Nitartha Digital Library
Tibetan
 
previousཉིན་གཉིས་པའི་ཆོས་ཁྲིད།next

ཉིན་གཉིས་པའི་ཆོས་ཁྲིད།

ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཕ་མ་ཡིན་པ་རེད། ཕ་མ་སེམས་ཅན་དེ་དག་གི་དོན་ལ་དམ་པའི་ཆོས་ཉན་པ་དང་། ཉན་པ་དེའི་དོན་བསྒྲུབས་ནས་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་འདྲ་བ་དེ་ལས་བསྒྲལ་བ་བགྱི་བསམ་པ་དེ། ཁ་སྟོང་པས་འདོན་པ་ཙམ་ཞིག་གིས་མ་ཚད་པར་ཞེ་གཏིང་ནས་དེ་ལྟར་དུ་སེམས་པའི་དོན་གཉིས་ལྡན་པའི་སེམས་བསྐྱེད། སྙིང་རྗེས་སེམས་ཅན་ལ་དམིགས་པ་དང་། ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པའི་བསམ་པ་བྱང་ཆུབ་སེམས་ཀྱི་ཀུན་སློང་རྣམ་པར་དག་པ་ཞིག་ནི། ཐེག་ཆེན་མདོ་སྔགས་ཀྱི་ཆོས་འཆད་ཉན་གང་གི་སྐབས་ཡིན་ནའང་མེད་ཐབས་མེད་པ། ཆོས་ཐེག་ཆེན་གྱི་ཆོས་ཡིན་ཀྱང་གང་ཟག་ཐེག་ཆེན་པར་མ་སོང་ན་སྒྲུབ་དང་བསྒྲུབ་བྱ་འགལ་བ་ལྟར་སྣང་བ་ཞིག་ལས་ཐེག་ཆེན་མཚན་ཉིད་པའི་ཆོས་འཆད་ཉན་དུ་མི་འགྲོ་བ་ཡིན། དེས་ན་དམ་པའི་ལྷ་ཆོས་སྒྲུབ་པའི་གང་ཟག་རང་ཉིད་ལ་རང་གིས་དགེ་རྒན་བྱེད་ན། དང་པོར་རང་ཉིད་ཀྱི་བློ་ཆོས་སུ་འགྲོ་བ་དང་། ཆོས་ལམ་དུ་འགྲོ་བ། ལམ་འཁྲུལ་བར་ཞིག་པ། འཁྲུལ་བ་ཡེ་ཤེས་སུ་འཆར་བ་ཞིག་བྱས་ནས། དེ་ནས་གདུལ་བྱའི་སེམས་ཅན་གཞན་རང་ཉིད་གང་དུ་ཕྱིན་པའི་ལམ་དེར་བཀྲི་ཐབས་དགོས་པ་ལས། མ་སེམས་ཅན་ལ་སྙིང་རྗེ་ཙམ་ཞིག་སྐྱེས་ཀྱང་། སྡུག་སྨྲེ་བཏོན་པ་ཙམ་ལས་སྐྱོབ་པའི་ཐབས་དང་ནུས་པ་མེད་ཚེ། མ་ལག་རྡུམ་མའི་བུ་ཆུས་ཁྱེར་སྐབས་བལྟས་ནས་འདུག་པའམ། ཡང་ན་ཆུས་ཁྱེར་གྱི་མི་གཅིག་གིས་གཅིག་ལ་སྐྱབས་མ་ནུས་པར་ཆུར་མཉམ་དུ་བྱིངས་སུ་འཇུག་པ་ལས་ཐབས་མེད་པ་དང་འདྲ་བ་ཡིན། འོ་ན་གང་ལྟར་དགོས་ཞེ་ན། ཕ་དཔའ་བོའི་བུ་དགྲ་སྔོན་ལ་ལུས་པ་དང་འདྲ་བའི་ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པའི་ཐབས་ཁྱད་པར་ཅན་དེ། རང་བློ་ཆོས་སུ་འགྲོ་བ་ལས་རྙེད་དགོས་པ་ཡིན་པས། བློ་ཆོས་སུ་འགྲོ་བར་བྱེད་པ་ལ་ཐོག་མ་ཉིད་ནས་རྙེད་དཀའ་འཇིག་སླའི་དལ་འབྱོར་གྱི་རྟེན་བཟང་ཆུད་གཟན་དུ་མི་རུང་བའི་ངེས་ཤེས་ནང་ནས་རྙེད་དགོས་པ་ཡིན། དེ་ཡང་ཀུན་མཁྱེན་རྒྱལ་བ་ཀློང་ཆེན་པས། རྙེད་པ་དཀའ་ཞིང་འཇིག་པ་སླ་བའི་ལུས། །དལ་འབྱོར་གྲུ་བོ་ཐོབ་དུས་མ་འབད་ན། །སྲིད་པའི་མཚོ་ལས་ནམ་ཡང་མི་ཐར་ཞིང་། །སྣ་ཚོགས་སྡུག་བསྔལ་མང་ལྡན་རྒྱུན་མི་ཆད། །ཅེས་གསུངས་ཏེ། དེ་ལ་རྟེན་མི་ལུས་རིན་ཆེན་ཞེས་པ་ནི། ལུས་དལ་དང་འབྱོར་བ་རྣམ་གཉིས་དང་ལྡན་པ་དང་། སེམས་དད་པ་རྣམ་གསུམ་དང་ལྡན་པ་དེ་སངས་རྒྱས་སྒྲུབ་པའི་རྟེན་གྱི་གང་ཟག་དུ་བཟུང་ཞིང་། དེ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་ཀྱང་རྙེད་པ་དཀའ་བས་མི་ཚད། རྙེད་ན་དོན་ཆེན་པོ་ལྡན་པའི་འགངས་ཆེན་པོ་ཅན་ཞིག་ཀྱང་ཡིན་ལ། ཡིད་བཞིན་ནོར་བུ་ཞེས་པའི་དགོས་འདོད་ཐམས་ཅད་བསམ་པ་ཙམ་གྱིས་འགྲུབ་པ་ཞིག་ངོ་མས་རྙེད་དུ་ཡོད་ཀྱང་། དེས་ཚེ་འདིས་འདོད་དོན་ཙམ་ཞིག་སྒྲུབ་པ་ལས་ཕན་པ་མེད་ལ། ཆོས་ལྡན་དལ་འབྱོར་གྱི་ལུས་ལས་རང་གཞན་གཏན་བདེའི་གོ་འཕང་རྙེད་ཐུབ་ཅིང་། འོན་ཀྱང་དེ་སྔར་བསགས་ཀྱི་བསོད་ནམས་ཁྱད་པར་ཅན་ཞིག་སྔོན་ལ་མ་སོང་ན་རྙེད་དཀའ་བ་དང་། གལ་ཏེ་རྙེད་ཀྱང་འཇིག་པར་སླ་བ་ཆུའི་ཆུ་བུར་ལྟ་བུ་ཞིག་ཡིན་ཕྱིར། ད་རེས་རྙེད་དཀའི་དལ་འབྱོར་འཁོར་བའི་རྒྱ་མཚོའི་ཕ་རོལ་དུ་སྒྲོལ་བར་བྱེད་པའི་གྲུ་ལྟ་བུ་དེ་རྙེད་ཅིང་ཐོབ་ནས་རང་ལག་ལ་ཡོད་བཞིན་དུ་དམ་ཆོས་ཚུལ་བཞིན་བསྒྲུབས་ནས་ཐར་བ་ཐོབ་ཐབས་ལ་མ་འབད་ན། སྲིད་པ་ཁམས་གསུམ་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་མཐའ་དང་དབུས་མི་མངོན་པ་འདི་ལས་ནམ་ཡང་མི་ཐར་ཞིང་། སྐྱེ་རྒ་ན་དང་འཆི་བའི་བདུད་ཀྱི་ཆུ་བོ་ཆེན་པོ་བཞི། སྡུག་བསྔལ་འགྱུར་དང་འདུ་བྱེད་ཀྱི་སྡུག་བསྔལ་རྣམ་པ་གསུམ། འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ལ་སོགས་པའི་སྣ་ཚོགས་སྡུག་བསྔལ་འདྲ་དང་མི་འདྲའི་རྣམ་པ་མང་ལྡན། དེ་ཡང་མཚམས་རེར་བདེ་ཞིང་མཚམས་རེར་སྡུག་བསྔལ་བ་ལྟ་བུ་མ་ཡིན་པར། འཁོར་བར་ཁབ་ཀྱི་རྩེ་ཙམ་ཡང་། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པ་ལྟ་བུའི་སྡུག་བསྔལ་མང་ཞིང་རྒྱུན་མི་ཆད་པར་མྱོང་བ་འགྱུར་བ་དེ་ལྟ་བུ་ཡིན་ཅེས་གསུངས་པའོ། །འོ་ན་དེ་ལྟ་བུའི་འཁོར་བ་དེ་གང་ལས་བྱུང་བ་ཡིན་ཞེ་ན། ཁ་སང་གསུངས་པ་དང་འདྲ་བར་གཞི་སྟོང་བ་ཉིད་ལས་བྱུང་ཞིང་། དེ་ཡང་ཁོའི་རང་བཞིན་སྟོང་བ་ཉིད་ཡིན་ལ། གཞི་ལས་གཞི་སྣང་ལ་ཤར་དུས་སྣང་བ་རང་སྣང་དུ་ངོ་མ་ཤེས་ནས་འཁྲུལ་བ་དང་། རྣམ་པ་ནི་འཁྲུལ་བ། མཚན་ཉིད་སྡུག་བསྔལ་དུ་ཤར་བ་ཞིག་ཡིན། འོ་ན་མྱང་འདས་ཞེས་པ་དེ་ཇི་ལྟར་ཞིག་ཡིན་ཅེ་ན། དེ་ཡང་རང་བཞིན་སྟོང་བ་ཉིད། གཞི་ལས་གཞི་སྣང་ཤར་བའི་གནས་སྐབས་སུ་རང་སྣང་ལ་རང་ངོ་ཤེས་ནས་གྲོལ་བ་དང་། རང་བཞིན་སྟོང་བ་ཉིད་ཡིན་པ་གང་ཞིག་རྣམ་པ་འཁྲུལ་བ་ཐམས་ཅད་ཟད་ཅིང་ཡལ་བ། ཚུལ་འཁྲུལ་བ་དང་བྲལ་བ། མཚན་ཉིད་སྡུག་བསྔལ་ཐམས་ཅད་དང་བྲལ་བ་ཞིག་ཡིན། དེས་ན་ཁམས་གསུམ་སེམས་ཅན་འཁོར་བ་འཁྱམ་པ་དེ་གཞི་སྟོང་བ་ཉིད་ལས་འཁྲུལ་ཞིང་། འཁྲུལ་བའི་འཁྲུལ་ལུགས་དེ་ཇི་ལྟར་ཡིན་ན། རྒྱུ་མ་རིག་པའི་དབང་གིས། ཚུལ་འགྲོ་བ་རིགས་དྲུག་གི་སྤྱོད་ཡུལ་དུ། དཔེ་བཞག་ན་གཉིད་དང་རྨི་ལམ་བཞིན་དུ། དུས་ཐོག་མེད་ནས་འཁྲུལ་བ་ཞིག་ཡིན། དེ་ལྟར་འཁྲུལ་བ་ལ་སྐྱོན་ཆ་ཅི་ཞིག་ཡོད་ན། སྡུག་བསྔལ་འབའ་ཞིག་ལ་སྤྱོད་ནས་བདེ་བའི་གོ་སྐབས་སྐད་ཅིག་ཙམ་ཡང་མེད་པ་འདི་འབྱུང་བ་ཡིན། དེ་ལྟར་ན་འཁོར་བར་འཁྲུལ་བ་ཡིན་པ་དང་། སྡུག་བསྔལ་མྱོང་ཡུན་རིང་ལུགས་ལ་བསམ་ནས། ད་རེས་དལ་རྟེན་ཐོབ་ནས་ཐར་བའི་ལམ་སྣེ་ཞིག་རྙེད་པ་ལ་ཕྱོགས་པ་འདི་ཤོར་དུ་འཇུག་མི་རུང་བསམ་པའི་འདང་ཞིག་མ་ཕོག་དུས། སྔར་འཁྲུལ་འཁྲུལ་བ་འདིའི་ཐོག་མ་མཐོང་དུ་མེད་ཅིང་། ད་འཁྲུལ་འཁྲུལ་བའི་ཕྱི་མཐའ་འདི་ནས་ཟད་འདུག་སྙམ་པའི་མ་མཐའ་མཐོང་དུ་མེད་པའི་རྒྱུ་མཚན་དེའི་ཕྱིར། ཀློང་ཆེན་པས་ཀྱང་། གང་ཞིག་ཐོས་ན་སྐྱེ་ཤི་རྒྱུན་ཆད་དེ། །བདེ་ཆེན་མཆོག་དང་ནམ་ཡང་མི་འབྲལ་བ། །ཞི་བའི་ཆོས་མཆོག་རིན་ཆེན་གྲུ་བཟང་གིས། །སྲིད་གསུམ་ཉོན་མོངས་ཆུ་གཏེར་བརྒལ་ཕྱིར་འབད། །ཅེས་གསུངས་པ་སྟེ། དེ་ཡང་དམ་པའི་ལྷ་ཆོས་ཞི་བསིལ་རྙོག་པ་དང་བྲལ་བ་གང་ཞིག་ལ་ཡིད་ཕྱོགས་ཏེ་བློ་ཆོས་སུ་འགྲོ་བའི་མོས་པ་དང་འདུན་པའི་སྒོ་ནས་དམ་པའི་ཆོས་ཉོན་མོངས་ཀྱི་ནད་སེལ་བའི་བདུད་རྩིའི་སྨན་མཆོག་སྐྱེ་ཤིའི་འཁོར་རྒྱུན་གྱི་རྩ་བ་གདིང་ནས་ཆོད་དེ། ནམ་གཞུག་གཏན་གྱི་འདུན་མ་ཚེ་རབས་གཏན་གྱི་བདེ་བ་ཆེན་པོ། མཆོག་གི་བདེ་བ་དང་དུས་ནམ་ཡང་མི་འབྲལ་བར། གང་ཞིག་ཐོས་ཤིང་དེས་དོན་བསམས་ཤིང་བསྒོམས་པས་སྐྱེ་ཤིའི་འཁོར་རྩ་རྒྱུན་ཆོད་པར་བྱེད་པ། ཉོན་མོངས་པའི་ནད་ཞི་བས་ཞི་བ། སྡུག་བསྔལ་གྱི་ཚ་གདུང་འཇོམས་པར་བྱེད་པས་བསིལ་བ། དེ་ལྟ་བུའི་ཞི་བའི་ཆོས་མཆོག་རིན་པོ་ཆེའི་གྲུ་བཟང་འདྲ་བོ་དེ། རང་ལག་རང་དབང་ལ་ཡོད་པའི་སྐབས་འདིར་སྲིད་གསུམ་འཁོར་བའི་སྡུག་བསྔལ་དང་། རྒྱུ་ལས་དང་ཉོན་མོངས་ཀྱི་ཆུ་བོ་ཆེན་པོ་ལས་བརྒལ་ནས་ཕ་རོལ་ཐར་བའི་སྐམ་སར་ཕྱིན་ཐུབ་པར་འབད་དགོས་པར་གདམས་པའོ། །དེ་ལྟར་བཤད་དུས་ང་དང་ང་འདྲ་བ་ཆོས་ཁ་ཡིས་བཤད་ཅིང་མིང་ལ་ཆོས་པ་ཐོགས། ཆོས་པའི་ཆ་ལུགས་ཀྱང་འཆང་། རང་གིས་ཀྱང་ཆོས་པ་ཡིན་པར་རློམ་པ་དག ངོ་མས་ཨ་ཉོག་གད་ལ་བཅར་ནས་ཆོས་པའི་ཆོས་རྒྱུགས་ཤིག་རང་གིས་རང་ལ་བླངས་ན། བློ་ཆོས་སུ་འགྲོ་བའི་ཆོས་པའི་གོམ་པ་དང་པོའི་གོམ་ཁ་ལར་མི་འཁྱོངས་པ། ཁ་ཡིས་དལ་འབྱོར་རྙེད་དཀའ་འདི་ལྟ་བུ་རྙེད་ཡོད་དུས་ཟེར་ཁུལ་བྱེད་ཀྱང་། དལ་འབྱོར་ཇི་འདྲ་བྱས་ནས་ཚང་ཡོད་པ་དང་། དལ་རྟེན་བཟང་པོ་ཞིག་རྙེད་ཡོད་མེད་རང་གིས་རང་ལ་འདང་རྒྱག་དང་རྩིས་བཤེར་ཞིག་ཕབས་ན། དལ་བ་བརྒྱད་ཀྱི་ནང་ནས་དམྱལ་བ་ཡི་དྭགས་དུད་འགྲོ་ལ་སོགས་པའི་གནས་བདུན་དུ་མ་སྐྱེས་པར་མི་ལུས་ཤིག་བླངས་ཡོད་ཀྱང་། དེ་ཁ་སྐོང་བྱེད་ཀྱི་བརྒྱད་པ་ལོག་ལྟ་ཅན་མིན་ཟེར་ཐག་ཆོད་འདུག་གམ། རྒྱུ་འབྲས་ཚད་མའི་ཆོས་ལ་ཡིད་མི་ཆེས་ཤིང་དེ་ལ་དད་པ་མེད་མཁན་ཡང་ཡང་དག་ལྟ་ལས་ལྡོག་པའི་ལོག་ལྟ་ཅན་ཨུས་རེད། ལས་རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱི་ཡོད་པ་ཁས་འཆེ་བ་ཙམ་མིན་པར་ཞེ་གདིང་གིས་རྒྱུ་འབྲས་འགྲོ་སྟངས་ཀྱི་གནད་ཤེས་ནས་དེ་བསླུ་བ་མེད་པ་ཡིན་པའི་ཡིད་ཆེས་ཤིག་ཡོད་ན། སྐྱེས་བུ་རབ་ཀྱིས་སེམས་ཅན་གྱི་དོན་ལ་སངས་རྒྱས་སྒྲུབ་པ་དང་། འབྲིང་གིས་རང་ཉིད་འཁོར་བ་ལས་གྲོལ་བའི་ཞི་བདེའི་གོ་འཕང་ཐོབ་བའི་ནུས་པ་སྒྲུབ་པ་དང་། ཐ་མའམ་སྐྱེས་བུ་ཆུང་ངུ་ཡིན་ཀྱང་རང་ཉིད་ངན་སོང་ལ་མི་ལྟུང་བའི་ལྷ་མིའི་ལུས་འཐོབ་པ་ལ་འབད་ཅིང་བརྩོན་པ་ཡིན། མིང་ལ་རབ་བྱུང་ཐོགས་ནས་མཆོད་གནས་མཆོག་གསུམ་གྱི་བཞུགས་གྲལ་ལ་བསྡད་ནས་ཡོད་ཀྱང་། དོན་ཁྱིམ་པ་འཇིག་རྟེན་ཡང་དག་གི་ལྟ་ལ་དད་མཁན་ཞིག་གི་དད་པ་དང་བསམ་པ་རྣམ་དག་ཅིག་མེད་པ་འདིས་དལ་བརྒྱད་ཁ་མ་གང་བའི་མཚང་ལྷང་ལ་བུད་པ་དང་། དེ་བཞིན་དུ་འབྱོར་བཅུའི་ཐད་ལ་བསམ་བློ་བཏང་ན་ཡང་། རང་འབྱོར་གྱི་ཐད་ནས་མི་ལུས་ཐོབ་པ་དང་། ཆོས་ཚིགས་ཀྱི་ཡུལ་དབུས་སུ་སྐྱེས་པ་དང་། དབང་པོ་ཚང་བ་རྣམས་ཚོགས་ཡོད་ཀྱང་། ལས་མཐའ་མ་ལོག་པ་དང་། གནས་ལ་དད་པ་གཉིས་ཀའི་ཐད་ཀྱི་མཚན་ཉིད་ཚང་དཀའ་བ་རེད། དང་པོ་རབ་ཏུ་བྱུང་ནས་སོར་བྱང་སྔགས་གསུམ་གྱི་སྡོམ་ཁྲིམས་མནོས། བར་དུ་དེ་ལས་འགལ་བ་མིན་ན་ཅི་ཡིན། བསླབ་པ་སྲུང་མི་དགོས་བསྲུང་བྱ་གང་ཡིན་ཙམ་ཞིག་མི་ཤེས་པ་རུ་གྱུར། ཐ་མར་གོས་དམར་པོ་གྱོན་པ་ཙམ་མ་གཏོགས་འཇིག་རྟེན་ཁྱིམ་པའི་བྱ་ལས་དང་གཉིས་སུ་མ་མཆིས་པའི་ཚོང་སོ་ནམ་དགྲ་འདུལ་གཉེན་སྐྱོང་ཏག་ཏག་གིས་དུས་འདའ་སོང་ནས་ཉེས་སྤྱོད་ཆེན་པོའི་གཡང་སར་ལྷུང་དུས་ལས་མཐའ་ལོག་པ་མིན་ན་ཅི་ཞིག་ཡིན། གནས་ལ་དད་པའི་ཕྱོགས་ལ་བསམ་བློ་ཞིག་བཏང་ན། ཡང་དག་པའི་དམ་ཆོས་དང་། དེ་སྟོན་པའི་དགེ་བའི་བཤེས་གཉེན་ལ་དད་ཅིང་གུས་པས་བསྟེན་མ་ཤེས་པའི་དབང་གིས། ཆོས་ཐོས་བསམ་འཆད་ཉན་སྒོམ་སྒྲུབ་ལ་བློ་ཁ་མི་ཕྱོགས་ཤིང་། དམ་པའི་སྐྱེས་བུ་རེ་དང་འཕྲད་ཀྱང་ཁེ་རུ་ཞིག་ཡང་དག་པར་་མཐོང་བ་ནི། མ་རིག་པའི་མིག་སྐྱོན་གྱིས་བསྒྲིབས་པའི་དབང་གིས་ཐམས་ཅད་སྐྱོན་དུ་མཐོང་ནས་ལོག་སྒྲུབ་བྱེད་པ་རེད། གཞན་འབྱོར་གྱི་ཐད་ནས་བསམ་བློ་བཏང་ན་ཡང་། སངས་རྒྱས་བྱོན་པའི་བསྐལ་བ་ལ་ཁེལ་བ་དང་དེས་ཆོས་གསུངས་ནས་བསྟན་པ་གནས་པའི་དུས། ཐུབ་པའི་བསྟན་ཞབས་མ་བསྡུས་སྐབས་ལ་སྐྱེས་ནས་ཡོད་ཀྱང་། བསྟན་པ་ལ་ཞུགས་པ་དང་བཤེས་གཉེན་དམ་པས་ཟིན་པ་གཉིས་ཀ་འཕྱང་མོ་ཉུག་གི་གཞི་ཡིན་ཏེ། བསྟན་པར་ཞུགས་པ་ལ་དང་པོ་བསྟན་པ་ངོས་ཟིན་དགོས་ཏེ། ཁང་པའི་ནང་དུ་འཛུལ་དགོས་ན་ཁང་པ་གང་ཡིན་དང་སྒོ་གང་ན་ཡོད། ཇི་ལྟར་ནང་དུ་ཞུགས་དགོས་པ་རྣམས་ཤེས་དགོས་པ་ལྟ་བུ་རེད། ཐ་ན་བསྟན་པ་གང་ཡིན་ཙམ་ཡང་མ་ཤེས་དུས་དེ་ལ་ཇི་ལྟར་ཞུགས། བསྟན་པ་མི་ཤེས་བསྟན་འཛིན་རློམ་པར་མཚར། །ཞེས་གསུངས་པའི་མཚར་འདི་ངོ་མཚར་གྱི་མཚར་མ་ཡིན་པར་མཚང་ནས་བརྗོད་པའི་ཁྲེལ་ཚིག་གི་མཚར་རེད། བཤེས་གཉེན་དམ་པས་ཟིན་ཡོད་ན་ལེགས་པའི་ལམ་ལ་ཇི་འདྲ་བྱས་ཀྱང་འགྲོ་བ་རེད། འགྲོས་མགྱོགས་ཞན་ལ་མ་ལྟོས་པར་ཁ་འཁོར་ས་གྱེན་ལ་ཕྱོགས་པ་རེད་ཀྱང་། ལར་བཤེས་གཉེན་དམ་པ་ཇི་འདྲའི་དཀོན་པ་དང་། དེ་གང་ཡིན་བརྟག་མི་ཤེས། འདྲ་འདྲ་བ་ལ་ནོར་དོགས་ཆེ། གལ་ཏེ་བཤེས་གཉེན་དམ་པ་འཕྲད་པའི་དབང་དུ་སོང་ནས་དེས་ཐུགས་རྗེས་བཟུང་ན་ཡང་། འཛིན་སའི་ཡུལ་གྱི་མཚན་ཉིད་མ་ཚང་ན། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱི་སྐུ་འཁྲིས་ནས་ཉེ་གནས་ལེགས་སྐར་ཡི་དྭགས་ལ་སྐྱེས་པ་དང་། ལྷས་བྱིན་གསོན་གསོན་ཁར་དམྱལ་བ་འཐེན་སོང་བ་ཡིན་པས། བཤེས་གཉེན་དམ་པས་བཟུང་ཡང་འཛིན་ཐབས་མེད་པར་ཡང་གྱུར་ཡོད་ན། ད་ནི་རང་ཉིད་ཀྱི་ད་ལྟའི་བསམ་སྤྱོད་གང་ལ་བལྟས་ཀྱང་དལ་འབྱོར་བཅོ་བརྒྱད་ཙམ་ཡང་ཚང་མེད་པའི་གནས་སྟངས་འདིའི་སྟེང་ལ་སླེབས་ཡོད་པས། ད་ནི་མ་ཡིན་ཡིན་ཁུལ་བྱས་ཀྱང་ཕན་པ་མེད་པས་མ་ཟད་ལེ་ལན་གྱི་རྩ་བ་རང་ལ་འཁོར་ནས་ཡོད་པ་ཡིན། དེས་ན་རྒྱལ་སྲས་ཞི་བ་ལྷས། དལ་འབྱོར་འདི་ནི་རྙེད་པར་ཤིན་ཏུ་དཀའ། །སྐྱེས་བུའི་དོན་སྒྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོར་པར་ག་ལ་འགྱུར། །ཞེས་གསུངས་པའི་སྐྱེས་བུ་ཞེས་པ་དེ་རྒྱ་གར་སྐད་པུ་རུ་ཥ་ཞེས་པ་དེའི་སྒྲ་ལས་དྲངས་ན་སྟོབས་སམ་ནུས་པ་ལ་འཇུག་པ་ཡིན་པས། དལ་འབྱོར་ཐོབ་པའི་རྟེན་བཟང་གི་ལུས་ལ་མངོན་མཐོ་དང་ངེས་ལེགས་སྒྲུབ་པའི་སྟོབས་སམ་ནུས་པ་ཡོད་པས་ན་སྐྱེས་བུ་ཞེས་བཏགས་པ་ཡིན། ད་སྐྱེས་བུ་ཞིག་གི་མཚན་ཉིད་མ་ཚང་དུས་ཆོས་པ་ཞིག་གི་མཚན་ཉིད་མི་ཚང་བ་ཡིན་ལ། དེ་མ་ཚང་དུས་རང་དོན་ཙམ་ཡང་ཚགས་སུ་མི་ཚུད་པ་ཞིག་གིས་གཞན་དོན་ཁ་བཤད་སྟོང་པ་ཙམ་ཞིག་ལས་འགྲུབ་ཁུངས་དེ་བས་ཀྱང་ཡོད་པ་མིན། དེས་ན་གཞན་དོན་ཁུར་དུ་ལེན་པའི་དམ་བཅས་པ་དེས། ཕྱོགས་བཅུའི་སངས་རྒྱས་སྲས་བཅས་བླ་མ་དང་བཅས་པ་དང་། མར་གྱུར་ནམ་མཁའི་མཐའ་མཉམ་གྱི་སེམས་ཅན་ཐམས་ཅད་དང་བཅས་པ་བསླུས་པ་མིན་ན་ཅི་ཡིན། རང་གིས་ཅི་བཤད་རང་གིས་མ་ཤེས་ནས་བཤད་ཐོག་ནས་འདའ་སོང་བ་རེད། དེས་ན་ཆོས་ཉམས་ལེན་གྱི་ཐོག་མར་རང་བློ་ཆོས་སུ་འགྲོ་དགོས་པ་དེ་ཐོག་མའི་གོམ་པ་དང་པོ་ཡིན་པ་དང་། དལ་འབྱོར་རྙེད་དཀའ་འདི་ལ་མ་བསམས་ན། །སྤྲོ་དགའི་དམ་ཆོས་འདི་ལ་འོང་དུས་མེད། །ཅེས་གསུངས་པ་ལྟར་ཡིན་པའི་གནད་ཀྱི་མན་ངག་རང་ཉམས་དང་བསྟུན་ཏེ་ཞུས་པ་དང་བཅས། སྐབས་སུ་བབས་པ་གང་ཞིག་འཆད་ཉན་བྱ་བ། ཐེག་པ་ཀུན་གྱི་རྒྱལ་པོ་འོད་གསལ་རྫོགས་ཆེན་སྙིང་ཐིག་གི་བཀའ་བབ་བསྟན་པའི་ཤིང་རྟ་བ་ཆེན་པོ། ཆོས་རྗེ་རྒྱལ་བ་ཀློང་ཆེན་པའི་གསུང་རབ་དྲི་མ་མེད་པ། ངེས་གསང་སྙིང་པོའི་གྲུབ་མཐའི་གཞི་ལམ་འབྲས་བུའི་རྣམ་བཞག་གི་གནད་མཐའ་དག་ཚང་ནས་ཡོད་པ། ཀློང་ཆེན་མཛོད་བདུན་གྱི་ཐོག་མར་གྱུར་བ་ཡིད་བཞིན་རིན་པོ་ཆེའི་མཛོད་འཆད་པའི་སྐབས་ཡིན་ལ། ད་དམ་པའི་ཆོས་ལུང་དང་རྟོགས་པའི་བདག་ཉིད་ཅན་དེ་བརྗོད་བྱ་དང་རྗོད་བྱེད་ཀྱིས་གྲུབ་པ་ཞིག་ཡིན་པས། རྟོགས་པའི་ཆོས་ཐོབ་པ་ལས་མྱ་ངན་ལས་འདའ་བ་འགྱུར་བ་ཡིན་ལ། རྟོགས་པའི་ཆོས་ཐོབ་པ་དེ་ཡང་ལུང་གི་ཆོས་ཐོས་པ་ལ་རག་ལས་པ་ཡིན་ཅིང་། ལུང་གི་ཆོས་མིང་ཚིག་ཡི་གེའི་རང་བཞིན་ཅན་ལ་འཆད་ཉན་བྱེད་དགོས་པ་ནི། ཀྱེ་ལགས་ཡོན་ཏན་མཆོག་གི་རང་བཞིན་ནི། །དམ་པའི་གཞུང་ལ་མ་བརྟེན་རང་བཟོས་མིན། །རྒྱ་མཚོ་ཆེ་ལས་ནོར་བུ་མཆོག་འབྱུང་གི །དམན་པའི་ཡུལ་ལས་རང་གར་ཅི་ཞིག་རྙེད། །ཅེས་པ་དང་། ཐོས་པ་མེད་པ་སྲིད་ན་སྐྱོན་ཆེ་ཡང་། །ལོག་པར་ཐོས་པ་དེ་བས་སྡིག་ཆེ་བས། །མཁས་པའི་གཞུང་ལ་བལྟ་བ་ཡོད་དུས་འདིར། །ཐོས་པའི་མིག་དཀྱུས་ཅི་ཕྱིར་དག་མི་བགྱིད། །ཅེས་གསུངས་པ་ལྟར་ཡིན་པར་མཁྱེན་བཞིན་པས་ཐོས་བསམ་འཆད་ཉན་ལ་ཞུགས་པ་ལ། གང་འཆད་ཅིང་ཉན་པར་འཇུག་བཞིན་པ། མདོ་རྒྱུད་བསྟན་བཅོས་ཐམས་ཅད་ཀྱི་སྙིང་པོ་གཞུང་གཅིག་ཏུ་དྲིལ་བ་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་བ་པདྨ་དཀར་པོ་འདི་ཉིད། ཐོག་མཐའ་བར་གསུམ་གྱི་དགེ་བའི་ཆིངས་ཀྱིས་བཅིངས་ནས་བཤད་པ་ལས། ཁ་རྩང་ཡན་ཆད་ལ་ཐོག་མར་དགེ་བ་ཀླད་ཀྱི་དོན་གྱི་མཚན་སྨོས་པ། མཚན་དོན་འགྲེལ་བ། ཕྱག་འཚལ་བ་དེ་ཚོ་སོང་བས་མི་ཚད། བསྟན་བཅོས་བརྩམ་པ་ལ་འཇུག་པའི་ཡན་ལག