Nitartha Digital Library
Tibetan
 
previousཉིན་བཞི་བའི་ཆོས་ཁྲིད།next

ཉིན་བཞི་བའི་ཆོས་ཁྲིད།

ད་འོ་ན་རང་རེའི་གང་འཆད་ཉན་བྱེད་བཞིན་པའི་དམ་པའི་ལྷ་ཆོས་ཞེས་དམ་པའི་སྒྲ་སྦྱར་ནས་བཤད་པ་འདི་ཅི་འདྲ་ཞིག་ལ་ངོས་འཛིན་དགོས་པ་ཡིན་ཟེར་ན། འགོག་ལམ་གྱི་བདེན་པས་བསྡུས་པ། དབྱེ་བ་ཕྱེས་ཡོང་ན་བསྟན་པའི་ཆོས་དང་རྟོགས་པའི་ཆོས་གཉིས་ཀྱི་རང་བཞིན་ཅན་ཞིག་ཡིན་པ་རེད། དེ་ཡང་ལུང་དང་རྟོགས་པའི་བདག་ཉིད་ཡིན་པ་ནི། སློབ་དཔོན་དབྱིག་གཉེན་གྱིས སྟོན་པའི་དམ་ཆོས་རྣམ་གཉིས་དེ། །ལུང་དང་རྟོགས་པའི་བདག་ཉིད་ཅན། །གསུངས་པ་ལྟར་ཡིན་པ་དང་། དེ་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ནའོ། །ཞེས་གསུངས་ནས་ལུང་གི་ཆོས་བཤད་པ་དང་ནི་རྟོགས་པའི་ཆོས་སྒྲུབ་པས་འཛིན་དགོས་ལ། དེ་ཡང་། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་གསུངས་པས། གཞི་ཚུལ་ཁྲིམས་རྣམ་པར་དག་པ་ལ་བརྟེན་ཏེ་ཐོས་སོགས་ཡོན་ཏན་རྒྱ་མཚོའི་འབྱོར་བས་ཕྱུག་པ་ཞིག་གི་ཐོག་ནས་གཞན་དོན་དུ་བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པ་ནི་ཐེག་པ་ཆེན་པོའི་སེམས་བསྐྱེད་ཀྱི་སྙིང་པོ་ཡང་ཡིན་པས་དམ་པའི་ཆོས་འཛིན་ཅིང་བསྒྲུབས་ནས་བསྒྲུབ་འབྲས་མངོན་དུ་འགྱུར་བ་ཞིག་བྱེད་དགོས་ཚེ། རྟོགས་ལྡན་ལྟ་བ་རྣམ་དག ཆོས་ལ་བློ་ཕྱོགས་པ་དང་། བློ་དང་ཆོས་འདྲེས་པ། དེ་ཡང་བློ་ཆོས་སུ་གཏིང་ནས་འདྲེས་པ་ཞིག་དགོས་པ་ནི། ཆོས་ཁྲིད་སྔོན་མ་གཉིས་ཀྱི་སྐབས་ནས་ཀྱང་བཤད་པ་ཡིན་ལ། དེ་རིང་ཡང་བསྐྱར་བཤད་ན་བློ་ཆོས་སུ་འགྲོ་བ་ལ་འཁོར་བའི་སྡུག་བསྔལ་ཤེས་དགོས་ཏེ། འཁོར་བའི་སྡུག་བསྔལ་ལ་སྡུག་བསྔལ་དུ་མ་ཤེས་ན་དེ་ལས་ལྡོག་པའི་ཐབས་ལ་མི་བརྩོན་པ་དང་། འཁོར་བའི་སྡུག་བསྔལ་ལ་སྡུག་བསྔལ་དུ་ཤེས་ན་དེ་ལས་ལྡོག་པའི་ཐབས་ལ་བརྩོན་པ་ཡིན་པའི་ཕྱིར། ཐབས་ཀྱི་མཆོག་ནི་གང་ཞིག་ཐོས་ཤིང་རྒྱུད་ལ་སྦྱར་ན་སྐྱེ་ཤིིའི་འཁོར་བ་རྒྱུན་ཆད་ནས་གཏན་བདེའི་བདེ་བ་དམ་པ་མཆོག་དང་མི་འབྲལ་བར་བྱེད་པ་ནི་དམ་པའི་ཆོས་ཡིན་པས་དེ་ལ་བློ་ཕྱོགས་ཡོང་བ་ཡིན། སྲིད་གསུམ་འགྲོ་བའི་ཉོན་མོངས་ཀྱི་མཚོ་ཆེན་དེའི་ཕ་རོལ་དུ་བགྲོད་དགོས་ན། ཞི་བའི་ཆོས་མཆོག་རིན་པོ་ཆེའི་གྲུ་གཟིངས་ལྟ་བུ་དེ་ལ་མི་བརྟེན་པར་ཐབས་གཞན་ཞིག་ཡོད་པ་མིན་པས། ད་ཞག་འུ་བུ་ཅག་གིས་དལ་འབྱོར་ཚང་བའི་ལུས་རྟེན་རྙེད་དཀའ་བ་དང་། རང་གཞན་སུ་ལའང་བསམ་བློ་བཏང་ན་དལ་འབྱོར་ངོ་མ་ཚང་བ་ཞིག་དཀོན་འདུག་ཅེས་བཤད་པ་ཡིན། གལ་ཏེ་ཚང་བའི་དབང་དུ་བཏང་ཡང་རྟེན་འདི་ནི་ཡུད་ཙམ་ཡུད་ཙམ་ལའང་རྟག་བརྟན་སྙིང་པོ་མེད་པ་ཡིན་པས་མ་ཚད། ཁྱད་པར་དུ་སྙིགས་མའི་ཚེ་ལ་ཡིད་བརྟན་མེད་པས། འཆི་བ་ཟེར་བའི་སྲོག་རྔམ་ཅན་དེ་ནམ་ཞིག་རང་ཐོག་ཏུ་ནམ་ཐོན་ཅི་ཤེས། ཨ་རོགས་ཚོ་གཅིག་མ་གཟབས་དུས་བློ་ཉེས་ངན་པ་ཞིག་དེ་ནས་ཁུར་འགྲོ་ཁི་ཡོད་འདུག་ཅེས་བཤད་པ་རེད། ད་འོ་ན་འཆི་བ་གང་ལས་བྱུང་བ་ཡིན་ཟེར་ན་སྐྱེ་བ་ལས་བྱུང་བ་ཡིན་པས། སྐྱེ་བ་མེད་ན་འཆི་བ་ཡོང་དོན་མི་འདུག་པས་བུ་སྐྱེས་བའི་དགའ་སྤྲོ་དང་མི་ཤི་བའི་སྡུག་བསྔལ་གཉིས་ཀ་ངོ་མར་བཤད་ན་གོ་ནོར་སོང་བར་འདུག དོན་གྱི་ཐོག་ལ་སྐྱེས་པའི་ཉིན་པར་ངུ་དགོས་པ་དང་། ཤི་ནས་ཕྱིན་ཆད་སྐྱེ་བའི་རྒྱུན་ཆད་འགྲོ་རྒྱུ་ཞིག་ཡིན་ན་དེའི་ཉིན་པར་དགའ་སྤྲོ་བྱེད་དགོས་པ་ཞིག་ལ་ཆགས་འདུག གནའ་ཞིག་ལ་རྨོ་བོ་བུ་མེད་ཀྱི་ཁྱིམ་ཚང་ཞིག་གིས་འབྲུག་པ་ཀུན་ལེགས་ལ་རིགས་བརྒྱུད་འཕེལ་བའི་ཐད་ཀྱི་སྐྱབས་འཇུག་ཞུས་སྐབས། འབྲུག་པ་ཀུན་ལེགས་ཀྱི་ཞལ་ནས་ཁྱེད་ཚང་ལ་ད་ཕྱིན་ཆད་ནས་མི་རོ་རྟ་རོའི་རྒྱུན་ཆད་མེད་པར་ཤོག་ཅེས་གསུངས་ནས་སྨོན་ལམ་བརྒྱབ་པ་རེད། ཕར་བལྟས་ན་ཞལ་གསུང་ངན་པ་ལྟ་བུ་ཞིག་སྣང་ཡང་དོན་ལ་ཐུགས་དག་པར་སྣང་སྟེ། མང་པོ་སྐྱེ་དགོས་དུས་དེས་རྗེས་ན་མང་པོ་འཆི་བ་ནི་རང་ཤུགས་ཀྱིས་ཡོང་བར་ཡིན་པ་དང་འཆི་རྒྱུ་མང་དུས་རོ་ཡང་མང་ཡོང་བ་ཡིན་ཕྱིར་དེ་ཚང་ལ་བུ་ནོར་གཉིས་ཀ་འཕེལ་ནས་མི་རོ་རྟ་རོའི་རྒྱུན་མ་ཆད་པ་བྱུང་བར་གྲགས། དེས་ན་ཤི་བ་བས་ཀྱང་སྐྱེ་བ་འདི་འཇིགས་སྐྲག་ཆེ་བ་རེད། དེ་ཡིན་པའི་སྟབས་ཀྱིས་རྒྱལ་བ་ཀློང་ཆེན་པས། འཆི་བ་པས་ཀྱང་སྐྱེ་བའི་སྡུག་བསྔལ་འཇིགས། །གང་དུ་སྐྱེས་ཀྱང་བདེ་བ་འགའ་མེད་དེ། །འཁོར་བའིརང་བཞིན་མེ་ཡི་འོད་ལྟ་བུ། །འདི་ལས་ད་རེས་ཐར་ཐབས་བསྩལ་བར་བྱ། །ཞེས་གསུངས་པ་སྟེ་དེ་ཡང་ཆོས་མེད་སྡིག་པའི་གཡོ་བཀོལ་གྱིས་མི་ཚེ་འདའ་ནས། ཁ་ལོ་ནམ་ཚ་སྡིག་ལ་ཟད་པ་ཞིག་ལ་མཚོན་ན་འཆི་བ་ལ་སྐྲག་པ་ནི། མི་སྡིག་ཅན་འཆི་བ་མཐོང་ཙ་ན། །ལས་རྒྱུ་འབྲས་སྟོན་པའི་སློབ་དཔོན་ཡིན། །གསུངས་པ་ལྟར་དུ། མི་སྡིག་ཅན་འཆི་བ་མཐོང་སྐབས་ཀྱི་འཆི་ཁའི་མནར་གཅོད་ཀྱི་སྡུག་བསྔལ་དྲག་པོ་ལས་གཞན། མིག་བཙུམ་ལོང་མི་གཏོད་པར་དམྱལ་བའི་སྡུག་བསྔལ་གྱིས་མནར་བའི་ཚུལ་ལ་བསམ་བློ་ཞིག་བཏང་ན། མྱོང་མཁན་ཁོ་རང་མ་དགོས་ང་ཚོ་ཐད་ནས་ལྟ་མཁན་གྱི་མི་རྣམས་ཀྱང་ཟས་ཟོས་པ་ཡི་གར་མི་འགྲོ་བའི་སྐྲག་དངངས་དང་སེམས་ཁྲལ་ཆེན་པོ་འབྱུང་བ་ཡིན། འོན་ཀྱང་ཤི་བོ་ཆོས་ཆེན་མི་ཚེ་ཆོས་ལ་ཟད་ཅིང་ཐར་ལམ་རང་ལག་ལ་ཡོད་པ་ཞིག་ལ་མཚོན་ན་འཆི་བ་ཞེས་པ་དེ་སྐྱིད་ཀྱི་སྒོ་ཆེན་ཞིག་ཡིན་པ་ནི། འཆི་བ་འཆི་བ་ཞེས་བྱ་བ། །རྣལ་འབྱོར་འཚང་ཆུང་རྒྱ་བ་ཡིན། །ཞེས་དེ་ནི་འཚང་ཆུང་ཆུང་ཞིག་རྒྱ་ནི་དང་འདྲ་བ་རེད་ཅེས་གསུངས་པ་རེད། དེས་ན་སྐྲག་དགོས་ས་དངོས་ནི་འཆི་བ་མིན་པར་སྐྱེ་བའི་སྡུག་བསྔལ་གྱི་འཇིགས་པ་ཆེན་པོ་འདི་ཡིན་ཏེ། དེ་ཡང་སྐྱེ་བ་ཁོ་རང་སྡུག་བསྔལ་ཅན་ཞིག་ཡིན་པས་མ་ཚད་དེས་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བའི་སྡུག་བསྔལ་ཆེན་པོ་བཞི་ལ་སོགས་པའི་སྡུག་བསྔལ་ཐམས་ཅད་འདྲེན་པར་བྱེད་པ་ཡིན། དེས་ན་གང་དུ་སྐྱེས་ཀྱང་བདེ་བ་འགའ་མེད་དེ་གསུངས་པ་དེས་འཁོར་བའི་སྡུག་བསྔལ་བསྟན་པ་དང་། སྐྱེ་བ་ཞིག་ལེན་དུས་སྐྱེ་ས་ནི་འགྲོ་བ་རིགས་དྲུག་གི་གནས་རིས་གང་རུང་ཡིན་ལ་དེའི་གནས་རིས་གང་དུ་སྐྱེས་ཀྱང་བདེ་བ་མེད་པ་ནི། ངན་སོང་གསུམ་ལ་སྐྱེ་ན་བདེ་བ་ཞིག་ག་ལ་ཡོད་དེ། དེའི་སྡུག་བསྔལ་བཟོད་པ་དཀའ་བ་དེ་ཚོ་ལུས་ཐོག་ལ་མྱོང་མ་དགོས་དང་སེམས་ཐོག་ལ་དྲན་མི་ཕོད་པ་ཡིན་པ་དང་། མཐོ་རིས་རྣམ་གསུམ་ལ་སྐྱེས་པའི་དབང་དུ་བཏང་ན་ཡང་། དེར་སྡུག་བསྔལ་རགས་པའི་ཚོར་སྣང་ངན་སོང་འདྲ་ཞིག་མ་ཆེ་རུང་སྡུག་བསྔལ་གསུམ་གྱི་ཞགས་པས་མ་བཏང་བར་ནམ་ཞིག་ངན་སོང་གི་གནས་སུ་སླར་ཡང་འཁོར་ངེས་པ་ཞིག་ཡིན་པས། ཁམས་གསུམ་འཁོར་བ་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་གནས་ལས་མ་འདས་ཤིང་། དེ་ལྟ་བུའི་འཁོར་བའི་རང་བཞིན་དེ་དཔེས་མཚོན་པར་བྱས་ཡོང་ན་མེའི་འོབས་ལྟ་བུ་ཞིག་ཡིན་པས་མེའི་འོབས་མི་ཚ་བ་ཞིག་དང་མེ་བསིལ་བའི་རང་བཞིན་ཅན་ཞིག་ཡོད་པ་མིན་པ་བཞིན་དུ། འཁོར་བ་ནི་སྡུག་བསྔལ་དང་རང་བཞིན་གྱིས་འབྲལ་བར་མེད་པར་མཚུངས་པར་ལྡན་པ་ཞིག་ཡིན་པར་བསྟན་པ་དང་། དཔེ་གཞན་དག་ཀྱང་དུག་སྦྲུལ་གྱི་ཚང་དང་སྲིན་མོའི་གླིང་དང་འདྲ་བར་གསུངས་པས་དུག་སྦྲུལ་བདེ་བ་སྦྱིན་མཁན་ཞིག་མེད་པར་དེ་ལ་རེག་པ་ཙམ་གྱིས་འཇོམས་པར་བྱེད་པ་ཡིན་པ་དང་། སྲིན་མོའི་འདྲེ་ཚང་ནང་ལ་ཐོན་སོང་དུས་སྔོན་དུ་བསླུ་བྲིད་བྱེད་ཅིང་མཐར་སྲོག་གཅོད་པའི་མཚུངས་ཆོས་བསྟན་པ་ཡིན་ཕྱིར། དཔེ་དོན་གང་གིས་ཐད་ནས་བཤད་ཀྱང་ད་རེས་ཐར་བའི་ལམ་ཞིག་རྙེད་རྙེད་ཁར་མ་ཐར་དུས་ཕྱི་ནས་ཨེ་ཐར་བསམ་ཀྱང་ཐར་ཐབས་ཡོད་པ་མིན་པར་གསུངས་པའོ། །དེས་ན་བློ་ཆོས་སུ་འགྲོ་བའི་ཐབས་དང་གདམས་པའི་ནང་གི་གནད་ཆེ་བ་ཞིག་ལ་འཁོར་བའི་སྡུག་བསྔལ་འདི་བསམ་ནས། འཁོར་བར་སྐྱེལ་བའི་འདོད་སྲེད་ཀྱི་ཞེན་པ་འདི་ལ་དུག་ཁར་སོང་བ་ལྟ་བུའི་དོགས་ཟོན་བྱེད་པ་ནི་གནད་ཆེ་བ་ཡིན། ཀུན་མཁྱེན་ཆེན་པོས། འདོད་པ་དུག་དང་མཚོན་དང་མེ་འདྲ་ཞིང་། །ཡོངས་སུ་གདུངས་བས་བདེ་བའི་གོ་སྐབས་མེད། །བསགས་དང་བསྲུང་དང་སྤེལ་བས་སྡུག་བསྔལ་ཞིང་། །ཁེངས་དང་འཇུངས་དང་སེར་སྣས་རྟག་ཏུ་འཆིང་། །ཀུན་དང་རྩོད་བཅས་ཉོན་མོངས་ཟག་པ་འཕེལ། །འདུ་འཛིས་གཡེང་ཞིང་ལུས་དང་སྲོག་ལ་རྒོལ། །དོན་དང་བྱ་བ་མང་ཞིང་ཆོས་དང་འགལ། །འཕགས་པ་རྣམས་ཀྱིས་རྟག་ཏུ་སྨད་པ་ཡིན། །ཅེས་གསུངས་པ་ལྟར་ཡིན། འདོད་པའི་ཡོན་ཏན་ནི་ལན་ཚྭ་སྦྱར་བའི་ཆུ་དང་འདྲ་བར་ཇི་ཙམ་སྤྱོད་ཀྱང་སྐོམ་པ་སེལ་ཞིང་ངོམ་འགྲོ་རྒྱུ་ཞིག་མེད་པས་མ་ཚད་གདུང་བ་ཕྱི་ཕྱིར་འཕེལ་བར་བྱེད་པའི་རྒྱུ་མཚན་དེའི་ཕྱིར་ན། བློ་ཆོས་སུ་སོང་བའི་གང་ཟག་དེ་འདོད་པ་ཆུང་ལ་ཆོག་ཤེས་པ་ཞིག་ཡིན་དགོས་པ་ཡིན་པས་འདོད་ཡོན་སྒྱུ་མའི་དངོས་པོ་ལ་ཆོག་ཤེས་པ་ཙམ་གྱིས་མ་ཟད། མི་དང་འགྲོགས་པའི་སྐྱོན་དང་ཉེས་པ་ཡང་དེ་བས་མང་བས། འཁོར་དང་ཉེ་དུ་མཛའ་བཤེས་གྲོགས་པོ་སོགས་ཀྱི་འབྲེལ་འདྲིས་བསྐྱུངས་ནས། འབྲེལ་གཏུག་དང་གཏམ་གླེང་ཇེ་ཉུང་ལ་བཏང་ན་། བསམ་རྒྱུ་དང་དྲན་རྒྱུ། བཤད་རྒྱུ་ལས་རྒྱུ་ཚང་མ་ཇེ་ཉུང་ལ་འགྲོ་བ་ཡིན། དེས་ན་བློ་ཆོས་སུ་འགྲོ་བའི་རྟེན་འབྲེལ་ངོ་མ་ཞིག་འགྲིག་དགོས་ན། གཅིག་པུར་དབེན་པའི་རི་ཁྲོད་ཕྱི་ནང་གསང་བའི་དབེན་གནས་ཤིག་ལ་བརྟེན་པ་གནད་ཆེ་བར་འདུག དེ་ལ་ཡང་རྣམ་གྲངས་ཡོད། ལུས་རི་ཁྲོད་ལ་ཡོད་ཀྱང་སེམས་གྲོང་ཡུལ་ལ་བསྙེགས་ནས་ཆགས་སྡང་རྨོངས་གསུམ་གྱི་འཁོར་ལོ་བསྐོར་བཞིན་བསྡད་ན་དབེན་གསུམ་ཞི་བའི་རྒྱལ་སའི་མཚན་ཉིད་མ་ཚང་བ་ཡིན། དམ་པའི་སྒྲུབ་གནས་རྫོད་བྱེད་ཀྱང་ཡིན་པ་རེད། ཁྱད་པར་དུ་དེ་རིང་ཁ་སང་འཕྲུལ་ལས་ཡར་རྒྱས་ཀྱི་སྐབས་ཏེ། འདི་ཡི་མིང་ལ་ཡར་རྒྱས་ཞེས་འདོགས་པར་བྱེད་ཀྱང་དོན་དུ་རྒུད་པའི་སྣ་འདྲེན་ཡིན། མིག་འཕྲུལ་ལས་ཀྱང་མྱུར་བའི་འཇིག་རྟེན་གྱི། །རྒུད་པ་སྣ་ཚོགས་དམ་ཅན་ཆོས་སྲུང་མཐུས། །བསྲུང་ཞིང་ཞེས་འཕྲིན་ལས་བཅོལ་བ་དེ་ཡང་། དེང་དུས་ཀྱི་འཕྲུལ་ལས་ཀྱི་རིགས་སྤྱི་དང་། ཁྱད་པར་དུ་དུག་རྫས་འགྲེམས་སྤེལ་གྱི་རྫས་སྣ་དང་། འཕྲུལ་རིགས་སྣོད་བཅུད་གཉིས་ཀའི་རྒུད་པ་དེ་མྱུར་མོར་འདྲེན་བཞིན་ཡོད་པ་རང་གཞན་གཉིས་ཀ་འདུག་མི་བདེ་བར་བྱེད་པ་འདི་དག་ཡིན་ངེས། གཞན་ཡང་ལུས་རི་ཁྲོད་དང་དགོན་པའི་ནང་དུ་ཡོད་ཀྱང་། ཐ་ན་ཐུན་གྱི་ནང་ཚུན་ཆད་ལ་འཛམ་བུ་གླིང་གི་སྐད་ཆ་ཐམས་ཅད་ཁ་པར་གྱི་ཐོག་ནས་གླེང་བཞིན་བསྡད་དུས་ཚུལ་མིན་ཡིད་བྱེད་ཀྱི་རྟོག་ངན་དུག་རོ་ཐམས་ཅད་ཡར་སློང་བར་བྱེད་པ་དང་། དེ་ལས་གཞན་པ་བརྙན་འཕྲིན་འདི་ཚོའི་ཐད་ནས་ཀྱང་དེ་དང་དེ་བཞིན་དུ་རྣམ་གཡེང་རྐྱང་པས་མི་ཚད་པར་ཉོན་མོངས་དུག་ལྔ་དུག་གསུམ་རྣམས་སད་རྐྱེན་བྱེད་པ་ཡིན། བདུད་དགའ་རབ་དབང་ཕྱུག་ལ་མདའ་ལྔ་འཕེན་རྒྱུ་ཡོད་པ་དེ། སྨྱུག་མའི་མདའ་སྒྲོ་གཤོག་ཅན་རྡོག་མ་ལྔ་ཡིན་པ་མ་རེད། ཐར་འདོད་བྱང་ཆུབ་སྒྲུབ་པའི་གང་ཟག་གི་སེམས་ལས་སུ་མི་རུང་ཞིང་། བློ་ཆོས་སུ་འགྲོ་ཁར་མི་འཇུག་པར་སྙིང་ལ་རྨས་སྐྱོན་བྱེད་པ་གང་ཡིན་པ་དེ་བདུད་ཀྱི་མདའ་ཡིན། དེ་ལྟ་བུའི་ཕ་རོལ་བདུད་ཀྱི་རྒོལ་བ་ལས་རྒྱལ་ཁ་ལོན་ནས་བདུད་ཀྱི་རིགས་ཀྱི་གནོད་པས་མི་ཚུགས་པ་དེ་ནི་གཡུལ་ལས་རྒྱལ་བའི་དཔའ་བོ་དངོས་ཡིན། དེས་ན་བདུད་ཟེར་བའི་ནག་པོ་མགོ་དགུ་ཅན་ཞིག་ཐོན་ཡོང་ན་དེ་དུས་འཕྱུག་མི་ཉན་བསམས་ནས་གྲི་མདུང་རྡོ་ལུ་ཡན་ཆད་ཟུར་དུ་བཞག་ནས་སྒུག་དགོས་པ་ཞིག་ག་ལ་ཡིན། བདུད་དེས་ཐུ་མེད་པ་ནི་རང་གི་སེམས་དང་བློའི་འགྱུར་བག་དང་། ཟུར་གྱི་མི་གཉེན་ཉེ་བ་ཁྱིམ་དགའ་མཛའ་དེ་དག་གི་གསེང་དུ་འཛུལ་ནས་གནོད་སྐྱེལ་བ་དེ་དག་ཡིན། དེས་ན་ལར་རང་སེམས་རང་ལ་དཀར་ཁུལ་བྱེད་ཀྱང་དཀར་མི་ཤེས་པ་ཡིན། མི་ཤེས་པ་ཅིའི་ལན་ན་སོ་སོའི་སྐྱེ་བོ་ཡིན་པའི་དབང་གིས་རྨོངས་པ་མ་རིག་པས་བསྒྲིབས་ནས་ཡོད་པས་ཡིན། དེ་ཡང་བྱིས་པ་བསམ་མེད་རང་མགོ་རང་གིས་མ་ཐོན་པ་ཐ་ན་ཟ་ལུགས་ཉལ་ལུགས་དང་གོམ་པ་སྤོ་ལུགས་ཀྱང་མི་ཤེས་པ་རེད། མི་ཆེན་པོས་དེ་ལ་བྱིས་པ་བསམ་མེད་ཅེས་ཟེར་བ་རེད། དེ་ཡང་དེ་ལ་བསམ་པའི་སེམས་མེད་པ་མ་ཡིན་ཀྱང་བསམ་བློ་གཏོང་ཚུལ་མ་ཤེས་པའི་དབང་གིས་བྱ་བ་ཆེན་པོ་བསྒྲུབ་པའི་བློ་རིག་རྣམ་དཔྱོད་ཀྱི་ཤེས་རབ་མེད་སོང་བས་རེད། དཔེ་དེ་བཞིན་དུ་སོ་སོའི་སྐྱེ་བོ་ལས་འཕགས་པའི་འཕགས་པ་ཡོན་ཏན་གང་འཚམས་བརྙེས་སོང་བ་ཞིག་གིས་བལྟས་ན་འུ་ཚོ་སོ་སོའི་སྐྱེ་བོའི་བྱ་བ་ལས་ཀ་འདེང་རྒྱག་ཚང་མ་བྱིས་པ་བསམ་མེད་ཀྱི་བྱ་སྤྱོད་བྱེད་པ་དང་གཅིག་མཚུངས་སུ་ཆགས་ཡོད། དེས་ན་རང་གིས་རང་ཉིད་ལ་ཕྱིར་འདེང་བརྒྱབ་ཚེ་དེ་དུས་ལོ་ཆུང་གནད་མི་ཤེས་ཉམས་མྱོང་མེད་པའི་སྐབས་སུ་ངན་པའི་ཁ་ལ་རྒྱུག་ནས་ལས་བྱ་བ་བྱས་པ་འགའ་རེ་ཅི་འདྲ་འདྲའི་དགོད་ཁ་བྲོ་བ་ཞིག་བྱས་འདུག་པ་ལ་བསམས་ནས། ད་ལྟ་དྲན་ཚེ་ཁེར་དགོད་འཆོར་སྤྱད་ཀྱང་ཅི་འདྲ་མེད། དེ་བཞིན་དུ་འདེང་ཕོག་དང་མ་ཕོག་བསམ་བློ་གཏོང་ལུགས་ཡག་དང་ཉེས་ཀྱི་ཚེ་འདི་ཕྱིའི་བྱ་བ་ལ་བསམ་ན། ཕ་མ་གཅིག་གི་བུ་རྒྱུད་ཡིན་ཀྱང་མི་འདྲ་བར་བཟང་ངན་ཤོར་བ་ནི་མཐོང་ཆོས་རེད། དེ་བཞིན་དུ་དམ་པའི་ཆོས་ཕྱོགས་ནས་ཀྱང་ཚེ་རབས་ཚེ་རྒྱུད་ཐམས་ཅད་ཀྱི་སྐྱིད་སྡུག་ཡག་ཉེས་ནི་བློ་རིག་རྣམ་དཔྱོད་དམ་བསམ་བློ་གཏོང་ལུགས་ཡག་ཉེས་ཀྱིས་ཁྱད་པར་ཆེན་པོར་འགྲོ་བ་ཡིན། དེ་ཡང་དཔེར་ན་འགྲོ་ས་ཤར་དུ་འགྲོ་བསམ་པ་ཞིག་ཁ་ནུབ་ལ་འཁོར་ནས་ལམ་ནོར་བར་སོང་ན། ཐོན་ས་ལྡོག་ཕྱོགས་མ་བསམ་མ་འདོད་སར་ཐོན་པ་ལས་འོས་མེད། དེ་དང་འདྲ་བར་སྐྱིད་ཀྱི་སར་འགྲོ་དགོས་བསམས་ནས་སྡུག་གི་ལམ་ལ་འགོ་འཁོར་ནས་བསྡད་ཡོད་ན་གྱོང་ཆེ་བ་ཡིན། དེ་ཡང་བདུད་དང་བདུད་ཀྱི་རིགས་གྱུར་ཀྱིས་སེམས་ཀྱི་བསམ་བློ་ལ་ལྷད་བརྒྱབ་ཡོད་མེད་དེ་ལ་ཐུག་ཡོད་པ་ཡིན། དེ་ཡང་དོན་དངོས་སུ་ཇི་ལྟར་ཡིན་པ་ནི། གཞན་ཞིག་གིས་བཟང་འདུག་ཅེས་པ་དང་། ངན་འདུག་ཅེས་པ་ལ་བལྟ་རྒྱུ་མེད་པར་བཟང་དང་ངན་ནི་དམ་པའི་ལེགས་བཤད། མཁས་པའི་གཞུང་ལུགས། རྒྱལ་བའི་བཀའ་ལ་གཏུག་དགོས་པ་ཡིན། དེ་ཡང་བཀའ་ཁས་མི་ལེན་པ་ཞིག་ཡིན་ན་རིགས་པས་དཔྱད་དགོས། མངོན་སུམ་རིགས་པས་དཔྱད། ཚད་མས་གཏན་ལ་ཕབས་ན་ཡང་དག་ཡིན་མིན་གཞི་ནས་འབྱེད་ཡོང་བ་ཡིན། དེས་ན་དབང་རྣོན་ཆོས་རྗེས་སུ་འབྲང་བའི་ཚོར་བ་རྣོན་པོ་ཞིག་གིས་ནི། དེ་རིང་རྒྱབ་ཀྱི་སང་ཉིན། ད་ལོའི་ཕག་གི་སང་ཕོད། ཚེ་འདིའི་གཞུག་གི་ཕྱི་མ། དེས་མི་ཚད་ཕ་མ་ཉེ་འབྲེལ། དེ་དང་འདྲ་བའི་མི་ཐོག་སྔོན་མའི་ཤི་བོ་ཆོས་མེད་སོགས་ལ་བསམ་བློ་གཏང་འོས་པ་རེད། སྐྱེ་བ་རྗེས་མའི་འདེང་རྒྱག་ཁེ་རུའི་མི་ཚད་པར་སྐྱེ་བ་ཡོངས་ལ་ཡང་བསམ་བློ་བཏང་ན། དེ་དང་འདྲ་བར་ཕ་མ་ཉེ་འབྲེལ་རྣམས་ཡོད་ཅིང་། དེ་དག་སྐྱེ་བ་རྗེས་ནས་ངོ་མ་ཤེས་པ་ཙམ་གྱིས་གཅེས་སེམས་བརྩེ་དུང་ཡལ་འགྲོ་རྒྱུ་ཞིག་ཅི་ལ་ཡོད་དེ། ན་ནིང་གི་ཨ་མ་དང་ད་ལོའི་ཨ་མ་གཉིས་ལ་ཁྱད་མེད་པ་བཞིན་ཡིན། དེ་དག་གིས་ངན་སོང་གི་སྡུག་བསྔལ་མྱོང་བཞིན་མེད་པའི་ངེས་པ་མེད་ལ། ཚེ་འདིའི་ཁྱིམ་ཕ་མ་ཨ་ཡས་ཨ་མྱེ་ཤི་སོང་བ་དག་ངན་སོང་ལ་ལྷུང་མེད་པར་འདི་ན་ཡོད་ཟེར་ནས་སྟོན་རྒྱུ་མེད་པས་ངན་སོང་ལ་མེད་པའི་ངེས་པ་མེད། དེ་ལྟར་དུ་བསམ་བློ་བཏང་ནས་འདེང་རང་གིས་བརྒྱབ་ན། སྐྱེ་བ་ཐོག་མེད་ཡིན་པ་དང་། སྐྱེ་བ་རེ་རེ་ལ་ཕ་མ་རེ་རེ་ཡོད་ངེས་པས་སེམས་ཅན་ཐམས་ཅད་ཕ་མ་ཡིན་པར་གསུངས་པའང་ངོ་མས་ཡིན་ཆོག་འདུག་བསམ་པའི་ངེས་ཤེས་ཤིག་སྐྱེ་རུ་ཡོད་པ་ཡིན། ད་རུང་དགྲ་འདི་ཚོར་མཚོན་ན་ལྷག་པར་དུ་སྙིང་རྗེ་དགོས་ས་ཡིན་པ་རེད། ཞེ་སྡང་འཁོན་སེམས་འཛིན་ཁུལ་བྱས་པ་དེས་ཁོ་རང་གི་ལས་ངན་གྱི་ཁ་སྣོན་དུ་སོང་ཡོད་པས། ངའི་རྐྱེན་གྱིས་གན་ལ་གནོད་བྱས་པ་ལ་ཨང་བསམ་ནས་སྙིང་རྗེ་བསྐྱེད་དགོས། དེ་བཞིན་དུ་ཉོན་མོངས་ཀྱི་ནད་ཀྱིས་མནར་ནས་རྣམ་སྨིན་ཡིད་དུ་མི་འོང་པ་རང་གིས་ཉོ་བཞིན་ཡོད་པ་འདི་དག་ལ་སྙིང་རྗེ་བསྐྱེད་དགོས་པ་ལས་རང་མགོ་རང་གིས་ཐོན་ཅིང་ཐར་བའི་ལམ་ལ་སྙོག་མཁན་རྣམས་ལ་སྙིང་ག་ལ་རྗེ་དགོས། དེ་ལྟ་བུའི་བློ་ཆོས་སུ་འགྲོ་བའི་གདམས་པས་གཞི་བཟུང་བའི་སྒོ་ནས་དམ་ཆོས་འཆད་ཉན་སྒོམ་སྒྲུབ་ལ་ཞུགས་དགོས་པའི་དྲན་བསྐུལ་ཞུས་པ་དང་བཅས་ཏེ། སྐབས་སུ་བབས་པ་གང་ཞིག་གསན་པར་བྱ་བ་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ཀྱི་སྙིང་པོ་མན་ངག་གི་བསྟན་བཅོས་གཅིག་ཏུ་དྲིལ་བ། ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་འདི་ཉིད་འཆད་ཉན་བགྱི་བའི་སྐབས་ལས། འདིའི་ཐོག་མར་དགེ་བ་ཀླད་ཀྱི་དོན་སྔོན་དུ་སོང་ནས། ད་བར་དུ་དགེ་བ་གཞུང་དོན་ལ་ཐུག་ཅིང་། དེ་ལའང་འཁོར་བའི་རང་བཞིན་སྤང་བྱར་སྟོན་པ་ཞིག་དང་། མྱང་འདས་ཀྱི་རང་བཞིན་བླང་བྱར་སྟོན་པ་གཉིས་ལས། དང་པོ་འཁོར་བའི་རང་བཞིན་སྤང་བྱར་བསྟན་པ་དེ་ཉིད་བཤད་པའི་སྐབས་རེད། དེ་ལའང་སྣང་ཚོད་སྣོད་ཀྱི་འཇིག་རྟེན་དང་། དེ་དག་གི་བདེ་སྡུག་སྣང་ཚུལ་བསྟན་པའི་ནང་ནས་ད་འགའ་ཞིག་སོང་ནས་བསྐལ་བ་ཆགས་གནས་འཇིག་སྟོང་བཞིའི་ནང་གི་ཆགས་བསྐལ་བཤད་པའི་སྐབས་རེད། དེ་ལས་ཀྱང་རྟེན་སྣོད་ཀྱི་འཇིག་རྟེན་མས་ནས་ཡར་ལ་ཆགས་ཚུལ་བཤད་ནས། ད་བརྟེན་པ་བཅུད་ཀྱི་སེམས་ཅན་ཡས་ནས་མར་ལ་ཆགས་པའི་ཚུལ་ལས་ཀྱང་། གཟུགས་མེད་གཟུགས་དང་འདོད་ཁམས་གསུམ་ལས། གཟུགས་མེད་དང་གཟུགས་ཀྱི་ལྷ་གནས་བཤད་པ་སོང་ནས། དེ་རིང་འདོད་ཁམས་བཤད་པའི་སྐབས་ཡིན་པས། གསུམ་པ་འདོད་ཁམས་ལ། མཐོ་རིས་དང་། ངན་སོང་གཉིས། དང་པོ་ལ། ལྷ། མི་གཉིས། དང་པོ་ལ་དངོས་དང་། ཞར་བྱུང་ལྷ་མིན་གཉིས། དང་པོ་ལ་བསྟན་བཤད་གཉིས། དང་པོ།

