Nitartha Digital Library
Tibetan
 
previousཉིན་དྲུག་པའི་བཀའ་ཆོས། next

ཉིན་དྲུག་པའི་བཀའ་ཆོས།

ནམ་མཁས་གར་ཁྱབ་ཏུ་མ་ཁྱབ་པ་མེད་པའི་མཐའ་ཡས་པའི་སེམས་ཅན། སེམས་ཅན་གྱིས་གར་ཁྱབ་ཏུ་མ་ཁྱབ་པ་མེད་པའི་འཁོར་བ་སྡུག་བསྔལ་ཅན་གྱི་ཕུང་པོ་འདི་ལ་ང་མེད་ལ་ང་དང་། བདག་མེད་ལ་བདག་ཏུ་བཟུང་བས་མ་རིག་འཁྲུལ་བའི་གཞན་དབང་གཉིད་མོ་ཆེའི་རྨི་ལམ་ལྟ་བུ། སད་ཀྱི་ཕ་མཐའ་མི་མངོན་པ་འདིའི་ནང་དུ་འཁྱམས་པའི་འཁོར་བའི་སེམས་ཅན་ཕ་མར་གྱུར་པ་འདི་དག་ཐམས་ཅད་གཏན་བདེ་ཐར་བའི་ལམ་ཆེན་རྫོགས་བྱང་ཡང་དག་པའི་ས་ལ་འགོད་པར་བྱ། དེར་བཀོད་མ་ཐུབ་བར་དུ་ང་རང་ཉིད་ལ་ཅི་འདྲའི་བདེ་བ་དང་ལྡན་རུང་མི་འཚེང་བར་འདུག་སྟེ། དེ་ཡང་དཔེར་ན་ཚེ་འདིའི་དྲིན་ཆེན་གྱི་མ་རྒན་དེ་ཟུར་འདི་ནས་སྐེ་བཅད་ནས་གསོད་བཞིན་ཡོད་ཚེ། བུ་ང་ཟུར་དེ་ནས་བདེ་བདེ་སྐྱིད་སྐྱིད་བྱས་ནས་འདུག་དགོས་ན་སེམས་ཀྱིས་བཟོད་པ་དང་ལུས་ཀྱིས་ཐེག་པར་འདུག་གམ། དེ་དང་གཅིག་མཚུངས་ཡིན་ནོ་སྙམ་ནས། གལ་ཏེ་ངས་མ་རྒན་སེམས་ཅན་ཐམས་ཅད་བློས་བཏང་བར་བྱས་ཚེ། རྒྱལ་བ་སྲས་དང་བཅས་པས་ཅི་ཞིག་དགོངས་པར་འདུག རྒྱལ་སྲས་སློབ་མར་བཅས་པའི་མདུན་ནས་ངོ་ཚ་ཁི། མ་རྒན་སེམས་ཅན་གྱི་སྔུན་ནས་ཡིན་ན་ཁྲེལ་བོར་བ་མིན་ན་ཅི་ཡིན་སྙམ་པའི་སྒོ་ནས། སྙིང་རྗེ་བའི་སེམས་དང་སྨོན་པའི་སེམས་ཙམ་ཞིག་ཡོད་པས་མི་ཚད་པར་དམ་བཅའི་ལྕགས་ཀྱུ་གཉིས་པ་ཞིག་གིས་ཟིན་ཤག་ཤག་བྱས་པའི་ཐོག་དེ་ནས་འཇུག་པ་བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་བསམ་པ་ཐང་ལྷོད་མེད་པ་ཞིག་དང་བཅས་ཏེ། ཐེག་པ་ཆེན་པོའི་ཆོས་འཆད་ཉན་སྒོམ་སྒྲུབ་ལ་འཇུག་དགོས་ཚུལ་ནི་ལན་གཅིག་མིན་པར་ནམ་དང་ནམ་དུ་བཤད་པ་ལྟར་ཡིན་ལ། འུ་ཚོས་ཆོས་ཚིག་བཞི་ཞིག་གི་མགོ་མ་བླང་ན་མ་གཏོགས་སྦྱོར་བ་སེམས་བསྐྱེད་དམ་པ། དངོས་གཞི་དམིགས་མེད་དམ་པ། རྗེས་བསྔོ་བ་དམ་པ་ཞེས་འཆད་བཞིན་ཡོད་པས་མ་ཚད་པར། སངས་རྒྱས་ཆོས་ཚོགས་མས་དབུ་བཟུང་སྟེ། འཇམ་དཔལ་དཔའ་བོས་མཇུག་བསྐྱངས་བའི་ཁ་བཏོན་ཆེ་ཚོད་ཆུང་མིན་རེ་ཁ་བྱང་ལ་ཡོད་པ་ཡིན། འོན་ཀྱང་བརྗོད་པ་ནི་ཚིག་གི་སྒོ་ཡིན་པས། གཙོ་ཆེ་བ་དོན་བསམ་པ་ནི་གནད་ཆེ་བ་ཡིན། དོན་བསམ་པའི་ཆེད་དུ་ངག་གིས་བཏོན་པ་ལས། སྒྲ་ཙམ་ཞིག་བསླབ་ན་བྱ་ནེ་ཙོའི་ཁ་ནས་ཀྱང་ཡོང་བ་དང་། བྲག་ཆ་ལྟ་བུའི་སྒྲ་ཞིག་ཀྱང་སྒྲ་སྡུད་འཕྲུལ་ཆས་ཀྱི་ནང་ནས་ཀྱང་འབྱུང་བ་ཡིན་ཡང་། དེས་གོ་ཆེན་པོ་ཞིག་ཆོད་དུ་མེད་པ་དེས་ན་གོང་དུ་སེམས་བསྐྱེད་ཀྱི་སྐབས་སུ་བཤད་པ་ལྟར་དུ་དང་པོར་སེམས་ཅན་ཐམས་ཅད་མར་ཤེས། དེ་ནས་མ་ཡི་དྲིན་དྲན། དེ་ནས་དྲིན་ལན་གསབ་རྒྱུ་དེ་བུ་ངའི་རེས་ལ་བབས་པ་ཡིན་སྙམ་པའི་བསམ་པ་ཞིག་སྐྱེ་དགོས་པ་ཡིན་ཕྱིར། དང་པོར་ཚད་མེད་བཞིས་བློ་སྦྱོང་དགོས་པ་ཡིན། དེ་ལ་གཞུང་གི་བབ་ལྟར་དུ་བྱས་ན་ཚད་མེད་བཞི་དེ་བྱམས་དང་སྙིང་རྗེ་དགའ་བ་བཏང་སྙོམས་བཞིའི་གོ་རིམ་ཡིན་ཡང་། མན་ངག་གི་ལུགས་འདིར་བཏང་སྙོམས་སྔོན་དུ་མ་བསྒོམས་པར་བྱམས་དང་སྙིང་རྗེའི་ཡུལ་དུ་སྙོམས་མི་ནུས་ལ། དེ་ལྟར་ན་བྱམས་སྙིང་རྗེ་དེ་གཉིས་ཕྱོགས་རིས་ཅན་ཞིག་ཏུ་འགྱུར་བར་ཡིན་ཕྱིར། ཐོག་མར་བཏང་སྙོམས་ཀྱིས་མགོ་བརྩམས་ནས་བློ་སྦྱོང་དགོས། དེས་ན་བཏང་སྙོམས་ཚད་མེད་དྲང་སྲོང་གིས་མགྲོན་འགྱེད་པ་ལྟ་བུས་ཕྱོགས་རིས་མེད་པའི་ཐོག་ནས་བྱམས་སོགས་ཚད་མེད་རྣམ་བཞི་དང་། བསྡུ་ན་བྱམས་སྙིང་རྗེ་གཉིས། དེ་ཡང་ཚུར་བསྡུ་ན་སྙིང་རྗེའི་སེམས་འདི་གཅིག་པུ་ལ་ཐུག་ཡོད་པར། ཐེང་མ་ཁ་ཤས་ལ་བཤད་པ་ཡིན། དེ་ཡང་ཁ་སྐད་ཡིག་སྐད་གཞུང་གི་ལུགས་དང་མན་ངག་གི་ལུགས་སོགས་གང་ལྟར་བཤད་ཀྱང་མདོ་དོན་ཚིག་ཏུ་དྲིལ་ན། རང་ཕར་བརྒྱབ་རོགས་ཚུར་ལ་བརྒྱབ་ཀྱི་རང་གཞན་རྟ་ཞོན་ཁལ་ཁུར་སུ་ལ་འདེང་རྒྱབ་ཀྱང་ཨེ་བདེ་ཨེ་སྐྱིད་སྙམ་པ་ཞིག་ལས་མེད་ལ། འོན་ཀྱང་རིང་ས་ནས་བཤད་ན་འཁོར་བ་ཐོག་མེད་དང་། ཐུང་ས་ནས་བཤད་ན་ས་འདི་ཆགས་ནས་མི་ལོ་དུང་ཕྱུར་མང་པོར་སོང་ན་ཡང་། སྔ་འཁྲུལ་འཁྲུལ་བ་དེ་ལ་ཟད་རྒྱུ་ཞིག་དང་། ད་འཁྲུལ་འཁྲུལ་བ་འདི་ལ་འཛད་མཐའ་ཞིག་མེད་པ་དེ་ལ་བསམ་བློ་ཞིག་བཏང་ན། སྤྱན་རས་གཟིགས་ཀྱི་དབུ་ཚལ་བ་སྟོང་དུ་གས་པ་དེ་ལ་ཐུགས་ཁག་ཅི་ཡོད་ཐུགས་རྗེ་རེ་མ་ཆུང་། ཡིན་ནའང་འདི་སངས་རྒྱས་བྱང་སེམས་ཀྱི་ཐུགས་རྗེས་མ་གཟིགས་ནས་མ་དྲངས་བས་ལན་པ་ཞིག་ག་ལ་ཡིན། སེམས་ཅན་རང་རང་གི་མ་དག་ལས་ཀྱི་སྒྲིབ་པ་དེ་མཐུག་ཆེ་སོང་བ་དང་། མི་དགེ་སྡིག་པའི་ལས་ཀ་དེ་བསགས་ཡུན་རིང་བསགས་ཚབས་ཆེ་ཞིང་། བསགས་གྲངས་མང་བའི་དབང་གིས་གདུལ་བྱ་རང་ངོས་ཀྱི་དད་པའི་ཨ་ལོང་སྒོར་སྒོར་ཞིག་མེད་སོང་བ་དེས། འདྲེན་པའི་ཐུགས་རྗེའི་ལྕགས་ཀྱུའི་གུག་ཁ་དེ་ཇི་འདྲའི་རྣོ་རུང་ཐབས་མེད་ལས་མེད་ལ་ཐུག་པའི་རྒྱུ་མཚན་ལས་མ་འདས་པའི་ཚུལ་ལ་དེ་ལྟར་ཞིབ་ཀྱིས་དཔྱད་ན། གོ་བ་ངེས་ཤེས་ཤིག་རྡོ་གོར་མོ་ཡིན་ཡང་ནེམ་ཅུང་ཟད་རེ་ཕོག་ཏུ་ཡོད་པ་ཡིན། འོན་ཀྱང་ཁ་བཤད་ཀྱི་ཐོག་ནས་མ་རྒན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཚེ་གཅིག་ལུས་གཅིག་འདིའི་ཐོག་ནས་སངས་རྒྱས་སྒྲུབ་དགོས་ཚུལ་དེ་བླ་མས་བསླབས་ནས་སློབ་མ་ལའང་དེ་ལོབ་ནས་དེའི་ཁ་སྟངས་བྱེད་པ་ཡིན་ན་ཡང་། འདི་འདྲའི་མི་ཚེ་ཐུང་ཐུང་། ཐུང་བའི་ཚད་ངོ་མ་དེ་རང་གིས་ཀྱང་མ་ཤེས་པར། རྟག་ཏུ་བྲེལ་བ་ཆེན་པོས་ངང་ནས་ཁ་མི་སོས། ནམ་མི་ལང་། རྒྱུ་མི་སོགས། གཅིག་ཡོད་ན་གཉིས་ཨེ་ཐོབ་དང་། སྟོང་ཡོད་ན་ཁྲི་ཁ་ལ་ཨེ་བུད། ཡོད་པ་ཟད་ཀྱིས་དོགས། མེད་པ་འཚོལ་གྱིས་བྲེལ། ངའི་ཡན་ན་ཁོ་ཤོར་ཐལ། ཁོའི་ཡན་ན་ང་ཇི་ལྟར་འབུད། ད་རུང་བྱིས་པའི་དུས་སུ་བསམ་མེད་ཀྱི་སྡུག གཞོན་ནུའི་དུས་སུ་སློབ་གཉེར་མི་ཤེས་པའི་སྡུག དར་མའི་སྐབས་སུ་མི་ཆོས་ཁྲེལ་འཛིན་གྱིས་སྡུག རྒས་གོམ་མཇུག་གི་དུས་སུ་མི་གྲལ་ནས་བུད་པའི་སྡུག་བསྔལ། ལར་མ་གཞི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་སྟེ། དེའི་འདྲའི་སྡུག་བསྔལ་འདི་ཚོ་ཐམས་ཅད་ཀྱི་འོག་ནས་ངེས་འབྱུང་ཞིག་མ་སྐྱེས་ཐབས་མེད། མི་སྐྱེ་ཁ་མེད་ལ་ཐུག་པའི་གནད་ཀ་རྒྱུ་མཚན་རིག་ནས་སེམས་ཐག་གཏིང་ནས་ཆོད། ཉམས་ལེན་གྱི་གནད་རེ་ཁྲོལ་ནས་ཆོས་དང་བླ་མ་ཁྱད་པར་ཅན་ཞིག་ལ་ཐུག་དུས་འཁོར་བ་ལ་ཕྱི་ཕྱག་འཚལ། ཐོད་པ་བོར་ཆོག་མ་ཞིག་བྱེད་ཆོག་ཀྱང་ཆོག་ལ་དགོས་ཀྱང་དགོས་སྙམ་པ་ཞིག་དགོས་པ་ཡིན། ཡང་ལ་ལ་ཞིག་དེ་ལྟ་བུའི་ལས་སྐལ་དང་མ་ལྡན། ཆོས་ཆེན་པོ་མ་ཤེས། ཆུང་ཆུང་གིས་མ་འཚེངས་པར་ཐ་མར་ཆོས་མེད་དུ་ལྷག་ན། གྲལ་འདྲ་འདྲའི་ནང་ནས་ཆོས་སྐལ་ཆད་དེ། ཆུ་ལེན་སར་སོང་ནས་ཟོམ་སྟོང་ཁྱིམ་ལ་ཁུར་ནས་ཡོང་བ་ལྟར་དུ་དལ་འབྱོར་སྟོང་ལོག་ཏུ་སོང་བའི་མི་ཚེའི་ཕམ་ཁ་དེ་ལྟར་ཁུར་བ་ཡང་ཡོད་པ་ཡིན། རྒྱུ་ཡོད་དུས་མེད་དུས་ཀུན་ཏུ་ཡོད་པས། ཕྱུག་མི་རྟག སྤྲང་མི་རྟག ཁྱིམ་བཟའ་ཚང་མགོ་འཛོམས་ནི་དེ་བས་ཀྱང་རྟག་བརྟན་མེད་པས། དགྲ་གཉེན་ཉེ་རིང་ཆགས་སྡང་ནི་བྱིས་པའི་རྩེད་མོ་ལས་མ་འདས། ཤི་མིག་གསོན་ལ་བལྟ་བའི་གནས་སྐབས་ན་གསོན་ད་གོང་གི་མི་རྒྱུ་གཉིས་ཀ་གཅིག་ཀྱང་མེད་པར་མར་གྱི་དཀྱིལ་ནས་སྤུ་བཏོན་པ་བཞིན་དུ་ལས་ཀྱི་རྗེས་སུ་རང་གཅིག་པུར་འགྲོ་དགོས་པ་ཡིན། དེ་ཡང་དང་པོར་ཚུར་ཡོང་དུས་ཀྱང་རྣམ་ཤེས་འཁྱམ་པོ་རེད། ཕར་སོང་ན་ཡང་རྣམ་ཤེས་འཁྱམ་པོ་ལས་ཚད་བྱས་ཚད་ཀྱི་དཀར་ནག་དགེ་སྡིག་གཉིས་དེ་ལུས་གྲིབ་མ་གཉིས་ཀ་ཕྱེ་རྒྱུ་མེད་པ་བཞིན་དུ་འབྲལ་དུ་མེད་པ་ཡིན། ད་རེས་ཐོབ་ཤག་ཤག་འགྲུབ་ཤག་ཤག་གོ་བ་མི་ལོན་རྒྱུ་ཆེར་མེད་པའི་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་དེ་བསྒྲུབས་པར་བྱས་ནས་སྙིང་རུས་བྱས་ན། བདེ་བ་ཅན་དུ་སྐྱེ་མི་སྐྱེའི་དོགས་པ་མི་དགོས་པ་ཡིན། འོད་དཔག་མེད་ཀྱི་ཞལ་ཐང་ཞིག་མིག་གི་ཐད་ལ་བཤམས་ནས་འཆི་ཁར་འདུན་པ་དེ་ལ་གཏད་ན། བེད་ཆོད་ཤག་ཤག་གི་ཆོས་ཀྱི་བྲོ་ཆས་རྟ་རིན་མ་དེ་ཡིན་པས་ཚང་མས་སྒོ་གསུམ་དགེ་བའི་ལམ་ལ་ཆིག་སྒྲིལ་བྱས་ཏེ། དང་པོ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསམ་པའི་སེམས་དང་མི་འབྲལ། གཉིས་པ་འདི་ལྟར་སྣང་བའི་ཆོས་ཐམས་ཅད་མེད་སྣང་སྒྱུ་མའི་རང་གཟུགས། སྟོང་རྟེན་འབྱུང་དབྱེར་མེད་པ་སྣང་བཞིན་དུ་སྟོང་ལ། སྟོང་བཞིན་དུ་སྣང་བ་ཟུང་འཇུག་སྤྲོས་བྲལ་ཆེན་པོའི་ལྟ་བ་དང་མ་འབྲལ་བའི་ཐོག་དེ་ནས། ལུས་ཀྱིས་ཕྱག་འཚལ་མཆོད་འབུལ་ལ་སོགས་པ་བྱེད་པའི་སྐབས་སུའང་ངག་གིས་ཀྱང་ཁ་འདོན་བཟླས་བརྗོད་བྱེད་ཞོར་དང་། སེམས་ཀྱིས་ཏིང་འཛིན་གྱི་གསལ་སྣང་ཞེས་པ་ཆེན་པོ་ཞིག་མ་ཤེས་རུང་། ཚིག་རྗེས་དོན་དྲན་གྱི་ཐོག་ནས། གསུམ་པ་དགེ་རྩ་དེ་དག་མར་གྱུར་སེམས་ཅན་ཐམས་ཅད་ཀྱི་དོན་ལ་བྱང་ཆུབ་ཆེན་པོའི་ནང་དུ་ཆུ་ཐིགས་རྒྱ་མཚོའི་ནང་དུ་འདྲེས་པ་ལྟ་བུས་བསྔོ་བ་དེ་མ་བྱས་ན། ལར་དགེ་བའི་རྩ་བ་ཆུ་ཐིགས་ཆུང་ཆུང་ལྟ་བུ་ཞིག་ལས་མེད་པ་དེ་ཉིད་མེ་དང་ཉི་མ་རླུང་དང་སེར་བུས་འོག་ནས་མགྱོགས་པོར་མེད་པར་འགྱུར་བ་བཞིན་དུ་ཉོན་མོངས་ཁོང་ཁྲོ་ལྟ་བུ་གཅིག་གིས་ཀྱང་འཇོམས་པར་འགྱུར་བ་ཡིན། གལ་ཏེ་མི་འཇོམས་པའི་དབང་དུ་བྱས་ཀྱང་དགེ་བ་གཅིག་ལ་འབྲས་བུ་ལན་གཅིག་ཙམ་ལས་མེད་ལ། བསྔོས་ན་བརྒྱ་འགྱུར་སྟོང་འགྱུར་དུ་འཕེལ་བ་ཡིན། མགོ་ནས་ཆོས་ཞུ་བ་བས་དང་པོར་ཞུ་ལུགས་ཤེས་པ་གཙོ་ཆེ་ཚུལ་སྨྲོས་པ་བཞིན་དུ། ཆོས་སྒྲུབ་པ་བས་ཀྱང་དང་པོར་སྒྲུབ་ཚུལ་ཤེས་པ་དེ་གཙོ་ཆེ་བ་ཡིན། དེ་སྔོན་ཉི་མ་ཡན་ཆད་ལ་བོད་མགོ་ནག་ཕྲེང་བཟུང་གི་བདག་པོ། སྐྱེས་ནས་ད་བར་ལ་དགེ་སྡིག་ལས་འབྲས་ཀྱི་རྣམ་བཞག་ཡོད་པའི་འདང་རྒྱག་མཁན་ཞིག་ཡིན་ཁུལ་དུ་ཡོད་ཀྱང་དོན་དངོས་སུ་ཆོས་དང་མཐུན་པའི་ཆོས་ཤིག་འགྲུབ་ཨེ་ཡོད་ནི་རང་བློ་རང་ལ་ལྐོག་ཏུ་མ་གྱུར་པ་ཡིན། མིའི་སྔུན་ནས་མིན་ན་ཡིན་མདོག་དང་མེད་ན་ཡོད་མདོག་སྟོན་ཆོག་ཀྱང་། རང་གི་ངོས་ནས་ལས་དཀར་ནག་གཉིས་ཀར་རྒྱ་མ་བཀྱག་ས་དང་། གཤིན་རྗེའི་སྐྱེས་བུའི་མེ་ལོང་གི་ངོས་སུ་ཤར་ས་ལ་ཐུག་དུས། གསོན་གྲོང་ང་ཁམས་ཀྱི་མ་ཡིན་ཡིན་མདོག་དེ་སྟོན་ས་ལ་མི་འགྲོ་བ་ཡིན། དེས་ན་ཆོས་ད་ཞུས་ཟེར་དུས་མ་ཞུས་ན། ཨེ་ཐོབ་ཟེར་དུས་ཐོབ་རྒྱུ་ཡང་དཀའ་བ་ཡིན། སྤྱིར་ན་འཇིག་རྟེན་མྱི་ཡི་བསོད་ནམས་ཆུང་བའི་དབང་གིས་མིའི་བསམ་ཐོག་ལ་རྟ་ཡིས་བརྫི་བ་ལ་ཡང་དཀའ་ཁག་ཆེན་པོ་ཡོད། བླ་མ་ཡོད་དུས་དད་པ་མེད། །དད་པ་ཡོད་དུས་བླ་མ་མེད། །གཉིས་ཀ་འཛོམས་པའི་དུས་མ་བྱུང་། །ཞེས་གསུངས་པ་དང་འདྲ་བ་ཡིན། གནའ་སྔ་མོ་རྫ་མཚམས་པ་འཇིགས་མེད་རྒྱལ་བའི་མྱུ་གུ། དཔལ་དགེ་རྡོ་རྗེ་འཆང་། རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན། མུ་ར་པདྨ་བདེ་ཆེན་བཟང་པོ། དེ་ཚོ་འདིའི་ཁམས་དང་མགོ་ལོག་གི་ས་ཆ་སྟོད་སྨད་བར་གསུམ་ལ་བྱོན་ནས། བདེ་ཆེན་ཞིང་སྒྲུབ་བཙུགས། འཚེ་བ་ཆོས་སུ་སྨྲ་བའི་དམར་མཆོད་ཀྱི་རྒྱུན་ཐམས་ཅད་བཅད། ཆང་ཨ་རག དུ་བ་སྣ་ཐ། རྔོན་རི་དྭགས། རྐྱང་ཤ་ཁྱི། བཤས་ཉོ་བཤས་ཚོང་ལ་སོགས་པ་སྤང་དུ་བཅུག་ནས་ཅི་འདྲའི་དགེ་བསྐུལ་ཞིག་མཛད་པར་འདུག ད་རུང་ས་ཆ་འདི་ལ་མཚོན་ནའང་དེ་རྣམ་པས་མ་ཚད་པར་བླ་མ་ཞེ་རྫོགས་གཉིས་ཀའི་ཡབ་སྲས་བརྒྱུད་པ་དང་བཅས་པས་ཅི་འདྲའི་ཆོས་ཤིག་གསུངས་མེད། འོན་ཀྱང་དེ་དུས་ཀྱི་སློབ་མས་སྐབས་དེའི་མི་གྲངས་ཀྱི་བརྒྱ་ཆ་ཇི་ཙམ་བཟུང་ཡོད་པར་དཔྱད་ན། སྤྱིར་བསྐལ་བ་དེང་སང་བས་བཟང་དུས་ཡིན་པས་ལེགས་པར་ལྟ་བུ་མངོན་ནའང་། ཕྱོགས་གཅིག་ནས་བསམ་བློ་བཏང་ན་དེའི་དུས་སུ་འཇམ་མགོན་བླ་མ་མི་ཕམ་ཚང་ཞེས་པ་ས་གསུམ་ན་འགྲན་ཟླ་དང་བྲལ་བའི་མཁས་པ་ཆེན་པོ། རྗེ་བཙུན་འཇམ་དཔལ་དབྱངས་མིའི་གཟུགས་སུ་བྱོན་པ་དེ་ཚོའི་འཁོར་ལའང་དགེ་འདུན་ཆོས་ཞུ་བ་ཁྲི་ཚོ་མ་དགོས་སྟོང་ཚོ། སྟོང་ཚོ་མ་དགོས་བརྒྱ་ཚོའི་ཡན་དུ་བུད་མྱོང་ཡོད་ས་འདུག་གམ་སྙམ་པ་ལྟ་བུ་ཞིག་རེད། དེ་རིང་ཁ་སང་ཡིན་ནའང་དེ་དང་མཚུངས་པར་ང་འདྲ་འདྲའི་རྟ་ཐོག་གི་བླ་མ་ཞིག་གིས་དེ་རིང་ཁྲོམ་དབང་ཞིག་བསྐུར་རྒྱུ་རེད་ཟེར་དུས་སྒོ་བསྒྲོགས་ནས་ཐོན་འོང་བ་ཡིན། བསྐུར་བྱའི་དབང་དེ་ཅི་ཞིག་ཡིན་ཡང་ཡིན་བུམ་རིལ་དེ་མགོ་ལ་བཞག་ཚར་དུས་གར་འགྲོ་བ་ལས་དབང་གི་དམ་ཚིག་སོགས་ཅི་ཡིན་ཉན་དགོས་སྣང་ཙམ་ཡང་མི་འཆར་བ་རེད། དེ་རིང་དགེ་བའི་བཤེས་གཉེན་ཞིག་གིས་ཁྲིད་ཅིག་གསུངས་པ་རེད་ཟེར་ན། དེ་ནི་ས་མཐའི་ཨ་ཅོ་བྱེས་བན་སྐོར་ཞིག་དང་དགོན་མཐའི་རྒན་འཁོགས་ལས་མེད་ཁ་ཤས་ཀྱི་ཆོས་སྐལ་ལོས་ཡིན་སྙམ་པའི་སྣང་བ་དེ་ཤར་བ་རེད། གལ་སྲིད་ཆོས་གྲལ་དུ་བསྡད་ནའང་གཉིད་ལོག་བྱེད་པ་ཡིན། དེ་ཡང་ཁག་མེད་སྟེ་དེ་འདྲའི་གོ་བརྡ་སྤྲད་མཁན་ཡོད་མ་མྱོང་བས་རེད། དེ་དག་ནི་དངོས་ཡོད་གནས་ཚུལ་ཡིན། ས་ཆ་གཞན་ལ་མཚོན་ནའང་བོད་ཀྱི་ས་ཆ་མང་ཆེ་བ་དེ་འདྲ་ཞིག་ལ་ཆགས་ཡོད་པ་ཡིན། དེ་རིང་གླུ་བ་ཞིག་གིས་གླུ་ཞིག་ལེན་པ་དང་། རྒྱ་རྒན་སྤྲེལ་ཁྲིད་ཅིག་གིས་སྤྲེའུ་ཞིག་འཁྲབས་པར་བྱེད་ན་ཚང་མ་དེར་འཛོམས་ནས་བསྐོར་ནས། བླ་མ་ཞིག་གིས་ཆོས་གསུངས་ནའང་དེ་འདྲའི་དད་གུས་བྱེད་མཁན་དཀོན་པ་ཡིན། དེ་ནི་ཡང་ན་ཆོས་ས་ཆོས་ཡུལ་བླ་ས་བླ་ཡུལ། ཚང་མ་བླ་མར་འགྱུར་བའི་དུས་སུ་བླ་རྩིས་ཆུང་བར་སོང་བའམ། ཡང་ན་ཆོས་དྲེད་ཆོས་ཀྱིས་མ་ཐུལ། མར་སྐོག་སྣུམ་གྱིས་མ་ཐུལ་ཏེ་ཆོས་སྒར་ཆེན་པོའི་ཉེ་འདབས་ནས་ཆོས་སྐལ་སྒེར་ལ་ཆད་དེ། རྒྱ་མཚོའི་འགྲམ་ནས་ཁ་སྐོམ་སྟེ་འཆི་བ་ཡང་སྲིད་པ་ཡིན་ཕྱིར། ཐོག་མར་ཆོས་ཞུས་ན་ཅི་ཞིག་གིས་ཕན་ཐོགས་ཡོད་པ་དེ་ཤེས་དགོས་པ་ཡིན། དེ་ཡང་ཆོས་ཞུས་ན་དགེ་སྡིག་སྤང་བླང་གི་འདོར་ལེན་དང་། ལས་རྒྱུ་འབྲས་བསླུ་མེད་ཀྱི་རྣམ་བཞག་རྣམས་ཤེས་ནས་ཐོས་བསམ་སྒོམ་པའི་ཤེས་རབ་འཕེལ་དེ་ཡོང་བ་ཡིན། ཆོས་འཇིག་རྟེན་གཉིས་ཀའི་ཐད་ནས་འགྲུབ་མི་འགྲུབ་གཉིས་སུ་བྱུང་བ་དེ་བྱ་བ་གང་སྒྲུབ་དེའི་སྒྲུབ་སྟངས་ཤེས་མི་ཤེས་ལ་རག་ལས་པ་ཡིན། དཔེར་ན་རང་རེ་འབྲོག་པའི་ས་ཆ་འདི་ལྟ་བུ་ཞིག་ལ་མཚོན་ན། ཕྱུགས་སྒོ་ཟོག་ཚགས་འཚོ་སྐྱོང་ཡག་པོ་ཞིག་མ་ཤེས་ནས་ཁྱི་ཟས་སྤྱང་བསྐུར་དུ་སོང་ནས་ཐ་མར་སྒོ་ནག་ལ་འགྲོ་བ་ཡིན། དཔེ་དེ་བཞིན་དུ་ཆོས་སྒྲུབ་ན་བསྒྲུབས་ལུགས་ཤེས་དགོས་པ་ཡིན། དེ་ཤེས་པར་བྱེད་པ་ལ་དང་པོར་ཆོས་ཉན་ནས་ཐོས་པ་བསྟེན་དགོས། མ་ཐོས་ན་གོ་རྒྱུ་མེད་པ་ཡིན། ཐོས་པ་རྐྱང་པས་མི་ཆོག་པར་ཐོས་དོན་སེམས་དགོས་དེ་ལ་བསམ་པ་ཟེར་བ་ཡིན། ཚིག་གོ་བ་དང་། དོན་ཤེས་པ་ཙམ་གྱིས་ཀྱང་ཕན་ཆ་ཚང་ཞིག་ཐོགས་པ་མིན་པས། ཐོས་དོན་བསམས་པ་དང་། བསམ་དོན་བསྒོམས་ནས་རྒྱུད་ལ་སྦྱར་ཏེ་ལག་ལེན་ལ་བཏབས་དུས་གཟོད་བེད་ཆོད་པ་ཞིག་འབྱུང་བ་ཡིན། དེས་ན་ཐོས་བསམ་སྒོམ་པའི་ཤེས་རབ་སྔར་མེད་པ་ཞིག་ཡོད་པར་བྱེད་དགོས་ན་ཆོས་ཞུ་བ་དང་ཉན་པ་དེ་གནད་ཆེན་གལ་ཆེན་ཡིན་པ་ཤེས་དགོས་པ་ཡིན། མི་ཞིག་གིས་མནའ་ཟ་ཁྲེལ་འགམ་ཞིག་དང་ལྷན་དུ་སྒོར་རྡོག་ཁ་ཤས་ཤིག་ཁེ་ཟ་རྒྱུ་རག་པ་བས་ཆེ་དང་ཆེ་ཡི་ཡོང་སྒོ་ཚེ་འདི་ཕྱི་གཉིས་ཀ་དང་། ཤི་གསོན་འབྲེལ་བ་ཐོབ་ཚད་ལ་ཕན་ཐོགས་པ་ཞིག་སྔུན་འདི་ན་ཡོད་བཞིན་དུ་ལམ་ཁའི་རྡོ་བཞིན་དུ་མིག་གིས་ལྟ་ཙམ་ཡང་མ་བྱས་ན་རྨོངས་པའི་ནང་གི་རྨོངས་ཆེན་ཡིན་པས། ཕྱིན་ཆད་རང་གི་ཉམས་ལ་ཕན་པའི་བྱ་བ་ཞིག་ཇི་ལྟར་བསྒྲུབ་པའི་སྔ་འདེང་ཞིག་སྨྲ་ཤེས་དོན་གོའི་མི་ལ་ཡོད་དགོས་པ་ཡིན་པས་དེ་ལུགས་ཀྱི་འདེང་རེ་རྒྱག་རྒྱུ་གལ་ཆེན་ཡིན་པའི་འཕྲོས་དོན་བཤད་པ་དང་བཅས་ཏེ། ད་ལོ་གནའ་སྔ་རབས་ཀྱི་རྫོགས་ཆེན་ཀློང་ཆེན་སྙིང་ཐིག་གི་ཆོས་བརྒྱུད་འདིའི་དམ་པ་གོང་མ་ཚོའི་ཕྱག་བཞེས་ལ་གཞིར་བཟུང་སྟེ། མཁས་གྲུབ་རཱ་ག་ཨ་སྱས་མཛད་པའི་དུས་རྒྱུན་གྱི་ང་ཚོའི་ཁ་སྲོལ་ལྟར་ན་ཆགས་མེད་བདེ་སྨོན་ཞེས་སུ་གྲགས་པ་འདིའི་ཐོག་ནས་ཞིང་ཁྲིད་བཤད་པའི་སྐབས་ནས་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་ལས། དང་པོ་རྟེན་ཚོགས་ཞིང་གསལ་འདེབས་པ། གཉིས་པ་རྒྱུ་ཚོགས་བསགས་སྒྲིབ་སྦྱོང་། གསུམ་པ་གྲོགས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་རྣམས་གོང་དུ་སོང་བས་མ་ཚད། རྒྱུ་བཞི་བ་རྐྱེན་སྨོན་ལམ་དག་པས་མཚམས་སྦྱར་བའི་སྐབས་ནས་ཀྱང་འགའ་ཞིག་སོང་སྟེ་དེ་རིང་ནི།

