང་བཅས་པ་བསུ་བར་འབྱོན་རྒྱུར་ཐེ་ཚོམ་མི་དགོས། ཞིང་ཁམས་བདེ་བ་ཅན་དུ་སྐྱེ་རྒྱུ་དེར་གེགས་བར་ཆད་ཅི་ཞིག་ཡོད་པ་ཡིན་ཞེ་ན། འཁོར་བའི་གནས་ལ་ཆགས་ཞེན་ཡོད་རྒྱུ་དེ་བར་ཆད་ཆེ་ཤོས་ཡིན། དེ་ལྟ་བུའི་འཁོར་བའི་ཆགས་ཞེན་ཆོད་པར་སྨོན་ལམ་ཆེད་དུ་འདེབས་པ་ནི།

གཉིས་པ་ཤི་བའི་འོག་ཏུ་བདེ་བ་ཅན་དུ་སྐྱེ་བའི་གེགས་འཁོར་བ་ལ་ཆགས་ཞེན་གཅོད་པར་སྨོན་པ།

དེ་ལ་གནོད་པ་མང་བའི་སྡུག་བསྔལ་ལ་བསམ་པ། འཁོར་བར་ཡུན་རིང་བའི་སྡུག་བསྔལ་ལ་བསམས་ནས་སྨོན་པ། ལྷ་དང་མི་ཡི་སྡུག་བསྔལ་བྱེ་བྲག་ཏུ་བསམས་ནས་ཐར་བ་ལ་སྨོན་པ། ཆགས་ཞེན་བཅད་ནས་བདེ་བ་ཅན་གྱི་ཞིང་ཁམས་ལ་སྨོན་ལམ་རྣམ་པར་དག་པས་མཚམས་ཇི་ལྟར་སྦྱོར་ཚུལ། འཁོར་གནས་ཡུལ་འཁོར་ནོར་རྫས་ཉེ་དུ་ཟས་ནོར་ཐམས་ཅད་ལ་ཆགས་ཞེན་མེད་པར་བདེ་བ་ཅན་ལ་འགྲོ་བའི་ཚུལ་ལ་སྨོན་པ་དང་ལྔ་ལས།

དང་པོ་གནོད་པ་མང་བའི་སྡུག་བསྔལ་ལ་བསམ་པ།

ངན་སོང་སྡུག་བསྔལ་བཟོད་གླགས་མེད།།

ལྷ་མིའི་བདེ་སྐྱིད་མི་རྟག་འགྱུར།།

དེ་ལ་སྐྲག་སེམས་སྐྱེ་བར་ཤོག།

ཅེས་གསུངས་ཏེ། ཁམས་གསུམ་འཁོར་བའི་གནས་འདིར་ངོ་མས་བསམས་ན་ཆགས་ཞེན་བྱེད་ཡོང་ས་ཞིག་མེད། ཆགས་ཞེན་བྱེད་པར་ཕར་ཞོག་སྔ་དྲོ་ཕྱི་དྲོའི་བར་ཡིན་ཡང་འདི་ནས་གཅིག་ཐར་སོང་ན་བསམ་ས། ནག་ཅན་བཙོན་ནས་ཐར་འདོད་ཡོད་པ་ལྟ་བུ་ཡིན་འོས། ངན་སོང་གསུམ་ལ་མཚོན་ན། དམྱལ་བ་ཚ་གྲང་གི་སྡུག་བསྔལ། ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ། དུད་འགྲོ་གླེན་ལྐུག་གི་སྡུག་བསྔལ་ལ་སོགས་པ་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཡོད་པས་ངན་སོང་གི་སྡུག་བསྔལ་དངོས་སུ་མྱོང་བ་ཕར་ཞོག་དེའི་ལོ་རྒྱུས་ཉན་ན་སྐྲག་རྒྱུ་དེ་ལྟ་བུ་ཞིག་ཡིན། གནའ་རྒྱ་གར་ནས་ཀུན་དགའ་བོ་ལ་ཚ་བོ་གཉིས་ཡོད་ལ། དེ་གཉིས་ཀ་རབ་ཏུ་བྱུང་ནས་གྲྭ་པར་བྱས། རབ་ཏུ་བྱུང་ནས་དགོན་པའི་ནང་དུ་དགེ་འདུན་གྱི་སྡེའི་གྲལ་དུ་བསྡད་ཡོད་ཀྱང་དགེ་བ་སྒྲུབ་པའི་བརྩོན་འགྲུས་གཏན་ནས་བྱེད་རོགས་མ་བྱས། རྣམ་གཡེང་བྱས་ཏེ་འཁྱར་བསྡད་པ་ཡིན། ཉིན་ཞིག་ལ་དེ་གཉིས་ཀ་འཕགས་པ་མོའུ་འགལ་གྱི་བུ་རྫུ་འཕྲུལ་ཅན་གྱི་མཆོག་ཡིན་པས་ཁོང་གི་རྫུ་འཕྲུལ་གྱིས་དམྱལ་བའི་ཡུལ་ལ་ཁྲིད་དུས་དམྱལ་བའི་སེམས་ཅན་གྱི་སྡུག་བསྔལ་མྱོང་གིན་ཡོད་པ་བལྟར་བཅུག་པ་ཡིན་ལ། དེའི་ཕྱིན་ཆད་དེ་གཉིས་ཀས་ངན་སོང་དམྱལ་བའི་གནས་ལ་སྐྱེ་རྒྱུར་སྐྲག་སྟེ་འཁོར་བའི་གནས་ནས་ངེས་འབྱུང་སྐྱེས་ནས་སྔ་དྲོ་དམྱལ་བ་དྲན་ན་ཉིན་གུང་གི་གུང་ཚིགས་ཟ་རྒྱུར་ཡི་ག་མེད། ཕྱི་དྲོར་དམྱལ་བ་དྲན་ན་ཉིན་གུང་གི་གུང་ཚིགས་ཟོས་པ་དེ་ཉིད་སྐྱུག་རྒྱུ་ཡོང་བ་དེ་ལྟར་བྱུང་སྟེ། ཕྱིས་ནས་དེ་གཉིས་ཀྱིས་བརྩོན་འགྲུས་མགོ་ལ་མེ་འབར་ན་གསོད་ལོང་མེད་པའི་ཚོད་ཅིག་བརྩམས་ནས་ཡུན་རིང་མ་འགོར་ནས་དགྲ་བཅོམ་པ་ཐོབ་སོང་བ་ཡིན། དམྱལ་བའི་གནས་སྡུག་བསྔལ་ཆེ་བ་དང་མཚུངས་པར་ཡི་དྭགས་དང་དུད་འགྲོའི་གནས་རིས་ཀྱི་སྡུག་བསྔལ་དེ་ཚོ་ཞེ་ཐོག་ལ་གཅིག་བླངས་ན་གནས་དེ་ཚོ་ལ་རང་ཉིད་མི་སྐྱེ་བའི་ངེས་པ་མེད་རྒྱུའི་འདང་རེ་བརྒྱབ་ཚེ་ཉིན་ཟས་ཡིད་དུ་མི་འོང་། མཚན་གཉིད་ཀླད་ལ་མི་ཁུག་པ་དེ་ལྟ་བུ་ཡིན། དེས་ན་ངན་སོང་གི་གནས་སུ་སྐྱེ་རྒྱུ་ལ་སྐྲག་ནས་ངེས་འབྱུང་སྐྱེ་དགོས། དེ་དང་འདྲ་བར་མཐོ་རིས་ལྷ་དང་མིའི་ཡུལ་ལ་སྐྱེས་པ་ཡིན་ཡང་སྡུག་བསྔལ་མེད་ས་ཞིག་མེད། སྡུག་བསྔལ་ལ་བདེ་བར་འཁྲུལ་བའི་བདེ་སྐྱིད་ལྟར་སྣང་བ་ཙམ་རེ་ཡོད་དུ་ཆུག་ཀྱང་སོས་ཀའི་སྨིག་སྒྱུ་ལྟ་བུ་སྒྱུ་མའི་འཁྲུལ་སྣང་བཞིན་དུ་སྐད་ཅིག་ཐང་ཅིག་ལ་མི་རྟག་པ། སྤྱིར་སྡུག་བསྔལ་གསུམ་དང་། ཁྱད་པར་དུ་འགྱུར་བའི་སྡུག་བསྔལ་ལས་མ་འདས་པ་ཞིག་ཡིན། དེའི་ནང་ནས་སྐྱིད་ཤོས་ལྟ་བུ་དེ་ཉིད་ལྷ་ཡུལ་ཡིན་ཡང་དེ་ཡང་ལྷ་འཆི་འཕོ་ལྟུང་བའི་སྡུག་བསྔལ་ལས་མ་འདས་པ་དེ་ཉིད་ནི། བཤེས་སྤྲིངས་ལས། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ཀྱང་ནི། །ལས་ཀྱི་དབང་གིས་ཕྱིར་ཡང་ས་སྟེང་ལྷུང་། །འཁོར་ལོས་སྒྱུར་བ་ཉིད་དུ་གྱུར་ནས་ཀྱང་། །འཁོར་བ་དག་ཏུ་ཡང་བྲན་ཉིད་དུ་འགྱུར། །ཞེས་གསུངས་ཡོད། མདོར་ན་འཁོར་བའི་གནས་ན་བདེ་བ་མེད་དེ། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །མི་རྣམས་འཚོ་བ་ཐུང་བས་ཉམས། །ལྷ་རྣམས་བག་མེད་པ་ཡིས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པ་ལྟར་ཁབ་བཞག་ཤུལ་གྱི་རྩེ་མོ་ལྟ་བུ་འཁོར་བའི་གནས་ལ་བདེ་བ་ཡོད་པ་མ་ཡིན་ལ། འཁོར་བའི་གནས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན། སྡུག་བསྔལ་གྱི་ཡོ་ལང་། སྡུག་བསྔལ་གྱི་འཕྲུལ་འཁོར། མེ་མ་མུར་གྱི་འོབས་ལྟ་བུ། རལ་གྲི་ལོ་མའི་ནགས་ཚལ་ལྟ་བུ། དུག་སྦྲུལ་གདུག་པ་ཅན་གྱི་ཚང་ལྟ་བུ། སྲིན་མོ་མི་ཟན་མའི་གླིང་ལྟ་བུ་ཡིན་པ་ཤེས་ནས་དེ་དག་ལ་འཇིགས་ཤིང་སྐྲག་པའི་སེམས་སྐྱེ་བར་ཤོག་ཅེས་གསུངས་པ་ཡིན། དེས་ན་དཔེ་བཞག་ན་མེ་དོང་ངམ་མེ་འོབས་ཤིག་དང་བསིལ་ཁང་གཉིས་ཀྱི་བདེ་སྡུག་གི་ཁྱད་པར་རྒྱུག་པ་ལྟ་བུ་འཁོར་བའི་སྡུག་བསྔལ་དང་བདེ་བ་ཅན་གྱི་བདེ་སྐྱིད་གཉིས་ཀྱི་ཁྱད་པར་ཤེས་ནས་གདམ་ཀ་བྱེད་དགོས།

གཉིས་པ་འཁོར་བར་ཡུན་རིང་བའི་སྡུག་བསྔལ་ལ་བསམས་ནས་སྨོན་པ།

དེ་ནས་འཁོར་བར་ཡུན་རིང་བའི་སྡུག་བསྔལ་ལ་བསམ་བློ་བཏང་ནས་དེ་ལ་སྐྱོ་བ་སྐྱེ་བར་སྨོན་པ་ནི།