མཆོད་པར་བརྗོད་པ། བརྩམ་པར་དམ་བཅའ་བ་སོགས་ཀྱང་སོང་ནས། བར་དུ་དགེ་བ་གཞུང་དོན་ལ་ཐུག་པ་རེད། བར་དུ་དགེ་བ་གཞུང་དོན་གྱི་བརྩམ་བྱ་བསྟན་བཅོས་ཀྱི་ལུས་དངོས། འཁོར་བའི་རང་བཞིན་སྤང་བྱར་བསྟན་པ་དང་ནི། མྱང་འདས་ཀྱི་རང་བཞིན་བླང་བྱར་བསྟན་པའི་སྤྱི་དོན་ཆིངས་ཆེན་པོ་གཉིས་ཀྱི་ནང་ནས། དང་པོའི་སྐབས་ཀྱི་སྣང་ཚོད་འཇིག་རྟེན་གྱི་བཀོད་པ། དེའི་བདེ་སྡུག་གི་སྣང་ཚུལ་བསྟན་པ་གཉིས་ཀའི་ནང་ནས། གཞི་ཆོས་ཉིད་ངོས་བཟུང་། དེ་ལས་ཇི་ལྟར་སྣང་ཚུལ། བག་ཆགས་གསུམ་གྱི་སྣང་བ་བྱུང་ཚུལ། སྣང་བ་གསུམ་གྱི་རང་བཞིན་ཇི་ལྟར་ཡིན་པ། གཞིི་ལས་འཁོར་བའི་གྲུབ་ཚུལ་གྱི་ལེའུ་དང་པོ་སོང་བ་དང་། གཉིས་པའི་སྐབས་ནས་གཞི་དེ་ལས་སྣང་བའི་འཇིག་རྟེན་བཀོད་པ་ལ། ཞིང་ཁམས་སྤྱི་དང་བྱེ་བྲག འདུལ་བྱེད་སྟོན་པའི་སྣང་ཚུལ་བསྟན་པའི་སྐབས་ཀྱི། ཞིང་ཁམས་བསྟན་པ་སོང་ནས། སྟོན་པ་སངས་རྒྱས་ཀྱི་སྐབས་ཀྱི་སྤྱིར་བཤད་པ་སོང་མ་ཐག་གི་བྱེ་བྲག་ཏུ་གྱུར་པ་དེ་ལས་བཀོལ་བུའམ་ཁོལ་བུར་གྱུར་པ། ཁྱད་པར་སྟོང་གསུམ་མི་མཇེད་འཇིག་རྟེན་འདིར། །སངས་རྒྱས་སྟོང་གི་སྒྲོན་མ་རྣམ་པར་བཀོད། །རང་བཞིན་གཅིག་ཉིད་དེ་ལྟར་སྣང་བ་ཡིན། །ཞེས་གསུངས་ཏེ། དེ་ལྟར་སྟོན་པ་གངས་ཆེན་མཚོས་མི་མཇེད་ཀྱི་ཞིང་འདིར་གང་གིས་འདུལ་བ་གཟིགས་པ་ན། སངས་རྒྱས་སྟོང་གི་རིམ་པས་མཚན་ཐ་དད་ཆོས་ཐ་དད་རྣམ་པ་ཐ་དད་པས་འདུལ་བར་མཁྱེན་ནས། སྔོན་ཐོག་བསྐལ་པ་མཛེས་པར་སྣང་བ་ལ་ཁྱེའུ་སྟོང་སྤྲུལ་ནས། གཞན་གྱི་དོན་དུ་སེམས་བསྐྱེད་པ་ནས་རིམ་གྱིས་ལམ་སྦྱོང་བའི་ཚུལ་བསྟན་ནས། མཐར་སངས་རྒྱས་ཀྱི་མཛད་པ་ཡོངས་སུ་རྫོགས་པར་བསྟན་པ་ནི། ངོ་བོ་གཅིག་ཉིད་དུས་ཐ་དད་པར་རྣམ་འཕྲུལ་སངས་རྒྱས་སྟོང་སྣང་བས་དོན་མཛད་པར་བཀོད་དེ་སྤྲུལ་པ་ནི། ཡབ་སྲས་མཇལ་བའི་མདོ་ལས། དཔའ་བོ་ཆེན་པོ་ཐབས་མཁས་ཏེ། །སེམས་ཅན་རྣམས་ནི་སྨིན་བྱའི་ཕྱིར། །བྱེ་བ་ཕྲག་བརྒྱར་རྒྱལ་བ་ཉིད། །རབ་ཏུ་མང་པོ་སྟོན་མཛད་ནས། །ད་དུང་དུ་ཡང་འདྲེན་པ་ཁྱོད། །སངས་རྒྱས་མང་པོ་སྟོན་པར་མཛད། །ཅེས་པའི་ཚུལ་གྱིས་གང་གིས་འགྲོ་བ་འདུལ་བར་གྱུར་པ་དེའི་ཚེ། སེམས་དང་པོ་བསྐྱེད་པ་དང་། ལམ་སྦྱོང་བ་དང་། ས་ནས་སར་འཕར་བ་དང་། བྱང་ཆུབ་ཐོབ་པ་ལ་སོགས་པར་སྟོན་ཅིང་། ཐ་ན་བྱ་དང་རི་དྭགས་ལ་སོགས་པའི་བར་དུ་བྱེད་དོ། །ཞེས་ཆོས་སྐུ་སྤྲོས་པ་དང་བྲལ་བའི་ངང་ལས་མ་གཡོས་བཞིན་དུ། ལོངས་སྐུ་ངེས་པ་ལྔ་དང་ཁ་སྦྱོར་བདུན་ལྡན་གྱི་བདག་ཉིད་དེས། སྤྲུལ་བའི་བཀོད་པས་གདུལ་བྱའི་འཇིག་རྟེན་གྱི་དོན་མཛད་པའི་ཚེ། རིག་པའི་སྐྱེས་བུ་ཐུབ་པར་སྣང་ནས་དོན་མཛད་ཚུལ་ཞིག་དང་། སེམས་དཔར་སྣང་ནས་དོན་མཛད་ཚུལ་རྣམ་པ་གཉིས་ཡོད་པ་ལས། འདིར་རིག་པའི་སྐྱེས་བུ་ཐུབ་པར་སྣང་ནས་དོན་མཛད་ཚུལ་བསྟན་པ་སྟེ། དེ་ཡང་ངོ་བོ་གཅིག་ལས་མ་འདས་ཀྱང་དུས་ཐ་དད་པར་རྣམ་པ་སོ་སོར་སྣང་བ། སངས་རྒྱས་སྟོང་གི་རྣམ་པར་བྱོན་པས་མ་ཚད་པར། བྱ་དང་རི་དྭགས། ཤིང་དང་པདྨ། ཆུ་ཀླུང་དང་རོལ་མོ། གྲུ་དང་ཟམ་པ་ལ་སོགས་པ་བཀོད་ནས་སྣ་ཚོགས་པའི་ཚུལ་གྱིས་འགྲོ་བའི་དོན་མཛད་པ་དང་། སངས་རྒྱས་སུ་སྣང་བ་དེའང་གདུལ་བྱའི་འབད་པ་དོན་ཡོད་པར་བསྐུལ་བའི་ཆེད་དུ། ལམ་མས་སྦྱོང་གི་རིམ་པ། དང་པོར་སེམས་བསྐྱེད་པ་ནས་ས་ལམ་བགྲོད་ཚུལ་དང་བཅས་པའི་ཚུལ་རྣམས་བསྟན་པ་སྟེ། དེའང་སངས་རྒྱས་སྟོང་དང་། དཔེ་མེད་པའི་སེམས་དཔའ་གཉིས་སྤྲུལ་པ་ལས་སྔར་ནི་བཞི་ཐལ་ཏེ། འཁོར་བ་འཇིག གསེར་ཐུབ། འོད་སྲུངས་དང་། ད་ལྟའི་རྣམ་འདྲེན་ཤཱཀྱ་ཐུབ་པའོ། །འོ་ན་བསྐལ་བ་འདིར་དེ་དག་ལ་རྣམ་གཟིགས། མར་མེ་མཛད། རིན་ཆེན་གཙུག་ཏོར་ཅན་གསུམ་བསྣན་པའི་རབས་བདུན་བྱུང་བ་མ་ཡིན་ནམ་ཞེ་ན། དེ་དག་ནི་བར་གྱི་སངས་རྒྱས་ཞེས་བྱའོ། །སྟོང་གི་གྲངས་སུ་བགྲང་བ་མ་ཡིན་ཏེ། ད་དུང་དུ་ཡང་མ་འོངས་པ་ན་དེ་ལྟ་བུ་མང་དུ་འབྱུང་བར་གསུངས་སོ། །ཞེས་པ་དེས་ནི་རིག་པའི་སྐྱེས་བུ་ཐུབ་པར་སྣང་ནས་རིགས་ལྔ་གངས་ཆེན་མཚོའི་སྐུ་ལས་སྤྲུལ་བའི་ཐུབ་པ་གྲངས་མེད་འཕྲོས་ཏེ། རིགས་དྲུག་སོ་སོའི་སེམས་ཅན་གྱི་དོན་མཛད་པའི་ནང་ནས། སྟོང་གསུམ་མི་མཇེད་ཀྱི་འཇིག་རྟེན་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པ་འདི་ལ། སྤྲུལ་བ་སོ་སོའི་དོན་མཛད་པའི་སྤྱིའི་གོ་དོན་དང་འབྲེལ་བའི་བྱེ་བྲག་གི་དགོས་གནད་བཤད་པའོ། །ད་ནི་དམིགས་བསལ་ཚེ་ལོ་བརྒྱ་བའི་སྐབས་འདིར་བྱོན་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་བྱོན་པའི་ཚུལ་དང་མཛད་ཚུལ་གསུངས་པ་ནི། དེ་ལ་ཚེ་ལོ་བརྒྱ་པའི་དུས་འདིར་ཤཱཀྱ་ཐུབ་པ་བྱོན་ཚུལ་ནི། ཐེག་པ་ཆུང་ངུ་རྣམས་ནི་སོ་སོ་སྐྱེ་བོ་འཆིང་བ་མཐའ་དག་དང་བཅས་པ་གཅིག་གིས་ལམ་བསྒྲུབས་པས་སངས་རྒྱས་པར་འདོད་ལ། ཞེས་ཐེག་པ་དམན་པ་དག་གིས་སངས་རྒྱས་ནི། བསྐལ་པ་གྲངས་མེད་གསུམ་གྱི་ཚོགས་མི་རྟག་པ་བཅུ་དྲུག་གི་ལམ་དང་འབྲེལ་བར་ཉམས་སུ་བླངས་པས། མི་ཤེས་པ་གཉིས་ཀ་སྤངས་ཏེ་སངས་རྒྱས་ཐོབ་པར་འདོད་པ་ཡིན་ལ། དེའང་བདག་ཅག་གི་སྟོན་པ་ལ་མཚོན་ན། དང་པོ་ཐུགས་བསྐྱེད་པ་ནས་བཟུང་སྟེ་སྲོད་ལ་བདུད་བཏུལ་བ་ཕན་ཆད་ཐར་པ་ཆ་མཐུན་ཙམ་ལ་གནས་པའི་སོ་སོའི་སྐྱེ་བོ་དང་། གང་གི་མཚན་ཐོག་གཅིག་པོ་དེ་ཉིད་ལ་སྦྱོར་ལམ་གྱི་གནས་སྐབས་དྲོད་ལ་སོགས་པ་བཞི། མཐོང་ལམ་གྱི་གནས་སྐབས་སྐད་ཅིག་མ་བཅོ་ལྔ་རྣམས། སྟན་ཐོག་དེ་ཉིད་དུ་རྫོགས་པར་མཛད་ནས་ཐོ་རངས་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཉོན་མོངས་ཅན་མ་ཡིན་པའི་མི་ཤེས་པ་དྲུང་ནས་ཕྱུང་སྟེ་སངས་རྒྱས་པར་འདོད་ལ། དེ་ལྟར་སངས་རྒྱས་པ་དེ་ཡང་ཐུགས་རྒྱུད་ཀྱི་ཟད་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་དེ་ཉིད་ཡིན་གྱི། ཕྱིའི་གཟུགས་ཕུང་དེ་ཉིད་ནི་སྡུག་བསྔལ་བདེན་པ་ཡིན་པས་སངས་རྒྱས་སུ་མི་འདོད་དེ། ལྷས་བྱིན་གྱིས་སྒྱོགས་འཕངས་པའི་ཚེ་ཞབས་བསྣད་པའི་ཚོར་བ་ཉམས་སུ་མྱོང་བ་སོགས་ཚུལ་བསྟན་པ་མ་ཡིན་པར་བཟུང་ནས་དྲང་དོན་ཐད་དྲང་དུ་ཁས་ལེན་པར་བྱེད། འོན་ཀྱང་ཐུགས་རྒྱུད་ལ་དཔགས་ནས་སངས་རྒྱས་པ་ཡིན་པས་མཛད་པ་རྣམས་སངས་རྒྱས་ཀྱི་མཛད་པ་དང་། སྐུ་ལུས་ལ་དཔགས་ནས་ལྷག་བཅས་དགྲ་བཅོམ་པ་ཞེས་འདོད་ཅིང་། མྱ་ངན་ལས་འདས་པ་ནས་ལྷག་མེད་ཀྱི་དབྱིངས་སུ་བཞུགས་པ་ཡིན་པས་བེམ་རིག་གི་འཇུག་པ་རྒྱུན་ཆད་ནས་ཞིང་ཁམས་གཞན་དུ་གཟུགས་སྐུའི་རྣམ་འཕྲུལ་སྟོན་པ་སོགས་དང་། ལོངས་སྤྱོད་རྫོགས་སྐུ་ལ་སོགས་པའི་རྣམ་གཞག་ཀྱང་མི་འདོད་ཅིང་ལྷག་བཅས་ལྷག་མེད་གཉིས་ལས་ལོགས་སུ་གྱུར་པའི་མི་གནས་པའི་མྱ་ངན་ལས་འདས་པའང་ཁས་མི་ལེན་པའོ། །ཐེག་པ་ཆེན་པོ་པ་ཁ་ཅིག་དགའ་ལྡན་ནས་འཕོ་བ་ནས་བཟུང་སྟེ་རྡོ་རྗེའི་གདན་དུ་བཞུགས་ནས་བསམ་གཏན་བཞི་པ་ལ་མཉམ་པར་གཞག་ཚུན་ཆད་ས་བཅུ་པའི་སེམས་དཔའ་ལས། དེ་ནས་སངས་རྒྱས་པའོ་ཞེས་འདོད་ཅིང་། ཁ་ཅིག་དཀའ་བ་སྤྱད་པའི་ཚེ་ཐུགས་འོག་མིན་དུ་སངས་རྒྱས་ནས་དེ་ནས་སྙིང་པོ་བྱང་ཆུབ་ཏུ་འགྲོ་བ་དང་། བདུད་འདུལ་བ་དང་། སངས་རྒྱས་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མྱ་ངན་ལས་འདའ་བར་བསྟན་པའི་བར་སངས་རྒྱས་ཀྱི་མཛད་པའོ་ཞེས་འདོད་དོ། །ཁ་ཅིག་འོག་མིན་དུ་ཐོག་མར་སངས་རྒྱས་ནས་ཞིང་འདིར་མཛད་པ་བཅུ་གཉིས་སུ་སྤྲུལ་པ་ཡིན་ནོ་ཞེས་འདོད་དེ། དེ་ཐམས་ཅད་ཀྱི་ལུགས་ཀྱི་དང་པོ་སྟོན་པ་འདི་ཚོང་དཔོན་གྱི་ཁྱེའུ་སྣང་བྱེད་དུ་གྱུར་པའི་ཚེ་སངས་རྒྱས་ཤཱཀྱ་ཐུབ་པ་ཆེན་པོའི་དྲུང་དུ་ཐུགས་བསྐྱེད། བར་དུ་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་མཛད་པ་བཅུ་གཉིས་ཀྱི་ཚུལ་གྱིས་སངས་རྒྱས་པར་འདོད་དེ། འདིར་ནི་དེ་ཐམས་ཅད་ཐོག་མ་མེད་པའི་དུས་སུ་སངས་རྒྱས་པ་དེའི་རྣམ་འཕྲུལ་དེ་ལྟར་བསྟན་པར་འདོད་པས། དང་པོ་སེམས་བསྐྱེད་པ་ནས་སངས་རྒྱས་ཀྱི་སྤྲུལ་པར་འདོད་པ་ཡིན་ནོ། །ཞེས་སངས་རྒྱས་སངས་རྒྱས་ཚུལ་གྱི་ཐད་ནས་ཐེག་པ་ཆེ་ཆུང་གི་འདོད་ཚུལ་སྤྱི་ཁོག་གིས་གསུངས་པ་དང་། ཁྱད་པར་ཐེག་ཆེན་སྔགས་ཀྱི་བཞེད་ཚུལ་ཅུང་ཟད་མི་འདྲ་བར་ཁ་ཅིག་གིས་ཞེས་དབྱེ་རིམ་གསུངས་པ་ནི། སྒྱུ་འཕྲུལ་གསང་བ་སྙིང་པོའི་དགོངས་པ་འགྲེལ་ཚུལ་སྔོན་གྱི་སྒྱུ་འཕྲུལ་མཁན་པོ་ཚོས་དགོངས་པ་འདྲ་མིན་དུ་བཀྲལ་བའི་རྒྱུད་འགྲེལ་སོ་སོའི་དགོངས་པ་ལྟར་དུ་ཡིན་ལ། འདིར་ཐེག་པ་སོ་སོའི་འདོད་ཚུལ་ཞིབ་པར་ཞུས་ན། ཉན་ཐོས་བྱེ་བྲག་སྨྲ་བས་གོང་ནས་བཤད་པ་ལྟར་དུ་སོ་སོའི་སྐྱེ་བོ་དབང་པོ་རྣོན་པོ་སྲིད་པ་ཐ་མ་པ་ཞིག་གིས་བརྩོན་འགྲུས་ཆེན་པོ་བརྩམས་ནས་སངས་རྒྱས་པ་དེས། སངས་རྒྱས་རང་གི་སྨོན་ལམ་དང་འདུལ་བྱའི་སེམས་ཅན་གྱི་སྐལ་བ་རུ་འཇིག་རྟེན་འདི་ནས་སེམས་ཅན་གྱི་དོན་མཛད། ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིན་ཀྱང་། མྱ་ངན་ལས་འདས་ན་ཞི་བའི་དབྱིངས་སུ་གཏན་དུ་བཞུགས་ནས་ཕྱིན་ཆད་སེམས་ཅན་གྱི་དོན་མི་མཛད་པར་འདོད་པ་དང་། མདོ་སྡེ་པས་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པའི་ལུས་དེ་རྣམ་སྨིན་གྱི་ཕུང་པོ་ཡིན་ཀྱང་། སྨོན་ལམ་གྱིས་གྲུབ་པའི་ལུས་ཤིག་ཡིན་ཕྱིར་སངས་རྒྱས་ནས་མྱ་ངན་ལས་འདས་ཀྱང་གདུལ་བྱའི་དོན་དུ་འགྱུར་ན། ཞི་བའི་དབྱིངས་ནས་སྤྲུལ་བ་འབད་རྩོལ་མེད་པར་འབྱུང་བ་དང་། སེམས་ཅན་གྱི་དོན་དུ་མ་གྱུར་ན་མི་འབྱུང་བར་བཞེད་པ་སྟེ། འདི་ནི་གཞུང་ལུགས་ཕལ་ཆེ་ཉན་ཐོས་ཡིན་ཅིང་ཚུལ་ཐེག་ཆེན་གྱི་རྗེས་སུ་འབྲངས་པས་ན་མདོ་སྡེ་པ་ཞེས་བྱ་ལ། ཐེག་པ་ཆེན་པོ་ལ་ཕར་ཕྱིན་ཐེག་པ་དང་། སྔགས་གཉིས་ཡོད་པ་ལས་ཕར་ཕྱིན་ཐེག་པའི་ནང་དུ་ཡང་ཐུན་མོང་ཐེག་པའི་བརྡ་ཆད་ལྟར་དུ་བྱས་ན། རྣལ་འབྱོར་སྤྱོད་པའི་དབུ་མ་པ་དང་། གྲགས་སྡེ་སྤྱོད་པའི་དབུ་མ་པ་གཉིས་སུ་ཕྱེ་ཞིང་། རྣལ་འབྱོར་སྤྱོད་པའི་དབུ་མ་པ་ལ་ཡང་། རང་རྒྱུད་གོང་འོག་གཉིས་སུ་ཕྱེ་སྲོལ་ཡོད་ཅིང་། སེམས་ཙམ་པ་ལ་རང་རྒྱུད་འོག་མ་ཞེས་པའི་སྐབས་ཡོད་པ་ཡིན་ལ། དེ་ལ་ཡང་རྣམ་བདེན་རྫུན་གཉིས་སུ་ཕྱེ་ཞིང་དེ་ལ་ཡང་རྣམ་བཅས་པ་དང་། རྣམ་མེད་པ་ཞེས་གསུང་སྲོལ་ཡོད། རྣམ་བཅས་པས་ཕྱི་རོལ་གྱི་དངོས་པོ་དོན་དུ་སྣང་པ་དེ་དག་སེམས་ལས་ལོགས་སུ་མེད་པར། སེམས་ཉིད་ལུས་དང་གནས་དང་ལོངས་སྤྱོད་དུ་སྣང་བ་ཡིན། སངས་རྒྱས་ཚེ་ཉོན་མོངས་པ་མཐའ་དག་དང་བྲལ་བའི་ཡེ་ཤེས་ཀྱི་གཟུགས་སྐུ་དང་། སངས་རྒྱས་ཀྱི་ཞིང་ཁམས་དང་། དེའི་རྒྱན་ལ་སོགས་པར་སྣང་བས་སེམས་ཅན་གྱི་འགྲོ་དོན་བྱེད་ལ། དེ་ཡང་མ་དག་པའི་འགྲོ་བ་ལ་སྤྲུལ་བ་དང་། དག་པའི་གདུལ་བྱ་ལ་ལོངས་སྐུར་སྣང་བ་དང་། དུས་རྒྱུན་ཆད་མེད་པར་འདོད་པ་དང་། རྣམ་མེད་པས་ཁམས་གསུམ་པའི་སེམས་ཀྱང་དོན་ལྟར་སྣང་བའི་རྣམ་པ་དང་བྲལ་བར་བཞེད་པས་རྣམ་མེད་པའམ་རྣམ་རྫུན་པ་ཞེས་གྲུབ་མཐའི་མིང་ཡང་དེ་ལྟར་ཐོགས་པའོ། སྣང་བ་འདི་སེམས་དང་དེ་ཉིད་ལས་གཞན་དུ་བརྗོད་དུ་མེད་པའི་བག་ཆགས་ཤིག་ཡིན་ཅིང་། སངས་རྒྱས་པའི་ཚེ་བག་ཆགས་ཡོངས་སུ་དག་ནས་ཡེ་ཤེས་རྣམ་པ་ཐམས་ཅད་བྲལ་བའི་སྐད་ཅིག་མའི་མཚན་ཉིད་རྒྱུན་འབྲེལ་བ་སྐྱེ་ཞིང་། དེ་སྨོན་ལམ་དང་ཐུགས་རྗེ་ཡེ་ཤེས་ཆེན་པོའི་དབང་གིས་གཟུགས་སྐུ་མངོན་པར་སྣང་བས་ནི། ནོར་བུ་དང་དཔག་བསམ་ཤིང་ལྟར་འགྲོ་དོན་འབྱུང་བ་འདོད་པ་དང་། དེའི་གྲུབ་མཐའི་བློ་སྐྱོན་ནི་སྐད་ཅིག་མའི་རྒྱུན་དང་འབྲེལ་བའི་ཡེ་ཤེས་དེ་དོན་དམ་པར་ཡོད་པ་ཁས་ལེན་པའོ། །རང་རྒྱུད་གོང་མ་ལྟར་དུ་བྱས་ན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ལས་གྲུབ་པའི་ངང་དུ་སངས་རྒྱས་དུས་དོན་དམ་པར་གང་གི་ཡང་རང་བཞིན་དུ་མ་གྲུབ་པ་ཞིག་ཡིན། དོན་ལ་བྱ་བ་དང་བྱེད་པ་ཞེས་པའི་ཐ་སྙད་འདོགས་གཞི་ཞིག་མེད་ཀྱང་། ཀུན་རྫོབ་ཏུ་སྨོན་ལམ་དང་ཐུགས་རྗེའི་དབང་གིས་ས་གནས་ཀྱི་སེམས་དཔའ་ལ་ལོངས་སྐུ་དང་། སོ་སོའི་སྐྱེ་བོ་དང་ཉན་རང་ལ་སྤྲུལ་བའི་སྐུར་སྣང་ནས་དོན་མཛད་པར་འདོད་པ་ཡིན། གྲགས་སྡེ་སྤྱོད་པའི་དབུ་མ་པའི་ལུགས་ལྟར་ན། སངས་རྒྱས་པའི་དུས་སུ་ནམ་མཁའི་ཁམས་སུ་སྤྲིན་དེངས་པ་བཞིན་དུ་སེམས་དང་སེམས་བྱུང་གི་འཇུག་པ་ཆོས་ཀྱི་དབྱིངས་སུ་ཞི་བས། སྐུ་དང་ཡེ་ཤེས་སུ་གྲུབ་པ་མེད་ཀྱང་། སྔོན་གྱི་སྨོན་ལམ་གྱི་དབང་ལས་གདུལ་བྱའི་གཞན་སྣང་དུ་གཟུགས་སྐུ་གཉིས་སྣང་ནས་སེམས་ཅན་གྱི་དོན་མཛད་པར་བཞེད་པ་ནི། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ཅིང་། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །གསང་སྔགས་ལའང་ཕྱི་ནང་གཉིས་སུ་ཡོད་པའི་སྔགས་ཕྱི་པ་སྤྱི་ཁྱབ་ཀྱིས། སངས་རྒྱས་ནི་ཚོགས་གཉིས་དཔག་མེད་ལས་གྲུབ་པའི་ཡེ་ཤེས་ཆེན་པོའི་བདག་ཉིད། ཡོངས་སུ་དག་པའི་ཞིང་ཁམས་རྣམས་སུ་ལོངས་སྤྱོད་ཆེན་པོའི་སྐུ། དག་པའི་སེམས་དཔའི་འཁོར་གྱིས་བསྐོར་བ། ཇི་ལྟར་འདུལ་བའི་དབང་དང་བཅས་པས་དོན་མཛད་པ། སྤྲུལ་བའི་སྐུ་སྣ་ཚོགས་སུ་སྣང་བ་ཞིག་ཏུ་འདོད་པ་ཡིན། སྔགས་ནང་པའི་བསྐྱེད་པ་མ་ཧཱ་ཡོ་ག་ལྟར་ན། ཡེ་ནས་སངས་རྒྱས་སུ་གནས་པ་དེ་ཉིད་ཐབས་དང་ཤེས་རབ་ཀྱིས་མངོན་དུ་བྱས་ཚེ། ཆོས་སྐུ་དང་ལོངས་སྤྱོད་རྫོགས་སྐུ་གསལ་ལ་རང་བཞིན་གྱིས་དག་པའི་ངང་དེ་ལས་སྤྲུལ་བའི་སྐུར་སྣང་ཞིང་རྟག་ཏུ་ལྷུན་གྱིས་གྲུབ་པར་བཞེད་པ་དང་། ཨ་ནུ་ཡོ་ག་ལྟར་ན་ཀུན་བཟང་བྱང་ཆུབ་ཀྱི་སེམས་ལོངས་སྤྱོད་ཆེན་པོའི་མངའ་དབང་སྤྲུལ་བ་ཐམས་ཅད་ཀྱི་འབྱུང་གནས་དེ། ཟག་མེད་ཀྱི་བདེ་བ་ཆེན་པོ་སྟེ་ཚད་མེད་མི་འགྱུར་མཆོག་གི་བདེ་བ་ཆེན་པོའི་བདག་ཉིད་ལ་གདུལ་བྱ་སྦྱོར་བ་ཞིག་ལ་བཞེད་པ་དང་། རྫོགས་པ་ཆེན་པོས་ནི་ཡེ་ནས་ལྷུན་གྱིས་གྲུབ་པའི་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་དེ་ཉིད། ལྷུན་སྟུག་པོ་བཀོད་པའི་ཞིང་ཁམས་སུ་མཁའ་ལྟར་ཁྱབ་པའི་འོད་གསལ་གྱི་དཀྱིལ་འཁོར། བདེ་གསལ་གཅིག་དང་ཐ་དད་ཀྱི་སྤྲོས་པ་ལས་འདས་པ་དེ་ལས། རང་བྱུང་གི་ཐུགས་རྗེ་དང་མཛད་པས་སྐུ་གསུམ་གདུལ་བྱའི་འཇིག་རྟེན་འདིར་ཕྱོགས་མཐར་གཏུགས་པར་སྣང་བ་ཡིན་པར་བཞེད་པ་སྟེ། རགས་བསྡུས་ཀྱིས་བཤད་ན་དེ་འདྲ་ཨེ་རེད་གོ །འདི་ནས་དངོས་བསྟན་དུ་ཐེག་པ་ཆེན་པོ་བ་ཁ་གཅིག་གི་འདོད་ཚུལ་གསུངས་ནས་རང་ལུགས་རྣམ་པར་བཞག་པ་ནི། འདིར་ནི་དེ་ཐམས་ཅད་ཐོག་མ་མེད་པའི་དུས་སུ་སངས་རྒྱས་པ་དེའི་རྣམ་འཕྲུལ་དེ་ལྟར་བསྟན་པར་འདོད་པས་ལ་སོགས་པ་གསུངས་པ་འདི། འོག་མིན་དུ་ཡེ་སངས་རྒྱས་པའི་སྐུ་གསུམ་སྟོན་པར་སྣང་བའི་རྣམ་འཕྲུལ་ཞིང་ཁམས་འདིར་དང་པོ་སེམས་བསྐྱེད་པ་ནས། མཐར་སངས་རྒྱས་པའི་བར་གྱི་སྤྲུལ་བའི་མཛད་པ་བསྟན་པར་སྣང་བ་ཞིག་ལ་གོ་དགོས་ལ། འོག་མིན་ཞེས་པ་གནས་ཀྱི་ཁྱད་པར་བསྟན་པ་ཡིན་ལ། ཨ་ཀ་ནིིཥྛའི་སྒྲ་ལས་དྲངས་ན་དམན་པར་མ་གྱུར་པའམ་འོག་མ་མ་ཡིན་པའི་གོང་མར་གྱུར་བའི་དོན་ཡིན་པས། གནས་སུ་གྱུར་བ་གང་ཞིག་དེའི་གོང་ན་ཆེས་འཕགས་པའི་གནས་གཞན་མེད་པ་འོག་མིན་ཙམ་གྱི་མཚན་ཉིད་ཡིན། དེ་ལའང་ཆོས་ལོངས་སྤྲུལ་སྐུའི་འོག་མིན་གཉིས་སུ་ཕྱེ་བ་དང་། སྤྲུལ་སྐུའི་འོག་མིན་ལའང་། གསང་བ་སྙིང་པོ་ལས། འོག་མིན་བླ་མེད་གནས་མཆོག་ཏུ། །སྐུ་ནི་རྣམ་པར་སྣང་མཛད་ཚུལ། །བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ། །དེ་བཞིན་གསུང་མཆོག་མི་སྨྲ་སྟེ། །སྐུ་ཡིས་ཆོས་རྣམས་འཇལ་བར་སྟོན། །མེ་ལོང་བསྟན་པའི་ཚུལ་བཞིན་དུ། །དངོས་ཀྱི་མདོག་ངན་ཐམས་ཅད་སེལ། །འཁོར་གྱི་དེ་བཞིན་སྐུ་བལྟས་ན། །བྱང་ཆུབ་སྒྲིབ་པ་གཏིང་དཔག་མེད། །མེ་ལོང་བཞིན་དུ་སྐུ་ལ་སྣང་། །དེ་ནས་ས་བཅུ་རིམ་གྱིས་འབྱོང་། །བླ་མེད་བྱང་ཆུབ་ཡང་དག་འཐོབ། །ཅེས་གསུངས་པའི་རང་བཞིན་སྤྲུལ་བའི་ཞིང་དང་། ལེགས་པར་གྲུབ་པའི་རྒྱུད་ལས། གཙང་མའི་འོག་མིན་རྣམ་མཛེས་པར། །གྲུབ་པ་དབང་པོ་ལ་སོགས་ལ། །རིག་སྔགས་གཟུངས་སྔགས་རྣལ་འབྱོར་དང་། །རྒྱུ་ཆོས་དུ་མས་ཚིམ་པར་མཛད། །ཅེས་གསུངས་པའི་གཙང་རིས་ཀྱི་འོག་མིན་ལ་སོགས་པའི་དབྱེ་བ་མང་ཞིང་། དེ་དག་གི་དོན་བསྡུས་ན། འདིར་ནི་དེ་ཐམས་ཅད་ཐོག་མ་མེད་པའི་དུས་སུ་སངས་རྒྱས་པ་དེས་རྣམ་འཕྲུལ་དེ་ལྟར་བསྟན་པ་འདོད་པས། ཞེས་པ་དེ་རུ་འདུས་པའོ། །དེ་ཡན་གྱིས་ཞིང་སྤྱིི་དང་བྱེ་བྲག་གི་སྟོན་པ་སྣང་ཚུལ་སོང་ནས་གཉིས་པ།