གསུམ་པ་བདེ་བ་ཅན་ལ་སོང་ནས་ཡོན་ཏན་ཐོབ་ཚུལ་ལ་སྨོན་པ།

དེ་ལ་བདེ་བ་ཅན་གྱི་ཡོན་ཏན་ཐོབ་ཚུལ་ལ་བསམས་ནས་སྨོན་པ། བདེ་བ་ཅན་དུ་གནས་བཞིན་ཞིང་ཁམས་གཞན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོ་མཇལ་ནས་ཆོས་ཐོས་པར་སྨོན་པ། རང་ཉིད་དག་པའི་ཞིང་ཁམས་གཞན་དུ་སོང་ནས་ཆོས་ཐོས་པར་སྨོན་པ། མ་དག་པའི་ཞིང་གི་གདུལ་བྱ་འདུལ་ནུས་པ་ལ་སྨོན་པ་དང་བཞི་ལས།

དང་པོ་བདེ་བ་ཅན་གྱི་ཡོན་ཏན་ཐོབ་ཚུལ་ལ་བསམས་ནས་སྨོན་པ།

དེ་རུ་སངས་རྒྱས་འོད་དཔག་མེད།།

མངོན་སུམ་བཞུགས་པའི་ཞལ་མཐོང་ནས།།

སྒྲིབ་པ་ཐམས་ཅད་དག་པར་ཤོག།

ཅེས་གསུངས་ཏེ། དེ་ཡང་བདེ་བ་ཅན་གྱི་ཞིང་ཁམས་དེར་སྐྱེས་པ་ན། ཞིང་ཁམས་དེ་རུ་སངས་རྒྱས་འོད་དཔག་མེད་ཀྱི་སྐུ་མཚན་དཔེའི་རང་བཞིན་ཅན་མངོན་སུམ་བཞུགས་པའི་ཞལ་མཇལ་ནས། སོ་སྐྱེ་ཕལ་བ་ཞིག་ཡིན་ཡང་དེའི་རྒྱུད་ཀྱི་ངན་སོང་དུ་སྐྱེ་བའི་རྒྱུ་ཐམས་ཅད་བཅོམ་ནས་མེད་པར་གྱུར་བས་མ་ཚད། མཐོང་བས་སྤང་བར་བྱ་བའི་སྒྲིབ་པ་ཐམས་ཅད་ཀྱང་བཅོམ་ཞིང་མཐོང་ལམ་གྱི་ཡེ་ཤེས་རྒྱུད་ལ་སྐྱེས་ན་ས་དང་པོ་ཐོབ་བྱེད་ཀྱི་གེགས་དང་སྒྲིབ་པ་ཐམས་ཅད་དག་པར་ཤོག་ཅེས་པ་སྟེ། དེ་ཡང་སྐབས་འདིར་བདེ་བ་ཅན་དུ་མཐོང་ལམ་མ་ཐོབ་པའི་སོ་སྐྱེ་ཕལ་བ་སྐྱེ་ཐུབ་པ་དང་། སངས་རྒྱས་འོད་དཔག་མེད་པའི་ཞལ་མཇལ་བ་དང་མཐོང་ལམ་ཐོབ་པ་དུས་མཉམ་པ་ཡིན་པ་བསྟན་པ་སྟེ། དཔེར་ན་བུ་མོ་མུ་ཏིག་འཁྲི་ཤིང་གིས་སངས་རྒྱས་ཀྱི་སྐུ་གཟུགས་བྲིས་སྐུ་ཞིག་མཇལ་བ་ཙམ་གྱིས་མཐོང་སྤང་བཅོམ་པ་ལྟ་བུ་དང་། འོད་མདོ་ལས། དེ་དག་འགུམ་པའི་དུས་ཀྱི་ཚེ་སངས་རྒྱས་འཁོར་བཅས་མཐོང་སྟེ། དེ་དག་གི་ལས་ཀྱི་སྒྲིབ་པ་མ་ལུས་པ་ལྡོག་པར་གྱུར་ཅིག་ཅེས་འོད་དཔག་མེད་ཀྱིས་སྨོན་ལམ་བཏབ་པ་དེ་གྲུབ་པ་ཡིན་པས། ད་ལྟ་སོ་སོའི་སྐྱེ་བོའི་ལུས་རྟེན་འདིའི་ཐོག་ནས་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་བསྒྲུབས་ན་ཚེ་འདིའི་ཐོག་ནས་ས་ཐོབ་མི་དགོས་པར། ཤི་བའི་གནས་སྐབས་ན་ཚོགས་ལམ་ཆོས་རྒྱུན་ཐོབ་པ་དང་འདྲ་བར་སངས་རྒྱས་ཀྱི་ཞལ་མཇལ་ཞིང་གསུང་ཐོས་པའི་སྐབས་སུ་མཐོང་ལམ་སྐྱེ་བ་ཡིན། གཞན་ཡང་མདོ་ལས། གང་ཟག་ལས་སྒྲིབ་མཐུག་པོ་ཅན་འགའ་རེ། སྨོན་ལམ་དང་དགེ་རྩའི་སྟོབས་ཀྱིས་བདེ་བ་ཅན་ལ་སྐྱེས་ནས་མགོན་པོ་འོད་དཔག་མེད་ཀྱིས་ཆོས་སྟོན་པ་ཐོས་ལ། དེའི་དོན་མི་ཤེས་པ་དང་། སྐུ་དངོས་སུ་མི་མཇལ་བ་དང་། འོད་ལུས་ལ་མི་ཕོག་པ་དང་། དེ་ནས་སྒྲིབ་པ་སྦྱངས་ནས་གཟོད་ཞལ་མཇལ་བ་དང་། ཆོས་ཤེས་ནས་ལུང་བསྟན་ཐོབ་པ་ཡང་གསུངས་པ་དང་། པདྨའི་སྦུབས་ནས་སྐབས་ཤིག་གི་རིང་ལ་སངས་རྒྱས་ཀྱི་ཞལ་མི་མཐོང་བ་ལ་སོགས་པའི་རྒྱུ་མཚན་ལ་བརྟེན་ནས་སོ་སྐྱེ་བདེ་བ་ཅན་ལ་སྐྱེ་བ་དེའང་རང་ཤུགས་ཀྱིས་གྲུབ་པའོ།།

སྐྱེ་གནས་བཞི་ཡི་མཆོག་གྱུར་པ།།

མེ་ཏོག་པདྨའིསྙིང་པོ་ལ།།

བརྫུས་ཏེ་སྐྱེ་བ་ལེན་པར་ཤོག།

ཅེས་གསུངས་ཏེ། སྐྱེ་གནས་བཞི་དེ་གང་ཡིན་ན་བརྫུས་སྐྱེས། མངལ་སྐྱེས། སྒོང་སྐྱེས། དྲོད་གཤེར་ལས་སྐྱེས་པ་སྟེ་སྐྱེ་བ་རྣམ་པ་བཞི་ཡིན་ལ། དེ་འདྲའི་སྐྱེ་གནས་བཞི་པོ་དེ་ལས་མཆོག་ཏུ་གྱུར་པ་ནི་རང་ཉིད་ལ་གནོད་པ་མེད་པ་དང་། ཕ་མ་ལ་གནོད་པ་མེད་པས་བརྫུས་སྐྱེས་ཡིན་ལ། དེ་ལས་ཀྱང་པདྨ་ལས་སྐྱེས་པ་ནི་མཆོག་ཏུ་གྱུར་པ་ཡིན་པས། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་མེ་ཏོག་པདྨའི་སྙིང་པོ་དེར་ཡིད་ཀྱིས་འདུན་པ་གཏད་པ་ཙམ་ཞིག་གིས་བརྫུས་ཏེ་སྐྱེ་བ་ལེན་པར་ཤོག་ཅིག་གསུངས་པའོ། །དེས་ན་འདུན་པ་གཏད་རྒྱུ་འདི་གལ་ཆེ་བ་ནི་འདི་ནས་ཀྱང་འབྱུང་བ་ཡིན།

སྐད་ཅིག་ཉིད་ལ་ལུས་རྫོགས་ནས།།

མཚན་དཔེ་ལྡན་པའི་ལུས་ཐོབ་ཤོག།

ཅེས་གསུངས་ཏེ། བརྫུས་སྐྱེས་དེ་ནི་མངལ་སྐྱེས་ལྟར་དུ་ཡུན་རིང་པོར་འཚར་ལོངས་འབྱུང་བའི་རྒྱུ་ལ་མི་ལྟོས་པ་ཡིན་པས་སྐྱེས་ནས་རིམ་གྱིས་ནར་སོན་དགོས་པ་འགོར་བ་དེ་ལྟ་བུ་མ་ཡིན་པ་དེ་མ་ཐག་ཏུ་ལུས་སྟོབས་ཡོངས་སུ་རྫོགས་ནས་སྐད་ཅིག་དེ་ཉིད་ལ་ལུས་ཀྱི་ཁོ་ལག་ཐམས་ཅད་ཡོངས་སུ་རྫོགས་ནས་མཚན་དང་དཔེ་བྱད་ལྡན་པའི་ལུས་མཆོག་ཏུ་གྱུར་པ་ཐོབ་པར་ཤོག་ཅིག

མི་སྐྱེ་དོགས་པའི་ཐེ་ཚོམ་གྱིས།།

ལོ་གྲངས་ལྔ་བརྒྱའི་བར་དག་ཏུ།།

ནང་དེར་བདེ་སྐྱིད་ལོངས་སྤྱོད་ལྡན།།

སངས་རྒྱས་གསུང་ནི་ཐོས་ན་ཡང་།།

མེ་ཏོག་ཁ་ནི་མི་བྱེ་བས།།

སངས་རྒྱས་ཞལ་མཇལ་འཕྱི་བའི་སྐྱོན།།

དེ་འདྲ་བདག་ལ་མི་འབྱུང་ཤོག།

ཅེས་གསུངས་ཏེ། བློ་དམན་རྟོག་དཔྱོད་ལ་ཞེན་པའི་གང་ཟག་ངོ་མ་སྐྱེའམ་མི་སྐྱེ་སྙམ་པའི་གཉིས་འཛིན་གྱི་རྟོག་པའམ་ཐེ་ཚོམ་ཅན་གྱིས། རྒྱུ་བཞི་སྔོན་ནས་བསྒྲུབས་ཡོད་པའི་སྟབས་ཀྱིས་ཞིང་ཁམས་དེར་སྐྱེས་ཀྱང་། ཐེ་ཚོམ་གྱི་སྒྲིབ་པ་དེའི་དབང་གིས་ལོ་གྲངས་ལྔ་རྒྱའི་བར་དག་ཏུ་མེ་ཏོག་པདྨ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་དང་སྐྱེད་མོས་ཚལ་དུ་སྣང་བའི་ནང་དེར་བདེ་སྐྱིད་ལོངས་སྤྱོད་སོགས་རྒྱ་ཆེན་པོ་དང་ལྡན་ཞིང་། ཕྱི་རོལ་ནས་སངས་རྒྱས་ཀྱིས་ཆོས་འཁོར་བསྐོར་བའི་གསུང་ཐོས་ན་ཡང་། དེ་འདྲའི་ལོ་ཡུན་རིང་ཞིག་ལ་མེ་ཏོག་ཁ་མི་བྱེ་བར་སངས་རྒྱས་ཀྱི་ཞལ་མཇལ་འཕྱི་བའི་སྟབས་ཀྱིས། ད་ལྟ་ནས་ཐེ་ཚོམ་མེད་པའི་ཡིད་ཆེས་ཀྱི་དད་པ་བརྟན་པོས་བདེ་བ་ཅན་ལ་སྐྱེ་བའི་རྒྱུ་བཞི་སྒྲུབ་ན་སྐྱོན་དེ་འདྲ་བ་བདག་གཞན་རྣམས་ལ་འབྱུང་མི་སྲིད་པར་སྐྱེས་མ་ཐག་ཏུ་མེ་ཏོག་ཁ་བྱེ་བ་ལ་སོགས་པ་དེ་འདྲའི་ཡོན་ཏན་དང་ལྡན་ཞིང་། ཐེ་ཚོམ་གྱི་དབང་གིས་བྱུང་བའི་སྐྱོན་དེ་འདྲ་མི་འབྱུང་བར་ཤོག་ཅིག

སྐྱེས་མ་ཐག་ཏུ་མེ་ཏོག་ཕྱེ།།

འོད་དཔག་མེད་པའི་ཞལ་མཐོང་ཤོག།

ཅེས་གསུངས་ཏེ། བདེ་བ་ཅན་གྱི་ཞིང་ཁམས་སུ་བརྫུས་ཏེ་སྐྱེས་མ་ཐག་ཏུ་མེ་ཏོག་པདྨའི་ཁ་རང་ཤུགས་ཀྱིས་བྱེ་སྟེ་སངས་རྒྱས་འོད་དཔག་མེད་ཀྱི་མཚན་དཔེའི་ཞལ་མཐོང་བར་ཤོག་ཅིག་ཅེས་པའོ། །སྤྱིར་སངས་རྒྱས་ཀྱི་བཀའ་ལ་དྲང་དོན་དང་ངེས་དོན་ཅན་གྱི་ཁྱད་པར་མང་ཡང་། འདི་ལྟ་བུའི་སྐབས་སུ་བསམ་བློ་མང་པོ་ཞིག་འཁོར་ནས་དྲང་དོན་དང་ངེས་དོན་གང་ཡིན་ན། སྒྲ་ཐད་དྲང་གི་གོ་བ་ལེན་ཆོག་པ་ཨེ་ཡིན་ན་སྙམ་པའི་རྟོག་དཔྱོད་བྱེད་པ་ནི། རྟོག་ཅིང་དཔྱོད་པའི་རྟོག་གེ་བ། །དེ་ལ་སྦྱོར་བའི་དངོས་གྲུབ་མེད། །ཅེས་གསུངས་པ་ལས་མ་འདས་པ་ཡིན་ཕྱིར་འདི་དག་ལ་རྟོག་གེ་བྱ་མི་རུང་ངོ། །དངོས་སྟོབས་ཀྱི་ཚད་མས་རྟོགས་མི་ནུས་པའི་གཞལ་བྱ་ཤིན་ཏུ་ལྐོག་གྱུར་ནི་དྲང་སྲོང་ཆེན་པོའི་ལུང་ཁོ་ན་ལ་མི་བརྟེན་པའི་ཐབས་མེད་པ་སྟེ། རྒྱལ་སྲས་ཞི་བ་ལྷས་ཀྱང་། ཐུབ་པའི་བཀའ་ནི་མི་བསླུ་བས། །འདི་ཡི་ཡོན་ཏན་ཕྱིས་སྣང་འགྱུར། །ཞེས་གསུངས་པ་ལྟར་ཡིན་པས་བདེ་བ་ཅན་དུ་སྐྱེ་མི་སྐྱེ་སོགས་རང་གིས་མ་ཤེས་ནའང་སངས་རྒྱས་ཀྱིས་མི་མཁྱེན་པ་མི་སྲིད་པ་ནི། ནམ་མཁའ་འདི་དངོས་པོ་གཟུགས་ཅན་པར་འགྱུར་མི་སྲིད་པ་ལྟ་བུ་ཡིན་ཡང་དེ་བས་ཀྱང་ཐུབ་བའི་བཀའ་མི་བསླུ་བ་ཡིན་ཕྱིར། ཀུན་དགའ་བོས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་བ། བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་བསྒྲུབས་ན་སེམས་ཅན་རྣམས་བདེ་བ་ཅན་དུ་ངེས་པར་དུ་སྐྱེས་ངེས་སམ། བཀའ་སྩལ་བ། སྐྱེ་ངེས་སོ། །ཀུན་དགའ་བོས། བདག་ནི་དེ་ལ་དོགས་པའམ་ཡིད་གཉིས་སམ་ཐེ་ཚོམ་མ་མཆིས་ཏེ། བདག་ནི་མ་འོངས་པའི་སེམས་ཅན་རྣམས་ཀྱི་དོགས་པ་དང་ཡིད་གཉིས་དང་ཐེ་ཚོམ་བསལ་བའི་སླད་དུ་དེ་བཞིན་གཤེགས་པ་ལ་དོན་འདི་ཡོངས་སུ་ཞུའོ། །ཞེས་གསུངས་པ་ཡིན་པས་ཡིད་ཆེས་བྱའོ།།

བསོད་ནམས་སྟོབས་དང་རྫུ་འཕྲུལ་གྱིས།།

ལག་པའི་མཐིལ་ནས་མཆོད་པའི་སྤྲིན།།

བསམ་མི་ཁྱབ་པར་སྤྲོས་བྱས་ནས།།

སངས་རྒྱས་འཁོར་བཅས་མཆོད་པར་ཤོག།

ཅེས་གསུངས་ཏེ། ནུབ་ཕྱོགས་བདེ་བ་ཅན་དུ་སྐྱེས་ནས་མགོན་པོ་འོད་དཔག་མེད་ཀྱི་ཞལ་མཇལ་མ་ཐག་ཏུ་སྔར་རང་གིས་རྒྱུ་བཞི་བསྒྲུབས་པའི་བསོད་ནམས་ཀྱི་སྟོབས་དང་། སངས་རྒྱས་ཀྱི་སྨོན་ལམ་དང་ཐུགས་བསྐྱེད་མཛད་པའི་མཐུ་དེའི་དབང་གིས་རྫུ་འཕྲུལ་རང་འགྲུབ་ཀྱི་སྒོ་ནས། རང་གི་ལག་པའི་མཐིལ་ལས་ཡིད་དུ་འོང་བའི་མཆོད་རྫས་ཀྱི་དངོས་པོའི་སྤྲིན་གྱི་ཚོགས་བསམ་གྱིས་མི་ཁྱབ་པར་སྤྲུལ་ཞིང་སྤྲོ་བར་བྱས་ཏེ། སངས་རྒྱས་འཁོར་དང་བཅས་པར་མཆོད་ནུས་པར་ཤོག་ཅིག་ཅེས་པའོ། །དེས་ན་ད་ལྟའི་ཞིང་ཁྲིད་ཀྱི་སྐབས་འདི་ཚོའི་དུས་སུ་ཡང་སེམས་འཁུམས་ནས་ལག་པ་སྡོམ་མི་འདུག་པར་མཆོད་འབུལ་ཅི་འགྲུབ་བྱས་ན། རྒྱུ་མ་འཁྲུལ་བའི་འབྲས་བུ་ཐོབ་པ་ལ་ཁྱད་པར་ཆེན་པོ་ཡོད་པ་ཡིན།

དེ་ཚེ་དེ་བཞིན་གཤེགས་པ་དེས།།

ཕྱག་གཡས་བརྐྱངས་ནས་མགོ་ལ་བཞག།

བྱང་ཆུབ་ལུང་བསྟན་ཐོབ་པར་ཤོག།

ཟབ་དང་རྒྱ་ཆེའི་ཆོས་ཐོས་ནས།།

རང་རྒྱུད་སྨིན་ཅིང་གྲོལ་བར་ཤོག།

ཅེས་གསུངས་ཏེ། སྔར་བདེ་བ་ཅན་ལ་སྐྱེ་བའི་རྒྱུ་བཞི་བསྒྲུབས་ནས་བདེ་བ་ཅན་སྐྱེས་ཚེ་རྫུ་འཕྲུལ་དང་བསོད་ནམས་ཀྱི་མཐུ་ཡིས་བདེ་བ་ཅན་གྱི་ཞིང་ཁམས་འདི་དང་ཞིང་ཁམས་གཞན་ནས་བསོད་ནམས་རྒྱ་ཆེན་པོ་བསགས་ཏེ་ས་ལམ་རིམ་གྱིས་བགྲོད་པའི་དུས་ནམ་ཞིག་རང་ཉིད་ས་བརྒྱད་པ་ཐོབ་པ་དེའི་ཚེ་ན། དེ་བཞིན་གཤེགས་པ་སངས་རྒྱས་འོད་དཔག་མེད་ཀྱི་བསོད་ནམས་བརྒྱ་ལས་གྲུབ་པའི་ཕྱག་གཡས་པ་བརྐྱངས་ནས་རང་གི་མགོ་ལ་བཞག་སྟེ། རིགས་ཀྱི་བུ་ཁྱོད་མ་འོངས་པར་ཡུལ་དུས་འདི་དང་འདི་འདྲ་བར་སངས་རྒྱས་འདི་ཞེས་བྱ་བར་འཚང་རྒྱ་བར་འགྱུར་ཞེས་བྱང་ཆུབ་མཆོག་གི་ལུང་བསྟན་ཆེན་པོ་ཐོབ་སྟེ་དབུགས་དབྱུང་བར་ཤོག་ཅིག ཟབ་པ་སྟོང་པ་ཉིད་དང་རྒྱ་ཆེ་བ་ཕྱིན་དྲུག་གི་སྤྱོད་པའི་སྐོར་སོགས་ཆོས་ཀྱི་རྣམ་གྲངས་མཐའ་ཡས་པ་ཐོས་ནས་དེས་རང་རྒྱུད་མ་སྨིན་པ་སྨིན་པ་དང་། སྨིན་པ་གྲོལ་བར་ཤོག་ཅིག་ཅེས་པའོ། །ད་ལྟའི་ལུས་རྟེན་འདིའི་ཐོག་ནས་རང་རྒྱུད་གྱོང་པོ་མ་སྨིན་པ་འདི་སྨིན་ཐབས་དང་། ལོག་ལྟ་ཐེ་ཚོམ་སོགས་ཀྱིས་བསྒྲིབས་པ་ལས་སེམས་རྒྱུད་འདི་གྲོལ་ཐབས་གྱིས་དང་། དེ་དུས་ཆོས་ཐོས་པ་དང་རང་རྒྱུད་གྲོལ་བ་དུས་མཉམ་དུ་ཡོང་བའི་ཕན་ཐོགས་ཡོད་པ་ཡིན།

སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ།།

རྒྱལ་སྲས་ཐུ་བོ་རྣམ་གཉིས་ཀྱིས།།

བྱིན་གྱིས་བརླབས་ཤིང་རྗེས་བཟུང་ཤོག།

ཅེས་གསུངས་ཏེ། རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་དང་། མཐུ་སྟོབས་ནུས་པའི་མངའ་བདག་མཐུ་ཆེན་ཐོབ་བམ་ཕྱག་ན་རྡོ་རྗེ་སྟེ། རྒྱལ་བའི་སྲས་མཆོག་སྲས་ཀྱི་ནང་ནས་ཐུ་བོའམ་གཙོ་བོ་རྣམ་པ་གཉིས་ཀྱིས་ཀྱང་བདག་གི་རྒྱུད། གསང་གསུམ་མཁྱེན་བརྩེ་ནུས་པའི་བྱིན་གྱིས་བརླབས་ཤིང་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་བར་ཤོག་ཅིག

གཉིས་པ་བདེ་བ་ཅན་དུ་གནས་བཞིན་ཞིང་ཁམས་གཞན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོ་མཇལ་ནས་ཆོས་ཐོས་པར་སྨོན་པ།

ཞིང་ཁམས་བདེ་བ་ཅན་དུ་གནས་བཞིན་ཞིང་ཁམས་གཞན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོ་མཇལ་ནས་ཆོས་ཐོས་པར་སྨོན་ལམ་བཏབ་པ་ནི།

ཉིན་རེ་བཞིན་དུ་ཕྱོགས་བཅུ་ཡི།།

སངས་རྒྱས་བྱང་སེམས་དཔག་མེད་པ།།

འོད་དཔག་མེད་པར་མཆོད་པ་དང་།།

ཞིང་དེར་བལྟ་ཕྱིར་འབྱོན་པའི་ཚེ།།

དེ་དག་ཀུན་ལ་བསྙེན་བཀུར་ཞིང་།།

ཆོས་ཀྱི་བདུད་རྩི་ཐོབ་པར་ཤོག།

ཅེས་གསུངས་ཏེ། སྤྱིར་ན་སངས་རྒྱས་ཀྱི་ཞིང་ཁམས་བདེ་བ་ཅན་དེར་གཟའ་སྐར་ཉི་ཟླའི་འགྲོ་ལུགས་ཀྱི་ཆ་ནས་བཏགས་པའི་ཉིན་མཚན་གྱི་དབྱེ་བ་མེད་ནའང་། རང་རེ་མིའི་འགྲོ་བའི་སྣང་ཕྱོགས་དང་མཐུན་པར་བྱས་ཏེ་ཉིན་མཚན་ལོ་ཟླ་བསྐལ་བའི་ཚོད་ཀྱི་ཕྱོགས་ཙམ་མཚོན་ཐབས་ཀྱིས་གསུངས་པའི་ཉིན་རེ་བཞིན་དུ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་རྣམས་སངས་རྒྱས་འོད་དཔག་མེད་པ་མཆོད་པའི་ཆེད་དུ་དང་། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་དེར་ཞིང་ཁམས་སྦྱོང་ཞིང་བལྟ་བའི་ཕྱིར་དུ། མདོ་ལས། འདྲེན་པ་འོད་དཔག་མེད་ཀྱི་སངས་རྒྱས་ལ། །ཕྱག་བྱའི་ཕྱིར་ན་ཕྱོགས་བཅུའི་སངས་རྒྱས་ཞིང་། །མཐའ་ཡས་གང་གཱའི་ཀླུང་གི་བྱེ་སྙེད་ནས། །རྫོགས་པའི་བྱང་ཆུབ་སེམས་དཔའ་དེ་དག་ལྷགས། །ཞེས་གསུངས་པ་ལྟར་དུ་ཞིང་ཁམས་དེར་འབྱོན་པའི་ཚེ་ན། བདག་གིས་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་ཀུན་ལ་མཆོད་པའི་སྤྲིན་གྱིས་མཆོད་ནས་བསྙེན་པ་དང་བཀུར་སྟི་བྱས་ཤིང་། ཆོས་ཀྱི་སྒོ་བསམ་གྱིས་མི་ཁྱབ་པ་འཁོར་བའི་མྱ་ངན་དང་གདུང་བ་ཞི་བར་བྱེད་པའི་བདུད་རྩི་ལྟ་བུ་ཐོབ་པས་མ་ཚད། ཆོས་དེ་དག་ལ་ངོམས་པ་མེད་པར་ལོངས་སྤྱོད་པར་ཤོག་ཅིག དག་པའི་ཞིང་ཁམས་བདེ་བ་ཅན་དུ་ཚུར་ཕེབས་པའི་སངས་རྒྱས་འཁོར་དང་བཅས་པ་མཆོད་ཅིང་བསྙེན་བཀུར་བྱས་པས་མི་ཚད་པར།

གསུམ་པ་རང་ཉིད་དག་པའི་ཞིང་ཁམས་གཞན་དུ་སོང་ནས་ཆོས་ཐོས་པར་སྨོན་པ།

རྫུ་འཕྲུལ་ཐོགས་པ་མེད་པ་ཡིས།།

མངོན་དགའི་ཞིང་དང་དཔལ་ལྡན་ཞིང་།།

ལས་རབ་རྫོགས་དང་སྟུག་པོ་བཀོད།།

སྔ་དྲོ་དེ་དག་རྣམས་སུ་འགྲོ།།

མི་བསྐྱོད་རིན་འབྱུང་དོན་ཡོད་གྲུབ།།

རྣམ་སྣང་ལ་སོགས་སངས་རྒྱས་ལ།།

དབང་དང་བྱིན་རླབས་སྡོམ་པ་ཞུ།།

མཆོད་པ་དུ་མས་མཆོད་བྱས་ནས།།

དགོང་མོ་བདེ་བ་ཅན་ཉིད་དུ།།

དཀའ་ཚེགས་མེད་པར་སླེབ་པར་ཤོག།

ཅེས་གསུངས་ཏེ། ས་དང་པོ་རབ་ཏུ་དགའ་བ་ཐོབ་པའི་བྱང་ཆུབ་སེམས་དཔའ་ལ་བརྒྱ་ཕྲག་བཅུ་ཡི་རྫུ་འཕྲུལ་ལ་དབང་འབྱོར་ཞིང་ས་ལམ་གྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ་བ་ཡིན་པས། རྣམ་གྲོལ་དབུགས་ཆེན་འབྱིན་པའི་ཞིང་ཁམས་ལྔ་སྟེ། ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས། ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས། བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས། དབུས་ཕྱོགས་སྟུག་པོ་བཀོད་པའི་ཞིང་ཁམས་ཏེ། རིགས་ལྔའི་ཞིང་ཁམས་དེ་དག་ཏུ་འདྲ་སྔ་དྲོའི་དུས་ཀྱི་ཚེ་འགྲོ་ཞིང་། ཞིང་ཁམས་དེ་དག་ན་བཞུགས་པའི་སངས་རྒྱས་མི་བསྐྱོད་པའམ་རྡོ་རྗེ་སེམས་དཔའ། རིན་ཆེན་འབྱུང་ལྡན། དོན་ཡོད་གྲུབ་པ། རྣམ་པར་སྣང་མཛད་ལ་སོགས་པ་རིགས་ལྔའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མདུན་ནས་གསང་སྔགས་རྡོ་རྗེ་ཐེག་པའི་དབང་དང་བྱིན་རླབས་སྡོམ་པ་ལ་སོགས་བའི་མདོ་དང་སྔགས་ཀྱི་ཆོས་མང་པོ་ཞུས་ཏེ། གཏང་རག་མཎྜལ་གྱི་ཚུལ་དུ་མཆོད་སྤྲིན་རྒྱ་མཚོའི་མཆོད་པ་བླ་ན་མེད་པ་ཕུལ་བས་མཉེས་པར་བྱས་ཏེ་དགོང་མོའི་དུས་ཙམ་ན་རང་གནས་བདེ་བ་ཅན་དེ་ཉིད་དུ་ཡང་དཀའ་ཚེགས་དང་ངལ་དུབ་ཅི་ཡང་མེད་པར་སླེབ་པར་ཤོག་ཅིག་ཅེས་པའོ།།

པོ་ཊ་ལ་དང་ལྕང་ལོ་ཅན།།

རྔ་ཡབ་གླིང་དང་ཨོ་རྒྱན་ཡུལ།།

སྤྲུལ་སྐུའི་ཞིང་ཁམས་བྱེ་བ་བརྒྱ།།

སྤྱན་རས་གཟིགས་དང་སྒྲོལ་མ་དང་།།

ཕྱག་རྡོར་པད་འབྱུང་བྱེ་བ་བརྒྱ།།

མཇལ་ཞིང་མཆོད་པ་རྒྱ་མཚོས་མཆོད།།

དབང་དང་གདམས་ངག་ཟབ་མོ་ཞུ།།

མྱུར་དུ་རང་གནས་བདེ་ཆེན་ཞིང་།།

ཐོགས་པ་མེད་པར་ཕྱིན་པར་ཤོག།

ཅེས་གསུངས་པ་སྟེ། འོད་མདོ་ལས། རྫུ་འཕྲུལ་སྟོབས་ཀྱིས་ཞིང་མང་སོང་ནས་ནི། །སངས་རྒྱས་བྱེ་བ་མང་ལ་མཆོད་བྱས་ཏེ། །བདེ་བར་གཤེགས་ལ་མཆོད་པ་བྱས་ནས་ཀྱང་། །དྲོ་ཁར་བདེ་བ་ཅན་དུ་སླར་ཡང་འོང་། །ཞེས་གསུངས་པ་ལྟར། ལྷོ་ཕྱོགས་ཀྱི་རི་བོ་པོ་ཊ་ལ་དང་། བྱང་ཤར་གྱི་ལྕང་ལོ་ཅན་དང་། ལྷོ་ནུབ་རྔ་ཡབ་གླིང་གི་ཟངས་མདོག་དཔལ་གྱི་རི་བོ་དང་། ནུབ་ཕྱོགས་ཨོ་རྒྱན་མཁའ་འགྲོའི་ཡུལ་ལ་སོགས་པ་འགྲོ་འདུལ་སྤྲུལ་སྐུའི་ཞིང་ཁམས་བྱེ་བ་ཕྲག་བརྒྱ་ལ་བཞུགས་པའི་སྤྱན་རས་གཟིགས་དང་རྗེ་བཙུན་སྒྲོལ་མ། ཕྱག་ན་རྡོ་རྗེ་དང་སློབ་དཔོན་པདྨ་འབྱུང་གནས་ལ་སོགས་པ་སྤྲུལ་བའི་སྐུ་བྱེ་བ་ཕྲག་བརྒྱ་རྣམས་ཀྱི་ཞལ་མཇལ་ཞིང་ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད་ནས། དེ་དག་ལས་ཐུན་མོང་མཚན་ཉིད་ཐེག་པའི་ཆོས་དང་། ཐུན་མོང་མ་ཡིན་པའི་གསང་སྔགས་ཀྱི་དབང་དང་གདམས་ངག་ཟབ་མོ་ཞུས་ནས། དབང་ཆོས་གདམས་ངག་དེ་དག་ཞུས་ཚར་དུས་སླར་ཡང་ཡིད་ཀྱིས་དྲན་པ་ཙམ་གྱིས་མྱུར་བ་ཉིད་དུ་རང་ཉིད་ཀྱི་གནས་བདེ་བ་ཅན་གྱི་ཞིང་ཁམས་དེར། སངས་རྒྱས་ཀྱི་མཐུ་དང་རང་གི་རྫུ་འཕྲུལ་གྱི་ཤུགས་ལ་བརྟེན་ནས་ཐོགས་པ་མེད་པར་འགྲོ་བར་ཤོག་ཅིག་ཅེས་པ་སྟེ། ཞིང་ཁམས་གཞན་ཉུལ་ཆོས་ལས་ཐོབ་པ་ཡིས། །བྱེ་བ་ཕྲག་བརྒྱའི་ཏིང་འཛིན་སྒོ་འབྱེད་པ། །ཞེས་དག་པའི་ཞིང་ཁམས་གཞན་ཉུལ་ནས་ཆོས་ཞུས་ཏེ་འབྲས་བུ་ཐོབ་པའི་སྨོན་ལམ་གྱི་དོན་ཏོ།།

བཞི་བ་མ་དག་པའི་ཞིང་གི་གདུལ་བྱ་འདུལ་ནུས་པ་ལ་སྨོན་པ།

ཤུལ་གྱི་ཉེ་དུ་གྲྭ་སློབ་སོགས།།

ལྷ་ཡི་མིག་གིས་གསལ་བར་མཐོང་།།

སྲུང་སྐྱོབ་བྱིན་གྱིས་རློབ་བྱེད་ཅིང་།།

འཆི་དུས་ཞིང་དེར་ཁྲིད་པར་ཤོག།

ཅེས་གསུངས་ཏེ། ཞིང་ཁམས་བདེ་བ་ཅན་དུ་སྐྱེས་པ་དེའི་ཚེ། ད་ལྟ་འཇིག་རྟེན་འདི་ནས་དམ་ཚིག་གི་སེལ་དང་ཉམས་ཆག་མ་སོང་བ་ཤུལ་ན་ཡོད་པའི་ཉེ་དུ་ལ་སོགས་པ་གཉེན་རིགས་རུས་ཀྱིས་འབྲེལ་བ་དང་། གྲྭ་བ་དང་སློབ་མ་ལ་སོགས་པ་ཆོས་དང་དམ་ཚིག་གིས་འབྲེལ་བ་ཅན་ལ་སོགས་ལྷའི་མིག་རྣམ་པར་དག་པས་གསལ་བར་མཐོང་ནས། དེ་རྣམས་མི་མཐུན་པའི་ཉེས་པའི་ཚོགས་གེགས་དང་བར་ཆད་ཐམས་ཅད་ལས་བསྐྱབས་ཤིང་། ལུས་ངག་ཡིད་གསུམ་དགེ་བའི་ལས་ལ་འགོད་ཅིང་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས་དེ་ཐམས་ཅད་ཀྱི་རྒྱུད་བྱིན་གྱིས་བརླབས་པར་བྱས་ནས་དེ་དག་འཆི་བའི་དུས་ཀྱི་ཚེ་ན། འཆི་ཁ་གནད་གཅོད་ཀྱི་སྡུག་བསྔལ་བར་དོའི་འཁྲུལ་སྣང་གི་འཇིགས་སྐྲག་ཅི་ཡང་མེད་པར་ཞིང་ཁམས་བདེ་བ་ཅན་དེར་ལམ་སྣ་འདྲེན་ཅིང་འཁྲིད་ནུས་པར་ཤོག་ཅིག་ཅེས་དེས་མཚོན་པའི་མ་དག་པའི་ཞིང་གི་འགྲོ་བ་ཀུན་ལ་ཕན་པར་སྨོན་པའོ།།

བསྐལ་བཟང་འདི་ཡི་བསྐལ་བའི་ཡུན།།

བདེ་བ་ཅན་གྱི་ཞག་གཅིག་སྟེ།།

བསྐལ་བ་གྲངས་མེད་འཆི་བ་མེད།།

རྟག་ཏུ་ཞིང་དེར་འཛིན་པར་ཤོག།

ཅེས་གསུངས་ཏེ། བསྐལ་བ་བཟང་པོ་འདི་ཡི་བསྐལ་བ་ཆེན་པོ་གཅིག་གི་ཡུན་ཚད་དེ་བདེ་བ་ཅན་གྱི་ཞིང་ཁམས་ཀྱི་ཞག་གཅིག་ལ་བརྩིས་པའི། བསྐལ་བ་གྲངས་མེད་དཔག་ཏུ་མེད་པ་ལ་འཆི་བའི་མིང་དང་སྒྲ་ཙམ་ཡང་མེད་པར་དུས་རྟག་ཏུ་ཞིང་ཁམས་བདེ་བ་ཅན་དེ་ན་སྐྱེ་བ་བཟང་པོ་འཛིན་ཅིང་དེར་གནས་ཐུབ་པར་ཤོག་ཅིག སྨོན་ལམ་གྱི་དབང་གིས་ཞིང་གཞན་དང་གཞན་དོན་དུ་སྐྱེ་བ་དང་འཆི་འཕོ་བའི་ཚུལ་སྟོན་པ་ནི་མ་གཏོགས་སོ།།

བྱམས་པ་ནས་བཟུང་མོས་པའི་བར།།

བསྐལ་བཟང་འདི་ཡི་སངས་རྒྱས་རྣམས།།

འཇིག་རྟེན་འདི་ན་ནམ་འབྱོན་ཚེ།།

རྫུ་འཕྲུལ་སྟོབས་ཀྱིས་འདིར་འོངས་ནས།།

སངས་རྒྱས་མཆོད་ཅིང་དམ་ཆོས་ཉན།།

སླར་ཡང་བདེ་ཆེན་ཞིང་ཁམས་སུ།།

ཐོགས་པ་མེད་པར་འགྲོ་བར་ཤོག།

ཅེས་གསུངས་ཏེ། རང་ཅག་གི་ད་ལྟའི་དུས་ཀྱི་བསྐལ་བ་འདིའི་མིང་ལ་བཟང་པོ་ཟེར་བ་ཡིན་ཞིང་། བསྐལ་བ་བཟང་པོ་ཞེས་བྱ་བ་དེར་སངས་རྒྱས་སྟོང་རྩ་བྱོན་པ་ལས་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་ནི་རྣམ་འདྲེན་བཞི་བ་ད་ལྟའི་སངས་རྒྱས་ཡིན་ལ། མ་འོངས་པར་འབྱོན་འགྱུར་གྱི་སངས་རྒྱས་བྱམས་པ་མགོན་པོ་ནས་བཟུང་སྟེ། མཐར་སངས་རྒྱས་མོས་པའི་བར་གྱི་བསྐལ་བ་བཟང་པོ་འདི་ཡི་འདྲེན་མཆོག་སངས་རྒྱས་སྟོང་རྩ་ལ་སོགས་པ་རྣམས་མི་མཇེད་འཇིག་རྟེན་གྱི་ཁམས་འདི་ན་ནམ་འབྱོན་པའི་ཚེ་ན། རང་ཉིད་ལ་རྫུ་འཕྲུལ་ཐོགས་པ་མེད་པ་མངའ་བའི་སྟོབས་ཀྱིས། ཞིང་ཁམས་འདིར་ཡོང་ནས་སངས་རྒྱས་དེ་དག་ལ་མཆོད་པ་རྒྱ་ཆེར་རབ་འབྱམས་ཞིང་གི་རྣམ་འཕྲུལ་གྱིས་མཆོད་ཅིང་། སངས་རྒྱས་དེ་དག་གིས་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་རྣམས་ཉན་ཏེ། ཆོས་འཁོར་བསྐོར་བ་རྣམས་ཉན་པའི་རྗེས་ཐོག་དེ་ནས་སླར་ཡང་ནུབ་ཕྱོགས་བདེ་བ་ཆེན་པོའི་ཞིང་ཁམས་ལ་རྫུ་འཕྲུལ་གྱི་སྟོབས་ཀྱིས་ཐོགས་པ་མེད་པར་འགྲོ་ནུས་པར་ཤོག་ཅིག དེ་ལྟ་བུ་སྨོན་ལམ་འདི་དག་ཐམས་ཅད་རྒྱུ་ཚོགས་བསགས་སྔོན་སོང་ལ་བརྟེན་ནས་འགྲུབ་པ་ཞིག་ཡིན་པ་དེས་ན་ད་ལྟ་ནས་ཕྱོགས་གཅིག་ནས་ཚོགས་བསགས། ཕྱོགས་གཅིག་ནས་སྨོན་ལམ་འདེབས་དགོས་པ་ཡིན། ཚོགས་བསགས་ཅུང་ཙམ་ཡང་མེད་པར་རང་གར་སྨོན་ལམ་བཏབ་པ་ཙམ་གྱིས་སྨོན་ལམ་འགྲུབ་པ་མ་ཡིན་ཏེ། ཁྱོད་ཚེ་རིང་ཞེས་སྨོན་ལམ་བཟང་པོ་བཏབ་ན་ཚེ་རིང་བྱེད་དང་། ཁྱོད་འཆི་འགྲོ་བར་ཤོག་ཅེས་སྨོན་ལམ་ངན་པ་བཏབ་ན་ཤི་འགྲོ་ཐབས་ཐོན་དཀའ་བས། ཚོགས་བསགས་སྒྲིབ་སྦྱོང་གི་ནུས་པ་ཞིག་སྔོན་སོང་མེད་ཚེ་གང་ཡིན་རུང་འགྲུབ་དཀའ་བ་ཡིན། ང་ཚོས་བླ་མ་ཞིག་ལ་ཁྱེད་མ་འཆུགས་ཟེར་ནས་རེ་ཞིག་འཆའ། བླ་མས་འོད་དཔག་མེད་ལ་རེ་ལྟོས་བཅོལ་སྟེ་བདེ་བ་ཅན་ལ་དྲངས་ཨེ་ཐུབ་བལྟ་བ་ལས། འུར་རྡོའི་མཐིལ་དུ་རྡོ་བཞག་ནས་འཕེན་བཞག་པ་ལྟ་བུ་ཞིག་གང་ན་ཡོད། གུ་རུ་རིན་པོ་ཆེས། བེམ་རིག་མ་བྲལ་ཆོས་ལ་ནན་ཏན་གྱིས། །མཚན་བྱང་མགོ་ལ་དབང་སྐུར་བྱེད་ཙ་འཕྱིས། །རྣམ་ཤེས་བར་དོར་ཁྱི་གླེན་བཞིན་དུ་འཁྱམས། །མཐོ་རིས་འདྲེན་དུས་དེ་ལ་དཀའ་ལས་ཡོད། །ཅེས་གསུངས་པ་ལས། ལས་སླ་མོ་ཞིག་ཡིན་པར་གསུངས་མེད། སྨོན་ལམ་ཨེ་འགྲུབ་མི་འགྲུབ་དེ་སྨོན་ལམ་འགྲུབ་པའི་རྒྱུ་ལ་རག་ལས་ཡོད་པ་ཡིན། འོ་ན་རྒྱུ་གང་ཡིན་ཟེར་ན། བསོད་ནམས་ཀྱི་ཚོགས་བསགས་པ་དེ་ཡིན། ཚོགས་བསགས་ཤིག་ཡོད་ན་དེའི་འབྲས་བུ་སྨོན་ལམ་མ་བཏབ་ན་ལོས་ཡོད་བསམ་རྒྱུ་ཡང་མེད་པས། རང་གིས་ཚོགས་བསགས་དང་སྨོན་ལམ། འོད་དཔག་མེད་ཀྱིས་ཐུགས་བསྐྱེད་ནུས་པ་ཐམས་ཅད་མཐུ་བསྡོང་དཔུང་བསྡོང་ཞིག་མ་བྱས་པར། བདེ་བ་ཅན་དུ་སྐྱེ་བའི་རྒྱུ་དེའི་འབྲས་བུ་འགྲུབ་དཀའ་མོ་ཡིན། བསོད་ནམས་ཕྲན་བུ་ཞིག་ཡོད་ཀྱང་སྨོན་ལམ་འདེབས་ལུགས་མ་ཤེས་ན་ལྡོག་ཕྱོགས་ཀྱི་འབྲས་བུ་འབྱུང་བའི་དཔེ་ཡང་། གནའ་སྔོན་མ་ཞིག་ལ་རྒྱ་གར་ཡུལ་དུ་གཞོན་ནུ་སྟོང་ཐུབ་ཟེར་བའི་མི་དཔའ་བོ་ཞིག་ཡོད་པ་དེ། མཐར་དམག་མང་པོ་ཞིག་གིས་རུབ་བརྒྱབ་ནས་བསད་སོང་བའི་སྐབས་སུ་ཁོས་ཞེ་སྡང་གིས་མཚམས་སྦྱོར་བྱས་ཏེ་སྨོན་ལམ་ལོག་འདེབས་ངན་པ་ཞིག་བྱས་པ་ཡིན། དེས་སྔར་ཤཱ་རིའི་བུ་ལ་བསོད་སྙོམས་ཤིག་འབུལ་མྱོང་བའི་དགེ་བའི་སྟོབས་དེས་སྨོན་ལམ་ལོག་འདེབས་བྱས་པ་དེ་ལོག་པར་གྲུབ་ནས། གནོད་སྦྱིན་འབྲོག་གནས་ནག་པོ་ཟེར་བ་ཞིག་ཏུ་གྱུར་སོང་བ་ལྟ་བུ་དང་། ཡང་མཁན་སློབ་ཆོས་གསུམ་གྱི་སྐྱེས་རབས་སྔོན་མར་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གསར་དུ་བཞེངས་བའི་དུས་སུ་བུ་སྤུན་གསུམ་གྱིས་རྟེན་འབྲེལ་བརྟགས་ནས་སྨོན་ལམ་བཟང་པོ་བཏབ་དུས་དེར། ས་རྡོ་འགེལ་སའི་གླང་རྒན་ཞིག་ཡོད་པ་དེས་སྨོན་ལམ་ལོག་འདེབས་བྱས་ནས། ཁྱེད་གསུམ་པོ་གཅིག་གིས་རྟེན་གཞི་གཙུག་ལག་ཁང་བཞེངས་པ་དང་། གཅིག་གིས་བསྟན་པ་རབ་བྱུང་གི་སྡེ་བཙུགས། གཅིག་གིས་བསྟན་དགྲ་ཚར་བཅད་ནས་བསྟན་པ་སྲུང་བའི་སྨོན་ལམ་འདེབས་བཞིན་ཡོད་འདུག ང་ནི་ཁྱེད་གསུམ་གྱིས་ཡར་བརྩིགས་རྒྱུ་བོ་མར་བཤིག་ཐུབ་པར་ཤོག་ཅེས་སྨོན་ལམ་བཏབ་པས། ཕྱིས་རྒྱལ་བོ་གླང་དར་མ་འུ་དུམ་བཙན་པོར་སྐྱེས་པ་ཡིན། ཁོས་མཆོད་རྟེན་རྩིག་བྱེད་ཀྱི་ས་རྡོ་ཁུར་བའི་བསོད་ནམས་ཡོད་པའི་སྟོབས་ཀྱིས་སྨོན་ལམ་དེ་འགྲུབ་ནས། མི་ལོ་བདུན་ཅུའི་བར་དུ་བོད་གངས་ཅན་གྱི་ལྗོངས་ནས་བསྟན་པ་བསྣུབས་པ་ཡིན། ད་ལྟའི་སྐབས་སུ་ཡང་སངས་རྒྱས་བྱང་སེམས་དང་གུ་རུའི་སྤྲུལ་བ་བར་མ་ཆད་པར་བྱོན་ཞིང་འགྲོ་དོན་མཛད་དུས་དེར་དེ་ལ་ལོག་སྒྲུབ་བྱེད་མཁན་གྱི་ལྷ་ཁ་དཀར་གྱི་རྩིབ་ན། འདྲེ་ངོ་ནག་ཅིག་ཞེས་པའི་དཔེ་ལྟར་ཡོད་པ་འདི་ཡང་། ངོ་མ་བཤད་ན་བཟང་པོ་ཡིན་པའི་རྟགས་མཚན་ཡིན་ཏེ། གུ་རུ་རིན་པོ་ཆེ་གསོན་བསྲེགས་བྱས་པ་དང་། བཻ་རོ་ཙ་ནས་འོ་བརྒྱལ་མང་པོ་མྱོང་བ་དེ་ཚོར་བལྟས་ན་ཤེས་ཐུབ་པ་ཡིན། གནའ་ཞིག་ལ་བན་རྒན་ཉམ་ཆུང་ཞིག་ཡོད་པ་ལ། བན་རྒན་ཉམ་ཆུང་བས། ཟུར་གྱི་མི་དོན་མེད་ཚོས་དོན་མེད་ས་ནས་བརྙས་བཅོས་ཤ་སྟག་བྱས་པས། བན་རྒན་གྱིས་མགོན་པོ་ཚོགས་བདག་གི་བསྙེན་པ་དུང་ཕྱུར་ཞིག་བཏོན་ནས་ཁོ་ཚེ་འདི་ནས་ཚང་མས་བརྙས་བཅོས་བྱེད་བཞིན་འདུག་སྟེ། སྐྱེ་བ་ཕྱི་མར་ཐམས་ཅད་ཕར་ལ་དབང་དུ་བསྡུ་ཐུབ་པའི་དབང་ཐང་ཅན་ཞིག་གི་སྐྱེ་བ་ལེན་པར་ཤོག་ཅེས་སྨོན་ལམ་ལོག་འདེབས་བྱས་པའི་སྟོབས་ཀྱིས་ཉག་སྐེད་མགོན་པོ་རྣམ་རྒྱལ་གྱི་སྐྱེ་བ་བླངས་སོང་བ་ལྟ་བུ་ཡིན་པས། སྤྱིར་ན་སྨོན་ལམ་དང་། ཁྱད་པར་དུ་འཆི་ཁའི་མཚམས་སྦྱོར་དེ་འགྲུབ་སླ་མོ་ཡིན་པས་དགེ་བ་སྣ་རེ་བསྒྲུབས་ཀྱང་སྨོན་ལམ་བཟང་པོ་རེ་བཏབ་ནས་དགེ་བ་སེམས་ཅན་ལ་བསྔོ་དགོས། ཁྱད་པར་དུ་བདེ་སྨོན་འདི་ནི་རྒྱུའི་ཐད་ནས་སྒྲུབ་སླ་ཞིང་འབྲས་བུའི་ཐད་ནས་འགྲུབ་སླ་བའི་ཉེ་ལམ་རྨད་དུ་བྱུང་བ་ཞིག་ཡིན་པས། དེ་བསྒྲུབས་ན་མི་སུ་ཡིན་ཡང་བདེ་བ་ཅན་དུ་སྐྱེ་བ་ལ་དཀའ་ལས་མེད་ཅིང་། བདེ་ཅན་དུ་སྐྱེས་ནས་ཇི་ལྟར་སྡུག་ཀྱང་ལས་ཀྱི་དབང་གིས་ངན་སོང་དུ་སྐྱེ་མི་དགོས་ཤིང་། སངས་རྒྱས་ཀྱི་སྨོན་ལམ་མཐུ་བཙན་པས་མཐར་ཐུག་སངས་རྒྱས་ཐོབ་པ་ལས་གཞན་དུ་ལྡོག་འགྲོ་ས་ཞིག་ཡོད་པ་མ་ཡིན་ནོ།།