ཐོག་མ་མེད་ནས་ད་ལྟའི་བར།།

འཁོར་བ་འདི་ན་ཡུན་རེ་རིང་།།

དེ་ལ་སྐྱོ་བ་སྐྱེ་བར་ཤོག།

ཅེས་གསུངས་ཏེ། འཁོར་བ་འདི་ལ་རྟོག་ཞིབ་ཅིག་བྱས་ན། ཐོག་མ་མེད་ནས་ད་ལྟའི་བར། །ཞེས་འཁོར་བའི་ཐོག་མ་འདི་དུས་ཡིན། འདིའི་ཕན་ཆོད་འཁོར་བ་ཟེར་རྒྱུ་ཞིག་མེད། དེ་ནི་འདི་ནས་བཟུང་སྟེ་དར་ཡོང་བ་ཡིན་ཞེས་ཟེར་རྒྱུ་ཞིག་ཡོད་མ་དར་ནས་ཐོག་མ་མེད་པའི་དུས་རིང་ནས་ད་ལྟའི་སྐྱེ་བ་འདི་ལ་མ་ཐུག་གི་བར་དུ་འཁོར་བ་འདིའི་ནང་ནས་ཡུན་རིང་པོར་སྡུག་བསྔལ་མྱོང་པ་ལ་བསམ་བློ་ཞིག་བཏང་ན། སྔོན་གནས་རྗེས་དྲན་ཡོད་པ་མངོན་ཤེས་ཡོད་ནི་ཞིག་གིས་བལྟས་ན་སྐྲག་སྟེ་ཁ་ནས་ཁྲག་ཚན་བསྐྱུགས་ནས་ངོ་མ་ཅི་བྱེད་འདི་བྱེད་མེད་པ་ཞིག་ལ་ཐུག་པ་དང་། དེ་འདྲའི་སྐྲག་དངངས་སྐྱེ་རྒྱུ་ཅན་ཞིག་ཡིན། དམྱལ་བའི་ནང་ལ་སྐྱེས་དུས་དེར་ཟངས་ཞུན་དང་ཁྲོ་ཆུ་ཁོལ་མ་ཤ་སྟག་འཐུང་བ་དང་། ཡི་དྭགས་ཀྱི་ལུས་བླངས་ནས་རྣག་དང་མི་གཙང་བ་ཟོས་པ་རྐྱང་པ་བསགས་ན་རྒྱ་མཚོ་ཆེན་པོ་ལས་ཀྱང་མང་བ་ཞིག་ཡིན། དེ་ཧ་ལས་ས་ཨེ་ཡོད་ཁི། དུད་འགྲོའི་ལུས་རྟེན་བླངས་བའི་སྐབས་སུ་སེམས་ཅན་ཁེ་རུ་ཞིག་འབུ་སྲིན་ཕྲ་མོ་སྐྱེས་པའི་རྐང་ལག་དང་ཤི་ནས་འཐོར་སོང་བའི་རུས་པ་ཤ་སྟག་བརྩིགས་བཞག་ན་རི་ཡི་རྒྱལ་པོ་རི་རབ་ལས་ཀྱང་ད་དུང་མཐོ་བ་ཞིག་ཡིན་ཏེ། རུ་ཏྲ་ཐར་བ་ནག་པོ་ཁོའི་སྔོན་གྱི་ཚེ་རབས་དྲན་པའི་སྨྲེ་བཤགས་ཀྱི་ནང་ལ། ཤ་རུས་བསགས་ན་འཇིག་རྟེན་གཏོས་དང་མཉམ། །རྣག་ཁྲག་བསགས་ན་རྒྱ་མཚོ་ཆེན་པོ་ཙམ། །ལས་འཕྲོ་བསགས་ན་བསམ་འདས་བརྗོད་མི་ལང་། །ཁམས་གསུམ་བགྲང་ཞིང་སྐྱེ་འཆིའི་ཁ་བརྒྱུད་ཀྱང་། །བྱས་པའི་ལས་རྣམས་དོན་མེད་ཆུད་རེ་ཟོས། །ཞེས་པ་ལྟ་བུ་ཡིན། དེ་འདྲའི་ཡུན་རིང་ཟད་མེད་ཀྱི་སྡུག་བསྔལ་མྱོང་མྱོང་བས། འཁོར་བ་འདི་ལ་ཡུན་རེ་རིང་། །དེ་ལ་སྐྱོ་བ་སྐྱེ་བར་ཤོག །ཅེས་གསུངས་ཏེ། འཁོར་བ་འདིར་སྐྱོ་ཤས་ཀྱི་སེམས་སྙིང་ཁོང་རུས་པའི་གཏིང་ནས་སྐྱེ་བར་ཤོག་གསུངས་པ་རེད། གནའ་སྔ་མོ་ཞིག་ལ་སྟོན་པ་ཞལ་བཞུགས་པའི་སྐབས་སུ་དགེ་སློང་དཔལ་སྐྱེས་ཟེར་བའི་རྒན་པོ་ལེ་ལོ་ཅན་ཞིག་ཡོད་པ་དེས་དགེ་བ་དེ་ཙམ་སྒྲུབ་མ་ཐུབ་པའི་སྐབས་སུ་དེ་ལ་སྐྱོ་བ་སྐྱེ་བའི་ཕྱིར་དུ། འཕགས་པ་མོའུ་འགལ་གྱི་བུ་རྫུ་འཕྲུལ་ཅན་གྱི་མཆོག་དེས་དགེ་སློང་དཔལ་སྐྱེས་རྒྱ་མཚོ་ཆེན་པོའི་འགྲམ་ཞིག་ལ་ཁྲིད་སོང་ཟིག དེ་ནས་ཁོང་རྣམ་པ་གཉིས་སོང་སོང་བས་རྒྱ་མཚོ་ཆེན་པོའི་འགྲམ་ཞིག་ན་རུས་པའི་རི་བོ་ཆེན་པོ་མཐོ་དམན་གྱི་ཚད་ཉི་ཟླ་ཡང་སྒྲིབ་ཀྱིན་འདུག་པའི་རི་དེས་གྲིབ་མས་རྒྱ་མཚོའི་ནང་ལ་མུན་ནག་རེད་འགྲོ་བ་དེ་འདྲའི་རི་ཆེན་པོ་དེའི་རི་མགོར་ཡར་ལ་འགོས་སོང་དུས་དེར། བར་བར་རྩིབ་མ་འདྲ་བའི་ཤར་ཤར་ཡོད་པ། རྩིབ་བུ་རེའི་བར་ལུང་ཤུར་ཆེན་མོ་འདྲ་བ་ཡོད་པའི་རུས་པའི་རི་མགོ་དེར་བྱོན་པས། དེ་དུས་དགེ་སློང་དཔལ་སྐྱེས་ཀྱིས་འདིའི་རི་འདི་ཅི་ཞིག་རེད་ཅེས་འདྲི་དུས། མོའུ་འགལ་གྱི་བུས་རི་འདི་ཁྱོད་ཀྱི་སྐྱེ་བ་སྔོན་མ་ཞིག་གི་རུས་པ་རེད་གསུངས། དེ་ཅི་འདྲ་རེད་ཅེས་ནན་ཏན་གྱིས་འདྲི་དུས། དེར་མོའུ་འགལ་གྱི་བུས་གསུངས་ནས། གནའ་གནའ་ཞིག་ལ་ཁྱོད་ཀྱི་སྐྱེ་བ་སྔོན་མའི་ནང་གི་ཡང་སྔོན་ཡང་སྔོན་ཞིག་ལ། རྒྱལ་པོ་ཆོས་ཀྱིས་འཕགས་པ་ཟེར་བའི་སྐྱེ་བ་ལེན་སྐབས། དེའི་དུས་ཁྲིམས་འགལ་ཅན་གྱི་མི་ཞིག་ཡོད་པ་དེ་བློན་པོ་རྣམས་ཀྱིས་ཅི་བྱེད་ཅེས་དྲིས་དུས། རྒྱལ་པོ་དེ་དུས་ཤོ་མིག་མང་གི་རྩེད་མོ་ལ་ཡེངས་བའི་སྐབས་སུ་ཁེལ་བས། རྒྱལ་པོས་ཞིབ་ཀྱིས་བསམ་བློ་མ་བཏང་ནས་ངའི་རྒྱལ་ཁྲིམས་བཙན་པོ་ཇི་ལྟར་ཡིན་ན་དེ་ལྟར་དུ་ལག་ལེན་གྱིས་ལ་ཤོག་ཅེས་བཤད་པས། དེ་དུས་བློན་པོ་རྣམས་ཀྱིས་ཡང་ཞུ་བྱེད་མ་ཕོད་པར། ངའི་བཀའ་ཁྲིམས་བཙན་པོ་ལྟར་དུ་ལག་ལེན་གྱིས་ཤོག་ཟེར་དུས། སོད་ལ་ཤོག་ཟེར་བ་རེད་སྙམ་ནས་མི་དེའི་ནག་ཉེས་ཆེ་ཆུང་ཞིབ་འཇུག་ཅིག་གཏན་ནས་མ་བྱས་ཏེ་བསད་པ་ན། རྒྱལ་པོས་རྩེད་མོ་བརྩེས་ཚར་དུས་ད་རེས་བཙོན་པ་དེ་གང་རེད་ཅི་རེད་ཟེར་དུས། རྒྱལ་པོས་བཀའ་བཞིན་ཁྲིམས་བཙན་པོས་སྲོག་ཆད་བཅད་ནས་བསད་ཚར་བ་རེད་ཅེས་རྒྱལ་པོ་ལ་ཡར་ཞུ་དུས་རྒྱལ་པོ་འགྱོད་པ་སྐྱེས་ཏེ། མ་ལེགས་སོ་དོན་མེད་ལ་མི་ཞིག་བསད་པ་ཡིན་པས། ད་ནི་ཁོ་བོ་རིགས་ངན་གྱི་རྒྱལ་པོ་རུ་གྱུར་ཟིན་སོང་། རྒྱལ་སྲིད་བསྐྱངས་ཀྱང་ཅི་ཞིག་གི་ཕན་ཐོགས་ཡོད་བསམས་ནས་རྒྱལ་པོ་དེ་ས་མཐར་འཁྱམས་སོང་བ་རེད། དེ་ནས་རྒྱལ་པོ་དེ་ཚེ་འཕོས་ནས་དོན་མེད་དུ་མི་བསད་བཞག་པའི་ལས་དེས། རྒྱ་མཚོ་འདིའི་ནང་ལ་སྐྱེས་ནས་ཆུ་སྲིན་ཆེན་པོ་ཞིག་ལ་ལུས་ཀྱི་མཐོ་དམན་ཚད་བཞག་ན་འདིའི་རུས་པ་འདི་དང་འདྲ་བ། དཔག་ཚད་བདུན་བརྒྱ་བརྒྱད་བརྒྱ་ཡོད་པ་དེ་འདྲ་ཞིག་གི་སྐྱེ་བ་བླངས་ནས། དེའི་ཆུ་གནས་སྲོག་ཆགས་ཆེན་པོ་དེ་གཉིད་སོང་དུས་ལོ་བརྒྱ་རེའི་མཚམས་ནས་གཉིད་རེ་རེ་སད་ཡོང་དུས། དེ་ཕོ་བ་ལྟོགས་ནས་ཁ་རེ་རེ་གདང་དུས་རྒྱ་མཚོའི་ཆུ་ཡང་ཆུ་ཆེན་རྒྱུགས་པ་ལྟ་བུས་སྲོག་ཆགས་ཆེན་པོ་དེའི་ཁ་ནང་དུ་མང་རབ་ཅིག་བུད་འགྲོ་བ་དང་། དེ་དང་མཉམ་དུ་སྲོག་ཆགས་དུང་ཕྱུར་མང་པོ་དེའི་མིད་པར་བུད་སོང་བས་སྲོག་ཡང་ཤོར་འགྲོ་ནི་དེ་འདྲ་ཞིག་གི་སྲོག་ཆགས་ཀྱི་སྐྱེ་བ་བླངས་སོང་བ་རེད། སྔར་མི་ལུས་བླངས་ནས་རྒྱལ་པོ་བྱེད་སྐབས་ཀྱི་བློན་པོ་ལ་སོགས་པ་ལས་ངན་བསགས་ཚད་པོ་ཚང་མ་དེའི་ལུས་པོའི་གསེང་གི་འབུ་སྲིན་དང་། དུང་དང་ཆུ་སྲིན་ཆུང་ཆུང་ལ་སོགས་པར་སྐྱེས་ནས་དེའི་ལུས་པོ་ཟ་དུས། དེས་ན་ཚ་མ་བཟོད་ནས་མཚམས་རེ་མཚམས་རེ་ཁོའི་ལུས་པོ་ཤེད་ཀྱིས་རི་མགོ་ལ་རེ་རེ་དྲུད་དུས་ལུས་ཀྱི་ཐོག་ཏུ་ཡོད་པའི་སྲོག་ཆགས་མང་པོ་བསད་པའི་ཁྲག་གིས་རྒྱ་མཚོ་ཆེན་པོ་དེའི་ངོས་ཀྱི་རྒྱང་གྲགས་རེ་ཙམ་གྱི་རྒྱ་ཁྱོན་དུ་རྒྱ་མཚོ་ཁྲག་མདོག་ཏུ་འགྱུར་འགྲོ་བ་དེ་ལྟ་བུ་དང་། དེའི་ཆུ་སྲིན་ཆེན་པོ་དེ་ལོ་བརྒྱ་སྟོང་མང་པོར་དེ་འདྲ་སྡུག་བསྔལ་མྱོང་མྱོང་ནས་མཐར་ཚེ་འཕོས་པའི་རོ་དེ། རྒྱ་མཚོ་རོ་དང་མཉམ་དུ་མི་གནས་པ་ཡིན་དུས་འདི་ན་འཕངས་ནས་ཉི་མས་བསྐམས། ཆར་པས་བརླན་ཏེ་ཤ་ཟད་པའི་རུས་པ་བྲག་རྡོར་འགྱུར་སོང་བ་འདི་རེད་གསུངས་པས། དགེ་སློང་དཔལ་སྐྱེས་ལ་དེའི་སྟེང་ནས་ངེས་འབྱུང་དྲག་པོ་རྐྱེན་གང་གིས་ཀྱང་བཟློག་ཏུ་མེད་པ་ཞིག་སྐྱེས་ནས། ཆོས་བསྒྲུབ་རྒྱུའི་བརྩོན་འགྲུས་ཉིན་མཚན་ཁ་སྦྱར་བྱས་ཏེ་བརྩམས་པས་ཐར་པའི་ས་བོན་གྱི་གསོས་ཐེབས་སོང་བ་རེད། མི་གཅིག་བསད་པའི་སྡུག་བསྔལ་མྱོང་བའི་ཚད་ཀྱི་ཆ་ཤས་ཙམ་ཞིག་དེ་འདྲ་ཡིན་ན། དེ་བས་ཆེ་བའི་ལས་ངན་བསགས་པའི་རྣམ་སྨིན་མྱོང་ཚད་ལ་བཤད་ཚོད་མེད་རྒྱུ་ཅན་ཞིག་རེད། དེ་ཡིན་དུས་སྔོན་གནས་རྗེས་དྲན་ཡོད་པ་ཞིག་གིས་སྔོན་གྱི་སྐྱེ་བ་རྣམས་སུ་སྡིག་པ་བསགས་རབས་དང་ལས་མྱོང་རབས་ལ་བསམ་བློ་བཏང་ན་ངོ་མ་ཁ་ནས་ཁྲག་དྲན་མོ་བསྐྱུག་ཡོང་བ་དེ་འདྲ་ཧ་ལས་དགོས་པ་ཞིག་ཡིན་པ་དེས་ན་ད་རེས་མི་ལུས་ཐོབ་ནས་ཆོས་སྒྲུབ་ཤེས་པའི་དུས་ཚོད་འདིར་ངེད་ཚོས་ཡིན་ན་འཁོར་བ་ལ་ཕྱི་ཕྱག་འཚལ་ནས་ད་ཕྱིན་ཆད་འཁོར་བ་ལ་འཁྱམས་དགོས་མི་ཐུག་ཅིང་། ཞིང་ཁམས་བདེ་བ་ཅན་ལ་འགྲོ་ཆོག་ཆོག་གི་ཐབས་ལ་ད་ནས་འབད་དགོས་པ་ལས་ཕྱིར་འགྱངས་ན་དུས་ཚོད་ཤོར་ཉེན་ཡོད་པ་ཡིན།