འདོད་ཁམས་ཀྱི་ལྷ་གནས་མདོར་བསྟན་པ།

ད་ནི་འདོད་པའི་ཁམས་ཀྱི་བཅུད་ཀྱི་སེམས་ཅན་རྣམས་ཆགས་པའི་ཚུལ་ལ། འགྲོ་དྲུག་ཁམས་གསུམ་དུ་བསྡུ་དུས་ངན་སོང་གསུམ་ཡང་འདོད་ཁམས་སུ་བསྡུ་བས་འདོད་ཁམས་འདི་ལ་མཐོ་རིས་དང་ངན་སོང་གཉིས་ལས། མཐོ་རིས་ཀྱི་ལྷ་དང་མི་རྣམ་པ་གཉིས་ཀྱི། དང་པོ་ལྷ་ནི། འདོད་པའི་ཁམས་ལ་ལྷ་རིགས་དྲུག་བཤད་པ། །ཞེས་གསུངས་པ་སྟེ། འདོད་པའི་ལྷ་ལས་ནམ་མཁའ་ལ་བརྟེན་པའི་གནས་རིས་བཞིའི་གོང་མ་དེ་ནི་བཅུད་ཡས་ནས་མར་ཆགས་པའི་རིམ་པས་ཚངས་རིས་ལས་འོག་ཏུ་གཞལ་བ་ན་ཡོད་དེ། ཞེས་མདོར་བསྟན་ནས་གཉིས་པ་ལ། མཁའ་ལ་གནས་པ་དང་། ས་ལ་གནས་པའོ། །དང་པོ་ལ། གནས་སོ་སོའི་བྱེ་བྲག་དང་། གནས་དེ་དག་གི་ཁྱད་པར་གྱི་ཆོས་འགའ་བཤད་པའོ། །དང་པོ་ལ་གནས་བཞི་ལས་དང་པོ།

གཞན་འཕྲུལ་དབང་བྱེད་ཀྱི་གནས་བསྟན་པ།

དཔག་བསམ་རིན་ཆེན་བརྒྱན་པའི་ནམ་མཁའ་ལ། །གཞན་འཕྲུལ་རྒྱང་གྲགས་ཕྱེད་དང་གཉིས་པའི་ལུས། །གཞུ་འདོམ་ཕྱེད་དང་བརྒྱད་བརྒྱའི་རང་བཞིན་ཏེ། །ལོ་སྟོང་དྲུག་བརྒྱ་ཉིན་ཞག་གཅིག་བརྩིས་པའི། །རང་ལོ་ཁྲི་དང་དྲུག་སྟོང་ཐུབ་པ་ཡིན། །ཅེས་གསུངས་ཏེ། དཔག་བསམ་གྱི་ཤིང་རིན་པོ་ཆེས་རབ་ཏུ་བརྒྱན་པ་ཞེས་བྱ་བའི་ནམ་མཁའ་ལ། གཞན་གྱིས་སྤྲུལ་པའི་ལོངས་སྤྱོད་ལ་དབང་བྱེད་པས་སམ། སྤྲུལ་པའི་རྫས་རང་གིས་སྤྲུལ་ཡང་གཞན་དུ་སྣང་བའི་འབྱོར་པར་གྱུར་པས་གཞན་འཕྲུལ་དབང་བྱེད་ཅེས་བྱའོ། །དེ་ན་གནས་པའི་ལྷ་རྣམས་ཀྱི་ལུས་ཀྱི་ཚད་རྒྱང་གྲགས་ཕྱེད་དང་གཉིས་པ་སྟེ། གཞུ་འདོམ་ཕྱེད་དང་བརྒྱད་བརྒྱའོ། །ཚེ་ཚད་མིའི་ལོ་སྟོང་དྲུག་བརྒྱ་ལ་འདིའི་ཉིན་ཞག་གཅིག་ཏུ་བརྩིས་པའི་ཟླ་བ་བཅུ་གཉིས་ལ་ལོ་གཅིག་གི་ཚད་ཀྱི་རང་ལོ་ཁྲི་དྲུག་སྟོང་ཐུབ་པའོ། །ནམ་མཁའ་ལ་དཔག་བསམ་གྱི་སྒྲས་བརྗོད་པ་ནི། འདོད་དགུ་འབྱུང་བའི་དཔག་བསམ་གྱི་ཤིང་དེ་ལྟ་བུས་གནས་དེ་ན་བརྒྱན་པའི་ཆ་ལ་བཏགས་པའོ། ཁ་ཅིག་ཤིང་དེ་ལྟ་བུ་ལས་འདོད་དགུའི་སྤྲུལ་པ་འགྱེད་པ་ཡོད་པ་ལས། གནས་དེ་ཡང་དེ་དང་འདྲ་བར་སྤྲུལ་པའི་འབྱོར་བས་བརྒྱན་པའི་ཆ་ནས་བཏགས་ཀྱི་ཤིང་མེད་དོ། །ཤིང་གི་སྒྲ་ནི་འདོད་དགུ་འབྱུང་བར་མཚོན་པའོ་ཞེས་ཟེར་རོ། །དེ་གཉིས་གང་བཤད་ཀྱང་འགལ་བ་འདུ་བ་མིན་ལ། ཤིང་ཡང་ས་གཞིར་བརྟེན་པའི་འདོད་ཁམས་ཀྱི་ཤིང་ལྟ་བུ་ཡིན་དགོས་པའི་ངེས་པ་མེད་དོ། གཉིས་པ།

འཕྲུལ་དགའི་གནས་བསྟན་པ།

དེའི་འོག་ན། དཔག་བསམ་མཐོང་མཛེས་ཞེས་བྱའི་ནམ་མཁའ་ལ། །འཕྲུལ་དགའ་རྒྱང་གྲགས་གཅིག་དང་བཞི་ཆའི་ལུས། །གཞུ་འདོམ་ལྔ་བརྒྱ་བརྒྱ་དང་ཉི་ཤུ་ལྔ། །མི་ལོ་བརྒྱད་བརྒྱ་ཉིན་ཞག་གཅིག་བརྩིས་པའི། །རང་ལོ་བརྒྱད་སྟོང་བར་དུ་གནས་པ་ཡིན། །ཅེས་གསུངས་ཏེ། དཔག་བསམ་གྱི་ཤིང་མཐོང་མཛེས་ཞེས་བྱ་བས་བརྒྱན་པའི་ནམ་མཁའ་ལ་རང་གིས་སྤྲུལ་པ་ལ་དབང་བྱེད་པའི་ལོངས་སྤྱོད་ཡོད་པས། འཕྲུལ་དགའ་ཞེས་བྱ་བ་ལུས་རྒྱང་གྲགས་གཅིག་དང་བཞི་ཆ་སྟེ་གཞུ་འདོམ་ལྔ་བརྒྱ་དང་བརྒྱ་ཉི་ཤུ་རྩ་ལྔའོ། །ཞེས་པ་སྟེ། འདིའི་ལྷ་གནས་སོ་སོའི་ཚད་དབྱིབས་ལ་དཔག་ཚད་སོགས་ཀྱིས་གཞལ་བ་དང་། ལྷའི་ལུས་ཚད་རྒྱང་གྲགས་དང་གཞུ་འདོམ་ལ་སོགས་པས་གཞལ་བ་ནི། རང་རེ་འཛམ་གླིང་བའི་མིའི་གཞུ་འདོམ་དང་ཁྲུ་ཚད་ལ་དགོས་ཤིང་། དཔག་ཚད་ཀྱང་དེ་བཞིན་ཏེ། ཕྲ་རབ་རྡུལ་དང་རྡུལ་ཕྲན་དང་། །ལྕགས་ཆུ་རི་བོང་ལུག་དང་གླང་། །ཉི་ཟེར་སྲོ་མ་ཤིག་ནས་སོར། །གོང་ནས་གོང་དུ་བདུན་གྱུར་ཏེ། །སོར་མོ་ཉེར་བཞི་ཁྲུ་གང་ལ། །ཁྲུ་བཞི་གཞུ་འདོམ་གང་ཞེས་བྱ། །གཞུ་འདོམ་ལྔ་བརྒྱ་རྒྱང་གྲགས་ཏེ། །རྒྱང་གྲགས་བརྒྱད་ནི་དཔག་ཚད་དོ། །ཞེས་པ་ལྟ་བུའོ། །ཚེ་མི་ལོ་བརྒྱད་བརྒྱ་ལ་ཉིན་ཞག་གཅིག་ཏུ་བརྩིས་པའི་རང་ལོ་བརྒྱད་སྟོང་ཐུབ་པའོ། །གསུམ་པ།

དགའ་ལྡན་གྱི་གནས་བསྟན་པ།

དེའི་འོག་ན། དཔག་བསམ་མིག་མཛེས་བརྒྱན་པའི་ནམ་མཁའ་ལ། །དགའ་ལྡན་ཆོས་མཆོག་ལོངས་སྤྱོད་དགའ་བ་ཅན། །རྒྱང་གྲགས་གཅིག་ལུས་གཞུ་འདོམ་ལྔ་བརྒྱ་སྟེ། །མི་ལོ་བཞི་བརྒྱ་ཉིན་ཞག་གཅིག་བརྩིས་པའི། །རང་ལོ་བཞི་སྟོང་བར་སྙེད་ཐུབ་པའོ། །ཞེས་གསུངས་ཏེ། དཔག་བསམ་གྱི་ཤིང་མིག་མཛེས་ཞེས་བྱ་བས་བརྒྱན་པའི་ནམ་མཁའ་ལ། ཐེག་པ་ཆེན་པོའི་ཆོས་དང་ལོངས་སྤྱོད་གཉིས་ཀའི་དགའ་བ་དང་ལྡན་པས་དགའ་ལྡན་ཞེས་བྱ་བ་སྟེ་བསྐལ་པ་བཟང་པོའི་སངས་རྒྱས་ཀྱི་རྒྱལ་ཚབ་རེ་རྟག་པར་བཞུགས་པའི་གནས་གང་ཡིན་པའོ། །ལུས་རྒྱང་གྲགས་གཅིག་སྟེ། གཞུ་འདོམ་ལྔ་བརྒྱ། ཚེ་མི་ལོ་བཞི་བརྒྱ་ཉིན་ཞག་གཅིག་ཏུ་བརྩིས་པའི་རང་ལོ་བཞི་སྟོང་ཐུབ་བོ། །བཞི་བ།