དེ་ལ་དོགས་པ་སྤང་བ།

ད་ནི་མཚན་ཉིད་ཐེག་པ་ཆེན་པོའི་འདོད་པ་བརྗོད་པས་རྡོ་རྗེ་ཐེག་པ་དང་འགལ་བར་དོགས་པ་སྤངས་པ་ལ། དང་པོ་འདོད་པ་འགོད་པ་ནི། ཐུན་མོང་མདོ་ལས་ཡུལ་འཁོར་སྐྱོང་གི་བུ། །སྟོང་རྣམས་སོ་སོས་སེམས་བསྐྱེད་འཚང་རྒྱར་གསུང་། །ཞེས་གསུངས་ཏེ། ཐེག་པ་ཐུན་མོང་ཞེས་བརྗོད་པ་ནི། སྐབས་འདིར་རྒྱུ་དང་འབྲས་བུའི་ཐེག་པ་གཉིས་ཀར་སྐབས་འགའ་ཞིག་འདོད་པ་མཐུན་པ་མཚན་ཉིད་ལྟར་འཇོག་པས་དེའི་ཕྱིར་དེ་སྐད་བརྗོད་དོ། །དེ་དག་གི་ལུང་། མདོ་སྡེ་པདྨདཀར་པོ་ལས། སྔོན་འདས་པའི་དུས་ཀྱི་བསྐལ་པ་གྲངས་མེད་པའི་ཡང་གྲངས་མེད་པ་བསམ་གྱིས་མི་ཁྱབ་པ་འདས་པའི་ཚེ་ན། བསྐལ་པ་ཆེན་པོ་མཛེས་པར་སྣང་ཞེས་བྱ་བ་ལ། འཇིག་རྟེན་གྱི་ཁམས་རྣམ་པར་བརྒྱན་པ་ཞེས་བྱ་བར་དེ་བཞིན་གཤེགས་པ་ཡོན་ཏན་མཐའ་ཡས་རིན་པོ་ཆེ་བཀོད་པའི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་བའི་ཚེ། རྒྱལ་པོའི་ཕོ་བྲང་གྲོང་ཁྱེར་རྣམ་པར་དག་པ་ཅན་ཞེས་བྱ་བར་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡུལ་འཁོར་སྐྱོང་ཞེས་བྱ་བ་གླིང་བཞི་ལ་དབང་བ། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་དང་ལྡན་པ། བཙུན་མོའི་འཁོར་བདུན་འབུམ་ཡོད་པ། བུ་དཔའ་རྩལ་དང་ལྡན་པ་སྟོང་དུ་ཚང་བ་ཡོད་པ་ཞིག་བྱུང་ངོ་། །བུ་དེ་དག་ལས་ཕྱིས་བཙུན་མོ་དམ་པ་དཔེ་མེད་མ་དང་། མ་སྨད་མ་ཞེས་བྱ་བ་གཉིས་ཀྱི་པང་དུ་ཁྱེའུ་རེ་རྫུས་ཏེ་སྐྱེས་སོ། །དེའི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་མཐའ་ཡས་རིན་པོ་ཆེ་བཀོད་པའི་རྒྱལ་པོ་དེས་བུ་དེ་དག་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་བཀོད། ལུང་བསྟན་པ་ན་ལྷ་དང་མིའི་སྐྱེ་དགུ་ལས་བྱེ་བ་ཁྲག་ཁྲིག་ཕྲག་གྲངས་མེད་པ་ཞིག་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །ཁ་ཅིག་གིས་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་དེ་བཞིན་གཤེགས་པ་དེ་མྱ་ངན་ལས་འདས་པའི་འོག་རོལ་ཏུ་རྒྱལ་པོ་དེས་རང་གི་བུ་རྣམས་ལ་སྨྲས་པ། ཁྱེད་རྣམས་ལས་ཐོག་མར་གང་འཚང་རྒྱ་བ་ཡིན། དེ་ནས་དེ་དག་གིས་སྨྲས་པ། བདག་ཅག་རྣམས་ཀྱི་མིང་བྲིས་ཏེ་རིན་པོ་ཆེའི་བུམ་པར་སྩལ་བས་མཁྱེན་པར་འགྱུར་རོ་ཞེས་སྨྲས་སོ། །དེ་ནས་རྒྱལ་པོ་དེས་ཁྱེའུ་རྣམས་ཀྱི་མིང་བྲིས་ཏེ། རིན་པོ་ཆེའི་བུམ་པར་བཅུག་ནས་ཞག་བདུན་དུ་མཆོད་པ་བྱས་ཏེ་ཐོག་མར་གང་སངས་རྒྱ་བར་འགྱུར་བ་བརྟག་གོ་སྙམ་པ་ལས་བུམ་པ་ནས་མིང་བྱུང་བས། ཐོག་མར་གཞོན་ནུ་རྣམ་པར་དག་པའི་བློ་གྲོས་བྱུང་། དེ་སངས་རྒྱས་པ་ནི་འཁོར་བ་འཇིག་གོ །དེ་ནས་རྣམ་པར་རྒྱལ་བའི་སྡེ་བྱུང་སྟེ་གསེར་ཐུབ་བོ། །དེ་ནས་དབང་པོ་ཞི་བ་བྱུང་སྟེ་འོད་སྲུངས་སོ། །དེ་ནས་དོན་ཐམས་ཅད་གྲུབ་པ་བྱུང་སྟེ་ཤཱཀྱ་ཐུབ་པའོ། །དེ་བཞིན་དུ་ཐ་ཆུང་བློ་མཐའ་ཡས་ཀྱི་བར་དུ་བྱུང་སྟེ་དེ་སངས་རྒྱས་པ་ནི་སངས་རྒྱས་མོས་པའོ། །ཁྱེའུ་ཆོས་ཀྱི་སེམས་དཔའ་དང་ཆོས་ཀྱི་བློ་གྲོས་གཉིས་ནི་འཇམ་དཔལ་དང་བརྒྱ་བྱིན་གཉིས་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་པོའོ། །ཞེས་འབྱུང་བས། ཞེས་པ་སྟེ། ཀུན་མཁྱེན་ཆེན་པོའི་གསུང་ལ་ལུང་མང་བ་རེད། དེས་དབང་གིས་བསམ་ཡས་ལུང་མང་པ་ཞེས་གྲགས་པ་ཡིན། དེ་ཡང་ཀུན་མཁྱེན་བླ་མ་ཉིད་ནས། ཐེག་མཆོག་མཛོད་ལས། སྐྱེས་བུ་ཁ་ཅིག་ལུང་ལ་མི་དགའ་ན་གཏི་མུག་ཅན་བློ་གྲོས་མེད་པར་ཤེས་སོ། །མཁས་པ་དག་ནི་ལུང་གི་ཁྱད་པར་དུ་བྱས་པ་ཡིན་ནོ། །ཞེས་ལུང་ལ་མི་དགའ་བ་ཡོད་པ་མཁས་རྟགས་མིན་པར་བླུན་རྟགས་ཡིན་པར་གསུངས་ལ། ཁོང་གི་གསུང་རྣམས་ནི། ཚད་མ་གསུམ་གྱི་སྲང་ལ་བཅལ་ན་སྲེག་བཅད་བརྡར་པའི་གསེར་བཞིན་དུ་ཇེ་དག་ཇེ་གསལ་དུ་འྒགྲོ་བ་རྒྱན་དྲུག་མཆོག་གཉིས་ཀྱི་ལེགས་བཤད་དང་ཁྱད་པར་མེད་པར་ཡིན་པས། འཇམ་མགོན་མི་ཕམ་རིན་པོ་ཆེས་ཡིད་བཞིན་མཛོད་རྫོགས་ཆེན་པར་མ་ཞུ་དག་མཛད་དུས། དེ་ལྟར་དགའ་རབ་གཉིས་པ་ཆོས་ཀྱི་རྗེའི། །དོན་ལ་རྣམ་ངེས་རྡོ་རྗེའི་ཚིག་གི་ཚུལ། །རྟོན་པ་རྣམ་བཞིའི་བརྡ་དང་ངེས་འབྲེལ་བ། །བཅོས་མིན་རིག་པའི་གསང་ནས་དལ་གྱིས་ཤར། །ཞེས་པ་དང་། ལེགས་བཤད་རིན་ཐང་བྲལ་བའི་མཛོད་ཆེན་པོ། །བློ་ལྡན་སྐྱེ་བོའི་ཚོགས་ཀྱི་འདོད་འཇོ་སྟེ། །རྣམ་མང་ནོར་བུས་བཀང་བའི་བང་མཛོད་ཀྱང་། །འདི་ལ་བསྒྲུན་ན་སྐྲ་རྩེའི་ཟིལ་པར་མཚུངས། །ཞེས་པ་དང་། །དཔའ་སྤྲུལ་རིན་པོ་ཆེས། ཀློང་ཆེན་མཛོད་བདུན་སྤྱི་དང་ཁྱད་པར་ཡིད་བཞིན་མཛོད་ལ། སྲིད་པ་འདི་ན་ཡིད་བཞིན་ནོར་གཅིག་པུ། །ཀུན་མཁྱེན་བླ་མའི་གཞུང་ལུགས་རིན་པོ་ཆེ། །འདི་ལས་གཞན་ལ་སངས་རྒྱས་ཡོད་མིན་ན། །འདི་ལ་རབ་དགའ་མི་སྐྱེ་སུ་ཞིག་ཡོད། །ཅེས་བསྔགས་བརྗོད་མཛད་པའོ། །འདི་གང་ཟག་ཕལ་པས་སྒྲིམ་པོའི་བློ་ཡི་འཇུར་བུ་མགྲིན་ཁུང་དོག་མོའི་ནང་དུ་བརྒྱབ་ནས་བརྩམས་པ་དང་འདྲ་བ་མིན་པས། འདིའི་མདོ་རྒྱུད་ཀྱི་ལུང་མང་པོ་དག་གི་ལུང་ཁུངས་ཀྱི་མཚན་ཙམ་ཡང་ཐོས་ཆུང་ང་ཅན་པོས་གོ་མ་མྱངས་པའང་མང་པ་རེད། ལུང་ཁུངས་ལ་ལ་སྐབས་སྐབས་སུ་ཡར་མར་འདྲེས་པ་ལྟར་ཡོད་ཀྱང་དེ་ནོར་བ་བཅོས་རྒྱུའི་ཡིག་ནོར་མིན་པར། ཀློང་ཆེན་པས་བསྟན་བཅོས་མང་པོ་འདི་དག་དབེན་པའི་གནས་ནས་དཔྱད་གཞི་དཔེ་ཀློག་ཙམ་ཡང་མ་མཛད་པར་བརྩམས་པའི་ཡ་མཚན་གྱི་ཆེ་བའི་ཆེ་རྟགས་མཚོན་པ་ཡིན་པས་འདི་བཅོས་མི་དགོས། བཅོས་མི་ཉན་ཞེས་དམ་པ་གོང་མ་ཚོའི་ཞལ་རྒྱུན་གསུང་འཕྲོས་ཡོད་པ་ལྟར་དུ་ཡིན། མི་ཕམ་རིན་པོ་ཆེས་ཀྱང་འདི་ཞུ་དག་མཛད་དུས་འདིའི་རྩོམ་གཞིའི་ཕྱག་དཔེའི་སྟེང་ནས་ལྗགས་རྩོམ་འདི་ལྟར་མཛད་འདུག་པས་རྡོ་རྗེའི་གསུང་གི་ཟུར་ཙམ་ཡང་མི་ཉམས་པར་བྱས་ན་བྱིན་རླབས་ཆེ་བས་སོར་བཞག་བྱས་པ་ཡིན་གསུངས་པ་དང་། ལུང་ཁུངས་འདྲ་འདྲེས་དེ་ཚོ་ལ་དོན་དུ་ནོར་བ་གཏན་ནས་མེད་པས་མ་ཚད་བརྟག་ཤེས་པ་ཞིག་གིས་བལྟས་ན་ཡ་མཚན་པའི་ཡོན་ཏན་དུ་གནས་པ་ཡིན་པས་ན་ཕྱིན་ཆད་སུས་ཀྱང་མ་བཅོས་ཞེས་གསུངས་ཡོད། དེ་ལས་གཞན་པའི་བརྡ་དག་དང་འགལ་བའི་ཡིག་ནོར་ངོ་མ་དེ་ཁ་ཁ་རེད། དེ་བྱི་དོར་གཙང་སྦྲའི་ཞབས་ཞུ་མ་བྱས་ནའང་སྐྱོན་ཡིན་འདུག་སྙམ། མདོ་སྡེ་པད་དཀར་གྱི་ནང་དུ་སྐལ་བཟང་གི་སངས་རྒྱས་ལུང་བསྟན་པའི་ཁྱེའུ་དེ་དག་དེའི་འོག་ཏུ་སོ་སོའི་སེམས་བསྐྱེད་ཚུལ་བསྐལ་པ་བཟང་པོའི་མདོ་ལས་གསུངས་པ་ལྟར་སེམས་བསྐྱེད་ནས། ལམ་བསྒྲུབས་ཏེ་སྨོན་ལམ་དང་ལས་མཐུན་པས་བསྐལ་པ་བཟང་པོ་ལ་སངས་རྒྱས་པའོ། །ཞེས་འདོད་དོ། །དེ་ལྟར་སོ་སོར་བསྟན་པ་དང་། འདིར་གཅིག་གི་སྤྲུལ་པར་བསྟན་པ་གཉིས་འགལ་ལོ་སྙམ་ན་མི་འགལ་བར་བཤད་དེ། སོ་སོར་བསྟན་པ། དེ་ནི་བསྐལ་བཟང་འདི་ཡི་གདུལ་བྱའི་ངོར། །སངས་རྒྱས་རྣམ་འཕྲུལ་དེ་ལྟར་བསྟན་པ་དེ། །དགོས་ཆེད་དམན་རྣམས་འཇུག་དང་བུ་སྟོང་པོ། །ལུང་བསྟན་པས་ནི་ལྷ་མི་ཁྲག་ཁྲིག་ཕྲག །གྲངས་མེད་བཟོད་ཐོབ་བྱང་ཆུབ་ངེས་ཕྱིར་ཡིན། །དེས་ན་ཚུལ་འདི་དོན་གྱི་དགོངས་པར་གཟུང་། །ཞེས་གསུངས་ཏེ། ཚུལ་དེ་ནི་དགོངས་ཏེ་གསུངས་པ་ཡིན་ཏེ། ཞེས་པ་འདི་དྲང་ངེས་ལྡེམ་དགོངས་ཀྱི་དགོངས་པ་ཅན་དུ་གསུངས་པ་མིན་པར་དོན་གྱི་ཡིན་ལུགས་དངོས་དེ་དགོངས་ཏེ་གསུངས་པའོ་ཞེས་པའི་དོན་ཡིན། དགོངས་པ་ཅན་ཡིན་ཏེ་ཞུམ་པ་བསལ་བའི་ཕྱིར་དང་། སྤྲོ་བ་བསྐྱེད་པའི་ཆེད་སོགས་ཡིན་པར་མ་གསུངས་སམ་ཞེ་ན། །འདིར་སོ་སོར་བསྟན་པ་དང་། གཅིག་ཏུ་བསྟན་པ་འགལ་མེད་དུ་སྒྲུབ་པའི་སྐབས་ཡིན་པས་སོ་སོར་བསྟན་ནས་དྲང་བའི་དོན་དུ་གསུངས་བ་དེའང་། དོན་དུ་ངེས་པའི་དོན་བཞིན་བསྟན་པ་ཡིན་པའི་གནད་ཀྱིས་འགལ་མེད་དུ་སྒྲུབ་ཐུབ་པ་དེས་ན་སོ་སོར་གསུངས་བའི་དགོངས་པ་ནི། བསྐལ་པ་བཟང་པོའི་སེམས་ཅན་རྣམས། སངས་རྒྱས་ཀྱི་མཚན་དང་རྣམ་གྲངས་གཅིག་གིས་མི་འདུལ་ཞིང་སྟོང་གིས་འདུལ་བ་ལ་དེ་ལྟར་རིམ་གྱིས་སྣང་བ་དང་། སེམས་སོ་སོར་བསྐྱེད་ནས་ཚོགས་གཉིས་གསོག་པར་བསྟན་པ་ཡང་སེམས་ཅན་བློ་རབ་ཏུ་དམན་པ་ཁ་ཅིག་སངས་རྒྱས་ནས་སེམས་ཅན་གྱི་དོན་འབྱུང་བ་སྤྲུལ་པ་རྣམས་ཏེ། བདག་ལྟ་བུས་བྱང་ཆུབ་ག་ལ་འགྲུབ་སྙམ་པའི་ཞུམ་པ་བསལ་བའི་ཕྱིར། དང་པོ་སེམས་བསྐྱེད་པ་དང་། བར་དུ་ཚོགས་བསྐལ་པ་དུ་མར་གསོག་པ་རྣམས་བསྟན་ཏོ། །ཚོགས་གསོག་དུས་བྱང་ཆུབ་ཀྱི་སྤྱོད་པ་རླབས་པོ་ཆེ་བསྟན་པ་དེ་ཡང་བྱང་ཆུབ་སེམས་དཔའ་རྣམས་སྤྲོ་བ་བསྐྱེད་པ་དང་འཇུངས་པ་རྣམས་གཏོང་བ་ལ་དཔའ་བ་ལ་སོགས་པའི་ཕྱིར་དེ་ལྟར་བསྟན་ཏོ། །ཡང་བུ་སྟོང་ལུང་མ་བསྟན་ན་དེ་དུས་ཀྱི་སྐྱེ་བོའི་ཚོགས་དེ་དག་གིས་བཟོད་པ་མི་ཐོབ་ལ། བསྟན་པས་ཐོབ་པའི་ཕྱིར་ཡང་ཁྱེའུ་སྟོང་རྩ་གཉིས་འབྱུང་བར་སྤྲུལ་ཏེ་ལུང་བསྟན་པ་ཡིན་ནོ། །དེའི་ཕྱིར་རང་བཞིན་གཅིག་གི་རོལ་པ་དེ་ལྟར་སྣང་བར་ཟུངས་ཤིག དེར་མ་ཟད་ལོངས་སྐུའི་ཞིང་ལ་བརྟེན་པའི་འཇིག་རྟེན་ཐམས་ཅད་ན་སྣང་བའི་སངས་རྒྱས་དེ་དག་གཅིག་གི་རོལ་པར་བསྟན་པ་ཡིན་ནོ། །དཀོན་མཆོག་བརྩེགས་པ་ལས། ང་ཉིད་ཤར་ཕྱོགས་ཀྱི་འཇིག་རྟེན་དག་པ་ཅན་ན་དེ་བཞིན་གཤེགས་པ་གཟི་བརྗིད་བཀོད་པའི་རྒྱལ་པོ་ཞེས་བྱ་བར་གྱུར་ཏེ་ཆོས་སྟོན་ཏོ་ཞེས་པ་ནས་ཕྱོགས་བཅུ་གཞན་རྣམས་སུ་ཡང་གསུངས་ཤིང་། ང་ཉིད་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་རྣམ་པར་གཟིགས་སུ་གྱུར་ཏོ། །ཞེས་པ་ལ་སོགས་པ་གསུངས་སོ། །ཚུལ་འདི་དྲང་དོན་དུ་འཆད་པ་རྣམས་ཀྱིས་ནི་ཐེག་པ་ཆེན་པོའི་དགོངས་པ་ལས་གནམ་ས་བཞིན་ནོ། །ཞེས་དྲང་ངེས་ལྡེམ་དགོངས་ཀྱི་རྣམ་བཞག་བཤད་དུས་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་ཚེ་སོགས་དམན་པར་བལྟ་བར་ཟློག་པའི་ཕྱིར་དུ་དེ་ལྟར་གསུངས་ཞེས་འགྲེལ་བའི་སྐབས་ཡོད་ཀྱང་། ཀུན་མཁྱེན་ཆེན་པོས་ཐེག་ཆེན་ཐུན་མིན་གྱི་དགོངས་པ་རྩལ་འདོན་མཛད་དུས། དེ་དྲང་དོན་རྐྱང་པ་མིན་པར་ངེས་དོན་དུ་ཐམས་ཅད་གཅིག་གིས་སྤྲུལ་བ་ཡིན་པར་གསུངས་པའོ། །གསུམ་པ།

མདོར་བསྡུས་ཤིང་དད་པར་གདམས་པ།

ད་ནི་མཇུག་བསྡུ་བ་བསྟན་པ་ནི། སངས་རྒྱས་ཐུགས་རྗེས་སྲིད་གསུམ་རྣམ་གྲོལ་ཕྱིར། །སྣ་ཚོགས་ཐབས་ཆེན་མང་པོས་ཕན་བདེ་མཛད། །ཅེས་གསུངས་ཏེ། དེ་ལྟར་ཚད་མེད་པའི་ཐུགས་རྗེས་ནམ་མཁའི་དབྱིངས་དང་མཉམ་པའི་ཁམས་གསུམ་གྱི་སེམས་ཅན་གྱི་ཚོགས་རྣམ་པར་གྲོལ་བའི་གོ་འཕང་ལ་འགོད་པའི་ཐབས་སྣ་ཚོགས་པས་གནས་སྐབས་ཕན་པ་དང་།མཐར་ཐུག་བདེ་བ་ཐོབ་པར་མཛད་པ་ནི། ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཆེན་པོར་མངའ་དབང་འབྱོར་བར་བསྟན་པ་ཡིན་ནོ། །དེ་ཡང་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཆེན་པོར་མངའ་དབང་ཇི་ལྟར་འབྱོར་ན། ཆོས་སྐུ་སྤྲོས་པ་དང་བྲལ་བའི་ངང་ལས་མ་གཡོས་བཞིན་དུ། ལོངས་སྐུ་ཡེ་ཤེས་ཆེན་པོའི་སྣང་བ་ལྔའི་རིགས་སུ་ལྷུན་གྱིས་གྲུབ་ཅིང་འཕོ་འགྱུར་མེད་པ་སྟེ། དེ་ཡང་གཅིག་ཏུ་མ་གྲུབ་སྣ་ཚོགས་སུ་སྣང་བ་དང་། དུ་མར་མ་གྲུབ་ལོངས་སྐུ་གཅིག་གི་རང་སྣང་ཞིང་། སངས་རྒྱས་ལོངས་སྤྱོད་རྫོགས་སྐུའི་ངང་དེ་ལས་སྤྲུལ་སྐུར་སྣང་བའི་ཞིང་ཁམས་ཚད་མེད་དུ་བཀོད་པ་ནི། གསང་སྙིང་ལས། དེ་བཞིན་ཉིད་ཀྱི་དབྱིངས་ཉིད་དབང་སྒྱུར་ཡེ་ཤེས་དཀྱིལ་འཁོར་ཐུགས་རྗེའི་ངང་། །རང་སྣང་བ་ཉིད་ཏིང་འཛིན་གཟུགས་བརྙན་སྒྱུ་མ་རྣམ་དག་གསལ་བ་ནི། །ཞེས་གསུངས་པ་སྟེ། མདོར་ན་སངས་རྒྱས་ཀྱི་སྐུ་གསུམ་དང་རྣམ་པར་འཕྲུལ་པ་དང་ཞིང་ཁམས་ཀྱང་བསམ་གྱིས་མི་ཁྱབ་ཅིང་ཚད་མེད་དེ། སྡོང་པོ་བཀོད་པའི་མདོ་ལས། སྤུ་ཡི་རྩེ་མོ་གཅིག་ལ་ཡང་། །ཞིང་རྣམས་བྱེ་བ་བསམ་མི་ཁྱབ། །སྣ་ཚོགས་དབྱིབས་ཀྱང་ཐ་དད་དེ། དེ་དག་འདྲེས་པར་གྱུར་པ་མེད། །ཅེས་གསུངས་པས། ནམ་མཁས་གང་དུ་ཁྱབ་པར་ཆོས་སྐུ་དང་ལོངས་སྐུས་ཁྱབ་ཅིང་། སེམས་ཅན་གྱི་གང་ཁྱབ་པར་སྤྲུལ་པའི་སྐུ་དང་འཕྲིན་ལས་ཀྱིས་ཁྱབ་པས་བདེ་བར་གཤེགས་པའི་ཞིང་ཁམས་ལ་ཕྱོགས་དང་རིས་སུ་ཆད་པ་མེད་པས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ལ་མངའ་དབང་འབྱོར་བའོ། །སྣ་ཚོགས་པའི་ཐབས་ཆེན་མང་པོས་ཇི་ལྟར་ཕན་བདེ་མཛད་ཅེ་ན། ཞིང་དང་སྟོན་པར་སྤྲུལ་པས་འགྲོ་ཀུན་གྱི། །མཐའ་ཡས་རེ་སྐོང་བྱང་ཆུབ་ས་མཐོར་འདྲེན། །རྒྱལ་བའི་བྱིན་རླབས་རྣམ་འཕྲུལ་དེ་འདྲའོ། །ཞེས་གསུངས་ཏེ། དེ་ཡང་སེམས་ཅན་གྱི་དོན་དུ་ལོངས་སྐུའི་གཞིར་གནས་ཀྱི་ཞིང་ཁམས་ནམ་མཁའི་མཐའ་ཁྱབ་པར་བཀོད་དེ། དེ་དག་ཏུ་སྟོན་པ་འཇིག་རྟེན་གྱི་སྒྲོན་མ་རྣམ་པར་བཀོད་ནས། དེ་ན་གནས་པའི་སེམས་ཅན་རྣམས་འཁོར་བ་ལས་མ་གྲོལ་བ་ཇི་སྲིད་དུ་དོན་མཛད་པ་ནི། འགྲོ་བའི་ཡིད་ལ་རེ་བ་ཐམས་ཅད་རྫོགས་པར་སྐོང་བས་ཡིད་བཞིན་གྱི་ནོར་བུའི་རྒྱལ་པོ་དང་འདྲ་ལ། མཐར་ཐུག་བྱང་ཆུབ་གསུམ་ལ་སོ་སོའི་སྐལ་པ་ཇི་ལྟ་བ་བཞིན་འགོད་པས་དེད་དཔོན་རིན་པོ་ཆེ་ལྟ་བུ་སྟེ། དེ་བཞིན་གཤེགས་པའི་རྣམ་འཕྲུལ་ཚད་མེད་པ་ནི་རྨད་དུ་བྱུང་བའི་ཚུལ་དེ་ལྟ་བུ་མངའ་བ་ཡིན་ནོ། །དེ་བས་ན་འདིར་འགྲོ་བའི་དོན་དུ་ཞིང་ཁམས་རྣམ་པར་བཀོད་པའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལ་སེམས་རབ་ཏུ་དང་བར་བྱའོ། །གང་ལ་དང་བ་བྱ་བའི་ཡུལ་སྟོན་པ་སངས་རྒྱས་ཉིད་ཐེག་པ་སོ་སོའི་འདོད་ཚུལ་དང་། མཐའ་ཐུག་ཐེག་པ་གཅིག་ཏུ་དྲིལ་ཅིང་། གཅིག་དང་དུ་མར་མ་གྲུབ་པའི་ངང་དེ་ལས་སེམས་ཅན་ཐམས་ཅད་འཁོར་བ་ལས་མ་གྲོལ་བ་ཇི་སྲིད་དུ་ཡིད་བཞིན་ནོར་བུའི་རྒྱལ་པོ་དང་། དེད་དཔོན་རིན་པོ་ཆེའི་རྣམ་པར་འཕྲུལ་བ་ལྟར་དུ་སྣང་བའི་དེ་བཞིན་གཤེགས་པའི་རྣམ་འཕྲུལ་ཚད་མེད་རྨད་དུ་བྱུང་བ་དེ་ཉིད་ཤེས་ནས་ཁོང་དུ་ཆུད་པར་བྱ་བ་བསྟན་ནས། །ད་ནི་དེ་ལྟར་ཁོང་དུ་ཆུད་པའི་ཕན་ཡོན་བསྒྲགས་པ་ནི། ཚུལ་འདི་ཐོས་ནས་མི་དངངས་དད་གྱུར་པ། །དེ་དག་མྱུར་དུ་འཇིག་རྟེན་མགོན་པོར་འགྱུར། །ཞེས་གསུངས་ཏེ། ཐེག་པ་བླ་ན་མེད་པ་དག་ལ་གྲགས་པའི་ཞིང་དང་སྟོན་པའི་རབ་ཏུ་དབྱེ་བ་རྣམ་པར་འཕྲུལ་པ་དང་བཅས་པའི་ཚུལ་རྒྱ་མཚོ་བློ་དང་ལྡན་པ་གང་གིས་ཐོས་ནས་མི་དངངས་ཤིང་དད་པ་དེ་དག་ནི་མྱུར་དུ་བྱང་ཆུབ་ཀྱི་སྙིང་པོ་མཛེས་པར་བྱེད་པ་སྟེ། ཤིན་ཏུ་རྒྱས་པ་སངས་རྒྱས་ཕལ་པོ་ཆེའི་མདོ་ལས། གང་གིས་ཐེག་པ་ཆེན་པོའི་ཚུལ་རྒྱ་མཚོ་མི་ཟད་པ་སྣ་ཚོགས་ལ་འཇུག་པའི་སྒོ་རབ་ཏུ་ཐོས་ནས། མི་དངངས་ཤིང་དད་པར་གྱུར་པ་དེ་དག་ནི་མྱུར་དུ་བྱང་ཆུབ་སྙིང་པོ་མཛེས་པར་བྱེད་པའོ། །ཞེས་རྒྱ་ཆེར་གསུངས་པ་བཞིན་ནོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། འགྲོ་བའི་དོན་དུ་ཞིང་ཁམས་རྣམ་པར་བཀོད་པའི་ལེའུ་སྟེ་གཉིས་པའི་འགྲེལ་པའོ།། །།ཞེས་དེ་ཡན་གྱིས་རྒྱལ་བའི་ཐུགས་རྗེའི་འཇིག་རྟེན་གྱི་ཞིང་ཁམས་སུ་སྒྲོན་མ་རྣམ་པར་བཀོད་པའི་ཚུལ་སྤྱི་དང་། ཁྱད་པར་དུ་སྟོང་གསུམ་མི་མཇེད་ཀྱི་ཞིང་འདིར་སངས་རྒྱས་སྟོང་གི་སྒྲོན་མ་རྣམ་པར་བཀོད་ཚུལ། དེ་དག་གིས་སེམས་བསྐྱེད་པ་དང་སངས་རྒྱས་པའི་འདོད་ཚུལ། གདུལ་བྱའི་དབང་ལས་ཐ་དད་པར་བསྟན་ནའང་། འདི་ཐམས་ཅད་ཐོག་མེད་ཀྱི་དུས་ནས་སངས་རྒྱས་པ་དེའི་རྣམ་འཕྲུལ་ཡིན་པར་བསྟན་པའི་དོགས་སློང་དང་། མཇུག་སྡུད་དང་། དད་པར་གདམས་པ་དང་ས་བཅད་རྣམ་པར་གསུམ་གྱིས་འགྲོ་བའི་དོན་དུ་རྟེན་བརྟེན་པར་བཅས་པའི་ཞིང་ཁམས་བཀོད་པའི་ལེའུ་གཉིས་པ་བཀྲལ་ནས། གང་སྣང་བའི་འཇིག་རྟེན་བསྟན་པའི་ས་བཅད་དང་པོ། ཞིང་ཁམས་སྤྱི་དང་བྱེ་བྲག་བཤད་པ་ལས། དང་པོ་སོང་ནས་གཉིས་པ་བྱེ་བྲག་མི་མཇེད་ཀྱི་ཞིང་རྒྱས་པར་བཤད་པ་ལ། སྡོམ་གྱིས་མདོར་བསྟན་པ། ཡན་ལག་རྒྱས་པར་བཤད་པ་གཉིས། དང་པོ།