གསུམ་པ་ལྷ་དང་མི་ཡི་སྡུག་བསྔལ་བྱེ་བྲག་ཏུ་བསམས་ནས་ཐར་བ་ལ་སྨོན་པ།

མི་ནས་མི་རུ་སྐྱེ་ཆོག་ཀྱང་།།

སྐྱེ་རྒ་ན་འཆི་གྲངས་མེད་མྱོང་།།

དུས་ངན་སྙིགས་མར་བར་ཆད་མང་།།

མི་དང་ལྷ་ཡི་བདེ་སྐྱིད་འདི།།

དུག་དང་འདྲེས་པའི་ཟས་བཞིན་དུ།།

འདོད་པ་སྤུ་ཙམ་མེད་པར་ཤོག།

ཅེས་གསུངས་ན། སྐྱེས་བུ་ཆུང་ངུའི་བློ་རིམ་ཅན་ཕུགས་ཀྱི་གཏན་བདེ་སྒྲུབ་པའི་བློ་སྟོབས་མེད་པའི་གང་ཟག་གིས་ལྷ་དང་མི་ཡི་བདེ་བ་ལ་རེ་ཆགས་ཡོད་པས། ཟག་བཅས་ཀྱི་དགེ་བ་ལ་བརྟེན་ནས་ལྷ་མིའི་ལུས་རྟེན་ཐོབ་ཐུབ་པ་ཡིན་ཡང་། དེ་ལས་མི་ལྟ་བུ་ཞིག་ལ་མཚོན་ན་མིའི་ལུས་རྟེན་འདི་བརྗེས། ཡང་མིའི་ལུས་རྟེན་ཞིག་གལ་ཏེ་སྐྱེ་ཆོག་ཀྱང་། དེ་ལ་སྐྱིད་པོ་ཞིག་ཡོད་པ་མ་ཡིན་ཏེ། དང་པོར་སྐྱེ་བའི་སྡུག་བསྔལ། བར་དུ་རྒ་བའི་སྡུག་བསྔལ། ཐ་མར་ན་བའི་སྡུག་བསྔལ། ཡང་མཐར་འཆི་བའི་སྡུག་བསྔལ་ལ་སོགས་པ་སྡུག་བསྔལ་གྲངས་མེད་པ་མྱོང་ཚུལ་ལ་བསམ་བློ་ཞིག་བཏང་ན། བཤད་མི་ཚར་བ་ཞིག་ཡོད་པ་ཡིན། གཞན་ཡང་དགྲ་སྡང་འཕྲད་ཀྱིས་དོགས་པའི་སྡུག་བསྔལ། གཉེན་བྱམས་འབྲལ་གྱིས་དོགས་པའི་སྡུག་བསྔལ། འདོད་པ་ཐོག་ཏུ་མི་ཁེལ་བའི་སྡུག་བསྔལ། མི་འདོད་པ་ཐོག་ཏུ་བབ་པའི་སྡུག་བསྔལ། ཁྱད་པར་དུ་དེ་རིང་ཁར་སང་སྙིགས་མ་ལྔ་བདོའི་གནས་སྐབས་འདིར་གནའ་དུས་བཟང་པོ་ཡ་རབས་ཀྱི་ཉི་མ་དེ་ཕར་ལ་ནུབ། ད་དུས་ངན་པའི་མུན་ནག་སྨག་རུམ་གྱིས་ཚུར་ལ་ཁྱབ་པའི་དུས་ཡིན་ན། དུག་ལྔ་ཤིན་ཏུ་རགས་པས་ཉོན་མོངས་པའི་སྙིགས་མ། ལོག་ལྟ་ཤིན་ཏུ་ཆེ་བས་ལྟ་བའི་སྙིགས་མ། དུས་ངན་གྱི་མི་ཚེ་ངེས་པ་མེད་པས་ཚེ་ཡི་སྙིགས་མ། རྒྱུད་རྩུབ་ཅིང་འདུལ་བར་དཀའ་བ་སེམས་ཅན་གྱི་སྙིགས་མ། དེ་འདྲའི་སྙིགས་མ་ལྔ་བདོ་བའི་སྒང་ཡིན་པས། དམ་ཆོས་རྣམ་དག་ཅིག་བསྒྲུབ་དགོས་བསམ་ཡང་སྒྲུབ་མཁན་ལ་བར་ཆད་མང་པོ་འབྱུང་སྟེ། ནག་པོ་བདུད་ཀྱི་བསྟན་པ་དར་བའི་དུས། །ལྷ་ཆོས་སྒྲུབ་ལ་བར་ཆད་མང་དུ་འབྱུང་། །ཞེས་གསུངས་པ་ལྟ་བུ་ཡིན། མ་ཚད་མི་དང་ལྷ་ཡི་གནས་སྐབས་ཀྱི་བདེ་སྐྱིད་ལྟར་སྣང་བ་ཞིག་ཡོད་རྒྱུ་འདི་ཡང་། དུག་དང་འདྲེས་པའི་ཁ་ཟས་ཞིམ་ཡང་ཟ་མི་རུང་ཞིང་སྲོག་གི་དགྲ་ཡིན་པས་འཛེམས་དགོས་པ་བཞིན་དུ། དེ་ལ་འདོད་པ་སྤུ་ཙམ་ཡང་མེད་ཅིང་ད་ལྟ་ཉིད་དུ་བློས་ཐོང་བར་ཤོག་གསུངས་པ་ཡིན། སྟོན་པ་ཐུགས་རྗེ་ཅན་གྱིས་རྒྱལ་སྲིད་ཀྱི་འབྱོར་བ་ཡང་མཆིལ་མའི་ཐལ་བ་བཞིན་དུ་བོར་ནས་དོན་གཉིས་འགྲུབ་པའི་སངས་རྒྱས་སུ་གྱུར་བ་དང་། ཨོ་རྒྱན་རིན་པོ་ཆེས་ཨིནྡྲ་བྷུ་ཏིའི་རྒྱལ་སྲིད་སྤངས་ནས་སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་བརྙེས་སོང་བ་ཡིན་པས། ང་ཚོའི་ཁྱིམ་གཞིས་བྱེའུ་ཚང་འདྲ་བོ་ལ་ཆགས་རྒྱུ་འདི་ཁྱི་ཕག་མི་གཙང་བའི་ཟས་ལ་ཆགས་པ་དང་འདྲ་བ་ཞིག་ལས་མ་འདས།