འཐབ་བྲལ་གྱི་གནས་བསྟན་པ།

དེའི་འོག་ན། དཔག་བསམ་ཡིད་འགྱུར་བརྒྱན་པའི་ནམ་མཁའ་ལ། །འཐབ་བྲལ་ལུས་བོངས་རྒྱང་གྲགས་བཞི་གསུམ་སྟེ། །གཞུ་འདོམ་སུམ་བརྒྱ་བདུན་ཅུ་རྩ་ལྔའོ། །མི་ལོ་ཉིས་བརྒྱ་ཉིན་ཞག་གཅིག་བརྩིས་པའི། །རང་ལོ་ཉིས་སྟོང་བར་སྙེད་གནས་པའོ། །ཞེས་གསུངས་ཏེ། དཔག་བསམ་གྱི་ཤིང་ཡིད་འགྱུར་བ་ཞེས་བྱ་བས་བརྒྱན་པའི་ནམ་མཁའ་ལ་ལྷ་མ་ཡིན་གྱི་འཐབ་རྩོད་དང་བྲལ་བས་འཐབ་བྲལ། ལྷ་ཁྱེའུ་ཕོ་མོ་གཉིས་པང་ནས་དུས་གཅིག་ལ་སྐྱེ་བས་མཚེ་མ་ཞེས་བྱ་སྟེ། ལུས་རྒྱང་གྲགས་གཅིག་ལ་ཆ་བཞིར་བྱས་པའི་ཆ་གསུམ་ཡོད་པ་དེ། གཞུ་འདོམ་སུམ་བརྒྱ་བདུན་ཅུ་རྩ་ལྔའོ། །ཚེ་མི་ལོ་ཉིས་བརྒྱ་ལ་ཉིན་ཞག་གཅིག་ཏུ་བརྩིས་པའི་རང་ལོ་ཉིས་སྟོང་ཐུབ་པའོ། །གཉིས་པ།

གནས་དེ་དག་གི་ཁྱད་པར་གྱི་ཆོས་འགའ་བཤད་པ།

གནས་རིས་ཐུན་མོང་ན་ཉེ་བར་སྤྱོད་པའི་ཁྱད་པར་ནི་བཤད་མ་ཐག་པའི་ཚུལ། དེ་ལྟར་འདོད་ལྷའི་ལོངས་སྤྱོད་ཕུན་ཚོགས་ཏེ། །བདུད་རྩིའི་ཟས་སོགས་ཤིན་ཏུ་རྒྱ་ཆེའོ། །ཞེས་གསུངས་ཏེ། འདོད་པའི་རིས་ཀྱི་ལྷ་གནས་འདི་ན་བདུད་རྩིའི་ཟས་དང་བཏུང་བ་དང་། ལྷའི་གོས་དང་། དཔག་བསམ་གྱི་ཤིང་ལས་གང་འདོད་པ་འབྱུང་བ་དང་། སིལ་སྙན་དང་། གླུ་གར་དང་། རྩེད་འཇོ་ལ་སོགས་པ་འདོད་པའི་ལོངས་སྤྱོད་ཚད་མེད་པ་ཡོད་དེ། ཡིད་དུ་འོང་བའི་གཟུགས་དང་སྒྲ་དང་། དྲི་དང་། རོ་དང་། རེག་ལ་སོགས་པའོ། །ལོངས་སྤྱོད་པའི་གཙོ་བོ་ནི། ཡུལ་ཉེ་བར་སྤྱོད་པ་རྣམས་ཀྱི་ནང་ནས་ཡོན་ཏན་མཆོག་ཏུ་བདེ་བ་ཁམས་ཀྱི་ཟས་དང་། འཁྲིག་པའིི་བདེ་བ་ཡིན་ལ། སྤྱོད་པའི་ཚུལ་ནི། འདོད་པ་སྤྱོད་པའང་གཞན་འཕྲུལ་ནས་རིམ་བཞིན། །བལྟས་དགོད་ལག་བཅངས་གཉིས་གཉིས་འཁྱུད་པ་སྟེ། །རིམ་བཞིན་གཅིག་གཉིས་གསུམ་བཞི་ལྡན་པ་ཉིད། །ཅེས་གསུངས་ཏེ། གཞན་འཕྲུལ་དབང་བྱེད་ན་ལྷ་དང་ལྷ་མོ་དག་འདོད་པས་ཡིད་གདུངས་བ་ན་ཕན་ཚུན་བལྟས་པ་ཙམ་གྱིས་གདུང་བ་དང་བྲལ་བར་འགྱུར་རོ། །གསང་སྔགས་ཀྱི་རྒྱུད་སྡེ་བཞིར་གྲངས་ངེས་པའང་གདུལ་བྱའི་རྒྱུད་དང་བསྟུན་ནས་མི་རིགས་བཞི་ལ་དགོངས་པ་དང་། གང་ཟག་གི་བློ་རིགས་བཞི་ལ་དགོངས་པ་དང་། སྦྱངས་གཞི་འདོད་ཆགས་ཀྱི་འཇུག་ཚུལ་བཞི་ལ་དགོངས་ནས་གསུངས་པས་འདོད་པའི་ལྷའི་བལྟས་དགོད་ལག་བཅངས་སོགས་ལ་སྦྱར་ནས་རྒྱུད་སྡེ་བཞི་གསུངས་པ་ཡིན། འཕྲུལ་དགའ་དགོད་པ་ཙམ་གྱིས་སོ། །དགའ་ལྡན་ན་ཕན་ཚུན་གཅིག་ལ་གཅིག་འཇུས་པའམ་ལག་པ་རེག་པས་སོ། །མཚེ་མ་ན་གཉིས་གཉིས་འཁྱུད་པས་སོ། །དེ་ཡང་བལྟ་བ་ལ་དེ་ཉིད་གཅིག་པུའི་འདོད་ཆགས་ལས་མེད་དོ། །དགོད་པ་ལ་མཐོང་དགོས་པས་བལྟས་པ་དང་། དགོད་པའི་འདོད་ཆགས་གཉིས་སོ། །ལག་བཅང་ལ་མཐོང་ནས་དགོད་ཅིང་རེག་པའི་ཕྱིར། བལྟས་པ། དགོད་པ། ལག་བཅངས་ཀྱི་འདོད་ཆགས་སུམ་ལྡན་ནོ། །གཉིས་གཉིས་འཁྱུད་པ་ལ་མཐོང་ནས་དགའ་བས་རེག་ཅིང་སྦྱོར་བས་བཞི་ཀ་ལྡན་པའོ། །སུམ་ཅུ་རྩ་གསུམ་མན་ཆད་ན་བཞི་ཀ་ཡོད་པ་ཉིད་དོ། །ལྷའི་བུ་དང་བུ་མོ་དེ་དག བཙའ་བའང་པང་ནས་གོས་མེད་གཅེར་བུ་སྟེ། །ལོ་བཅུ་ནས་བཟུང་ལོ་ལྔའི་བར་རིམ་བཞིན། །འཛམ་གླིང་བྱིས་པ་རྣམས་ཀྱི་ན་ཚོད་ཉིད། །ཅེས་གསུངས་ཏེ། སེམས་ཅན་གྱི་སྐྱེ་བ། མངལ་དང་དྲོད་གཤེར་དང་། བརྫུས་པ་དང་། སྒོ་ང་ལས་སྐྱེས་པའི་རིམ་པ་དང་བཞི་ལས། ལྷའི་རིགས་ཀྱི་ལྷ་འདི་དག་རྫུས་ནས་སྐྱེ་བ་སྟེ། འཛམ་བུ་གླིང་པ་ཚེ་ལོ་བརྒྱ་པའི་དུས་ཀྱི་ལུས་ཚད་ཀྱིས་བཅལ་ན། གཞན་འཕྲུལ་དབང་བྱེད་ལ་བྱིས་པ་ལོ་བཅུ་ལོན་པའི་ན་ཚོད། འཕྲུལ་དགའ་པ་ལོ་དགུ་པ། དགའ་ལྡན་པ་བརྒྱད་པ། འཐབ་བྲལ་པ་བདུན་པ། སུམ་ཅུ་རྩ་གསུམ་པ་ལོ་དྲུག་པའི་ལུས་ཚད་དེ་ལྷ་གནས་ཀྱི་བྱིས་པ་བཙས་མ་ཐག་པ་དེ་མིའི་ཚེ་ལོ་བརྒྱ་བའི་ལོ་ཚོད་ཀྱི་ལུས་ཀྱིས་གཞལ་བ་ཡིན། རྒྱལ་ཆེན་བཞི་ལོ་ལྔ་པའི་ན་ཚོད་ཙམ་ལ་གོས་མེད་པའི་གཅེར་བུ་འོད་དང་བཅས་པ། དབང་པོ་ཚང་ཞིང་ཤེས་རབ་དང་ལྡན་པར་བཙས་ནས་སྔར་གྱི་ཚེ་རབས་རྗེས་སུ་དྲན་པ་ཡིན་ནོ། །གཉིས་པ་ས་ལ་བརྟེན་པ་ལ། རྩ་གསུམ་པ་དང་། རྒྱལ་ཆེན་རིས་བཞི་གཉིས། དང་པོ།

སུམ་ཅུ་རྩ་གསུམ་པ་བཤད་པ།

ས་ལ་བརྟེན་པའི་གནས་ཀྱང་རྣམ་པ་གཉིས་ལས། དང་པོ་ནི། དཔག་བསམ་ཡོངས་འདུས་བརྒྱན་པའི་ས་གཞི་ལ། །སུམ་ཅུ་རྩ་གསུམ་རྒྱང་གྲགས་བཞི་ཆ་གཉིས། །གཞུ་འདོམ་ཉིས་བརྒྱ་ལྔ་བཅུའི་རང་བཞིན་ནོ། །མི་ཡི་ལོ་བརྒྱ་རང་ལོ་སྟོང་ཕྲག་གཅིག །ཅེས་གསུངས་ཏེ། དཔག་བསམ་གྱི་ཤིང་ཡོངས་འདུ་ས་བརྟོལ་གྱིས་བརྒྱན་པའི་ས་གཞི་ལ། ཕྲེང་འབར་ལ་སོགས་པ་གནས་སུམ་ཅུ་རྩ་གསུམ་གྱི་དབང་པོར་གྱུར་པའི་ཆ་ནས་སུམ་ཅུ་རྩ་གསུམ་གྱི་ལྷ་གནས་ཞེས་བྱའོ། །ལུས་ཚད་རྒྱང་གྲགས་གཅིག་གི་བཞི་ཆ་གཉིས་ཏེ་གཞུ་འདོམ་ཉིས་བརྒྱ་ལྔ་བཅུའོ། །མིའི་ལོ་བརྒྱ་ལ་ཉིན་ཞག་གཅིག་ཏུ་བརྩིས་པའི་རང་ལོ་སྟོང་ཐུབ་པའོ། །འདོད་པ་ནི་མི་ལྟར་གཉིས་པོ་འཁྲིག་པས་སྤྱད་དོ། །ཁུ་ཁྲག་མི་འབབ་ཀྱང་རླུང་བཏང་བས་གདུང་བ་དང་བྲལ་བར་འགྱུར་རོ། །འབྱོར་པ་ནི་ཁང་བཟང་མཆོག་དང་། གྲོང་ཁྱེར་དང་། ལམ་སྲང་དང་། སྐྱེད་མོས་ཚལ་དང་། ས་གཞི་བཟང་པོ་དང་། དཔག་བསམ་གྱི་ཤིང་དང་། འདུན་ས་དང་། བཟའ་བཏུང་སྣ་ཚོགས་པ་བསམ་པ་ཙམ་གྱིས་ལག་ཏུ་འོང་བ་དང་། དཔག་བསམ་ལས་གོས་སྣ་ཚོགས་བསམ་པ་ཙམ་གྱིས་འབྱུང་བ་དང་། རྒྱན་སྣ་ཚོགས་དང་། རོལ་མོ་སྣ་ཚོགས་དང་། བདུད་རྩི་སྣ་ཚོགས་བསམ་མ་ཐག་འབྱུང་བ་དང་། ཡང་ཐོག་དང་། ཁང་པ་བརྩེགས་པ་དང་། རོལ་མོ་ཐོགས་པའི་ཚོགས་དང་། བཞོན་པའི་ཁྱད་པར་རྟ་དང་། གླང་པོ་ཆེ་དང་། ཤིང་རྟ་དང་། ཁྱོགས་ལས་རྩེ་ས་རྣམས་སུ་འགྲོ་བར་བྱེད་དེ། ཕྱིན་ནས་འདོད་པའི་ཡོན་ཏན་ལྔ་ལ་ཅི་དགར་སྤྱོད་དོ། །གཉིས་པ།

རྒྱལ་ཆེན་རིས་བཞི་བཤད་པ།

ས་ལ་སྤྱོད་པའི་གནས་གཉིས་པ་ནི། རི་རབ་རིན་ཆེན་སྣ་བཞིའི་བང་རིམ་ལ། །རྒྱལ་ཆེན་རིགས་བཞི་རྒྱང་གྲགས་བཞི་ཆའི་ལུས། །གཞུ་འདོམ་བརྒྱ་དང་ཉི་ཤུ་རྩ་ལྔའོ། །མི་ལོ་ལྔ་བཅུ་ཉིན་ཞག་གཅིག་བརྩིས་པའི། །རང་ལོ་ལྔ་བརྒྱའི་བར་དུ་གནས་པའོ། །ཞེས་གསུངས་ཏེ། རི་རབ་ཀྱི་བང་རིམ་རྣམས་ལ་སུམ་ཅུ་རྩ་གསུམ་ནས་མཆེད་པའི་ལྷ་རྣམས་ཆགས་པས་ཕྱོགས་བཞིའི་བདག་པོར་གྱུར་པ་སྟེ། རྒྱལ་ཆེན་སྡེ་བཞིའི་ཁོངས་སུ་གཏོགས་པའི་ཆ་ནས་རྒྱལ་ཆེན་རིགས་བཞི་པའི་ལྷ་ཞེས་བྱའོ། །ཚེ་ཚད་མི་ལོ་ལྔ་བཅུ་ལ་ཉིན་ཞག་གཅིག་ཏུ་བརྩིས་པའི་རང་ལོ་ལྔ་བརྒྱ་ཐུབ་བོ། །ལུས་རྒྱང་གྲགས་ཀྱི་བཞི་ཆ་སྟེ་གཞུ་འདོམ་བརྒྱ་ཉི་ཤུ་རྩ་ལྔའོ། །འཁྲིག་པས་སྤྱོད་ཚུལ་སུམ་ཅུ་རྩ་གསུམ་པ་དང་འདྲ་ལ། བདུད་རྩི་དང་། ཤིང་དང་། གོས་ལ་སོགས་པ་དཔག་ཏུ་མེད་དེ། ལྷ་ཁ་ཅིག་ཉི་ཟླ་གཟའ་སྐར་གྱི་སྟེང་ན་ལྷའི་གྲོང་ཁྱེར་ལ་སྤྱོད་པས་གླིང་བཞི་སྐོར་བའོ། །གཉིས་པ།

ལྷ་མིན་བཤད་པ།

དེའི་འོག་ཏུ་རི་རབ་ཀྱི་ཁོང་གསེང་ལ་གནས་པའི། ལྷ་མིན་རྣམས་ལ་རིགས་ནི་རྣམ་པ་ལྔ། །ཚེ་དཔལ་ལྷ་དང་སྟོབས་ཆེན་གནོད་སྦྱིན་དང་། །རྩུབ་འགྱུར་བདུད་དང་གསོད་བྱེད་སྲིན་པོ་དང་། །གདུག་པ་ཀླུ་ཡི་རིགས་ཏེ་འགྲོ་བའང་དེ། །ལུས་དང་ཚེ་ཡང་མ་ངེས་སྣ་ཚོགས་པའོ། །ཞེས་གསུངས་ཏེ། ལྷ་མ་ཡིན་གྱི་འགྲོ་བ་དེ་དག་གི་གནས་ནི་རི་རབ་ཀྱི་ཁོང་གསེང་ན་སྔར་ལྷའི་རིགས་མ་རུངས་པ་འགའ་ལས་ཆད་པ་སྟེ། སྲིད་རྩེ་ནས་འདོད་ཁམས་ཀྱི་བར་དུ་བཅུད་ཀྱི་འགྲོ་བ་དེ་གོང་ནས་འོག་ཏུ་མཆེད་པའི་རིགས་པས་འཇལ་དུས། ལྷའི་རིགས་ལས་མར་ལྷ་མིན་མཆེད་པ་ཡིན་ལ། མིའི་འགྲོ་བའང་ལྷ་མིན་ལ་སྐྱེ་རྒྱུ་ཡོད་པའོ་བསམ་ན། འདི་ནི་དང་པོ་ཆགས་བསྐལ་བཤད་པའི་གནས་སྐབས་ཡིན་པའོ། །ལྷ་མིན་འདི་ལ་ཚེ་དཔལ་ལྷའི་རིགས་དང་། སྟོབས་ཆེན་གནོད་སྦྱིན་གྱི་རིགས། རྩུབ་འགྱུར་བདུད་ཀྱི་རིགས། གསོད་བྱེད་སྲིན་པོའི་རིགས། གདུག་པ་ཀླུའི་རིགས་སོགས་ཡོད་པར་བསྟན་པ་ནི། ཚེ་དཔལ་ལྷའི་རིགས་དཔལ་དང་སྐལ་བ་བཟང་ལ་ངང་ཚུལ་དགེ་བས་ཆོས་ལ་མངོན་པར་དད་པ་དང་། སྟོབས་ཆེན་གནོད་སྦྱིན་གྱི་རིགས་ནོར་དང་འབྱོར་པ་ཆེ་ལ་མཐུ་དཔལ་དང་རྫུ་འཕྲུལ་ཆེ་བ་དང་། རྩུབ་འགྱུར་བདུད་ཀྱི་རིགས་ནག་པོའི་ཕྱོགས་ལ་དགའ་བ་དང་། གསོད་བྱེད་སྲིན་པོའི་རིགས་སེམས་ཅན་ལ་འཚེ་ཞིང་མཁའ་ལ་རྒྱུ་བ་ཡི་དྭགས་ཀྱི་ཕྱོགས་དང་མཐུན་པ་དང་། གདུག་པ་ཀླུའི་རིགས་ཕྱེད་མར་གྱུར་པའི་ལུས་དང་། ལོངས་སྤྱོད་དང་། བདེ་སྡུག་ཡོད་ཅིང་བླུན་པར་གནས་པའོ། །རྒྱུད་ལྔ་བཤད་པའི་སྐབས་སུ་ལྷ་མིན་ཁ་ཁར་མི་བགྲང་བས། འགྲོ་ལྔ་དག་ན་བདེ་བ་མེད། །མི་གཙང་ཁང་བར་དྲི་ཞིམ་མེད། །ཅེས་གསུངས་པ་ཡིན། དེས་ན་འགྲོ་བ་ཡང་ལྷའི་རིགས་གྱུར་ལྷ་དང་ཡི་དྭགས་དང་། དུད་འགྲོའི་རིགས་གྱུར་ཡང་དེ་དག་གི་ཁོངས་སུ་གཏོགས་པར་བསྡུའོ། །བསྟན་བཅོས་ཁ་ཅིག་ནས་ལྷ་དང་དུད་འགྲོ་གཉིས་སུ་སྡུད་པར་ཡང་འདོད་དོ། །ལྷ་མ་ཡིན་གྱི་འོག་རིམ་དུ་བརྩིས་པའི་གནས་བཞི་བ་གསེར་གྱི་ས་གཞིར་གནས་པ་དག་ནི་སུམ་ཅུ་རྩ་གསུམ་དང་། ཚེ་དཔལ་འབྱོར་པ་མཉམ་ལ། དེའི་གོང་གི་གཞན་རྣམས་རྒྱལ་ཆེན་བཞི་དང་འདྲ་ཞིང་། ཁ་འཐོར་བ་མིའི་ཡུལ་དང་། རྒྱ་མཚོ་དང་། ནགས་ཚལ་དང་། གླིང་ལ་སོགས་པར་གནས་པའི་ལྷ་མ་ཡིན་རྣམས་ནི་ཚེ་དང་འབྱོར་པ་སྣ་ཚོགས་སུ་ཡོད་པར་བཤད་དོ། །འུ་ཚོའི་བྲག་མཚོ་རི་གསུམ་ལ་གནས་པའི་གཞི་བདག་དང་སྡེ་བརྒྱད་མི་མ་ཡིན་ཟེར་བ་དེ་དག་ལས། འགའ་རེ་གནོད་སྦྱིན་གྱི་རིགས་དང་། སྲིན་པོའི་རིགས་དང་། བདུད་ཀྱི་རིགས་དང་། ཀླུའི་རིགས། ཡི་དྭགས་དང་དུད་འགྲོའི་རིགས་སུ་གྱུར་པ་དག་ཀྱང་ཡོད་པ་ཡིན། མཆོག་གསུམ་ལ་སྐྱབས་སུ་སོང་བ་ཞིག་གིས་འཇིག་རྟེན་པར་སྐྱབས་སུ་འཛིན་མི་རུང་བ་ཡིན། རང་ཡང་འཁོར་བའི་བཙོན་རར་བཅིངས་པ་ཡི། །འཇིག་རྟེན་ལྷ་ཡིས་སུ་ཞིག་སྐྱོབ་པར་ནུས། །ཞེས་གསུངས་པ་ལྟར་ཡིན། འོན་ཀྱང་བཀའ་བགོ་ཐ་ཚིག་ལ་གནས་པ། སྔོན་དཔལ་ཆེན་ཁྲག་མཐུང་ཧེ་རུ་དང་། དེ་རྗེས་གུ་རུ་རྡོ་རྗེ་ཐོད་ཕྲེང་། ད་ལྟར་རྣལ་འབྱོར་པའི་དཀྱིལ་འཁོར་གཉེན་པོའི་གྲལ་དུ་འཁོད་ནས་དམ་ལ་གནས་པ་ཞིག་ཡིན་ཚེ། དེ་མཆོད་བསྟོད་བསྟེན་སྒྲུབ་བྱེད་ལུགས་ནི་མ་གཏོགས་སོ། །དེ་ཡན་གྱིས་འདོད་ཁམས་ཀྱི་ལྷ་གནས་བཤད་པ་སོང་ནས་། གཉིས་པ་མི་ལ། གླིང་བཞི་སྤྱིར་ཆགས་ཚུལ་དང་། བྱེ་བྲག་འཛམ་གླིང་ཆགས་ཚུལ་གཉིས། དང་པོ།