སྡོམ་གྱིས་མདོར་བསྟན་པ།

དེ་ལྟར་བཅོམ་ལྡན་འདས་ལོངས་སྤྱོད་ཆེན་པོ་ལ་བརྟེན་པའི་ཞིང་ཁམས་ནམ་མཁའི་དབྱིངས་ལྟར་ཁྱབ་པ་དང་། དེའི་ཁོངས་སུ་ཆུད་པའི་དུམ་བུའི་འཇིག་རྟེན་མི་མཇེད་ཀྱི་འབྲེལ་རྣམ་པར་གཞག་པ་མདོར་བསྟན་ནས། ད་ནི་དེའི་རང་བཞིན་རྒྱས་པར་བཤད་པའི་ཕྱིར། སྡོམ་རྣམ་པར་གཞག་པ་ཐོག་མར་བཀོད་པ་ནི། ཞེས་མཚམས་སྦྱར་ནས། དེ་ལྟར་རྒྱལ་བའི་ཞིང་ཁམས་སྣང་བ་ལས། །ཁྱད་པར་མི་མཇེད་འཇིག་རྟེན་བསྟན་པ་ནི། །ཆགས་གནས་འཇིག་སྟོངས་བསྐལ་པ་རྣམ་བཞི་ལས། །ཞེས་གསུངས་ཏེ། བཤད་མ་ཐག་པའི་ཚུལ་དེ་ལྟར་ཞིང་ཁམས་བཀོད་པའི་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པ་ལས་སྟོང་གསུམ་མི་མཇེད་ཀྱི་འཇིག་རྟེན་བསྟན་པ་ལ་སྣོད་དང་བཅུད་ཀྱི་འཇིག་རྟེན་ཆགས་ཚུལ་དང་། གནས་པ་དང་། འཇིག་པ་དང་། སྟོངས་པའི་བསྐལ་པ་བཞིས་ལེགས་པར་རྟོགས་པ་ཡིན་ནོ། །ཞེས་བསྐལ་བ་ཆགས་གནས་འཇིག་སྟོང་བཞིའི་སྡོམ་གྱིས་མདོར་བསྟན་ནས། གཉིས་པ་རྒྱས་པར་བཤད་པ་ལ། སྣོད་ཆགས་ཚུལ་དང་། བཅུད་ཆགས་ཚུལ་གཉིས། དེ་ལ་ཡང་ཆགས་པའི་བསྐལ་པ་བཤད་པ། གནས་བསྐལ་བཤད་པ། འཇིག་སྟོང་གི་བསྐལ་པ་བཤད་པ་གསུམ། དང་པོ་ལ། མདོར་བསྟན། རྒྱས་བཤད། དོན་བསྡུ་གསུམ། དང་པོ། དེ་ལ་དང་པོ་ཆགས་པའི་བསྐལ་པ་གཏན་ལ་དབབ་པ་ལ། དང་པོ་ལ་ཡང་བཅུད་རྣམས་ཡས་ཆགས་ཤིང་། །ནམ་མཁའ་ལ་བརྟེན་སྣོད་ཀྱང་དེ་བཞིན་ནོ། །ས་གཞི་ལ་བརྟེན་སྣོད་རྣམས་མས་ཆགས་ཏེ། །ཞེས་གསུངས་ཏེ། གང་གི་ཚེ་འཇིག་རྟེན་སྟོངས་པའི་བར་བསྐལ་ཉི་ཤུ་རྫོགས་ནས། ཆགས་པའི་མགོ་འཛིན་པ་ན། ནམ་མཁའ་ལ་བརྟེན་པའི་གཞལ་མེད་ཁང་རྣམས་ནི་གོང་མ་ནས་ཆགས་ལ། བཅུད་ཀྱི་སེམས་ཅན་རྣམས་ཀྱང་གོང་ནས་འོག་ཏུ་མཆེད་པ་ཡིན་ནོ། །ས་གཞི་ལ་བརྟེན་པ་རྣམས་ནི་འོག་མ་ནས་ཆགས་ཏེ། རེ་ཞིག་ཐོག་མར་ས་གཞི་ལ་བརྟེན་པ་རྣམས་ཀྱི་རིམ་པ་བཤད་པ་ནི། འདི་དག་མདོར་བསྡུས་རིམ་པས་དབྱེ་བ་ནི། །ཞེས་མདོར་བསྟན་པ་དང་། གཉིས་པ་རྒྱས་བཤད་ལ། སྣོད་ཆགས་ཚུལ་དང་། བཅུད་ཆགས་ཚུལ་གཉིས། དང་པོ་ལ། སྣོད་སྤྱིར་བསྟན་པ་དང་། དེ་ལས་སྟོང་དང་པོ་སོགས་སུ་འཇོག་ཚུལ་བཤད་པ་དང་གཉིས་ཀྱི་དང་པོ་ལ། བསྟན་བཤད་གཉིས། དང་པོ།

མདོར་བསྟན་པ།

རྟེན་གཞི་རྟེན་དང་བརྟེན་པ་གསུམ་དག་ལས། །ཞེས་དེ་ལས་ལེགས་པར་བརྩམས་ཏེ་བསྟན་པ་ལ། ཐུན་མོང་བ་མདོ་དང་མཐུན་པ་དག་ནི་འཇིག་རྟེན་གདགས་པ་དང་། ཐུན་མོང་མ་ཡིན་པ་གོང་དུ་འཕགས་པ་དག་ནི་ཕལ་པོ་ཆེ་དང་། རྒྱུད་ཀྱི་གནས་ཇི་ལྟ་བ་བཞིན་དུ་མདོར་བསྡུས་ཏེ་བསྟན་པར་བྱ་བ་ལས། གཉིས་པ་ལ། རྟེན་གཞི་འབྱུང་བ་ལྔའི་དཀྱིལ་འཁོར་ལྔ་བཤད་པ། རྟེན་རི་གླིང་མཚོ་གསུམ་བཤད་པ། དེ་ལ་བརྟེན་པ་སེམས་ཅན་གྱི་གནས་བྱེ་བྲག་པ་བཤད་པ་གསུམ། དང་པོ།

རྟེན་གཞི་དཀྱིལ་འཁོར་ལྔ་བཤད་པ།

དང་པོ་ཆགས་པ་བསྟན་པ་ལ། རྟེན་གཞི་འབྱུང་བ་རྣམས་དང་། རྟེན་རི་ལ་སོགས་པ་དང་། བརྟེན་པ་སེམས་ཅན་པ་རྣམས་ལས། དང་པོ་འབྱུང་བ་རིམ་བརྩེགས་རང་བཞིན་ཚུལ། །སྟོངས་པའི་བར་བསྐལ་རྫོགས་པའི་རྗེས་ཉིད་དུ། །ཡིད་མཁའ་རྣམ་དག་ནམ་མཁའ་དཀར་གསལ་རྒྱ། །སྟོང་གསུམ་དང་མཉམ་སྟེང་དུ་རླུང་ཆགས་ཏེ། །ཞེས་གསུངས་ཏེ། ཇི་སྐད་དུ། འཕགས་པ་ཡོན་ཏན་རིན་པོ་ཆེ་སྡུད་པ་ལས། མཁའ་ལ་རླུང་བརྟེན་དེ་ལ་ཆུ་ཡི་ཕུང་པོ་བརྟེན། །དེ་ལ་ས་ཆེན་འདི་བརྟེན་དེ་ལ་འགྲོ་བ་བརྟེན། །ཞེས་གསུངས་པ་ལྟར་རིམ་པས་བཤད་པ་ནི། ཞེས་པ་སྟེ། ཆགས་གནས་འཇིག་སྟོང་བཞིའི་སྔོན་མ་གང་ཡིན་བརྗོད་དུ་མེད་པ་ནི། འཁོར་བ་ཐོག་མེད་དང་། དངོས་མཐའ་དངོས་མེད། བརྗོད་མཐའ་བརྗོད་མེད། རྟོག་མཐའ་མི་རྟོག་པ་ལ་ཐུག་པ་སྟེ། མདོར་ན་ཐམས་ཅད་ཆོས་ཉིད་གཅིག་ཏུ་ཐུག་པས་གོང་དུ་གཞི་ཅིར་ཡང་མ་གྲུབ་པ་ལས་ཅིར་ཡང་སྣང་གསུངས་པ་ལྟར་དུ་ཐམས་ཅད་སྟོང་བའི་ངང་ལས་སྣོད་བཅུད་ཀྱི་སྣང་བ་རྣམས་ཤར་བའོ། །དེས་ན་སྣོད་བཅུད་གཉིས་བཤད་པའི་གནས་སྐབས་སུ། བཅུད་ཀྱི་སེམས་ཅན་སྐྱེ་བ་ནས་བཟུང་སྟེ་བཤད་པ་དང་། སྣོད་ཀྱི་འཇིག་རྟེན་གྱི་ཆགས་པ་ནས་བཤད་དགོས་པས། དེ་ཡང་སྟོང་པའི་རྗེས་ལ་དང་པོ་ནམ་མཁའ་ནི། རྒྱུ་སེམས་ཅན་སྤྱི་མཐུན་གྱི་ལས་ཏེ། འདིའི་དུས་ན་ཡིད་རྣམ་པར་དྭངས་པ་ཞེས་བྱ་བའི་ནམ་མཁའ་དཀར་བའི་འོད་དང་ལྡན་པ། ཚད་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གཅིག་གི་སྣོད་རྟེན་པར་བྱེད་པ་ཆགས་སོ། །དེའི་སྟེང་དུ་རླུང་གི་དཀྱིལ་འཁོར་ཏེ། ཞེས་འདི་ཆགས་པའི་རྒྱུ་ལ་རིང་བའི་རྒྱུ་དང་ཉེ་བའི་རྒྱུ་གཉིས་ལས་ནི་འདིར་སྐྱེ་བའི་རིང་རྒྱུ་ནི་སེམས་ཅན་རྣམས་ཀྱི་ཐུན་མོང་གི་ལས་སམ་སྤྱིི་མཐུན་གྱི་ལས་སོ། །ཉེ་བའི་རྒྱུ་ནི་རླུང་སྟེ་ཞེས་མཚམས་སྦྱར་བ་ནས། རླུང་དེ་ཇི་ལྟ་བུ་ཞེ་ན། སྲུབ་བྱེད་ཀུན་ཁྱབ་རྩུབ་འགྱུར་སྡུད་བྱེད་དང་། །སྨིན་བྱེད་འབྱེད་བྱེད་རྣམ་དྲུག་རིམ་པ་བཞིན། །བསྲུབས་བརྡལ་གཏོར་དང་སྡུད་ཆགས་སོ་སོར་འབྱེད། །ཅེས་གསུངས་ཏེ། རྣམ་པར་སྲུབ་བྱེད་ཀྱི་རླུང་ཞེས་བྱ་བ་སྔོ་ལ་འཕྱུར་བ་ལངས་པ་ལས། ཀུན་ཏུ་ཁྱབ་བྱེད་ཀྱི་རླུང་གིས་ཕྱོགས་ཀུན་ཏུ་བརྡལ་བས་ནམ་མཁའ་ལ་ན་བུན་ལྟར་འཁྲིགས། རྩུབ་འགྱུར་གྱི་རླུང་ཡཾ་ཞེས་པའི་རང་སྒྲ་དང་བཅས་པས་ནམ་མཁའ་ལ་སྤྲིན་བཞིན་གཏོར། རྣམ་པར་སྡུད་བྱེད་ཀྱི་རླུང་གིས་དེ་དག་བསྡུས་པས་རྒྱ་ཆེ་ཞིང་དཔངས་འཐུག་པར་བྱས། སྨིན་བྱེད་མེའི་རླུང་དམར་གསལ་ལས་མེ་མཆེད་ནས་བསྲེགས་པས་རླུང་གི་དཀྱིལ་འཁོར་འཇམ་ཞིང་ཁོད་སྙོམས་པར་ཆགས། འབྱེད་བྱེད་རླུང་གི་རླུང་ཞེས་བྱ་བས་ཁ་དོག་སྣ་ཚོགས་པ་འུར་གྱིས་ལངས་པ་ལས་དེ་དག་སོ་སོར་གཏོར། དེ་ནས་སྲུབ་བྱེད་ཀྱི་རླུང་གིས་བསྲུབས་པས་ལེགས་པར་ཆགས་སོ། །ཞེས་རླུང་རྡོ་རྗེ་རྒྱ་གྲམ་མོ། །རླུང་དེའི་ཁ་དོག་དང་ཚད་ཇི་ལྟ་བུ་ཞེ་ན། མདོག་ལྗང་རྒྱ་གྲམ་དབྱིབས་འདྲ་མུ་ཁྱུད་བཅས། །རྔམས་སུ་དཔག་ཚད་ས་ཡ་དྲུག་འབུམ་ལ། །རྒྱར་ནི་གྲངས་མེད་སྲ་མཁྲེགས་རྡོ་རྗེ་འདྲ། །ཞེས་གསུངས་ཏེ། སྡུད་པ་ལས་ཀྱང་། མཁའ་ལ་རླུང་བརྟེན་དེ་ལ་ཆུ་ཡི་ཕུང་པོ་བརྟེན། །དེ་ལ་ས་ཆེན་འདི་བརྟེན་དེ་ལ་འགྲོ་བ་བརྟེན། །ཞེས་གསུངས་པའོ། །རླུང་དེའི་ཁ་དོག་ནི་ནོར་བུ་ཨིནྡྲནཱི་ལའི་རྣམ་པ་ལྟ་བུའོ། །དབྱིབས་ནི་རྡོ་རྗེ་རྒྱ་གྲམ་ལ་མུ་ཁྱུད་ཟླུམ་པོས་བསྐོར་བ་ལྟ་བུའོ། །ཚད་ནི་རྔམས་སུ་འམ་འཐུག་ཚད་དམ་མཐོ་ཚད་ལ་དཔག་ཚད་ས་ཡ་དྲུག་འབུམ་དང་རྒྱར་གྲངས་མེད་པ་ཡོད་དོ། །བྱེད་ལས་སྲ་ཞིང་མཁྲེགས་པ་དེས་ཆུ་ལ་སོགས་པ་བརྟེན་པའི་ལས་བྱེད་དོ། །ཞེས་མཁའ་ལ་རླུང་བརྟེན་པ་དང་རླུང་དེ་ལ་ཆུའི་ཕུང་པོ་བརྟེན་དགོས་པའོ། །དེ་ནས་ཆུའི་དཀྱིལ་འཁོར་ནི་སྟེང་གི་ནམ་མཁའ་ལ། གསེར་གྱི་སྙིང་པོ་ཅན་སྤྲིན་འདུས་པ་ལས། །དེ་སྟེང་ཆར་བབས་ཆུ་ཡི་དཀྱིལ་འཁོར་ནི། །ཞི་བ་གསལ་དག་ཅེས་བྱ་ཀུན་ནས་ཟླུམ། །ཞེས་གསུངས་ཏེ། རླུང་གི་དཀྱིལ་འཁོར་ཆགས་པའི་རྗེས་ལ། ཆུའི་རྒྱུ་ནི། ནམ་མཁར་སྤྲིན་གསེར་གྱི་སྙིང་པོ་ཅན་འདུས་པ་ལས། ཆར་གྱི་རྒྱུན་ཤིང་རྟའི་སྲོག་ཤིང་ཙམ་དུ་བབས་པའི་དབང་གིས་བྱུང་བའོ། །དེ་ཡང་ཞི་བ་གསལ་དག་གི་ཆུ་ཞེས་བྱ་བ་དབྱིབས་ཟླུམ་པོ་ཟླ་བ་རྒྱས་པ་ལྟ་བུ་ཆགས་སོ། །ཞེས་ཆུའི་དབྱིབས་ཟླུམ་པོ་ཟླ་བ་ཟླུམ་པོ་ལ་དཔེར་བཞག་ནས་གསུངས་པ་དང་། ཆུའི་དཀྱིལ་འཁོར་དེའི་ཚད་ནི། རྔམས་སུ་དཔག་ཚད་འབུམ་ཕྲག་བཅུ་གཅིག་དང་། །ཉི་ཁྲིི་རྟེན་བྱེད་རླུང་གིས་མཐའ་ནས་བསྐོར། །ཞེས་གསུངས་ཏེ། ཆུ་དེའི་རྔམས་སུ་དཔག་ཚད་འབུམ་ཕྲག་བཅུ་གཅིག་དང་ཉིས་ཁྲི་འམ་ཉི་ཁྲིའོ། །དེ་གཞན་དུ་མི་འབོ་བ་ནི། མཐའ་སྐོར་རྣམས་ནས་རྟེན་པར་བྱེད་པའི་རླུང་གིས་འཁོར་བར་གནས་པའི་ཕྱིར་རོ། །དེ་ནས་སའི་དཀྱིལ་འཁོར་ནི། སྲུབ་བྱེད་རླུང་གིས་ཆུ་དེ་རྣམས་བསྲུབས་པས། །དེ་སྟེང་ས་ཡི་དཀྱིལ་འཁོར་གྲུ་བཞིར་ཆགས། །ཞེས་གསུངས་ཏེ། སའི་དཀྱིལ་འཁོར་ཆགས་པའི་རྒྱུ་ནི་ཆུའི་འོག་རླུང་གི་དཀྱིལ་འཁོར་ལས་སྲུབ་བྱེད་ཀྱི་རླུང་ཞེས་བྱ་བ་གཟིར་ཞིང་མནན་བའི་སྒྲ་དང་བཅས་པ་ཞིག་བྱུང་ནས། རྒྱུ་དེ་དག་ཀུན་ནས་བསྡུས་ཤིང་བསྲུབས་པ་ལས། གསེར་གྱི་ས་གཞི་མཚོ་ལ་དར་ཆགས་པ་ལྟར་གྲུབ་སྟེ། གྲུ་བཞི་ཁ་དོག་སེར་པོར་གྱུར་ཏོ། །ཚད་ནི། རྔམས་སུ་དཔག་ཚད་སུམ་འབུམ་ཉི་ཁྲི་ལ། །རྒྱ་ཁྱོན་འབུམ་ཕྲག་བཅུ་གཉིས་སྟོང་ཕྲག་གསུམ། །བརྒྱ་ཕྲག་ཕྱེད་དང་ལྔ་དང་བཅས་པའོ། །ཞེས་གསུངས་ཏེ། ཆུ་ཡི་ཟབས་སུ་ཞེས་པ་གཏིང་ཟབ་ཀྱི་ཚད་དོ། །དཔག་ཚད་འབུམ་ཕྲག་བརྒྱད་ཡོད་པའི་མཚོར་གྱུར་ལ་ལྷག་མ་ནི་ས་ཡི་ཚད་དེ་རྔམས་སུ། དཔག་ཚད་སུམ་འབུམ་ཉི་ཁྲི་ལ། ཆུ་དང་ས་གཉིས་ཀའི་རྒྱར་ནི་དཔག་ཚད་འབུམ་ཕྲག་བཅུ་གཉིས་དང་། སྟོང་ཕྲག་གསུམ་བརྒྱ་ཕྲག་ཕྱེད་དང་ལྔའོ། །མཐའ་བསྐོར་ནི་སུམ་འགྱུར་རོ། །དེ་དག་གིས་རྟེན་པའི་གཞི་རྣམས་གཏན་ལ་ཕབ་ཟིན་ཏོ། །ཞེས་དང་པོ་རྟེན་གཞི་འབྱུང་ལྔའི་དཀྱིལ་འཁོར་བཤད་པ་སོང་ནས། གཉིས་པ་ལ་བསྟན་བཤད་གཉིས། དང་པོ།

མདོར་བསྟན་པ།

ད་ནི་དེ་དག་ལ་བརྟེན་པ་བཤད་པར་བྱ་སྟེ། སའི་དཀྱིལ་འཁོར་ཆེན་པོ། དེ་སྟེང་རྟེན་ནི་རི་མཚོ་གླིང་རྣམས་ལས། །ཞེས་གསུངས་ཏེ། དེ་ལ་རི་དང་མཚོ་དང་། གླིང་རྣམས་ལ། ཞེས་མདོར་བསྟན་ནས། གཉིས་པ་ལ། རི་བཤད་པ་དང་། མཚོ་བཤད་པ། གླིང་བཤད་པ་གསུམ། དང་པོ་ལ། རི་གླིང་ཐུན་མོང་གི་རྒྱུ་དང་། སོ་སོའི་ངོ་བོ་གཉིས། དང་པོ།

རི་གླིང་ཐུན་མོང་གི་རྒྱུ་བཤད་པ།

ཆུ་དང་ས་བསྲུབས་སྤྲིན་ལས་ཆར་བབས་པས། །ལྷུན་པོ་གསེར་རི་མུ་ཁྱུད་གླིང་རྣམས་ནི། །འབྱེད་སྡུད་རབ་འབྲིང་ཐ་མའི་རླུང་གིས་གྲུབ། །ཅེས་གསུངས་ཏེ། རིའི་རྒྱུ་ནི་གསེར་གྱི་ས་གཞིའི་སྟེང་དུ་སྨིན་པར་བྱེད་པའི་རླུང་གིས་ཆུ་དང་སའི་དཀྱིལ་འཁོར་བསྲུབས་ཤིང་། ནམ་མཁའ་ལས་ཁམས་སྣ་ཚོགས་པ་ཅན་གྱི་སྤྲིན་ལས་ཆུའི་རྒྱུན་ཡུན་རིང་དུ་བབས་པ་ལས་གྲུབ་བོ། །དེ་ཡང་ཁམས་རབ་འབྱེད་སྡུད་ཀྱི་རླུང་ལས་རི་རབ་ལྷུན་པོ་བྱེ་བ་ཕྲག་བརྒྱ། འབྲིང་འབྱེད་སྡུད་ཀྱི་རླུང་ལས་གསེར་གྱི་རི་བདུན་བྱེ་བ་ཕྲག་བརྒྱ། ཁམས་ཐ་མ་འབྱེད་སྡུད་ཀྱི་རླུང་ལས་ཕྱི་རོལ་ཁོར་ཡུག་ལྕགས་རི་དང་། གླིང་བཞི་གླིང་ཕྲན་དང་བཅས་པ་བྱེ་བ་ཕྲག་བརྒྱ་གྲུབ་པར་གྱུར་ཏོ། །ཞེས་ཐུན་མོང་གི་རྒྱུ་བཤད་ནས། གཉིས་པ་རི་གླིང་སོ་སོའི་ངོ་བོ་བཤད་པ་ལ། ལྷུན་པོ་བཤད་པ་དང་། རི་བདུན་བཤད་པ་གཉིས། དང་པོ་ལ། དངོས་དང་། རི་གླིང་ཐུན་མོང་གི་ཡས་མན་གྱི་ཚད་བསྟན་པ་གཉིས། དང་པོ།

ལྷུན་པོ་དངོས་བཤད་པ།

དེ་ལ་དབུས་ཀྱི་རིའི་རྒྱལ་པོ། རི་རབ་རིན་ཆེན་ཕྱོགས་བཞི་རིམ་པ་བཞིན། །དངུལ་དང་བཻ་ཌཱུརྱ་ར་པདྨརཱ་ག་གསེར། །དེ་ཡི་ཕྱོགས་བཞིའི་ནམ་མཁའ་འང་དེ་བཞིན་ནོ། །ཞེས་གསུངས་ཏེ། དབུས་ཀྱི་རི་རྒྱལ་ལྷུན་པོ་ནི་རིན་པོ་ཆེ་སྣ་བཞི་ལས་གྲུབ་སྟེ། ཤར་ཕྱོགས་དངུལ་ལས་གྲུབ་པས་དཀར་པོ། ཁ་ཅིག་ཤེལ་ལས་གྲུབ་པར་འདོད་པ་ཡང་ཡོད། ཞེས་གསུངས་པས་དཀར་པོའི་རིགས་འདི་ལ་དངུལ་ལམ་དུང་ལྟར་དཀར་པའི་དཀར་པོ་དང་། ཤེལ་ལྟར་དཀར་པའི་དཀར་པོ་གཉིས་སུ་ཡོད་ཅིང་། འུ་ཚོས་རྡོར་སེམས་སྒོམ་ཟླས་སྐབས་ཀྱི་རྡོ་རྗེ་སེམས་པའི་སྐུ་མདོག་དེ་ཤེལ་ལྟར་དཀར་བའི་དཀར་ལུགས་སུ་བཞེད་པ་ལས། རི་རབ་དང་། གཞལ་ཡས་ཁང་གི་ཕྱོགས་མདོག་སོགས་ཀྱི་དཀར་པོ་ནི་དུང་ལྟར་དུ་དཀར་བ་ལ། དྭངས་ཤིང་གསལ་བ་ཤེལ་ལྟར་དུ་གསལ་བཏབ་ན་འགལ་བ་མིན་ནོ། །ལྷོ་བཻཌཱུརྱ་ལས་གྲུབ་པས་སྔོན་པོ། ནུབ་པདྨ་རཱ་ག་སྟེ་ཆུ་ཤེལ་དམར་པོ་ལས་གྲུབ་པས་དམར་པོའོ། །བྱང་གསེར་ལས་གྲུབ་པས་སེར་པོའོ། །ཕྱོགས་བཞིའི་ནམ་མཁའི་མདོག་ཀྱང་དེ་དག་ཏུ་སོ་སོར་སྣང་ངོ་། །ཞེས་རི་རབ་ཀྱི་རིན་པོ་ཆེའི་རྒྱུ་དང་ཁ་དོག་བཤད་ནས་དབྱིབས་བཤད་པ་ནི། ལྷུན་པོ་མཛེས་པར་བྱེད་པའི། རི་རབ་བང་རིམ་བཞི་ལས་འོག་མ་ནི། །རྡོ་རྗེ་ཅན་ཏེ་ནང་གི་རི་རབ་ནས། །ཞེང་དུ་དཔག་ཚད་སྟོང་ཕྲག་བཅུ་དྲུག་འཕགས། །ཆུར་ནི་སུམ་འགྱུར་ཀུན་ལ་ཤེས་པར་བྱ། །ཞེས་གསུངས་ཏེ། རི་རྒྱལ་ལྷུན་པོ་དེ་ལ་ཆུའི་སྟེང་ན་གྱེན་དུ་ཡར་བང་རིམ་བཞི་ལས། འོག་ཏུ་རླུང་གི་བང་རིམ་གཡུའི་རྡོ་རྗེ་ཅན་ཞེས་བྱ་བ་རི་རབ་ལས་ཕྱིར་དཔག་ཚད་སྟོང་ཕྲག་བཅུ་དྲུག་འཕགས་པའོ། །ཟུར་ནས་ཟུར་གྱི་རིང་ཚད་ལ་ཞེང་ནས་སུམ་འགྱུར་ཏེ། བང་རིམ་ལྷག་མའི་ཆུར་ཇི་ཙམ་ཡོད་པ་ཞེང་དུ་སུམ་འགྱུར་དུ་ཤེས་པར་བྱའོ། །ཆུར་ནི་སུམ་འགྱུར་ཀུན་ལ་ཤེས་པར་བྱ་ཞེས་གསུངས་པའི་དོན། གྲུ་བཞིར་མཉམ་ཕན་ཆོད་ཤར་ནུབ་ལྟ་བུའི་ཐད་ཀའི་ཞེང་དང་། མཐའ་བསྐོར་གྱི་ཕྱོགས་གཅིག་གི་ཞེང་མཉམ་པས་ན། གྲུ་བཞི་རྣམས་ལ་ནི་ཐད་ཀའི་ཞེང་གི་ཚད་དེའི་བཞི་འགྱུར་མཐའ་ཁོར་ཡུག་ཏུ་ཡོད་ལ། ཟླུམ་པོ་ལ་ནི་སུམ་འགྱུར་ཡོད་པས། འདིར་བཞི་འགྱུར་སུམ་འགྱུར་ཡི་གེ་ནོར་རམ་སྙམ་སྟེ། གཞན་དུ་བང་རིམ་དང་། རི་མཚོ་རྣམས་ཁ་ཞེང་ཆེ་ཆུང་སྣ་ཚོགས་བྱུང་བས། རོལ་མཚོ་དང་པོ་ལ་ནི་རང་གི་ཁ་ཞེང་དཔག་ཚད་བརྒྱད་ཁྲི་ཡོད་པ་སུམ་འགྱུར་བྱས་པ་ཉིས་འབུམ་བཞི་ཁྲི་ཕྱོགས་རེ་རེའི་མཐའ་ཚད་དུ་ཡོད་པ་མ་གཏོགས་གཞན་ལ་རང་གི་ཁ་ཞེང་གིས་ནི་མི་འགྲིག་ལ། གྲུ་བཞི་སྤྱིའི་མཐའ་ཚད་ཀྱི་སུམ་ཆ་བཟུང་ན་འགྲིག་མོད། དེ་ཕྱོགས་རེའི་སུམ་ཆའང་ཡིན་པས་གོ་རྒྱུའང་ལྷག་པོ་མེད་པས་འདིའི་གནད་གང་ཡིན་བརྟག་པར་བྱ་དགོས་ལ། གལ་ཏེ་ཤར་ནུབ་ལྟ་བུའི་མཐའ་ཚད་མ་བཟུང་བར་མེ་ནས་རླུང་གི་གྲྭའི་བར་གྱི་ཐད་ཀའི་རིང་ཐུང་གི་ཚད་དེ་སུམ་འགྱུར་དུ་བྱས་པས་གྲུ་བཞིའི་མཐའ་ཁོར་ཡུག་ཏུ་གཞལ་ན་ཅུང་ཟད་ཅིག་ལྷག་ནའང་། ཕྱི་ནས་སྲད་བུ་སོགས་ཀྱིས་འཇལ་བས་མཐའ་ཚད་རགས་པ་འགྲིག་པ་ལ་དགོངས་པ་ཡིན་ནམ་དགོངས་དོན་གཞན་བཙལ་བར་བྱའོ། །བང་རིམ། གཉིས་པ་རྣམ་སྤུངས་སྟོང་ཕྲག་བརྒྱད་ཞེང་འཕགས། །གསུམ་པ་ཤེལ་འོད་འབར་བ་བཞི་སྟོང་འཕགས། །བཞི་པ་འཁོར་ལོ་རྣམ་བརྩེགས་ཉིས་སྟོང་འཕགས། །ཞེས་གསུངས་ཏེ། གཉིས་པ་ཆུ་ལས་གྲུབ་པའི་བང་རིམ་རྣམ་པར་སྤུངས་པ་ཞེས་བྱ་བ་སྟེ་སྟོང་ཕྲག་བརྒྱད་ཕྱིར་འཕགས་སོ། །གསུམ་པ་ཤེལ་འོད་འབར་བ་སྟོང་ཕྲག་བཞི་ཕྱིར་འཕགས་པའོ། །བཞི་པ་འཁོར་ལོ་རྣམ་པར་བརྩེགས་པ་ཞེས་བྱ་བ་སྟེ་སྟོང་ཕྲག་གཉིས་ཕྱིར་འཕགས་པའོ། །སྲིད་དམ་མཐོ་དམན་དུ་ཇི་ཙམ་ཞེ་ན། ཆུ་མཚམས་ནས་བཟུང་རི་རབ་ཕྱེད་དུའོ། །ཞེས་གསུངས་ཏེ། བང་རིམ་བཞི་པོ་དེ་དག་གི་ཆུ་མཚམས་ནས་གཅིག་གི་སྟེང་ནས་གཅིག་སྟེང་དུ་འཕགས་པའི་བར་གྱི་ཐག་ནི་སྟོང་ཕྲག་བཅུ་བཅུ་སྟེ་བཞི་ཁྲི་ཡོད་པས་རི་རབ་ཀྱི་ཕྱེད་དུ་ཕྱིན་པའོ། །ཞེས་ལྷུན་པོ་དངོས་ཀྱི་ཚད་བཤད་ནས་གཉིས་པ།