ཉེ་དུ་ཟས་ནོར་མཐུན་གྲོགས་རྣམས།།

མི་རྟག་སྒྱུ་མ་རྨི་ལམ་བཞིན།།

ཆགས་ཞེན་སྤུ་ཙམ་མེད་པར་ཤོག།

ཅེས་གསུངས་ཏེ། གཉེན་ཉེ་རིང་རྩ་གསུམ་གྱི་རིགས་འདི་སྔ་མའི་ལན་ཆགས་འཁོར་བའི་ཚེ་སྔོན་གྱི་དགྲ་བོ་ཡིན་ཤས་ཆེ་ཡང་། འདི་ཐག་རིང་ན་ཡོད་དུས་ཉེ་འབྲེལ་གྱི་གདུང་སེམས་ཆེ་བས་དེ་དང་གཅིག་ཐུག་དགོས་པ་འདྲ་འདྲ། འདི་ཟུར་ལ་བཞག་ན་ཉོན་མོངས་དུག་གསུམ་གྱི་ཕུང་པོ་ཟད་མེད་སྐྱེད་བྱེད་ཀྱི་གཞི་མ་མེད་ན་དགའ་སྣང་ཤར་བ། ཤི་བའི་དུས་སུ་གཉེན་ཉེ་བ་དང་་གྲོགས་ལ་ཞེ་ཆགས་ན་འདྲེ་ལུས་ལེན་བྱེད་དུ་འགྲོ་བ་སྟེ། དེ་འདྲའི་གནོད་བྱེད་ཡིན་པ་དང་། ཟས་ནོར་ཞིག་ལ་ཆགས་ནའང་དེ་བཞིན་དུ་ཚེ་འདིར་མི་བདེ་དཀའ་ལས་ཐམས་ཅད་ཀྱི་གཞི་མ་སྟེ། ཟས་ནོར་བརླགས་པའི་སྡུག་བསྔལ་གྱིས་མི་ཚེ་སྡུག་བསྔལ་བར་བྱེད་པ་སོགས་ཏེ། བསགས་དང་སྲུང་དང་སྤེལ་བས་དུས་འདའ་བའི། །ནོར་ནི་ཕུང་ཁྲོལ་མཐའ་ཡས་སྐྱེད་པའི་རྒྱུ། །ཞེས་གསུངས་པ་དང་འདྲ་བ་ཡིན། ཕྱི་མ་བར་དོའི་གནས་སྐབས་སུའང་དེ་ལ་ཆགས་པས་ཕྱི་མའི་རྣམ་སྨིན་ལྕི་བ་སོགས་ཟས་ནོར་གྱི་ཁུངས་ནས་འབྱུང་བ་སྟེ། གནའ་སྔོན་ཆད་ཅིག་ལ། ཡུལ་ཝ་ར་ཎ་སི་ཞེས་པའི་རྒྱ་གར་གྱི་ས་ཆར་ཞིག་ནས་ཁྱིམ་བདག་ཕྱུག་པོ་ཞིག་གིས་ཚོང་བརྒྱབ་ནས་རྒྱུ་ཆེན་དུ་གྱུར་ཏེ་རྒྱུ་ནོར་བསགས་ཚད་པོ་གསེར་ཤ་སྟག་ཏུ་བརྗེས་པས། བར་ཞིག་ལ་གསེར་བུམ་པ་བདུན་ཙམ་ཡོད་པ་ཞིག་ཏུ་ཆགས་ཀྱང་། སེར་སྣའི་དབང་གིས་གསེར་བུམ་པ་བདུན་པོ་དེ་བེད་སྤྱོད་གཏོང་མ་བྲ་ནས་གསོག་གིན་བསྡད་ཅིང་། མ་ཤི་བའི་སྔོན་ལ་གསེར་བུམ་པ་བདུན་པོ་དེ་ས་འོག་ལ་སྦས་པ་དང་། ཉིན་ཞིག་ཁྱིམ་བདག་ཤི་སོང་དུས་གསེར་བུམ་པ་བདུན་པོ་དེར་ཞེ་ཆགས་ནས་སྦྲུལ་ཞིག་གི་ལུས་བླངས་ནས་གསེར་བུམ་པ་བདུན་པོ་བསྲུངས་ནས་བསྡད་པ་དང་། ནམ་ཞིག་དེའི་གྲོང་པ་དེ་ཡང་ས་སྟོང་དུ་གྱུར། སྦྲུལ་དེ་ཡང་ཤི་ཐེངས་མང་པོ་བྱས་ཏེ། ཡང་ཚུར་སྦྲུལ་གྱི་ལུས་ཏག་ཏག་བླངས་ནས་གསེར་བུམ་རྣམས་ལ་ལུས་པོས་དཀྲིས་བརྒྱབ་ནས་ལོ་ཁྲི་ཕྲག་མང་པོ་ལ་གསེར་བུམ་གྱི་རྩར་སྦྲུལ་ལ་སྐྱེས་པ་ཡིན། ནམ་ཞིག་ལ་ཐར་པའི་ས་བོན་ཞིག་རང་གི་རྒྱུད་ལ་སྔོན་ཆད་ཡོད་པའི་སྟོབས་ཀྱིས། སྒྲིབ་པ་མྱོང་སྟོབས་ཀྱིས་ཅུང་ཟད་ཇེ་སྲབ་ལ་སོང་བས་གསེར་དེར་ཞེ་ཆགས་པའི་དབང་གིས་སྦྲུལ་ལུས་བླངས་བ་དེ་ཤེས་ཤིང་། སྔར་གྱི་བག་ཆགས་ཀྱིས་རིག་པ་སད་ནས་མི་སྐད་ཀྱང་བཤད་ཤེས་པ་དེ་ལྟ་བུ་གྱུར། དེ་ནས་འཁོར་བའི་སྡུག་བསྔལ་ལ་ངེས་འབྱུང་ཞེ་གཏིང་ནས་སྐྱེས་ཏེ་ལམ་ཟུར་རྩྭ་ལྡུམ་གྱི་ཁྲོད་ལ་གབ་ནས་བསྡད་པ་ན། སྐབས་ཤིག་མི་ཞིག་ལམ་དུ་འགྲོ་གིན་འདུག་པ་མཐོང་ཞིང་། མི་དེ་ལ་མི་སྐད་ཀྱིས་བོས་པས། མི་དེས་མི་ཞིག་ཡིན་ནམ་སྙམ་ནས་ཕར་བལྟ་ཚུར་ལྟ་མང་པོ་བྱས་ཀྱང་ཅི་ཡང་མ་མཐོང་ནས་ཁོའི་སྔུན་གྱི་ལམ་དེད་ནས་སོང་ཙ་ན། ཡང་སྦྲུལ་དེས་མི་སྐད་བརྒྱབ་ནས་ཁྱོད་ཀྱིས་ལམ་ཟུར་དེར་ལྟོས་དང་ངའི་ཟུར་ལ་ཤོག་དང་ཟེར་ནས་བོས་པས། མི་དེས་སྦྲུལ་དེའི་སྐེ་རྩྭ་གསེང་ནས་ཡར་བསྲིངས་ནས་འདུག་པ་རིག་ནས། ཁྱོད་སྦྲུལ་ཞིག་མ་རེད་དམ། ཁྱོད་ཀྱི་ཟུར་ལ་ཡོང་ན་ང་ལ་གནོད་པ་བྱེད་སྲིད་པས། ཡོང་མི་ཕོད་པར་འདུག་ཟེར་བ་ལ། སྦྲུལ་གྱིས་ངས་ཁྱོད་ལ་གནོད་པ་བྱེད་བསམ་ན་ཁྱོད་ངའི་ཟུར་དུ་མ་ཡོང་རུང་གནོད་པ་བསྐྱལ་ཐུབ་ཅེས་སྨྲས་པས། མི་དེ་སྐྲག་ནས་ངོ་མ་བདེན་འདུག་འདི་འདྲའི་ཐག་ཉེ་ཞིག་ནས་དུག་སྦྲུལ་འདི་འདྲ་ཞིག་གིས་གནོད་བསྐྱལ་ལོས་ཐུབ། ཐུབ་ཤག་ཤག་རེད། དེ་བས་ཟུར་ལ་སོང་ན་དགའ་སྙམ་ནས་མི་དེ་སྐྲག་ཞོར་སྦྲུལ་གྱི་རྩར་སོང་བས། སྦྲུལ་གྱིས་ཁྱོད་སྐྲག་མི་དགོས། ང་ལ་རོགས་ཤིག་གྱིས། ང་ལ་འདི་ན་གསེར་བུམ་པ་འགའ་ཞིག་ཡོད། ཁྱོད་ཀྱིས་འདི་ཁྱེར་སོང་ནས་དགེ་འདུན་པ་ལ་མཆོད་འབུལ་ཞིག་བྱེད་རོགས་གྱིས་ཟེར་བས། མི་དེས་སྦྲུལ་དེ་བཅུག་སའི་སྒམ་ཆེན་པོ་ཞིག་ཐབས་བྱས་ཏེ་དེའི་ནང་ལ་བསྡུས་ནས། གསེར་དང་བཅས་པ་རྒྱབ་ལ་ཁུར་ཏེ་སངས་རྒྱས་ཀྱི་སློབ་མ་དགེ་འདུན་གྱི་སྡེ་ཡོད་སར་སོང་སྟེ་སྦྲུལ་དེ་དགེ་འདུན་པའི་མདུན་དེར་བཞག གསེར་དེ་དག་གིས་མཆོད་པའི་ཡོ་བྱད་དང་ཞལ་ཟས་བཟང་པོ་ཤ་སྟག་ཉོས་ཏེ་དགེ་འདུན་པ་ལ་མཆོད་པ་ཕུལ་བས། སྦྲུལ་དེ་དགའ་ནས་སྒམ་ནང་ནས་མགོ་ཡར་བཀྱགས་ནས་ཆོས་ཉན་པ་དང་། སྦྲུལ་གྱི་ལུས་རྟེན་ངན་པ་དེ་བརྗེས་ནས་སུམ་ཅུ་རྩ་གསུམ་གྱི་ལྷ་ཡུལ་དུ་སྐྱེས་ནས་རིམ་གྱིས་ཐར་བ་ཐོབ་སོང་བ་ཡིན། གཞན་ཡང་ཞེན་ཆགས་སྐྱེས་ན་ཆགས་ཡུལ་ལ་ཆེ་ཆུང་ཡོད་པ་མིན་ཏེ། གསེར་བུམ་པ་བདུན་པོ་ལྟ་བུ་དེ་ལ་ཆགས་ན་ཆགས་རིན་ཡོད་ས་ཞིག་ཡིན་མོད། དེ་ལས་གཞན་སྤྲང་པོ་དབྱུག་པ་ལ་ཞེ་ཆགས་རབས་དང་། རྫི་བོ་ཞིག་ཤི་དུས་འུར་ཐག་གམ་འུར་རྡོ་ལ་ཞེ་ཆགས་ནས་ཉལ་སའི་ཞབས་ཀྱི་འུར་ཐག་སྦྲུལ་ཞིག་ཏུ་འགྱུར་སོང་བ་ལྟ་བུ་དང་། ཡང་བན་རྒན་ཞིག་ལ་ཤ་རྐང་ཡ་ཞིག་ཡོད་པ་དེར་ཞེ་ཆགས་ནས་བན་རྒན་འདས་དུས་དགོན་གསེང་ནས་ནུབ་རྟག་པར་ཤ་རྐང་ཡ་ཞིག་ཁྱིས་དེད་ནས་འུར་འདུག་པ་ལ། བན་རྒན་གྱི་བུད་ཤིང་གསེང་དུ་ཟོག་ཤ་རྐང་པ་ཞིག་ཡོད་པ་ན། བླ་རྒན་གཞན་ཞིག་གིས་མཐོང་ནས་གསུར་གྱི་ནང་བསྲེགས་བཞག་པས་དེ་ཕྱིན་ཆད་ཁྱིས་བདའ་རྒྱུ་མེད་པར་འགྱུར་རབས་དང་། དེ་བཞིན་མཐུན་གྲོགས་ལ་ཆགས་ན་ཡང་དགེ་བའི་བཤེས་གཉེན་འདྲ་ཡིན་ན་མ་གཏོགས་གནོད་བྱེད་དུ་འགྲོ་བ་ལས་ཕན་བྱེད་དུ་མི་འགྲོ་བ་ནི། བྱིས་པ་རྣམས་ནི་མ་མཐོང་ན། །རྟག་ཏུ་བདེ་བ་ཉིད་དུ་འགྱུར། །ཞེས་གསུངས་པ་ཡིན། སོ་སོའི་སྐྱེ་བོ་རྣམས་ནི་བྱིས་པའི་སྡིག་གྲོགས་ཡིན་པས། སྡིག་གྲོགས་ལ་ཆགས་ཤིང་ཞེན་ན་དེ་འཁོར་བ་ལས་ཡར་ཐར་མེད་བྱེད་ཀྱི་རྒྱུ་དང་རྐྱེན་ཡིན་ན། དང་པོར་སྐྱེས་པའི་དུས་ཚོད་ནས་ཁེ་རུ་སྐྱེས་པ་དང་། ཐ་མར་ཤི་བའི་ཉིན་པར་ཡང་ཁེ་རུ་ཤི་དགོས་པས། དགྲ་དང་འདྲ་བའི་གྲོགས་ངན་ཐམས་ཅད་ཞེན་ཆགས་བྱེད་མ་དགོས་རོ་བཞིན་དུ་སྤངས་དགོས་ཏེ། རོ་ཁྱིམ་ལ་བཞག་ནས་འདུག་རྒྱུ་མེད་པ་ལྟ་བུ་དང་གཅིག་པ་ཡིན། སྤྱིར་ན་ཉེ་དུ་ཟས་ནོར་ཐམས་ཅད་ལ་རྟག་པ་དང་བརྟན་པ་ཞིག་ཡོད་པ་མ་ཡིན། མི་རྟག་འཆི་བའི་གནས་ལུགས་ལ་བསམ་བློ་ཞིག་བཏང་ན་སྒྱུ་མ་དང་རྨི་ལམ་ལྟ་བུ་ལས་མ་འདས་པས། འདུས་བྱས་འཁོར་བའི་ཆོས་ཐམས་ཅད་མཐའ་བཞི་ལས་མ་འདས་པ་ཞིག་ཏེ། སྐྱེས་པའི་ཐ་མ་འཆི། འདུས་པའི་ཐ་མ་འབྲལ། བསགས་པའི་ཐ་མ་འཛད། མཐོ་བའི་ཐ་མ་ལྷུང་བ་ཡིན་པས་གང་ལ་བསམ་ན་རྟག་བརྟན་མེད་པ། གང་ཞིག་བསྒྲུབས་ཀྱང་སྙིང་པོ་མེད་པས་སྙིང་མེད་འཁོར་བའི་ཆོས་ལ་ཞེན་པ་ལོག་ནས་དེར་ཆགས་ཞེན་སྤུ་ཙམ་ཞིག་མེད་པར་ཤོག་གསུངས་པའོ།།