བཞི་བ་ཞིང་ཁམས་ཀྱི་བཀོད་པ་ཡིད་ལ་བྱས་ཏེ་སྨོན་པ།

ད་ནི་ཞིང་ཁམས་ཀྱི་བཀོད་པ་ཡིད་ལ་བྱས་ཏེ་སྨོན་པ་ལ། ཞིང་ཁམས་ཀྱི་བཀོད་པ་སྤྱིར་ཡིད་ལ་བྱེད་པའི་སྒོ་ནས་སྨོན་པ་དང་། བྱེ་བྲག་གི་ཡོན་ཏན་ཡིད་ལ་བྱེད་པའི་སྒོ་ནས་སྨོན་པ་གཉིས་ལས།

དང་པོ་ཞིང་ཁམས་ཀྱི་བཀོད་པ་སྤྱིར་ཡིད་ལ་བྱེད་པའི་སྒོ་ནས་སྨོན་པ།

སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག།

བརྒྱད་ཅུ་རྩ་གཅིག་སངས་རྒྱས་ཞིང་ཀུན་གྱི།།

ཡོན་ཏན་བཀོད་པ་ཐམས་ཅད་གཅིག་བསྡོམས་པ།།

ཞིང་ཁམས་ཀུན་ལས་ཁྱད་འཕགས་བླ་ན་མེད།།

བདེ་བ་ཅན་གྱི་ཞིང་དེར་སྐྱེ་བར་ཤོག།

ཅེས་གསུངས་ཏེ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་གཅིག་གི་སངས་རྒྱས་ཀྱི་ཞིང་ཁམས་ཀུན་གྱི་ཡོན་ཏན་བཀོད་པ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡོམས་པ་ལྟ་བུའི་ཞིང་ཁམས་གཞན་དག་ཀུན་ལས་ཀྱང་ཁྱད་དུ་འཕགས་ཤིང་། ཕུན་སུམ་ཚོགས་པ་བླ་ན་མེད་པ་ཞིག་གཟུང་བའི་ཐུགས་བསྐྱེད་ནས་སྨོན་ལམ་བཏབ་པས་མ་ཚད། བསྐལ་བ་དེ་བས་མང་ཞིག་ལ་སངས་རྒྱས་གཞན་ལས་ལྷག་པའི་ཚོགས་བསགས་ནས། ཞིང་ཁམས་ཡོངས་སུ་སྦྱོང་བར་ད་ལྟ་མངོན་དུ་མཛད་པའི་བདེ་བ་ཅན་དེར་བདག་ཅག་དད་པས་མོས་པའི་དགེ་རྩ་ཅན་ཡང་ཞིང་ཁམས་དེར་སྐྱེ་བར་ཤོག་ཅིག་ཅེས་པའོ། །ཞིང་ཁམས་ཀྱི་བཀོད་པའི་ཡོན་ཏན་དང་འབྱོར་བ་བྱེ་བྲག་རྣམས་འདི་ནས་རིམ་བཞིན་གསུངས་པ་སྟེ། སྤྱིར་ན་ཞིང་ཁམས་དེའི་ཡོན་ཏན་གྱི་ཁྱད་པར་ཕྲན་བུ་ཙམ་ཡང་ཞིབ་པར་བརྗོད་དགོས་ན། སངས་རྒྱས་ཀྱི་ལྗགས་ཀྱིས་དུས་བསྐལ་བའི་བར་དུ་བརྗོད་ནའང་ཟད་མི་ཤེས་པ་ཡིན་ཡང་། འདིར་སྤྲོ་བ་བསྐྱེད་པ་དང་ནི་ཚོགས་གསོག་པའི་རྟེན་ཅུང་ཟད་བཤད་པ་ལས།

གཉིས་པ་བྱེ་བྲག་གི་ཡོན་ཏན་ཡིད་ལ་བྱེད་པའི་སྒོ་ནས་སྨོན་པ།

དེ་ལ་ས་གཞིའི་ཡོན་ཏན་ཡིད་ལ་བྱེད་པའི་སྒོ་ནས་སྨོན་པ། ཞིང་ཁམས་དེའི་ཤིང་གི་ཡོན་ཏན་ཡིད་ལ་བྱེད་པའི་སྒོ་ནས་སྨོན་པ། ཆུ་དང་པདྨའི་ཡོན་ཏན་ཡིད་ལ་བྱེད་པའི་སྒོ་ནས་སྨོན་པ། བཅུད་ཀྱི་ཡོན་ཏན་ཡིད་ལ་བྱེད་པའི་སྒོ་ནས་སྨོན་པ། ཞིང་གི་གཙོ་བོ་མགོན་པོ་འོད་དཔག་མེད་ཀྱི་ཡོན་ཏན་ཡིད་ལ་བྱས་ཏེ་ཞབས་འབྲིང་དང་བསྟན་པ་འཛིན་པ་སོགས་ལ་སྨོན་པ་དང་ལྔ་ལས།

དང་པོ་ས་གཞིའི་ཡོན་ཏན་ཡིད་ལ་བྱེད་པའི་སྒོ་ནས་སྨོན་པ།

རིན་ཆེན་ས་གཞི་ཁོད་སྙོམས་ལག་མཐིལ་ལྟར།།

ཡངས་ཤིང་རྒྱ་ཆེ་གསལ་ཞིང་འོད་ཟེར་འབར།།

མནན་ན་ནེམ་ཞིང་བཏེགས་ན་སྤར་བྱེད་པ།།

བདེ་འཇམ་ཡངས་པའི་ཞིང་དེར་སྐྱེ་བར་ཤོག།

ཅེས་གསུངས་ཏེ། བདེ་བ་ཅན་གྱི་ས་གཞི་ཚང་མ་ནི་འཇིག་རྟེན་འདི་ན་མི་སྤྱོད་པའི་རིན་པོ་ཆེའི་རིགས་མི་འདྲ་བ་སྣ་ཚོགས་ལས་གྲུབ་ཅིང་། ཁོད་སྙོམས་ཤིང་ཚེར་མ་དང་ངམ་གྲོག་དང་རྒུད་པ་ལ་སོགས་མེད་པར་ལག་མཐིལ་ལྟར་དུ་མཉམ་པ་དང་། གསེར་གྱི་དྲ་བ་ཤ་སྟག་གིས་ཁེབས་པ། གང་ན་བལྟས་ཀྱང་མཐའ་དང་དབུས་སུ་མེད་ཅིང་ཐ་གྲུ་རྒྱ་ཆེ་ཞིང་ཁྱོན་ཡངས་པ། བཀྲ་ཞིང་ཤིན་ཏུ་མཛེས་པའི་འོད་ཟེར་གྱི་རི་མོ་ཅན། ཕྱི་གསལ་ནང་གསལ་གྱི་རྣམ་པ་ལྟ་བུའི་གསལ་ཞིང་འོད་ཟེར་སྣ་ལྔའི་ཁ་དོག་དེ་ཕྱོགས་བཅུ་ལ་ལམ་ལམ་དུ་འཕྲོ་བཞིན་ཡོད་པ་མེ་ལོང་དག་པ་རྡུལ་གྱིས་མ་གོས་པའི་ནང་ལ་བལྟས་པ་བཞིན་དུ་སངས་རྒྱས་ཀྱི་ཞིང་ཁམས་ཚད་མེད་པའི་རྒྱན་གྱི་གཟུགས་བརྙན་སྣང་བ། ས་གཞི་དེ་མ་དག་ས་རྡོ་ལྟ་བུའི་སྲ་ཞིང་འཐས་པའི་རྣམ་པ་ཅན་མ་ཡིན་པར་རྐང་པས་མར་མནན་ན་སོར་བཞིའི་ཚད་དུ་ནེམ་ཞིང་ཡར་ལ་བཀྱགས་ན་སོར་བཞིའི་ཚད་དུ་ཡར་འཕར་བ་ཅན་ཡིན་པ། ས་གཞི་དེ་རྐང་བས་རེག་པ་ཙམ་གྱིས་ལུས་སེམས་ལ་བདེ་བ་ཚད་མེད་པ་སྐྱེད་པར་བྱེད་ཅིང་། དར་གོས་ཆེན་གྱི་འབོལ་གདན་ལྟར་དུ་རེག་བྱ་འཇམ་པ། ས་གཞི་ཐམས་ཅད་བཙིར་ཅིང་གུ་དོག་པོ་མ་ཡིན་པར་ཁོད་སྙོམས་ཤིང་ཐ་གྲུ་ཡངས་པ་སྟེ། དེ་ལྟ་བུའི་ཞིང་ཁམས་དེ་སྐྱེ་བར་ཤོག་ཅིག་ཅེས་ས་གཞིའི་ཡོན་ཏན་རགས་རིམ་ཙམ་ཞིག་བརྗོད་པའོ། །

གཉིས་པ་ཞིང་ཁམས་དེའི་ཤིང་གི་ཡོན་ཏན་ཡིད་ལ་བྱེད་པའི་སྒོ་ནས་སྨོན་པ།

རིན་ཆེན་དུ་མ་ལས་གྲུབ་དཔག་བསམ་ཤིང་།།

ལོ་མ་དར་ཟབ་འབྲས་བུ་རིན་ཆེན་བརྒྱན།།

དེ་སྟེང་སྤྲུལ་བའི་བྱ་ཚོགས་སྐད་སྙན་སྒྲས།།

ཟབ་དང་རྒྱ་ཆེའི་ཆོས་ཀྱི་སྒྲ་རྣམས་སྒྲོགས།།

ངོ་མཚར་ཆེན་པོའི་ཞིང་དེར་སྐྱེ་བར་ཤོག།

ཅེས་གསུངས་ཏེ། ཤིང་ལྗོན་པ་རེ་རེ་ཡང་རིན་པོ་ཆེ་དུ་མ་ལས་གྲུབ་པ་དཔེར་ན་རྩ་བ་གསེར་ཡིན་པ་དང་། སྡོང་པོ་དངུལ། ཡལ་ག་བེེཌཱུརྱ་ཡིན་པ། ལོ་མ་ཤེལ་དང་། འདབ་མ་སྤུག མེ་ཏོག་ནི་མུ་ཏིག་དཀར་དམར་སྣ་ཚོགས་པ་ཡིན་པ། འབྲས་བུ་ནི་རྡོ་རྗེའི་སྙིང་བོ་ལས་བྱས་པའི་ཕ་ལམ་ལས་གྲུབ་པ་སྟེ་དེ་ལྟ་བུའི་རིན་པོ་ཆེ་སྣ་བདུན་ལས་གྲུབ་པ་དང་། ཡང་ལྗོན་ཤིང་འགའ་རེ་ནི་རིན་པོ་ཆེ་སྣ་རེ་རེ་ལས་གྲུབ་ཅིང་། ཤིང་དེ་དག་ཐམས་ཅད་ཀྱང་འཇམ་ཞིང་རེག་ན་བདེ་ལ་ལྷན་སྐྱེས་ཀྱི་དྲི་ངད་ཞིམ་པོ་འཐུལ་བ་ཅན། འོད་དཔག་མེད་ཀྱི་དཔག་ཏུ་མེད་པའི་བསོད་ནམས་དང་རང་ཉིད་ཀྱིས་བསོད་ནམས་བསགས་པའི་དབང་གིས་འབྲས་བུ་ལས་དཔག་བསམ་གྱི་ཤིང་འདོད་དགུ་ཐམས་ཅད་བསམ་པ་ལྟར་འབྱུང་བའི་ནོར་བུ་སྟེ། ཞིང་དེའི་མཐའ་བསྐོར་ཐམས་ཅད་ན་ཤིང་ཏཱ་ལའི་ལྗོན་ཤིང་གི་ཕྲེང་བས་བསྐོར་ཅིང་། ཤིང་དེ་ཚོའི་ཡལ་ག་དང་ལོ་མ་རླུང་གིས་སྐྱོད་དུས་དྲི་ཞིམ་པོ་བྲོ་བ། སྒྲ་སྙན་པོ་ཉན་ན་ཉན་པས་ཆོག་མི་ཤེས་པའི་སྒྲ་སྙན་སྒྲོགས་པ། ཤིང་དེ་ཚོ་རེ་རེ་བཞིན་དུ་ཁ་དོག་འདྲ་མིན་སྣ་ཚོགས་ཀྱིས་སོ་སོར་མ་འདྲེས་པར་ཕྱེས་ཡོད་ཅིང་། དེའི་ཁ་དོག་སྣ་ཚོགས་པས་ས་གཞི་རྣམ་པར་བཀྲ་བ་མཛེས་ཤིང་ཡིད་དུ་འོང་བ། ལོ་མ་ཐམས་ཅད་རིན་པོ་ཆེས་རྒྱན་སྣ་ཚོགས་པ་དང་དར་ཟབ་ཀྱིས་བརྒྱན་པ། འབྲས་བུ་དང་མེ་ཏོག་སྣ་ཚོགས་པ་དེ་ཚོ་རིན་པོ་ཆེའི་དྲྭ་བ་དང་དྲྭ་བ་ཕྱེད་པ་དང་། དྲིལ་བུ་དང་གཡེར་ཁ་དང་རྔ་ཡབ་དང་ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་ནས་ཡོད་པ། དེ་ལྟ་བུ་ཤིང་ལྗོན་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་ཡོད་པའི་སྟེང་ན། ངན་འགྲོའི་སེམས་ཅན་དུད་འགྲོ་མ་ཡིན་པ་སྤྲུལ་བའི་བྱ་རིགས་སྣ་ཚོགས་པ་ཀ་ལ་པིང་ཀ་དང་ཁུ་བྱུག་དང་ནེ་ཙོ་ལ་སོགས་པ་སྤུ་སྡུག་འཇའ་ཚོན་གྱི་རི་མོ་བཀྲ་བ་ཅན་དུང་གི་མདོག་ལྟར་དཀར་བ། གཡུའི་མདོག་ལྟར་སྔོ་བ། བྱུ་རུའི་མདོག་ལྟར་དམར་བ། ཨིནྡྲ་ནི་ལའི་མདོག་ལྟར་ལྗང་བ་ལ་སོགས་པ་གཟུགས་དབྱིབས་ཀྱང་ཐ་དད་པ་མི་འདྲ་བ་སྣ་ཚོགས་པ་མཐོང་བ་ཙམ་གྱིས་ཡིད་འཕྲོག་པར་བྱེད་ནུས་པ་སྟེ། དེ་ལྟ་བུའི་བྱ་དང་བྱེའུ་རིགས་སྣ་ཚོགས་དེ་དག་གིས་ཀྱང་སྐད་སྙན་པའི་སྒྲ་ལས་ཟབ་དང་རྒྱ་ཆེའི་ཆོས་ཀྱི་སྒྲ་དང་། དཀོན་མཆོག་གསུམ་གྱི་ཡོན་ཏན་དང་། འོད་དཔག་མེད་ཀྱི་མཚན་དང་དེའི་ཆེ་བ་བརྗོད་པའི་སྒྲ་དང་། མི་རྟག་ཞི་དང་བདག་མེད་ལ་སོགས་པ་སྟོན་པའི་ཆོས་ཀྱི་སྒྲ་རང་ཤུགས་ཀྱིས་འབྱུང་ཞིང་། མདོ་དང་སྔགས་ཀྱི་ཆོས་ཚུལ་སྟོན་པའི་སྒྲ་རྣམ་པ་སྣ་ཚོགས་སྒྲོགས་པ་དང་། ཞིང་དེར་སྐྱེས་པ་ཐམས་ཅད་ཀྱི་སེམས་ཀྱི་འཁྲུལ་རྟོག་སྐད་ཅིག་ལ་ཞི་ནས་བདེ་དང་སྟོང་པའི་ཡེ་ཤེས་ཚད་མེད་པ་རྒྱུད་ལ་སྐྱེ་བ་སོགས་ངོ་མཚར་ཆེན་པོའི་ཞིང་ཁམས་བདེ་བ་ཅན་དེར་སྐྱེ་བར་ཤོག་ཅིག

གསུམ་པ་ཆུ་དང་པདྨའི་ཡོན་ཏན་ཡིད་ལ་བྱེད་པའི་སྒོ་ནས་སྨོན་པ།

སྤོས་ཆུའི་ཆུ་ཀླུང་ཡན་ལག་བརྒྱད་ལྡན་མང་།།

དེ་བཞིན་བདུད་རྩིའི་ཁྲུས་ཀྱི་རྫིང་བུ་རྣམས།།

རིན་ཆེན་སྣ་བདུན་ཐེམ་སྐས་ཕ་གུས་བསྐོར།།

མེ་ཏོག་པདྨའི་དྲི་ཞིམ་འབྲས་བུ་ལྡན།།

པདྨའི་འོད་ཟེར་དཔག་ཏུ་མེད་པ་འཕྲོ།།

འོད་ཟེར་རྩེ་ལ་སྤྲུལ་བའི་སངས་རྒྱས་བརྒྱན།།

ཡ་མཚན་ཆེན་པོའི་ཞིང་དེར་སྐྱེ་བར་ཤོག།

ཅེས་གསུངས་ཏེ། བདེ་བ་ཅན་གྱི་ཞིང་ཁམས་ཀྱི་ཆུ་རྣམས་ནི་སྤོས་དྲི་ཞིམ་པོ་ཅན་གྱི་དྲི་དང་ལྡན་པའི་ཆུ་ཀླུང་སྟེ། དཔེར་ན་ལྷའི་སྤོས་ཤིང་སྟེ་ཏ་མ་ལ་དང་། ཨ་ག་རུ་དང་། རྒྱ་སྤོས་དང་། ཙནྡན་སྦྲུལ་སྙིང་ལ་སོགས་པ་དྲི་དང་ངད་ལྡན་པའི་ཤིང་དེ་དག་གི་རྩ་བ་ཆུ་ཡིས་ཟོས་པས་ན། ཆུ་ཀླུང་དུ་ཡང་སྤོས་ཀྱི་དྲི་ཞིམ་པོ་བྲོ་བ་དང་། ཆུ་ཀླུང་ཡན་ལག་བརྒྱད་ལྡན་གསེར་གྱི་བྱེ་མ་བརྡལ་བས་ན། འདམ་གྱི་རྙོགས་པ་དང་བྲལ་བ་དལ་འབབ་ཀྱི་ཆུ་བོ་དྭངས་ཤིང་བསིལ་བ། འཐུང་ན་ཞིམ་པ། ཡང་ཞིང་འཇམ་པ། ལྟོ་བ་བདེ་བ་ལ་སོགས་པ་སྟེ་དྭངས་བསིལ་ཡན་ལག་བརྒྱད་ལྡན་གྱི་ཡོན་ཏན་དང་ལྡན་པ་ཡིན་ཞིང་། དེ་ལྟ་བུའི་ཡན་ལག་བརྒྱད་ལྡན་གྱི་ཆུ་བོ་མང་པོ་དེ་ཚོ་ནི་མེ་ཏོག་སྣ་ཚོགས་ཀྱིས་ཁེབས་པ། འབབ་སྟེགས་མཆོག་ཏུ་བདེ་བའི་སྤོས་ཆུའི་ཆུ་ཀླུང་དེ་དག་གི་ནང་ལ་རོལ་རྩེད་ཀྱི་རྩེད་མོ་རྩེ་ཞིང་ཁྲུས་བྱ་བ་ལ་སོགས་པའི་ཆེད་དུ་ཆུ་ལ་ཞུགས་ན། སྐྱེ་བོ་དེ་དག་གིས་གང་ལ་གང་འདོད་ཀྱི་འདོད་པའི་རྗེས་སུ་ཞུགས་པའི་རེག་བྱ་དྲོན་པོར་འདོད་ཚེ་དྲོན་པོ་དང་། བསིལ་མོར་འདོད་ན་བསིལ་མོར་དང་། མར་ཆུའི་གཏིང་གི་ཟབ་ཚད་ཀྱང་གང་འདོད་ཀྱི་རྗེས་སུ་འགྲོ་བ། ལོང་བུ་མན་ཆད་ནུབ་པར་འདོད་པ་དང་། མགྲིན་པ་མན་ཆད་ནུབ་པར་འདོད་པ་སོགས་གང་འདོད་དུ་འབྱུང་བ་དང་། དེ་འདྲའི་མཚམས་མཚམས་སུ་བྱ་ངང་པ་དང་། ངུར་པ་དང་། ཁྲུང་ཁྲུང་དང་། ལྷའི་བྱ་ངང་ངུར་དང་། ཀ་རནྡ་དང་། ནེ་ཙོ་དང་། རི་སྐེགས་དང་། རྨ་བྱ་དང་། ཀུ་ལ་ན་ལ་སོགས་པ་རྩེད་འཇོར་རོལ་བ་སོགས་བདེ་སྨོན་གཞན་དག་ལས་འབྱུང་བ་ལྟར་དང་། དཔེ་དེ་བཞིན་དུ་ཡང་བདུད་རྩིའི་ཆར་རྒྱུན་འཕྱུར་བའི་ཁྲུས་ཀྱི་རྫིང་བུ་དྲི་ཞིམ་པ་མཛེས་ཤིང་ཡིད་དུ་འོང་བ་དེ་ཚོ་ཡང་རིན་པོ་ཆེ་སྣ་བདུན་གྱི་ཐེམ་སྐས་དང་། མུ་ཏིག་དམར་པོ་དང་མུ་མེན་མཐིང་ག་ལ་སོགས་པའི་ཕ་གུའི་དྲ་བས་བསྐོར་ཡོད་པ། དེ་ཡི་ནང་དུ་ཁྲུས་ལན་རེ་བྱས་པ་ཙམ་གྱིས་ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བ། ཁྲུས་ཀྱི་རྫིང་བུ་ཡོད་སའི་སྐྱེད་ཚལ་གྱི་ཁོ་ར་ཁོར་ཡུག་དེར་ལྷའི་མེ་ཏོག་ཨུཏྤལ་དང་། ཨུ་དུམ་ཝ་ར་དང་། པདྨ་དང་། པུནྜ་རི་ཀ་སོགས་ང་ཚོའི་འཇིག་རྟེན་མི་ཡུལ་ལ་ཡོད་མི་སྲིད་པ་དེ་དག་དང་། ཀུ་མུ་ད་དང་། པདྨ་དཀར་པོ་ལ་དྲི་ཞིམ་པོའི་ཟེའུ་འབྲུ་དང་ལྡན་པས་ཁྱབ་ཡོད་པ། ཁྱད་པར་དུ་མེ་ཏོག་པདྨ་དེ་དག་རིན་པོ་ཆེ་སྣ་བདུན་གྱི་ཚོན་མདོག་དང་ལྡན་པ། པདྨ་རེ་རེའི་ཁ་རྒྱ་ཆེ་ཆུང་ཡང་ཆུང་བ་དཔག་ཚད་ཕྱེད་ནས་ཆེ་བ་བཅུ་ཡི་བར་དུ་ཡོད་པ་སྟེ། དེ་དག་ཐམས་ཅད་ལས་འོད་ཟེར་བྱེ་བ་སྟོང་ཕྲག་སུམ་བརྒྱ་རྩ་དྲུག་འབྱེད་བཞིན་ཡོད་པ། འོད་ཟེར་དཔག་ཏུ་མེད་པའི་འོད་ཟེར་རེ་རེའི་རྩེ་ནས་ཀྱང་དེ་བཞིན་གཤེགས་པའི་སྤྲུལ་བའི་སྐུ་གཟུགས་དཔལ་དང་གཟི་བརྗིད་འབར་བ་བྱེ་བ་སྟོང་ཕྲག་སུམ་ཅུ་རྩ་དྲུག་དྲུག་གིས་བརྒྱན་པ་འབྱུང་བ་དང་། དེ་ཐམས་ཅད་ཀྱང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བགྲང་ལས་འདས་པའི་སངས་རྒྱས་མི་བཞུགས་པའི་ཞིང་ཁམས་གཞན་ལ་བྱོན་ནས་འགྲོ་བའི་དོན་མཛད་པར་སྟོན་པ་ལ་སོགས་པ། མདོར་ན་ཤིན་ཏུ་ཡ་མཚན་ཆེན་པོའི་ངོ་མཚར་གྱི་ལྟད་མོ་དང་ལྡན་པའི་ཞིང་ཁམས་དེར་སྐྱེ་བར་ཤོག་ཅིག་ཅེས་སྨོན་པའོ།།