རི་གླིང་ཐུན་མོང་གི་ཡས་མན་གྱི་ཚད་བསྟན་པ།

རི་རབ། ལྷུན་པོ་ཆུ་ལས་བརྒྱད་ཁྲི་འཕགས་པ་སྟེ། །ཆུ་ཡི་ནང་དུ་རི་གླིང་ཀུན་མཚུངས་པར། །བརྒྱད་ཁྲི་ནུབ་ཅིང་གསེར་གྱི་ས་གཞིར་གནས། །ཞེས་གསུངས་ཏེ། རི་དགུ་དང་གླིང་བཅུ་གཉིས་པོ་ཐམས་ཅད་ཀྱང་གསེར་གྱི་ས་གཞིའི་སྟེང་ནས་སྐྱེས་པས་ཆུའི་ནང་དུ་དཔག་ཚད་བརྒྱད་ཁྲི་ནུབ་པར་ཀུན་གཅིག་ཅིང་། ལྷུན་པོ་ཆུ་ལས་སྟེང་དུ་བརྒྱད་ཁྲི་འཕགས་པས་དཔག་ཚད་འབུམ་དྲུག་ཁྲིའོ། །དེའང་ཤིན་ཏུ་མཛེས་ཤིང་ལྷུན་ཆགས་པས་རི་དབང་ལྷུན་པོ་ཞེས་བྱའོ། །ཞེས་ལྷུན་པོ་དངོས་དང་རི་གླིང་ཐུན་མོང་གི་ཚད་བཤད་ནས། གཉིས་པ།

རི་བདུན་བཤད་པ།

དེའི་ཕྱི་རོལ་ན། གསེར་གྱི་རི་བདུན་གྲུ་བཞིར་བསྐོར་བ་ནི། །གཉའ་ཤིང་འཛིན་དང་དེ་བཞིན་གཤོལ་མདའ་འཛིན། །སེང་ལྡེང་ཅན་དང་བལྟ་ན་སྡུག་པ་དང་། །རྟ་རྣ་རྣམ་འདུད་མུ་ཁྱུད་འཛིན་རི་རྣམས། །ནང་མའི་ཕྱེད་ཕྱེད་ཕྱི་མས་གནམ་འཕང་སླེབ། །ཞེང་དུ་ཆུ་ལས་འཕགས་པའང་དེ་ཙམ་མོ། །ཞེས་གསུངས་ཏེ། ལྷུན་པོ་དབུས་ན་གནས་པ་ལ་གསེར་གྱི་རི་བདུན་གྱིས་གྲུ་བཞིར་བསྐོར་བ་ལས། རི་ནང་མ་གཉའ་ཤིང་འཛིན་ནི་ཤིང་རྟའི་གཉའ་ཤིང་ལྟར་རྩེ་མོ་དྲང་བའོ། །ཞེས་འདི་ནི་འདྲ་བ་རྒྱུ་མཚན་དུ་བྱས་ནས་མིང་དེ་ལྟར་ཐོགས་པའོ། །དེ་ནས་ཕྱི་རོལ་ཏུ་རིམ་པ་བཞིན། གཤོལ་མདའ་འཛིན་ནི་གཤོལ་མདའ་ལྟར་རྩེ་མོ་དྲང་བའོ། །སེང་ལྡེང་ཅན་ནི་རྩེ་མོ་ན་སེང་ལྡེང་གི་ནགས་ཡོད་པའོ། །བལྟ་ན་སྡུག་ནི་རྩེ་མོ་མཛེས་པའོ། །རྟ་རྣ་ནི་སྟེང་ན་བྲག་རྟའི་རྣ་བ་ལྟ་བུ་ལོགས་སུ་ཆད་པ་ཞིག་ཡོད་པའོ། །རྣམ་འདུད་ནི་རྩེ་མོ་ནང་དུ་ཅུང་ཟད་འདུད་པའོ། །མུ་ཁྱུད་འཛིན་ནི་དེ་ཐམས་ཅད་ཀྱི་མཐའ་སྐོར་དུ་འཁོར་ལོའི་མུ་ཁྱུད་བཞིན་བསྐོར་བས་དེ་སྐད་ཅེས་བྱའོ། །རི་ཐམས་ཅད་ཀྱང་ནང་མ་རྣམས་ཇི་ཙམ་འཕགས་པའི་ཕྱེད་ཕྱེད་ཀྱིས་ཕྱི་མ་རྣམས་དམའ་བ་སྟེ། གསེར་རི་དང་པོ་ལ་དཔག་ཚད་བཞི་ཁྲི། གཉིས་པ་ལ་ཉི་ཁྲི། གསུམ་པ་ལ་ཁྲི། བཞི་པ་ལ་ལྔ་སྟོང་། ལྔ་པ་ལ་ཉིས་སྟོང་ལྔ་བརྒྱ། དྲུག་པ་ལ་སྟོང་དང་ཕྱེད་དང་སུམ་བརྒྱ། བདུན་པ་ལ་དྲུག་བརྒྱ་ཉི་ཤུ་རྩ་ལྔའོ། །ཞེང་དུ་སོ་སོ་ཆུ་ལས་གྱེན་དུ་འཕགས་པའི་དཔངས་ཇི་སྙེད་ཡོད་པ་དེ་སྙེད་དོ། །ཞེས་པ་སྟེ་འདིའི་རླུང་ཆུ་ས་ཡི་དཀྱིལ་འཁོར་དང་། རི་གནས་མཚོ་དང་ལྷ་གནས་ལ་སོགས་པའི་ཆགས་དབྱིབས་བཀོད་པ་སྤྱིར་བཏང་གིས་འཇིག་རྟེན་གདགས་པ་དང་། མངོན་པ་མཛོད་ཀྱི་དགོངས་པ་དང་མཐུན་པ་ཡིན་ལ། །འོན་ཀྱང་འདིའི་ཁུངས་ནི་ཡིད་བཞིན་བཀོད་པ་མཆོག་གི་རྒྱུད་དང་། བི་མའི་མུ་ཏིག་ཕྲེང་འགྲེལ་སོགས་མ་བུ་རིས་འབྲེལ་བས་གཙོ་བོའི་ཆ་ནས་རྒྱུད་ཀྱི་དགོངས་དོན་ཡིན་དགོས་པ་ལ། མཚམས་རེ་འགའ་ནས་སྣོད་བཅུད་ཆགས་གནས་སོགས་ཀྱི་ཐད་ནས་རྒྱུད་ཀྱི་ཐུན་མིན་གྱི་དགོངས་པའང་གསལ་བ་ཡིན། ཐམས་ཅད་ཀྱི་ཕྱི་རོལ། འཁོར་ཡུག་རི་ནི་ལྕགས་ལས་གྲུབ་པ་སྟེ། །མུ་ཁྱུད་འཛིན་རིའི་ཕྱེད་དུ་སླེབ་ཅེས་གྲགས། །ཞེས་གསུངས་ཏེ། ཕྱིའི་ལྕགས་རིའི་མུ་ཁྱུད་ནི་ལྕགས་ལས་གྲུབ་པ་སྟེ། མུ་ཁྱུད་འཛིན་གྱི་ཕྱེད་དུ་སླེབ་པས་ཆུ་ནས་སུམ་བརྒྱ་དང་ཕྱེད་དང་བཅུ་གསུམ་གྱེན་དུ་འཕགས་ཤིང་། ཞེང་དུ་དེ་སྙེད་དོ། །དེས་ནི་རི་བཤད་པ་སོང་ནས། གཉིས་པ།

མཚོ་བསྟན་པ།

ད་ནི་མཚོ་བསྟན་པར་བྱ་བ་ནི། ཞེས་མཚམས་སྦྱར་ནས། དེ་དག་ནང་གི་མཚོ་ཡི་བྱེ་བྲག་ཀྱང་། །ཤིང་རྟའི་སྲོག་ཤིང་ཙམ་གྱི་ཆར་བབས་པས། །རི་གླིང་ཀུན་གྱི་བར་རྣམས་གང་བས་མཚོ། །ཞེས་གསུངས་ཏེ། རྒྱུ་ནི་རི་གླིང་ཀུན་གྱི་སྟེང་གི་ནམ་མཁའ་ལས་ཆར་གྱི་རྒྱུན་ཤིང་རྟའི་སྲོག་ཤིང་ཙམ་དུ་བབས་པས་རོལ་མཚོ་རྣམས་ཀྱང་གང་བར་བྱེད་ཅིང་། ཞེས་པ་འདི་རྒྱ་མཚོ་ཆེན་པོ་ཆགས་ས་དེ་མིན་པར་སའི་སྟེང་གི་མཚོ་ཞེས་གསལ་བར་གསུངས་ནས་བྱེ་བྲག་ཕྱེས་པའོ། །ས་ཆེན་པོའི་སྟེང་དུ་ཡང་ཆུས་ཀུན་ཏུ་ཁྱབ་པས་རྒྱ་མཚོ་གཅིག་ཏུ་གྱུར་པར་བྱེད་དོ། །ནང་གི རོལ་མཚོ་ཡན་ལག་བརྒྱད་ལྡན་ཆུས་གང་བའི། །ཞེང་རྣམས་རི་བདུན་སོ་སོ་དང་མཉམ་ཞིང་། །ཆུར་ཡང་སུམ་འགྱུར་ཀུན་ལ་མཚུངས་པ་ཡིན། །ཞེས་གསུངས་ཏེ། རོལ་མཚོ་བདུན་ནི་ཡན་ལག་བརྒྱད་ལྡན་གྱི་ཆུས་གང་བ་སྟེ། ཡན་ལག་བརྒྱད་པོ་གང་ཞེ་ན། འདུལ་བ་ལུང་ལས། བསིལ་དང་ཞིམ་དང་ཡང་དང་འཇམ། །དྭངས་དང་དྲི་མ་མེད་པ་དང་། །འཐུངས་ན་ལྟོ་བར་བྱམས་པ་དང་། །མགྲིན་པ་ལ་ཡང་མི་གནོད་དང་། །ཡན་ལག་བརྒྱད་ལྡན་ཆུར་འདོད་དོ། །ཞེས་པ་ལྟར་རོ། །ཡན་ལག་བརྒྱད་ལྡན་གྱི་ཆུ་ལ་ལྷའི་ཆུ་ཡན་ལག་བརྒྱད་ལྡན་དང་། མིའི་ཆུ་ཡན་ལག་བརྒྱད་ལྡན་གྱི་དབྱེ་བ་དང་ཁྱད་པ་ཡོད་པ་ལས། འདི་མིའི་འཇིག་རྟེན་གཙོ་བོར་བཤད་པའི་སྐབས་ཡིན་པས་མིའི་ཆུ་ཡན་ལག་བརྒྱད་ལྡན་ལྟར་བཤད་པའོ། །མུ་ཁྱུད་འཛིན་ནས་ཕྱིའི་ཁོར་ཡུག་གི་བར་གྱི་རྒྱ་མཚོ་ནི་བ་ཚྭའི་ཆུའོ། །ཅིའི་ཕྱིར་རོལ་མཚོ་ཞེ་ན། ཀླུ་ཆེན་པོ་བརྒྱད་མཆོག་རིང་བསྐལ་བའོ། །ཞེས་གསུངས་པ་ལྟར་དུ་ཀླུ་ཆེན་པོ་བརྒྱད་ཚེ་ཚད་རིང་བ་བསྐལ་པར་གནས་ཤིང་རྩེ་བ་དང་རོལ་པའི་གནས་ཡིན་པས་དེ་སྐད་ཅེས་བྱའོ། །ཀླུ་བརྒྱད་ནི། དགའ་བོ་དང་། ཉེར་དགའ་དང་། རྟའི་གཞི་དང་། བཏང་བཟུང་དང་། གཟི་ཅན་དང་། ཡུལ་འཁོར་སྲུང་དང་། ནག་པོ་ཆེན་པོ་དང་། ཨེ་ལའི་འདབ་བོ། །དེ་དག་ཀྱང་ལྷ་མ་ཡིན་དང་གཡུལ་འགྱེད་པ་ན། བརྒྱ་བྱིན་གྱི་དམག་གི་དཔུང་བྱེད་པ་སྐྱེ་བ་རྣམ་པ་བཞི་ཀ་ལས་སྐྱེ་བའོ། །མཚོ་དེ་དག་གི་ཚད་ནི། མཚོ་ནང་མ་རི་རབ་དང་གཉའ་ཤིང་འཛིན་གྱི་ཐངས་ཁ་ཞེང་ལ་དཔག་ཚད་སྟོང་ཕྲག་བརྒྱད་ཅུའོ། །ཞེས་དཔག་ཚད་བརྒྱད་ཁྲིའོ། །ཤར་ནུབ་ལྟ་བུའི་རྒྱའི་ཚད་ནི་ཕྱོགས་བཞི་རེ་རེའང་དེའི་སུམ་འགྱུར་རོ། །ཞེས་པ་འདིའི་སུམ་འགྱུར་ཞེས་པ་འདི་བཞི་འགྱུར་ཡིན་དགོས་པ་འདྲ་ཡང་། དེ་ལྟར་གསུངས་པ་འདི་རི་རབ་ཀྱི་སྐབས་ཀྱི་བང་རིམ་གོང་མའི་སུམ་འགྱུར་དུ་འགྲེས་པ་ལྟར་དུ་འདིའང་ཕྱི་མ་དག་གི་སུམ་འགྱུར་ཨེ་ཡིན་སྙམ། ཡི་གེ་ནོར་བ་མིན་ཤེས་ཆེ་སྙམ་པ་ནི་བསམ་བློ་མང་པོར་མ་བཏང་བའི་ཐད་ཀའི་གོ་བ་ལེན་ལུགས་ཞིག་ཡིན། རོལ་མཚོ་དེའི་ནང་སྐོར་ནི་རི་རབ་ངོས་ལ་ཁོར་ཡུག་ཏུ་སུམ་འབུམ་ཉི་ཁྲི་ཕྱིས་སྐོར་གཉའ་ཤིང་འཛིན་གྱི་ངོས་ལ་དཔག་ཚད་དགུ་འབུམ་དྲུག་ཁྲིའོ། །གཉའ་ཤིང་འཛིན་གྱི་ཕྱི་རོལ་མཚོ་གཉིས་པ་ལ་དཔག་ཚད་བཞི་ཁྲི་ཞེང་དུ་ཡོད་པས་རི་དེའི་སྲིད་དང་མཉམ་མོ། །ལྷག་མ་རྣམས་ཀྱང་ནང་གི་རིའི་སྲིད་དང་དེའི་ཕྱིའི་མཚོ་མཉམ་པ་ལས། གཤོལ་མདའ་འཛིན་གྱི་ཕྱི་རོལ་ལ་ཞེང་དུ་ཉི་ཁྲི་སེང་ལྡེང་ཅན་གྱི་ཕྱི་རོལ་ལ་ཁྲི། བལྟ་ན་སྡུག་གི་ཕྱི་རོལ་ལ་ལྔ་སྟོང་། རྟ་རྣའི་ཕྱི་རོལ་ན་ཉིས་སྟོང་ལྔ་བརྒྱ། ཐ་མ་རྣམ་འདུད་ཕྱིའི་རོལ་མཚོ་ལ་སྟོང་དང་ཕྱེད་དང་སུམ་བརྒྱ་ཞེང་དུ་ཡོད་པ་དེ་ཙམ་སུམ་འགྱུར་རིང་ནས་རིང་ཚད་དུ་ཡོད་དོ། །དང་པོའི་ཞེང་ནི་རི་རབ་ཀྱི་ཕྱོགས་གཅིག་གི་ཁ་ཞེང་དང་མཉམ་ལ། ལྷག་མ་དྲུག་རི་དྲུག་གི་སྲིད་དང་མཉམ་པར་འདོད་དོ། །མུ་ཁྱུད་འཛིན་ནས་ཁོར་ཡུག་བ་ཚྭ་ཅན། །ཕྱི་ཡི་རྒྱ་མཚོའི་ཞེང་དུ་སུམ་འབུམ་དང་། །སྟོང་ཕྲག་ཉི་ཤུ་རྩ་གཉིས་དཔག་ཚད་ལྡན། །ཞེས་གསུངས་ཏེ། མུ་ཁྱུད་འཛིན་ནས་མུ་ཁྱུད་འཛིན་ཆེན་པོའི་བར་ལ་རྒྱ་མཚོའི་ཁ་ཞེང་དུ་དཔག་ཚད་འབུམ་ཕྲག་གསུམ་དང་སྟོང་ཕྲག་ཉི་ཤུ་རྩ་གཉིས་ཡོད་དོ། །རི་མཚོ་བཤད་པ་སོང་ནས། གསུམ་པ།

གླིང་བཤད་པ།

དེ་ནས། གླིང་རྣམས་ས་གཞི་ཆུ་དང་ཁད་མཉམ་མཐོ། །ཞེས་གསུངས་ཏེ། དེ་ཡང་གླིང་སོ་སོ་ཆགས་པའི་རྒྱུ་ནི་རྒྱ་མཚོའི་སྟེང་གཏིང་གི་རི་རབ་ཀྱི་ཕྱོགས་བཞིར་རྒྱ་མཚོ་ཆེན་པོར་ནང་དུ་བལྟས་པ་དང་། ཕྱིར་བལྟས་པའི་རླུང་གླིང་སོ་སོའི་དབྱིབས་དང་འདྲ་བ་ལངས་ནས། ཆུ་དེ་དག་ལས་གླིང་བཞི་ཆགས་པའི་རང་གི་དངོས་པོ་བག་ལ་ཞ་བ་ཡོད་པ་བསྡུས་ནས་ཐུར་དུ་ཟུག་ཅིང་གྱེན་དུ་ཆུ་དང་ཁད་མཉམ་དུ་གནས་པ་ལས་ཅུང་ཟད་མཐོ་ཙམ་དུ་གནས་པར་བྱས་སོ། །དུས་ནི་སྔར་བསྟན་པ་བཞིན་ཁམས་འབྱེད་སྡུད་ཐ་མའི་ཚེ་གྲུབ་བོ། །ཞེས་ཁམས་ཐ་མའི་རླུང་གིས་ཕྱི་རོལ་འཁོར་ཡུག་གི་ལྕགས་རི། གླིང་བཞི། གླིང་ཕྲན་དང་བཅས་པ་གྲུབ་ཅེས་ལྟར། དེ་ཡང་རང་གི་དངོས་པོ་ལས་བྱུང་བའི་གླིང་བཞི་གླིང་ཕྲན་དང་བཅས་པས་གནས་པའོ། །དེ་ལ་ཤར་གྱི། ལུས་འཕགས་ཟླ་གམ་ངོས་གསུམ་ཉིས་སྟོང་རེ། །འབུར་ངོས་དཔག་ཚད་སུམ་བརྒྱ་ལྔ་བཅུའོ། །ཞེས་གསུངས་ཏེ། འཛམ་བུ་གླིང་གི་མི་རྣམས་ལས་ལུས་ཆེར་འཕགས་པས་ལུས་འཕགས་སོ། །དེའི་གླིང་ཆེན་ནི་དབྱིབས་ཟླ་བ་ཕྱེད་པ་ལྟ་བུ་ཁད་མཉམ་པའི་ངོས་ཁ་བཅད་པ་ལྟ་བུ་ནི་རི་རབ་ལ་བསྟན་ཅིང་། འབུར་ཁོར་ཡུག་ལ་བསྟན་པའི་ངོས་གསུམ་ལ་དཔག་ཚད་ཉིས་སྟོང་ཉིས་སྟོང་ཡོད་པ། འབུར་གྱི་ངོས་ཆུང་ལ་དཔག་ཚད་སུམ་བརྒྱ་ལྔ་བཅུའོ། །སྤྱིར་འཇིག་རྟེན་གྱི་ཆགས་དབྱིབས་དང་གླིང་བཞི་གླིང་ཕྲན་གྱི་བཀོད་པ་ལ་སོགས་པ་མདོ་རྒྱུད་སོ་སོ་ནས་འདྲ་མིན་མང་པོ་གསུངས་ཡོད་པ་རྣམས། གཅིག་ཡིན་པ་དང་གཞན་མིན་པའི་ངེས་པ་དང་། འཐད་མིན་གྱི་བསམ་བློ་གཏོང་རྒྱུ་མེད་པ་འདྲ་སྟེ། བཟང་པོ་སྤྱོད་པའི་སྨོན་ལམ་གྱི་ནང་དུ། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །ཞེས་གསུངས་པ་ལ་རྡུལ་སྙེད་ཀྱི་གྲངས་དང་མཉམ་པའི་སངས་རྒྱས་རྡུལ་གཅིག་གི་སྟེང་དུ་ཤོང་ས་མི་འདུག་བསམ་མི་རིགས་པ་ལྟ་བུ་ཡིན་པས། བསམ་གྱིས་མི་ཁྱབ་པའི་སྤྱོད་ཡུལ་ལ་བསམ་པ་ཉི་ཚེ་བས་ཁྱབ་པ་མིན། དགོས་པ་སྣ་ཚོགས་པའི་དབང་གིས་འཇིག་རྟེན་ཆགས་དབྱིབས་སྣ་ཚོགས་སུ་བསྟན་ཡོད་པ་ཡིན། དེས་ན་རིའི་རྒྱལ་པོའི་རི་རབ་བསྟན་དུ་མེད་ཚེ་མཎྜལ་འབུལ་ལུགས་རྩོམ་ངོས་མི་གསལ་སྙམ་ནས་ངོ་ཚ་དགོས་པ་མིན་པ་དང་། གནམ་གྲུའི་ནང་ནས་ས་སྒང་ཟླུམ་པོ་ལ་ཉི་མ་དང་མཉམ་དུ་སྐོར་བ་བརྒྱབ་དུས་གླིང་བཞི་གླིང་ཕྲན་རིག་མ་སོང་བསམས་ནས་ཐེ་ཚོམ་ཤོར་དགོས་པ་མིན་ཏེ། དུས་འཁོར་དང་མངོན་པར་འཇིག་རྟེན་ཆགས་ཚུལ་གྱི་བཤད་པ་མི་འདྲ་མོད། གདུལ་བྱ་སོ་སོ་ལ་དགོས་པ་ཐ་དད་པས་གསུངས་པའི་རྣམ་བཞག་གཞན་དང་གཞན་གྱི་མཐའ་དཔོག་པ་མིན་པའི་ཕྱིར་རོ། །རི་རབ་ཀྱི་ལྷོའི། འཛམ་གླིང་སོག་ཀ་ངོས་གསུམ་དེ་དང་འདྲ། །ངོས་གཅིག་དཔག་ཚད་ཕྱེད་དང་བཞི་བའོ། །ཞེས་གསུངས་ཏེ། རྡོ་རྗེ་གདན་ནས་བྱང་དུ་རི་ནག་པོ་དགུ་འདས་པ་ན་གངས་རི་དང་། སྤོས་ངད་ལྡན་གྱི་བར་ན་མཚོ་མ་དྲོས་པ་དེའི་འགྲམ་ན་ཤིང་འཛམ་བུ་པྲིཀྵ་ཡོད་པས་འཛམ་བུའི་གླིང་ངོ་། །དབྱིབས་སོག་ཀ་སྟེ་གྲུ་བཞི་ནར་མོ་ཤིང་རྟའི་རྣམ་པ་ལྟར་གནས་པའོ། །ངོས་རིང་བ་གསུམ་ལ་དཔག་ཚད་ཉིས་སྟོང་ཉིས་སྟོང་ལྷོ་ཕྱོགས་ཁོར་ཡུག་ངོས་ཀྱི་ཐུང་བ་ལ་དཔག་ཚད་ཕྱེད་དང་བཞི་པ་དབུས་སུ་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པའི་བཞུགས་གནས་རྡོ་རྗེའི་གདན་དང་བཅས་པའོ། །དེ་ཡང་སྙིང་པོ་བྱང་ཆུབ་ཀྱི་ཤིང་གིས་བརྒྱན་པ་སྟེ། ཉན་ཐོས་པ་ལྟར་ན་རྡོ་རྗེ་རྩེ་ལྔ་པ་གྱེན་དུ་བསླངས་པའི་དབུས་མ་ལ་ཤིང་ཡོད་པ་ལ། རྭ་བཞི་ལ་མཆོད་རྟེན་རེ་རེ་ཡོད་པའི་བར་ན་རྒྱང་གྲགས་ཕྱེད་པར་འདོད་ཅིང་། ཐེག་པ་ཆེན་པོ་ལྟར་ན་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བ་ལ་ཤིང་སྐྱེས་པ། རྭ་བཞི་ལ་རྡོ་རྗེ་ཕུར་པའི་མཆོད་རྟེན་རེ་ཡོད་པ། བར་གྱི་ཐངས་སུ་རྒྱང་གྲགས་རེ་རེ་ཡོད་པར་འདོད་དོ། །ཞེས་པ་སྟེ་ད་ལྟ་མཇལ་རྒྱུ་ཡོད་པའི་མཆོད་རྟེན་དེ་འཕགས་པ་ཀླུ་སྒྲུབ་ཀྱིས་བཞེངས་པ་རེད། འདིའི་བཤད་པ་འདི་གཙོ་བོ་ས་དབྱིབས་ལ་གོ་དགོས་པ་ཨེ་ཡིིན་ནམ་སྙམ། དེ་ནི་བསྐལ་པ་བཟང་པོའི་སངས་རྒྱས་རྣམས་བླ་ན་མེད་པར་སངས་རྒྱ་བའི་གནས་ཏེ། མེ་བདུན་ཆུ་གཅིག་ལ་སོགས་པས་ཀྱང་གནོད་པ་མེད་པར་གནས་པར་འདོད་དོ། །ཞེས་མེ་བདུན་ཆུ་གཅིག་གིས་མི་འཇིག་པ་གསུངས་པ་དེ་ཡང་ཡེ་ཤེས་བླ་མའི་ནང་དུ་བར་དོའི་སེམས་ཅན་དེ་མའི་མངལ་དང་རྡོ་རྗེའི་གདན་ནས་མི་ཐར་གསུངས་པ་ལ་གོ་དོན་གྱི་གནད་སློང་བ་དང་འདྲ་བའམ་སྙམ། ཤིང་གཅིག་པུ་དེ་ཉིད་དུས་སྔ་ཕྱིར་མིང་འགྱུར་བས་ཤིང་སྟོང་གི་རྣམ་གྲངས་ཡོད་པ་ལྟར་བྱུང་སྟེ། སྔོན་འོད་སྲུངས་སངས་རྒྱས་པ་ན་ནྱགྲོ་ཏའི་ལྗོན་པ། ད་ལྟ་ཤཱཀྱ་ཐུབ་པ་སངས་རྒྱས་པ་ན་མྱ་ངན་མེད་པ། མ་འོངས་པ་ན་བྱམས་པ་སངས་རྒྱ་བའི་ཚེ་ཀླུ་ཤིང་མེ་ཏོག་ལ་སོགས་པའོ། །ནུབ་ཀྱི། བ་གླང་སྤྱོད་ཟླུམ་ཁོར་ཡུག་བདུན་སྟོང་དང་། །ལྔ་བརྒྱ་ཞེང་དུ་སྟོང་ཕྲག་ཕྱེད་དང་གསུམ། །ཞེས་གསུངས་ཏེ། ལོངས་སྤྱོད་འདོད་འཇོའི་བ་དང་། སྟོབས་ཆེན་གྱི་གླང་པོ་ཆེ་ལ་ཤས་ཆེར་སྤྱོད་པས་བ་གླང་སྤྱོད་དོ། །དབྱིབས་ཟླུམ་པོ་ཁོར་ཡུག་ཏུ་དཔག་ཚད་བདུན་སྟོང་ལྔ་བརྒྱ། ཁ་ཞེང་ལ་སྟོང་ཕྲག་ཕྱེད་དང་གསུམ། ཟླུམ་པོའི་སུམ་ཆའི་ཚད་དེ་ཚངས་ཐིག་གི་ཚད་ཡིན་པ་ནི་རྩམ་ཁུག་གི་མཐིལ་སྤྲད་མཁན་རྣམས་ཀྱིས་ཀྱང་ཤེས་པ་རེད། བདུན་སྟོང་ལྔ་བརྒྱ་གསུམ་དུ་བགོས་དུས་སྟོང་ཕྲག་ཕྱེད་དང་གསུམ་ཡིན། བྱང་གི སྒྲ་མི་སྙན་གླིང་གྲུ་བཞི་ངོས་རེའི་ཆ། །དཔག་ཚད་ཉིས་སྟོང་མཐའ་སྐོར་བརྒྱད་སྟོང་ངོ་། །ཞེས་གསུངས་ཏེ། ཤ་ཟའི་སྐད་དུ་སྨྲ་བའམ། འཆི་བའི་ཞག་བདུན་གྱི་གོང་ནས་ཁྱོད་འཆི་ཞེས་བྱ་བའི་སྒྲ་དཔག་བསམ་གྱི་ཤིང་ལས་འབྱུང་བས་སྒྲ་མི་སྙན་ཞེས་བྱའོ། །དབྱིབས་གྲུ་བཞིའི་ངོས་རེ་ལ་དཔག་ཚད་ཉིས་སྟོང་ཉིས་སྟོང་སྟེ་མཐའ་སྐོར་དུ་བརྒྱད་སྟོང་ཡོད་པའོ། །དེས་ཡན་གླིང་བཞི་པོ་བཤད་ནས་གླིང་བཞི་པོ་དག་གི་གླིང་ཕྲན། ལུས་དང་ལུས་འཕགས་རྔ་ཡབ་རྔ་ཡབ་གཞན། །གཡོ་ལྡན་དང་ནི་དེ་བཞིན་ལམ་མཆོག་འགྲོ། །སྒྲ་མི་སྙན་ཟླ་རྣམས་ནི་གཙོ་བོའི་ཕྱེད། །ཅེས་གསུངས་ཏེ ཤར་གྱི་གླིང་ཆེན་གྱི་གཡས་གཡོན་ན། ཞེས་འུ་ཚོས་མཎྜལ་གྱི་ཚོམ་བུ་འབུལ་བ་དང་འདྲ་བར་གླིང་རང་གི་གཡས་དང་གཡོན་གྱི་ཕྱོགས་ན་ལུས་དང་ལུས་འཕགས་ཆུང་ངུ་གཉིས། ལྷོའི་གླིང་ཆེན་གྱི་གཡས་གཡོན་ན། རྔ་ཡབ་དང་། རྔ་ཡབ་གཞན་གཉིས། ནུབ་ཀྱི་གླིང་ཆེན་གྱི་གཡས་གཡོན་ན། གཡོ་ལྡན་དང་། ལམ་མཆོག་འགྲོ་གཉིས། བྱང་གི་གླིང་ཆེན་གྱི་གཡས་གཡོན་ན། སྒྲ་མི་སྙན་དང་། སྒྲ་མི་སྙན་གྱི་ཟླ་གཉིས་སོ། །གླིང་རྣམས་ཀྱི་མདུན་རྣམས་རི་རབ་ལ་བསྟན་པའོ། །ཚད་ནི་གླིང་ཆེན་པོ་བཞི་པོ་དེའི་ཕྱེད་ཕྱེད་རང་རང་གི་གླིང་གཡོག་ལ་ཡོད་དོ། །དེ་དག་གིས་སྤྱིའི་རང་བཞིན་བསྟན་ཏོ། །དེ་ཡན་གྱིས་རྟེན་གཞིའི་འབྱུང་བའི་དཀྱིལ་འཁོར་ལྔ་དང་། བརྟེན་རི་མཚོ་གླི་གསུམ་གྱི་བཤད་པ་སོང་ནས། གསུམ་པ་བརྟེན་པ་སེམས་ཅན་གྱི་གནས་ལ། བསྟན་བཤད་གཉིས། དང་པོ།