ས་ཆ་ཡུལ་རིས་ཁང་ཁྱིམ་རྣམས།།

རྨི་ལམ་ཡུལ་གྱི་ཁང་ཁྱིམ་ལྟར།།

བདེན་པར་མ་གྲུབ་ཤེས་པར་ཤོག།

ཅེས་གསུངས་ཏེ། དེ་བཞིན་དུ་ངའི་ཕ་ས་ཡིན་བསམས་རྒྱུའི་ས་ཆ་དང་། ངའི་ཕ་ཡུལ་དང་རང་སྡེ་ཡིན་བསམས་རྒྱུའི་ཡུལ་རིས། ངའི་ཕ་གཞིས་མ་མཁར་ཡིན་བསམ་རྒྱུའི་ཁང་ཁྱིམ་འདི་ཚོ། རྨི་ལམ་གྱི་ཁང་ཁྱིམ་གཉིད་སད་དུས་མེད་པ་དང་འདྲ་བར་རྟག་བརྟན་མེད་ཅིང་། དོན་ལ་བདེན་པར་མ་གྲུབ་པ་ཡིན་པ་ཤེས་པར་ཤོག་ཅིག་གསུངས་པ་སྟེ། ཁར་སང་ཉིན་ཀར་གྱི་སྣང་བ་དང་མདང་དགོང་རྨི་ལམ་གྱི་སྣང་བ་གཉིས་ཀ་དེ་རིང་མེད་པའི་ཆ་ནས་འདྲ་འདྲ་དང་། འཁྲུལ་བ་ཡིན་པའི་ངོས་ནས་འདྲ་འདྲ་ཡིན། དེ་རིང་གི་སྣང་བ་དང་དོ་དགོང་གི་རྨི་ལམ་གཉིས་སང་ཉིན་མེད་པའི་ཆ་ནས་ཀྱང་འདྲ་འདྲ་དང་། འཁྲུལ་བ་ཡིན་པའི་ངོས་ནས་ཀྱང་གཅིག་པ་ཡིན་པ་དེས་ན་ས་ཆ་ཡུལ་རིས་ཁང་ཁྱིམ་དང་ནོར་རྫས་རྣམས་ལ་ཆགས་ཞེན་བྱེད་མི་ཉན་པ་ཡིན། ས་ཆ་ལ་ཆགས་ན་ས་ཆ་དེའི་འབུ་སྲིན་ཡན་ཆད་ལ་སྐྱེ་རྒྱུ་དང་། ཁང་ཁྱིམ་ལ་ཆགས་ན་མཁའ་ལ་རྒྱུ་བའི་ཡི་དྭགས་ཀྱི་སྐྱེ་བ་བླངས་ནས་དེ་ལ་བདག་བཟུང་བྱེད་པ་དེ་འདྲའི་སྐྱེ་བ་ལེན་སྲིད་པ་སྟེ། གནའ་ཞིག་ལ་མ་རྒན་སེར་སྣ་ཅན་ཞིག་གསོན་ཚེ་ནོར་རྫས་དང་ཁྱིམ་ལ་འཛིན་ཆགས་ཆེ་སྟབས། ཤི་དུས་ཁྱིམ་དེའི་ཁྱི་མོ་ཞིག་ལ་སྐྱེས་ཏེ། སྔོན་གྱི་བག་ཆགས་སད་པས་ཉིན་མཚན་ཐམས་ཅད་ལ་ཁྱིམ་རྐུན་ཡོང་དོགས་བྱས་ཏེ་བསྐོར་ནས་སྲུང་བསྡད་རབས་སོགས་གསུངས་པ་ཡིན། ང་ཚོའི་སྒོ་ཁྱི་སྲོང་མོ་འདི་ཚོ་ཡང་ཕལ་ཆེར་ཁྱིམ་དེའི་ཕ་མ་སེར་སྣ་ཅན་རྣམས་ཀྱི་སྐྱེ་བ་ཡིན་པར་གསུངས་ཡོད་པ་ཡིན། མདོར་ན་གང་སྣང་སྣང་བ་ཐམས་ཅད་གཏི་མུག་མ་རིག་པའི་གཉིད་ཆེན་པོས་ནོན་པའི་རྨི་ལམ་གྱི་སྣང་བ་ལྟ་བུའི་འཁྲུལ་བ་ཡིན་པས་ན། མེད་པ་གསལ་སྣང་གི་དངོས་པོ་ཐམས་ཅད་ཤེས་རབ་ཀྱིས་བརྟགས་ཏེ་མཐའ་བྲལ་ཆགས་ཞེན་གྱི་ཡུལ་མེད་པའི་གནད་ཤེས་སུ་འཇུག་པ་ནི་གལ་ཆེའོ། །འཁོར་བའི་འཁྲུལ་སྣང་ལ་བདེན་པར་ཞེན་པ་དེ་ཅི་འདྲ་ཞིག་རེད་ཟེར་ན། དཔེར་ན་རི་མོ་མཁན་ལྷ་བཟོ་མཁས་པ་ཞིག་གིས་རང་ཉིད་ཀྱིས་གནོད་སྦྱིན་འཇིགས་སུ་རུང་བ་སྐྲག་ཏུ་འཇུག་བྱེད་ཅིག་བྲིས་ནས། རང་དེ་ལ་སྐྲག་པ་དང་གཅིག་འཚུངས་ཡིན། ཁམས་གསུམ་འཁོར་བའི་སྣང་བ་འདི་བདེན་མེད་སྟོང་ཉིད་ཡིན་པ་ལ་ཡིན་ནོ་སྙམ་པའི་དོན་འགྱུར་གྱི་ཐེ་ཚོམ་ཙམ་ཞིག་སྐྱེས་པས་ཀྱང་། སློབ་དཔོན་ཨཱརྱ་དེ་བས། བསོད་ནམས་ཆུང་ངུས་ཆོས་འདི་ལ། །ཐེ་ཚོམ་ཙམ་ཡང་ཟ་མི་འགྱུར། །གལ་ཏེ་ཐེ་ཚོམ་ཟོས་གྱུར་ན། །སྲིད་པའི་རྩ་བ་ཧྲུལ་པོར་བྱེད། །ཅེས་གསུངས་པ་ཡིན། དེས་ན་ད་ལྟ་ནས་ཆགས་ཞེན་སྤོང་ཨེ་ཐུབ་བལྟས་ནས་སྤོང་ཐུབ་པ་ཞིག་བྱེད་དགོས་པ་དང་། ད་ལྟ་རང་གིས་རང་ལ་བལྟས་ན་ཆགས་ཞེན་མི་ཆེ་རྒྱུ་མེད་ཀྱང་། འཆི་ཁར་ངོ་མ་ང་མི་ཆགས་སོ་སྙམ་ན་ཡང་དེ་དུས་དོན་ཐོག་ལ་ཨེ་གནས་ཅི་ཤེས། ལར་ཉིན་དཀར་གྱི་རྣམ་ཤེས་བས་རྨི་ལམ་གྱི་ཤེས་པ་གསལ་ལ། བར་དོའི་རྣམ་ཤེས་དེ་བས་ཀྱང་གསལ་བ་སྟེ། ཤེས་པ་དགུ་འགྱུར་གྱིས་གསལ་བ་ཡིན་པས། ཡུད་ཙམ་དྲན་མ་ཐག་ཏུ་ལུས་ངན་ལེན་པའི་ཉེན་ཁ་ཡོད་པས། དེས་ན་འཇིག་རྟེན་འདི་སྣང་གི་དངོས་པོ་ཐམས་ཅད་ལ་ཆགས་ཞེན་སྤུ་རྩེ་འདྲ་ཞིག་མི་བྱེད་པར། བདེ་བ་ཅན་གྱི་ཞིང་ཁམས་ལ་དེ་རིང་ནས་འགྲོ་དགོས་སྙམ་པའི་འདུན་པ་གཏད་རྒྱུ་དེ་ད་ནས་ཤི་མ་སོང་གི་བར་དུ་མི་བརྗེད་པར་གོམས་སུ་འཇུག་དགོས་པ་ཡིན།

བཞི་བ་ཆགས་ཞེན་བཅད་ནས་བདེ་བ་ཅན་གྱི་ཞིང་ཁམས་ལ་སྨོན་ལམ་རྣམ་པར་དག་པས་མཚམས་ཇི་ལྟར་སྦྱོར་ཚུལ།

དེ་ལྟར་ཆགས་ཞེན་བཅད་ནས་བདེ་བ་ཅན་གྱི་ཞིང་ཁམས་ལ་སྨོན་ལམ་རྣམ་པར་དག་པས་མཚམས་ཇི་ལྟར་སྦྱོར་ཚུལ་ནི།