བཞི་བ་བཅུད་ཀྱི་ཡོན་ཏན་ཡིད་ལ་བྱེད་པའི་སྒོ་ནས་སྨོན་པ།

མི་ཁོམ་བརྒྱད་དང་ངན་སོང་སྒྲ་མི་གྲགས།།

ཉོན་མོངས་དུག་ལྔ་དུག་གསུམ་ནད་དང་གདོན།།

དགྲ་དང་དབུལ་ཕོངས་འཐབ་རྩོད་ལ་སོགས་པ།།

སྡུག་བསྔལ་ཐམས་ཅད་ཞིང་དེར་ཐོས་མ་མྱོང་།།

བདེ་བ་ཆེན་པོའི་ཞིང་དེར་སྐྱེ་བར་ཤོག།

ཅེས་གསུངས་ཏེ། ཞིང་ཁམས་བདེ་བ་ཅན་དེ་ན་མི་ཁོམ་པ་དང་ངན་སོང་ཞེས་པ་ཞིག་ཡོད་མ་དགོས། མི་ཁོམ་བརྒྱད་དང་། ངན་སོང་གསུམ་ཞེས་པའི་སྒྲ་ཙམ་ཡང་རྣ་ལམ་དུ་མི་གྲགས་པ་ཡིན་ན་དེའི་སྡུག་བསྔལ་ཞིག་ག་ལ་ཡོད། དེ་ཡང་སྡུག་བསྔལ་གྱི་རྒྱུ་ཉོན་མོངས་པ་དུག་ལྔ་དུག་གསུམ་དང་དེས་བསླངས་པའི་སྲོག་གཅོད་རྫུན་རྐུ་སོགས་ཀྱི་ལས་ཐམས་ཅད་ཀྱང་ཡོད་པ་མ་ཡིན་ལ། རྒྱུ་ཀུན་འབྱུང་ལས་དང་ཉོན་མོངས་པ་དེ་དག་གིས་བསྐྱེད་པའི་འབྲས་བུ་སྡུག་བསྔལ་གྱི་བྱེ་བྲག་དགྲས་གསོད་གཅོད་དང་། འཕྲོག་བཅོམ་དང། རྐུ་བ་དང་། བླ་བཙག རྐང་འདྲེན་བྱེད་པ་ལ་སོགས་པའི་སྡུག་བསྔལ་དང་། རྒྱུ་ནོར་གྱིས་དབུལ་ཞིང་ཕོངས་པ་དང་། དེས་རྐྱེན་གྱིས་ཕན་ཚུན་ནང་འཁྲུག་ཡོང་བ་དང་། ནང་རྐུན་བྱེད་པ་དང་། ནད་འདུ་བ་རྣམ་བཞི་དང་། ཕོ་གདོན་མོ་གདོན་ལ་སོགས་པའི་གདོན་སྟོང་ཕྲག་བརྒྱད་ཅུ་ལ་སོགས་པ་ཚོར་བ་སྡུག་བསྔལ་ཅན་གྱི་སྒྲ་ཐམས་ཅད་གཅིག་ཀྱང་ཞིང་ཁམས་བདེ་བ་ཅན་ན་ཐོས་པ་ཙམ་ཡང་མེད་ན་དངོས་སུ་འབྱུང་བ་ཞིག་ལྟ་ཅི་སྨོས་ཏེ་དཔེ་མི་སྲིད་པ་ཞིག་ཡིན་པ་སྟེ། དེ་ལྟ་བུའི་བདེ་བ་ཆེན་པོའི་ཞིང་ཁམས་དེར་སྐྱེ་བར་ཤོག་ཅིག

བུད་མེད་མེད་ཅིང་མངལ་ནས་སྐྱེ་བ་མེད།།

ཀུན་ཀྱང་མེ་ཏོག་པདྨའི་སྦུབས་ནས་འཁྲུངས།།

ཐམས་ཅད་སྐུ་ལུས་ཁྱད་མེད་གསེར་གྱི་མདོག།

དབུ་ལ་གཙུག་ཏོར་ལ་སོགས་མཚན་དཔེས་བརྒྱན།།

མངོན་ཤེས་ལྔ་དང་སྤྱན་ལྔ་ཀུན་ལ་མངའ།།

ཡོན་ཏན་དཔག་མེད་ཞིང་དེར་སྐྱེ་བར་ཤོག།

ཅེས་གསུངས་ཏེ། ཞིང་ཁམས་དེ་ན་སྐྱེ་བའི་ལུས་རྟེན་རྣམས་ལ་བུད་མེད་མེད་ཅིང་མངལ་ནས་སྐྱེ་བ་ཡང་མེད་ལ། ཞིང་ཁམས་དེར་སྐྱེས་ཚད་ཀུན་ཀྱང་མེ་ཏོག་པདྨའི་སྦུབས་ནས་བརྫུས་ཏེ་འཁྲུངས་ཤིང་། བདེ་བ་ཅན་དུ་སྐྱེས་ཚད་ཐམས་ཅད་ཀྱི་སྐུ་ལུས་ལ་ཆེ་ཆུང་དང་མཐོ་དམན་དང་མཛེས་མི་མཛེས་ལ་སོགས་པའི་ཁྱད་པར་མེད་པར་གསེར་གྱི་ཁ་དོག་དང་ལྡན་པའི་མདོག་དྭངས་ཤིང་གསལ་བ། དབུ་ལ་གཙུག་ཏོར་དང་ཞབས་ལ་འཁོར་ལོ་ལ་སོགས་པ་སྐྱེས་བུ་ཆེན་པོའི་མཚན་དང་དཔེ་བྱད་མང་པོས་བརྒྱན་ཡོད་པ་དང་། ལྷའི་མིག་གི་མངོན་ཤེས། ལྷའི་རྣ་བའི་མངོན་ཤེས། རྫུ་འཕྲུལ་གྱི་མངོན་ཤེས། སྔོན་གནས་རྗེས་དྲན་གྱི་མངོན་ཤེས། གཞན་སེམས་ཤེས་པའི་མངོན་ཤེས་ཏེ་མངོན་ཤེས་ལྔ་དང་ལྡན་པའི་སྟོབས་ཀྱིས་ཞིང་ཁམས་གཞན་བྱེ་བ་ཁྲག་ཁྲིག་མང་པོ་རྣམས་སྐད་ཅིག་གཅིག་གིས་བགྲོད་ནུས་པ་དང་། དེ་ཐམས་ཅད་གཟིགས་ཤིང་དེ་དག་ན་ཡོད་པའི་སྒྲ་ཕྲ་རགས་ཐམས་ཅད་ཀྱང་གསན་ཞིང་། དེ་དག་ན་ཡོད་པའི་སེམས་ཅན་ཐམས་ཅད་ཀྱི་སེམས་རྒྱུད་མཁྱེན་པ་ལ་སོགས་པ་དེ་འདྲའི་ཡོན་ཏན་དང་ལྡན་པ་ཡིན་པས་མ་ཟད། ཤའི་སྤྱན་དང་། ལྷའི་སྤྱན་དང་། ཤེས་རབ་ཀྱི་སྤྱན་དང་། ཆོས་ཀྱི་སྤྱན་དང་། སངས་རྒྱས་ཀྱི་སྤྱན་ཡང་རྗེས་མཐུན་པ་ཡོད་པ་སྟེ་སྤྱན་ལྔ་ཡང་ཀུན་ལ་མངའ་བ་དང་། བདག་དང་གཞན་གྱི་འདུ་ཤེས་མེད་ཅིང་། སེམས་ཅན་ཐམས་ཅད་ལ་རིས་སུ་མ་ཆད་པའི་བྱམས་སྙིང་རྗེའི་ཐུགས་དང་ལྡན་པ་དང་། གཟུངས་དང་སྤོབས་པའི་བློ་གྲོས་དང་ཤེས་རབ་ཀྱི་གཏེར་རྒྱ་མཚོ་ཆེན་པོ་དང་འདྲ་ཞིང་། བསམ་གཏན་ལ་བརྟན་པ་ཐོབ་པས་ཏིང་ངེ་འཛིན་གྱི་སྒོ་བརྒྱ་ཕྲག་མང་པོ་ལ་རང་དབང་འབྱོར་བའི་བློ་ཆེན་རི་རབ་དང་འདྲ་བ་ལ་སོགས་པ་ཡོན་ཏན་དཔག་ཏུ་མེད་པ་བསམ་གྱིས་མི་ཁྱབ་པས་རྒྱུད་ཡོངས་སུ་གང་བ་དང་ལྡན་པའི་ཞིང་ཁམས་དེར་སྐྱེ་བར་ཤོག་ཅིག

རང་བྱུང་རིན་ཆེན་སྣ་ཚོགས་གཞལ་ཡས་ཁང་།།

ཅི་འདོད་ལོངས་སྤྱོད་ཡིད་ལ་དྲན་པས་འབྱུང་།།

རྩོལ་སྒྲུབ་མི་དགོས་དགོས་འདོད་ལྷུན་གྱིས་གྲུབ།།

ང་ཁྱོད་མེད་ཅིང་བདག་ཏུ་འཛིན་པ་མེད།།

གང་འདོད་མཆོད་སྤྲིན་ལག་པའི་མཐིལ་ནས་འབྱུང་།།

ཐམས་ཅད་བླ་མེད་ཐེག་ཆེན་ཆོས་ལ་སྤྱོད།།

བདེ་སྐྱིད་ཀུན་འབྱུང་ཞིང་དེར་སྐྱེ་བར་ཤོག།

ཅེས་གསུངས་ཏེ། མགོན་པོ་འོད་དཔག་མེད་ཀྱིས་སྔར་སློབ་པ་ལམ་གྱི་གནས་སྐབས་ན་རྒྱལ་བ་གཞན་ལས་ཀྱང་ཁྱད་དུ་འཕགས་པའི་ཐུགས་བསྐྱེད་དང་། བསྐལ་བ་གངྒཱའི་ཀླུང་གི་བྱེ་མ་སྙེད་མང་པོར་ཚོགས་བསགས་སྨོན་ལམ་མཛད་པའི་མཐུ་དང་། ཞིང་དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་རྒྱུ་བཞི་བསྒྲུབས་པ་སྔོན་དུ་སོང་བའི་བསོད་ནམས་ཀྱི་སྟོབས་ལས་གྲུབ་པའི་མ་བྱས་རང་བྱུང་གི་གཞལ་ཡས་ཁང་། བ་གམ་བང་རིམ་གྱི་བརྩེགས་པ་ཅན་བརྒྱ་སྟོང་ཁྲི་འབུམ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ཡོད་ཅིང་། ཅི་འདོད་གང་བསམ་གྱི་གོས་རྒྱན་ཡོ་བྱད་སོགས་ཀྱི་ལོངས་སྤྱོད་ཐམས་ཅད་ཀྱང་ཡིད་ལ་དྲན་པ་ཙམ་གྱིས་རང་འགྲུབ་ཏུ་འབྱུང་བ་དང་། རྩོལ་བས་སྒྲུབ་པའི་ངལ་བ་ལ་བརྟེན་མི་དགོས་པར་དགོས་འདོད་ཐམས་ཅད་མ་བསམས་ལྷུན་གྱིས་གྲུབ་པའི་དཔལ་དང་ལྡན་པ། ང་ཞེས་པ་གཅེས་འཛིན་བྱེད་རྒྱུ་ཞིག་དང་། ཁྱོད་དང་ཁོ་ཞེས་པའི་ཡལ་བར་འདོར་རྒྱུ་ཞིག་མེད་པར་བདག་གཞན་མཉམ་པ་བྱང་ཆུབ་ཀྱི་སེམས་དང་ལྡན་པ་དང་། བདག་དང་བདག་གིར་ལྟ་བའི་འཛིན་པའང་མེད་པར་བདག་མེད་སྤྲོས་པ་དང་བྲལ་བའི་དོན་ཇི་ལྟ་བ་བཞིན་དུ་རྟོགས་པ་ཡིན་ཕྱིར་ལོངས་སྤྱོད་དང་ཡོ་བྱད་ལ་དེ་བས་ཀྱང་ང་ཡིར་འཛིན་པའི་ཞེན་ཆགས་ཡོད་པ་མ་ཡིན། བསོད་ནམས་ཀྱི་ཚོགས་སྒྲུབ་པའི་སྐབས་སུ་གང་དང་ཅི་འདོད་པའི་མཆོད་པའི་སྤྲིན་རབ་འབྱམས་བསམ་པ་ཙམ་གྱིས་ལག་པའི་མཐིལ་ནས་ནམ་ཡིན་ཡིན་དུ་འབྱུང་བས་ན། སྐད་ཅིག་རེར་ཡང་ཚོགས་ཆེན་པོ་གསོག་ཐུབ་པ་ཡིན། ནམ་མཁའ་མཛོད་ཀྱི་ཡོ་བྱད་དང་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ཞེས་པ་ཟད་པ་མེད་པ་ལ་མངའ་བརྙེས་པའི་དབང་གིས་དེ་འདྲ་འབྱུང་བ་ཡིན། ཞིང་ཁམས་དེ་ན་དགྲ་འདུལ་གཉེན་སྐྱོང་ཚོང་དང་སོ་ནམ་འཇིག་རྟེན་འཁོར་བའི་བྲེལ་ཟིང་མེད་པས་མི་ཚད། ཞི་བའི་མཐར་ལྷུང་བའི་ཉན་རང་ཕལ་བ་ཡང་ཡོད་པ་མ་ཡིན་པར་ཉན་ཐོས་དགྲ་བཅོམ་ཐེག་ཆེན་ལ་ཞུགས་པ་དང་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་ཏག་ཏག་གིས་གང་བས་ན། ཐམས་ཅད་ཀྱང་བླ་ན་མེད་པའི་ཆོས་ཐེག་པ་ཆེན་པོ་ཤ་སྟག་ལ་ལོངས་སྤྱོད་པ་དེས་ན་བསམ་གྱིས་མི་ཁྱབ་པའི་འཆི་འཕོ་ལ་སོགས་པ་ཡང་མེད་པས་བདེ་སྐྱིད་ཀྱི་ཡོན་ཏན་ཐམས་ཅད་རང་ཤུགས་འབད་མེད་ལྷུན་གྲུབ་ཏུ་འབྱུང་བའི་ཞིང་ཁམས་བདེ་བ་ཅན་དེར་སྐྱེ་བར་ཤོག་ཅིག་གསུངས་པ་ཡིན་ནོ།།

དྲི་ཞིམ་རླུང་གིས་མེ་ཏོག་ཆར་ཆེན་འབེབས།།

ཤིང་དང་ཆུ་ཀླུང་པདྨོ་ཐམས་ཅད་ལས།།

ཡིད་དུ་འོང་བའི་གཟུགས་སྒྲ་དྲི་རོ་རེག།

ལོངས་སྤྱོད་མཆོད་པའི་སྤྲིན་ཕུང་རྟག་ཏུ་འབྱུང་།།

ཞེས་གསུངས་ཏེ། བཅུད་དེ་དང་འབྲེལ་བའི་སྣོད་ཀྱི་བཀོད་པ་གཞན་ཡང་། དྲི་ཞིམ་པོ་ཅན་གྱི་རླུང་ལངས་ནས་ཤིང་ལྗོན་པའི་ཡལ་ག་དང་ལོ་མ་དང་མེ་ཏོག་འབྲས་བུ་དང་བཅས་པ་ཐམས་ཅད་བསྒུལ་ཞིང་བསྐྱོད་པའི་སྐབས་སུ་མེ་ཏོག་གི་ཆར་ཆེན་པོ་འབེབས་པས་ཉམས་དགའ་བ་དང་། སྔ་དྲོའི་དུས་སུ་ཕྱོགས་བཞི་ནས་རླུང་འཇམ་པོ་ལངས་ཏེ་རིན་པོ་ཆེའི་ཤིང་ལྗོན་པ་ཁ་དོག་བཀྲ་ཞིང་ལྷའི་སྤོས་དྲི་ཞིམ་པོ་ཅན་གྱིས་བགོས་པ་དེ་དག་བསྐྱོད་ཅིང་བསྒུལ་ཚེ། ལྷའི་མེ་ཏོག་མཛེས་ཤིང་ལྟ་ན་སྡུག་པ་དྲི་ཞིམ་པོ་ཅན་ཤ་སྟག་འབེབས་ཤིང་མི་འགྲེང་བདུན་ཙམ་དུ་མེ་ཏོག་གིས་ཁྱབ་ཅིང་ཁེབས་པར་ཡིན་ནོ། །འདིའི་མི་འགྲེང་ཞེས་པ་ནིི་འུ་ཚོའི་ཞིང་ཁམས་འདིའི་མི་འགྲེང་གི་མིའི་ལུས་ཚད་དུ་བརྩིས་ན་ཆོག་པ་ཡིན། དེ་ལྟ་བུའི་ས་གཞི་མེ་ཏོག་གིས་ཁྱབ་པ་དེ་ལ་རྐང་པས་འདེགས་འཇོག་བྱས་ན་སོར་བཞི་ཙམ་མཐོ་དམའ་རུ་འགྱུར་ཞིང་། དྲི་ཞིམ་གྱི་རླུང་སྣ་ལ་ཕོག་པ་ཙམ་གྱིས་དགེ་སློང་འགོག་པ་ལ་སྙོམས་པར་ཞུགས་པའི་བདེ་བས་ཀྱང་མཚོན་དུ་མེད་པའི་བདེ་བ་ཆེན་པོ་ཐོབ་པ་ཡིན། སྔ་དྲོའི་དུས་དེ་འདས་མ་ཐག་ཏུ་མེ་ཏོག་སྔ་མ་རྣམས་རླུང་གིས་ཕྱགས་སོང་ན་ཡང་། མེ་ཏོག་གསར་བ་ཤ་སྟག་སྔར་བཞིན་དུ་དྲི་ཞིམ་པོའི་རླུང་གིས་འགྲེམ་ཅིང་། མེ་ཏོག་གི་ཆར་ཉིན་ལན་གསུམ་མཚན་ལན་གསུམ་ལ་འབེབས་པ་དང་། ཡང་སྔར་བཞིན་འགྲེམ་པ་དང་ཡང་བར་བར་ན་མེ་ཏོག་གི་ཆར་མི་འབེབས་པར་དབེན་ཞིང་ས་གཞིའི་ཡོན་ཏན་གྱིས་མཛེས་ཤིང་ཉམས་དགའ་བར་གནས་སོ། །དཔག་བསམ་གྱི་ཤིང་ལྗོན་པ་དང་ཤིན་ཏུ་མཛེས་ཤིང་ཡིད་དུ་འོང་བའི་མེ་ཏོག་པདྨོ་དང་། ཡན་ལག་བརྒྱད་ལྡན་གྱི་ཆུ་ཀླུང་ཉམས་དགའ་བ་ཐམས་ཅད་ལས་གང་ལ་གང་འདོད་ཀྱི་ཡིད་དུ་འོང་བའི་གཟུགས་མཛེས་པ། སྒྲ་སྙན་མོ། དྲི་ཞིམ་པ། རོ་མངར་བ། རེག་བྱ་འཇམ་པ་ལ་སོགས་པའི་ལོངས་སྤྱོད་མཆོད་པའི་སྤྲིན་ཕུང་རྣམས་དུས་རྟག་ཏུ་འབྱུང་བ་ཡིན་ནོ།།

བུད་མེད་མེད་ཀྱང་སྤྲུལ་པའི་ལྷ་མོའི་ཚོགས།།

མཆོད་པའི་ལྷ་མོ་དུ་མས་རྟག་ཏུ་མཆོད།།

ཅེས་གསུངས་ཏེ། ཞིང་ཁམས་དེ་ན་སྔར་བཤད་པ་ལྟར་ཐ་མལ་མ་དག་པའི་བུད་མེད་མེད་ཀྱང་། སངས་རྒྱས་ཀྱིས་སྤྲུལ་བའི་ལྷའི་བུ་དང་བུ་མོའི་ཚོགས་དང་མཆོད་པའི་ལྷ་མོ་བརྒྱད་དང་བཅུ་དྲུག་དང་བདུན་སྟོང་ལ་སོགས་པས་གང་ཟག་རེ་རེ་ལ་ཡང་རྟག་ཏུ་མཆོད་པ་སྣ་ཚོགས་ཀྱིས་མཆོད་པ་ཡིན་ནོ།།

འདུག་པར་འདོད་ཚེ་རིན་ཆེན་གཞལ་ཡས་ཁང་།།

ཉལ་བར་འདོད་ཚེ་རིན་ཆེན་ཁྲི་བཟང་སྟེང་།།

དར་ཟབ་དུ་མའི་མལ་སྟན་སྔས་དང་བཅས།།

ཞེས་གསུངས་ཏེ། འགྲོ་བར་མི་འདོད་པར་སྟན་ལ་འདུག་པར་བསམ་ཚེ། རིན་པོ་ཆེའི་གཞལ་ཡས་ཁང་གི་ནང་དུ་འདོད་དགུའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ལ་དབང་འབྱོར་ནས་དམ་པའི་ཆོས་ཀྱི་དགའ་སྟོན་གྱིས་དུས་འདའ་བ་དང་། ཡང་འདུག་པར་མི་འདོད་པར་ཉལ་ཞིང་འཕྲེས་པར་འདོད་པའི་ཚེ། རིན་པོ་ཆེའི་གཞལ་ཡས་ཁང་ན་དར་ཟབ་སྣ་ཚོགས་པའི་མལ་སྟན་འཇམ་པོ་སྔས་དང་བཅས་པ་རིན་ཐང་དང་བྲལ་བ་ཉམས་དགའ་བའི་ཡོན་ཏན་ཅན་འབྱུང་བ་ཡིན་ནོ།།

བྱ་དང་ལྗོན་ཤིང་ཆུ་ཀླུང་རོལ་མོ་སོགས།།

ཐོས་པར་འདོད་ཚེ་སྙན་པའི་ཆོས་སྒྲ་སྒྲོགས།།

མི་འདོད་ཚེ་ན་རྣ་བར་སྒྲ་མི་གྲགས།།

བདུད་རྩིའི་རྫིང་བུ་ཆུ་ཀླུང་དེ་རྣམས་ཀྱང་།།

དྲོ་གྲང་གང་འདོད་དེ་ལ་དེ་ལྟར་འབྱུང་།།

ཡིད་བཞིན་འགྲུབ་པའི་ཞིང་དེར་སྐྱེ་བར་ཤོག།

ཅེས་གསུངས་ཏེ། སྤྲུལ་བའི་བྱ་ཀ་རན་ཏ་ལ་སོགས་པ་སྐད་སྙན་གདངས་ཀྱི་འགྱུར་ཁུག་ཅན་དང་། ལྗོན་ཤིང་རླུང་གི་བསྒུལ་བའི་སྒྲ་དབྱངས་སྙན་མོ་དང་། ཆུ་ཀླུང་དལ་གྱིས་འབབ་པའི་འཇམ་དལ་གྱི་སྒྲ་དང་། ལྷའི་རོལ་མོ་ལ་སོགས་པས་ཉན་པར་སྤྲོ་ནས་ཐོས་པར་འདོད་ཚེ་དཀོན་མཆོག་གསུམ་དང་ས་བཅུ་ཕར་ཕྱིན་དྲུག་ལ་སོགས་པའི་ཆོས་སྒྲ་སྒྲོག་ནས། གདངས་སྙན་པོ་དང་དབྱངས་སྙན་པོའི་ཚུལ་གྱིས་དྲངས་ནས་ཆོས་ཀྱི་དོན་དེ་དག་རྗེས་སུ་དྲན་པ་དང་མི་འབྲལ་ལ། ཡང་གལ་ཏེ་ནང་དུ་ཡང་དག་འཇོག་གི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ་ལྟ་བུའི་ཚེར་ཕྱིའི་སྒྲ་ཉན་པར་མི་འདོད་ན། རྣ་བར་སྒྲ་མི་གྲགས་པར་དབེན་ཞིང་འཇམ་ཐིང་ངེར་གནས་པ་དང་། དེ་བཞིན་དུ་བདུད་རྩིའི་ཆབ་རྒྱུན་དུ་གྱུར་པའི་རྫིང་བུ་དང་ཆུ་ཀླུང་དལ་གྱིས་འབབ་པ་རྣམས་ཀྱང་། དྲོ་བར་འདོད་ན་ནི་དྲོན་པོ་དང་། གྲང་ཞིང་བསིལ་བར་འདོད་ན་དེ་ལྟར་བསིལ་བར་གྱུར་བ་དང་། ཁྲུས་བྱེད་ཚེ་རྫིང་བུ་ལ་ལུས་ནུབ་ཙམ་དང་། ཕྱེད་ནུབ་པ་ལ་སོགས་པ་ཆེ་ཆུང་རང་གིས་གང་འདོད་པ་ལྟར་དུ་ཡིད་བཞིན་ཏུ་འགྲུབ་པའི་ཞིང་ཁམས་དེར་སྐྱེ་བར་ཤོག་ཅིག དེ་ཡན་ཆད་ཀྱིས་བདེ་བ་ཅན་གྱི་ཞིང་ཁམས་ཀྱི་སྣོད་བཅུད་ཀྱི་ཡོན་ཏན་གྱི་བཀོད་པ་བཤད་ནས།

ལྔ་བ་ཞིང་གི་གཙོ་བོ་མགོན་པོ་འོད་དཔག་མེད་ཀྱི་ཡོན་ཏན་ཡིད་ལ་བྱས་ཏེ་ཞབས་འབྲིང་དང་བསྟན་པ་འཛིན་པ་སོགས་ལ་སྨོན་པ།

ད་ནི་ཞིང་གི་གཙོ་བོ་མགོན་པོ་འོད་དཔག་མེད་ཀྱི་ཡོན་ཏན་དང་། དེའི་འཁོར་རྣམ་པ་གཉིས་ཀྱི་ཡོན་ཏན་ལ་སོགས་པ་ཡིད་ལ་བྱས་ཏེ། དེའི་ཞབས་འབྲིང་དང་བསྟན་པ་འཛིན་པ་སོགས་ལ་སྨོན་ལམ་འདེབས་པ་ནི།

ཞིང་དེར་རྫོགས་པའི་སངས་རྒྱས་འོད་དཔག་མེད།།

བསྐལ་པ་གྲངས་མེད་མྱ་ངན་མི་འདའ་བཞུགས།།

དེ་སྲིད་དེ་ཡི་ཞབས་འབྲིང་བྱེད་པར་ཤོག།

ཅེས་གསུངས་ཏེ། ཞིང་ཁམས་དེ་ན་ད་ལྟ་དངོས་སུ་བཞུགས་པའི་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པའི་སྐུ་ཚེ་དཔག་ཏུ་མེད་པ་ཡིན་པས་ན་ཚད་གཟུང་དུ་མེད་པ་ཡིན་ལ། སངས་རྒྱས་འོད་དཔག་མེད་བསྐལ་བ་གྲངས་མེད་དུ་མྱ་ངན་ལས་མི་འདའ་བར་ཇི་སྲིད་དུ་བཞུགས་པ་དེ་སྲིད་ཀྱི་བར་དུ་བདག་གིས་སངས་རྒྱས་དེའི་ཞབས་འབྲིང་དང་སངས་རྒྱས་དེ་ལ་བསྙེན་བཀུར་བྱེད་པར་ཤོག་ཅིག