བརྟེན་པ་སེམས་ཅན་གྱི་གནས་མདོར་བསྟན་པ།

ད་ནི། སེམས་ཅན་གྱི་གནས་བྱེ་བྲག་ཏུ་བཤད་པ་ལ། ངན་སོང་གི་གནས་དང་། མཐོ་རིས་ཀྱི་གནས་གཉིས་ལས། བྱེ་བྲག་སེམས་ཅན་གནས་གཞན་རྣམས་གཉིས་ལས། །ཞེས་མདོར་བསྟན་ཏེ། གཉིས་པ་ལ། ངན་སོང་དང་། མཐོ་རིས་ཀྱི་གནས་གཉིས། དང་པོ་ལ་བསྟན་བཤད་གཉིས། དང་པོ།

ངན་སོང་གི་གནས་མདོར་བསྟན་པ།

ངན་སོང་དག་གི། ཞེས་མདོར་བསྟན་པའོ། །སྣོད་ཀྱི་འཇིག་རྟེན་འདི་མས་ནས་ཡར་ཆགས་པ་ཡིན་ཅིང་། དེ་དང་བསྟུན་པའི་སེམས་ཅན་གྱི་གནས་བྱེ་བྲག་པའང་མས་ནས་ཡར་ཆགས་པ་གསུངས་པའང་ཡོད་དོ། །གཉིས་པ་ལ། དམྱལ་བ་ཡི་དྭགས་དུད་འགྲོ་གསུམ། དང་པོ།

དམྱལ་བའི་གནས་རྒྱས་པར་བཤད་པ།

དམྱལ་བའི་རང་བཞིན་གནས། །ཏི་སེའི་འོག་ནས་དཔག་ཚད་ཉི་ཁྲི་ན། །མནར་མེད་དེ་སྟེང་གཞན་བདུན་བརྩེགས་མར་གནས། །ཞེས་གསུངས་ཏེ། ངན་སོང་གི་དང་པོ་དམྱལ་བ་ནི། འཛམ་བུ་གླིང་གི་ས་འོག་གངས་རི་ཏི་སེའི་ཐད་ནས་ཐུར་དུ་དཔག་ཚད་ཉི་ཁྲི་ན་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པའི་གནས་ཡོད་དེ། ལྕགས་ཀྱི་ཁང་པ་དཔངས་དང་རྒྱར་དཔག་ཚད་ཉི་ཁྲི་ཡོད་པ་སྟེ། འཛམ་བུའི་གླིང་ནས་དེའི་ས་གཞི་ལ་ཐུག་པར་བཞི་ཁྲི་ཡོད་དོ། །དེའི་སྟེང་ཉི་ཁྲིའི་ཆ་ལ་རབ་ཏུ་ཚ་བ་དང་། ཚ་བ་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། བསྡུས་འཇོམས་དང་། ཐིག་ནག་དང་། ཡང་སོས་རྣམས་གོང་དུ་བརྩེགས་མར་ཡོད་དོ། །དེ་དག་གི་བར་ན་དཔག་ཚད་ཉིས་སྟོང་ཉིས་སྟོང་གིས་བཅད་པའོ། །ཚ་དམྱལ་གྱི་གནས། དེ་དང་འདབ་འབྱོར་གྲང་དམྱལ་བརྒྱད་པོ་ཡང་། །ཚ་དམྱལ་རྣམས་ལ་འགྲན་པ་བཞིན་དུ་གནས། །ཞེས་གསུངས་ཏེ། ཡང་སོས་ནས་བྱང་དུ་དཔག་ཚད་ཉི་ཤུ་ན་ཆུ་བུར་ཅན་གྱི་གནས་ཡོད་པ་ལྟར་དེའི་འོག་ནས་འོག་གི ཆུ་བུར་རྡོལ་པ་ཅན་དང་། ཨ་ཆུ་ཆུ་ཟེར་བ་དང་། ཀྱི་ཧུད་ཟེར་བ་དང་། སོ་ཐམ་ཐམ་པ་དང་། ཨུཏྤ་ལྟར་གས་པ་དང་། པདྨ་ལྟར་གས་པ་དང་། པདྨ་ཆེན་པོ་ལྟར་གས་པ་སྟེ། རིམ་པ་ལྟར། ཚ་བའི་དམྱལ་བ་འོག་མ་ནས་བྱང་དུ་དཔག་ཚད་ཉི་ཤུ་ཉི་ཤུ་ན་ཡོད་དོ། །དེ་ཡང་སྡིག་པ་རླབས་ཆེན་སྤྱད་པ་རྣམས་ནི་མནར་མེད་ནས་པདྨ་ཆེན་པོ་ལྟར་གས་པར་སྐྱེའོ། །དེ་ནས་རབ་ཏུ་ཚ་བ་ནས་པདྨ་ལྟར་གས་པར་སྐྱེ་བ་སྟེ། ཕན་ཚུན་སྤེལ་ནས་གོང་ནས་གོང་དུ་ལས་ཅུང་ཟད་སྲབ་པ་ན་སྐྱེའོ། །ཞེས་ཚ་དམྱལ་གྱི་གནས་མཛོད་དང་མཐུན་ལ། འདི་དང་འདབ་འབྱོར་གྱི་གྲང་དམྱལ་བརྒྱད་པོ་དེའི་སྟེང་འོག་གི་བར་ཚད་ན་སྟོང་ཕྲག་གཉིས་རེས་ཆོད་གསུངས་པ་འདི་སའི་དངོས་གཞི་དང་མཐུན་པར་གསུངས་སོ། །དེ་ནས། ཉི་ཚེའི་གནས་ལ་ངེས་པ་མ་མཆིས་ཤིང་། །ཉེ་འཁོར་བ་ནི་ཚ་དམྱལ་འཁོར་དུ་གནས། །ཞེས་གསུངས་ཏེ། ཉི་ཚེ་བ་ནི་ཕྱོགས་གཅིག་ཏུ་ངེས་པའི་གནས་མེད་དེ། མིའི་གནས་ཀྱིའང་ཆུ་བོ་དང་། རི་དང་། ཡ་ངའི་ས་ཕྱོགས་དང་། རྒྱ་མཚོའི་འགྲམ་ལ་སོགས་པ་ན་མང་པོའི་གནས་དང་། རེ་རེའི་གནས་ཡོད་དོ། །ཞེས་འུ་ཚོ་མིའི་འགྲོ་བས་རང་གི་སྡེ་རིས་དེའི་ནང་གི་འཛམ་བུ་གླིང་པ་ཙམ་དང་དུད་འགྲོ་རེ་གཉིས་མིན་པའི་མི་མ་ཡིན་པའི་འགྲོ་བ་གཞན་མི་མཐོང་བ་ཡིན་ཕྱིར། ཉི་ཚེ་བ་རྣམས་མིའི་གནས་ན་ཡོད་འདུག་མོད་ཀྱང་ཕལ་བའི་མིག་གིས་མཐོང་བ་མིན་ལ། དེས་ན་འདི་འོག་དཔག་ཚད་ཉི་ཁྲིའམ་བཞི་ཁྲི་ན་དམྱལ་བའི་གནས་ཡོད་པ་དེའང་ས་བརྐོས་ན་མནར་མེད་དུ་ཐུག་ས་མ་རེད་ཅེས་ཟེར་བ་ནི་བླུན་གཏམ་ཡི་མུག་པའོ། །ཉེ་འཁོར་བ་ནི་ཡང་སོས་ལ་སོགས་པ་རེ་རེ་ལའང་ཕྱོགས་བཞི་ན་ལྷག་པའི་གནོད་པ་བཞི་བཞི་སྟེ་བཅུ་དྲུག་བཅུ་དྲུག་ཡོད་པས་འཁོར་བའོ། །འདི་དག་གི་ཚེ་ཚད་དང་སྡུག་བསྔལ་ལ་སོགས་པ་འོག་ཏུ་འཆད་པས་འདིར་མི་སྤྲོའོ། །ཞེས་དམྱལ་གནས་བཤད་ནས། ངན་སོང་གི་གནས་གཉིས་པ།

ཡི་དྭགས་ཀྱི་གནས་རྒྱས་པར་བཤད་པ།

དེ་ནས་ངན་སོང་གཉིས་པ། ཡི་དྭགས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་འོག །དཔག་ཚད་ལྔ་བརྒྱ་འདས་པ་རྩ་བའི་གནས། །ཡན་ལག་ལྷ་མིའི་འཇིག་རྟེན་དག་ནའང་ཡོད། །ཅེས་གསུངས་ཏེ། རྩ་བའི་གནས་ནི་འཛམ་བུའི་གླིང་འདི་ཉིད་ལས་རྒྱལ་པོའི་ཁབ་ཀྱི་འོག་དཔག་ཚད་ལྔ་བརྒྱས་བཅད་པ་ན་ཡོད་ཅིང་། ཡན་ལག་ནི་ལྷ་དང་མིའི་གནས་ནའང་ཡོད་དོ། །གསུམ་པ།

དུད་འགྲོའི་གནས་རྒྱས་པར་བཤད་པ།

ངན་སོང་གསུམ་པ། དུད་འགྲོ་བྱིངས་གནས་རྒྱ་མཚོ་ཆེན་པོ་སྟེ། །ཁ་འཐོར་ལྷ་མིའི་ཡུལ་ན་གནས་པ་ཡིན། །ཅེས་གསུངས་ཏེ། བྱིངས་ཀྱི་གནས་རྒྱ་མཚོ་ཆེན་པོ་ཡིན་ཅིང་ཁ་འཐོར་བ་ནི་མིའི་ཡུལ་དང་འདོད་ལྷའི་གནས་ནའང་ཡོད་ཅིང་། བསྡུས་པས་སའི་ནང་དང་། ཐང་དང་། རི་དང་། ཤིང་དང་། ཆུ་དང་། ནམ་མཁའ་དང་། མེའི་ནང་ན་ཡང་ཡོད་པར་བཤད་དོ། །དེ་ཡན་གྱིས་ངན་སོང་གི་གནས་བཤད་པ་སོང་ནས། གཉིས་པ་མཐོ་རིས་ལ་མི། ལྷ་གཉིས། དང་པོ།

མིའི་གནས་རྒྱས་པར་བཤད་པ།

མཐོ་རིས་ཀྱི་གནས་ལ་དང་པོ། མཐོ་རིས་མི་རྣམས་གླིང་བཞི་གླིང་ཕྲན་ཏེ། །རྔ་ཡབ་སྲིན་པོ་གནས་ཕྱིར་གཞན་ཡིན་ནོ། །ཞེས་གསུངས་ཏེ། མི་རྣམས་ཀྱི་གནས་ནི་གླིང་བཞི་གླིང་ཕྲན་བདུན་ལས་བརྒྱད་མེད་པ་ཅི་ཞེ་ན། རྔ་ཡབ་ཀྱི་གླིང་ཕྲན་སྲིན་པོ་གནས་པའི་ས་ཡིན་པས་སྲིན་པོའི་གནས་ཁ་ཤས་ཡི་དྭགས་ཀྱི་འགྲོ་བར་སྡུད་དེ། གསང་སྙིང་ལས། ཡི་དྭགས་སྲིན་པོ་ཆེན་པོ་ཞེས་གསུངས་པའི་ཕྱིར་རོ། །ཞེས་གདུལ་ཞིང་རཱུ་ཏྲའི་སྐྱེ་བརྒྱུད་བསྟན་དུས་ཡི་དྭགས་སྲིན་པོ་ཆེན་པོ་གསུངས་པའང་ཡོད་དོ། །དེས་ནི་མཐོ་རིས་ཀྱི་གནས་དང་པོ་མིའི་གནས་བཤད་ནས་གཉིས་པ་ལ་བསྟན་བཤད་གཉིས། དང་པོ།

ལྷའི་གནས་མདོར་བསྟན་པ།

ལྷ་གནས་གཉིས་ལས་ཞེས། འདོད་པ་དང་། གཟུགས་ཀྱི་ལྷའི་གནས་གཉིས་ལས། གཉིས་པ་ལ། འདོད་ལྷ། གཟུགས་ཁམས་གཉིས། དང་པོ་ལ། དངོས་དང་། ཞར་ལ་ལྷ་མིན་བཤད་པ་གཉིས། དང་པོ་ལ་མདོར་བསྟན །རྒྱས་པར་བཤད་པའོ། །དང་པོ།

འདོད་ལྷའི་གནས་དངོས་མདོར་བསྟན་པ།

མཐོ་རིས་ཀྱི། འདོད་ལྷའི་གནས་དྲུག་སྟེ། །ཞེས་མདོར་བསྟན་ནས་གཉིས་པ། ས་ལ་བརྟེན་པ་དང་། མཁའ་ལ་བརྟེན་པ་གཉིས། དང་པོ་ལ། རྒྱལ་ཆེན་རིས་བཞི་དང་སུམ་ཅུ་རྩ་གསུམ་གཉིས། དང་པོ།

རྒྱལ་ཆེན་རིས་བཞིའི་གནས་བསྟན་པ།

རྒྱལ་ཆེན་རིགས་བཞི་རི་རབ་བང་རིམ་དང་། །ཉི་ཟླ་སྐར་མའི་གཞལ་མེད་ཁང་ན་གནས། །ཞེས་གསུངས་ཏེ། འདོད་ལྷ་དྲུག་གི་དང་པོ་རྒྱལ་ཆེན་བཞིའི་ལྷ་ནི། འདི་ས་ལ་བརྟེན་པར་གསུངས་ན་ཉི་ཟླ་ས་ལ་བརྟེན་པ་ཡིན་ནམ་བསམ་དགོས་པ་མིན་ཏེ་རྟ་ཞོན་མང་པོའི་ནང་དུ་དྲེའུ་ཞོན་པ་རེ་རེ་གཉིས་རེ་ཡོད་ཀྱང་རྟ་བ་དུམ་གཅིག་བཤར་བྱུང་ཞེས་བརྗོད་ཆོག་པ་བཞིན་ནོ། །བང་རིམ་བཞི་དང་། ཉི་ཟླ་གཟའ་སྐར་གྱི་སྟེང་ན་གནས། དེ་ཡང་བང་རིམ་དང་པོ་ན་ལག་ན་ཡོལ་གོ་ཐོགས་པ་ཞེས་བྱ་བ་གནས། གཉིས་པ་ན་མེ་ཏོག་གི་ཕྲེང་བ་ཐོགས་པ་ཞེས་བྱ་བའི་ལྷའི་རིགས་གནས། གསུམ་པ་ན་སྦྲང་ཆང་གིས་རྟག་ཏུ་མྱོས་པ་ཞེས་བྱ་བའི་ལྷ་གནས། བཞི་པ་ན་རྒྱལ་པོ་ཆེན་པོ་བཞིའི་གནས་དང་། དེ་དག་གི་འཁོར། ཤར་ན་དྲི་ཟ། ལྷོ་ན་གྲུལ་བུམ། ནུབ་ན་ཀླུ། བྱང་ན་གནོད་སྦྱིན་གྱི་རིགས་རྣམས་གནས་སོ། །ཕོ་བྲང་གི་རིགས་བཞི་ལས། ཤར་ཕྱོགས་ན་རྒྱལ་པོ་ཡུལ་འཁོར་སྲུང་གི་ཕོ་བྲང་ཡུལ་འཁོར་སྲུང་ཞེས་བྱ་བ་དང་། ལྷོ་ན་འཕགས་སྐྱེས་པོའི་ཕོ་བྲང་འཕགས་སྐྱེས་ཞེས་བྱ་བ་དང་། ནུབ་ན་སྤྱན་མི་བཟང་གི་ཕོ་བྲང་སྣ་ཚོགས་གཟུགས་ཞེས་བྱ་བ་དང་། བྱང་ན་རྣམ་ཐོས་སྲས་ཀྱི་ཕོ་བྲང་ལྕང་ལོ་ཅན་ཞེས་བྱ་བ་ཡོད་དོ། །དེ་དག་གི་ཚད་ནི་ཀུན་ཀྱང་ངོས་རེ་དཔག་ཚད་ཉིས་བརྒྱ་ལྔ་བཅུ་པ། ནང་གི་ས་གཞི་ཚོན་སྣ་བརྒྱས་བཀྲ་བར་བྱས་པ། ཤིང་བལ་གྱི་འདབ་མ་ལྟར་རྐང་པ་བཞག་ན་ནེམ་ཞིང་བཏེག་ན་སྤར་བ་སྙམ་པ། གསེར་གྱི་བྱེ་མ་བརྡལ་བ་ལ་ཙནྡ་གྱི་ཆུས་ཆག་ཆག་བཏབ་པ། ལྷའི་མེ་ཏོག་མནྡ་ར་བས་པུས་ནུབ་ཙམ་དུ་ཁེབས་ཤིང་། རིན་པོ་ཆེ་སྣ་བཞིས་བརྩིགས་པའི་རྫིང་ན་ཆུ་སྦྲང་རྩི་ལྟ་བུས་གང་བ། རྫིང་གི་འགྲམ་ན་མེ་ཏོག་དང་དུས་དང་བསྟུན་པའི་གོས་རྣམ་བཞི་འབྱུང་བའི་དཔག་བསམ་གྱི་ཤིང་དང་། ཆུ་དང་། ཐང་ལས་སྐྱེས་པའི་མེ་ཏོག་དང་། དེ་ལ་གནས་པའི་བྱ་དང་། བུང་བ་སྙན་སྙན་ལྟར་སྒྲོག་པས་མཛེས་པར་བྱས་པ་ལ་སོགས་པ་ལོངས་སྤྱོད་དཔག་ཏུ་མེད་པས་ཉེ་བར་བརྒྱན་པའོ། །གཞན་ཡང་གཉའ་ཤིང་འཛིན་རིའི་སྟེང་གི་ཕྱོགས་བཞི་ན་རྒྱལ་ཆེན་བཞིའི་ཕོ་བྲང་ཡོད་ཅིང་། གསེར་གྱི་རི་བདུན་ལ་ཡང་རྒྱལ་ཆེན་བཞིའི་རིགས་ཀྱི་ལྷའི་གྲོང་ཁྱེར་མཛེས་པས་བརྒྱན་ཞིང་། ཁོར་ཡུག་གི་རིའི་རྩེ་མོ་དང་། རིའི་ལྷ་དང་། ཤིང་གི་ལྷ་དང་། ནགས་ཀྱི་ལྷ་ཡན་ཆད་རྒྱལ་ཆེན་རིགས་བཞིའི་ལྷར་གཏོགས་པས། རྒྱལ་ཆེན་རིགས་བཞི་དེ་དག་གི་གནས་རིས་ཤིན་ཏུ་མང་ངོ་། །དེ་ལས་ཁྱད་པར་དུ་ཉི་ཟླ་གཟའ་སྐར་གྱི་ལྷའི་གནས་བཤད་པ་ནི། ལྷུན་པོའི་ཕྱེད་ན་ཉི་ཟླ་གཟའ་སྐར་ཏེ། །ཉི་མའི་དཀྱིལ་འཁོར་དཔག་ཚད་ལྔ་བཅུ་གཅིག །འོག་གཞི་མེ་ཤེལ་མཐའ་ཆགས་གསེར་ལས་གྲུབ། །ཟླ་བའི་དཀྱིལ་འཁོར་དཔག་ཚད་ལྔ་བཅུ་པ། །འོག་གཞི་ཆུ་ཤེལ་མཐའ་ཆགས་དངུལ་ལས་གྲུབ། །ཅེས་གསུངས་ཏེ། རི་དབང་ལྷུན་པོའི་ཕྱེད་མཚམས། གཉའ་ཤིང་འཛིན་གྱི་རྩེ་དང་མཉམ་པའི་ཐད་སོ་ནས་ཉི་ཟླ་གཟའ་སྐར་རྣམས་འཆར་ཏེ། ཉི་མའི་དཀྱིལ་འཁོར་ལ་དཔག་ཚད་ལྔ་བཅུ་རྩ་གཅིག་ཁ་ཞེང་དང་། ཁོར་ཡུག་ལ་སུམ་འགྱུར་རོ། །ཞེས་པ་སྟེ་དེ་ཡང་གཞལ་བྱ་འཇལ་བྱེད་ཀྱི་ཚད་རྣམས་མཐའ་གཅིག་ཏུ་ཚད་ཐིག་གཅིག་གི་ཐོག་ཏུ་ངེས་པ་བྱེད་མི་དགོས་ཏེ། ཆེ་བ་ལ་ཆུང་བས་འཇལ་ན་རི་དང་ནམ་མཁའ། མཐོ་དང་མཐེབ་ཀྱིས་ཚད་འཛིན་བྱེད་ཆོག་པ་དང་། དཔག་ཚད་ཁྲི་ཕྲག་མང་པོའི་རྡུལ་ཚད་ཅན་གྱི་གཟུགས་རིས་ཤོག་བུའི་ཐོག་ཏུ་རི་མོ་ཆུང་ངུར་བསྡུས་ནས་དེའི་རྡུལ་ཆ་བོངས་བསྐྱེད་པ་ལྟོས་ནས་ཡར་མི་བསླེབ་པའི་ཚད་དུ་འཇོག་ཆོག་པ་དང་། དཔེ་མེ་ལོང་གི་ངོས་སུ་ཡུལ་ལྗོངས་ཤར་བ་དང་། མིག་མཐེབ་གང་གིས་འཁོར་ཡུག་རྒྱ་ཆེན་པོའི་མཐའ་རྒྱ་ཆོད་པ་ལྟ་བུ་ཡིན་པས། མདོ་རྒྱུད་ཀྱི་བསམ་གྱིས་མི་ཁྱབ་པའི་དགོངས་པ་གཡག་སྣ་ཁུ་ཚུར་རྐྱང་པས་ལོན་པ་མིན་ནོ། །འོག་གཞི་མེ་ཤེལ་ལས་གྲུབ་པས་ཤིན་ཏུ་ཚ་ཞིང་འོད་ཟེར་ཆེ་བའོ། །ཟླ་བ་ནི་ཁ་ཞེང་དཔག་ཚད་ལྔ་བཅུ། ཉིན་མོའི་ཉི་འོད་ཚ་བ་དང་། མཚན་མོའི་ཟླ་འོད་བསིལ་བ་ཡིན་པས། མེ་ཤེལ་གྱིས་ཚ་བ་དང་། ཆུ་ཤེལ་གྱིས་བསིལ་བ་བསྐྱེད་པའི་བདག་ཉིད་ཅན། སྟེང་འོག་ཀྱང་ལྟོས་འཇོག་ཅན་དོན་ལ་མ་གྲུབ་པའི་གོ་བའང་འཐད་སྒྲུབ་ཀྱི་རིགས་པས་བཤད་ན་ངེས་ཤེས་གསར་བ་ཁྱད་པ་ཅན་འབྱུང་བ་ཡིན། ཁོར་ཡུག་ཏུ་ཟླུམ་པོ་ཐམས་ཅད་ཀྱི་ཆོས་ཉིད་སུམ་འགྱུར་རོ། །འོག་གཞི་ཆུ་ཤེལ་ལས་གྲུབ་པས་བསིལ་ཞིང་འོད་ཟེར་ཧ་ཅང་ཡང་མི་གསལ་བའོ། །ཉི་མའི་སྟེང་གི་ཁོར་ཡུག་ཏུ་གསེར་གྱི་ར་བ་དང་ཟླ་བ་ལ་དངུལ་གྱི་ར་བས་ལེགས་པར་བསྐོར་བའོ། །ཞེས་པ་འདི་དག་མཐོང་བྱེད་དབང་པོའི་ཁྱད་པར་གྱིས་མཐོང་བ་ཡུལ་གྱི་རྣམ་པ་འདྲ་མིན་ཡོད་པས། ལྷ་ཡུལ་ལ་ལྷ་དང་། མི་ཡུལ་དུ་མི་དང་བསྟུན་ནས་གསུངས་པ་ཡིན་གྱི། གཞན་དུ་ན་འགྲོ་བ་རིགས་དྲུག་ལ་མདུན་གྱི་ཆུ་ཕོར་གང་སྣ་ཚོགས་སུ་སྣང་དོན་མེད་པའི་ཕྱིར་རོ། །དེ་གཉིས་ཀའི་རྔམས་སུ་དཔག་ཚད་ཕྱེད་དང་དྲུག་དང་དཔག་ཚད་གཅིག་གི་བཅོ་བརྒྱད་ཆ་གཅིག་སྟེང་དུ་གནས་སོ། །ཆེ་ཆུང་ཡང་གོང་དུ་བཤད་པ་ལྟར་དུའོ། །ཟླ་བའི་ཐོག་ཏུ་སོང་ཟེར་མཁན་ཡོད་ཀྱང་ལྷ་གནས་མཐོང་མི་སྲིད་དེ། མིག་གིས་གོང་མའི་གཟུགས་མི་མཐོང་། །གསུངས་པའི་ཕྱིར། །ཉི་ཟླ། གཉིས་ཀའི་ནང་ན་ལྷ་ཡི་གྲོང་ཁྱེར་ཏེ། །སྐྱེད་ཚལ་རྫིང་དང་ལམ་སྲང་རིན་ཆེན་གཞི། །མེ་ཏོག་ཆར་བ་པུས་ནུབ་ངང་གིས་འབབ། །རྙིང་པ་འདོར་ཞིང་གསར་པ་གསལ་བར་འགྲེམས། །ཞེས་གསུངས་ཏེ། དེ་གཉིས་ཀའི་སྟེང་གི་གསེར་དང་དངུལ་གྱི་ར་བ་ནི་དཔག་ཚད་ཕྱེད་པས་ཀུན་ནས་ཟླུམ་པར་བསྐོར་བ། ར་བ་དེ་དག་ལ་རིན་པོ་ཆེ་སྣ་བཞི་ལས་བྱས་པའི་ལྕོག་ཡོད་པ་ནང་གི་ས་གཞི་ནི་ཚོན་སྣ་བརྒྱས་བཀྲ་བར་བྱས་པ། ཤིང་བལ་ལྟར་འཇམ་ཞིང་རྐང་པ་བཏེག་ན་འཕར་བ་དང་། མནན་ན་ནེམ་གྱིས་བྱེད་པ། ལྷའི་མེ་ཏོག་མནྡ་ར་བས་པུས་ནུབ་ཙམ་དུ་ཁེབས་ཏེ། རྙིང་པ་རླུང་གིས་འཐོར་ལ་གསར་བ་འགྲེམས་པ། ནང་གི་ལམ་སྲང་ནི་ཆུར་དཔག་ཚད་ལྔ་པ། ཞེང་དུ་ཕྱེད་དང་གཉིས་པ། དབྱིབས་ལེགས་ཤིང་བལྟ་ན་སྡུག་པ། གསེར་གྱི་བྱེ་མ་བརྡལ་ཞིང་ཙནྡ་གྱི་ཆུས་བཏབ་པའོ། །ལམ་དེའི་འགྲམ་གཉིས་ན་རིན་པོ་ཆེ་སྣ་བཞི་ལས་བྱས་པའི་རྫིང་བུ་ཆུ་མངར་བསིལ་སྦྲང་རྩི་ལྟ་བུས་གང་བས་བརྒྱན་པ། རྫིང་གི་འགྲམ་ན་མེ་ཏོག་ལ་སོགས་པ་འབྱུང་བའི་དཔག་བསམ་གྱི་ཤིང་ཡོད་པའོ། །ལྷའི་བུ་ཉི་མ་དང་ཟླ་བའི་གྲོང་ཁྱེར་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ་ལྷ་དང་ལྷ་མོ་མང་པོས་གང་ཞིང་དགའ་བར་བྱས་པའོ། །ཉི་ཟླ་སྐར་གསུམ་གྱི་ལྷ་གནས་ཐམས་ཅད་རྒྱལ་ཆེན་རིགས་བཞིར་གཏོགས་པ་ཡིན་པ་གོང་ནས་གསུངས་པ་ལྟར་རོ། །སྐར་མའི་ཚོགས་ཀྱང་ཆུ་ཤེལ་སྙིང་པོ་སྟེ། །གསེར་གྱི་ར་བས་ལེགས་བསྐོར་ལྷ་ཡི་གྲོང་། །རྒྱང་གྲགས་གཅིག་ནས་དྲུག་གི་བར་ཡིན་ནོ། །ཞེས་གསུངས་ཏེ། སྐར་མ་ཡང་ཆུ་ཤེལ་ལས་གྲུབ་པ་སྟེང་གི་ཁ་ཆགས་གསེར་གྱི་ར་བས་བསྐོར་ཞིང་ས་གཞི་དང་ལམ་སྲང་བཟང་པོ་ལྷའི་གྲོང་ཁྱེར་གྱིས་བརྒྱན་པ་སྟེ། སྐར་མ་ཆེ་བ་རྣམས་ཀྱི་ཞེང་དུ་རྒྱང་གྲགས་དྲུག་ཆུང་བ་རྣམས་ལ་གཅིག་སྟེ་བར་མ་རྣམས་ནི་དེའི་བར་གྱི་ཚད་གང་ཡིན་པའོ། །འདིར་དཔྱོད་པ་ཞུགས་པ་དང་ལྡན་པ། ཁ་ཅིག་གསེར་ཟངས་ཆུ་ཤེལ་འཁར་བ་ལ། །རྒྱང་གྲགས་གཅིག་ནས་བཅོ་བརྒྱད་བར་ཡིན་ནོ། །ཞེས་གསུངས་ཏེ། པཎྚི་ཏ་ཛི་ན་མི་ཏྲ་ལ་སོགས་པ་དེ་དག་གིས་བཞེད་ཀྱིས། སྐར་མ་དེ་དག་གི་རྒྱུ་གསེར་ཟངས་འཁར་བ་གསུམ་ཀ་ཅི་རིགས་པ་ཡིན་ལ། ཚད་ཀྱང་ཆེ་བ་རྒྱང་གྲགས་བཅོ་བརྒྱད་ནས་ཆུང་བ་གཅིག་ཡིན་ཞེས་འདོད་དོ། །འདོད་ལྷའི་གནས་དང་པོ་རྒྱལ་ཆེན་རིགས་བཞིའི་ལྷ་གནས་བཤད་ནས། འདོད་ལྷའི་གནས་གཉིས་པ་ལ། གནས་སྤྱི་དང་། འབྱོར་པའི་ཁྱད་པར་གཉིས། དང་པོ།

