Nitartha Digital Library
Tibetan
 
previousསྨྲས་པ། no next

སྨྲས་པ།

ལེགས་གསུང་བཀའ་དང་དེ་ཡི་དགོངས་འགྲེལ་གྱི།།

དོན་འདུས་ཆོས་རྗེ་བླ་མའི་ཞལ་གསུང་བཅུད།།

ལེགས་བཤད་མན་ངག་བྱེ་བ་འབྱུང་བའི་གནས།།

གདམས་ཟབ་འདི་འདྲ་སྲིད་པ་གསུམ་ན་དཀོན།།

དེ་སླད་གདམས་ངག་བདུད་རྩིའི་སྙིང་པོ་འདིར།།

རང་ཉིད་གཅིག་ཏུ་མོས་ཤིང་འདུན་པའི་ཁར།།

རྡོ་རྗེའི་མཆེད་ཀྱིས་བསྐུལ་བ་དང་བླངས་ཏེ།།

སྐྱེས་སྦྱངས་དམན་ཡང་ལྷག་བསམ་དག་པས་སྤེལ།།

དེང་ནས་སྐྱེ་དང་ཚེ་རབས་ཐམས་ཅད་དུ།།

དཔལ་ལྡན་བླ་མ་མཆོག་དང་མི་འབྲལ་ཞིང་།།

ཞལ་མཇལ་གསུང་གི་བདུད་རྩིས་བདག་ཚིམས་ཏེ།།

རླབས་ཆེན་ཕྲིན་ལས་སྤེལ་བའི་མཐུ་ཐོབ་ཤོག།

ཐུབ་བསྟན་ཡང་དར་བསྟན་པའི་རྒྱལ་མཚན་བཤད་སྒྲུབ་དཔུང་པ་གཅིག་གིས་བཏེག།

མཁས་བཙུན་གྲུབ་པའི་རྣམ་མཐར་འབྲུག་སྒྲ་འཛམ་གླིང་འཛིན་མའི་ཡང་རྩེར་སྒྲོག།

འཆད་རྩོད་རྩོམ་པའི་ལུས་རྩལ་དར་བབ་མི་འཇིགས་སྤོབས་པའི་གདོང་ལྔ་འབར།།

ཀུན་གཟིགས་བླ་མ་༧པདྨ་སྐལ་བཟང་སྲིད་མཐའི་བར་དུ་ཞབས་བརྟན་སྨོན།།

དེ་ལྟར་ཆོས་རྗེ་བླ་མའི་ཞལ་ལུང་གི།

གདམས་ཟབ་ཟེར་སྡེར་སྒྲ་ལས་ཕབ་པ་ལ།།

མ་རྟོགས་བྱིས་བློས་ནོར་འཁྲུལ་ཅི་མཆིས་ཀུན།།

གཟུར་གནས་དམ་པའི་སྤྱན་སྔར་མཐོལ་ཞིང་བཤགས།།

འདིར་འབད་རྣམ་དཀར་ལེགས་བྱས་དགེ་བའི་ཆར།།

བདག་སོགས་འགྲོ་བློའི་འཛིན་མར་ཡོངས་སྨིན་ནས།།

ཚེ་འདིར་དགེ་ལེགས་མེ་ཏོག་རབ་བཀྲ་ཞིང་།།

ཕྱི་མ་བདེ་ཆེན་ཞིང་དུ་སྐྱེ་ཕྱིར་བསྔོ།།