གླིང་བཞི་སྤྱིར་ཆགས་ཚུལ་བཤད་པ།

དེ་ལ་མིའི་ཡུལ་ན་ཡི་དྭགས་དང་། དུད་འགྲོའི་རིགས་གྱུར་ཡོད་པས་མ་ཚད་ཉི་ཚེ་བའི་དམྱལ་བའི་རིགས་གྱུར་ཡོད་ན་ཡང་གཙོ་ཆེ་བ་མིའི་འགྲོ་བའི་གནས་ཡིན་པས་དེ་བཤད་པ་ནི། དེའི་འོག་ཏུ་གླིང་དང་གླིང་ཕྲན་གྱི་འགྲོ་བའི་གཙོ་བོ་མི་ཡིན་པས་དེའི་རིམ་པ་བཤད་པ་ནི། སྔོན་བསྐལ་པ་དང་པོའི། མི་རྣམས་འོད་གསལ་ལས་མཆེད་འཛམ་གླིང་དུ། །རིང་ཞིག་གནས་ལས་གཉིས་མཆེད་ལུས་འཕགས་སུ། །རྫུས་སྐྱེས་དེ་ནས་སྒྲ་མི་སྙན་མཆེད་ཅིང་། །དེ་ལས་བ་གླང་སྤྱོད་པ་ཉེ་བར་མཆེད། །ཅེས་གསུངས་ཏེ། ཐུན་མོང་དུ་གྲགས་པའི་མདོ་སྡེ་དག་ལས། འོད་གསལ་གྱི་ལྷའི་རིས་ལས་སེམས་ཅན་བསོད་ནམས་དམན་པ་དག་འོངས་པ་དེར་ཆགས་པ་ལས། མི་རྣམས་མཆེད་པར་འདོད་ལ། རྒྱུད་འགའ་ཞིག་ལས་དགའ་ལྡན་ནས་ལྷའི་བུ་གཉིས་པདྨ་ལས་རྫུས་ཏེ་སྐྱེས་པ། ལྷའི་བུ་ཉི་མ་རབ་ཏུ་སྣང་བྱེད་དང་ཟླ་བ་དྲི་མ་མེད་པ་ཞེས་བྱའོ། །དེ་གཉིས་འཛམ་བུའི་གླིང་དུ་འོངས་པ་ལས་མཆེད་པར་བཤད་དོ། །འདི་གཉིས་འགལ་བ་མེད་དེ། འོད་གསལ་གྱི་ལྷའི་འགྲོ་བ་ཆགས་དུས་དེ་དུས་མི་ཆགས་མེད་པས་འཇིག་རྟེན་གྱི་ཁམས་འདིའི་ཡུལ་རྣམས་ལ་འཛམ་བུ་གླིང་དང་མིའི་ཡུལ་ཟེར་བ་མིན་པར་མིང་གཞན་དུ་གྲགས་ཏེ། ཡུལ་དགའ་ལྡན་བརྩེགས་པ་ཞེས། དེ་དག་ལ་ཚངས་རིས་དེར་གྲགས་པ་ཡིན་ནོ། །ཞེས་དེའི་སྐབས་ཀྱི་མིང་གི་གྲགས་ཚུལ་ཡིན་པས་དེ་དུས་ད་ལྟ་འུ་ཚོ་ཆགས་སའི་འཇིག་རྟེན་འདི་ལ་དགའ་ལྡན་ཞེས་པ་ཡིན་ལ། དེ་དུས་དགའ་ལྡན་ལ་ཚངས་རིས་ཞེས་གྲགས་པ་ཡིན་ལ། དེ་ཡང་དེའི་དུས་སུ་མི་མེད་པས་ལྷ་དང་མི་ཞེས་སོ་སོར་ཕྱེ་བ་མེད་དོ། །འཛམ་བུའི་གླིང་དུ་མི་རྣམས་མང་དུ་འཕེལ་ནས་རིང་ཞིག་སོང་ནས་འོད་ཀྱང་ཡལ། བསོད་ནམས་ཀྱང་བགས་ཀྱིས་བྲི་བ་ན། ཤར་ལུས་འཕགས་ཀྱི་གླིང་དུ་གོང་མའི་ལྷ་ལས་གཅིག་འོངས་པའི་འོག་ཏུ་མི་ཕལ་རྫུས་སྐྱེས་ཀྱི་ཚུལ་གྱིས་མཆེད་དོ། །དེ་ནས་བྱང་གི་སྒྲ་མི་སྙན་པའི་མི་ཡང་སུམ་ཅུ་རྩ་གསུམ་པའི་ལྷ་ལས་མཆེད་ནས་ཆགས་སོ། །དེ་ནས་ནུབ་ཀྱི་བ་གླང་སྤྱོད་དུ་ལྷ་ལས་མཆེད་ནས་མང་དུ་འཕེལ་ཏེ། སོ་སོའི་གླིང་ཕྲན་གྱི་མི་ཡང་མཆེད་དོ། །གླིང་བཞི་པོ་དེ་དག་གི་མིའི་ལུས་བོངས་ཀྱང་། འཛམ་གླིང་ལུས་ཚད་ཚེ་ལོ་དཔག་མེད་ནས། །བརྒྱད་ཁྲི་ཡན་ཆད་རང་ཁྲུ་སུམ་ཅུ་གཉིས། །ཕྱིས་ནི་ཁྲུ་བཞི་ཕྱེད་དང་བཞི་བ་ཉིད། །ཅེས་གསུངས་ཏེ། འགྲོ་བ་རྣམས་ཀྱིས་བསགས་པའི་དབང་གིས་འཛམ་བུ་གླིང་པའི་སྐྱེ་དགུ་རྣམས་ཚེ་ལོ་དང་པོ་དཔག་ཏུ་མེད་པ་ཐུབ་པ་ནས་བཟུང་སྟེ་བརྒྱད་ཁྲིའི་བར་དུ་སྐྱེས་པ་དང་བུད་མེད་ནར་སོན་པ་དག་གི་ལུས་ལ་ཚེ་ལོ་བརྒྱ་བའི་མིའི་རང་ཁྲུ་སུམ་ཅུ་རྩ་གཉིས་ཡོད་དོ། །དེ་ནས་ཉི་ཤུ་པ་དང་། བཅུ་དྲུག་པ་དང་། བརྒྱད་པ་ནས། ཚེ་ལོ་བརྒྱ་པའི་ཚེ་ཁྲུ་བཞི་བར་བྲི་སྟེ། དེང་སང་ལྔ་བཅུ་རྩ་བཞི་པའི་དུས་ན་ཕྱེད་དང་བཞི་པ་ནས། མཐར་བཅུ་པའི་བར་དུ་ཐུང་བར་བྲི་བའོ། །ཚེ་ལོ་ཡང་དང་པོ་དཔག་མེད་ནས། མཐར་བཅུ་པའི་བར་དུ་ཇེ་ཐུང་དུ་བྲི་བའོ། །ཤར་ཀྱི། ལུས་འཕགས་མི་རྣམས་རང་ཁྲུ་བརྒྱད་པ་སྟེ། །ཚེ་ཚད་ཉིས་བརྒྱ་ལྔ་བཅུ་ཐུབ་པའོ། །ཞེས་གསུངས་ཏེ། འདིའི་རང་ཁྲུ་ཞེས་པའང་འཛམ་གླིང་གི་ཚེ་ལོ་བརྒྱ་བའི་མིའི་ཁྲུ་ཚད་ཀྱིས་གཞལ་བ་ཞིག་ལ་གོ་དགོས་པ་ལས་ལུས་འཕགས་པོ་རྣམས་ལག་པ་ཐུང་བ་གཟུགས་རིང་བ་ཞིག་ཏུ་ལོག་འགྲོ་བ་ཡིན། ཅིའི་ཕྱིར་ལུས་འཕགས་ཞེ་ན། འཛམ་བུ་གླིང་པ་ལས་ལུས་ཆེ་བའི་ཕྱིར་རོ། །ནུབ་ཀྱི། བ་གླང་སྤྱོད་མི་ལུས་ཁྲུ་བཅུ་དྲུག་པ། །ཚེ་ལོ་ལྔ་བརྒྱ་སྒྲ་མི་སྙན་སྟོང་སྟེ། །ལུས་ཁྲུ་སུམ་ཅུ་རྩ་གཉིས་ངེས་པ་ཡིན། །ཅེས་གསུངས་ཏེ། འདོད་འཇོའི་བ་ལ་སྤྱོད་པས་བ་གླང་སྤྱོད་ཅེས་བྱ་བའི་གླིང་ན། མི་རྣམས་རང་ཁྲུ་བཅུ་དྲུག་པ་ཚེ་ལོ་ལྔ་བརྒྱ་ཐུབ་པ་ཡོད་དོ། །བྱང་གི་སྒྲ་མི་སྙན་ན་རང་ཁྲུ་སུམ་ཅུ་རྩ་གཉིས་པ་དང་། ཚེ་ལོ་སྟོང་ངེས་པར་ཐུབ་པས་བར་མ་དོར་དུས་མ་ཡིན་པར་འཆི་བ་ནི་མེད་དོ། །འཆི་བའི་ཚེ་ཆེ་གེ་མོ་ཞེས་བྱ་བ། དེ་ལ་ཆེ་གེ་མོ་གང་ཟག་དང་། ག་གེ་མོ་གནས་དང་ཡུལ་ཁམས་ལ་སྦྱར་དགོས་པ་ཡིན། འུ་ཚོས་ཁ་སྐད་དུ་མི་སུ་ཞིག་སུ་གོ་མ། ས་ག་ཤེད་ག་གོ་མ་ཞེས་པ་དང་མཐུན་པ་ཡིན། ཁྱིམ་པ་དགེ་བསྙེན་ཚོས་གོ་གི་ཨེ་ཡོད་མི་ཤེས་བསམ་པ་ཡིན། སྒྲ་མི་སྙན་གྱི་མི་སུ་ཞིག་སུ་གོ་མ་དེ་ད་སྟེ་ཞག་བདུན་ན་ཚེའི་དུས་བྱེད་དོ་ཞེས་བྱ་བའི་སྒྲ་ནམ་མཁའ་ལ་གྲགས་པས་སྒྲ་མི་སྙན་ཞེས་པའམ། བྷི་ཤ་ཚེ་ཏའི་སྐད་དུ་སྨྲ་བས་ཞེས་པ་ནི་ཡོངས་གྲགས་ཀྱི་པི་ཤཱ་ཙི་ཀཿཤ་ཟའམ་འདྲེའི་སྐད་ཅེས་པ་དེ་ཡིན་ནམ་སྙམ། དེ་ནི་སྒྲ་སྐད་མི་སྙན་པའི་ཕྱིར་ན་དེ་སྐད་ཅེས་བྱའོ། །དེ་ནས་ཤིང་བསྐམས་ཏེ་ཞག་བདུན་ན་འགྱེལ་ནས། མི་དེ་ཡང་སུམ་ཅུ་རྩ་གསུམ་དུ་སྐྱེ་བར་ངེས་པ་ཡིན་ནོ། །དེ་ལྟར་གླིང་གི་བྱེ་བྲག་རྣམ་པ་བཞི་ལས། བདག་ཅག་གི་གླིང་འཛམ་བུའི་གླིང་འདིའི་དབྱིབས་སོག་ཀ་མིའི་བྱད་དབྱིབས་ལ་སོགས་པའང་ཕལ་ཆེར་དེ་དང་མཚུངས་ཤིང་ནམ་མཁའ་སྔོ་བར་སྣང་ངོ་། །ཤར་གྱི་གླིང་ནི་ཟླ་བ་བཀས་པ་ལྟར་གམ་པ། མིའི་དབྱིབས་ཀྱང་དེ་དང་མཚུངས་ཤིང་ནམ་མཁའ་དཀར་པོར་སྣང་ངོ་། །བྱང་གླིང་གྲུ་བཞི་པ་མིའི་དབྱིབས་ཀྱང་དེ་དང་མཚུངས་ཤིང་ནམ་མཁའ་ཡང་སེར་པོར་སྣང་ངོ་། །ནུབ་ཀྱི་གླིང་ཟླུམ་པོ་ཉི་མའི་དཀྱིལ་འཁོར་དང་འདྲ་ཞིང་མིའི་བྱད་དབྱིབས་ཀྱང་ཟླུམ་ལ་ནམ་མཁའ་དམར་པོར་སྣང་ངོ་། །དེ་ཡན་གྱིས་སྤྱིར་འདོད་ཁམས་མིའི་འཇིག་རྟེན་དུ་མི་ཆགས་ལུགས་མདོ་རྒྱས་གཉིས་ཀྱིས་བཤད་ནས། གཉིས་པ། དང་པོ་བརྫུས་ཏེ་སྐྱེས་ནས་ཆགས་ཚུལ་དང་། མཐར་སྐྱེ་གནས་ལྷག་མ་རིམ་གྱིས་བྱུང་ཚུལ་གཉིས། དང་པོ་ལ་དངོས་དང་། ཞར་ལ་གླིང་གི་ཁྱད་ཆོས་དང་མཐུན་པའི་སྒྲ་དོན་བཤད་པ་གཉིས། དང་པོ།

རྫུས་ཏེ་སྐྱེས་ནས་ཆགས་ཚུལ་དངོས་བསྟན་པ།

དེ་ལྟར་གླིང་བཞི་ལས། ཁྱད་པར་འཛམ་གླིང་སེམས་ཅན་ཆགས་ཚུལ་ནི། །འོད་གསལ་ལྷ་ལས་བསོད་ནམས་ཆུང་ངུ་ཞིག གླིང་འདིར་འོངས་རྗེས་ཡང་ཅིག་དེ་བཞིན་བྱུང་། །ཟླ་ཞེས་མངོན་བརྗོད་དེ་ནས་མང་ཞིག་མཆེད། །ཅེས་གསུངས་ཏེ། འཛམ་བུའི་གླིང་འདིར་སྔོན་བསྐལ་པ་དང་པོའི་ཚེ་ས་གཞི་གཅིག་ཏུ་གྱུར་པ་ལས། ནང་བཅུད་ཀྱི་སེམས་ཅན་གྱི་འགྲོ་བ་མེད་པའི་དུས་ན་འོད་གསལ་གྱི་ལྷ་བསོད་ནམས་ཆུང་ངུ་ཞིག་ཐིགས་པ་ལྟར་ཡས་བབས་པའི་འོག་ཏུ་རིང་མོ་ཞིག་ན། ཡང་ལྷ་ཞིག་བྱུང་བ་ལ་སྔ་མ་དེ་རབ་ཏུ་དགའ་བས་ཟླའམ་གྲོགས་ཞེས་རབ་ཏུ་བོས་པའོ། །དེ་ནས་དེ་ཁོ་ན་ལྟར་མང་ཞིག་མཆེད་དོ། །དེ་དག་ཀྱང་རྩོལ་བ་མེད་པར་བསམས་པ་ཙམ་གྱིས། མཁའ་ལ་འགྲོ་ཞིང་འོད་བཅས་དགའ་བདེའི་ཟས། །ཚེ་ལོ་དཔག་མེད་ཉོན་མོངས་མངོན་གྱུར་མེད། །དེ་ཚེ་བསྐལ་པ་དང་པོ་ཞེས་བྱའོ། །ཞེས་གསུངས་ཏེ། དེའི་སྐབས་ན་གཟུགས་ཁམས་ཀྱི་ལྷ་ལྟར་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་དབང་པོ་དང་ཡན་ལག་ཚང་བ། མཛེས་ཤིང་ཁ་དོག་གསལ་ལ་འོད་དང་བཅས་པ། ནམ་མཁའ་ལ་འགྲོ་ཞིང་ནམ་མཁའ་ལ་འདུག་པ། བསམ་པ་ཙམ་གྱིས་གང་དུ་འདོད་པར་ཕྱིན་པ། ཟས་སུ་ཏིང་ངེ་འཛིན་གྱི་དགའ་བདེ་ལ་སྤྱོད་ཅིང་ཉོན་མོངས་པ་རགས་པ་མངོན་དུ་རྒྱུ་བ་མེད་པ། ཚེ་ལོ་དཔག་མེད་ཐུབ་ཅིང་བདེ་བ་འབའ་ཞིག་ལ་སྤྱོད་པ་སྟེ། བསྐལ་པ་དང་པོ་ཞེས་བྱའོ། །དེའི་ཚེ་འཛམ་བུའི་གླིང་ན། གྲོང་མེད་ས་གཞི་ཁོད་སྙོམས་མཛེས་པ་སྟེ། །ཉི་ཟླ་མེད་ཅིང་སྐྱེས་པ་བུད་མེད་མེད། །ཀུན་ཀྱང་རྫུས་སྐྱེས་སེམས་ཅན་ཞེས་བྱར་གྲགས། །ཞེས་གསུངས་ཏེ། དུས་དེའི་ཚེ་ན་འཛམ་བུའི་གླིང་ན་ཁྱིམ་དང་། གནས་དང་། གྲོང་དང་། མཁར་མེད་པས་ས་གཞི་ཁོད་མཉམ་དུ་གྱུར་པ། རི་འདི་ཚོ་ཐོག་མ་ཞིག་ནས་ཡོད་པར་སེམས་རྒྱུ་མེད། རི་དང་ཐང་དང་མཚོ་སྐམ་ས་འདི་ཚོའི་འགྱུར་བ་འགྲོ་ཚུལ་ཐ་ན་དེང་སང་གི་ཚན་རིག་གིས་ཀྱང་ཤེས་པ་ཡིན། ཉི་ཟླ་གཟའ་སྐར་གྱི་རིམ་པས་ཕྱེ་བའི་དུས་ཚིགས་ལོ་དང་། ཟླ་བ་དང་། ཉིན་མཚན་དང་། སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་ཞེས་རིས་སུ་ཕྱེ་བ་མེད་ལ། དབང་པོའི་སྒོ་མ་དོད་པས་སྐྱེས་པ་དང་བུད་མེད་ཅེས་རིགས་སོ་སོ་བ་མེད་པའི་ཕྱིར། འགྲོ་བ་དེ་དག་ལ་ཕན་ཚུན་སེམས་ཅན་སེམས་ཅན་ཞེས་བྱ་བའི་མིང་སྤྱིར་གནས་པ་བྱུང་ངོ་། །དེའི་ཚེ་ལྷ་དང་ཡོན་ཏན་ཕལ་དུ་མཚུངས་པར་ཡོད་པས། ལྷ་དང་མི་ཞེས་ཕྱེ་བའི་མིང་ཡང་མེད་དོ། །དེ་ནས་མི་ཞེས་བྱ་བར་ཐོགས་པའི་དུས་ནི། དེ་ནས་རིང་མོ་ཞིག་ན་མཁའ་དབྱིངས་ལས། །མི་སྣང་ཞེས་གྲགས་ཚུན་ཆད་མི་ཞེས་གྲགས། །ཞེས་གསུངས་ཏེ། འདིའི་མི་སྣང་ཞེས་པ་དགག་སྒྲ་སྦྱར་བ་མིན་པར་མི་ཉིད་དུ་སྣང་ཞེས་པའི་དོན་རེད། བསྐལ་པ་དང་པོའི་དུས་དེ་ཡུན་རིང་མོ་ཞིག་ཏུ་གྱུར་པའི་འོག་ཏུ། འགྲོ་བ་དེ་དག་ཐམས་ཅད་ཀྱིས་ཐོས་པར་ནམ་མཁའི་དབྱིངས་ནས་མི་སྣང་ངོ་ཞེས་བྱ་བའི་སྒྲ་ཆེན་པོ་ལན་བདུན་དུ་གྲགས་པས། འགྲོ་བ་དེ་དག་གིས་བདག་ཅག་མིའོ་ཞེས་གྲགས་པ་ཡིན་ནོ། །འདི་མཐའ་གཅིག་ཏུ་བོད་སྐད་ཀྱི་མི་སྣང་ངོ་ཞེས་པའི་སྒྲ་ཡིན་དགོས་པའི་ངེས་པ་དང་། ས་ལེབ་ལེབ་ཡིན་དགོས་པ་དང་། གནམ་ཐོག་མ་ས་འོག་མ་ཡིན་པའི་སྣང་བ་གདོང་དེད་ཏག་ཏག་གིས་གོ་བ་ལེན་དགོས་པ་མིན། སྒྲ་གྲག་པ་འབྱུང་འགྱུར་གྱི་གཟུགས་དེ་འབྱུང་བ་ཆེན་པོའི་རྣམ་པ་ལས་སྐྱེ་བ་མེད་པའི་དབྱིངས་ནས་སྐྱེ་བའི་ཚུལ་དུ་ཨ་ཡིག་གིས་མཚོན་པ་ཞིག་ཡིན་པས། ཨ་ཡིག་སྐྱེ་མེད་ནི་ནམ་མཁས་མ་གཏོགས་ཕྱོགས་ཙམ་ཡང་མཚོན་དཀའ་བ་ཡིན་ལ། དེ་ལས་མིང་ཚིག་ཡི་གེའི་རྣམ་པར་བྱུང་བའི་སྒྲ་རང་མཚན་པར་གྱུར་ནས། ཟ་ཐང་བསོད་ནམས་བྲི་བའི་འཁྲུལ་སྣང་ཇེ་རགས་སུ་སོང་བ་ཡིན། དེས་ན་དོན་གྱི་ཐོག་གི་གོ་བ་དེ་དག་སྦྱར་ན་ལྷག་པར་འབྲེལ་ཆེ་བ་འདུག ཁྱད་པར་དུ་རྒྱུད་དོན་དང་ཐུག་དུས་མཐའ་དྲུག་ཚུལ་བཞིའི་ལྡེ་མིག་འཛིན་བཞིན་འདུག་དགོས། དེ་ལྟར་སྒྲ་དེ་གྲགས་པའི་དུས། དེ་ནས་ཚེ་དང་འོད་བྲི་བསོད་ནམས་ཆུང་། །ཉོན་མོངས་མངོན་གྱུར་མེད་ཀྱང་ལངས་སུ་ཉེ། །འདི་དུས་གླིང་བཞིར་མི་རྣམས་མཆེད་པ་ཡིན། །ཞེས་གསུངས་ཏེ། དེའི་ཚེ་སྔར་བས་བསྐལ་པ་བཟང་པོ་ཉམས་པའི་དུས་མགོ་བཟུང་བས་བསོད་ནམས་བྲི། འོད་ཀྱང་ཆུང་ཞིང་ཉོན་མོངས་པ་མངོན་གྱུར་མེད་ཀྱང་བག་ལ་ཉལ་ལངས་པས་མངོན་གྱུར་ཀྱང་འབྱུང་དུ་ཉེའོ། །འོན་ཀྱང་ལུས་ཟང་ཐལ་ལ་དབང་པོ་དང་ཡན་ལག་མཛེས་པར་ལྡན། ཕོ་མོའི་དབང་པོའི་སྒོ་མ་དོད་པའོ། །ཞེས་པས་བརྫུས་ཏེ་སྐྱེས་ནས་ཆགས་ཚུལ་དངོས་བསྟན་ནས། འདིའི་དུས་དང་མཉམ་དུ་གླིང་གཞན་གྱི་མི་ཡང་མཆེད་དོ། །གཉིས་པ།