ནམ་ཞིག་འོད་དཔག་མེད་དེ་ཞི་བར་གཤེགས།།

བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད།།

གཉིས་ཀྱི་བར་དུ་བསྟན་པ་གནས་པའི་ཚེ།།

རྒྱལ་ཚབ་སྤྱན་རས་གཟིགས་དང་མི་འབྲལ་ཞིང་།།

དེ་ཡི་ཡུན་ལ་དམ་ཆོས་འཛིན་པར་ཤོག།

ཅེས་གསུངས་ཏེ། སངས་རྒྱས་ཆོས་ཀྱི་སྐུ་ལ་སྐྱེ་འཆི་བགྲེས་རྒུད་མི་མངའ་ན་ཡང་། ཞིང་ཁམས་འདི་ནི་མཆོག་གི་སྤྲུལ་པའི་སྐུའི་ཞིང་ཁམས་ཡིན་ཕྱིར། ནམ་ཞིག་འོད་དཔག་མེད་དེ་གཟུགས་སྐུ་ཆོས་དབྱིངས་སུ་ཐིམ་ཞིང་གཤེགས་པའི་ཚུལ་བསྟན་ནས་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་གཉིས་ཀྱི་བར་དུ་སངས་རྒྱས་དེའི་ལུང་རྟོགས་ཀྱི་བསྟན་པ་གནས་པ་ཡིན་ལ། དེའི་ཚེ་ན་འོད་དཔག་མེད་ཀྱི་རྒྱལ་ཚབ་སྤྱན་རས་གཟིགས་ཡིན་པས་བདག་སོགས་སེམས་ཅན་དེ་ན་སྐྱེས་ཚད་ཐམས་ཅད་རྒྱལ་ཚབ་སྤྱན་རས་གཟིགས་དང་མི་འབྲལ་ཞིང་། དེའི་ཡུན་ལ་ལུང་རྟོགས་དམ་པའི་ཆོས་ཀྱི་མཛོད་འཛིན་ཅིང་། རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་བྱེད་ནུས་པར་ཤོག་ཅིག

སྲོད་ལ་དམ་ཆོས་ནུབ་པའི་ཐོ་རེངས་ལ།།

སྤྱན་རས་གཟིགས་དེ་མངོན་པར་སངས་རྒྱས་ནས།།

སངས་རྒྱས་འོད་ཟེར་ཀུན་ནས་འཕགས་པ་ཡི།།

དཔལ་བརྩེགས་རྒྱལ་བོ་ཞེས་བྱར་གྱུར་པའི་ཚེ།།

ཞལ་བལྟ་མཆོད་ཅིང་དམ་ཆོས་ཉན་པར་ཤོག།

ཅེས་གསུངས་ཏེ། དེ་ནས་མགོན་པོ་འོད་དཔག་མེད་སྐུ་དངོས་ཀྱི་བསྟན་པའི་གནས་ཚད་རྫོགས་ནས་སྲོད་ལ་བསྟན་པ་དམ་པའི་ཆོས་ནུབ་པའི་ཐོ་རེངས་ལ་བབ་པའི་སྐབས་སུ་སྤྱན་རས་གཟིགས་དེ་མངོན་པར་རྫོགས་པར་སངས་རྒྱས་ཏེ། སངས་རྒྱས་འོད་ཟེར་ཀུན་ནས་འཕགས་པའི་དཔལ་བརྩེགས་ཀྱི་རྒྱལ་བོ་ཞེས་བྱ་བར་གྱུར་པའི་ཚེ། དེའི་ཞལ་ལ་བལྟ་ཞིང་མཆོད་པས་མཆོད་ཅིང་དམ་ཆོས་མཉན་ནས་བསྟན་པ་ཡོངས་སུ་འཛིན་ནུས་པར་ཤོག་ཅིག

སྐུ་ཚེ་བསྐལ་པ་བྱེ་བ་ཁྲག་ཁྲིག་ནི།།

འབུམ་ཕྲག་དགུ་བཅུ་རྩ་དྲུག་བཞུགས་པའི་ཚེ།།

རྟག་ཏུ་ཞབས་འབྲིང་བསྙེན་བསྐུར་བྱེད་པ་དང་།།

མི་བརྗེད་གཟུངས་ཀྱིས་དམ་ཆོས་འཛིན་པར་ཤོག།

ཅེས་གསུངས་ཏེ། སངས་རྒྱས་འོད་ཟེར་ཀུན་ནས་འཕགས་པའི་དཔལ་བརྩེགས་ཀྱི་རྒྱལ་པོ་དེའི་སྐུ་ཚེའི་ཚད་ཀྱང་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུ་རྩ་དྲུག་ལ་བཞུགས་པ་ཡིན་ལ། དེའི་ཚེ་བདག་གིས་ཀྱང་དུས་རྟག་ཏུ་ཞབས་འབྲིང་བྱེད་པ་དང་བསྙེན་བཀུར་དང་། མཆོད་པ་བྱེད་པ་དང་མི་བརྗེད་པའི་གཟུངས་ཀྱིས་དམ་པའི་ཆོས་ཚིག་གཅིག་ཀྱང་མ་ལུས་པ་འཛིན་ནུས་པར་ཤོག་ཅིག དེ་ལྟ་བུའི་མི་བརྗེད་པའི་གཟུངས་ཐོབ་པའི་ཆེད་དུ་ད་ལྟ་ནས་གཞན་གྱིས་ཆོས་འཆད་པ་ལ་བར་ཆད་མི་བྱེད་པར་མཐུན་རྐྱེན་གང་ཐུབ་བསྒྲུབས་པ་དང་། བདེ་སྨོན་འདི་ལྟ་བུའི་ཚིག་དོན་ལ་སོགས་པ་གསུང་རབ་ཀྱི་ཚིག་རེ་ཡན་ཆད་བློ་ལ་འཛིན་ཅི་ཐུབ་བྱས་ན། མ་འོངས་པར་མི་བརྗེད་པའི་གཟུངས་ཐོབ་པར་ཕན་ཐོགས་ཆེན་པོ་ཡོད་པ་ཡིན་ནོ།།

མྱ་ངན་འདས་ནས་དེ་ཡི་བསྟན་པ་ནི།།

བསྐལ་པ་དུང་ཕྱུར་དྲུག་དང་བྱེ་བ་ཕྲག།

འབུམ་ཕྲག་གསུམ་གནས་དེ་ཚེ་ཆོས་འཛིན་ཅིང་།།

མཐུ་ཆེན་ཐོབ་དང་རྟག་ཏུ་མི་འབྲལ་ཤོག།

ཅེས་གསུངས་ཏེ། སངས་རྒྱས་དེ་ཡང་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ནས་དེའི་བསྟན་པའི་གནས་ཚད་བསྐལ་བ་དུང་ཕྱུར་དྲུག་དང་བྱེ་བ་ཕྲག་འབུམ་ཕྲག་གསུམ་དུ་གནས་པ་དེའི་ཚེ་བདག་གིས་དམ་པའི་ཆོས་ཀྱི་མཛོད་འཛིན་ཅིང་། རྒྱལ་ཚབ་མཐུ་ཆེན་ཐོབ་དང་ཡང་རྟག་ཏུ་མི་འབྲལ་བར་ཤོག་ཅིག

དེ་ནས་མཐུ་ཆེན་ཐོབ་དེ་སངས་རྒྱས་ནས།།

དེ་བཞིན་གཤེགས་པ་རབ་ཏུ་བརྟན་པ་ནི།།

ཡོན་ཏན་ནོར་བུ་བརྩེགས་པའི་རྒྱལ་པོར་འགྱུར།།

སྐུ་ཚེ་བསྟན་པ་སྤྱན་རས་གཟིགས་དང་མཉམ།།

སངས་རྒྱས་དེ་ཡི་རྟག་ཏུ་ཞབས་འབྲིང་བྱེད།།

མཆོད་པས་མཆོད་ཅིང་དམ་ཆོས་ཀུན་འཛིན་ཤོག།

ཅེས་གསུངས་ཏེ། དེ་ནས་ནམ་ཞིག་མཐུ་ཆེན་ཐོབ་དེ་ཉིད་ཀྱང་སངས་རྒྱས་ནས་དེ་གཞིན་གཤེགས་པ་རབ་ཏུ་བརྟན་པ་ཡོན་ཏན་ནོར་བུ་བརྩེགས་པའི་རྒྱལ་པོར་འགྱུར་བར་ཡིན་ལ། སངས་རྒྱས་དེའི་སྐུ་ཚེའི་ཚད་དང་བསྟན་པའི་གནས་ཚད་ཚང་མ་སྤྱན་རས་གཟིགས་དང་ཡུན་མཉམ་པ་ཡིན་ཞིང་། སངས་རྒྱས་དེ་ཡི་ཡུན་ལ་ཡང་བདག་གིས་རྟག་ཏུ་ཞབས་འབྲིང་བྱེད་པ་དང་མཆོད་པའི་ཚོགས་དུ་མས་རྟག་ཏུ་མཆོད་ཅིང་། བསྟན་པ་དམ་པའི་ཆོས་ཀུན་འཛིན་ནུས་པར་ཤོག དེ་ནས་མཐར་ཐུག་རང་ཉིད་ཀྱང་སེམས་ཅན་གྱི་དོན་དུ་སངས་རྒྱས་པར་སྨོན་པ་ནི།

དེ་ནས་བདག་གི་ཚེ་དེ་བརྗེས་མ་ཐག།

ཞིང་ཁམས་དེའམ་དག་པའི་ཞིང་གཞན་དུ།།

བླ་མེད་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག།

ཅེས་གསུངས་ཏེ། དེ་ནས་བདག་ཉིད་ཀྱང་ཞིང་དེར་གནས་པའི་ཚད་རྫོགས་ནས། ཚེ་དེ་བརྗེས་མ་ཐག་ཏུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་སྔར་ནས་རྫོགས་ཟིན་པ་ཡིན་པས་ཞིང་ཁམས་བདེ་བ་ཅན་དེ་ཉིད་དུ་སངས་རྒྱས་པའམ། ཡང་ན་དག་པའི་ཞིང་ཁམས་གཞན་ཞིག་ལ་སངས་རྒྱས་ཀྱང་རུང་། མདོར་ན་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་ཤོག་ཅིག

རྫོགས་སངས་རྒྱས་ནས་ཚེ་དཔག་མེད་པ་ལྟར།།

མཚན་ཐོས་ཙམ་གྱིས་འགྲོ་ཀུན་སྨིན་ཅིང་གྲོལ།།

སྤྲུལ་པ་གྲངས་མེད་འགྲོ་བ་འདྲེན་པ་སོགས།།

འབད་མེད་ལྷུན་གྲུབ་འགྲོ་དོན་དཔག་མེད་ཤོག།

ཅེས་གསུངས་ཏེ། བདག་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ཡང་མགོན་པོ་ཚེ་དཔག་མེད་པ་ཇི་ལྟ་བ་བཞིན་དུ། མཚན་ཐོས་པ་ཙམ་གྱིས་ཀྱང་འགྲོ་བ་ཀུན་གྱི་རྒྱུད་སྨིན་ཅིང་གྲོལ་ནུས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་དང་། སྤྲུལ་པ་གྲངས་མེད་དཔག་ཏུ་མེད་པ་ཕྱོགས་བཅུ་དུས་གསུམ་ཀུན་ཏུ་འགྱེད་ནས་འགྲོ་བའི་དེད་དཔོན་དུ་འགྱུར་བར་ཤོག་ཅིག དེ་ལྟ་བུའི་ཐུགས་རྗེ་དང་མཛད་པ་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་མི་ཟད་རྒྱན་གྱི་འཁོར་ལོའི་བདག་ཉིད་དུ་འབད་ཅིང་རྩོལ་བ་མི་དགོས་པར་རྟག་ཁྱབ་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་འགྲོ་དོན་དཔག་ཏུ་མེད་པ་བྱེད་ནུས་པར་ཤོག་ཅིག

གཉིས་པ་མཚན་བཟུང་བའི་བྱིན་རླབས་ཚེ་འདིར་འབྱུང་བར་གསོལ་བ་འདེབས་པ།

ད་ནི་སངས་རྒྱས་ཀྱི་མཚན་བཟུང་ནས་ཕན་ཡོན་བཤད་པའི་སྒོ་ནས་མཇུག་བསྡུ་བ་ནི།

དེ་བཞིན་གཤེགས་པའི་ཚེ་དང་བསོད་ནམས་དང་།།

ཡོན་ཏན་ཡེ་ཤེས་གཟི་བརྗིད་ཚད་མེད་པ།།

ཆོས་སྐུ་སྣང་བ་མཐའ་ཡས་འོད་དཔག་མེད།།

ཚེ་དང་ཡེ་ཤེས་དཔག་མེད་བཅོམ་ལྡན་འདས།།

ཞེས་གསུངས་ཏེ། དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་སྐུ་ཚེའི་ཡོན་ཏན་ཚད་མེད་པ་སྔར་བཤད་པ་ལྟར་དང་། བསྐལ་པ་གྲངས་མེད་མང་པོ་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྒྱ་མཚོ་ལྟ་བུ་བསགས་པས་རྒྱུ་ཚོགས་གཉིས་ཀྱི་ཡོན་ཏན་ཚད་མེད་པ་དང་། འབྲས་བུ་སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པ་སྤངས་རྟོགས་ཀྱི་ཡོན་ཏན་རྒྱ་མཚོ་ལྟར་ཚད་མེད་པ་དང་། སྐུ་མཐོང་ན་མི་མཐུན་པ་མེད་པས་བསོད་ནམས་ཆེན་པོའི་དཔལ་དེ་གཞན་གྱིས་མི་ནོན་པ་ཡིན་པས་ན་འགྲོ་བ་ལྷ་དང་བཅས་པའི་སྤྱོད་ཡུལ་ལས་འདས་པའི་གཟི་བརྗིད་ཚད་མེད་པ་ལ་སོགས་པ་གཟུགས་སྐུའི་ཡོན་ཏན་ཏེ། སྐུ་བཞི་དང་སྐུ་ལྔ་ལྷུན་གྱིས་གྲུབ་པའི་ཡོན་ཏན་ཚད་མེད་པ་རྣམས་ལ་དད་པ་རྩེ་གཅིག་གི་སྒོ་ནས་རྗེས་སུ་དྲན་ནས་མཚན་འཛིན་དགོས་པ་ཡིན་ལ། མཚན་བརྗོད་པའི་གནས་སྐབས་སུ་མཚན་གྱི་རྣམ་གྲངས་གང་ལྟར་གསོལ་ཡང་ཆོག་སྟེ། ཆོས་སྐུ་སྣང་བ་མཐའ་ཡས་ཞེས་བྱ་བ་དང་། འོད་དཔག་མེད་དང་། ཚེ་དང་ཡེ་ཤེས་དཔག་མེད་བཅོམ་ལྡན་འདས་སོགས་གང་གསོལ་ཡང་སྐུ་གསུམ་སྐུ་བཞི་སྐུ་ལྔ་འདུས་པའི་བདག་ཉིད་རྒྱལ་བ་འོད་སྣང་མཐའ་ཡས་དེ་ཉིད་ཡིན་ནོ།།

གང་ཞིག་ཁྱེད་ཀྱི་མཚན་ནི་སུས་འཛིན་པ།།

སྔོན་གྱི་ལས་ཀྱི་རྣམ་སྨིན་མ་གཏོགས་པར།།

མེ་ཆུ་དུག་མཚོན་གནོད་སྦྱིན་སྲིན་པོ་སོགས།།

འཇིགས་པ་ཀུན་ལས་སྐྱོབ་པར་ཐུབ་པས་གསུངས།།

ཞེས་གསུངས་ཏེ། གང་ཞིག་བདེ་བར་གཤེགས་པ་ཁྱེད་ཀྱི་མཚན་གྱི་ཆ་ཤས་ཙམ་ཞིག་སྐྱེས་པ་བུད་མེད་ཁྱེའུ་དགེ་སྦྱོང་སོགས་སུ་ཞིག་གིས་འཛིན་ཅིང་ཐེ་ཚོམ་མེད་པར་གསོལ་བ་འདེབས་པའི་གང་ཟག་དེ་དག་ནི། ལས་དབང་ཆུ་ཀླུང་འཕྲལ་དུ་ག་ལ་ལྡོག །གསུངས་པ་ལྟར་དུ་སྔོན་གྱི་ལས་ཀྱི་རྣམ་སྨིན་བཟློག་ཐབས་མེད་པས་དེ་དག་མ་གཏོགས་པ། དེ་མིན་གློ་བུར་འཕྲལ་བྱུང་གི་བར་ཆད་ཀྱི་རྐྱེན་མེའི་དགྲ། ཆུ་ཡི་གནོད་པ། དུག་དང་མཚོན་གྱི་འཇིགས་པ། གནོད་སྦྱིན་དང་སྲིན་པོ་སོགས་གདོན་བགེགས་མ་རུངས་བའི་འཇིགས་པ་ལ་སོགས་པ་ལས་སྐྱོབ་ནུས་པ་སངས་རྒྱས་ཀྱི་བཀའ་བསླུ་བ་མེད་པ་འཆི་མེད་རྔ་སྒྲ་དང་འོད་མདོ་ལ་སོགས་པ་ལས་གསུངས་པ་ཡིན་པས་དེ་ལ་ཡིད་ཆེས་སྐྱེད་ནས་གསོལ་བ་འདེབས་དགོས་སོ།།

བདག་ནི་ཁྱེད་ཀྱི་མཚན་འཛིན་ཕྱག་འཚལ་བས།།

འཇིགས་དང་སྡུག་བསྔལ་ཀུན་ལས་བསྐྱབ་མཛད་གསོལ།།

བཀྲ་ཤིས་ཕུན་སུམ་ཚོགས་པར་བྱིན་གྱིས་རློབས།།

ཅེས་གསུངས། བདག་དད་པ་ཅན་གྱི་གང་ཟག་གིས་མགོན་པོ་ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་གསུམ་ལ་རྩ་བའི་བླ་མ་སོགས་སྐྱབས་གནས་ཐམས་ཅད་འདུས་པར་བསམས་ནས། ཡིད་ཁྱེད་ཤེས་ཀྱི་དད་པས་མཚན་ཡིད་ལ་འཛིན་ཅིང་ངག་གིས་བརྗོད་ཅིང་། ལུས་ཀྱིས་ཁྱེད་ལ་ཕྱག་འཚལ་བར་ཡིན་པས། མགོན་པོ་ཁྱེད་ཀྱིས་གནས་སྐབས་འཇིགས་པ་བརྒྱད་དང་བཅུ་དྲུག་ལ་སོགས་པ་དང་། མཐར་ཐུག་སྐྱེ་འཆི་བར་དོའི་སྡུག་བསྔལ་ཀུན་ལས་བསྐྱབ་པར་མཛད་དུ་གསོལ་ཞེས་སྙིང་ནས་གསོལ་བ་འདེབས་པ་དང་། ནམ་ཞིག་བདེ་བ་ཅན་དུ་སྐྱེས་ནས་སངས་རྒྱས་ཐོབ་པ་ལ་སོགས་པ་འདི་དང་ཕྱི་མའི་ལེགས་ཚོགས་འཕེལ་བའི་བཀྲ་ཤིས་དགེ་མཚན་ཕུན་སུམ་ཚོགས་པ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་སྨོན་ལམ་བྱེད་དགོས་སོ། །དུས་སྙིགས་མའི་སྐབས་འདིར་མི་འདོད་པ་སྣ་དགུ་སོགས་མི་འདོད་པ་མང་པོ་འབྱུང་བ་དང་། སྔར་མ་དར་བའི་མི་ཕྱུགས་ནད་ཡམས་གཟའ་ཀླུ་རྒྱལ་གདོན་འབྱུང་པོས་འཚེ་བ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་དེ་ཚོ་བཟློག་ཐབས་རིམ་འགྲོ་ཅི་ཞིག་བྱས་རུང་། རྫོགས་པའི་སངས་རྒྱས་འོད་དཔག་མེད་སྐྱབས་གནས་ཀུན་འདུས་སུ་བཟུང་ནས་གསོལ་བ་ཐོབས་དང་དེ་བས་ལྷག་ཅིག་ཡོད་པ་མ་ཡིན། མདོ་ཉི་མའི་སྙིང་པོའི་ལས། སངས་རྒྱས་སྐྱབས་སུ་སེམས་ཅན་སུ་འགྲོ་བ། །བདུད་རྣམས་བྱེ་བས་བསད་པར་མི་ནུས་ཏེ། །ཚུལ་ཁྲིམས་ཉམས་ཤིང་བློ་ནི་འཁྲུགས་གྱུར་ཀྱང་། །དེ་ནི་ངེས་པར་སྐྱེ་བའི་ཕ་རོལ་འགྲོ། །ཞེས་གསུངས་པ་ཡིན་ནོ། །གནའ་ཞིག་ལ་ཚོང་པ་མང་པོ་ཞིག་རྒྱ་མཚོར་གྲུ་བཏང་ནས་ཚོང་ལ་སོང་བ་ན། རྒྱ་མཚོའི་ནང་ནས་ཆུ་སྲིན་ཆེན་པོ་ཞིག་གིས་གྲུ་བཟུང་ནས་མ་གཏོང་ནས་ཅི་བྱ་མེད་པར་གྱུར་དུས། མི་འགའ་རེས་འཇིག་རྟེན་པའི་ལྷ་གཞི་བདག་རི་དང་ཤིང་གི་ལྷ་ལ་གསོལ་བ་བཏབ་ཀྱང་ཕན་མ་ཐོགས། དེའི་ནང་ན་དགེ་བསྙེན་དེད་དཔོན་ཞིག་ཡོད་པ་དེས་སངས་རྒྱས་ལ་གསོལ་བ་བཏབ་ན་འཇིགས་པ་ལས་ཐར་པ་ཤེས་ཏེ་ཚོང་པ་ཐམས་ཅད་ལ་དེ་ལྟར་བསྐུལ་བས། ཐམས་ཅད་ཀྱིས་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་བསྒྲགས་པས་ཆུ་སྲིན་གྱིས་གྲུ་བཏང་ནས་ཚོང་པ་ཐམས་ཅད་བདེ་བླག་ཏུ་འགྲོ་སར་ཐོན་པ་མ་ཟད། ཆུ་སྲིན་གྱིས་ཀྱང་སངས་རྒྱས་ཀྱི་མཚན་རྣ་ལམ་དུ་ཐོས་པའི་རྐྱེན་གྱིས་ལུས་ངན་དེ་བོར་ནས་ལྷ་ཡུལ་དུ་སྐྱེས་སོང་བའི་ལོ་རྒྱུས་ཡོད་པ་ཡིན་ནོ། །ཡང་མི་ཞིག་མཚན་མོ་ལམ་དུ་འགྲོ་སྐབས་ངལ་ཞིང་དུབ་སྟེ་ངལ་གསོ་ཞིག་བྱེད་དགོས་སྙམ་སྟེ། དུག་སྦྲུལ་ཉལ་བ་ཤིང་སྡོང་དུ་འཁྲུལ་སྟེ་སྟེང་དུ་བསྡད་པ་ན་སྦྲུལ་གྱིས་གསོད་པར་བརྩམ་ཚེ། དེ་མ་ཐག་རྗེ་བཙུན་འཕགས་མ་སྒྲོལ་མ་ལ་གསོལ་བ་བཏབ་པས་དེ་ལས་ཐར་བའི་ལོ་རྒྱུས་ཡོད་དོ། །དེ་བཞིན་དུ་སྔར་བཤད་པའི་རྒྱ་གར་དུ་འཆི་ཁར་སྨོན་ལམ་ལོག་འདེབས་བྱས་པའི་གནོད་སྦྱིན་འབྲོག་གནས་ནག་པོ་ཞེས་པའི་སྲིན་པོ་མི་གཟན་ཞིག་ཡོད་པ་དེས། འབྲོག་གནས་ཞེས་པའི་ས་ཆ་དེའི་ཁྱིམ་ཚང་ཐམས་ཅད་ཀྱི་བུ་རྣམས་རིམ་གྱིས་ཁྲལ་དུ་བསྡུས་ཏེ་གསོན་པོ་ཟོས་པ་ན། སྐབས་ཤིག་བཟའ་ཚང་ཉམ་ཆུང་གཉིས་ཀྱི་བུ་དེ་ཟ་རེས་ལ་བབ་ཚེ། མ་དེས་རྫོགས་པའི་སངས་རྒྱས་ལ་སྐྱབས་འགྲོ་བྱས་པས་སངས་རྒྱས་ཀྱིས་དེ་མཁྱེན་ནས་སྲིན་པོ་མི་གཟན་འབྲོག་གནས་འདུག་སའི་གནས་དེར་བྱོན་ནས། ཁོང་གིས་ཆོས་གསུངས་ཏེ་དཀོན་མཆོག་གསུམ་གྱི་སྐྱབས་འོག་ཏུ་བཙུད་ཀྱང་། བཟའ་མི་ཉམ་ཆུང་གཉིས་ཀྱིས་དེ་མ་ཤེས་ཏེ་བུ་ཁུར་ནས་ངུ་ཞོར་དུ་སྲིན་པོའི་སར་སོང་བས་སྲིན་པོས་ཟས་གཞན་དག་བླངས་ནས། བུ་འདི་བཅོམ་ལྡན་འདས་ལ་ཕུལ་ཞིག་ཟེར་བ་ལྟར་བྱས་པས། བཅོམ་ལྡན་འདས་ཀྱིས་བུ་དེ་ཁྱིམ་བདག་ལ་ཕྱིར་གནང་ནས་ཕྱོགས་གཉིས་ཀ་ལ་དམ་པའི་ཆོས་གསུངས་པ་ལྟ་བུ་སྟེ། སངས་རྒྱས་ལ་གསོལ་བ་བཏབ་ན་དེ་འདྲའི་འཇིགས་པ་ཆེན་པོའི་གནས་ལས་ཐར་པའི་ལོ་རྒྱུས་ཡོད་པ་ཡིན། ཁྱད་པར་དུ་དེ་རིང་ཁར་སང་གི་འདྲེ་རྒོད་གདུག་པ་ཅན་དྲག་པོས་མི་ཐུལ་ཞིང་ཞི་བས་འདུལ་བའི་དུས་ཡིན་པས། སེམས་ཅན་ལ་བྱམས་སྙིང་རྗེའི་ངང་ནས་སྐྱབས་འགྲོ་བྱེད་རྒྱུ་འདིས་མི་ཐུལ་བའི་ལྷ་འདྲེ་ཞིག་ཡོད་མི་སྲིད། ཁྱད་པར་དུ་ད་སྐབས་ཚེ་སྲོག་གློ་བུར་དུ་འཕྲོག་པའི་དུས་ནད་མ་ངེས་པ་མང་ལ། ནད་དེ་ཚོ་འགའ་རེ་ནི་སེམས་ཅན་དམུ་རྒོད་ངན་སེམས་ཅན་གཅིག་གིས་གཅིག་ལ་གནོད་སྐྱེལ་བྱེད་ཀྱི་དུག་རྫས་ངན་པའི་རྫས་སྦྱོར་གྱི་ཁུངས་ནས་ཡོང་བ་དང་། ཡང་འགའ་རེ་ནི་ཚོང་པ་ཧམ་སེམས་ཅན་གྱི་ཟས་རིགས་རྫུན་མའི་སྡེབ་སྦྱོར་གྱི་ཁུངས་ནས་ཡོང་བ་དང་། མང་ཆེ་བ་ནི་མི་ཡུལ་ལ་དགེ་བ་མེད་པས་ལྷ་ཕམ། ལྷ་མིན་ནག་ཕྱོགས་གཡུལ་ལས་རྒྱལ་བའི་ཁ་རླངས་འདོད་ཁམས་ཀྱི་ཡུལ་ལ་བཏང་འོང་དུས་གཉན་ནད་མི་འདྲ་བ་མང་པོ་དར་ཡོང་བར་གསུངས་ཤིང་། དེའི་དུས་སུ་མིའི་ཁ་རྗེ་དབང་ཐང་བསོད་ནམས་མར་ཉམས་ནས། རྩི་ཤིང་ལ་བཅུད་མེད། སྨན་གྱི་ནུས་པ་ཆུང་བས་སྨན་ཇི་ལྟར་བཏུངས་ཀྱང་ནད་དྲག་ཐབས་མེད་པར་འགྱུར་བ་དང་། གཅོད་ཅིང་གཤགས་པའི་ཕྱི་ལུགས་སྨན་བཅོས་ཀྱི་ཐབས་འདི་ཚོས་གནས་སྐབས་ཀྱི་གཟེར་འཇོམས་དང་འཕྲལ་སེལ་ཙམ་གྱི་ཕན་རེ་ཐོགས་པ་ཙམ་མ་གཏོགས། དུག་གསུམ་ལས་གྱུར་པའི་རླུང་མཁྲིས་བད་ཀན་འདུ་བའི་ནད་རིགས་རྩ་བ་ནས་འཇོམས་བྱེད་ལ་རྒྱུད་བཞིའི་དགོངས་དོན་བོད་ལུགས་གསོ་རིགས་ཀྱི་སྨན་པའི་རྫས་སྦྱོར་འདི་ཁྱད་ཆོས་ཅན་ཡིན་ཡང་། གཙོ་བོ་སངས་རྒྱས་འོད་དཔག་མེད་ལ་གསོལ་བ་བཏབ་ན་དུས་མིན་འཆི་བའི་འཇིགས་པ་བཟློག་པ་གོང་དུ་བཤད་པ་ལྟར་དུ་འོད་མདོ་དང་། འཆི་མེད་རྔ་སྒྲ་དང་། ཚེ་མདོ་ལ་སོགས་པ་ནས་གསུངས་པ་ཡིན། དེ་ལྟར་གསོལ་བ་བཏབ་ན་བྱིན་རླབས་འབྱུང་བ་ནི་ཡིད་གཉིས་ཐེ་ཚོམ་མེད་པ་ཞིག་གིས་གསོལ་བ་བཏབ་ན་དེ་ལྟར་འགྲུབ་པ་མ་གཏོགས། ཐེ་ཚོམ་དང་བཅས་ཏེ་གསོལ་བ་བཏབ་ན་ཕན་ཐོགས་ཆུང་བ་ཡིན། དེས་ན་འོད་དཔག་མེད་ཀྱི་མཚན་བཟུང་ནས་གསོལ་བ་བཏབ་པས་གནས་སྐབས་ཚེ་འདིའི་ནད་གདོན་བར་ཆད་ཐམས་ཅད་ཞི་བར་མ་ཟད། མཐར་ཐུག་བདེ་བ་ཆེན་པོའི་ཞིང་ཁམས་ལ་སྐྱེ་བ་ཡིན། མདོ་ལས་སངས་རྒྱས་བཅོམ་ལྡན་འདས་ཀྱིས། འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། །བདེ་བ་ཅན་གྱི་འཇིག་རྟེན་ཁམས། །དེ་ན་རྫོགས་པའི་སངས་རྒྱས་བཞུགས། །དེ་བཞིན་གཤེགས་པ་ཚེ་དཔག་མེད། །སུ་ཞིག་དེ་ཡི་མཚན་བརྗོད་ན། །ཞིང་ཁམས་དེ་ན་སྐྱེ་བར་འགྱུར། །དེ་ལྟར་གསུངས་ཡོད་པས་བདེ་བར་གཤེགས་པའི་བཀའ་བསླུ་བ་མེད་པ་ཡིན་པས་ཚང་མས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ། །ཞེས་པ་འདི་ཚར་གྲངས་མང་པོ་གསོག་དགོས། མི་སྐྱ་ཕོ་མོ་ཐམས་ཅད་ཀྱིས་ཞིང་ཁམས་བདེ་བ་ཅན་དུ་འགྲོ་བསམ་ན་འདི་ཏག་ཏག་གསོག་དགོས། མི་རེས་འོད་མཚན་བྱེ་ཆུང་རེ་སོགས་ཐུབ་ངེས་བྱེད་དགོས། ད་རེས་ཀྱི་ཞིང་ཁྲིད་འདིའི་ནང་ལ་ཡོད་ཚད་ཀྱིས་འོད་མཚན་བྱེ་བ་རེ་ཆེ་སོག་ཆུང་སོག་བྱེད་རྒྱུ་ནི་གནད་ཆེ། བླ་མ་སེར་མོ་བ་ཡིན་ན་བཀའ་མདོ་རྒྱུད་ལུང་མན་ངག་གི་བསྐྱེད་རྫོགས་དང་འབྲེལ་བའི་ཆོ་ག་གཞན་དག་ཡོད་རྒྱུ་རེད། དེས་མ་འཐུས་པ་ཅི་ཡོད། འོན་ཀྱང་སེར་གྱི་སེར་སྐལ་དང་སྐྱ་བོའི་ཆོས་སྐལ་གཉིས་ཀ་མེད་ན། འདྲ་བེའུ་ཁ་འཆལ་མུ་གེས་འཆི་རྒྱུ་ཡོད་པས་རང་སེམས་དེ་ཡང་རང་གིས་མ་བརྟགས་ཐབས་མེད་པ་ཡིན། འོད་མཚན་དང་ཡིག་དྲུག་སོགས་ཆོས་ཆུང་ཆུང་རེད་བསམ་རྒྱུ་ཡོད་པ་མ་ཡིན། བླ་མ་རྩ་ཆེན་འགའ་རེས་མ་ཎི་སཏྭ་གསུངས་པའི་སྒྲ་ཐག་རེ་ཉན་ནས། དེ་ལ་ཨ་ཕྱི་རྒན་མོ་ཞིག་ཉིན་ཁུག་ལ་བསྡད་ནས་འདོན་པ་ཞིག་དང་འདྲ་འདུག་ཟེར་ནས་འཕྱ་རྒྱུ་དང་ཁྲེལ་ལབ་བྱེད་ག་ལ་རུང་། དེ་འདྲའི་སྙིང་ཁྲེལ་གྱིས་འཕྱ་ཁུལ་བྱེད་པ་ནི་གནད་མ་ཤེས་པའི་གླེན་རྟགས་རང་གིས་བསྟན་པ་རེད། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་སྙིང་པོ་གསུང་མཆོག་ཡི་གེ་དྲུག་མ་ཡིན་ན། དེའི་དོན་ཕྱོགས་ཙམ་ཡང་མི་ཤེས་པ་ཞིག་གིས་དེ་འདྲའི་རྡོལ་གཏམ་བཤད་ན་གང་ཟག་ལ་བརྟེན་ནས་ཆོས་སྤོང་གི་ལས་ངན་བསགས་པ་ཡིན་ནོ། །ཚང་མས་ཉལ་ཕྱག་རེ་མ་ཆགས་པར་གྱིས། བོད་མགོ་ནག་ཆོས་ས་ཆོས་ཡུལ་གྱི་མི་ཞིག་ཡིན་དུས་ཕྱུགས་ཉལ་ཉལ་དང་། ཕྱུགས་ལང་ལང་མ་བྱེད། བླ་སེར་ཚོར་ཞུ་ཅི་དགོས་ཀྱང་། ཐུན་བཞིའི་རྣལ་འབྱོར་ཆག་མེད་མ་ཐུབ་རུང་། ཡི་དམ་རེའི་བསྙེན་ཚད་དང་། རྒྱུན་དུ་ཞལ་འདོན་ཉམས་ལེན་རེ་ཆག་མེད་དགོས་མ་གཏོགས། ཤི་བོ་ཡར་འདྲེན་གྱི་སྔས་མགོའི་གཏད་ས་རེད། མི་སྐྱ་ཕོ་མོས་བླ་སེར་སྐ་རགས་སེར་པོའི་རྟགས་འཆང་ཚད་ཡན་ལ་གུས་པ་གྱིས། མི་ཁོ་རང་ལ་མ་དད་རུང་དེའི་གྱོན་རྒྱུ་སངས་རྒྱས་ཀྱི་ན་བཟའ་ངུར་སྨྲིག་གི་རྒྱལ་མཚན་དེར་གུས་པ་གྱིས་དང་བསོད་ནམས་ཁྱོད་རང་ལ་ཐོབ་པ་ཡིན།

སྨོན་ལམ་འགྲུབ་པའི་རྒྱུ་བདེན་ཚིག་གཟུངས་སྔགས་དང་བཅས་པ་བརྗོད་པ།

གསུམ་པ་སྨོན་ལམ་འགྲུབ་པའི་མཐུན་འགྱུར་བདེན་ཚིག་དང་གཟུངས་སྔགས་ཀྱིས་བྱིན་གྱིས་བརླབ་པ།

སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་།།

ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་།།

དགེ་འདུན་མི་ཕྱེད་འདུན་པའི་བྱིན་རླབས་ཀྱིས།།

ཇི་ལྟར་སྨོན་ལམ་བཏབ་བཞིན་འགྲུབ་པར་ཤོག།

ཅེས་གསུངས་ཏེ། སྤྱིར་ན་སྨོན་ལམ་བཏབ་ནས་འགྲུབ་རྒྱུ་དེ་རྒྱུ་ཚོགས་བསགས་རྒྱ་ཆེན་པོ་སྔོན་དུ་སོང་བ་ལ་ལྟོས་པ་ནི་གོང་དུ་བཤད་པ་ལྟར་ཡིན་པ་དེས་ན་ས་ཐོབ་འཕགས་ཆེན་གྱི་སེམས་དཔའ་ཐམས་ཅད་ཀྱིས་སྨོན་ལམ་ཅི་བཏབ་པ་ཐམས་ཅད་འགྲུབ་པ་དང་། ཡང་ཞིང་ཁྱད་པར་ཅན་ལ་བརྟེན་པ་དང་། ལྷག་བསམ་རྣམ་པར་དག་པས་སྨོན་ལམ་བཏབ་ན་འགྲུབ་སླ་བའང་གསུངས་ཤིང་། འོན་ཀྱང་རང་སྟོབས་ཀྱིས་སྨོན་ལམ་འགྲུབ་པའི་ནུས་པ་མེད་ན་གཞན་དཀོན་མཆོག་གི་མཐུ་ནུས་ལ་བརྟེན་ནས་བདེན་བརྡར་བྱས་ན། དཀོན་མཆོག་གསུམ་གྱིས་བསླུ་བ་མི་སྲིད་པ་ཡིན་པས་རང་གིས་སྨོན་ལམ་བཏབ་པ་ལ་མཐུན་འགྱུར་མཛད་དེ་འགྲུབ་ངེས་པ་ཡིན། ནམ་རྒྱུན་ང་ཚོས་སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་ཞེས་རྟག་པར་འདོན་ན་ཡང་། དེའི་དོན་སོགས་ལ་དེ་ཙམ་དོ་སྣང་བྱེད་ཀྱིན་ཨེ་ཡོད་མི་ཤེས། དེས་ན་སྐབས་འདིའི་སངས་རྒྱས་ཞེས་པ་ནི་མ་རིག་པའི་གཉིད་ལས་སངས་ཤིང་མཁྱེན་པའི་ཡེ་ཤེས་རྒྱས་པས་ན་སངས་རྒྱས་དང་། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཕྱིར་ན་སངས་རྒྱས་ཉིད། །ཅེས་གསུངས་པ་ལྟར་དུ་སངས་རྒྱས་དཀོན་མཆོག་ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་སྟེ་སྐུ་གསུམ་དབྱེར་མེད་གཅིག་ཏུ་འདུས་པའི་གོ་འཕང་བརྙེས་པའི་བདག་ཉིད་དེའི་བྱིན་རླབས་དང་། ཆོས་ཉིད་དེ་བཞིན་ཉིད། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་གསུངས་པ་ལྟར་ནམ་ཡང་མི་འགྱུར་བ་བདེན་པ་བསླུ་བ་མེད་པའི་མཚན་ཉིད་ཅན་དེའི་བྱིན་རླབས་དང་། འཕགས་པའི་དགེ་འདུན་གྱི་ཐུགས་རྒྱུད་རྟོགས་པའི་ཡོན་ཏན་ནི་བདུད་ལ་སོགས་པ་སུ་ཞིག་གིས་ཀྱང་ཐ་དད་དུ་སོ་སོར་མི་ཕྱེད་པར་འདུས་པའི་གང་ཟག་བཞི་ཡན་ཆད་ཚོགས་པའི་དགེ་འདུན་འདུས་པའི་བྱིན་རླབས་ལྷག་པར་དུ་ཆེ་བ་ཡིན་པས་ན་དེ་ལྟ་བུའི་འདུས་པའི་བྱིན་རླབས་དང་བདེན་པ་ཆེན་པོའི་མཐུས། གོང་དུ་རང་གི་ཡིད་ལ་བསམ་པའི་དོན་དེ་ཉིད་སྨོན་ལམ་གྱི་ཚིག་གི་སྟེང་ནས་མང་དུ་བཏབ་པ་དེ་དག་ཐམས་ཅད་གེགས་མེད་ཡིད་ལ་ཇི་ལྟར་འདོད་པ་བཞིན་དུ་འགྲུབ་པར་ཤོག་ཅིག་ཅེས་བདེན་དཔང་བརྗོད་བའི་ཚིག་འདི་སྨོན་ལམ་ནམ་འདེབས་ཀྱི་སྐབས་སུ་དྲན་ཐུབ་ན་བཟང་ངོ། །སྨོན་ལམ་འགྲུབ་པའི་མཐུན་འགྱུར་བདེན་ཚིག་གི་གཟུངས་སྔགས་ནི། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཞེས་པས་སྣ་དྲངས་ཏེ། ཏདྱ་ཐཱ། པཉྩ་ནྡྲི་ཡ་ཨ་ཝ་བོ་དྷ་ནི་སྭཱ་ཧཱ། ཞེས་གསུངས་པ་འདི་ནི་དབང་པོ་ལྔ་ཡོངས་སུ་དག་པའི་གཞི་ཚུགས་པའི་དོན་ཡིན་པར་གསུངས་ཤིང་། མདོར་ན་སྨོན་ལམ་འགྲུབ་པའི་འགྱུར་སྔགས་ཡིན་པས་སྨོན་ལམ་འགྲུབ་པའི་གཟུངས་སོ། །ཞེས་གསུངས་པ་ཡིན། ཕྱག་གི་འགྱུར་སྔགས་ནི། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཞེས་པས་སྣ་དྲངས་ཏེ། ན་མོ་མཉྫུ་ཤྲི་ཡེ། ན་མཿསུ་ཤྲི་ཡེ། ན་མོ་ཨུཏྟ་མ་ཤྲི་ཡེ་སྭཱ་ཧཱ། ཞེས་གསུངས་ཏེ། འདིའི་དོན་རིམ་པ་བཞིན་ཏུ། འཇམ་པའི་དཔལ་ལ་ཕྱག་འཚལ་ལོ། །ལེགས་པའི་དཔལ་ལ་ཕྱག་འཚལ་ལོ། །མཆོག་གི་དཔལ་ལ་ཕྱག་འཚལ་ལོ། །དེ་དག་གི་ཆེད་དུ་གཞི་ཚུགས་ཤིག་ཅེས་པའི་དོན་ཡིན་པར་གསུངས་འདུག འདི་དག་དེ་བཞིན་གཤེགས་པ་དེ་དག་གིས་བྱིན་གྱིས་བརླབས་པའི་གཟུངས་སྔགས་ཁྱད་པར་ཅན་ཡིན་པས་ཚར་རེ་བརྗོད་ན་ཕྱག་ལ་སོགས་པའི་དགེ་བ་མང་པོ་ཡར་འཕེལ་བ་དང་། སྨོན་ལམ་འགྲུབ་པའི་ཐབས་ཁྱད་པར་ཅན་ཡིན་པ་ཆགས་མེད་ཁོང་རང་གིས་ཀྱང་འདི་ནས་མཛད་བྱང་གི་ཡིག་ཆུང་དང་སྦྲེལ་ནས་གསུངས་པ་སྟེ། ཞེས་བརྗོད་ནས་ཞེས་པ་ནི་གོང་གི་སྔགས་དེ་དག་བཏོན་བཞིན་དུ་ཕྱག་གསུམ་འཚལ་ན་འབུམ་ཐེར་དུ་འགྱུར་བར་གསུངས། དེ་ནས་རབ་བརྒྱ་ཕྲག འབྲིང་ཅི་ནུས། ཐ་མ་ཡང་ཕྱག་བདུན་ཡན་འཚལ། རབ་འདི་མ་ཆག་པ་ཞེས་པ་སྟེ་བདེ་སྨོན་འདི་ཉིན་རེ་ཚར་རེ་འདོན་རྒྱུ་མ་ཆག་ན་ཤིན་ཏུ་ལེགས་ཤིང་། འབྲིང་ལོ་ཟླ་ཙམ་དུ་མ་ཆག་པ། ཐ་མ་ནམ་སྐབས་སུ་ཁ་ནུབ་ཏུ་གྱུ་ནས་བདེ་བ་ཅན་གྱི་ཞིང་ཁམས་ཡིད་ལ་དྲན་ཞིང་འོད་དཔག་མེད་ལ་ཐལ་མོ་སྤྱར་ཏེ་དད་པ་རྩེ་གཅིག་གིས་བཏོན་ན། ཚེ་འདིར་ཚེའི་བར་ཆད་སེལ། ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་ཐེ་ཚོམ་མེད་དོ། །འོད་མདོ་ཞིང་བཀོད་མདོ་དང་། པདྨ་དཀར་པོ་འཆི་མེད་རྔ་སྒྲ་སོགས་ཀྱི་དགོངས་པ་ཡིན། ཞེས་དགེ་སློང་རཱ་ག་ཨ་སྱས་སྦྱར་བས་འགྲོ་བ་སེམས་ཅན་མང་པོ་བདེ་བ་ཅན་དུ་སྐྱེ་བའི་རྒྱུར་གྱུར་ཅིག །ཅེས་གསུངས་ཏེ། མཇུག་ཡོངས་སུ་རྫོགས་པའི་དགེ་བ་སེམས་ཅན་ཐམས་ཅད་རྫོགས་བྱང་དུ་འགོད་པར་བྱེད་པའི་སྨོན་ལམ་གྱིས་མཐའ་བརྒྱན་པར་མཛད་པའོ། །དེའི་ཡན་ཆད་ང་ཚོས་མཁས་གྲུབ་ཀརྨ་ཆགས་མེད་ཀྱིས་མཛད་པའི་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་བོད་ཁམས་ཡོངས་རྫོགས་ལ་ཁྱབ་རྒྱ་ཆེ་བའི་འགྲོ་དོན་ཅན་འདིའི་སྟེང་ནས། ཞིང་ཁྲིད་བཤད་ནས་མཇུག་ཡོངས་སུ་རྫོགས་པའི་དགེ་བ་བསྔོ་ས་ལ་ཐུག་པ་རེད། སྤྱིར་ན་རང་གཞན་བར་གསུམ་སེར་སྐྱ་ཕོ་མོ་རྒན་དར་གཞོན་གསུམ་སྟེ། སྲོག་ཆགས་ཚད་རྣམ་ཤེས་ཡོད་ཚད་ཐམས་ཅད་བདེ་བ་འདོད་མཁན་ཞིག་མ་གཏོགས་སྡུག་བསྔལ་འདོད་མཁན་གཅིག་ཀྱང་ཡོད་པ་མ་ཡིན་ཡང་། མཐར་ཐུག་གཏན་གྱི་བདེ་བ་སྡུག་བསྔལ་གྱི་ཤུལ་རྗེས་ཙམ་ཡང་མེད་པ་ནི་རྫོགས་བའི་སངས་རྒྱས་ཀྱི་གོ་འཕང་ཡིན་པས། དེ་ཉིད་ཐོབ་པར་བྱེད་པ་ལ་བྱང་ཆུབ་སེམས་དཔའི་བྱ་དཀའ་བའི་སྤྱོད་པ་རྒྱ་མཚོ་ལྟ་བུ་ལ་བསླབས་ནས་རྫོགས་སྨིན་སྦྱངས་གསུམ་བྱེད་དགོས། མདོ་ལམ་ལ་ཆ་བཞག་ན་བསྐལ་བ་གྲངས་མེད་མང་པོ་ཞིག་ལ་འགོར་བ་དང་། སྔགས་ལམ་ནས་བཤད་ཡོང་ནའང་གསང་སྔགས་མྱུར་ལམ་ཐབས་མང་དཀའ་བ་མེད་པ་དང་། ཚེ་གཅིག་ལུས་གཅིག་གིས་སངས་རྒྱས་རྙེད་པའི་ཆོས་ཡིན་ཡང་། ཆོས་ཐུན་མིན་ཡིན་པ་མ་ཟད་གང་ཟག་ཀྱང་ཐུན་མིན་ཡིན་དགོས་པ་མ་གཏོགས། མགོ་མཐོ་ས་ལ་བཏགས་ཀྱང་སྐེ་དམའ་ས་ནས་ཆད་དེ། མདོ་ལམ་མ་བསྒྲུབས་སྔགས་ལམ་མ་འགྲུབ་ནས། ཡང་འདྲ་བེའུ་ཁ་འཆལ་མུ་གེས་ཤི་བའི་དཔེ་ཡོད་པ་ཡིན། ད་རེས་ཀྱི་སྐྱེ་བ་འདིར་ཐར་ལམ་གྱི་སྣེ་ཞིག་མ་ཟིན་ན། ཕྱིས་ནས་འདི་འདྲའི་ལུས་རྟེན་རྙེད་པ་དཀའ་མོ་རེད། རྙེད་ཀྱང་དམ་ཆོས་ཚུལ་བཞིན་དུ་སྒྲུབ་པའི་ད་ལྟའི་ལུས་འདི་འདྲ་དེ་བས་ཀྱང་དཀའ་ལ། སྐྱེ་བ་འདི་བརྗེས་ནས་དག་པའི་ཞིང་ཁམས་ཤིག་ལ་ཐད་ཀར་འགྲོ་དགོས་ན་འཕགས་པ་ཞིག་མིན་ན་ནམ་མཁའི་སྐར་མ་ལ་ལག་སྙོབ་བྱས་པ་ལྟར་ཐོན་དཀའ་བ་ཡིན། མགོན་པོ་འོད་དཔག་མེད་སློབ་པ་ལམ་གྱི་གནས་སྐབས་ན་དགེ་སློང་ཆོས་ཀྱི་འབྱུང་གནས་ཀྱི་སྐྱེ་བ་བཞེས་པའི་ཚེའམ། རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱི་སྐྱེ་བ་བཞེས་བའི་སྐབས་སུ་ཐུགས་བསྐྱེད་དང་ཚོགས་བསགས་རྒྱ་ཆེན་པོ་མཛད་པ་ལ་བརྟེན་ནས་ཞིང་ཁམས་བཟུང་བ་ཡིན་པས། བདེ་བ་ཅན་གྱི་ཞིང་ཁམས་དེར་འཕགས་པ་མིན་ཡང་སོ་སོའི་སྐྱེ་བོ་བགྲོད་ཐུབ་པ་ཡིན། ལར་རང་ཅག་གི་མི་ལུས་འདི་ཚེ་ཐུང་ནད་མང་གི་གནས་སུ་སྐྱེ་བ་བླངས་བ་དང་། དུས་ངན་སྙིགས་མའི་སེམས་ཅན་ཡིན་པས། བདེ་བ་ཅན་གྱི་ཞིང་ཁམས་ཀྱི་ཚེ་ཚད་མ་དགོས་ལྷ་ཡུལ་གྱི་ལྷའི་འགྲོ་བའི་ཚེ་དང་བསྡུར་ནའང་། རང་ཅག་གི་ཚེ་ཚད་འདི་སྐད་ཅིག་ཐང་ཅིག་ཡུད་ཙམ་ཞིག་ལས་མ་འདས། དེའི་སྟེང་དུ་འཁོར་བའི་སྡུག་བསྔལ་གྱིས་མནར་ནས་ཟིན་མེད་ཀྱི་བྲེལ་དོས་ཁོམ་པ་མེད་པའི་གནས་འདི་ནས་ཐར་བའི་སྲོག་རྩ་བརྟན་པོ་ཞིག་ཐོབ་པ་དེ་ལམ་གཞན་ནས་འགྲུབ་དཀའ་བ་ནི་ཕར་བལྟས་ཚུར་གཟིགས་གཉིས་ཀ་རེད། དེས་ན་དང་པོ་བདེ་བ་ཅན་ན་སྐྱེ་ཐབས་བྱེད། བདེ་བ་ཅན་ན་སོ་སོའི་སྐྱེ་བོ་ཐ་མལ་པ་ཡིན་ཡང་སྐྱེ་ཐུབ་པ་ནི་སངས་རྒྱས་ཀྱི་གསུང་བསླུ་བ་མེད་པས་གསུངས་པས་ཐེ་ཚོམ་ཡིད་གཉིས་མི་དགོས་ལ། མི་དང་མི་འདྲ་འདྲ་ཡིན་པ་དང་། བདེ་བ་འདོད་ལུགས་དང་སོ་སྐྱེ་ཡིན་པའང་གཅིག་མཚུངས་ཡིན་པས། འགའ་རེས་འགྲུབ་རྒྱུ་དེ་འགའ་རེས་མི་འགྲུབ་པར་སྐལ་བ་སྒེར་ལ་ཆད་དགོས་དོན་ཅི་ཡང་མེད་པ་ཡིན། བདེ་བ་ཅན་དུ་སྐྱེས་ཚར་དུས་ཚེ་རིང་ཞིང་ནད་མེད་པ། འབྱོར་བ་རྒྱས་པ། འཇིག་རྟེན་གྱི་སྡུག་བསྔལ་དང་། མི་བདེ་བྲེལ་ཟིང་མིང་ཙམ་ཡང་མེད་པས། སངས་རྒྱས་མཐོང་བ་དང་མི་འབྲལ་བར་དམ་ཆོས་ཉན་ཆོག་པ་ཡིན། ཞིང་ཁམས་དེ་ནས་ས་བཅུ་ལམ་ལྔ་རིམ་གྱིས་བགྲོད་ནས་རྫོགས་བའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱས་ཏེ། མ་རྒན་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་འདྲེན་པར་བྱེད་ན་མ་གཏོགས། ད་ལྟའི་རང་ཅག་གི་ལུས་ངན་འདིའི་ཐོག་ནས་རྣམ་སྨིན་མྱོང་ཞོར་དུ་གཞན་སེམས་ཅན་འདྲེན་ཟེར་བ་ནི། ལྷ་རང་མགོ་མི་ཐོན་པའི་ཐོག་ཏུ་འདྲེ་ཤ་ཐག་བྱེད་པ་ཞེས་པའི་དཔེ་ལས་མ་འདས་པ་ཡིན། དེས་ན་རང་མི་གཅེས་པ་དང་རང་མི་དམར་བ་ཞིག་མེད་པས། བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་ལ་འབད་པ་གྱིིས་དང་། འབད་ཚད་ཐམས་ཅད་བདེ་བ་ཅན་དུ་མ་སྐྱེས་ན་རྫོགས་པའི་སངས་རྒྱས་ཀྱིས་བསླུས་པ་ཡིན། གཞན་ཡང་རྫ་མཚམས་པ་འཇིགས་མེད་རྒྱལ་བའི་མྱུ་གུ་དང་། རྫོགས་ཆེན་དཔལ་སྤྲུལ་ཚང་། རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་རྣམ་པས་ཀྱང་རྒྱུ་བཞི་ལ་འབད་ནས་མ་སྐྱེས་ན་ངེད་ཅག་གིས་བསླུས་པ་ཡིན་ཞེས་ཚང་མས་ཞལ་དྲོན་མོའི་ནང་ནས་གསུངས་པ་ཡིན། སངས་རྒྱས་དངོས་བྱོན་གྱི་བླ་མ་དེ་ཚོས་རང་ཅག་བསླུ་བ་ཞིག་ག་ལ་སྲིད། དེས་ན་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་འདི་མདོ་རང་ལམ་ནས་ཤིན་ཏུ་ཟབ་པའི་མྱུར་ལམ་ཁྱད་པར་ཅན་ཡིན་པས། ཚང་མས་དེ་ལ་འབད་རྒྱུ་དེ་རང་དྲིན་རང་ལ་ཆུང་མ་བཅུག འཆི་ཁར་འགྱོད་པ་མེད་པ་ཞིག་ད་ནས་བྱེད་དགོས། འདིའི་ཉི་མ་བདུན་སྒྲུབ་དེའི་ཚེ་ལ་བདེ་བ་ཅན་ལ་སྐྱེ་བའི་རྒྱུ་བཞི་པོ་ཨ་འོར་ཡང་འོར་བྱས་ཡོད་པས། རྣ་འཇགས་རེ་ཕལ་ཆེར་ཁུར་ཡོད་ཚོད་ཡིན་བསམ་རྒྱུ་ཞིག་ཡིན། ད་རུང་ཡང་བསྐྱར་ང་ཚོས་རྗེས་དྲན་གྱི་ཚུལ་དུ་དྲན་གསོ་ཐེངས་གཅིག་བྱེད་ན། རྟེན་རྒྱུ་གྲོགས་རྐྱེན་བཞི་ལས། དང་པོ་ནི་རྟེན་ཚོགས་ཞིང་གསལ་འདེབས་པ་ཡིན། གཉིས་པ་ནི་རྒྱུ་ཚོགས་བསགས་སྒྲིབ་པ་སྦྱོང་བ་དང་། གསུམ་པ་ནི་གྲོགས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། བཞི་པ་ནི་རྐྱེན་སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་བ་དང་བཞི་པོ་ཡིན་པས། ཚང་མས་བློ་ལ་ཟུང་། དེའི་དོན་ཕར་བཤད་ཚུལ་བཤད་རེ་གྱིས། ཁྱིམ་པ་མི་ནག་པ་རྣམས་ཀྱིས་ཀྱང་དགོང་འདོན་བདེ་སྨོན་ཚར་རེ་མཉམ་དུ་འདོན་རྒྱུ་མ་ཆག་པར་གྱིས་དང་། གསོན་པོའི་སྐུ་རིམ། ཤི་བོའི་དགེ་རྩ་ལ་དེ་ལས་དགའ་ཞིག་ཅི་ཡོད། ཟོག་གི་ལྷས་ནང་དུ་རྟ་སྒ་མ་ཞིག་ཁྲིད་པ་ལ་རྣམ་རྟོག་བྱེད་འདུག་པ་ལས་སྒོ་བཤས་སྤོངས། ཚེ་ཐར་གྱིས། མ་འབྲི་ཚེ་རྒན་དག་བཤས་ལག་ལ་མ་རྒྱག སྒོ་ཁྱི་རྒས་པ་ཁ་མ་སྐོར། སྐོར་ཁྱི་དེ་ཚོ་ལ་ཁྱི་ཆས་ཡག་པོ་རེ་བྱིན། བེའུ་ལུག་ཆུང་གསུམ་མུ་གེས་མ་གསོད། རང་ཉིད་གཞན་གྱི་ལག་ཞབས་ལ་ཚུད་དུས་སྡུག་གཏད་ཡོང་ན་ཅི་འདྲ་ཞིག་ཡོད་པར་འདུག