སུམ་ཅུ་རྩ་གསུམ་པའི་གནས་སྤྱིར་བསྟན་པ།

འདོད་ལྷའི་གནས་གཉིས་པ་ནི། རི་རབ་སྟེང་ན་སུམ་ཅུ་རྩ་གསུམ་གནས། །མ་འདྲེས་ཕྲེང་འབར་གཟི་བརྗིད་མཆོག་ལ་སོགས། །ཉེ་དབང་གནས་རིགས་སུམ་ཅུ་རྩ་གཉིས་དང་། །གཙོ་བོའི་གནས་ཏེ་རྩ་གསུམ་མཐོ་རིས་ཡུལ། །ཞེས་གསུངས་ཏེ། དབུས་ཀྱི་རི་དབང་ལྷུན་པོའི་སྟེང་ན་དབང་པོ་དང་ཉེ་དབང་གི་གནས་མ་འདྲེས་པ་དང་། ནོར་བུ་སྙིང་པོ་དང་། ཡོངས་འདུས་གནས་པ་དང་། རྣམ་མཛེས་གནས་པ་དང་། དགའ་བའི་ཚལ་གནས་པ་དང་། ཕྲེང་བ་འབར་བ་དང་། གཟི་བརྗིད་མཆོག་དང་། མཐོང་བར་སྤྱོད་པ་དང་། འཁོར་ན་གནས་པ་དང་། རིགས་མཐུན་པ་དང་། ནོར་བུ་འཆང་བ་དང་། མདོག་བཟང་ཆེ་བ་དང་། ས་ལ་ཤིང་ཟུག་དང་། ནོར་བུ་སྣང་བ་དང་། ཆོས་བཟང་འདུན་ས་ལ་སོགས་པ་ལྷ་གནས་སུམ་ཅུ་རྩ་གསུམ་ན་གཙོ་བོ་ཉེ་དབང་སུམ་ཅུ་རྩ་གཉིས། ལྷའི་དབང་པོ་བརྒྱ་བྱིན་དང་སུམ་ཅུ་རྩ་གསུམ་ཡོད་པས་སུམ་ཅུ་རྩ་གསུམ་ཞེས་བྱའོ། །རི་རབ་རྩེ་མོ་ངོས་བཞིའི་རྒྱ་ཁྱོན་ལ། །ངོས་རེ་དཔག་ཚད་བརྒྱད་ཁྲིར་གནས་པའི་སྟེང་། །ཞེས་གནས་སྤྱིར་བསྟན་ནས། གཉིས་པ་ལ་བསྟན་བཤད་གཉིས། དང་པོ།

སུམ་ཅུ་རྩ་གསུམ་པའི་འབྱོར་བའི་ཁྱད་པར་མདོར་བསྟན་པ།

གྲོང་ཚལ་ས་གཞི་ཤིང་དང་འདུན་ས་ལས། །ཞེས་གསུངས་ཏེ། རི་དབང་དེའི་རྩེ་མོའི་ཚད་ནི་ངོས་རེ་རེ་ལ་དཔག་ཚད་བརྒྱད་ཁྲི་བརྒྱད་ཁྲི་ཡོད། དེའི་སྟེང་ན་གྲོང་དང་གཅིག སྐྱེད་མོས་ཚལ་དང་གཉིས། ས་གཞི་དང་གསུམ། ཤིང་ཆེན་པོ་དང་བཞི། འདུན་ས་བཟང་པོ་སྟེ་ལྔ་གནས་པ་ལས། དང་པོ་གྲོང་ལའང་ནང་གསེས་ཀྱི། ལྷའི་དབང་པོའི་ཁང་བཟང་དང་། སྤྱིའི་གྲོང་བལྟ་ན་སྡུག་དང་། མཚམས་ཀྱི་གནས་སོ། །གཉིས་པ་ལ་ལྔ་ལས། དང་པོ།

སུམ་ཅུ་རྩ་གསུམ་པའི་གྲོང་རྒྱས་པར་བཤད་པ།

དབང་པོའི་གནས་ནི། དབུས་ན་རྣམ་པར་རྒྱལ་བའི་ཁང་བཟང་མཆོག །ངོས་རེ་དཔག་ཚད་ཉིས་བརྒྱ་ལྔ་བཅུ་པ། །མཐའ་སྐོར་སྟོང་ཡོད་ལྷ་ཡི་གྲོང་ཁྱེར་ལས། །གྱེན་དུ་དཔག་ཚད་ཕྱེད་དང་ལྔ་འཕགས་ཤིང་། །བ་གམ་བརྒྱད་ལ་ཁང་བརྩེགས་བདུན་བདུན་གནས། །དེ་དག་རེ་རེ་གནས་ཁང་བདུན་བདུན་ནོ། །ཕྱི་རོལ་སྐྱེད་ཚལ་རིན་ཆེན་རྫིང་བུར་བཅས། །ཞེས་གསུངས་ཏེ། རི་རབ་ཀྱི་སྟེང་ལྷ་སྤྱིའི་གྲོང་ཁྱེར་བལྟ་ན་སྡུག་གི་དབུས་ན་བརྒྱ་བྱིན་གྱི་རྣམ་པར་རྒྱལ་བའི་ཁང་བཟང་ངོས་རེ་ལ་དཔག་ཚད་ཉིས་བརྒྱ་ལྔ་བཅུ་པ། མཐར་སྐོར་དུ་དཔག་ཚད་སྟོང་ཡོད་པ་ལས་བལྟ་ན་སྡུག་ལས་གྱེན་དུ་དཔག་ཚད་ཕྱེད་དང་ལྔ་འཕགས་པ་ནང་གི་རྨང་རྟེན་དང་ཐེམ་སྐས་དང་ཀ་བ་རྣམས་རིན་པོ་ཆེ་སྣ་བཞི་ལས་བྱས་པ། ཀ་སྟན་དང་ཀ་ཞུ་དང་། བྲེ་དང་ཕྱམ་གདུང་རྣམས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། རིན་པོ་ཆེའི་དྲ་བ་དང་ཆུན་འཕྱང་དང་མཛེས་བྱེད་དུ་མས་སྤྲས་པའོ། །ཁང་བཟང་དེ་ལ་བ་གམ་བརྒྱད་ཡོད་དེ། རེ་རེ་ལའང་ཁང་པ་བརྩེགས་པ་བདུན་བདུན་ན་གནས་ཁང་བདུན་བདུན་གྱིས་བརྒྱན་ཞིང་། ཕྱི་རོལ་གྱི་སྐྱེད་མོས་ཚལ་ཤིང་རྟ་སྣ་ཚོགས་ཀྱི་ནང་ན་རྫིང་བུ་བཞི་ཡོད་དེ། ཆུ་ཞེང་དུ་དཔག་ཚད་ལྔ་བཅུ་པ། རྩིག་པ་དང་ཐེམ་སྐས་དང་ལན་ཀན་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་ན་ཆུ་བྱ་དང་། པདྨཆེན་པོས་བརྒྱན་པ་ཡོད་དོ། །རྫིང་འགྲམ་ན་འདོད་དགུ་འབྱུང་བའི་དཔག་བསམ་གྱི་ཤིང་དང་བཅས་པའོ། །ཞེས་སུམ་ཅུ་རྩ་གསུམ་པའི་གནས་ཀྱི་ལྷའི་དབང་པོའི་ཁང་བཟང་བསྟན་ནས་གཉིས་པ་སྤྱིའི་གྲོང་ནི། དེ་ཡི་ཕྱི་རིམ་གྲོང་ཁྱེར་བལྟ་ན་སྡུག །ངོས་རེ་དཔག་ཚད་ཉིས་སྟོང་ལྔ་བརྒྱ་པ། །དཔངས་སུ་ཕྱེད་དང་གསུམ་སྟེ་གསེར་ལས་བྱས། །གསེར་གྱི་ར་བས་བསྐོར་ཞིང་མཛེས་པ་སྟེ། །དགུ་བརྒྱ་དགུ་བཅུ་རྩ་དགུའི་སྒོ་ཆེན་རྣམས། །དཔངས་སུ་དཔག་ཚད་ཕྱེད་དང་གསུམ་པ་སྟེ། །ཞེང་དུ་ཕྱེད་དང་གཉིས་བཅས་སྒོ་སྲུང་ལྡན། །ཞེས་གསུངས་ཏེ། སྤྱིའི་གྲོང་ཁྱེར་བལྟ་ན་སྡུག་ཅེས་བྱ་བ་རྒྱལ་བྱིིན་གྱི་ཕོ་བྲང་རྣམ་པར་རྒྱལ་བའི་ཁང་བཟང་གི་ཕྱོགས་བཞིའི་ཕྱི་རོལ་ན་བསྐོར་ནས་འཁོར་བར་ཡོད་དོ། །བལྟ་ན་སྡུག་གི་གྲོང་ཁྱེར་དེའི་ངོས་རེ་ལ་དཔག་ཚད་ཉིས་སྟོང་ལྔ་བརྒྱ་པ། ཞེས་པས་འདི་གྲུ་བཞི་རི་རབ་ཀྱི་རྩེའི་དབྱིབས་དང་འདྲ་བའོ། །ཀུན་ཏུ་བསྐོར་བས་དཔག་ཚད་ཁྲི་པ། དཔངས་སུ་ཕྱེད་དང་གསུམ་པ། རྩིག་པ་གསེར་ལས་བྱས་ཤིང་གསེར་གྱི་ར་བས་བསྐོར་བ། ནང་གི་ས་གཞི་ནི་དབྱིབས་ལེགས་ཤིང་བལྟ་ན་སྡུག་པ། ཚོན་སྣ་བརྒྱ་རྩ་གཅིག་གིས་བཀྲ་བར་བྱས་ཤིང་། ཤིང་བལ་གྱི་འདབ་མ་ལྟར་འཇམ་པ། གྲོང་ཁྱེར་དེའི་སྒོ་ཆེན་ནི་དགུ་བརྒྱ་དང་དགུ་བཅུ་རྩ་དགུ་ཡོད་དེ། ཐམས་ཅད་ཀྱང་འཕངས་སུ་དཔག་ཚད་ཕྱེད་དང་གསུམ་དང་། ཞེང་དུ་དཔག་ཚད་ཕྱེད་དང་གཉིས་པ། ནོར་བུ་སྣ་ཚོགས་ཀྱི་སྒོ་རྒྱན་སྐར་མའི་གཟུགས་སུ་བྱས་པ་བཞི་བཞི་དང་། ཟླ་བ་ཚེས་པ་ལྟ་བུ་དང་། བ་གླང་གི་རྨིག་པ་ལྟ་བུ་དང་། མེ་ལོང་ལྟ་བུས་བརྒྱན་ཞིང་། སྒོ་རེ་རེར་ཡང་ལྷའི་སྲུང་མ་གོ་ཆ་དང་མཚོན་ཆས་སྤྲས་པ་ལྔ་བརྒྱ་ལྔ་བརྒྱ་འཁོད་པའོ། །གྲོང་ཁྱེར་དེའི། ལམ་སྲང་དཔག་ཚད་ཉིས་སྟོང་ལྔ་བརྒྱ་པ། །ཞེང་དུ་བཅུ་གཉིས་འཇམ་ཞིང་བདེ་བ་སྟེ། །རྫིང་དང་རིན་ཆེན་ཤིང་དང་པདྨ་བརྒྱན། །ཅེས་གསུངས་ཏེ། ལམ་སྲང་གི་རིང་ཚད་སྲིད་དུ་དཔག་ཚད་ཉིས་སྟོང་ལྔ་བརྒྱ་པ། ཞེང་དུ་བཅུ་གཉིས་པ་དབྱིབས་ལེགས་ཤིང་ཙནྡ་གྱི་ཆུས་ཆག་ཆག་བཏབ་པ། དེའི་གཡས་གཡོན་ན་རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་རྫིང་བུ་སྦྲང་རྩིའི་ཆུ་བསིལ་བས་གང་བ། ཨུཏྤ་དང་། པདྨཆེན་པོ་ལ་སོགས་པ་མེ་ཏོག་སྣ་ཚོགས་ཀྱིས་ཁེབས་པ། ཆུ་བྱ་རྩེ་བ། རྫིང་འགྲམ་ན་རིན་པོ་ཆེ་དཔག་བསམ་གྱི་ཤིང་ལྗོན་པ་ལས་མེ་ཏོག་དང་གོས་ལ་སོགས་པ་འབྱུང་ཞིང་། ལྷའི་བྱ་སྐད་སྙན་པར་སྒྲོག་པས་བརྟེན་པའོ། །གྲོང་ཁྱེར་ཕྱི་རོལ་རིན་ཆེན་ར་བ་བདུན། །བར་བར་འོབས་བདུན་ཆུ་མཚོ་ངང་བས་བརྒྱན། །རིན་ཆེན་གྲུ་ན་ལྷ་རྣམས་རྩེད་འཇོ་འཕེལ། །ཞེས་གསུངས་ཏེ། གྲོང་ཁྱེར་གྱི་ཕྱི་རོལ་ན་ར་བ་རིམ་པ་བདུན་གྱིས་བསྐོར་བའི་བར་བར་ན་ཆུ་མཚོ་དང་ངང་པས་བརྒྱན་པའི་འོབས་རིམ་པ་བདུན་བདུན་གྱིས་བསྐོར་བ་རྣམས་ཀྱི་ཟབས་དང་ཁ་ཞེང་ལ་དཔག་ཚད་རེ་རེ་ཡོད་པར་རིན་པོ་ཆེའི་གྲུ་གཟིངས་ན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཞུགས་ཏེ་རྩེ་བ་ཡོད་དོ། །ཞེས་གོང་ནས་གྲོང་ཞེས་པའི་ས་བཅད་གཅིག་ལ་ནང་གསེས་ཀྱི་ལྷ་དབང་གི་ཁང་བཟང་དང་། སྤྱིའི་གྲོང་བལྟ་ན་སྡུག་གཉིས་བཤད་པ་སོང་ནས། གསུམ་པ་མཚམས་ཀྱི་གནས་ནི། རི་རབ་རྩེ་མོའི་མཚམས་བཞིར་ཁང་བརྩེགས་བཞི། །དཔངས་སུ་དཔག་ཚད་ཕྱེད་དང་ལྔ་པ་ལ། །ངོས་རེར་བརྒྱ་དང་ཉི་ཤུ་རྩ་ལྔ་པ། །གནོད་སྦྱིན་ལག་ན་རྡོ་རྗེའི་ལྷ་རིགས་གནས། །ཞེས་གསུངས་ཏེ། རི་རབ་རྩེ་མོའི་མཚམས་བཞི་ན་ཁང་པ་བརྩེགས་པ་བཞི་ཡོད་དོ། །འཕངས་སུ་དཔག་ཚད་ཕྱེད་དང་ལྔ་པ། ངོས་རེ་ལ་དཔག་ཚད་བརྒྱ་ཉི་ཤུ་རྩ་ལྔ་པ། ཁོར་ཡུག་ཏུ་ལྔ་བརྒྱ་ཡོད་པ་ན་གནོད་སྦྱིན་ལག་ན་རྡོ་རྗེ་ཞེས་བྱ་བའི་ལྷ་རིགས་གནས་སོ། །ཁང་བརྩེགས་བཞི་པོའི་བར་ཐངས་རི་རབ་རྩེ་མོའི་ཁ་ཆགས་ལ་ཕྱོགས་ཀྱི་རིན་པོ་ཆེའི་ར་བ་དཔག་ཚད་གསུམ་པས་བསྐོར་ཏེ་གནས་སོ། །དེ་ཡན་གྱིས་གྲོང་བསྟན་ནས། སྐྱེད་ཚལ། ས་གཞི། ཤིང་ཆེན་པོ། འདུན་ས་སྟེ་ལྔ་རུ་བཤད་པའི་ནང་གི་གཉིས་པ་སྐྱེད་ཚལ་ནི།