ཞར་ལ་གླིང་གི་ཁྱད་ཆོས་དང་མཐུན་པའི་སྒྲ་དོན་བཤད་པ།

གླིང་འདིའི་ངེས་ཚིག་ནི། འཛམ་བུའི་གླིང་ཞེས་རབ་ཏུ་གྲགས་པ་ཡང་། །རྡོ་རྗེ་གདན་ནས་བྱང་དུ་རི་ནག་པོ། །དགུ་འདས་གངས་རིའི་བྱང་ན་སྤོས་ངད་ལྡན། །དེ་གཉིས་བར་ན་མ་དྲོས་མཚོ་ཆེན་ནི། །གྲུ་བཞི་ཆུ་ཞེང་དཔག་ཚད་ལྔ་བཅུ་པ། །ཡན་ལག་བརྒྱད་ལྡན་ཆུ་ཡིས་གང་བའོ། །ཞེས་གསུངས་ཏེ། འཛམ་བུ་ཏྲི་ཤ་ཞེས་བྱ་བའི་ཤིང་གིས་ཉེ་བར་བརྒྱན་པས་འཛམ་བུ་ཡིན་ལ། གླིང་ཞེས་པ་ནི། མཐའ་ཁོ་ར་ཁོར་ཡུག་རྒྱ་མཚོ་ཆེན་པོའི་ཆུ་བོ་བདལ་བས་ཁྱབ་པའི་དབུས་སམ་བར་ན་སའི་ཕྱོགས་ཅུང་ཟད་ཆུ་ལ་ཞིབ་མ་སྟེ། སྨྱུག་མ་སོགས་ལས་བསླས་པའི་འབྲུ་རིགས་བཀྲབ་བྱེད་དམ་འཕྱར་བྱེད་ཀྱི་སྣོད་ཆས་ཤིག་ལ་ཟེར་བས་ཆུ་ནང་དུ་སྨྱུག་གཞོང་བཀྲམ་པ་ལྟ་བུར་གནས་པས་དེ་སྐད་ཅེས་བཏགས་ཏེ། མཚོ་དང་ཆུ་སྲོལ་ཁ་ཅིག་གི་དབུས་དང་མཚམས་ན་ཆུས་ཆོད་པའི་སའི་སྒལ་པ་ལ་གླིང་དུ་བཏགས་པ་བཞིན་ནོ། །འཛམ་བུ་པྲིཀྵ་དེ་ཉིད་གང་ན་ཡོད་ན་གླིང་འདིའི་དབུས་ན་མ་ག་དྷཱ་རྡོ་རྗེ་གདན་ཡོད་ལ། དེའི་བྱང་ན་རི་ནག་པོ་གསུམ་དང་། ཡང་གསུམ་དང་། ཡང་གསུམ་གཞལ་བ་ནས་དགུ་འདས་པ་ན་གངས་རིའི་རྒྱལ་པོ་ཏི་སེའོ། །དེའི་བྱང་ན་རི་བོ་སྤོས་ཀྱི་ངད་ལྡང་བ་ཡོད་དོ། །གངས་རིའི་བྱང་། སྤོས་ངད་ལྡན་གྱི་ལྷོ་གཉིས་ཀྱི་བར་ན་མཚོ་ཆེན་པོ་མ་དྲོས་པ་ཡོད་དེ། ཀུན་ནས་གྲུ་བཞི་པ་ཆུ་དང་། ཞེང་དུ་དཔག་ཚད་ལྔ་བཅུའི་ནང་ཆུ་བསིལ་བས་གང་བར་གནས་པས་མ་དྲོས་པ་ཞེས་བྱའོ། །དེའི་ནང་ན་ཀླུའི་རྒྱལ་པོ་མ་དྲོས་པ་གནས་པ། མཚོ་དེ་ཡང་དབྱིབས་ལེགས་ཤིང་བལྟ་ན་སྡུག་པ། ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་བའོ། །ཡན་ལག་བརྒྱད་ནི། འདུལ་བ་ལུང་ལས། གཙང་དང་འཇམ་དང་དག་པ་དང་། །དྭངས་དང་བསིལ་དང་རྙོག་པ་མེད། །འཐུངས་ན་ལྟོ་ལ་མི་གནོད་དང་། །མགྲིན་པ་ལ་ཡང་བྱམས་པ་སྟེ། །འདི་དག་ཡན་ལག་བརྒྱད་ལྡན་ཆུ། །ཞེས་པ་ལྟར། ཞེས་འདི་ནས་ཡན་ལག་བརྒྱད་པོ་རེ་རེ་བཞིན་འགྲེལ་བ་ནི་འཇུག་ངོགས་དང་རྒྱུན་ལ་དྲི་ང་བ་ལ་སོགས་པ་མི་གཙང་བ་མེད་པས་ཡིད་དུ་འཐད་པའི་ཕྱིར་གཙང་བ་དང་། བསིལ་དྲོད་སྙོམས་ཤིང་སྤྱད་པ་དག་གིས་ཁམས་བཟང་བར་བྱེད་པས་འཇམ་པ་དང་། སྲོག་ཆགས་ཕྲ་མོ་དང་རགས་པ་ཆུ་བཙོག་པར་བྱེད་པ་མེད་པས་དག་པ་དང་། ཁ་གཏིང་མེད་པར་རབ་ཏུ་གསལ་བས་དྭངས་པ་དང་། ཚ་བའི་རེག་པ་དང་གདུང་བ་སེལ་བས་བསིལ་བ་དང་། དྲི་མས་རྙོག་པ་ལྟ་བུ་མེད་པས་རྙོག་པ་མེད་པ་དང་། འཐུངས་པའི་ཚེ་ཞིམ་ལ་མགྲིན་པར་འབད་རྩོལ་མེད་པར་ཁོང་དུ་འཇུག་པས་བདེ་བ་དང་། ཁོང་བར་སོང་ན་ཕོ་བ་སྦོས་པ་ལ་སོགས་པ། ཆུ་སྔ་མ་དང་འཐབས་པའི་ནད་མི་སྐྱེད་པར་རྟག་ཏུ་བདེ་བ་སྐྱེད་པས་ལྟོ་བ་ལ་མི་གནོད་པ། བརྒྱད་ནི་མིའི་ཆུ་ཡན་ལག་བརྒྱད་ལྡན་ནོ། །ལྷའི་ཆུ་ཡན་ལག་བརྒྱད་ལྡན་ནི། དེ་ཉིད་ལས། དྭངས་དང་བསིལ་དང་ཡང་དང་ཞིམ། །འཇམ་དང་དྲོ་དང་གསལ་དང་བདེ། །འདི་དག་དྲི་མེད་ལྷ་ཡི་ཆུ། །ཡིད་འོང་ཡན་ལག་བརྒྱད་དུ་འདོད། །ཅེས་པས་ཁ་གཏིང་མེད་པར་གསལ་ལ་རྙོག་པ་མེད་པས་དྭངས་པ་དང་། ཚ་བའི་གདུང་བ་སེལ་བས་བསིལ་བ་དང་། མིའི་ཆུ་ལས་བརྒྱད་འགྱུར་གྱིས་ལྗིད་ཡང་བ་དང་། རོ་མངར་བ་སྦྲང་རྩི་ལྟར་བྲོ་བས་ཞིམ་པ་དང་། རེག་ན་འཇམ་པ་དང་། གྲང་བའི་ཚེ་དྲོ་བའི་རྣམ་པར་འགྱུར་བ་དང་། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོའི་ཁ་དོག་གསལ་བ་ཚོན་གྱིས་བསྒྱུར་བ་ལྟར་སོ་སོ་ན་གསལ་བ་དང་། ཁོང་དུ་སོང་བ་ན་བདེ་བ་མཆོག་ཏུ་འཕགས་པ་སྐྱེད་པའོ། །མ་དྲོས་མཚོ་ཆེན་ཡོད་པའི་ས་གནས་དེར་རྫུ་འཕྲུལ་དང་མི་ལྡན་པ་རྣམས་ཀྱིས་བགྲོད་པར་དཀའ་བ་ཡོད་དོ། །རྫུ་འཕྲུལ་དང་ལྡན་པའི་སྤྱོད་ཡུལ་ཡིན་ཀྱི་རྫུ་འཕྲུལ་དང་མི་ལྡན་ན་དེར་བགྲོད་པར་མི་ནུས་སོ། །མཚོ་དེ་པདྨའི་སྡོང་པོ་ཡལ་ག་གཤོལ་མདའ་ཙམ་དང་། འདབ་མ་བ་ལང་གི་ཀོ་བ་ཙམ་དུ་རྒྱས་པ་ཁ་བྱེ་བས་ཁེབས་པ་ལ། ཆུ་བྱ་སྣ་ཚོགས་པ་རྩེ་ཞིང་སྐད་རབ་ཏུ་སྙན་པ་སྒྲོག་པའོ། །གངས་རི་དེའི་འདབ་ན། གསེར་གྱི་བྲག་བྱ་སྐྱིབས་ཅན་ལ་དགྲ་བཅོམ་པ་ལྔ་བརྒྱའི་ཕུག་པ་ཡོད་པ། མཚོ་དེ་ལ་མཚོ་ཕྲན་ནམ་རྫིང་གཡོག་ལྔ་བརྒྱའི་འཁོར་གྱིས་བསྐོར་བ་སྟེ། དེར་ལྷའི་དབང་པོའི་གླང་པོ་ཆེ་རབ་ཏུ་བརྟན་པ། གླང་གཡོག་ལྔ་བརྒྱ་དང་བཅས་པ་ལྷའི་གཟུགས་སུ་འདུག་ནས་ལོངས་སྤྱོད་པ་དག་ཡོད་དོ། །མཚོ་ཆེན་པོ་མ་དྲོས་པའི། ཕྱོགས་བཞིའི་ཁ་འབབ་བཞི་ལས་འབབ་པའི་ཆུ། །གངྒཱ་སིནྡྷ་པཀྵུ་སི་ཏ་རྣམས། །མ་དྲོས་མཚོ་ལ་ལན་བདུན་གཡས་བསྐོར་ནས། །ཆུ་བྲན་ལྔ་བརྒྱའི་འཁོར་དང་ལྷན་ཅིག་ཏུ། །ཕྱོགས་བཞིའི་རྒྱ་མཚོར་ངང་གིས་འབབ་པ་ཡིན། །ཅེས་གསུངས་ཏེ། མཚོ་འགྲམ་ན་བྲག་གི་གཟུགས་སྲོག་ཆགས་ཀྱི་དབྱིབས་འདྲ་བ་ཐ་དད་པ་ཡོད་པའི་ཁ་ནས་འབབ་པ་ལས་མིང་དེ་ལྟར་ཐོགས་པ་ཡིན་པར། ཤར་ཕྱོགས་གླང་པོ་ཆེའི་ཁ་ནས་གངྒཱ་འབབ་པ་ནི་མ་དྲོས་པ་ལན་བདུན་བསྐོར་ནས། ཆུ་བྲན་ལྔ་བརྒྱ་དང་བཅས་ཏེ་ཤར་གྱི་རྒྱ་མཚོར་འབབ་བོ། །ལྷོ་ཕྱོགས་ཁྱུ་མཆོག་གི་ཁ་ནས་སིནྡྷ་ཡང་དེ་བཞིན་དུ་ལྷོའི་རྒྱ་མཚོར་འབབ་བོ། །ནུབ་ཕྱོགས་རྟ་མཆོག་གི་ཁ་ནས་པཀྵུ་སྔར་བཞིན་ནུབ་ཀྱི་རྒྱ་མཚོར་འབབ་བོ། །བྱང་ཕྱོགས་སེང་གེའི་ཁ་ནས་སི་ཏ་སྔར་བཞིན་བྱང་གི་རྒྱ་མཚོར་འབབ་བོ། །གཞུང་ཁ་ཅིག་ལས། ཤར་ཕྱོགས་རྟ་མཆོག་གི་ཁ་ནས་ཆུ་བོ་ཆེན་པོ་ལོ་ཧི་ཏ་དངུལ་གྱི་བྱེ་མ་འདྲེན་ཞིང་མཚོ་མ་དྲོས་པ་ལ་ལན་བདུན་བསྐོར་ནས་ཤར་གྱི་རྒྱ་མཚོར་འབབ་བོ། །ལྷོ་ཕྱོགས་གླང་པོའི་ཁ་ནས་གངྒཱ་གསེར་གྱི་བྱེ་མ་འདྲེན་ཞིང་སྔ་མ་ལྟར་འབབ་བོ། །ནུབ་ཕྱོགས་རྨ་བྱའི་ཁ་ནས་སིནྡྷ་རིན་པོ་ཆེ་སྣ་ཚོགས་ཀྱི་བྱེ་མ་འདྲེན་ཞིང་སྔར་བཞིན་འབབ་བོ། །བྱང་ཕྱོགས་སེང་གེའི་ཁ་ནས་པཀྵུ་རྡོ་རྗེའི་བྱེ་མ་འདྲེན་ཞིང་སྔ་མ་ལྟར་འབབ་བོ་ཞེས་འདོད་པའང་ཡོད་དོ། །འདི་གཉིས་ཀ་ལུང་ནས་བཤད་པས་གང་ལྟར་ཡང་འགལ་བ་མེད་དོ། །བསྐོར་ཕྱོགས་སུ་འབབ་པའི་དོན་མཚོ་མ་དྲོས་པ་ནས་ཕྱོགས་བཞིར་རྒྱང་རིང་ཞིག་བབ་པ་དེ་ནས་མཚོ་དེའི་གཡས་སུ་ཕྱོགས་པར་འཁྱོག་རེ་བྱུང་བ་དེ་ལྟ་བུ་ཤར་གྱི་ཕྱོགས་ལ་སོགས་པ་སོ་སོའི་རྒྱ་མཚོར་མ་སླེབས་ཀྱི་བར་ལ། ལན་བདུན་བདུན་བྱུང་བ་ལ་སྙན་ངག་ཏུ་བརྗོད་ཅིང་། ཞེས་སྐོར་བ་ངོ་མ་ལན་བདུན་དུ་སྐོར་བ་མིན་ཀྱང་འཁྱོགས་མཚམས་འཁྱོགས་མཚམས་ལ་ཚིག་རྒྱན་དེ་ལྟར་དུ་བྱས་པའོ། །ཆུ་བྲན་ལྔ་བརྒྱས་བསྐོར་བ་ཡང་ལུང་པ་ཐ་དད་པ་ཆེ་བ་ལྔ་བརྒྱའི་ཆུ་རེ་དེར་བབས་ནས་འདྲེས་ནས་འགྲོ་བ་ལ་འདོད་དེ། ཆུ་ཆེན་གྱི་གཙང་བོ་ཡིན་པས་ཆུ་བྲན་རེ་རེ་གཉིས་རེ་བབས་པས་ཆེར་སོང་བར་ཡང་མི་མངོན་པ་ཡིན་ནོ། །རྒྱ་མཚོའི་དབྱིངས་དེ་གཅིག་ཡིན་ཀྱང་འཛམ་བུའི་གླིང་ལ་ཕྱོགས་ཐ་དད་པ་བཞི་ཡོད་པས་དེ་དང་དེའི་ཆུ་འབབ་པ་ལ་ལྟོས་ནས། ཤར་དང་། ལྷོ་དང་། ནུབ་དང་། བྱང་གི་རྒྱ་མཚོ་ཞེས་བཏགས་པ་ཡིན་ནོ། །མ་དྲོས་པའི། མཚོ་འགྲམ་འཛམ་བུ་པྲིཀྵའི་སྡོང་པོ་ལས། །ཤིང་ཐོག་མཚོར་ལྷུང་གསེར་དུ་གྱུར་པ་ནི། །ལན་གྲངས་བཅུ་དྲུག་བཞུས་པའི་གསེར་དང་མཚུངས། །འཛམ་བུའི་ཤིང་གིས་བརྒྱན་ཕྱིར་དེ་སྐད་གྲགས། །ཞེས་གསུངས་ཏེ། མཚོ་དེའི་འགྲམ་གཡས་རོལ་ན་ཤིང་འཛམ་བུ་ཏྲི་ཤའི་སྡོང་པོ་གནམ་འཕངས་དང་རྒྱར་ཡངས་པ་ལ། འབྲས་བུ་རོ་མངར་དང་ལྡན་པ་སྨིན་པ་མཚོ་དེར་ལྷུང་བ་ན་ཆུའི་རྐྱེན་དང་ཤིང་ཐོག་འཛོམས་པ་ལས་འཛམ་བུ་ཆུ་བོའི་གསེར་དུ་འགྱུར་ཏེ། ཞེས་རིན་པོ་ཆེའི་རིགས་མང་ཆེ་བ་དུས་ཡུན་རིང་བོར་དངོས་པོ་འགའ་ཞིག་གི་ངོ་བོ་འགྱུར་ནས་དེ་དང་དེར་འགྱུར་བ་ཡིན་ནོ། །གསེར་གཞན་ལན་བཅུ་དྲུག་ཏུ་བཞུ་བཏུལ་བྱས་པའི་ཞུན་མར་གྱུར་པ་ལྟ་བུའི་བརྗིད་དང་། ཁ་དོག་དང་འོད་ཡོད་པ་ལྟ་བུའོ། །མཚོ་དེའི་བྱང་ཕྱོགས་ན་ཤིང་ཤལ་མ་ལི་རྩེ་མོ་ཤིན་ཏུ་མཐོ་བ་ལ་ནམ་མཁའ་ལྡིང་བྱ་ཁྱུང་ག་རུ་ཌཿ་རིགས་རྣམ་པ་བཞིའི་ཚང་ཡོད་དོ། །དེས་ནི་བརྫུས་ཏེ་སྐྱེས་པས་མགོ་བཟུང་ནས་གླིང་གི་ཁྱད་ཆོས་དང་མཐུན་པའི་སྒྲ་དོན་བཤད་ནས། གཉིས་པ་མཐར་སྐྱེ་གནས་ལྷག་མ་ཚོ་རིམ་གྱིས་བྱུང་ཚུལ་བསྟན་པ་ནི། དེ་ལྟར་བཀོད་པ་ཕུན་སུམ་ཚོགས་པས་བརྒྱན་པ་འཛམ་བུའི་གླིང་འདི་ཉིད་དུ། བསྐལ་པ་དང་པོའི་ཚེ་ལོ་དཔག་ཏུ་མེད་པ་ནས། མི་ཞེས་བྱ་བར་གྲགས་པའི་བར་དུ་དགའ་བདེ་ལ་སྤྱོད་སྤྱོད་པ་ལས་དུས་རིང་ཞིག་སོང་སྟེ། ཚེ་དང་བསོད་ནམས་ཀྱང་བགས་ཀྱིས་རིམ་པས་བྲི་སྟེ། སྔར་གྱི་ཡོན་ཏན་ལྟ་བུ་མེད་པ། དེ་ནས་མི་རྣམས་དགའ་བདེས་གཡེང་གྱུར་པ། །ཚེ་ལོ་བྱེ་བ་དག་ན་སྒོང་སྐྱེས་ཏེ། །ཀུན་ཀྱང་འོད་ལྔའི་སྒོ་ང་ལས་སྐྱེས་ཤིང་། །འོད་ནི་འདོམ་བདུན་རླུང་གིས་མཁའ་ལ་འགྲོ། །ཞེས་གསུངས་ཏེ། སྔོན་གྱི་བསོད་ནམས་ཀྱི་འབྲས་བུ་དགའ་བདེས་གཡེངས་པའི་དབང་གིས་གསར་དུ་སོགས་པ་ནི་མེད་པས་བགས་ཀྱིས་ཟད་དེ། ཚེ་ལོ་བྱེ་བ་རེ་ཐུབ་པ་ན་མི་རྣམས་འབྱུང་བ་བཞིའི་རྡུལ་ཕྲན་དྭངས་བ་འོད་ཀྱི་རང་བཞིན་དུ་འདུས་པའི་སྒོ་ང་ལས་སྐྱེས་པ་ཤ་སྟག་གོ་ཞེས་སྒོང་སྐྱེས་སུ་གྱུར་བའོ། །དེ་ཡང་ས་ལ་སོགས་པ་འབྱུང་བ་རེ་རེ་ཤས་ཆེ་གཞན་རྣམས་ཆུང་བས་གྲུབ་པ་དེ་དག་ལུས་བོངས་དང་ཁ་དོག་ཅི་རིགས་སུ་བྱུང་ལ། ཆ་མཉམ་པ་ལས་མཛེས་ཤིང་བལྟ་ན་སྡུག་པའོ། །འོད་ནི་འདོམ་བདུན་ཚུན་ཆད་གསལ་ཞིང་། གང་དུ་བསམས་པར་ལས་ཀྱི་རླུང་གིས་ནམ་མཁའ་ལ་འགྲོ་བ་དང་། ཟས་སུ་འབྱུང་བའི་དྭངས་མ་དག་ཟ། གོས་མེད་པས་གཅེར་བུ་ཚ་གྲང་གི་སྡུག་བསྔལ་མེད་པ། འདིའི་སྐབས་སུ་གོས་མེད་པའི་སྟོབས་ཀྱིས་ཕྱིའི་རྡུལ་གྱི་དྲི་མ་ལུས་ལ་དྲེག་པ་ཆགས་པ་འཁྲུད་དགོས་པས་འཁྲུ་བའི་ཁྲུས་ཀྱི་རྫིང་བུ་ཡང་རང་གྲུབ་ཏུ་ཡོད་པའོ། །ད་ལྟའི་སྐབས་ཀྱི་རང་རེའི་ལུས་ཀྱི་དྲི་མ་འདི་ཟས་ལས་བྱུང་བ་ཡིན། ཟས་ཟོས་པའི་སྙིགས་མ་གཅིན་པ་དང་བཤང་བ་རུ་འགྱུར་བ་དང་། དེ་ལས་དྭངས་བ་དེ་བ་སྤུའི་ཁུང་བུ་ནས་ལུས་ཀྱི་ཕྱིར་རྔུལ་ཆུའི་རྣམ་པར་ཐོན་པ་དང་། ཤིན་ཏུ་དྭངས་བ་རྣམས་ལུས་ཀྱི་བཅུད་དུ་འགྲོ་བ་ཡིན་པར་གསོ་རིག་པས་བཤད་པ་ཡིན། ལུས་ཀྱི་དྲི་མ་མ་བཀྲུས་ན་དྲི་ང་བ་འབྱུང་བ་ནི་མི་གཙང་བའི་རིགས་ཡིན་པས་ཡིན་ལ། དཀོན་མཆོག་གི་རྟེན་དང་དགེ་འདུན་གྱི་སྡེ་བཞུགས་ས་དང་། ཆོས་འཆད་པའི་གནས་སུ་དྲི་ངན་ཐུལ་ལེ་མ་སོང་ན་ཡག་པ་ཡིན། ནཱ་ལེནྡྲའི་མཁན་པོ་རྒྱལ་འབྱུང་གི་རྐང་པ་ཕྱིན་ཅི་ལོག་ཏུ་འཆུ་བ་ནི་སྐྱེ་བ་སྔོན་མར་སྡེ་སྣོད་བཞུགས་པའི་གཙུག་ལག་ཁང་དུ་མཆིལ་ལྷམ་མ་ཕུད་པར་ཕྱིན་པའི་དབང་གིས་ཡིན་པར་གསུངས། དལ་ཞིང་འཇམ་ལ་རེག་ན་བདེ་བར་ཁྲུས་དང་གཙང་སྦྲ་སྤྱོད་ཅིང་། རང་བཞིན་གྱིས་དགེ་བ་བཅུ་ལ་གནས་པའོ། །དེ་ཡང་སྔོན་གྱི་ལས་ཀྱིས་ཚེ་ཡང་བགས་ཀྱིས་བྲི། ལུས་ཀྱི་འོད་ཀྱང་ཆུང་དུ་སོང་བ་ན། དེ་ནས་ཚེ་ལོ་ས་ཡ་དྲུག་འབུམ་ན། །འོད་བྲི་མདའ་གང་དྲོད་གཤེར་སྐྱེ་བ་སྟེ། །འདོད་འཇོའི་བ་དང་ཅང་ཤེས་རྟ་མཆོག་བྱུང་། །ཞེས་གསུངས་ཏེ། འདིའི་དུས་ན་འབྱུང་བ་ཚ་བས་དྲོད་བྱས། གྲང་བས་གཤེར་བྱས་པས་དྲོད་གཤེར་ལས་སྐྱེ་བའོ། །འདི་ནས་ཚེ་ལོ་འབུམ་ལ་ཐུག་པར་འདོད་འཇོའི་བ་ལས་ནམ་འདོད་པ་ན་བདུད་རྩི་ལྟ་བུའི་ཞོ་འབྱུང་བས་ལུས་གསོ་བའི་རྐྱེན་བྱེད་པ་དང་། འགྲོ་བར་འདོད་པ་ན་ཅང་ཤེས་ཀྱི་རྟ་རང་ཉིད་གང་འདོད་དུ་ཕྱིན་པར་བྱེད་པ་ལ་སོགས་པའི་འདོད་ཡོན་རེ་མི་རེ་སྐྱེས་པ་དང་མཉམ་དུ་འབྱུང་ངོ་། །དེ་ཡང་འདོད་འཇོའི་བ་དང་ཅང་ཤེས་ཀྱི་རྟ་དེ་དག་ལ་ལ་ས་དང་། ཆུའི་མཚམས་དང་། ཤིང་གི་ལྗོན་པ་ལས་སྐྱེ་བ་ཡིན་ནོ། །དེ་ནས་མི་རྣམས་འདོད་པས་གཡེང་གྱུར་ནས། །ཚེ་དཔལ་འབྱོར་པའང་རིམ་གྱིས་བྲི་བར་འགྱུར། །སླར་ཡང་དཔག་བསམ་ཤིང་ལས་འདོད་འབྱུང་སྟེ། །འབྲས་བུ་ཟ་ཞིང་ཤིང་ལོ་གོས་སུ་གྱོན། །ཕན་ཚུན་མཐོང་དང་རེག་ན་བདེ་བ་འབྱུང་། །ཞེས་གསུངས་ཏེ། ཚེ་ལོ་དགུ་ཁྲི་ཐུབ་པ་ན་སྔར་བས་འབྱོར་པ་དང་བསོད་ནམས་བྲི་བས། མི་རེ་སྐྱེ་བ་དང་ཤིང་རེ་སྐྱེའོ། །ཤིང་དེའི་འབྲས་བུ་དྲི་དང་རོ་ཕུན་སུམ་ཚོགས་པ་ཟས་སུ་ཟ་ཞིང་། ལོ་མ་གོས་སུ་གྱོན་པའོ། །ཕོ་མོའི་མཚན་མ་ནི་མ་དོད་ལ། ཕན་ཚུན་མཐོང་ན་དགའ་བས་བལྟ་བའི་འདོད་ཆགས་ཙམ་གཏི་མུག་བག་ལ་ཉལ་ལངས་པ་ལས་བྱུང་ངོ་། །འདོད་ཆགས་བག་ལ་ཉལ་དངོས་སུ་ལངས་སུ་ཉེ་བའི་དུས་སོ། །དེ་ནས་ཕོ་མོའི་དབང་པོ་སྲོལ་དོད་ཅིང་། །ཕན་ཚུན་བལྟས་ཤིང་རེག་པའི་འདོད་ཆགས་བྱུང་། །ཤིང་བཅད་པ་ལས་འདོད་འབྱུང་ལྗོན་ཤིང་ནུབ། །ཅེས་གསུངས་ཏེ། རིང་ཞིག་ན་སྔར་ལས་ལོ་བརྒྱ་ལྔ་བཅུ་ཞིག་འདས་ཏེ། ཕན་ཚུན་མཐོང་བས་དགའ་བ་སྐྱེས་ཏེ། རྩེ་སར་འདུ་བ་དང་གནས་པ་བྱུང་ངོ་། །དེ་ནས་ལོ་བརྒྱ་ལྔ་བཅུ་ན་སྔོན་བས་བདེ་བ་སྐྱེས་ཏེ། སེམས་པ་དང་། རྟོག་པ་དང་། བགྲང་བ་ལ་སོགས་པའི་རྣམ་རྟོག་བྱུང་ངོ་། །འདི་དག་གི་དུས་ན་ང་རྒྱལ་དང་། ཕྲག་དོག་བག་ལ་ཉལ་ལངས་ཤིང་། ཞེ་སྡང་བག་ལ་ཉལ་གྱི་མཐུས། ཤིང་དེ་དག་བཅད་པས་ནུབ་པར་གྱུར་སྟེ། ཕོ་མོའི་དབང་པོའི་སྲོལ་དོད་པ་སྟེ་འབུར་འབུར་པོ་དང་། ཤོང་བུ་ཙམ་ཞིག་ལས་དངོས་སུ་ནི་མེད་དོ། །དེ་ནས་ཚེ་དང་བསོད་ནམས་བྲི་བ་ཡིས། །སྦྲང་རྩིའི་རོ་འདྲ་ས་ཡི་བཅུད་ཟ་ཞིང་། །ཕན་ཚུན་བགད་པས་ཚིམ་པའི་འདོད་ཆགས་བྱུང་། །ཞེས་གསུངས་ཏེ། དེའི་འོག་ཏུ་ལོ་ལྔ་བརྒྱ་འདས་པ་ལས་ཚེ་དང་བསོད་ནམས་ཀྱང་བགས་ཀྱིས་བྲི་སྟེ། སྔོན་བསྐལ་པའི་ས་ཆགས་པའི་རྗེས་སུ་ཆུའི་རྒྱུན་བབས་པས་རོལ་མཚོ་དང་གླིང་ཐམས་ཅད་གང་ནས། དེ་དག་སྟེང་དུ་འོ་མའི་སྤྲིས་བཞིན་ཆགས་པ་ནི་སའི་བཅུད་ཅེས་ཏེ། མར་གསར་གྱི་ཁ་དོག་ལྟ་བུ་ལ་སྦྲང་རྩིའི་རོ་བཅུད་འདྲ་བ་ཡོད་པ་དེ་ལ་མཛུབ་མོས་བླངས་ཏེ་མྱངས་པས་སྲེད་པར་གྱུར་ནས་ཟས་སུ་ཟ་ཞིང་། ཤིང་ལས་རས་བལ་འཇམ་པོ་བྱུང་བ་དག་གོས་སུ་གྱོན་ཏོ། །དེའི་ཚེ་གཅིག་ལ་གཅིག་བགད་པས་ཚིམ་པའི་འདོད་ཆགས་ཀྱང་བྱུང་སྟེ་འགྲོ་བ་ཡང་མང་དུ་མཆེད་དོ། །དེ་ནས་ཁ་ཟས་རགས་པའི་རྒྱུས། འོད་ཉམས་གཏི་མུག་དབང་གིས་མུན་པ་བྱུང་། །སྤྱི་མཐུན་ལས་ཀྱིས་ཉི་ཟླ་གཟའ་སྐར་བྱུང་། །ཉིན་མཚན་ལ་སོགས་དུས་ཚིགས་ཡོད་པར་གྱུར། །ཅེས་གསུངས་ཏེ། ཁམས་ཀྱི་ཟས་དེས་ལུས་མཁྲང་བ་དང་ལྕི་བར་གྱུར་ཏེ། ཉོན་མོངས་པ་སྐྱེས་པའི་དབང་གིས་འོད་ཉམས་ཏེ་འཇིག་རྟེན་འདིར་མུན་པ་བྱུང་ངོ་། །གཏི་མུག་བག་ལ་ཉལ་དངོས་སུ་ལངས་པའི་དུས་སོ། །འདི་ལྟར་འཇིག་རྟེན་དུ་མུན་པ་བྱུང་བ་དང་། ཉི་ཟླ་འཆར་བ་ཆོས་ཉིད་ཡིན་པས་འགྲོ་བ་ཀུན་སྤྱི་མཐུན་པའི་བསོད་ནམས་ལས་ནམ་མཁའ་ལ་ཉི་མའི་དཀྱིལ་འཁོར་ཤར་བས། འདི་ནི་ལྷའི་འོད་ཡིན་ནོ་སྙམ་དུ་སེམས་ནས་མིང་ཉིན་པར་ཞེས་ཟེར་ཏེ་ཉི་མར་བཏགས་སོ། །དེ་ནུབ་པ་དང་མཚན་མོ་ཞེས་མིང་བཏགས་སོ། །དེ་ནས་ཟླ་བ་ཤར་བས་འདི་ཡང་དེའི་ཟླ་བོར་འདུག་ཟེར་ནས་ཟླ་བར་བཏགས་སོ། །ཟླ་བ་ཤར་བ་ན་བསིལ་དྲགས་པས་གྲང་བར་གྱུར་ཏེ། ཧ་ཅང་བསིལ་དྲགས་སོ་ཞེས་མཐུན་པར་སྨྲས་པས་འགྲིབ་པར་གྱུར་ཏོ། །ཡང་སྣང་བར་ཤོག་ཅེས་སྨྲས་པས་སྐྱེ་བར་གྱུར་ཏེ། དེ་དག་དེ་ལྟར་སྨྲས་པའི་དབང་གིས་དང་། སྤྱི་མཐུན་གྱི་ལས་ཀྱིས་ཉི་ཟླ་འཆར་ལུགས་ལ་སོགས་པ་བྱུང་བ་ཡང་ཆོས་ཉིད་ཀྱིས་གྲུབ་པ་ཡིན། སྟོད་སྨད་ཀྱི་ཚེས་ལ་སྐྱེ་འབྲིར་གྱུར་ཏོ། །སློབ་དཔོན་ཁ་ཅིག་ནི་ཁ་ཆགས་ཀྱི་གྲིབ་མའི་སྐྱེ་འབྲིས་དེ་ལྟར་འདོད་ལ། ཁ་ཅིག་ངོས་ཀྱི་བླ་འོག་འགྱུར་བས་དེ་ལྟར་འདོད་པ་གཉིས་མི་འགལ་ཏེ། རྒྱུ་དང་པོའི་འགྲོ་བ་རྣམས་ཀྱིས་དེ་སྐད་མཐུན་པར་བསྒྲགས་པའི་སྨོན་ལམ་དང་། རྐྱེན་ཁ་ཆགས་ཀྱི་གྲིབ་མ་ལ་སོགས་པ་མཚུངས་པའི་ཕྱིར་རོ། །དེ་ཡང་ཉི་མ་དང་ཉེ་བས་རང་གི་ཁ་ཆགས་ཀྱི་གྲིབ་མས་འགྲིབ་པ་གང་ཡིན་པའི་ངོས་ཀྱི་ཟླ་བ་འཕེལ་བར་སྣང་སྟེ། མཛོད་ལས། ཉི་མ་དང་ནི་ཉེ་བ་ལས། །རང་གི་གྲིབ་མས་འགྲིབ་པར་སྣང་། །ཞེས་པའོ། །ཡང་ན་ངོས་གཅིག་ཆུ་ཤེལ། གཅིག་བཻ་ཌཱུརྱ་ཡིན་པས་འཕེལ་དུས་ཆུ་ཤེལ་ཐུར་ལ་ཇེ་གསལ་དུ་གྱུར་སྟོབས་ཀྱིས། བཻ་ཌཱུརྱ་ཇེ་འབྲིར་གྱུར་ཏེ། བཅོ་ལྔ་ན་རྫོགས་པར་བླ་འོག་ལོག་ལ། བཅུ་དྲུག་ནས་འགྲིབ་དུས་བཻ་ཌཱུརྱ་ཐུར་ལ་ཇེ་ཆེར་གྱུར་པ་སྟོང་ལ་བཻ་ཌཱུརྱ་རིལ་འོག་ཏུ་སྣང་སྟེ། ནམ་མཁའ་དང་མདོག་འདྲེས་པས་མི་སྣང་བ་ཡིན་ནོ། །དེ་ལྟར་གཉིས་ཀ་ལུང་ལས་བཤད་དོ། །འདི་དག་ཀྱང་དུས་སྐབས་དུས་སྐབས་ཀྱི་གདུལ་བྱའི་བློ་དང་མཐུན་པར་བསྟན་པ་ཡིན། བཅོམ་ལྡན་འདས་ཚེ་ལོ་བརྒྱ་བའི་སྐབས་སུ་འཇིག་རྟེན་དུ་བྱོན་པ་ཡིན་ལ། དེའི་སྔོན་དུ་མིའི་རིགས་ཆགས་ནས་ཡུན་རིང་སོང་བས་དེའི་དུས་ཀྱི་མི་རྣམས་ཀྱི་བཤད་ཚུལ་ལ་གཞི་ཅུང་ཞིག་མ་བཟུང་ན་གདུལ་བྱའི་བློ་དང་འཚམས་པའི་ཆོས་བསྟན་པ་རུ་མི་འགྱུར་བ་ཡིན། དྲང་ངེས་ཀྱི་རྣམ་བཞག་བྱུང་བ་དེ་ཡང་། གདུལ་བྱའི་ཁམས་དབང་དང་བསྟུན་ཏེ་གསུངས་བ་ཤ་སྟག་ཡིན་པའི་གོ་བས་དེད་དགོས་པ་ནི་གསུང་རབ་ལྟ་བའི་མིག་ཡིན། ཉི་ཟླ་ཤར་དུས་གཟའ་དང་སྐར་མ་ཡང་དེའི་འཁོར་དུ་ཤར་ཏེ། སྐད་ཅིག་དང་། སྔ་དྲོ་དང་། ཕྱི་དྲོ་དང་། ཉིན་མོ་དང་། མཚན་མོ་དང་། ཞག་དང་། ཟླ་བ་དང་། ལོ་ལ་སོགས་པའི་དུས་རྣམས་བྱུང་བའོ། །དེ་ནས་རིམ་བཞིན་ས་ཡི་ཞག་དང་ནི། །མྱུ་གུའི་ཚལ་དང་ཕུབ་མ་མེད་འབྲས་བྱུང་། །ཞེས་གསུངས་ཏེ། དེ་ན་ཟས་མང་དུ་ཟ་བ་དག་ཁ་དོག་ངན་ལ། ཉུང་ངུ་ཟ་བ་དག་བཟང་བས་ཁ་དོག་སྣ་ཚོགས་པ་ཡོད་པར་གྱུར་ཏེ། ངན་པ་ལ་འཕྱས་ཤིང་སྨད། བཟང་པོ་ལ་བསྟོད་ཅིང་ང་རྒྱལ་བས་ཕྲག་དོག་པར་གྱུར་ཏོ། །ང་རྒྱལ་དང་། ཕྲག་དོག་མངོན་གྱུར་སྐྱེས་པས་སྔར་གྱི་སའི་བཅུད་ནུབ་པར་གྱུར་ནས། སེམས་ཅན་དེ་དག་འདུས་ཏེ་ཀྱེ་མ་ཀྱི་ཧུད་སའི་བཅུད་ཟེར་ཞིང་མྱ་ངན་བྱེད་དོ། །དེའི་འོག་ཏུ་སའི་ཞག་ཁ་དོག་དོང་ཀའི་མེ་ཏོག་ལྟར་དམར་བ་ལ་ཞེས་པ་ནི་སྨན་གཞུང་ལས་དོང་ག་རྒྱུ་མར་ཁྲག་བླུགས་འདྲ་ཞེས་པ་དེ་ཡིན་ངེས། རོ་སྦྲང་རྩི་མ་བཀོལ་བ་ལྟ་བུ་བྱུང་བ་ལ་ཡུན་རིང་དུ་སྤྱོད་དོ། །དེ་ཡང་མངོན་པའི་ང་རྒྱལ་སྐྱེས་པས་ནུབ་པ་ན་ཡང་སྔར་བཞིན་མྱ་ངན་བྱེད་དོ། །དེའི་འོག་ཏུ་མྱུ་གུའི་ཚལ་ཁ་དོག་ཀ་ཏཾ་པུ་ཀའི་མེ་ཏོག་ལྟར་སེར་བ་ལ་ཡུན་རིང་དུ་ཟ་ཞིང་འདུགདེ་ནི་ནང་བརྔས་ན་ནང་སྐྱེ། ནུབ་བརྔས་ན་ནུབ་སྐྱེ་བས་བརྔས་པ་མི་མངོན་པ་ཡོད་པ་ལས། སྔར་བཞིན་ནུབ་ནས་མྱ་ངན་བྱེད་དོ། །དེའི་འོག་ཏུ་མ་རྨོས་མ་བཏབ་པར་རང་སྐྱེས་པའི་འབྲས་སཱ་ལུ་ཕུབ་མ་མེད་ཅིང་གཙང་བ་ནང་བརྔས་ན་ནུབ་སྐྱེ་ལ། ནུབ་བརྔས་ན་ནང་སྐྱེ་བ་ལ་ཡུན་རིང་དུ་སྤྱོད་དོ། །དེ་ལྟར། རགས་པའི་ཟས་དེས་བཤང་གཅིའི་ལམ་དང་ནི། །ཕོ་མོའི་དབང་པོའང་ལེགས་པར་དོད་གྱུར་པས། །འཁྱུད་དང་དབང་པོ་སྦྱར་བའི་འདོད་ཆགས་བྱུང་། །ངོ་ཚའི་དབང་གིས་འཇག་ཁྱིམ་བྱུང་བ་སྟེ། །དེ་དག་ཡན་ཆད་བསྐལ་པ་རྫོགས་ལྡན་ནོ། །ཞེས་གསུངས་ཏེ། ཟས་རགས་པ་དེས་ལུས་སྟོབས་དང་ལྡན་ཞིང་བཤང་གཅིའི་ལམ་དང་། ཕོ་མོའི་དབང་པོའི་སྒོ་དངོས་སུ་གསལ་བར་དོད་དོ། །དེ་དག་སྦ་བའི་དོན་དུ་རས་བལ་ཐགས་སུ་བྱས་པའི་སྨད་དཀྲིས་དང་གོས་སུ་བྱེད་དོ། །དེའི་ཚེ་གཅིག་ལ་གཅིག་ཆགས་པས་འཁྱུད་པའི་འདོད་ཆགས་བྱུང་སྟེ། དབང་པོའི་སྒོ་གཉིས་སྦྱར་ནས་འཁྲིག་པར་སྤྱད་པས་སེམས་ཅན་དང་ལྡན་པར་གྱུར་ཏེ་མངལ་ནས་སྐྱེ་བར་གྱུར་ཏོ། །དེ་ལྟར་འཁྲིག་པ་སྤྱོད་པ་ན། གཞན་དག་གིས་མི་རིགས་པའི་སེམས་སྐྱེས་ཏེ་ས་རྡོས་འཕངས་པ་དང་། ངན་དུ་སྨྲ་བས་ངོ་ཚ་བའི་སེམས་སྐྱེས་ཏེ། ཤིང་དང་རྡོ་ལ་སོགས་པས་ལོགས་སྐྱོར་ཏེ་ཁང་བུ་བྱས་པས་ངོ་ཚ་བ་སྐྱོབ་པའི་ཁྱིམ་ཞེས་མིང་དུ་གྲགས་སོ། །དེའི་ཚེ་ནམ་མཁའ་ལས་བདུད་རྩིའི་ཆར་བབས་པས་གཤེར་བ་སྐྱོབ་པའི་ཕྱིར་སྟེང་ནས་འཇག་མས་བཀབ་པས་ཁྱིམ་ལ་སྔ་བ་འཇག་ཁྱིམ་སྤྱིལ་པོ་བྱུང་ངོ་། །དེ་ནས་འབྲས་སཱ་ལུའི་ཞིང་ནས་ཇི་ཙམ་དགོས་པ་ན་བརྔ་བ་ལས། ལེ་ལོ་ཅན་གཅིག་གིས་སང་གི་སྐལ་བ་ཡང་དོ་ནུབ་ལེན་པའི་གསོག་འཇོག་བྱས་པས་དེ་ལ་ཐམས་ཅད་ཀྱིས་འགྲན་ནས་དེ་ལྟར་བྱས་སོ། །དེ་ཡན་ཆད་ནི་སྔོན་བསྐལ་པ་དང་པོ་སྟེ། དགེ་བ་བཅུ་ལ་ངང་གིས་རྫོགས་པར་སྤྱད་པས་རྫོགས་ལྡན་སུམ་ལྡན་སུམ་གཉིས་ལྡན་རྩོད་ལྡན་ཞེས་དུས་བཞིར་གྲགས་པའི་ནང་གི་རྫོགས་ལྡན་གྱི་དུས་སོ། །དེ་ནས་རིང་ཞིག་ལོན་པ་དང་མི་དག་གིས། དེ་ནས་ལེ་ལོས་གསོག་འཇོག་བྱས་པ་ཡིས། །འབྲས་ལ་ཕུབ་ཤུན་བརྔས་པའང་མངོན་པར་གྱུར། །སོ་སོར་བགོས་པས་ཕན་ཚུན་བརྐུ་བ་བྱུང་། །ཞེས་གསུངས་ཏེ། གསོག་འཇོག་གི་ཉེས་པས་འབྲས་སཱ་ལུ་དེ་དག་ལ་ཕུབ་མ་བྱུང་ཞིང་། བརྔས་སོ་ཅོག་ཀྱང་ཕྱིར་མངོན་པར་གྱུར་ནས་སཱ་ལུ་རྣམས་ཕུང་པོར་བྱས་ཏེ། དེ་དག་གིས་འདུས་ནས་སྨྲས་པ། ཀྱེ་མ་བདག་ཅག་གིས་ཐོག་མར་བྱུང་བའི་སའི་དྭངས་མ་དང་། འདོད་འཇོའི་བ་དང་། དཔག་བསམ་གྱི་ཤིང་དང་། སའི་ཞག་དང་། མྱུ་གུའི་ཚལ་དང་། མ་རྨོས་པའི་ལོ་ཏོག་རྣམས་ཀྱང་གསོག་འཇོག་དང་། རིས་སུ་བྱས་པའི་དབང་གིས་ནུབ་པས་འདི་ནི་ཕུང་པོར་གཞག་གོ་ཞེས་སྨྲེ་སྔགས་འདོན་ཏོ། །ཕུང་པོའི་དོན་ནི་མ་བགོས་པར་སྤྱི་ནོར་དུ་བྱའོ་ཞེས་འདོད་དོ། །དེའི་ཚེ་མི་རང་བཞིན་ངན་པ་ཅིག་གིས་འབྲས་ཀྱི་ཞིང་ལ་འདི་ང་དབང་ངོ་ཞེས་རིས་སུ་བཅད་པས། དེ་ལ་ཕྲག་དོག་གིས་འགྲན་ནས་ཀུན་གྱིས་བགོས་ཏེ་མུ་བྲེས་པས་ང་རྒྱལ། ང་འཕམ་ཞེས་ང་རྒྱལ་དང་ཕྲག་དོག་བྱུང་ངོ་། །དེ་ནས་བསོད་ནམས་ཆུང་བའི་ཞིང་ལ་འབྲས་ངན་པ་ལས་མ་སྐྱེས། ཆེ་བ་ལ་བཟང་དུ་སྐྱེས་པ་ན་ངན་པའི་ཞིང་གིས་མ་སོས་པས་བཟང་པོ་ལ་རྐུ་བ་དང་སློང་བ་བྱུང་ངོ་། །དེ་ནས་འཛམ་བུའི་གླིང་འདིར་རྒྱལ་རིགས་རྗེ་རིགས་ལ་སོགས་མི་རིགས་བཞིར་གྱུར་པ་ཡང་། དེ་ཚེ་རང་བཞིན་བཟང་པོའི་སྐྱེས་བུ་ཞིག ཀུན་གྱིས་བཀུར་བས་རྒྱལ་པོ་ཞེས་བྱ་སྟེ། །མང་པོས་བཀུར་བའི་རྒྱལ་པོ་ཐོག་མར་བྱུང་། །ཞེས་གསུངས་ཏེ། དེ་ནས་འབྲས་ཀྱི་ཞིང་བཟང་ངན་ཀུན་ལ་རྐུ་བ་མི་རིགས་པས་ཆད་པ་བཅད་པ་དང་། སཱ་ལུ་ཕྱིར་འདྲེན་པ་དང་། ནང་དུ་འགུགས་པ་ལ་སོགས་པ་ངན་པར་སྐྱེས་པ་དག་གིས་བྱ་ལ། བཟང་དུ་སྐྱེས་པ་དག་དལ་བར་འཁོད་པར་རིགས་པས་བདག་ཅག་རྣམས་འདུས་ལ། གཅིག་དཔོན་དུ་བསྐོ་བར་བྱའོ་ཞེས་བགྲོས་ཏེ། དེ་དག་གི་ནང་ནས་མི་རིགས་དང་ངང་ཚུལ་བཟང་ལ་གཟུགས་མཆོག་ཏུ་གྱུར་པ་ཞིག་རྒྱལ་པོར་བསྐོས་པས་མང་པོས་བཀུར་བའི་རྒྱལ་པོ་ཞེས་བྱ་བ་འཛམ་བུའི་གླིང་གི་རྒྱལ་པོ་ཐོག་མ་དེ་བྱུང་ངོ་། །དེ་ལྟ་བུའི་རིགས་དང་གཞན་དག་འདུས་ནས་བཀུར་བའི་མཆོག་ལ་རྒྱལ་པོ་ཞེས་བྱ་བའི་རིགས་བྱུང་ངོ་། །ལུང་ཁ་ཅིག་ལས། འབྲས་ཀྱི་ཞིང་ཟད་དུ་ཉེ་བ་ལས། སོ་སོར་བགོས་པ་ན་མི་རང་བཞིན་བཟང་བ་ཅིག་གིས་བགོས་མཁན་བྱས་པས། ཁོ་རང་གི་སྐལ་བ་ཆད་པ་ལ་ཐམས་ཅད་མགུ་ནས་ཁྱེད་བདག་ཅག་རྣམས་ཀྱི་རྒྱལ་པོར་འོས་སོ་ཞེས། འབྲས་ཀྱི་སྙེ་མ་སོ་སོ་ནས་བསྡུས་ཏེ་བསྐོས་པར་བཤད་དོ། །མི་ཕལ་པ་དེ་དག་གི་ནང་ནས། འགའ་ཞིག་ཁྱིམ་ནས་ཕྱི་རོལ་ཕྱོགས་པ་ལ། །བྲམ་ཟེ་ཞེས་གྲགས་གཙང་སྦྲ་སྤྱོད་པ་བྱུང་། །འགའ་ཞིག་ཁྱིམ་ན་འབྱོར་ལྡན་ཕ་མ་བཀུར། །དེ་དག་མིང་ཡང་རྗེའུ་རིགས་ཞེས་སུ་གྲགས། །ཞེས་གསུངས་ཏེ། མི་འགའ་ཞིག་ཁྱིམ་ནས་ཡིད་ཕྱིར་ཕྱོགས་པས་གཙང་སྦྲ་ལྷུར་ལེན་པ་དེ་ལ་བྲམ་ཟེ་ཞེས་བྱ་བའི་མིང་དུ་གྲགས་ཏེ། དེའི་རྒྱུད་དུ་གཏོགས་པ་རྣམས་ལ་བྲམ་ཟེའི་རིགས་ཞེས་བྱའོ། །ཁྱིམ་ན་གནས་ཏེ་ཡོ་བྱད་འབྱོར་པས་ཕ་དང་མ་མཆོད་པ་ལ་གཙོ་བོར་བྱེད་པ་དེ་དག་རྗེའུ་ཞེས་བྱ། དེའི་རྒྱུད་དུ་གཏོགས་པ་རྣམས་ལ་རྗེའུ་རིགས་ཞེས་བྱའོ། །འགྲོ་བ་དེ་དག་གི་ནང་ནས། འགའ་ཞིག་ཆོས་མིན་སྤྱོད་ལ་དམངས་རིགས་ཞེས། །མི་རིགས་རྣམ་བཞིར་གྲགས་པ་དེ་ནས་བྱུང་། །ཞེས་གསུངས་ཏེ། གང་དག་ཕ་ལ་ཕར་མི་འཛིན། མ་ལ་མར་མི་འཛིན། རིགས་ཀྱི་རྒན་རབས་ལ་རྒན་རབས་སུ་མི་འཛིན་པ་ཁྲེལ་མེད་པོ་ཡོད་པས་དེ་དག་ལ་མི་བཀུར་ཞིང་། རྐུ་བ་དང་ལོག་པར་གཡེམ་པ་ལ་སོགས་པ་ཆོས་མི་དགེ་བ་ལ་གཙོ་བོར་རྡོལ་ཆོས་སུ་ངན་པར་སྤྱོད་པ་དེ་དག་ལ་དམངས་སམ་གདོལ་བའི་རིགས་ཞེས་ངན་པར་བྱས་སོ། །རིགས་འདྲེས་པས་བསླད་པ་དང་། རིགས་སྐྱོན་ཆགས་པས་བསླད་པ་དང་། གློ་བུར་དུ་ཀུན་སྤྱོད་དེ་ལྟར་བྱས་པས་བསླད་པ་བྱུང་ན་རྒྱལ་རིགས་བྲམ་ཟེ། རྗེའུ་རིགས་གང་ཡིན་ལས་ཉམས་ནས་དམངས་རིགས་སུ་འབེབས་པའི་ཆད་ཀྱང་དེའི་ཚེ་བྱས་པ་ལས། དེང་སང་གི་བར་དུ་རྒྱ་གར་ན་རིགས་བསྲུང་བ་ལ་ནན་ཏན་དུ་བྱེད་པ་དེ་ཡིན་ནོ། །མུ་སྟེགས་ཚངས་པའི་རྗེས་སུ་འབྲངས་པ་དག་ཚངས་པའི་ཞལ་ལས་མི་རིགས་བཞི་བྱུང་བར་འདོད་དོ། །རྒྱལ་པོ་མང་པོས་བཀུར་བའི་ཚེ་ན་མི་རྣམས་ཀྱི་མིང་ཡང་སེམས་ཅན་ཞེས་བྱ་བར་རིགས་གཅིག་གོ །དེ་ནས་རིགས་བཞིར་བྱུང་ནས་མིང་དང་རིགས་སོ་སོར་བྱས་ཏེ། བདེ་བ་དང་སྡུག་བསྔལ་མྱོང་བར་ངེས་པའི་འགྲོ་བ་འོག་མ་དང་གོང་མར་འཕེན་པའི་ལས་ཀུན་ཏུ་རྩོམ་པར་གྱུར་ཏོ། །དེ་དག་གིས་མཐོ་རིས་ཀྱི་ཆགས་ཚུལ་བཤད་ཟིན་ཏོ། །གཉིས་པ་ངན་སོང་ལ། དམྱལ་བའི་ཆགས་ཚུལ་དང་། ཡི་དྭགས་དང་དུད་འགྲོའི་ཆགས་ཚུལ་གཉིས། དང་པོ།