ཐར་མེད་འཁོར་བའི་རྒྱ་མཚོ་ནས།།

ཉེས་ཆེན་བཙོན་ནས་ཐར་བ་བཞིན།།

བདེ་བ་ཅན་གྱི་ཞིང་ཁམས་སུ།།

ཕྱིར་བལྟས་མེད་པར་འབྲོས་པར་ཤོག།

ཅེས་གསུངས་ཏེ། དམན་པ་ལ་དགག་པའི་སྒྲ་སྦྱར་ནས་ཐར་བ་དཀའ་བ་ལ་ཐར་མེད་ཅེས་པའི་ཚིག་སྒྲ་སྦྱར་ནས། ཐར་པའི་དུས་མེད་པ་འཁོར་བ་ཆུ་སྲིན་གནས་ཀྱི་རྒྱ་མཚོ་འཇིགས་སུ་རུང་བ་མཐའ་མི་མངོན་པ་འདི་ནས། དཔེར་ན་རྒྱལ་པོའི་ཁྲིམས་རའི་ནང་གི་སྲོག་ཆད་ལ་བབ་པའི་མི་སང་ཉིན་གསོད་རན་པའི་ཉེས་ཆེན་ཞིག་དེ་རིང་བྲོས་ནས་ཐར་སོང་བ་བཞིན་དུ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ལ། དཔེར་ན་བཙོན་པ་ནག་ཅན་ཁྲིམས་ཞབས་ནས་ཤོར་དུས་རྗེས་ནས་འདེད་ཨེ་ཡོང་གི་དོགས་ནས་ཕྱིར་བལྟས་བྱེད་ཤོར་ན་མ་གཏོགས། བཙོན་ར་འདི་བསྐྱུར་མི་བྲ་སྙམ་པའི་ཕྱིར་བལྟས་ཤིག་མི་བྱེད་པ་ལྟར་དུ་འཁོར་བའི་གནས་ལ་ཆགས་ཞེན་གྱི་དབང་གིས་ཕྱིར་བལྟས་མེད་པར་འཁོར་བའི་གནས་ནས་བྲོས་ཏེ་ཐར་བའི་བཙན་ས་ཟིན་པར་ཤོག་ཅེས་གསུངས་པའི་དོན་ཡིན། ཐོས་གྲོལ་གྱི་གནས་འདྲེན་ནང་ནས་ཀྱང་། ཡུལ་དང་ཁང་ཁྱིམ་ནོར་རྫས་ཀུན། །སྒྱུ་མའི་རྟ་གླང་ཇི་བཞིན་དུ། །མི་རྟག་འགྱུར་བའི་ཆོས་ཅན་ཡིན། །རྟག་པར་གནས་པ་གཅིག་ཀྱང་མེད། །མ་ཆགས་མ་ཞེན་རིགས་ཀྱི་བུ། །ཞེས་དང་། ཕ་མ་བུ་ཚ་ཉེ་དྲུང་ཀུན། །རྨི་ལམ་སྐྱེས་བུ་ཇི་བཞིན་དུ། །མི་རྟག་འབྲལ་བའི་ཆོས་ཅན་ཡིན། །ཁྱོད་ཀྱི་མིང་ནས་འབོད་བྱེད་ཅིང་། །ཕ་མ་ཉེ་དྲུང་ང་ཡིན་ཞེས། །སྨྲེ་སྔགས་འོ་དོད་འབོད་པ་ཀུན། །ཐར་ལམ་བར་ཆད་གེགས་ཡིན་པས། །དེ་ལ་མ་ཉན་རིགས་ཀྱི་བུ། །ཆགས་པར་མ་བྱེད་རིགས་ཀྱི་བུ། །ཞེས་གསུངས་པ་ལྟར་དུ་ཆགས་ཞེན་བྱ་མི་རུང་བ་ཡིན། གནའ་ཞིག་ལ་དེད་དཔོན་བློ་སྟོབས་ཆེན་པོ་ཅན་ཞིག་གིས་ཚོང་གཡོག་ལྔ་བརྒྱ་ཐམ་པ་ཁྲིད་ནས་རྒྱ་མཚོའི་གླིང་དུ་ནོར་བུ་ལེན་དུ་སོང་བ་དང་། རྒྱ་མཚོའི་གླིང་དུ་ཚོང་དཔོན་དེས་ཚོང་གཡོག་ལྔ་བརྒྱ་ཁྲིད་ནས་འགྲོ་དུས་དེར། ལམ་ནས་མི་འདོད་པའི་རླུང་གིས་གྲུ་གཟིངས་ཀྱི་ཁ་ཕྱིན་ཅི་ལོག་ཏུ་སྐོར་ནས་མཐར་སྲིན་མོའི་གླིང་ལ་ཐོན་སོང་བ་དང་། སྲིན་མོའི་གླིང་གི་སྲིན་མོ་ལྔ་བརྒྱས་བསླུ་བྲིད་བྱས་ཏེ་ཚོང་པ་ལྔ་བརྒྱ་དེ་དང་ཁྱིམ་ཐབ་བྱས་ཤིང་། གྲུ་རྗེས་མ་ཡང་ནམ་ཞིག་མི་འདོད་པའི་རླུང་གིས་དེད་ཡོང་བ་དེའི་བར་དུ་ཚོང་པ་སྔོན་མ་རྣམས་བཞག་ནས། ཚོང་པ་རྗེས་མ་གསར་པ་ཞིག་ཐོན་དུས་སྔོན་མ་རྣམས་བཟས་ནས་གསོད་རྒྱུ་དང་། དེར་གྲུ་རྗེས་མ་མི་མཐུན་པའི་རླུང་གིས་དེད་ནས་ཚོང་པ་གསར་པ་ནམ་ཐོན་ན་དེ་དུས་སྔོན་མ་རྣམས་ཟ་རྒྱུ་ཡིན་པ་དེ་དེད་དཔོན་གྱིས་ཤེས་ནས། ཚོང་གཡོག་རྣམས་ལ་ལྐོག་ནས། ང་ཚོ་འདི་ན་ཚུད་རྒྱུ་དེ་ཡག་པོ་ཞིག་རྩ་བ་ནས་རེད་མི་འདུག ནམ་ཞིག་ན་ང་ཚོ་ཟ་རྒྱུ་དང་། འདི་ནི་སྲིན་མོའི་གླིང་ཡིན་པ་འདུག ཚེས་བཅོ་ལྔའི་དགོང་མོར་སྤྲུལ་བའི་རྟ་མཆོག་ཅང་ཤེས་བྷ་ལ་ཧ་ཟེར་བ་ཞིག་ནམ་མཁའ་ནས་འབབ་སྟེ་གསེར་གྱི་བྱེ་མའི་ནང་འགྲེ་ལྡོག་བརྒྱབ་ནས་གཡུའི་ལྗང་བུ་ཁམ་གང་ཟོས་ཏེ། མི་སྐད་ཀྱི་ཐོག་ནས་ཕྱིར་འཛམ་བུའི་གླིང་དུ་འགྲོ་བསམ་མཁན་ཡོད་ན་ངའི་རྒྱབ་ལ་འཐོམས་གསུང་ཡོང་བས། དེ་དུས་སྲིན་མོ་རྣམས་ཀྱི་བསླུ་བྲིད་ལ་ཆགས་ཞེན་བྱེད་མ་ཤོར་རང་ཅག་དེ་དུས་བྲོས་དགོས་ཞེས་ཚང་མ་ལ་ཆ་བརྒྱབ་ཅིང་ལྐོག་ནས་བཤད་པས། ངོ་མ་དེ་ལྟར་དུ་ཚེས་ཆེན་བཅོ་ལྔའི་དགོང་མོར་ནམ་མཁའི་སྤྲིན་གསེབ་ཀྱི་བར་སྣང་ཁམས་ནས་སྤྲུལ་བའི་རྟ་མཆོག་ཅང་ཤེས་བྷ་ལ་ཧས་འཚེར་སྐད་ཅིག་བྱས་ཏེ། ས་ལ་བབས་ནས་སྔར་དེད་དཔོན་གྱིས་བཤད་པ་ནང་བཞིན་གསེར་གྱི་བྱེ་མའི་ནང་འགྲེ་ལྡོག་གསུམ་བྱས། གཡུའི་ལྗང་བུ་དེ་ཁམ་གང་ཟོས་ནས་མི་སྐད་ཀྱི་ཐོག་ནས་འཛམ་བུའི་གླིང་དུ་ཕྱིར་འགྲོ་འདོད་ཡོད་མཁན་ཚང་མ་ངའི་རྒྱབ་ལ་ཞོན། སྲིན་མོའི་གླིང་ལ་མ་ཆགས་ཤིག མ་ཞེན་ཅིག ཆགས་ཤིང་ཕྱིར་བལྟས་ཤོར་ན། ཉམས་ཉེས་པར་འགྱུར་ཏ་རེ་ཞེས་བཤད་དེ། སྤུ་གསིག་ཅིག་བྱས་ནས་ནམ་མཁར་འཕུར་གྲབས་བྱས་དུས་དེད་དཔོན་གྱིས་ཐེ་ཚོམ་མེད་པར་རྟ་མཆོག་གི་སྒའི་སྟེང་དུ་མཆོངས་སོང་བ་དང་། གཞན་དག་ཚང་མ་དེ་བཞིན་དུ་འཐམས་ནས་འགའ་རེའི་རྔ་མ་དང་འགའ་རེ་སྤུ་རྩེ་ལ་འཐམས་ཏེ་ཚོང་ཕྲུག་ལྔ་བརྒྱ་དང་བཅས་པ་རྟ་མཆོག་ཅང་ཤེས་བྷ་ལ་ཧ་ལ་འཐམས་པས། རྟ་མཆོག་གི་རྩལ་གྱིས་ནམ་མཁར་འཕུར་ནས་ནམ་མཁའི་དབྱིངས་སུ་ཐོན་དུས་དེར། སྲིན་མོ་ལྔ་བརྒྱས་མཐོང་ནས་རང་རང་གི་བུ་རྒྱུད་དག་གནམ་ལ་བཀྱགས་ནས་ངུ་འབོད་བྱས་ཏེ་ཁྱེད་ཅག་གིས་ཁོང་ཚོ་ལ་སྙིང་མི་རྗེ་འམ། ཁྱེད་ཅག་གིས་ངེད་ཚོ་མ་བསམས་ཀྱང་བུ་རྒྱུད་འདི་རྣམས་བསྐྱུར་བཏང་བ་ཕོད་དམ། ཞེས་དེ་ལྟ་བུ་སྙིང་ལ་མདའ་བརྒྱབ་པ་འདྲ་འདྲའི་ངུ་འབོད་བྱས་དུས། ཚོང་ཕྲུག་རྣམས་ཀྱིས་ཕྱིར་བལྟས་རེ་ཤོར་བས་ཚང་མ་ལྷུང་ནས་ས་ཐོག་ལ་མ་ཐོན་གོང་ནས་སྲིན་མོ་ལྔ་བརྒྱས་རང་གཟུགས་འཇིགས་སུ་རུང་བའི་འདྲེ་ལུས་མངོན་སུམ་དུ་བསྟན་ཏེ་བར་སྣང་ཁམས་ནས་ཚོང་ཕྲུག་ལྔ་བརྒྱ་བོ་བཟུང་སྟེ། ཤ་དུམ་བུ་ཁྲག་ཐིགས་པ་བྱས་ནས་ཟོས་ཏེ། ཐ་ན་ཁྲག་ཐིགས་ས་ལ་བབ་པ་ཡང་སྦར་མོས་བྲད་ནས་ཟོས་སོང་བ་ལྟར་དུ། འཁོར་བའི་གནས་ལ་ཆགས་ཞེན་བྱས་ན་འདམ་གྱིས་རྫས་འཛིན་པ་དང་། རྙི་ཡིས་བྱ་འཛིན་པ་ལྟར་ཏུ་འཁོར་བའི་གནས་ལ་དབང་མེད་དུ་བཀུག་འགྲོ་བ་ཡིན་ཏེ། གནའ་བླ་མ་ཞིག་ཞིང་ཁམས་ལ་བྱོན་འགྲོ་དུས་དེར། ཁོང་གི་རོལ་མོ་ཡག་པོ་ཞིག་ཡོད་པ་དེ་གྲྭ་པ་རྣམས་ཀྱིས་བརྡུངས་ཡོང་དུས། བླ་རྒན་གྱིས་དེ་གོ་ནས་རོལ་མོ་ལ་ཐུགས་ཆགས་ནས་ཕྱིར་བལྟས་ཤིག་ཤོར་སོང་དུས་འདྲེ་ངན་ཞིག་གི་སྐྱེ་བ་བླངས་སོང་བའི་ལོ་རྒྱུས་ཡོད་པ་ལྟ་བུ་ཡིན་པ་དེས་ན།

ལྔ་བ་འཁོར་གནས་ཡུལ་འཁོར་ནོར་རྫས་ཉེ་དུ་ཟས་ནོར་ཐམས་ཅད་ལ་ཆགས་ཞེན་མེད་པར་བདེ་བ་ཅན་ལ་འགྲོ་བའི་ཚུལ་ལ་སྨོན་པ།