དེ་ཚོ་ཞེ་ཐོག་ལ་བླངས་ནས་རང་གི་ལག་ཞབས་ལ་ཡོད་པའི་མི་ཕྱུགས་སེམས་ཅན་སུ་ཡིན་ཡང་། སྡུག་བསྔལ་མེད་ཐབས་དང་། བདེ་བ་ལྡན་ཐབས་རེ་གྱིས་དང་དེ་དག་ཆོས་དང་གཞན་ཕན་ཡིན། ཉོན་མོངས་པ་དུག་ལྔ་དུག་གསུམ་རྩ་བ་ནས་ད་ལྟ་སྤོང་མ་ཐུབ་རུང་། ཉོན་མོངས་དབང་ཆེན་ལ་མ་ཤོར་བར་ཚོད་འཛིན་རེ་ཨེ་ཐུབ་ལྟོས་དང་དེའི་ཚོད་ཀྱི་བདེ་བ་རེ་ཐོབ་རྒྱུ་ཡོད་པ་ཡིན། ད་རེས་ང་ཚོས་པདྨ་ཐང་ལུང་རྟོགས་པདྨའི་དགའ་ཚལ་གྱི་གཙུག་ལག་ཁང་འདིའི་ནང་ནས། ཞིང་ཁྲིད་ཞིང་སྒྲུབ་དང་སྦྲགས་མ་བདུན་ཕྲག་གཅིག་གི་འཆད་ཉན་ཐེངས་གཅིག་ཡོངས་སུ་གྲུབ་སོང་བ་རེད། ད་ཕྱིན་ཆད་ད་དུང་འདོན་དང་མི་འདོན་ནི་གཅིག་མང་མོས་ཀྱི་འདོད་ཕྱོགས། གཉིས་དུས་བབ་ཀྱི་དགོས་ཆོས་ཏེ་ལྟོས་ས་ལྟོས་ཆོས་ཅན་ཞིག་རེད། ཡིནའང་ཆོས་འདིའི་སྒོ་མོ་ཕྱེས་ནས་སེམས་ཅན་མང་པོ་ཞིག་དག་པའི་ཞིང་ཁམས་བདེ་བ་ཅན་ལ་འདྲེན་ཐུབ་པའི་སྨོན་ལམ་འདེབས་རྒྱུ་ཡིན། རང་གཞན་ཚང་མ་ལྷ་དང་བླ་མས་བསྐྱབས། དཀོན་མཆོག་གི་ཐུགས་རྗེས་འཚོ་ཁམས་བརྟན་ནས་སླར་ཡང་འདི་བཞིན་དུ་འཛོམ་རྒྱུ་བྱུང་ན། སང་ཕོད་ཀུན་བཟང་བླ་མའི་ཞལ་ལུང་ཟླ་ཁྲིད་ཅིག་དང་། ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོ་སེམས་སྦྱོང་བདུན་གྱི་དོན་ཁྲིད ཁྲིད་སྦྱོང་དང་སྦྲགས་མ་ཟླ་བ་ཕྱེད་གཉིས་ཙམ་གྱི་རིང་ལ་འདོན་སྙམ་པ་ཡིན། དེ་ལ་ཐོབ་མི་ཐོབ་ཀྱི་ཆ་རྐྱེན་མང་པོ་ཞིག་འཛོམ་འདུག་མི་དགོས། དམ་ཉམས་ངན་པ་དང་སྲུང་མ་མི་གཅིག་པའི་རིགས་འདྲ་མིན་ན་སུ་ཡིན་ཡང་ཐོབ་ཆོག སྲུང་མ་བསྟེན་ཕྱོགས་འདིའི་སྐོར་ནས་ཚང་མས་གཟབ་གཟབ་བྱེད་དགོས། དེ་སྔོན་ས་འདིའི་དམེ་འཁྲུག་གྱོད་གཞི་ན་ཚ་ཤི་ཆད་གཏོར་བརླགས་དཀྲུག་ཤིང་མང་པོ་ཞིག་འདིའི་ཁོངས་ནས་ཡོང་བ་ཡིན། དེ་ཚོ་དང་མ་འབྲེལ་དུས་ཆོས་འདི་དག་ཐོབ་པ་ཡིན། ཡིན་ནའང་མི་རྟག་པ་ལ་རྟག་པར་འཛིན་པ་དང་། མི་ཚེ་ཐུང་ཐུང་ལ་ཚད་ཤིང་རིང་པོ་འཇོག་རྒྱུ་དེ་རང་ག་རེད། ལར་འདོན་ལོང་ཡོད་རུང་ཉན་ལོང་ཡོད་པའི་མི་འདིའི་ནང་ན་དཀོན་པོ་རེད། འཇིག་རྟེན་ཁྱིམ་པ་བ་ཡིན་ཡང་ངས་ན་ནིང་བཤད་པའི་ཀུན་བཟང་ཞལ་ལུང་གི་སྒྲ་འཁོར་རེ་ལོན་ན་ཉོན་དང་སེམས་ལ་ཅུང་ཟད་རེ་ཕན་ཤས་ཆེ། དམ་པའི་ཆོས་ཞེས་པ་འདི་སྐྱིད་ན་གོང་གནོན་ཡིན་པ་དང་། སྡུག་ན་སྐྱོ་རོགས་ཡིན་པས་སྐྱིད་སྡུག་གཉིས་ཀའི་སྐབས་ལ་མཁོ་བ་ཞིག་ཡིན། དུས་གསུམ་གྱི་དུས་ཞེས་པ་དེ་ཉིན་མཚན་བར་མེད་དུ་སྐད་ཅིག་གཅིག་ཙམ་ལའང་མི་འདུག་པར་འཁོར་ཞིང་། འདིས་སྲིད་པ་གསུམ་པོ་རྔམ་ཟས་སུ་ཟ་བཞིན་ཡོད་པས། དེ་སྔ་སྲིད་པ་ཆགས་ནས་བཟུང་ས་འདིའི་ཐོག་ལ་རྐང་རྗེས་བཞག་ཚད་རྣམས་ལ་བསམ་བློ་ཞིག་བཏང་ན། ཅི་འདྲའི་མཐོན་པོའི་ཐོབ་ཡོད་པ། ཕྱུག་པོའི་འབྱོར་བ་ཡོད་པ། དཔའ་བོ་སྟག་ལྟ་བུ། མཛེས་མོ་ལྷ་ལྟ་བུ་ཡོད་མྱོང་ན་ཡང་། ཚང་མ་དུས་ཀྱི་ཆོས་ཉིད་ཀྱི་དབང་དུ་སོང་ནས་ལོ་རྒྱུས་ཀྱི་རྗེས་ཤུལ་ཡོད་ལ་མེད་ལ་དང་། དེ་ཡང་ལོ་བརྒྱ་ཚོ་སྟོང་ཚོ་སོང་ན་ལོ་རྒྱུས་ཡང་མེད་པ་གྱུར་ཏེ་མི་མངོན་པའི་དབྱིངས་སུ་རྒྱས་བཏབ་པ་ཡིན། རགས་པ་རྒྱུན་གྱི་མི་རྟག་པ་ལོ་དང་ཟླ་བ་ཡིས་འགྱུར་བ་དང་། ཕྲ་བ་སྐད་ཅིག་གིས་མི་རྟག་པ་སྐད་ཅིག་སྐར་མའི་ཆ་ཤས་ཀྱིས་འགྱུར་བཞིན་ཡོད་པ་ཡིན། རང་རེ་འང་ཆོས་ར་འདིའི་ནང་ལ་ཁར་སང་ཁས་ཉིན་ཞིག་ལ་མཉམ་དུ་འཛོམས་པ་ཡིན་སྙམ་པ་ལྟ་བུ་དེ་ཡང་བརྩིས་འོངས་ན་དེ་རིང་གི་ཉི་མ་བདུན་འདས་ཚར་བ་རེད། ཚང་མའི་ཚེའི་ནང་གི་ཉི་མ་བདུན་རེ་ཟད་སོང་བ་རེད། འདི་ལྟར་བསམ་བློ་བཏང་ན་འཇིག་རྟེན་ཕྱི་མའི་ལམ་ཆེན་ལ་ཐོན་ཞེས་པ་དེའང་ཐག་རིང་རྒྱང་གི་སྐད་ཆ་ཞིག་མ་ཡིན་པས། ཚང་མས་འདང་རེ་བརྒྱབ་ནས་ཆོས་འཇིག་རྟེན་གྱི་བྱ་བ་གང་བསྒྲུབས་ཀྱང་མི་ཚེའི་དུས་ཚོད་དང་ཚོད་འགྲིག་པ་ཞིག་གི་འཆར་གཞི་ཞོག་པ་ནི་གལ་ཆེ་བ་ཡིན། འདུས་པ་ཐམས་ཅད་འབྲལ་བའི་ཆོས་ཅན་ཡིན་པས། རང་རེ་མཉམ་དུ་འཛོམས་པ་འདི་ཡང་སང་གནང་ཟེར་དུས་རང་རང་ཁ་ཁ་སོ་སོའི་ལམ་དུ་སོང་ནས་འབྲལ་རན་པ་ཡིན། ཀུན་མཁྱེན་ཆོས་རྗེས། བདེ་སྐྱིད་ལོངས་སྤྱོད་འདི་དང་དུས་རྟག་ཏུ། །མི་འབྲལ་སྤྱོད་པར་འདོད་ཀྱང་འབྲལ་བར་ངེས། །བཟང་པོའི་བླ་མ་འདི་དང་དུས་རྟག་ཏུ། །མི་འབྲལ་ཆོས་ཉན་འདོད་ཀྱང་འབྲལ་བར་ངེས། །ཞེས་གསུངས་པ་ཡིན། ཁྱིམ་ཕ་མ། པང་བུ་རྒྱུད། མིང་སྲིང་ཚ་ཞང་ཐམས་ཅད་པོ་འབྲལ་མེད་ཡུན་དུ་བརྟན་རྒྱུ་ཞིག་མ་ཡིན་པར་ཞག་ཉི་མའི་ལོ་ཟླ་ཚང་དུས་འབྲལ་རན་པ་མ་ཟད། ང་ཟེར་ནས་གཅེས་སྤྲས་བདག་སྐྱོང་བྱེད་སའི་ལུས་འབྱུང་བཞི་ཁྲག་གི་ཕུང་པོ་འདི་ཡང་ཤ་དང་རུས་པ། སྐྲ་དང་བ་སྤུ་རྣམས་ཁ་ཁར་གྱེས་ཏེ་རྡུལ་ཕྲན་གྱི་ཕུང་པོར་འཐོར་བ་ལས་མ་འདས་པས་འདུས་བྱས་ཀྱི་ཆོས་ལ་རྟག་འཛིན་བྱེད་རྒྱུ་ག་ལ་ཡོད། དེས་ན་འཆི་བ་ཟེར་བའི་དགྲ་ཆེན་པོ་དེ་ད་ལྟ་མགོ་ཐོག་ལ་ཐོན་ཡང་འགྱོད་པ་མེད་པ་ཞིག་གྱིས། ངས་དུས་རྒྱུན་དུ་སྨོན་ལམ་ཅི་ཞིག་འདེབས་ཀྱིན་ཡོད་ཟེར་ན། ང་པདྨ་སྐལ་བཟང་མིག་གིས་རིག་ཚད། ངའི་མིང་རྣ་བས་གོ་ཚད། ང་ལ་བཟང་པོ་ཁ་ལག་སྤྱོད་གསུམ་གྱིས་འབྲེལ་ཚད། ངན་པ་ལོག་སྒྲུབ་སྐུར་འདེབས་ཀྱིས་འབྲེལ་ཚད། ང་ལ་བླ་མ་བྱས་ནས་དད་པ་བྱེད་མཁན། ང་ལ་དགྲ་རུ་བཟུང་ནས་འཁོན་དུ་འཛིན་མཁན། ང་ལ་ཟས་ཀྱི་འདུ་ཤེས་བཞག་ནས་ཟ་མཁན་གྱི་འབུ་དང་སྦྲང་མ། ཐ་ན་ངའི་ལུས་ལ་བརྒྱུད་ནས་རླུང་གི་རྫི་ཕྱོགས་ཕོག་པ་ཡན་གྱི་ཐམས་ཅད་ཡོངས་རྫོགས་ཚེ་འདི་དང་ཕྱི་མར་བདེ་ནས་བདེ་བའི་ལམ་ལ་འགྲོ་བར་ཤོག་ཅེས་སྨོན་ལམ་རྒྱག་བཞིན་ཡོད་པས་ཁྱེད་འདིར་ཡོད། ང་དང་ད་རེས་ཆོས་ཀྱིས་འབྲེལ་ཚད་ཚང་མ་ཚེ་འདིར་བདེ་ཞིང་། ཕྱི་མ་སྐྱིད་པའི་སྨོན་ལམ་བཏབས་པས་མ་ཚད། ཕྱི་མ་བདེ་བ་ཅན་གྱི་ཞིང་ཁམས་སུ་ལམ་སྟོན་ལམ་སྣ་འདྲེན་ཐུབ་པའི་སྨོན་ལམ་འདེབས་ནས་འདུག སང་ནང་རང་གཞན་ཚང་མ་བྲེལ་བ་ཚབ་ཚུབ་རེད་འགྲོ་རྒྱུ་རེད། སྐད་ཆ་བཤད་རྒྱུའི་གོ་སྐབས་ཡོད་རྒྱུ་མ་རེད། ཚང་མ་ཡོངས་རྫོགས་ཚེ་རིང་ལོ་བརྒྱ། དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་དང་། ད་རེས་ཀྱི་ཆོས་ཁྲིད་འདིའི་ནང་དུ་ཞུགས་ནས་ཆོས་ར་རྡོག་པས་བརྫིས་ཚད། ཆོས་མ་ཎི་ཁ་ཡིས་བླངས་ཚད། དགེ་སེམས་སྐད་ཅིག་མ་ཞིག་སྐྱེས་ཚད། དགེ་སྒྲུབ། སྡིག་སྤོང་། ཚོགས་གསོག་སྨོན་ལམ། ཕྱག་སྐོར། སྒྲིབ་སྦྱོང་ཁས་ལེན་དམ་བཅའ་བྱས་ཚད་ཀྱི་དགེ་བའི་རྩ་བས་མཚོན་ཏེ། རང་གཞན་གྱི་དུས་གསུམ་བསགས་ཡོད་ཀྱི་དགེ་རྩ་ཐམས་ཅད་གཅིག་ཏུ་བསྡུས་ཏེ་བསྡོམས་པའི་མཐུས། ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས། བསྟན་འཛིན་གྱི་སྐྱེས་བུ་དམ་པ་སྔ་རབས་གཤེགས་པ་རྣམས་ཀྱི་དགོངས་པ་ཡོངས་སུ་རྫོགས། ད་ལྟར་བཞུགས་པ་རྣམ་ཀྱི་སྐུ་ཚེའི་ཞབས་པད་ཡུན་རིང་དུ་བརྟན། རྨད་བྱུང་ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་ལྷུན་གྱིས་གྲུབ། སླད་ནས་འབྱོན་གྱུར་གྱི་སྐྱེས་ཆེན་དམ་པ་དག་གིས་བསྟན་ལ་སྨོན་པའི་ཕྲིན་ལས་མཁའ་ཁྱབ་ཏུ་བརྡལ། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན། ཁྲིམས་གཙང་། བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འབྱོར་ལྡན་བསྟན་པའི་སྦྱིན་བདག་གང་ན་སུ་ཡོད་ཐམས་ཅད་ཀྱི་དབུ་འཕང་མངའ་ཐང་དགུང་དུ་བསྟོད། འཇིག་རྟེན་གྱི་ཁམས་ཀུན་ཏུ་ཆར་ཆུ་དུས་སུ་འབེབས། ལོ་ཕྱུགས་རྟག་ཏུ་ལེགས། མི་ནད་དང་ཕྱུགས་ནད་ཐམས་ཅད་རྒྱུན་ཆད། ནད་མུག་མཚོན་འཁྲུག་གི་བསྐལ་པ་ཞི། ཁྱད་པར་དུ་ཡངས་པའི་རྒྱལ་ཁམས་ལ་དབང་བསྒྱུར་བའི་ཆེ་བཙན་དྲག་ཤུལ་ཅན་རྣམས་ཀྱི་གནོད་འཚེ་གདུག་པའི་བསམ་སྦྱོར་ཐམས་ཅད་ཞི་ནས་ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཏེ། ཡིད་ཅན་འགྲོ་བ་མཐའ་དག་ཕན་ཚུན་ཕ་མ་དང་སྤུན་སྲིང་ལྟ་བུའི་འདུ་ཤེས་ནམ་ཡང་མི་ལྷོད་པའི་ཐོག་ནས། ད་རེས་འདི་ན་ཞུགས་ཚད་ཀྱི་ཚེ་འདིའི་ཕ་མ་གཉིས་དང་དགྲ་བགེགས་གཉིས། འབྲེལ་ཐོགས་ཚེ་འདས་ཕོ་མོ་རྣམས་ཀྱིས་གཙོར་བྱས་པའི་མཐའ་ཡས་པའི་སེམས་ཅན་ཐམས་ཅད་མྱུར་དུ་རྣམ་མཁྱེན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་ཐོབ་བའི་རྒྱུར་འགྱུར་བའི་ཕྱིར་དུ་བསྔོ་བའི་ཐུགས་འདུན་ཟབ་མོ་གནང་བར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །སྐྱེ་རྒ་ན་འཆི་རྦ་ཀླུང་འཁྲུག་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཕྱིར། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ།། ལན་གསུམ། ༈ ཨེ་མ་ཧོ༔ ངོ་མཚར་སངས་རྒྱས་སྣང་བ་མཐའ་ཡས་དང༔ གཡས་སུ་ཇོ་བོ་ཐུགས་རྗེ་ཆེན་པོ་དང༔ གཡོན་དུ་སེམས་དཔའ་མཐུ་ཆེན་ཐོབ་རྣམས་ལ༔ སངས་རྒྱས་བྱང་སེམས་དཔག་མེད་འཁོར་གྱིས་བསྐོར༔ བདེ་སྐྱིད་ངོ་མཚར་དཔག་ཏུ་མེད་པ་ཡི༔ བདེ་བ་ཅན་ཞེས་བྱ་བའི་ཞིང་ཁམས་དེར༔ བདག་གཞན་འདི་ནས་ཚེ་འཕོས་གྱུར་མ་ཐག༔ སྐྱེ་བ་གཞན་གྱིས་བར་མ་ཆོད་པ་རུ༔ དེ་རུ་སྐྱེས་ནས་སྣང་མཐའི་ཞལ་མཐོང་ཤོག༔ དེ་སྐད་བདག་གིས་སྨོན་ལམ་བཏབ་པ་ཡིས༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས༔ གེགས་མེད་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ༔ ཏདྱ་ཐཱ༔པཉྩ་ནྡྲི་ཡ་ཨ་ཝ་བོ་དྷ་ནི་སྭཱ་ཧཱ༔ ༈ བསླུ་མེད་བདེ་ལྡན་ཞིང་མགོན་འོད་དཔག་མེད། །རྩེ་གཅིག་དད་པའི་ཤུགས་ཀྱིས་ཁྱེད་བསྒོམས་ན། །དྭངས་བའི་ཡིད་ངོར་སྣང་སྟོང་སྒྱུ་མའི་སྤྲིན། །སྐུ་དང་ཞིང་ཁམས་རྟག་ཏུ་འཆར་བར་ཤོག །བརྩེ་ཆེན་སྙིང་རྗེས་དྲངས་པའི་བྱང་སེམས་ལ། །རྟག་ཏུ་གོམས་པའི་རྒྱལ་སྲས་སྤྱོད་མཆོག་གིས། །རླབས་ཆེན་ཚོགས་གཉིས་སྤྱོད་པ་མཐར་ཕྱིན་ཏེ། །དཔག་ཡས་དགེ་བའི་རྩ་བ་ཡོངས་བསྐྱེད་ཤོག །རང་དང་གཞན་གྱིས་དུས་གསུམ་བསགས་པ་ཡི། །རྣམ་དཀར་བསོད་ནམས་ཕུང་པོ་ཇི་སྙེད་པ། །དམིགས་བྲལ་འཁོར་གསུམ་དག་པས་བྱང་ཆུབ་ཆེར། །ཡོངས་སུ་བསྔོ་བས་སྲིད་པ་མཐར་བྱེད་ཤོག །ཁྱེད་ལ་ཡང་ཡང་གསོལ་བ་བཏབ་པ་དང་། །མངོན་རྟོགས་ཡིད་ལ་གོམས་པའི་ཏིང་འཛིན་མཐུས། །ངེས་དོན་འོད་དཔག་མེད་པའི་ཞལ་མཐོང་ནས། །བདེ་ཆེན་ཞིང་ཁམས་རྟག་ཏུ་འཛིན་པར་ཤོག། ༈ འདི་ནས་ཉིང་མཚམས་སྦྱར་མ་ཐག །དག་པའི་ཞིང་ཁམས་བདེ་བ་ཅན། །པདྨའི་སྙིང་པོའི་ཟེའུ་འབྲུ་ལ། །བརྫུས་ཏེ་སྐྱེ་བ་ལེན་པར་ཤོག། ༈ མི་གཙང་ལུས་འདི་བོར་བར་གྱུར་མ་ཐག །བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བར་ཤོག །སྐྱེས་མ་ཐག་ཏུ་ས་བཅུ་རབ་བགྲོད་ནས། །སྤྲུལ་པས་ཕྱོགས་བཅུར་གཞན་དོན་བྱེད་པར་ཤོག། ༈ མདོ་སྔགས་ཆོས་ཚུལ་ཚང་ལ་མ་ནོར་བའི། །མཁས་ཤིང་གྲུབ་བརྙེས་རིག་འཛིན་བརྒྱུད་པའི་སྲོལ། །ཐུབ་བསྟན་སྙིང་པོ་གསང་སྔགས་སྔ་འགྱུར་བའི། །བསྟན་པ་འཕེལ་རྒྱས་འཛམ་གླིང་ཁྱབ་གྱུར་ཅིག། ༈ ཧྲཱིཿ སྔོན་ཚེ་དེ་བཞིན་གཤེགས་པ་གཙུག་ཏོར་ཅན། །འཕགས་པའི་ཡུལ་དུ་གྲུབ་ཆེན་ཀུ་ཀུ་རི། །ཁ་བ་ཅན་དུ་དཔལ་ལྡན་ཐང་པ་ཞེས། །པདྨ་རིག་འཛིན་ཞབས་ལ་གསོལ་བ་འདེབས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག། ༈ ཐུབ་བསྟན་མཛེས་པའི་རྒྱན་ཅིག་ཀློང་ཆེན་པ། །བཤད་སྒྲུབ་བསྟན་པའི་མངའ་བདག་འཇིགས་མེད་གླིང་། །མཚུངས་མེད་བླ་མའི་བསྟན་པ་སྲིད་མཐའི་བར། །བཤད་སྒྲུབ་ཐོས་བསམ་སྒོམ་པས་འཛིན་གྱུར་ཅིག། ༈ དཔལ་ལྡན་མཁས་གྲུབ་བྱེ་བའི་གཙུག་གི་རྒྱན། །མདོ་སྔགས་ལུང་རྟོགས་བསྟན་པའི་ཤིང་རྟ་ཆེ། །འཇིགས་བྲལ་སྔ་འགྱུར་རྒྱལ་བ་རྫོགས་ཆེན་པ། །ཤྲཱི་སེང་ཆོས་གྲྭའི་བསྟན་པ་རྒྱས་གྱུར་ཅིག། ༈ གངས་རིའི་ར་བས་སོགས། ༈ སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་པ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུ། །འདུས་བྱས་ཆོས་རྣམས་དེ་ལྟར་བལྟ།།


previousཉིན་དྲུག་པའི་བཀའ་ཆོས། next