དམྱལ་བའི་ཆགས་ཚུལ་བསྟན་པ།

ད་ནི། ངན་སོང་དག་ལས་དམྱལ་བའི་སེམས་ཅན་ནི། །གང་ཞིག་བདག་པོར་གྱུར་པའི་ལས་བསགས་པ། །གཤིན་རྗེའི་རྒྱལ་པོར་གྱུར་རྗེས་དེ་ཡི་འཁོར། །དམྱལ་བའི་སྲུང་མ་རྣམས་དང་ཁྱི་དང་བྱ། །མེ་དང་མཚོན་རྣམས་ལས་ཀྱི་དབང་གིས་བྱུང་། །ཞེས་གསུངས་ཏེ། ངན་སོང་གསུམ་བཤད་པའི་གོ་རིམ་ནི་གང་སྡུག་བསྔལ་གྱི་ཚོར་བ་རགས་ཤིང་རྩུབ་པ་དེ་ཉིད་སྔོན་དུ་བཤད་པ་ཡིན། སྔོན་མཐོ་རིས་ཀྱི་རྟེན་ལ་ཞེ་སྡང་གི་ལས་གཙོ་བོར་བསགས་པ། དེའི་ནང་ནས་དམྱལ་བ་པ་རྣམས་ཀྱི་བདག་པོར་འགྱུར་བའི་ལས་བསགས་པ་ཞིག་ཐོག་མར་དམྱལ་བའི་གནས་སུ་གཤིན་རྗེའི་རྒྱལ་པོར་སྐྱེས་པར་གྱུར་ཏོ། །སངས་རྒྱས་ཕལ་པོ་ཆེའི་ནང་དུ། ཀྱེ་རིགས་ཀྱི་བུ། དེ་བཞིན་གཤེགས་པའི་སྤྲུལ་བ་ནི་ཚད་མེད་དེ། དགེ་སྦྱོང་དང་། བྲམ་ཟེ་དང་། ཡི་དྭགས་དང་། དམྱལ་བ་པའི་གཟུགས་ཀྱིས་འདུལ་བ་རྣམས་ལ་ཡང་དེའི་གཟུགས་སུ་སྤྲུལ་ཞིང་འགྲོ་དོན་མཛད་པའོ་ཞེས་གསུངས་པ་དང་། གསང་སྔགས་ཀྱི་ཆོ་གའི་སྐབས་སུ་ཡང་། ཆོས་ཀྱི་རྒྱལ་པོ་མེ་ཆུ་བསིལ་དྲོད་བསྣམས། །ཞེས་གསུངས་པ་ལྟ་བུའི་རིགས་འདི་དག་ནི། ཚིག་ལ་མི་རྟོན་དོན་ལ་རྟོན་པའི་ཆོས་ཉིད་ཀྱི་རིགས་པ་ལ་བརྟེན་པའི་རྣམ་འབྱེད་ཀྱི་ཤེས་རབ་རླབས་པོ་ཆེ་ཞིག་ཡོད་དགོས་པ་ཡིན། སྔགས་རྒྱུད་འགའ་རེའི་ནང་དུ། ཕྱོགས་སྐྱོང་བཅུའི་མགོ་བོ་དེ་ཁྲོ་བཅུས་གཟིར་གསུངས་པ་དང་། སྐབས་ལ་ལར་ཕྱོགས་སྐྱོང་བཅུ་ལ་སོགས་པ་གཙང་རིས་ཀྱི་དཔལ་མགོན་བདུན་ཅུ་རྩ་ལྔ་བོ་ཐེག་ཆེན་གྱི་དགེ་འདུན་དཀོན་མཆོག་གི་ངོ་བོ་ཅན་ཆོས་སྐྱོང་སྲུང་མའི་གྲལ་དུ་བཞག་པའང་ཡོད་པས། དེ་ལྟ་བུའི་རིགས་རྣམས་འགལ་མེད་ཀྱི་གོ་བ་རང་གིས་བརྙེད་དགོས་པ་ཡིན། དེའི་འོག་ཏུ་སེམས་ཅན་དམྱལ་བའི་སྲུང་མ་རྣམས་ནི་སྤྲུལ་པའི་ཚུལ་དུ་རྫུས་ཏེ་བྱུང་ཞིང་། ཁྱི་དང་། བྱ་དང་། ཟངས་དང་། ཁྲོ་ཆུ་དང་། མེ་དང། མཚོན་ལ་སོགས་པ་ཡང་བྱུང་བར་གྱུར་ཏོ། །ཞེས་དག་དང་མ་དག་བདེ་དང་སྡུག་བསྔལ་ཐམས་ཅད་རང་སྣང་ལས་བྱུང་བའི་གོ་བས་འདི་རྣམས་ལ་ཁྱབ་པ་ཡིན། དེ་བཞིན་དུ་སེམས་ཅན་དམྱལ་བ་རྣམས་ཀྱང་བྱུང་བར་གྱུར་ཏེ། མནར་མེད་པ་དང་། རབ་ཏུ་ཚ་བ་དང་། ཚ་བ་དང་། ངུ་འབོད་ཆེན་པོ་དང་། ངུ་འབོད་དང་། བསྡུས་འཇོམས་དང་། ཐིག་ནག་དང་། ཡང་སོས་དང་། ཚ་བའི་དམྱལ་བ་རྣམས་ཀྱི་བྱང་གི་འདབ་འབྱོར་དུའམ་འབྲེལ་བར། པདྨ་ཆེན་པོ་ལྟར་གས་པ་དང་། པདྨ་ལྟར་གས་པ་དང་། ཨུཏྤ་ལྟར་གས་པ་དང་། སོ་ཐམ་ཐམ་པ་དང་། ཀྱི་ཧུད་ཟེར་བ་དང་། ཨ་ཆུ་ཟེར་བ་དང་། ཆུ་བུར་རྡོལ་བ་ཅན་དང་། ཆུ་བུར་ཅན་ཏེ་གྲང་བའི་དམྱལ་བ་དག་ཀྱང་གྲུབ་པར་གྱུར་ཏོ། །ཐེག་པ་ཆེན་པོ་དག་སྡིག་སེམས་གོམས་པ་ལས་དེ་ལྟར་སྣང་བར་འདོད་པ་ན། མི་ཤེས་པ་ཁ་ཅིག་གནས་དེ་འདྲ་མེད་དོ་ཞེས་སྨྲ་བ་རབ་ཏུ་བླུན་ཏེ་མེད་པ་དེ་གང་ལ་ཟེར། དོན་ལ་མེད་ཅེས་པའང་དོན་དམ་པར་མེད་པ་ལ་འདོད་ན། ད་ལྟར་གྱི་སྣང་བ་འདིའང་མེད་པར་མཚུངས་ལ། ཐ་སྙད་རྨི་ལམ་ལྟར་དེ་དག་ཀྱང་རང་གི་རྒྱུ་དང་རྐྱེན་གྱིས་ཇི་ལྟར་གསུངས་པ་ལྟར་ཡོད་དོ། །དེ་ཡང་བྱེད་པ་པོ་རང་གིས་ལས་ལས་གཞན་དུ་མེད་པ་ཡིན་ཀྱང་། མེད་པར་འགྱུར་བ་དེ་ནི་རིགས་པ་མ་ཡིན་ནོ། །ཞེས། མ་མཐོང་ཕྱིར་ན་མེད་པ་མིན། །ཅེས་པས་ལོག་ལྟ་ཅན་འགའ་རེས་དམྱལ་བ་ལ་སོགས་པ་ཕྱི་མའི་འཇིག་རྟེན་དུ་སྐྱེ་བ་ལེན་ས་མེད་པར་ལྟ་བ་དེ་དག་ནི་རིགས་པ་མིན་པ་ཤིན་ཏུ་ཐ་ཆད་དོ་ཞེས་པའོ། །གཉིས་པ།

ཡི་དྭགས་དང་དུད་འགྲོའི་ཆགས་ཚུལ་བསྟན་པ།

དེ་བཞིན་ཡི་དྭགས་དུད་འགྲོའི་ཆགས་ཚུལ་ཡང་། །རང་གི་ལས་ཀྱིས་གནས་རིགས་དེར་སྣང་སྟེ། །ཡུལ་དོན་ལུས་ཀྱི་སྣང་བ་སྡུག་བསྔལ་སྣང་། །ཞེས་གསུངས་ཏེ། སྔོན་འདོད་ཆགས་ཀྱི་སྒོ་ནས་ཡི་དྭགས་མྱོང་བར་འགྱུར་བའི་ལས་བསགས་པ་དེ་དག་ལའང་ཕྱིའི་སྒྲིབ་པ་ཅན་དང་། ནང་གི་སྒྲིབ་པ་ཅན་དང་། སྤྱི་མཐུན་ལས་ཀྱི་སྒྲིབ་པ་ཅན་དང་། སྒོས་ཁུར་གྱི་སྒྲིབ་པ་ཅན་དུ་སྣང་བས་སྡུག་བསྔལ་བ་ཡིན་ནོ། །སྔོན་གཏི་མུག་གི་སྒོ་ནས་དུད་འགྲོ་མྱོང་བར་གྱུར་པའི་ལས་ཅན་རྣམས་ལ་གཅིག་ལ་གཅིག་ཟ་བ་དང་། བཀོལ་སྤྱོད་དང་། འཚེ་བ་དུ་མའི་རྣམ་པས་རྒྱ་མཚོ་དང་། གླིང་བར་དང་། ལྷ་དང་མིའི་ཡུལ་ན་སྣང་བ་ཡིན་ནོ། །ལོག་ལྟ་ཅན་གྱིས་ཐེ་ཚོམ་ཟ་བ་ནི་དེ་ཡང་འདི་དག་གི་གནས་རིས་དོན་ལ་མེད་ན་ཐེག་པ་ཆེན་པོའི་ལུང་ཆེན་རྣམས་ལས། སྔོན་བཅོམ་ལྡན་འདས་ཀྱི་ཞབས་མཐིལ་གཉིས་ནས་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་སྣང་བས་སེམས་ཅན་དམྱལ་བ་དང་། ཡི་དྭགས་དང་། དུད་འགྲོའི་གནས་སུ་སྣང་བར་མཛད་པས་སོ་སོའི་སྡུག་བསྔལ་ཞི་བར་གསུངས་པ་དག་ཇི་ལྟར་དྲང་། དེས་ན་བློ་རབ་ཏུ་རྩིང་ལ་ཐོས་པ་རྒྱ་ཆུང་བ་དག་གི་གཟུ་ལུམ་སྟེ་མ་བརྟགས་པའི་སྤྱོད་པ་དང་མ་བརྟགས་པར་སྨྲ་བ་ལ་བརྟེན་པར་མི་བྱའོ། །འདི་དག་གི་ཚུལ་རྒྱས་པར་ཀློང་ཆེན་པ་ཉིད་ཀྱིས་གསུངས་པའི་སེམས་ཉིད་ངལ་གསོའི་འགྲེལ་བ་ཤིང་རྟ་ཆེན་པོར་བསྟན་པ་ལྟར་བལྟ་ཞིང་། འོག་ཏུ་ཡང་གཏན་ལ་འབེབས་པས་འདིར་མ་བཤད་དོ། །གསུམ་པ།