ཆགས་ཞེན་འཁྲི་བ་ཀུན་བཅད་ནས།།

བྱ་རྒོད་རྙི་ལས་ཐར་བ་བཞིན།།

ནུབ་ཀྱི་ཕྱོགས་ཀྱི་ནམ་མཁའ་ལ།།

འཇིག་རྟེན་ཁམས་ནི་གྲངས་མེད་པ།།

སྐད་ཅིག་ཡུད་ལ་བགྲོད་བྱས་ནས།།

བདེ་བ་ཅན་དུ་ཕྱིན་པར་ཤོག།

ཅེས་གསུངས་ཏེ། འཁོར་བའི་གནས་དོན་ལུས་གསུམ་ལ་ཆགས་ཤིང་ཞེན་པའི་སེམས་ཀྱི་འཁྲི་བ་ཀུན་ཁྲིགས་སེ་བཅད་དེ། དཔེར་ན་བྱ་རྒོད་ཅིག་ཐག་རྙིས་བཟུང་བ་ན། གལ་ཏེ་དེ་ལས་ཐར་བ་ཙམ་གྱིས་སྐད་ཅིག་ཙམ་ཡང་མི་སྡོད་པར་ནམ་འཕང་རིམ་གྱིས་གཅོད་འགྲོ་བ་བཞིན་དུ། རྣམ་ཤེས་ཞེས་པ་འདི་ནི་འདི་གང་ལའང་ཐོགས་པ་མེད་པ། གང་བསམ་ཡུད་ཀྱིས་བགྲོད་པ་ཞིག་ཡིན་པས། བྱ་ངང་པའི་རྒྱལ་པོས་མཁའ་ལམ་གཤགས་པ་དང་ནི། དར་དཀར་པོ་རླུང་གིས་རིང་དུ་བསྐྱོད་པ་ལྟ་བུའི་ཚུལ་གྱིས། འཇིག་རྟེན་གྱི་ཁམས་གྲངས་མེད་པ་སྐད་ཅིག་ཡུད་ཙམ་གྱིས་བགྲོད་པར་བྱས་ཏེ་བདེ་བ་ཅན་དུ་ཕྱིན་པར་ཤོག་ཅེས་པའོ། །ཐོགས་མེད་བར་དོའི་ཡིད་ལུས་དེ་དགེ་བའི་རླུང་གིས་བསྐྱོད། སྨོན་ལམ་གྱིས་མདུན་བསུས། དད་སྤྲོའི་ཤུགས་ཕྱུང་སྟེ་རྩལ་ཆེན་གྱིས་མདའ་འཕངས་པ་བཞིན་དུ་མྱུར་བའི་ཤུགས་ཀྱིས་ཞིང་ཁམས་བདེ་བ་ཅན་དུ་སྐྱེ་རྒྱུའི་དཀའ་ཚེགས་མེད་པར་འགྲོ་བའི་གོ་དོན་ནོ། །དེ་རིང་གི་ཆོས་མཚམས་ནུབ་ཀྱི་ཕྱོགས་ཀྱི་ནམ་མཁའ་ལ། །འཇིག་རྟེན་ཁམས་ནི་གྲངས་མེད་པ། །སྐད་ཅིག་ཡུད་ལ་བགྲོད་བྱས་ནས། །བདེ་བ་ཅན་དུ་ཕྱིན་བར་ཤོག །ཅེས་གསུངས་སའི་མཚམས་འདི་ནས་འཇོག །རང་རེའི་ཞིང་ཁྲིད་འདི་འཚོགས་ནས་དེ་རིང་ཉིན་དྲུག་པ་རེད། སང་ཉིན་ཉིན་བདུན་པ་ལ་ཞིང་ཁྲིད་ཀྱི་དགེ་བ་རྫོགས་བྱང་དུ་བསྔོ་རན་པ་ཡིན། གནང་ཉིན་འཕོ་ལོང་ཞིག་དང་། སྙིང་ཐིག་སྔོན་འགྲོའི་ངག་འདོན་དང་སྨོན་ལམ་རྣམ་ལྔའི་ལུང་ཞིག་འདོན་འཆར་ཡིན། དེའི་ཕྱི་ཉིན་བདེ་ཆེན་ཞིང་དབང་ཞིག་བསྐུར་ཏེ་སྐབས་ཤིག་ལ་བཀྲ་ཤིས་མཐར་རྒྱས་བྱེད་འཆར་ཡིན། ད་རེས་སྡེ་ཡོངས་རྫོགས་ཀྱི་མི་སྣ་རྒན་དར་གཞོན་གསུམ་པོ་བདེ་ཆེན་ཞིང་ཁྲིད་འདི་ན་མཉམ་དུ་འཛོམས་ནས་ཆོས་ཁྲིད་ལ་ཉན། འགའ་རེ་དེའི་རིང་ལ་གཏན་སྡོད་བྱས་ནས་ཐུན་བཞིའི་ཆོས་ཁྲིད་མ་ཆགས་པ་སོགས་མདོར་ན་ཚང་མས་ཚོགས་བསགས་སྒྲིབ་སྦྱོང་ཕྱག་སྐོར་འཆོད་འབུལ། གསོལ་འདེབས་སྨོན་ལམ་བྱེད་བཞིན་ཡོད་པ་རེད། སྐབས་འདིའི་འཆོད་འབུལ་བྱེད་སའི་ཞིང་ས་ཁྱད་པར་ཅན་དཀོན་མཆོག་གི་རྟེན་གསུམ་ལྟ་བུ་ཞིག་ལ་མཚོན་ན། སངས་རྒྱས་དཀོན་མཆོག་གི་རྟེན་དུ་ཇོ་བོའི་སྐུ་བརྙན་འདི་བཞུགས་པ་ཡིན། འདིའི་གཟུངས་བཞུགས་སུ་རྒྱ་བཟའ་ཀོང་ཇོས་ལྷ་སའི་ཇོ་བོ་དང་མཉམ་དུ་གདན་དྲངས་ཡོང་བའི་ཇོ་བོ་བྱིན་རླབས་ཅན་སངས་རྒྱས་ཉིད་ཀྱིས་རབ་གནས་འཐོར་ཡོད་པ། སྔོན་ཆད་ས་ཆ་གཞན་དུ་བཞུགས་པའི་མཚན་སྙན་གྲགས་ཅན། ད་ལྟ་ས་ཆ་འདིའི་བསོད་ནམས་ཀྱི་རྟེན་སྐལ་དུ་ཡོད་པའི་སྐུ་དེ་བཞུགས་ཡོད་པ་རེད། ཕྱིའི་ཇོ་བོ་གཟུངས་འབུལ་ས་འདི་ཉིད་ལྷ་སའི་ཇོ་བོ་ཡིད་བཞིན་ནོར་བུའི་སྐུ་ཚད་ལ་ཚད་བླངས་ནས་རིན་ཆེན་སྣ་མང་བསྲེས་ཏེ་ལི་མ་རུ་བླུགས་པ་ཡིན། འདིའི་ཞལ་ངོའི་དཔེ་འདི་ང་རང་གིས་དངོས་སུ་ལག་དར་ནས་བཟོས་པ་ཡིན། ད་རུང་འཇིགས་བྲལ་བྱང་ཆུབ་རྡོ་རྗེའི་སྐུ་གདུང་དང་། པདྨ་ཐང་གི་ནང་རྟེན་རྩ་ཆེན་ཐུགས་དམ་ཙྪིན་དྷ་མ་ནི། མདོ་མཁྱེན་བརྩེའི་རལ་གྲི། ཐུབ་པ་གྲོང་ཁྱེར་མ། མདོ་མཁྱེན་བརྩེའི་ང་འདྲ་གསུང་འབྱོན་མ། ཀུན་མཁྱེན་འཇིགས་གླིང་གི་ཕྱག་བྲིས། ཀུན་མཁྱེན་འཇིགས་གླིང་གི་སྐུ་ཤ། མདོ་མཁྱེན་བརྩེའི་གཏེར་བྱོན་གཟིའི་སྒྲོམ་བུ། གྲུབ་ཐོབ་རས་དཀར་བའི་དབུ་ཐོད་ལྷ་བཅུ་དྲུག་གི་རང་བྱོན་ཡོད་པ་ལ་སོགས་པའི་རྟེན་རྩ་ཆེན་ཁྱད་འཕགས་འཛམ་གླིང་བསྐོར་བ་བྱས་ཀྱང་མཇལ་དཀོན་པ་མང་པོ་ད་ལྟ་འདི་ན་བཞུགས་པ་དང་། ཆོས་དཀོན་མཆོག་གི་རྟེན་ཡང་། སྡེ་དགེའི་པར་ཁང་ཆོས་མཛོད་ཆེན་པོའི་ནང་དུ་བཞུགས་སོ་ཅོག་གི་གསུང་རབ་ཐམས་ཅད་དང་། གཞན་ཡང་དཔེ་དཀོན་མང་རབ། དཔལ་སྤྲུལ་ཕྱག་དཔེ་ཀུན་བཟང་ཞལ་ལུང་གི་མ་ཕྱི་ལ་སོགས་པ་མཐོང་གྲོལ། ཐོས་གྲོལ། མྱོང་གྲོལ། རེག་གྲོལ་དུ་ཡོད་པ་དེ་རྣམས་དང་། དེའི་སྟེང་དུ་བདེ་སྨོན་གྱི་ཞིང་ཁྲིད་འཆད་ཉན་བྱེད་བཞིན་པ་འདི་དང་། དགེ་འདུན་དཀོན་མཆོག་གི་རྟེན་ལ་ཡང་། མཁན་སྤྲུལ་སྡེ་སྣོད་འཛིན་པ་མཁས་བཙུན་ཉིས་ལྡན་འདི་འདྲ་མང་པོ་བཞུགས་པ་དང་མཉམ་དུ་ཆོས་ར་ལྷ་ཁང་གཅིག་གི་ནང་དུ་འཚོགས་ནས་སྨོན་ལམ་མཉམ་དུ་རྒྱག་པ་ནི། དགོན་ཡུལ་བསམ་པ་གཅིག་མཐུན། མྱི་གཅིག་བསམ་པའི་སེམས་འདྲ་འདྲ། གཞོག་གཅིག་སྟ་རེའི་སོ་འདྲ་འདྲ་ཞིག་གི་གཅིག་སེམས་གཅིག་ལ་ཡོད་པའི་སྐྱིད་སྡུག་གཅིག་པ་སྟེ། དེ་ཡང་དམ་ཚིག་ཤེལ་དཀར་གྱི་སྒོ་ང་ལ་གས་སེར་མ་སོང་བ་དང་། འདི་ཕྱི་གསེར་ནག་གི་ཐག་པ་ལ་རྐྱ་འཇུར་མ་སོང་བའི་རྟགས་མཚན་གྱིས་མཉམ་དུ་འཛོམས་པ་དེ་ཇི་ལྟར་ཡིན་པས། ལྷ་ཡུལ་གྱི་དམ་ཚིག་མ་ཉམས་བས་མི་ཡུལ་གྱི་སྣང་བ་མཐུན་ཏེ། ཚེ་འདིར་ཆོས་ར་གཅིག་གི་ནང་དུ་མཉམ་དུ་འཚོགས་ནས་ཆོས་གཅིག་ལ་བརྟེན་པའི་སྨོན་ལམ་མཉམ་དུ་བརྒྱབ་པ་རེད། དེ་ནི་ཚེ་ཕྱི་མ་བདེ་བ་ཅན་གྱི་ཞིང་ཁམས་སུ་ཚོམ་བུ་གཅིག་ཏུ་ཚོགས་པའི་སྨོན་ལམ་འགྲུབ་རྒྱུ་ལ་ཡིད་ཆེས་བྱེད་ཆོག་པ་ཞིག་ཀྱང་ཡིན་སྙམ་པ་ཡིན། དེས་ན་ཚང་མ་ཕྱིར་ཁྱིམ་དུ་སོང་ནས་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིས་གཙོ་བོ་བྱས་པའི་དགེ་སྒྲུབ་སྡིག་སྤོང་གི་ཕྱོགས་ལ་འཆུག་ཉན་པ་མ་ཡིན། བདེ་བ་ཅན་གྱི་ཞིང་ཁམས་ལ་ཞིང་ཁམས་གཞན་དང་མི་འདྲ་བར་སོ་སོའི་སྐྱེ་བོས་བགྲོད་ཐུབ་པ་ནི་སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་བསྐྱེད་རེད། དེ་ལ་བསླུ་བ་ཞིག་གང་ན་ཡོད། མེད་ཤག་ཤག་ཡིན་པས་ཐེ་ཚོམ་དགོས་པ་མ་ཡིན་ནོ། །རྫོགས་ཆེན་ཚང་གི་ད་བཞུགས་བླ་སྤྲུལ་བགྲེས་གཞོན་ཐམས་ཅད་ཀྱིས་སྡེ་ཡུལ་བའི་སྐྱིད་སྡུག་ཚེ་འདི་ཕྱིའི་བགྲོད་ལམ་ལ་ཐུགས་ཁུར་གནང་དང་གནང་བཞིན་པ་ཡིན། ཆོས་ཁྲིད་འདི་གྲོལ་བའི་རྗེས་ནས་རྫོགས་ཆེན་ཚང་གི་ད་བཞུགས་བསྟན་སྲིད་ཀྱི་འགན་བཞེས་པ། རིན་པོ་ཆེ་དང་བསྟན་བདག་ཁྲི་བས་གཙོ་མཛད་པའི་ངེད་ཆ་ག་མི་ཉུང་བ་ཞིག་དབུས་ཕྱོགས་ལ་བྱོན་འཆར་རེད། དེའི་ཞར་ལ་རྫོགས་ཆེན་ཚང་སྤྱི་ཁྱབ་ཀྱི་མཚན་གྱི་ཐོག་ནས་ཚོགས་བསགས་ཆེ་ཙམ་ཞིག་མཛད་འཆར་རེད། ད་རེས་ཀྱི་ཚོགས་བསགས་འདི་ལ་ཕྱིའི་སྦྱིན་བདག་སོགས་ཐེ་རུ་མི་འཇུག་པར་སྤྲུལ་སྐུ་རྣམ་པ་རང་གི་ཕྱག་རྫས་ལས་སྒོར་ཁྲི་སོ་བརྒྱ་ཡན་ཆད་དང་ཉིས་བརྒྱ་མན་ཆད་ཅིག་ཕུད་འཆར་ཡིན་འདུག ཁོང་རྣམ་པས་སྡེ་ཡུལ་བ་ལ་སྐབས་འདིའི་བསོད་ནམས་བསགས་པའི་བགོ་སྐལ་ཞིག་ཐེམ་དགོས་འདུག་སྙམ་པའི་ཐུགས་བཞེད་ཀྱང་ཡོད་པར་འདུག དགོན་ཡུལ་བསམ་པ་ཕྱོགས་གཅིག་གིས་ཚོགས་བསགས་བྱས་ན་བཟང་བས་མ་ཚད་བསོད་ནམས་མཉམ་དུ་བསགས་ཤིང་སྨོན་ལམ་མཉམ་དུ་ཐེབ་འགྲོ་བ་ཡིན། དེས་ན་འདི་ལ་མོས་པ་ཡོད་པའི་ཁྱིམ་ཚང་ཐམས་ཅད་ཀྱིས་བཟའ་མགོ་བསྐལ་གྱིས་མི་རེས་སྒོར་མོ་གསུམ་རེ་གསུམ་རེ་སྡུས་ཤོག དེ་བས་ཡན་དུ་མཐོ་ཆོག་པ་མི་འདུག དེ་སྡེ་ཤོག་སོ་སོའི་མགོ་དཔོན་འགན་ཁུར་བས་བསྡུས་ནས་བསྟན་བདག་ཁྲི་བའི་ཕྱག་ཏུ་མི་འགོར་བར་འཕྲོད་པར་གྱིས་ཤོག