སུམ་ཅུ་རྩ་གསུམ་པའི་ཚལ་རྒྱས་པར་བཤད་པ།

དེ་ནས། ལྷ་ཡི་སྐྱེད་ཚལ་ར་བ་རྣམ་བཞི་ཡང་། །བལྟ་ན་སྡུག་ནས་དཔག་ཚད་ཉི་ཤུ་ཉིད། །ཕྱོགས་བཞིར་འདས་པའི་མཚམས་ན་གནས་པ་ལས། །ཞེས་གསུངས་ཏེ། གྲོང་ཁྱེར་བལྟ་ན་སྡུག་ནས་ཕྱོགས་བཞིར་དཔག་ཚད་ཉི་ཤུ་རེ་དཔགས་པའི་ས་ན། ལྷ་རྣམས་ཀྱི་རྩེད་མོའི་ས་སྐྱེད་མོས་ཚལ་བཞི་ལས། ཞེས་པས་གླིང་ག་རྡོག་མ་བཞི་ཡོད་པའི་གོ་བ་མིན་པར་འདི་ཆེ་ལོང་གིས་བསྡུས་པའི་སྐྱེད་ཚལ་རིགས་བཞི་ལ་གོ་བའོ། །དང་པོ། ཤར་ན་ཤིང་རྟ་སྣ་ཚོགས་སྐྱེད་མོས་ཚལ། །རིན་ཆེན་རྫིང་དང་ལྗོན་ཤིང་གོས་དང་རྒྱན། །ལྷ་ཡི་བུ་མོས་དགའ་བར་བྱས་པའོ། །ཞེས་གསུངས་ཏེ། ཤར་ཤིང་རྟ་སྣ་ཚོགས་པའི་སྐྱེད་མོའི་ཚལ་དེ་ན་རིན་པོ་ཆེའི་ཤིང་སྣ་ཚོགས་ཀྱིས་བརྒྱན་ཅིང་། ཚལ་བཞི་པོ་ནའང་རོ་བྲོ་བའི་རྫིང་བུ་བཞི་ཡོད་དེ། ཆུ་ཞེང་དུ་དཔག་ཚད་ལྔ་བཅུ་པ། གསེར་དང་། དངུལ་དང་། བཻ་ཌཱུརྱ་་དང་། ཤེལ་ལས་བྱས་པའི་ཕ་གུས་བརྩིགས་ཤིང་ཐེམ་སྐས་ཡོད་པ། ལན་ཀན་རིན་པོ་ཆེ་སྣ་ཚོགས་ཀྱིས་བྱས་པར་སྦྲང་རྩི་ལྟ་བུའི་ཆུས་གང་ཞིང་ཤིང་ལྗོན་པ། ལྷའི་གོས་དང་། མེ་ཏོག་དང་། འབྲས་བུས་བརྒྱན་པ་མང་པོས་བརྒྱན་ཅིང་། ཁྱད་པར་ཚལ་འདིར་ཤིང་རྟ་བཟང་པོ་ལྷའི་བུ་མོ་མཛེས་མས་དགའ་བར་བྱས་ཤིང་འདྲེན་པའོ། །ལྷོ་ན་རྩུབ་འགྱུར་ཞེས་བྱའི་སྐྱེད་མོས་ཚལ། །གཡུལ་འགྱེད་ཚེ་ན་ཞེ་སྡང་འཕེལ་བ་སྟེ། །རིན་ཆེན་མཚོན་དང་གོ་ཆ་སྲ་བ་འབྱུང་། །ཞེས་གསུངསས་ཏེ། རྩུབ་འགྱུར་གྱི་ཚལ་ན་རྫིང་བུ་ཤིང་དང་མེ་ཏོག་ལ་སོགས་པ་རྩུབ་པར་གྱུར་པ་ཡོད་པས། ལྷ་རྣམས་ཀྱིས་སྤྱོད་པ་ན་ལྷ་མ་ཡིན་ལ་གཡུལ་འགྱེད་པར་མོས་པའོ། །ལྷ་རྣམས་ནི་རྒྱུད་དུལ་ཞིང་ཞི་བ་རྒྱུན་དུ་ཁྲོ་བའི་སེམས་འཆར་དཀའ་བས། རྩུབ་འགྱུར་ཚལ་གྱི་ཆུ་དང་རྫིང་བུ་ཤིང་ཏོག་རྣམས་ལོངས་སྤྱད་པས་བག་ཉལ་ཕྲ་བ་ལྡང་སྟེ་ཞེ་སྡང་སྐྱེས་ནས་ཁྲོ་འཁྲུགས་རྔམས་པའི་ང་རོ་དང་ལྡན་པ་གྱུར་དུས། ལྷ་མིན་དང་གཡུལ་འགྱེད་པའི་གོ་ཆ་དང་མཚོན་ཆ་གང་འདོད་པ་དཔག་བསམ་གྱི་ཤིང་ལས་ལེན་ཆོག་ཆོག་གིས་འབྱུང་བ་ཡིན་པས་ཤིང་ལས་རིན་པོ་ཆེའི་གོ་ཆ་ཤིན་ཏུ་སྲ་བ་དང་། འཁོར་ལོ་དང་། མདའ་བོ་ཆེ་ལ་སོགས་པའི་མཚོན་ཆ་འབྱུང་བ་ཡིན་ནོ། །ནུབ་ན་འདྲེས་ཚལ་རྫིང་བུ་བཟང་པོ་ནས། །སྣ་ཚོགས་ལོངས་སྤྱོད་འདྲེས་མར་འབྱུང་བའོ། །ཞེས་གསུངས་ཏེ། འདྲེས་པའི་ཚལ་དེ་ན་རྫིང་བུ་འདྲེས་པ་ཞེས་བྱ་བ་འདོད་དགུར་འདྲེས་པར་འབྱུང་བ་དང་། རིན་པོ་ཆེའི་ཤིང་དང་། མེ་ཏོག་དང་། ལྷའི་བུ་མོ་ལ་སོགས་པ་འདྲེས་པར་གྱུར་པས་ལོངས་སྤྱོད་འཚོལ་བར་ཡོད་པའོ། །བྱང་ན་དགའ་ཚལ་ལྷ་ཡི་བུ་མོས་གང་། །བསྐལ་བཟང་འདྲེན་པ་སྟོང་གི་ཤིང་དང་བཅས། །ལོངས་སྤྱོད་དགའ་བ་ལྷག་པར་འཕེལ་བ་ཡིན། །ཅེས་གསུངས་ཏེ། དགའ་བའི་ཚལ་ན་རྫིང་བུ་བཟང་པོ་དགའ་བ་ཞེས་པ་དང་། ཤིང་དང་། མེ་ཏོག་དང་། ལྷའི་བུ་མོའི་དགའ་བས་བརྒྱན་པ་སྟེ། དེར་སྤྱད་པས་ལྷག་པར་དགའ་བ་འཕེལ་བའོ། །ཞེས་གསུངས་སོ། །དེ་རིང་འདིར་བཞག་ནས། སང་ཉིན་སུམ་ཅུ་རྩ་གསུམ་གྱི་སྐྱེད་ཚལ་ར་བ་རྣམ་བཞིའི་ནང་གི་བྱང་ཕྱོགས་དགའ་བའི་ཚལ་གྱི་ཡོན་ཏན་གཞན་དག་གི་ངོས་ནས་བཤད་ན་ཆོག་གི ལྡེབ་ཐུང་འཕྲུལ་དཔར་མ་འདིའི་ལྡེབ་ཉེར་ལྔ་རེ་ཉིན་རེ་སོང་ན་ཟླ་བ་གཅིག་ནི་ནང་ཚུན་དུ་ཡིད་བཞིན་མཛོད་ཀྱི་འགྲེལ་ཊཱིཀ་པདྨ་དཀར་པོ་འདི་ཚར་གཅིག་བུད་འགྲོ་ཁི། ད་དེ་རིང་ཁ་རྩང་བླ་མ་ལ་བཤད་ལོང་མེད་ཅིང་། སློབ་མ་ལ་ཉན་ལོང་མེད་པའི་དུས་ཚོད། ལོང་མེད་རྒྱུད་ལ་སྐྱེ་ལུགས་ཕྱིན་ཅི་ལོག་ཏུ་འགྲོ་བའི་སྐབས་རེད། ཨ་ལ་བྱང་ཆུབ་སེམས་དཔའ་དང་། དམ་པའི་རིགས་ཅན་རྣམས་ནི་དལ་རུང་བྲེལ་རུང་གཞན་དོན་འབའ་ཞིག་ཡིན་རྒྱུ་རེད། མགོ་ལ་སེམས་ཅན་ཁུར་ཆེན་ཁྱེར་བ་ཡི། །བྱང་ཆུབ་སེམས་དཔའ་དལ་གྱིས་འགྲོ་མི་མཛེས། །ཞེས་གསུངས་པ་རེད། དལ་གྱིས་མི་འགྲོ་བའི་ལུགས་ལ་ཡང་རྣམ་གྲངས་ཡོད་པ་ལས། ཡིན་གཅིག་མིན་གཉིས་དལ་གྱིས་མི་འགྲོ་པར་རྒྱུགས་དགོས་ཞེས་པ་མིན། བརྒྱུགས་ཏག་ཏག་གིས་བསྟན་པ་ཨེ་ཟིན་མི་ཤེས། གནའ་རྫོགས་ཆེན་དགོན་པའི་གྲྭ་རྒོད་ཁ་རྒྱག་བཤད་མཁན་འགའ་རེས། སུ་ཞིག་སུ་གོ་བསྟན་པའི་སུག་པོ་རེད་ཅེས་ཟེར་མྱངས་པ་ལྟར་དུ་འགྱུར་ངེས། དུས་སྙིགས་མའི་རང་གཤིས་རང་ཤུགས་ཀྱིས་བདོ་བའི་གནས་སྐབས་སུ། ཆོས་ཟླ་ཁྲིད་རེར་གསན་ལོང་ཡོད་པ་འདི་ཡང་བསྟན་པ་འཛིན་པའི་མཛད་པ་ཟེར་དགོས། ད་དུང་ཐོས་པ་རང་རྒྱུད་ལ་སྦྱར་ཐུབ་ན་དོན་གྱི་བསྟན་པའི་བྱི་དོར་ཡང་ཡིན། ཐོས་བསམ་སྒོ་གསུམ་གྱི་ཕན་དུ་བསྟན་པ་ཇི་ལྟར་འཛིན། རྗོད་བྱེད་ལུང་གི་ཆོས་ཐོས་པས་བཟུང་། བརྗོད་བྱ་རྟོགས་པའི་ཆོས་བསམ་སྒོམ་གྱིས་འཛིན་པ་ནི་བསྟན་པ་འཛིན་ལུགས་མ་ནོར་པ་ཡིན། འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས། འཕགས་པའི་ཡུལ་གྱི་གྲུབ་ཆེན་བརྒྱད་ཅུ། བོད་ཀྱི་མཁན་སློབ་ཆོས་གསུམ། རྗེ་འབངས་ཉེར་ལྔ། གངས་ཅན་བསྟན་པའི་སྲོལ་འབྱེད་བཤད་བརྒྱུད་འདེགས་པའི་ཀ་ཆེན་དང་། སྒྲུབ་བརྒྱུད་འདྲེན་པའི་ཤིང་རྟ་ཚོས་ཀྱང་། ལུང་རྟོགས་ཀྱི་བསྟན་པ་བཤད་སྒྲུབ་ཀྱིས་བཟུང་ནས་བསྒྲུབས་འབྲས་མངོན་དུ་གྱུར་བ་ཡིན་པས། རང་རེ་དེ་རྣམ་པའི་རྗེས་འཇུག་ཐམས་ཅད་ཀྱིས་ཀྱང་དེ་དག་གི་ཞབས་རྗེས་བསྙེག་རྒྱུ་ནི་ཆོས་པ་ཞིག་གི་འདུན་མའི་ཕུག་སོ་མ་ནོར་པ་རེད། ཆོས་ཁྲིད་འདི་ཚོ་ཞུས་པ་ཙམ་དུ་མི་འཇོག་པར་སྐྱོར་སྦྱོང་བྱེད་ནས་ཚར་ཁ་ཤས་གཟིགས་དགོས། དོན་ལ་བསམ་ནས་དེ་རང་རྒྱུད་ལ་སྦྱར་ཨེ་ཐུབ་བལྟ་དགོས། དེ་ཐུབ་ན་ཆོས་ཞུས་པའི་གོ་ཆོད་ནས་ཕན་ཐོགས་བྱུང་བ་ཡིན། འདིའི་ནང་གི་དགེ་འདུན་པ་མང་ཆེ་བ་གྲྭ་གཞོན་སྡེ་སྣོད་འཛིན་པ་ཤ་སྟག་རེད། གཞོན་ཡང་རྒན་པའི་ཉེ་བར་ཞི་ལ་དགའ། །མཁས་པར་གྱུར་ཀྱང་ཤེས་པའི་ང་རྒྱལ་མེད། །ཅེས་པ་བཞིན་དུ་རང་རྒྱུད་ཞི་ཞིང་དུལ་བ་མཁས་པ་ཡོན་ཏན་ལ་ངོམ་པ་མེད་པ་རྒྱ་མཚོ་ཆུ་ཡིས་མི་ངོམ་པ་ལྟར་དང་། ཁྲིམས་ཀྱི་ས་གཞི་བརྟན། ཚུལ་དང་ཀུན་སྤྱོད་མཛེས། དམན་ས་གོང་མའི་གདན་ས་རུ་སྙེག་པའི་སྡེ་སྣོད་གསུམ་འཛིན་གྱི་ཐོས་བསམ་པ་མང་ཆེ་བ་རེད། ཉུང་ཤོས་ཁྱིམ་ནས་ཐོན་ནས་རིང་པོ་མ་ལོན་པ་དང་། ཁ་ཤས་གྲོང་དང་དགོན་པའི་ཉིས་གོ་བཅད་དགོས་མཁན་ཡང་རེ་གཉིས་ཡོད་མི་སྲིད་པ་ཡང་མིན་པ་རེད། གང་ལྟར་ཡང་ན་བཟའ་ངུར་སྨིག་གི་རྒྱལ་མཚན། སྟོན་པ་སངས་རྒྱས་ཀྱིས་གནང་བའི་རྟགས་ཆ་ལུགས་འདི་འཆང་ནས་བཟུང་། དད་ལྡན་དང་བ་འདྲེན་པའི་མིག་རྒྱན། ཕྱི་ནང་ཆ་མཚུངས་པའི་མཛད་པ་སྐྱོང་དགོས་པ་ལས། ལེགས་སྨོན་དང་འཇིག་སྐྱོབ་ཀྱི་ཕྱིའི་རྟགས་ཆ་ལུགས་རྗེས་པ་ཙམ་གྱིས་དགེ་འདུན་པ་མཚན་ཉིད་ཚང་བ་ཞིག་གྱུར་མེད་པས། ཕྱིའི་མི་སྔུན་གྱི་མཛེས་ཆོས་གནད་ཆེ་བ་མིན། སོར་སྐྱེ་བྱིས་པའི་སེམས་ཅན་རྨོངས་པ་ཏག་ཏག་ཡིན་པས་དེའི་བསྟོད་སྨད་ལ་རྟག་བརྟན་དང་ཆགས་འཇོག་ཡོད་པ་མིན། དེ་རིང་དགའ་དུས་བསྟོད་པ་དང་། སང་ཉིན་མི་དགའ་དུས་སྨད་པ་བྱེད་པ་ཡིན། རྨོངས་པ་དགའ་བྱེད་དེ་མཁས་པ་མགུ་བྱེད་ཨེ་ཡིན་ཀྱང་ཤེས་པ་མིན་པས། དབྱིངས་ནས་རྒྱལ་བ་སྲས་བཅས་ཀྱིས་མ་ཁྲེལ་པ་ཞིག་དང་། རང་བློ་རང་ལ་ལྐོག་ཏུ་མ་གྱུར་པས་རང་རྒྱུགས་རང་ལ་འཕྲོད་ན་ཆོག་སྟེ། དེས་ཚེ་རབས་གཏན་གྱི་གོ་ཆོད་པའི་ཕྱིར། མི་ཚེ་ལ་རྟག་བརྟན་མི་འདུག ཚེ་རིང་ན་ལོ་བཅུ་ཕྲག་དང་། འབྲིང་ན་ད་ལོ་སོང་ཕོད། ཐུང་ན་དོ་དགོང་སང་དགོང་། ལོ་རྒན་གཞོན་སྔོན་ལ་སུ་འཆི་དང་། དུས་ནམ་ཞིག་ལ་འཆི་རྐྱེན་ཅིས་འཆི་མི་ཤེས་པ་ཡིན། ཁ་འཁོར་ལོང་མེད་པར་དོན་ཆེན་འགག་ལ་ཐུག་པའི་དུས་ཚོད་ཤར། ཤི་གསོན་གཉིས་ཀྱི་ས་མཚམས་སུ་གློ་བུར་དུ་ཐོན་དུས། མིན་ན་ཡིན་འདོག་གི་ཚུལ་འཆོས་ཤིག་གིས་གོ་ཆོད་པར་མི་འདུག དེས་ན་གྲོང་དགོན་གཉིས་ཀྱི་ཁ་བར་ནས་འདུ་འཛི་བྲེལ་ཟིང་གིས་འོ་བརྒྱལ་བའི་བདུད་ཀྱི་བར་ཆད་སེལ་ཐབས་ཅི་ཞིག་དགོས་པ་ཡིན་ཟེར་ན། བློ་ཕ་ལ་མི་འདྲི། གྲོས་མ་ལ་མི་བྱེད། གཉེན་གྲོགས་མཛའ་བཤེས་ལ་སོགས་པ་འཇིག་རྟེན་འདིར་སྣང་གི་ཞེན་ཆགས་ཀྱི་ཡུལ་ཐམས་ཅད་ལ་ཕྱི་བལྟས་ཞིག་ཀྱང་མི་བྱེད་པར་སེམས་ཐག་ཅོག་གེ་བཅད་དགོས་པ་ཡིན། །སེམས་ཐག་མི་ཆོད་པར་ཁྱི་ངན་སྐོར་ཁ་ནས་མངགས་པ་ལྟར་དུ་ཕྱི་བལྟས་བྱེད་ཞོར་དུ་ཟུག་ཚེ་ཆོས་འཇིག་རྟེན་གང་ལ་ཐུག་ཀྱང་རྩ་བ་ཅང་མེད་རྟགས་རེད། ད་ལམ་གང་ལ་དེད་ཁ་གང་ལ་འཁོར་ན་དེའི་ཕུག་ལ་གཏུག་དགོས་པ་ཡིན། སྐྱེས་ཕོ་རབ་ཅིག་གིས་ཚེ་སྟོད་བཤད་པ་ཚེ་སྨད་ལ་ཡོད། ཕོ་ངན་པས་ཁ་རྩང་བཤད་པ་དེ་རིང་མེད། ཅེས་གྲགས་པ་ཡིན། བྱིས་པ་སོ་སོའི་སྐྱེ་བོ་ཐ་མལ་པ་དང་འགྲོག་བཞིན་བསྡད་ན་ཁྱིམ་གྱི་མི་ནག་སྐྱེ་བོའི་སྐྱོན་འགོ་སླ་བ་ཡིན་ཏེ། རྒྱལ་སྲས་ཞི་བ་ལྷས། བྱིས་དང་འགྲོགས་ན་བྱིས་པ་ལ། །བདག་བསྟོད་གཞན་ལ་སྨོད་པ་དང་། །འཁོར་བར་དགའ་བའི་གཏམ་ལ་སོགས། །མི་དགེ་ཅིས་ཀྱང་ངེས་པར་འབྱུང་། །ཞེས་པ་གསུངས་པ་ཡིན། དེ་ལྟར་དུ་གོ་རྒྱུ་བདག་བསྟོད་གཞན་སྨོད། ལས་རྒྱུ་སྡིག་སྡུག་རྒྱུ་འབྲས་ལས་མེད་དུས། ཇི་ལྟར་བཟང་བ་ཞིག་ཡིན་ཀྱང་ནམ་ཞིག་འགོས་སྐྱོན་དྲི་མ་དེ་འགོས་ནས། འདུལ་བ་ལུང་ལས། གང་ཞིག་རབ་ཏུ་བྱུང་ཡང་ཡོན་ཏན་སྣོད་མ་གྱུར། །སྐྲ་དང་ཁ་སྤུ་བྲེགས་ཀྱང་དགེ་སྦྱོང་ཚུལ་མ་ཞུགས། །རབ་བྱུང་དེ་ནི་རབ་བྱུང་མ་ཡིན་ཁྱིམ་པའང་མིན། །ཆུ་མེད་ཁྲོན་པ་རི་མོའི་མར་མེ་བཞིན་ནོ། །ཞེས་པའི་མཚོན་དཔེ་རུ་འགྲོ་བ་ཡིན། དེས་ན་ཁྱིམ་ཕ་མས་བུ་རྒྱུད་བློས་བཏང་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ན་བྱུང་བ་ལྟར་དུ། གྲོང་ལས་རྒྱང་གྲགས་ཀྱིས་ཆོད་པའི་དགོན་པ་དབེན་པའི་གནས་སུ་མངག་དགོས་པ་ཡིན། མངགས་ནས་མི་རྒོད་ཁ་ཤས་རི་བརྒྱབ་བྱས་ན་དེ་བས་ཀྱང་ཐུ་བ་ཡིན་པས། དམ་པའི་སྐྱེས་བུ་ལ་བརྟེན། དམ་པའི་ཆོས་དང་མི་འབྲལ་བའི་མཐུན་རྐྱེན་ཚོགས་ཁ་འཇུག་དགོས། སྤྱིར་བཏང་གི་མི་མ་དགོས་དམ་པའི་སྐྱེ་སྤྲུལ་གྱི་མིང་ཆེན་བཏགས་ནས་གདུགས་གསེར་ཁྲི་གཉིས་ཀྱི་ཁ་བར་དུ་འཇོག་པ་རྣམས་ལ་ཡང་ཀ་ཁ་ག་ང་འགོ་ནས་སློབ་དགོས་པར་ཨུས་འདུག ཡོངས་འཛིན་བཟང་བ་ཞིག་དང་མ་འཕྲད། རྒྱུ་དག་རང་གཤིས་ངན་པ་ཅན་དང་ཀུན་ཡིན་ཚེ། ངན་པའི་རང་གཤིས་བསླང་ལ་བུད་ནས་བསྐྱོར་དང་མ་བསྐྱོར་། གཡོར་དང་མ་གཡོར་མེད་པར་བྱེ་མ་སྤར་མོས་བཟུང་བ་ལྟར་དུ་ཟག་ནས། རྟེན་འབྲེལ་མགོ་ནས་ནོགས། ཆུ་འགོ་ཕུ་ནས་ཉོག་པ་གང་མང་མང་རང་གཞན་གཡས་གཡོན་གང་ལ་བལྟས་ཀྱང་ཤེས་གསལ་ཡིན་པའི་འདྲ་དཔེ་དེ་ལྟར་དུ་འགྲོ་བ་ཡིན། དེས་ན་ཁ་ཤོའི་མིང་ལ་གཡང་སྐྱབས་དང་། སྦལ་བའི་མིང་ལ་ཀླུ་སྐྱབས་ཞེས་བཏགས་རུང་མ་བཏགས་རུང་། ཡག་བརྗོད་བྱས་ཀྱང་མ་བྱས་རུང་། བསླབ་པ་གསུམ་གྱི་ཚད་ཤིང་གིས་བཅལ་ཚེ། ལྟ་བཟོད་མ་དགོས་བཤད་བཟོད་དང་། བཤད་བཟོད་མ་དགོས་ཉན་བཟོད་མེད་པ་ཞིག་ཏུ་འགྱུར་བ་ཡིན། དེས་ན་གྲྭ་ཆུང་ལམ་ལ་གཞག་རྒྱུ་དེ་གྲྭ་ཆུང་རང་ཉིད་ལ་ལོས་ལྟོས་ཀྱང་། གཙོ་བོ་ཁྱིམ་ཕ་མས་སྐྱེལ་མ་བཟང་ཞན་ལ་ཐུག་ནས་ཡོད། ད་རེས་འདིའི་ཆོས་ཁྲིད་ཀྱི་ནང་དུ་དགེ་བསྙེན་ཕོ་མོ་ཡང་དགོས་པའི་དབང་གིས་ཞུགས་བཅུག་ནས། དགེ་འདུན་པའི་གྲལ་མཐའ་ནས། ཆོས་དགེ་འདུན་གཉིས་ཀྱི་ཞིང་ས་ལ་གསོལ་འདེབས་དང་སྨོན་ལམ་རེ་རྒྱག་བཅུག་པ་ཡིན། ཆོས་སྒྲ་དེ་རྣ་ལམ་དུ་གོ་སོང་ན་གདུང་གསེབ་ཀྱི་བྱ་དང་བྱིའུ། ཉེར་འཁྲིས་ཀྱི་ཁྱི་དང་བྱི་ལ་རྣམས་ཀྱང་ངན་སོང་དུ་མ་ལྷུང་བའི་རབས་ཀྱི་ལོ་རྒྱུས་ཀྱང་མང་རབ་ཡོད་པས། གདན་ས་ཆོས་འཁོར་ཆེན་པོའི་འདབ་དང་ཉེར་འགྲམ་ནས། ཆོས་ཀྱི་སྦྱིན་པ་མ་ཐོབ་པའི་མི་སྐྱ་ཕོ་མོ་རྣམས་ཆོས་མེད་ལག་སྟོང་དུ་ལུས་ནས། དུ་སོང་སོང་ངན་སོང་གི་གནས་སུ། རྡོ་ལྗིད་མོ་རྐེ་རུ་བཏགས་ནས། མཚོ་ཞབས་མེད་གདིང་ཆེན་གྱི་ནང་དུ་མཆོངས་བ་དང་ཁྱད་མེད་པར་ཏག་ཏག་འགྱུར་ཚེ། འགྲོ་བའི་འདྲེན་སྟོན་ཡིན་པར་བཤད་པ་དེ་ཁ་བཤད་མ་གཏོགས་ལག་ལེན་ལ་མ་ཐེབས་པ་རེད་བསམ་པ་ཡིན། དམ་པའི་ལྷ་ཆོས་ཀྱི་ནང་དོན་གྱི་འགྲོ་ངོ་འདུག་ཕྱོགས་ཀྱི་གོ་བ་མ་ལེན་དུས། དུ་བ་མ་འཐེན། ཆང་མ་འཐུང་། སྲོག་མ་བཅད། ཁྱོད་རང་སྡུག་པ་རེད་ཅེས་བཤད་ཀྱང་ཕན་སེམས་གནོད་དུ་ལོག་འགྲོ་བ་ཡིན། དེ་རྣམས་ལ་ཡང་ཁག་མེད་པ་སྟེ། ལས་རྒྱུ་འབྲས་ཀྱི་འགྲོ་སྟངས་མི་ཤེས་པའི་དབང་གིས་བཟང་བྱས་དུས་ངན་རེད་བསམ་འགྲོ་བ་རེད། སེམས་ཅན་སྙིང་རྗེའི་ཡུལ་ཡིན་པའང་དེས་ཡིན། དེ་ནི་བཟོད་པ་སྒོམ་པའི་རྟེན་མི་ལོན་རྒྱུ་དེ་ཡིན། དེ་ལ་ངོ་མ་བཤད་ན་ཉོས་ནས་རིན་པ་གོང་ཆེན་ཀྱང་སྦྱིན་འོས་པ་ཡིན་ཏེ། གནའ་ཇོ་བོ་རྗེར་ཉེ་གནས་ཁར་མི་ཉན་མཁན་ཕྱིན་ཅི་ལོག་པ་ཞིག་ཡོད་པ་ལ། ཁྱེད་ཀྱི་ཞབས་ཕྱི་འདི་བརྗེ་བར་འོས་ཞུས་པ་ལ། བརྗེ་མི་ཉན་འདི་ལྟར་བུ་རྙེད་དཀའ། བཟོད་པ་སྒོམ་རྟེན་དུ་འགའ་རེས་སྤྲེལ་འུ་ཡང་འཚག་པས་འདི་བཟང་པོ་ཡིན་ཅེས་གསུངས་པ་ཡིན། བཟང་བ་ཞིག་ལ་དགྲས་ལོག་སྒྲུབ་ཇི་ཙམ་བྱས་ཀྱང་ཐུགས་དམ་གྱི་བོགས་འདོན། རྟ་མགྱོགས་པ་ལ་ཀི་བཏབ་པ་ལྟར་དུ་འགྱུར་བ་ཡིན། དེས་ནས་དགེ་བསྙེན་ཚོས་ཆོས་འདི་ལྟ་བུ་ཉན་དུས་གཞུང་ཆེན་པོ་འདི་འདྲའི་ཚིག་དོན་གཉིས་ཀའི་ཆ་ནས་གོ་མི་ཐུབ་གོ་ཤིན་ཏུ་དཀའ་བ་ཡིན། ཁྱད་པར་དུ་ཀློང་ཆེན་མཛོད་བདུན་འདི་ལྟར་བུ་ནི་རྒྱ་ཆེ་བ་པཎྜིཏའི་ལུགས་སུ་བཀྲལ་བ། ཁྱེད་ཉན་མཁན་གྱི་ཁྱིམ་པ་ཕོ་མོ་ཚོ་མ་དགོས་བཤད་མཁན་རང་ཉིད་ཀྱིས་ཀྱང་མཐིལ་རྟོགས་པ་མིན་ཀྱང་། བརྒྱུད་པའི་བྱིན་རླབས་འཇུག་པ་དང་། ཐོས་པའི་ཕན་ཡོན་ཆེ་བ་ཡིན། དེས་ན་གནར་ཆོས་ཕྱོགས་ནས་སྐལ་བ་བཟང་པོ་རེད་ཟེར་ཡང་། སྔོན་ང་ཆུང་དུས་སུ་བཟང་ངན་མཐོ་དམན་བར་གསུམ་གྱི་ནང་དུ་དགེ་འདུན་པ་དང་ཆོས་མཉམ་དུ་ཐོབ་པ་དཀོན་པ་ཡིན། ཐོབ་ཐང་གོ་ས་ཅན་འགའ་རེས་ཆོས་སྒྲ་རེ་གཉིས་གོ་སྲིད་ན་ཐང་ཡང་། དེ་རྣམས་ཀྱིས་ཉམས་སུ་ལེན་པ་ནི་དཀོན་པོ་རེད། ངས་མཐོང་མྱོང་གི་མི་དྲག་དྲག་དག་གི་ནང་དུ་གནའ་བྱ་རྒོད་སྟོབས་ལྡན་ཟེར་བ་ཞིག་ཡོད་པ་དེས་བླ་མ་ཆེ་བ་རྣམས་དང་ཐུག་སྐབས་ཉམས་ལེན་གྱི་བསྐོར་ནས་བཤད་འདུག་མཁན་ཞིག་ཡིན་དར། དད་པ་ཅན་ཞིག་ཀྱང་ཡིན། དེས་ན་འདིར་ཡོད་ཀྱི་ཁྱིམ་པ་ཕོ་མོ་ཚོས་ཀྱང་འདེང་རྒྱོབས་དང་སྐལ་བ་བཟང་བ་ཡིན། དེ་ངའི་དྲིན་ཡང་ཅང་མ་རེད། ཁྱེད་རང་ཚོའི་བསོད་ནམས་རེད། དགེ་འདུན་པ་ཇོ་སེར་རྣམས་ལ་མཉམ་འགྲོགས་ཀྱི་བདུད་དབང་དུ་མ་ཤོར། ང་དང་ཁྱོད་ཟེར་བཞིན་མ་འདུག སྐྱབས་འགྲོའི་སྡོམ་པ་ཞུས་ནས་བཟུང་དགག་སྒྲུབ་ཆ་མཐུན་གྱི་བསླབ་བྱ་དགུ་སྲུང་དགོས། ཐ་ན་ལྷན་པ་སེར་པོ་ཞིག་ས་ཐོག་ཏུ་ལྷུང་ཡོད་ཚེ་དེ་དགེ་འདུན་གྱི་ན་བཟའི་ཁ་དོག་ཡིན་ཕྱིར་གཙང་སར་བཞག་ནས་ཕྱག་མཆོད་འབུལ་གྱིས་བཀུར་སྟི་བྱེད་དགོས་པ་ཡིན་ན། རབ་བྱུང་སྡེ་སྣོད་འཛིན་པ་ངོ་མ་ཞིག་ལ་ཁྱད་གསོད་བྱས་དུས་རང་གིས་སྐྱབས་འགྲོའི་བསླབ་བྱ་ཉམས་པ་ཡིན་པར་ཤེས་དགོས། འདི་ལྟ་བུའི་དགེ་འདུན་འདུས་པ་བརྒྱ་ཕྲག་མང་པོ་མཇལ་བཞིན་དུ་ཆོས་ཀྱི་བདུད་རྩིའི་རོ་མྱོང་བཞིན་འདུག་ཆོག་པ་ཅི་འདྲའི་སྐལ་བ་བཟང་བ་ལ། འདི་བཞིན་དུ་ཤི་བར་དོའི་གནས་སྐབས་སུ་མཇལ་བར་ཤོག་སོམས་དང་། དད་པ་དང་སྨོན་ལམ་གྱི་སྟོབས་ཀྱིས་མཇལ་བས་མ་ཚད་ལམ་སྣ་འདྲེན་པ་ཡིན། དད་པ་ཡོད་ན་ཁྱི་སོ་ལས་རིང་བསྲེལ་འཁྲུངས་རབས་དང་། དད་པ་མེད་ན་སངས་རྒྱས་ཀྱི་སྐུ་ཟུར་ནས་འགའ་རེ་དམྱལ་བ་ཡི་དྭགས་སུ་སྐྱེ་རབས་ཀུན་བཟང་ཞལ་ལུང་ནས་གསུངས་ཡོད་ཨུས་འདུག ཀུན་བཟང་ཞལ་ལུང་ལ་བལྟ་རྒྱུ་ཉན་རྒྱུ་དགེ་བསྙེན་རྣམས་ཀྱིས་བྱེད་བཞིན་ཡོད་རྒྱུ་རེད། འགའ་རེས་ཁས་ལེན་ཡང་མང་པོ་བྱས་པ་རེད། ད་ལོའི་ཞིང་སྒྲུབ་སྐབས་སུ་ཡིག་རྒྱུགས་དང་ཆོས་རྒྱུགས་གཉིས་ཀ་ལེན་རྒྱུ་ཡིན། ལོ་མའི་ཁྲིགས་སུ་བཤད་པར་ཕན་ཐོགས་ཨེ་ཡོད་ཀྱང་དེ་དུས་ཤེས་པ་རེད། འབྲོག་པའི་ནང་དང་གྲོང་ནང་ན་ཡོད་པ་ཚོར་དེ་ལྟར་སྔ་ཆ་རྒྱོབ། ཚོགས་ན་ཡོད་པ་རྒྱུགས་ལེན་པའི་ངེས་པ་མེད། མི་གྲངས་ཀྱི་ཐོ་དེབ་ལ་བལྟས་ནས་རྒྱན་འདི་ལ་བབ་ཐལ་ཞེས་ཚོགས་ཐོག་ན་སྔོན་བརྡ་བརྒྱབ་ནས་ཚོགས་ཐོག་ནས་ལེན་རྒྱུ་ཡིན། རྫོགས་ཆེན་འབྲོག་རུ་སྡེ་བ་མོ་དུད་སྟོང་ཟེར་ནས་མང་སྣང་ཤར་ཡང་། མི་སྟོང་ཕྲག་འགའ་རེས་ས་ཆེ་སའི་བཟོ་གྲྭ་ཞིག་གི་ལས་ཀའི་ལས་གྲྭ་པའི་ཁ་གྲངས་ཀྱང་ལོངས་པ་མིན། སྡེ་དགོན་ཡུལ་ཞེས་པ་དེ་ཡུལ་དགོན་གད་པ་ལྟག་འོག མཛོ་རྒན་རྩིབ་མ་གཡས་གཡོན་ཟེར་བ་ཡིན་པས་ཁྱིམ་གཅིག་གི་སྐྱ་སེར་མིང་སྲིང་ལྟ་བུ་ཡིན། རི་ཁྲོད་ཀྱི་ཆོས་པས་འཇིག་རྟེན་ལ་རྒྱབ་ཀྱིས་སྔར་ནས་ཕྱོགས་འདེང་ཡིན་ཀྱང་། བརྩེ་བའི་སྙིང་རྗེ་དགྲ་ཟིན་ཁྱད་མེད་པ་མ་བྱམས་བུ་ལ་འཁྲི་བ་ལྟ་བུ་ཞིག་དགོས་པ་ནི་ཆོས་པ་ཞིག་གིས་འདོར་ཐབས་མེད་པའི་བྱམས་སྙིང་རྗེ་གཉིས་ཀྱི་རྩ་བའོ། །དེས་ན་དམ་པའི་ལྷ་ཆོས་སྒྲུབ་ལུགས་འདི་ལ། དམ་པའི་ལྷ་ཆོས་ནོར་རྫས་ཀྱིས་སྒྲུབ་ཐབས་ཤིག་དང་། ལུས་ངག་གིས་སྒྲུབ་ལུགས་ཤིག་དང་། སེམས་ཀྱིས་སྒྲུབ་ལུགས་རྣམས་ཡོད་པའི་ནང་གི་ཆོད་ཆེ་བ་དེ་སེམས་ཀྱིས་ཆོས་སྒྲུབ་རྒྱུ་འདི་ཡིན། སེམས་ཀྱིས་ཆོས་ཡག་པ་ཞིག་སྒྲུབ་མ་ཤེས་གོང་དུ། ལུས་ངག་གིས་ཕྱག་སྐོར་དང་། ཁ་ཏོན་བཟླས་བརྗོད། རྒྱུ་ནོར་གྱིས་མཛུབ་མགོའི་མཆོད་པས་བསོད་ནམས་གསོག་དགོས་པ་རེད། དེའང་དགེ་སྡིག་གཟུགས་བརྙན་ཆེ་ཆུང་གི་རྗེས་སུ་མི་འགྲོ་བར་བསམ་པའི་ཀུན་སློང་བཟང་ངན་ལ་ཐུག་ཡོད་པར་གསུངས་ཡོད་པ་དེ་ཚོ་སེམས་ལ་ཞོག དེའི་འཕྲོར་གཤིན་རྗེའི་སྒྲུབ་ཕུག་ཏུ་དེང་སང་བཞུགས་པའི་ལོ་གསུམ་གྱི་མཚམས་པ། མཚོ་སྔོན་པ་པདྨ་རྒྱལ་མཚན་གྱིས་གནས་མཇལ་ཡོང་མཁན་ཚོས་ཕུལ་བསྡད་པ་རྣམས་བསགས་པའི་བསྡོམས་སྒོར་སུམ་སྟོང་དང་། ཁ་དར་བཞི་བཅུ་ཞེ་ལྔ་བཅས་ཡོད་པ་དེ་ཁོང་ལ་མཚམས་རྒྱག་གིས་འདང་འདུག་པས་མི་དགོས་ཞེས་ངའི་རྩར་བསྐུར་ཡོང་ཐལ། སྒོར་མོ་ནི་འདི་རེད་འདིའི་ནང་དུ་རྒྱ་ཤོག་ལྔ་ལོ་བཅུ་ལོ་སོགས་འདྲ་མིན་ཐམས་ཅད་ཡོད་འདུག འདོད་ཆུང་ཆོག་ཤེས་ཆོས་པའི་སྤྱི་ནོར་ཡིན་པ་རེད། འདོད་པ་ཟད་ན་འཕགས་པ་དངོས་ཡིན་ལ། །འདོད་པ་ཆུང་ན་འཕགས་པའི་རིགས་ཞེས་བྱ། །ཞེས་གསུངས་ནས་ཡོད། འདི་ལྟ་བུ་ནི་སྔོན་ཆད་གྱི་ལོ་རྒྱུས་ནང་དུ་ཡོད་པ་ལས་ཉེ་ཆར་ཡོད་ཚད་དངུལ་གྱིས་བསླུས། མིའི་རིན་ཐང་ཡང་དངུལ་དང་བརྗེ་བའི་སྤྱི་ཚོགས་འདི་ལྟ་བུའི་ནང་ན་ཤིན་ཏུ་དཀོན་པའི་མཛད་པ། རྗེས་སུ་ཡི་རང་དང་བསྔགས་བརྗོད་བྱ་ཡུལ་རེད་བསམ་བྱུང་། འདི་འཚོག་ལ་ཉེ་བའི་འབུམ་མཆོད་ཆེན་མོའི་ཐེབས་རྩའི་ནང་དུ་གཞག་རྒྱུ་ཡིན། གཞུང་ལས་ཁང་གི་འགན་འཛིན་པས་བདག་རྒྱོབ། ད་དུང་འདི་དང་འདྲ་བའི་སྡེ་སྣོད་འཛིན་པ་འགའ་རེས་བསྙེན་རྫོགས་ཀྱི་ལས་གྲལ་དུ་ཞུགས་ནས་འབུལ་བ་མ་བླངས་པར་ང་ལ་སྤྲད་པའང་འདིའི་ནང་དུ་ཡོད། ད་རུང་ཁོང་གིས་ཆོས་བཤད་དུས་དངུལ་སྐར་མ་གང་ཡང་ལེན་མ་མྱངས་གསུང་ཁི། མཚན་ནས་བཟུང་ན་དགྱེས་སྣང་ཨེ་ཡོད་མི་ཤེས་དེ་ཚོ་འཁོར་ཡུག་གི་དོན་གསར་རེད། འགའ་རེས་བསམས་ན་མི་གླན་པ་ཟེར་བ་དེ་ན་ཡོད་འདུག རིན་མེད་དུ་དངུལ་སྦྱིན་དུས་མི་ལེན་པ་སྨྱོས་པ་རེད་བསམ་མཁན་ཡོད་སྲིད་ཀྱང་། དངུལ་ཞེས་པ་འདིའི་ཡོང་ཁུངས་ལ་བསམ་བློ་བཏང་ན་སླ་མོ་ཞིག་མིན་པར་ཁྲག་དང་དངུལ་ཆུའི་རིན་པ། སྡུག་དཀའ་ལས་ཏག་ཏག་བརྒྱབ་ནས་ཐོབ་པ་ཞིག་ཡིན། འགའ་རེས་དཀའ་ལས་རྒྱག་མ་དགོས་པར་སླ་མོ་བྱས་ནས་ལོན་ཐལ་བསམས་རུང་། ཚེ་ཕྱི་མའི་ཡུལ་ནས་ཤ་རྩིབ་མའི་བར་ནས་འཚབ་དགོས་ན་དེ་དུས་སླ་མོ་མིན། ཁྱད་པར་དུ་ལོག་འཚོའི་རྒྱུ་རྫས་འདི་འཚབ་རན་དུས་དེ་བས་ཀྱང་དཀའ་བ་ཡིན། རྒྱུ་ནོར་འདི་ལ་འདོད་པ་ཇི་ཙམ་ཆེ་ན་སྡུག་བསྔལ་དེ་ཙམ་གྱིས་ཆེ་བར། ཀློང་ཆེན་པས། འདོད་ལྡན་སྡུག་བསྔལ་ཉོན་མོངས་འཕེལ་བ་ལྟར། །འདོད་པ་ཆུང་རྣམས་ངང་གིས་བདེ་བར་འཕེལ། །ཞེས་གསུངས་ཡོད་པས། ལྷོ་འཛམ་བུ་གླིང་གི་རྒྱུ་དེ་མི་ཞིག་ལ་ཡོད་ན་ཁོ་ལ་ད་དུང་ནུབ་བ་གླང་སྤྱོད་ཀྱི་རྒྱུ་དགོས་བསམ་པ་ཡིན། རྒྱལ་པོ་ང་ལས་ནུའི་གཏམ་རྒྱུད་ནང་བཞིན་སུམ་ཅུའི་རྩ་གསུམ་གྱི་ལྷ་ཡུལ་མན་ལ་དབང་བསྒྱུར་རུང་མཐའ་གཞུག་ད་དུང་འདོད་པ་མ་གང་ནས་སྡུག་བསྔལ་མྱངས་ནས་ཤི་ཐལ་ཞེས་ཤོད་ཅེས་ཁོ་རང་གིས་ཁ་ཆེམས་བཞག་པ་ལྟ་བུ་རེད། ཆོག་ཤེས་ཀྱི་ནོར་ཡོད་ན་གླིང་བཞི་ལ་དབང་སྒྱུར་བའི་རྒྱལ་པོས་ཀྱང་བསྡུར་རྒྱུ་མེད་པར་དེ་བས་ཀྱང་ཕྱུག་ཡིན། འདོད་པ་ཆུང་རྣམས་བདེ་བ་ངང་གིས་དེ་ལྟར་བྱས་ནས་འཕེལ་བ་རེད། དེ་ཚོ་འདིའི་འཁོར་ཡུག་གི་དོན་གསར་དང་འབྲེལ་བ་ཞོར་དུ་ཞུས་པ་ཡིན། དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱི་དུས་གསུམ་བསགས་དང་ཡོད་ཀྱི་དགེ་རྩ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས། ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་དུ་དར་ཞིང་རྒྱས། བསྟན་འཛིན་གྱི་སྐྱེས་བུ་གོང་ན་སུ་བཞུགས་ཐམས་ཅད་གྱི་སྐུ་ཚེའི་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཀྱི་ཐུགས་མཐུན། ཁྲིམས་གཙང་བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཀུན་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་དེ་མཐར་ཐུག་སེམས་ཅན་ཐམས་ཅད་བླ་ན་མེད་པ་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་རིན་པོ་ཆེར་འགོད་པའི་ཕྱིར་དུ་རྗེ་བཙུན་འཇམ་པའི་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་ཟབ་མོ་གནང་བར་ཞུ།།


previousཉིན་གཉིས་པའི་ཆོས་ཁྲིད།next