ཞེས་༧སྐྱབས་རྗེ་ཆོས་ཀྱི་རྒྱལ་པོ་ཁྱབ་བདག་དཔལ་ལྡན་བླ་མ་དམ་པ་མཆོག་གི་ཞལ་ལུང་། བདེ་ཆེན་ཞིང་ཁྲིད་འདི་ཉིད་ནུབ་མེད་ཡུན་དུ་གནས་པའི་ཆེད་དུ། ༧སྐྱབས་རྗེ་བླ་མའི་ཞལ་སློབ་དམ་པ་མཁན་སྤྲུལ་ཀུན་དགའ་བསྟན་འཛིན་མཆོག་ནས་ཁྱེད་ཀྱིས་བླ་མའི་ཞིང་ཁྲིད་འདི་ཡིག་འཇོག་ཅིག་བྱེད་ཐུབ་ན་ཤིན་ཏུ་ལེགས་པའི་གསུང་བསྐུལ་མཛད་ཅིང་། རང་ཉིད་ཀྱིས་ཀྱང་བླ་མའི་གསུང་ལ་དེ་ལྟར་བྱ་བ་ཞིག་བྱེད་ཐུབ་ན་ཅི་མ་རུང་སྙམ་པས་ཀུན་ནས་བསླངས་ཁར། མཁས་བཙུན་གྲུབ་པའི་བདག་ཉིད་མུ་ར་སྤྲུལ་སྐུ་བསྟན་འཛིན་མཁའ་ཁྱབ་རྡོ་རྗེ་མཆོག་ནས་རྗེས་སུ་གནང་བ་མ་ཟད། རྡོ་རྗེའི་མཆེད་པོ་དུ་མས་ལེགས་པའི་དབུགས་དབྱུང་བཅས་མཛད་པར་བརྟེན། མ་གཞི་རང་ཉིད་ནད་ཁམས་ལྕི་ཞིང་བླ་མའི་གསུང་འགའ་ཞིག་ཡུལ་སྐད་ཀྱི་དབང་གིས་ཇི་བཞིན་མི་གོ་བར་བརྟེན། ཚིག་དོན་གྱི་ཆ་གང་ཅིའི་ཐད་ནས་ཇི་བཞིན་མ་གྱུར་པའི་ཡིག་ནོར་མི་ཉུང་བ་ཡོད་ངེས་པས་མཁས་དབང་རྣམས་ཀྱིས་དག་བཅོས་དང་ཡོ་བསྲང་གང་མང་མཛད་པའི་རེ་བསྐུལ་དང་བཅས། ཀློང་ཆེན་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེའི་ཡང་སྲིད་དུ་སྒྲོ་བཏགས་པ་འབྲུ་རིགས་རོང་པོའི་རུས་སུ་སྐྱེས་པ་གུས་ཟླ་བའི་འོད་ཟེར་རམ་རྗེ་བླ་མ་མཆོག་གིས་བསྩལ་བའི་མིང་ལ་པདྨ་དོན་ཡོད་ནོར་བུར་འབོད་པས། རབ་བྱུང་བཅུ་བདུན་པའི་ཆུ་འབྲུག་ལོའི་ཆུ་སྟོད་ཟླ་བའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཚེས་བཟང་པོ་རྒྱལ་དང་ཕུར་བུའི་འགྲུབ་སྦྱོར་ཉིན་རུ་དམ་ཡང་དབེན་རྗེ་བླ་མའི་གདན་ས་པདྨ་ཐང་གི་རང་ཤག་ནས་མཇུག་གྲུབ་པར་བཀོད་པའོ།།

ཕྱིས་སུ་རྗེ་གང་གི་ཞལ་སློབ་ཐ་ཤལ་བསྟན་འཛིན་དགྲ་ལྷ་ནས་རབ་རྒྱན་མེ་སྤྲེལ་ལོའི་ཟླ་བ་བཅུ་ཙམ་གྱི་རིང་ལ་སྒྲ་འཁོར་དང་ཞིབ་ཀྱིས་བཏུག་ནས་ཡུལ་སྐད་མ་གོ་བའི་རིགས་རྣམས་ལེགས་པར་བཅོས་ཤིང་གཏན་ལ་ཕབ་པ་ལགས་པས་ཡིད་བརྟན་ཕེར་བ་ལགས་སོ།། དགེ་བ་འགྲོ་ཀུན་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་རུ་བསྔོ།། །།


previousསྨྲས་པ། no next