འདིའི་འགྲོ་གྲོན་ཚང་མ་བླ་མ་གཅིག་གིས་ཕུད་དགོས་ཀྱང་གཏོང་ཕོད་ཡོད་ན་ཡང་དགོན་ཡུལ་སྐྱིད་སྡུག་གཅིག་པའི་མཚོན་རྟགས་དང་བློ་སེམས་བསམ་པ་ཕྱོགས་གཅིག་ཡིན་པའི་མི་བརྗེད་དྲན་རྟེན་ཙམ་ཞིག་བྱས་པ་ཡིན་པས་དེ་ཚང་མས་ཞེ་ལ་འཛིན་རྒྱུ་གྱིས། དོན་དག་གཞན་པ་ཞིག་ལ་རྫོགས་ཆེན་ཚང་གི་གཞི་གྲྭ་མི་ཉུང་བ་ཞིག་གིས་ན་ནིང་སྔོན་འགྲོ་ཀུན་བཟང་བླ་མའི་ཞལ་ལུང་གི་ཁྲིད་གསན་པ་དང་ད་ལོར་རྫོགས་པ་ཆེན་པོའི་དངོས་གཞིའི་ཁྲིད་ཡེ་ཤེས་བླ་མ་གསན་ནས་ལོ་གསུམ་ཟླ་གསུམ་གྱི་མཚམས་ལ་བཞུགས་ཟིན་པ་རེད། དེ་ནི་བཀྲ་ཤིས་པའི་དོན་བཟང་ངོ་མཚར་ཅན་ངོ་མ་ཡིན། ཚེ་ཆོས་གཉིས་ཀ་མཐར་ཕྱིན་པའི་སྨོན་ལམ་རྒྱག་བཞིན་ཡོད། དེ་ལྟ་བུའི་རིགས་དེ་ལ་རྫོགས་ཆེན་ཚང་གི་བཀའ་གྲོས་གོང་མས་ཐུགས་ཐག་ཇི་ལྟར་བཅད་ཡོད་པ་ཡིན་ཞེ་ན། ལོ་གསུམ་ཟླ་གསུམ་ལ་བཞུགས་མཁན་རྣམས་ཀྱིས་གྲྭ་ཁྲལ་མི་དགོས་པར་གནང་བ་ཡོད་པ་ཡིན། དེ་ཡང་འགན་འཛིན་རྣམ་པ་སྒྲུབ་པ་ཉམས་ལེན་ལ་ཐུགས་ཤིན་ཏུ་དགྱེས་པའི་དབང་གིས་དེ་ལྟར་ཐག་བཅད་པ་མ་གཏོགས། འཆམ་རྔ་བརྡུང་ལ་མི་འདང་བའི་འོ་བརྒྱལ་ཆེན་པོ་འབྱུང་བཞིན་ཡོད་དེ། གནའ་རྫོགས་ཆེན་ཚང་མ་ཉམས་དགུང་ལ་ཡོད་དུས་ཀྱི་གྲྭ་དགུ་བརྒྱ་ཐམ་པས་འཚོགས་རྒྱུ་འཆམ་རྒྱུ་ཚང་མ་ད་རྡོག་མ་ཁ་ཤས་ཀྱིས་འགྲུབ་དགོས་པ་ཡིན། འོན་ཀྱང་ཁོང་རྣམ་པ་ནི་གནད་རྒྱུ་མཚན་མཁྱེན་མཁན་ཏག་ཏག་ཡིན་ཕྱིར་མཚམས་ལ་ལོ་གསུམ་ཟླ་གསུམ་ངོ་མས་བཞུགས་པ་དག་ལ་གནང་བ་སྟེར་བ་རེད། དེ་ལ་ཆ་རྐྱེན་ཞིག་དགོས་པ་ནི། ང་ས་ནས་མཚམས་ལ་འདི་ལྟར་ཚད་ལྡན་གྱིས་འདུག་པ་རེད་ཅེས་པའི་ཡི་གེ་ཞིག་བླངས་ནས་དེ་བསྟན་བདག་ཁྲི་བ་ལ་ཕུལ་ནས། བསྟན་བདག་ཁྲི་བས་བཀའ་ཁྲོལ་གྱི་ཡི་གེ་ཞིག་ཕྱིར་གནང་ཡོང་བ་དེ་པདྨའི་ཐང་གི་འགན་འཛིན་པ་ལ་སྤྲད་རྗེས། པདྨའི་ཐང་ནས་མཚམས་ཁང་ངམ་སྒྲུབ་ཕུག་ཅིག་སྤྲད་ནས་དེར་བཞུགས་རྒྱུ་ཡིན་པ་དང་། མཚམས་ལ་བཞུགས་པའི་ས་གནས་ཀྱང་ངེས་པར་དུ་རུ་དམ་ལུང་འདི་ན་ཡིན་དགོས་པའི་ཐུགས་འཆར་དང་གཏན་འབེབས་མཛད་ཡོད་པར་འདུག གཞན་དུ་ཞག་བརྒྱའི་མཚམས་པ་རྣམ་པས་གྲྭ་ཁྲལ་མི་ཆག་པར་དུས་མཆོད་མེད་པའི་སྐབས་དང་བསྟུན་ནས་བཞུགས་དགོས་པའི་ཐུགས་ཐག་ཀྱང་བཅད་འདུག དེ་དག་ནི་ངས་གཅིག་ན་བསྟན་བདག་རྣམ་པའི་ཞལ་ཚབས་བྱས་ནས་ཞར་ལ་ཞུས་པ་ཡིན། གཉིས་ན་ཁྲིད་ཁ་དེ་ངས་ཟུར་ནས་གསན་པ་ཡིན་པས་ང་དང་གཏན་ནས་མ་འབྲེལ་བ་ཞིག་ཀྱང་མིན་ཕྱིར་ཁོང་གྲྭ་བ་རྣམ་པའི་ཕ་མ་ཐམས་ཅད་ཡོད་པའི་གཞི་བྱེས་གོ་རུག་འཛོམས་ས་ནས་སྒར་འདིའི་ཁོར་ཡུག་དང་འབྲེལ་བའི་གནས་ཚུལ་ཅུང་ཙམ་ཞིག་ཞར་ལ་བཤད་པ་ཡིན། གནང་ཉིན་འཕོ་ལུང་གི་རྗེས་ནས་གསུར་ཆེན་ཕུད་རྒྱུ་ཡིན། ཚང་མས་གསུར་རྫས་མང་ལ་ལ་རེ་ཁྱེར་ནས་ཤོག ཡང་དགོས་སྲི་ངན་འཕྲོ་ངན་ཡོད་པ། ཕྱུགས་ནད་གོད་ཁ་ཡོང་འདུག་མཁན། ན་རེས་ཚ་སྐོར་རྒྱུན་མི་ཆད་མཁན། བསེ་རག་འགོངས་པོ་འཁྲི་ནས་འདུག་བསམ་པ། ཁྱད་པར་དུ་རྒྱལ་གདོན་གྱི་གནོད་པས་སྙིང་གཟེར་རོ་སྟོད་ན་མཁན། བྱིས་པ་མི་འཚམས་མཁན། ཤི་གསོན་ལག་སྦྲེལ་གྱི་རིགས་སུ་གྱུར་བའི་གནོད་པ་ཡོད་པ་དག་གིས་གསུར་རྫས་ཁྱེར་ཤོག་དང་། ཞིང་ཁྲིད་འདི་དང་འབྲེལ་བའི་དགེ་འདུན་མང་མས་གསུར་ཆེན་ཕུད་ནས། མཆོད་སྦྱིན་གྱི་དམིགས་པ་མཛད་དུས་བྱིན་རླབས་དང་བདེན་མཐུ་ཡི་སྟོབས་ཀྱིས་རྒྱལ་ཁམས་སྤྱི་དང་བྱེ་བྲག་གི་མི་ཕྱུགས་ནད་རིམས་ཞི་ཞིང་། དུས་མིན་གྱི་འཆི་བ་བཟློག་པ་དང་། ཁྱད་པར་དུ་དེ་རིང་ཁ་རྩང་འདིར་སྔར་མ་གྲགས་པའི་མི་ཕྱུགས་ཀྱི་ནད་རིགས་གསར་བ་ཡོད་པ་དེ་དག་ཀྱང་མི་འབྱུང་བ་དང་། དམེ་སྲི་གསར་བ་མི་ལང་ཞིང་རྙིང་པ་རྒྱུན་ཆད་པ་དང་། གསར་ཤི་ང་ཆག་གི་གློ་བུར་ཡེ་འདྲོག་གི་རིགས་རྣམས་ཟློག་བྱེད་ཀྱི་ཕན་ཐོག་ཆེན་པོ་ཡོད་པ་ཡིན་པས་དེའི་ཉིན་དེར་ལམ་གྱི་བཞི་མདོའི་རྒྱ་གྲམ་ཡོད་ས་དེར་གསུར་ཕུད་རྒྱུ་བྱེད། དེ་ལས་གཞན་དུ་གྱུར་བའི་དོན་དག་ཅིག་ནི། ཞིང་ཁྲིད་འདི་འཚོགས་དང་མི་འཚོགས་ཀྱི་ཐད་ཀྱི་གླེང་བརྗོད་དེ་ཁ་རྩང་གོང་ནས་བཤད་ཟིན་ན་ཡང་། ཡང་བསྐྱར་མ་བཤད་ཐབས་མེད་ཀྱི་གླེང་མགོ་ཞིག་བྱུང་འདུག འདི་འཚོགས་མི་འཚོགས་ནི་གཙོ་བོར་མང་ཚོགས་ཀྱི་ལག་ན་ཡོད། དེ་ཡང་འཚོགས་རྒྱུ་ཨེ་ཡིན་ཞེས་དྲིས་ན་མི་མང་གིས་འོ་ཡིན་གོ་ཞེས་ལག་པ་གནམ་ལ་འགྱོག་རྒྱུ་རེད། འོན་ཀྱང་དེ་ལྟར་བྱས་ནས་ཐག་གཅོད་རྒྱུ་མིན། ཡང་མི་ཁ་ཤས་ཡོང་ནས་འཚོགས་རྒྱུའི་རེ་བ་ཡོད་ཅེས་ཟེར་སྲིད་ན་ཡང་དེ་ལྟར་བྱས་ནས་ཀྱང་འཚོགས་རྒྱུ་མིན། དེ་བས་དངོས་ཡོད་གནས་ཚུལ་ངོ་མ་ལ་བལྟ་རྒྱུ་ཡིན། དེ་ཡང་གཙོ་ཆེ་བ་བྱ་སྤྱོད་ཀྱི་ཐོག་ནས་བལྟ་རྒྱུ་ཡིན། འདི་འཚོགས་ནས་མིའི་སེམས་རྒྱུད་ལ་ཕན་འདི་འདྲ་ཞིག་འདུག་ཟེར་རྒྱུ་ཞིག་དང་། སེམས་ལ་ཕན་ཐོག་ཡོད་ན་དེའི་རྟགས་སུ་ལུས་ངག་གི་བྱ་བ་སྤྱོད་པ་སྔར་དང་མི་འདྲ་བའི་འགྱུར་བ་འདི་འདྲ་ཞིག་བྱུང་འདུག་ཟེར་རྒྱུ་ཞིག་ཡོད་དགོས་པ་ཡིན། དེ་ཡང་དཔེར་ན། རྒྱག་རེས་འཛིངས་རྩོད་ཇེ་ཉུང་ལ་སོང་འདུག་ཟེར་བ་དང་། ནང་བསད་ནང་དམེ་བྱས་མེད་རབས་དང་། སྡིག་ཉོ་སྡིག་ཚོང་ཡང་མི་བྱེད་པའི་ཚུལ་དང་། གསེར་ཐང་ལ་བརྡལ་ཡང་རྐུ་མཁན་མི་འདུག་ཚུལ་དང་། མེད་པོ་ཆད་གསུམ་ལ་རོགས་པ་བྱེད་ཚུལ་དང་། སྡེ་བའི་ལ་རྒྱ་མགོ་རྣ་བཟང་ཞིང་ཆོས་དང་རིག་གནས་ལ་སློབ་སྦྱོང་བྱེད་འདུག་པ་སོགས་ཀྱི་གཏམ་གྲགས་ཡོང་ན་འཚོགས་དགོས་པའི་རྟགས་དོད་ཡོང་བ་ཡིན། དུས་བབས་ཀྱི་ཆོས་ཡིན་པའི་རྟགས་རེད། དེ་ལྟར་མིན་པར་ཆོས་ཀུན་རིག་འདོན་གྱིན་ཞེ་སྡང་ཇེ་ཆེ། རྡོ་ཅོང་ཞི་འཐུང་གིན་ནད་པ་ཇེ་ཐུ་ཡིན་ན། ད་རུང་འཚོག་རན་མེད་པའི་རྟགས་རེད། འོད་དཔག་མེད་ཀྱི་ཐུགས་རྗེ་བྱིན་རླབས་མི་ཆེ་བ་མ་ཡིན་ཡང་། སེམས་ཅན་འདུལ་རན་མེད་པའི་རྟགས་ཡིན་ཕྱིར་གཙོ་ཆེར་འགྲོ་དོན་ཡོད་མེད་ལ་འུ་ཚོས་བལྟ་རྒྱུ་བྱེད། དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱི་དུས་གསུམ་བསགས་ཡོད་ཀྱི་དགེ་རྩ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས། སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལུང་དང་རྟོགས་པའི་བདག་ཉིད་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱི་སྒོ་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་དམ་པ་སྔ་རབས་གཤེགས་པ་རྣམས་ཀྱི་དགོངས་པ་ཡོངས་སུ་རྫོགས། ད་ལྟར་བཞུགས་པ་རྣམས་ཀྱི་སྐུ་ཚེ་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན། ཁྲིམས་གཙང་། བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཀུན་ཏུ་ཆར་ཆུ་དུས་སུ་འབེབས། ལོ་ཕྱུགས་རྟག་ཏུ་ལེགས། མི་ནད་དང་ཕྱུགས་ནད་འཁྲུག་རྩོད་ཐམས་ཅད་རྒྱུན་ཆད། བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་པའི་ཕྱིར་དང་། བདག་ཅག་རྣམས་ཀྱི་ཚེ་འདིའི་ཕ་མ་གཉིས་དང་། དགྲ་བགེགས་གཉིས་ཀྱི་གཙོས་བྱས་པའི་བཟང་འབྲེལ་ངན་འབྲེལ་ཐོགས་པའི་མཐའ་ཡས་པའི་སེམས་ཅན་ཐམས་ཅད་མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕོང་ཐོབ་པ་དང་། དེ་མ་ཐོབ་ཀྱི་བར་དུ་ཡིན་ན་ཡང་མཐོ་རིས་ཡོན་ཏན་བདུན་དང་ལྡན་པའི་ལུས་རྟེན་ཁྱད་པར་ཅན་ཞིག་རྙེད་ནས་ཐེག་པ་ཆེན་པོའི་ཆོས་ལ་ཚུལ་བཞིན་དུ་སྤྱོད་པའི་སྐལ་བ་དང་ལྡན་པའི་ཕྱིར་དུ་རྗེ་བཙུན་འཇམ་དཔལ་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་གནང་བར་ཞུ། །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་། །སྐྱེ་རྒ་ན་འཆི་རྦ་རླབས་འཁྲུག་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག།


previousཉིན་ལྔ་བའི་བཀའ་ཆོས། next