སྣོད་བཅུད་ཆགས་པའི་བསྐལ་པའི་མཇུག་བསྡུ་བ།

སྣོད་བཅུད་ཆགས་པའི་ཐོག་མཐའ་གང་ཡིན་ཞེ་ན། དང་པོ་འོག་གཞི་ནམ་མཁའ་རྣམ་པར་དག་པ་ཡིན་ལ། ཐ་མ་ནི་བཤད་མ་ཐག་པའི་དམྱལ་བའི་སེམས་ཅན་དང་པོར་སྐྱེས་པའི་ཚུལ། དེ་ལྟར་དམྱལ་གནས་སེམས་ཅན་གཅིག་སྐྱེས་པ། །དེ་སྲིད་བར་སྙེད་ཆགས་པའི་བསྐལ་པ་སྟེ། །སྣོད་ཆགས་པ་ལ་བར་བསྐལ་གཅིག་དང་ནི། །བཅུད་ལ་བཅུ་དགུ་བསྡོམས་པས་ཉི་ཤུ་ཉིད། །འཇིག་རྟེན་ཆགས་པའི་བསྐལ་པ་ལགས་པར་གསུངས། །ཞེས་གསུངས་ཏེ། མནར་མེད་པའི་གནས་སུ་སེམས་ཅན་གཅིག་ཐོག་མར་དམྱལ་བའི་སྡུག་བསྔལ་མྱོང་བའི་བར་དུ་སྣོད་བཅུད་ཀྱི་འཇིག་རྟེན་ཆགས་པའི་བསྐལ་པ་ཞེས་འདོད་དོ། །འོ་ན་དམྱལ་བའི་གནས་ཐམས་ཅད་ཆགས་དགོས་པ་མ་ཡིན་ནམ་སྙམ་ན་མ་ཡིན་ཏེ། དེ་ལྟར་ན་ད་ལྟའང་ཆགས་པའི་བསྐལ་པར་ཐལ་བའི་ཕྱིར་ཏེ་གནས་ཐམས་ཅད་གང་བར་མ་ཆགས་པའི་ཕྱིར་རོ། །དེ་ཡང་སྟོང་གསུམ་གྱི་འཇིག་རྟེན་ཆགས་པ་ལ། དང་པོ་རླུང་གི་དཀྱིལ་འཁོར་ནས་བཟུང་སྟེ་མནར་མེད་དུ་གཅིག་སྐྱེས་པའི་བར་གྱི་ཡུན་ལ་སྣོད་ཆགས་པ་ལ་བར་གྱི་བསྐལ་པ་གཅིག་ཡིན་ལ། བཅུད་ཆགས་པ་ལ་བཅུ་དགུ་སྟེ། བསྡོམས་པས་བར་བསྐལ་ཉི་ཤུའོ། །དེ་དག་གིས་ཆགས་ཚུལ་རྣམས་ལེགས་པར་གཏན་ལ་ཕབ་ཟིན་ཏོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། བཅུད་ཀྱི་སེམས་ཅན་ཆགས་པའི་རང་བཞིན་བསྟན་པའི་ལེའུ་སྟེ་བཞི་པའི་རྒྱ་ཆེར་འགྲེལ་པའོ།། །།ལེའུ་བཞི་བ་འདི་བཅུད་ཀྱི་སེམས་ཅན་ཆགས་ཚུལ་བསྟན་པའི་ལེའུ་ཡིན། སེམས་ཅན་གྱི་རིས་ལ། ཁམས་ཀྱི་སྡེ་ཚན་གཟུགས་མེད་གཟུགས་དང་འདོད་པའི་ཁམས་གསུམ་བྱས་ནས་གསུངས་ཡོད་པ་རེད། སེམས་ཅན་ཡས་ནས་མར་ཆགས་པ་ཡིན་པས་ཐོགས་མར་གཟུགས་མེད་ཀྱི་ཁམས་དེ་ཉིད། ཐོག་མའི་འོད་གསལ་ལས། མཚུངས་པར་ལྷན་ཅིག་སྐྱེས་པའི་མ་རིག་པས་རྒྱུ་བྱས། རིག་པ་རྟོག་མེད་བསམ་གཏན་རིགས་བཞིས་རྒྱ་རུ་འཐུམ་པའི་རྐྱེན་བྱས་པའི་སྒོ་ནས་ཉེ་བར་བླངས་ཏེ་རིམ་བཞིན་གཟུགས་མེད་བཞི། གཟུགས་དང་འདོད་ཁམས་ཆགས་པ་ཡིན་པས། དང་པོ་ཡིད་མཁའ་རྣམ་པར་དྭངས་པའམ་རླུང་རི་རྡོ་རྗེ་རྒྱ་གྲམ་ཆགས་པ་ནས། མཐར་མིའི་ཚེ་ལོ་དཔག་མེད་ཀྱི་དུས་སུ། ལུགས་འདི་ལྟར་བྱས་ན་ཆགས་གནས་འཇིག་སྟོང་བཞིའི་ནང་གི་ཆགས་པའི་བསྐལ་བ་རྫོགས་པ་ཡིན་པའི་ཐུན་མིན་གྱི་ལུགས་ཡིན། མདོར་ན་ལེའུ་བཞི་བ་འདིས་བཅུད་ཀྱི་སེམས་ཅན་ཆགས་ཚུལ་བསྟན་ནས། འདི་ཡན་ཆོད་ཀྱི་བསྐལ་བ་བཞིའིི་ནང་གི་ཆགས་བསྐལ་བཤད་ནས་སང་ཉིན་ནས་གནས་པའི་བསྐལ་བ་བཤད་རྒྱུ་ཡིན། དེ་རིང་བཅུད་ཀྱི་སེམས་ཅན་ཆགས་པའི་རང་བཞིན་བསྟན་པའི་ལེའུ་སྟེ་བཞི་པའི་རྒྱ་ཆེར་འགྲེལ་པའོ་ཞེས་པའི་མཚམས་འདི་ནས་བཞག་རྒྱུ་བྱེད། ཡིད་བཞིན་རིན་པོ་ཆེའི་མཛོད་འདི་ནི་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ཀྱི་དོན་གྱི་བཅུད་བསྡུས་པ། རྒྱས་པའི་རྩ་བ་བསྡུས་པའི་འགྲེལ་བ་རྒྱས་བསྡུས་ཐམས་ཅད་ཀྱི་གནད་ཀྱི་སྙིང་པོ་མན་ངག་ཁོལ་ཕྱུང་བྱས་པ་ཞིག་ཡིན་པས་མཚན་དང་དོན་མཐུན་པའི་ཡིད་བཞིན་འཇོ་བའི་འདོད་འབྱུང་རིན་པོ་ཆེའི་གཏེར་དང་། གང་འདོད་འབྱུང་བའི་ལྷ་ཡུལ་གྱི་དཔག་བསམ་གྱི་ཤིང་བཤད་པ་ལྟ་བུ་ཞིག་ཡིན། དཔལ་སྤྲུལ་ཚང་གིས་འདི་ལ། སྤང་བླང་གནས་ཀུན་ཡིད་བཞིན་ལེགས་སྟོན་པ། །ཆོས་ཚུལ་ཡོངས་རྫོགས་ཐོས་བསམ་སྒོམ་པའི་མཛོད། །འདི་མཐོང་བསྟན་པ་ཀུན་གྱི་དེ་ཉིད་ཤེས། །བརྒྱ་ཕྲག་གཞུང་ལ་ཅིག་ཆར་སྦྱངས་པར་འགྱུར། །ཞེས་གསུངས་པ་ལྟར་དུ་རྗོད་བྱེད་རྒྱ་ཆེ་བ་དང་བརྗོད་བྱ་གཏིང་ཟབ་པ་ཡིན། ཐེག་པ་དང་གཞུང་ལུགས་ཐམས་ཅད་ཀྱི་གནད་འདིའི་ནང་དུ་མ་ཚང་བ་ཞིག་ཡོད་པ་མིན་པས། འདི་ལ་སྦྱངས་ཤིང་བསླབས་ན་གཞུང་མང་བརྒྱ་ཕྲག་སྟོང་ཕྲག་ལ་བསླབས་པར་བྱས་པའི་གོ་ཆོད་པ་ཡིན་པས། འདི་ལྟ་བུའི་གཞུང་བཟང་འཆད་དང་སྤེལ་བའི་སྐལ་བ་བཟང་པོ་ཐོབ་པ་དེ་ཡང་རང་རོགས་མ་བགོས་ཐུན་མོང་གིས་སྔར་བསགས་བསོད་ནམས་ཀྱི་ཁོང་ལས་བྱུང་བ་དང་། སྔོན་སྨོན་ལས་འཕྲོ་བཙན་པོ་སྟོབས་སུ་བདོ་བ་ཡིན་པ་ནི་ཞུ་མ་དགོས་པ་རེད། སྤྱིར་ན་ངེས་དོན་མཐར་ཐུག་གི་ཉམས་ལེན་རང་རྒྱུད་དང་འདྲེས་པ་ཞིག་བྱ་དགོས་བསམ་པ་ཞིག་གིས་རྒྱལ་བ་ཀློང་ཆེན་པའི་གཞུང་འདི་དག་ལས་ལྷག་པའི་འཆད་ཉན་སྒོམ་སྒྲུབ་བྱ་རྒྱུ་བཙལ་ཀྱང་རྙེད་དུ་མེད་པ་ཡིན། ཕྱོགས་རེའི་ངོས་ནས་ཟབ་པའི་ཆོས་ཡོད་ཀྱང་། ངེས་གསང་སྙིང་པོའི་གྲུབ་མཐའི་གཞི་ལམ་འབྲས་བུའི་རྣམ་བཞག་གི་གནད་ཐམས་ཅད་ཚང་ལ་མ་ནོར་བར་སྟོན་པ་དང་། རྒྱལ་བའི་མདོ་རྒྱུད་ཀྱི་དགོངས་པ་ཐམས་ཅད་གནད་གཅིག་ཏུ་ཇི་ལྟ་བ་བཞིན་དུ་བསྟན་པའི་གཞུང་འདི་ལྟ་བུ་ནི་མཇལ་དུ་དཀོན་པ་ཡིན་པས། འདི་ཐོབ་པའི་ཐོ་འགོད་པ་ཙམ་གྱིས་ཆོག་པར་མི་བྱེད་པར་འདི་ལ་ཡང་སྐྱར་གཟིགས་པ་དང་དོན་ལ་ཞིབ་ཏུ་དཔྱད་ན་ལྟ་རྟོག་གོམས་པ་མཐར་ཕྱིན་ཏེ་དགོངས་པའི་མཐིལ་ཐུན་མོང་མིན་པ་རྟོགས་པའི་སྟེང་དུ་དད་དང་མོས་པས་བྱིན་རླབས་འདྲེན་པའི་སྟོབས་ཀྱིས་གྲུབ་མཐའི་དཀའ་གནད་སྔར་གཞུང་གཞན་ནས་མ་ཁྲོལ་བ་དེ་དག་རང་གྲོལ་དུ་འགྲོ་བ་དང་། ཆོས་ཉིད་གཉུག་མའི་དོན་ལ་རང་ཤུགས་ཀྱིས་གནས་པར་འགྱུར་བ་སོགས་དེ་ལྟ་བུའི་ཕན་ཡོན་རླབས་ཆེན་དང་ལྡན་པ་ཡིན། འདི་བསྟན་བཅོས་གཞན་དང་མི་འདྲ་བའི་དེ་འདྲའི་བྱིན་རླབས་ལྷག་པར་ཆེ་བ་ཅིའི་ཞེ་ན། འདི་སོ་སོའི་སྐྱེ་བོ་མང་ཐོས་རིགས་ལམ་ལ་བྱང་སོང་བ་ཞིག་ལ་མཁས་པར་གྲགས་པའི་རྟོག་གེའི་བློས་དཔྱད་ནས་བརྩོམ་པ་ལྟ་བུ་མ་ཡིན་པར་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་གཟིགས་པའི་འཕགས་ཆེན་སེམས་དཔའ་ཆེན་པོའི་ཀློང་རྡོལ་གྱི་བསྟན་བཅོས། རྒྱུད་ལུང་མན་ངག་ཟབ་མོའི་དགོངས་དོན་རྒྱུད་རང་ཉིད་སྡུད་པ་པོས་བསྡུས་པ་དང་ཁྱད་པར་མེད་པའི་རྒྱུད་ལུང་མན་ངག་ཟབ་མོ་ཁོལ་ཕྱུང་གི་བསྟན་བཅོས་ཡིན་པས། རིས་མེད་རྣམ་གྲོལ་དོན་གཉེར་བྱེད་མཁན་གྱི་གང་ཟག་དག་གིས་ཡང་དགོས་འབད་པ་ཆེན་པོའི་དོན་དུ་གཉེར་བྱ་ཡིན། གྲུབ་མཐའ་ལ་བློ་མ་བྱང་ཞིང་ད་སྔོན་སྦྱོང་རྩོལ་བྱེད་མ་མྱོང་བ་ཐོས་པ་སློབ་གཉེར་ལ་གོམས་པ་དེ་འདྲ་མི་ཆེ་བ་རྣམས་ཀྱིས་ཀྱང་། གོ་ས་མི་འདུག་བསམ་ནས་ཆོས་ཁྲིད་གྲོལ་མ་ཐག་ཏུ་དཔེ་ཆ་ཁ་རྒྱབ་ནས་མི་སྐྱུར་བ་ཚར་ཁ་ཤས་ཐོན་དང་དམ་པའི་གཞུང་ལུགས་ཞེས་པ་ནི་འདྲིས་བཟང་ཡིན་པས། ཚ་རེ་བཞིན་དུ་ཆེ་ཚོད་ཆུང་མིན་གྱི་གོ་བ་རྙེད་དུ་ཡོད་པ་ཡིན། རིམ་གྱིས་ཐོས་དོན་བསམ་སྒོམ་གྱི་ཕྱོགས་ལ་འབད་པ་གྱིས་དང་། འབྲས་བུ་ཨེ་སྨིན་གྱི་དོགས་པ་མི་དགོས་པ་ཡིན་ཏེ། གང་ཞིག་མཁས་པར་འདོད་པ་ན། །ཉི་མ་རེ་ལ་ཚིག་རེ་ཟུང་། །ཆ་ཡིས་བསགས་པར་གྱུར་པ་ན། །ཟླ་བ་ཡར་ངོ་བཞིན་དུ་འཕེལ། །ཞེས་གསུངས་པས་གསར་ཞུགས་དང་། རྒན་ཞུགས་དང་དེ་ལས་གཞན་པའི་དགེ་བསྙེན་ཕོ་མོ་དག་གིས་ཀྱང་ཨེ་ཤེས་བལྟས་ནས་ཉིན་རེ་ཚིག་རེ་ཟུངས་དང་གསོག་རྒྱུ་ཡོད་པ་ཡིན། མཁས་པ་བྱེད་དགོས་མ་བསམས་ཀྱང་བླུན་པོ་ཐ་མ་ཞིག་མ་རེད་ན་བསམ་ནས་དེ་ལྟར་དགོས་པ་ཡིན། ཅི་ཡང་ཨེ་ཤེས་མ་བལྟས་པར་ཕྱུགས་སྒུར་སྒུར་བྱས་ནས་སྒུར་ན་ལོ་བརྒྱར་ཕྱིན་ཀྱང་ཡར་སྐྱེད་སོར་གང་འགྲོ་རྒྱུ་མེད་པ་རེད། ང་ནི་འཆི་རན་པ་རེད་སྦྱོང་ནས་ཅི་བྱེད་བསམ་པ་ནི་ནོར་འཁྲུལ་ཆེན་པོ་རེད། འཆི་རན་ན་ལྷག་ཏུ་འཆི་ཁར་དང་ཤི་རྗེས་སུ་ཕན་ཐོགས་པ་རྣམས་སྦྱོང་དགོས་པ་ཡིན། ད་སྦྱོང་ལོང་ཆེ་ཞིག་ཡོད་པ་མ་རེད་བསམ་ནས་མགོ་ལ་མེ་ཤོར་ལྟ་བུའི་བརྩོན་པ་ལྷག་ཏུ་བསྐྱེད་དགོས་པ་རེད། ཆོས་སྒྲུབ་པའི་སྐབས་སུ་མི་འདོད་ཆེན་ཚོང་འདུས་ཀྱི་ཐི་ར་ལ་ཐོན་སོང་ན། ཁེ་གང་གིས་ཆེ་འདུག ཡོང་སྒོ་གང་གིས་བཟང་འདུག ང་ལ་འཕྲོད་པའི་ཕན་པ་ཅན་དེ་གང་རེད་འདུག གང་གིས་ཡག་པ་དང་གང་གིས་མནོག་འདུག་བལྟས་ནས་དེ་རང་ལག་ཏུ་ལོན་ཤག་ཤག་བྱེད་པ་བཞིན་དུ། དེ་རིང་ཆོས་རའི་ནང་དུ་སོང་ནས་ཆོས་ཁྲིད་ཐེངས་གཅིག་ཉན་ན་ཡང་། དེ་རིང་ཉིན་གཅིག་གིས་ཐོན་སྒོ་ཡོང་བབས་ཅི་ཞིག་ཡོད་འདུག་བསམ་ནས་ཕྱོགས་སྡོམ་དང་རྩིས་བཤེར་ནས་རང་དོན་རང་གིས་ལྷུར་ལེན་བྱེད་དགོས་པ་ལས། ཡོན་ཏན་ཞེས་པ་དེ་གཞན་ཞིག་གིས་གཤག་བཅོས་བྱས་ནས་ཁོག་ཏུ་འཇུག་ཐབས་མེད་པ་ཡིན། དོན་ཆུང་ཤོག་སྒོར་བརྒྱ་ཚོ་སྟོང་ཚོའི་གྲི་སོ་གྲི་ལྟག་རེ་ལ་ལྟ་ཁུལ་བྱེད་པ་ལས་ཚེ་གཅིག་ཡུན་ལ་ཕན་པའི་དམ་ཆོས་འདི་ལྟ་བུ་ཞིག་གི་གནད་རེ་གོ་བར་བྱས་ན་ཡོད་ཤག་ཤག་ཟད་མེད་ཡིད་བཞིན་རིན་ཆེན་གྱི་གཏེར་ཆེན་ཡིན་ཏེ། ཤེས་རབ་རྒྱ་ཆེར་འཕེལ་བའི་སྒོ། །ཐོས་པ་ཡིན་པ་དེ་ཡི་ཕྱིར། །འབད་དེ་ཐོས་པ་མི་འཚོལ་བར། །མནོག་ཆུང་བྱ་བས་ཅི་ཞིག་བྱ། །ཞེས་གསུངས་པ་ཡིན། དེས་ན་ཤེས་རབ་དང་བློ་གྲོས་ཡར་འཕེལ་བའི་ཐབས་དེ་ཐོས་པ་ཡིན་འདུག དེ་གང་དྲག་ཅི་དྲག་གིས་འཚོལ་ནས་ལོན་དགོས་འདུག་བསམ་ནས་གཞུང་མང་ལ་ཐོས་པ་བྱེད་དགོས། གལ་ཏེ་ཉན་ཚད་ཆ་ཚང་མ་གོ་ན་ཡང་མ་ཉན་པ་ལས་དགའ་བའི་ཡོང་སྒོ་ཡོད་པ་ཡིན། ཐོས་པ་འཚོལ་དང་ཤེས་རབ་འཕེལ་བ་ཡིན་ཞེས་པའི་དོན་ནི། གོ་རྒྱུ་རིག་རྒྱུ་མང་དུ་ཆུག་དང་ཤེས་རྒྱུ་སྤྱོད་རྒྱུ་དེ་དང་མཚུངས་པར་ཇེ་མང་དུ་འགྲོ་བ་ཡིན་ཞེས་པའི་དོན་ཡིན། ལེགས་བཤད་མང་པོ་ཤེས་ན་དེ་ལ་མཁས་པ་ཟེར་བ་ཡིན། མཁས་པ་དང་མི་མཁས་པ་ལ་ཁེ་ཉེན་ཅི་ཡོད་ཅེ་ན། མཁས་མི་མཁས་ཀྱི་དབང་གིས་ཚེ་འདི་ཕྱི་གཉིས་ཀའི་སྐྱིད་སྡུག་མི་འདྲ་བར་སོང་བ་ཡིན། དེས་ན་བདེ་འབྲས་མ་འཚོལ་བར་བདེ་རྒྱུ་འཚོལ་གསུངས་པ་ཡིན། དེ་ཇི་ལྟར་ཞེ་ན་མེ་དྲོ་བ་ཞིག་ཡུན་དུ་འདེ་དགོས་བསམ་ན་རྒྱུ་བུད་ཤིང་མང་པོ་གསོག་དགོས་ཞེས་པ་ལྟ་བུ་ཞིག་ཡིན། ཁོང་རྣམ་པ་ལ་ངས་མི་ལའི་གསུང་མགུར་དང་ཞབས་དཀར་ཚང་གི་མགུར་འཐེན་རོགས་གྱིས་ཞེས་ཨུ་ཚུགས་རྒྱགས་བཞིན་ཡོད། དེ་ཡང་ཚང་མ་སྡེ་སྣོད་འཛིན་པ་མང་ཐོས་ཡོན་ཏན་ཅན་བརྡ་ཙམ་གྱིས་ཤེས་པ་ཏག་ཏག་མིན་ཕྱིར། བློ་སྣ་དགེ་བ་ལ་འགྱུར་ཐབས་མི་རྟག་པ་རྒྱུད་ལ་སྐྱེ་ཐབས་དགེ་སྡིག་འདོར་ལེན་རེ་ཤེས་ཐབས་ཅི་དྲག་གང་དགའི་ཕྱོགས་ལ་ལྟ་བཞིན་ཡོད། བསྟན་པའི་གཞི་མ་དགེ་འདུན་ཡིན་པས་དགེ་འདུན་པ་མེད་དུས་སྟོན་པའི་བསྟན་པ་ཉམས་པ་རེད། དེ་ལས་གནད་ཆེ་བ་ཞིག་ཅི་ཡོད་ཀྱང་། མི་སྐྱ་ཕོ་མོ་དག་ཀྱང་ཆོས་མེད་དུ་ལུས་སོང་དུས་མི་ལུས་བླངས་པ་དེ་ཟོག་ལུས་དང་འདྲ་སོང་བ་རེད། མཐའ་ཡས་སེམས་ཅན་ཐམས་ཅད་ཅེས་མིག་ཅེར་ཞོར་དུ་ཟུར་གྱི་མི་རྣམས་ངན་སོང་དུ་མུ་ལྷུང་ལྷུང་དུ་སོང་ན་སྡུག་འདུག་བསམ་པ་ཡིན། མི་དང་དུད་འགྲོ་གཉིས་ཀའི་ཁྱད་པར་འབྱེད་བྱེད་དེ་ཅི་ཞིག་ཡིན་ཟེར་ན། ཆོས་སྒྲུབ་ཤེས་མི་ཤེས་ཀྱིས་ཕྱེ་བ་ཡིན། ཆོས་མི་ཤེས་པའམ་མི་སྒྲུབ་པའི་མི་ནི་རྭ་རྔ་མ་གཉིས་ཀ་མེད་པའི་མི་སྐད་སྨྲ་བའི་དུད་འགྲོ་ཞིག་ཡིན་པ་རེད། དུད་འགྲོས་ཟ་འཐུང་གཉིད་ཉལ་ཙམ་ལས་ཆོས་མི་ཤེས་པའིདབང་གིས་རྒྱག་རེས་གསོད་རེས། འཛིང་ཁ་བཏུག་པ། འཕྲ་གདོང་བཀྱེ་བ། རྭ་ཚུགས་བྱེད་པ། གཅིག་གིས་གཅིག་བསད་ནས་ཟ་བ་སོགས་ཤེས་པ་ཡིན། མདོར་ན་ཆོས་ལས་གཞན་པའི་མི་ཞིག་གི་ཅི་ཤེས་ཕལ་ཆེར་ཤེས་པ་ཡིན། དེས་ན་གཉིད་རྒྱུ་ཟ་རྒྱུ་ལ་སོགས་པ་ལས་མ་ཤེས་དུས་མགོ་གྱེན་དུ་འགྲེངས་ནས་འགྲོ་བའི་དབང་གིས་དུད་འགྲོ་ཞེས་མི་འབོད་ཀྱང་། ཡོན་ཏན་ཅན་དག་གིས་མི་གྲལ་དུ་མི་འཇོག་པ་ཡིན། དེ་མ་བཞག་དུས་མི་གྲས་སུ་མི་ཐེ་ཞིང་དུད་འགྲོའི་གྲས་སུའང་མི་ཐེ་བས་མི་ཡང་མིན་ལ་དུད་འགྲོའང་མིན་པ་ཞིག་ཏུ་ཆགས་པ་ཡིན། འུ་ཚོ་བོད་མཐོ་སྒང་གི་མི་འདིའི་མི་ཚེ་མི་རབས་རྣམས་སུ་ཤེས་ཡོན་གཉིས་ལ་མཐོང་ཆེན་མ་ཤེས་པའི་དབང་གིས་ལྟ་བྱེད་ཀྱི་མིག་གཅིག་གཞན་ལས་ཉུང་བར་ཆགས་པའི་རྐྱེན་གྱིས་ད་ལྟ་གང་ནས་ཡིན་ཀྱང་དམའ་ཤར་རེ་ཡོད་པ་འདི་བྱུང་བ་ཡིན། འོན་ཀྱང་ཞིབ་ཏུ་བསམ་ན། བུ་ངན་ཡང་ཨ་ཁུའི་ཚ་བོ། ཤ་ངན་ཡང་གཡང་དཀར་ལྷུ་དུམ། ཟེར་བའི་དཔེ་ལྟར་བོད་ཆོས་ཚིགས་ཀྱི་ཡུལ་དབུས་དམ་པ་གོང་མའི་རྗེས་རབས་འཐུད་མཁན་ནི་རང་རེ་ལས་མེད་པས། སུ་ལ་ཡང་མེད་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་དང་རིག་གཞུང་། ལྷར་བཅས་འགྲོ་བའི་མཆོད་སྡོང་ཆེན་པོ་འདི་ཉིད་འུ་ཚོའི་ལག་ན་མེས་པོ་སྔོན་མ་དག་གིས་ཕ་ནོར་བུ་སྐལ་དུ་བཞག་ཡོད་པས། དེ་བདག་པོ་བྱེད་ཐུབ་ན་ཚེ་འདི་ཕྱི་གཉིས་ཕན་གྱི་དགོས་འདོད་ཀྱི་གཏེར་ཁ་རང་ལག་ལ་ཡོད་པ་དང་འདྲ་བ་ཡིན། དངོས་པོ་གཟུགས་ཅན་དུ་མ་གྲུབ་པའི་ཤུལ་བཞག་རིག་གནས་ཀྱི་ནོར་བུ་འདི། མི་རབས་བརྒྱུད་མས་སྲོག་གིས་བསྲུངས་པའི་རྒྱུ་ནོར་རྩ་ཆེན་ཡིན་པས་གང་ཟག་རང་རྒྱུད་ནས་རང་ནུས་གང་ཡོད་ཀྱིས་ཉམས་སུ་མི་འཇུག་པ་ནི། མ་འོངས་མིའི་རིགས་ཀྱི་འདི་ཕྱིའི་དོན་དང་འབྲེལ་བའི་དོན་དག་གནད་ཆེན་ཡིན་པ་ནི་རྒྱང་རིང་ཕྱི་མའི་དུས་སུ་ལྷག་པར་གསལ་ངེས། ངས་དོན་ཆེན་སྐྱུར་ནས་དོན་ཆུང་ལ་ཡེངས་མ་འདུག་ཟེར་དོན་ཡང་དེས་ཡིན། དགེ་བསྙེན་ཕོ་མོ་འདི་ན་ཡོད་པ་མང་ཆེ་བ་ངའི་ཁ་ཡ་ན་ཟླ་རེད་ནས། ལོ་ནམ་ཚ་ཡར་བསགས་ནས་སྒ་རེ་སྒུར་རེ་འཁྱ་གེ་འཁྱོག་གེ་རུ་ཆགས་ཡོད་ཀྱང་། ཕྱི་མདོག་ལ་ལྟ་རྒྱུ་མེད། འདི་དག་ལས་མང་དག་ནི་སྤྲུལ་སྐུའི་ཨ་ཞང་། མཁན་པོའི་ཨ་ནེ། སྡེ་སྣོད་འཛིན་པའི་ཤ་ཉེ། བཟའ་ཚང་གིས་འགོ་དཔོན་ཡིན་པ་རེད། ཆོས་སྡེ་འདི་ལ་མཚོན་ན་མི་རབས་མི་རྒྱུད་ཚུན་ཆོད་ནས་ལྷ་ཡུལ་ནས་དམ་ཚིག་གཅིག་ཅིང་། མི་ཡུལ་ནས་འདུན་མ་གཅིག་པ། དམ་ཚིག་ཤེལ་དཀར་གྱི་སྒོ་ང་ལ་གས་ཆག་དང་། འདི་ཕྱི་གསེར་ནག་གི་ཐག་པ་ལ་འཇུར་བུ་མ་སོང་བ་ཏག་ཏག་ཡིན་པས། དགོན་པའི་མཁན་སློབ་གཙོ་ཆེ་བ་སྨོས་མ་དགོས་ཀྱང་། བློ་སེམས་བསམ་པ་གཅིག་ཏུ་དྲིལ་ན་ཁྱིམ་གྱི་ཕ་མ་རྒན་གསུམ་ལའང་ཤུགས་ནུས་པ་ཆེན་པོ་ཡོད། དེ་ཚོ་ཞོར་གྱི་ཁ་བརྡ་བྱས་པ་ཡིན། དེ་ལྟར་གོང་ནས་ཆོས་འཆད་ཉན་བགྱིས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱི་དུས་གསུམ་བསགས་དང་ཡོད་པའི་དགེ་རྩ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས། ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་དུ་དར་ཞིང་རྒྱས། བསྟན་འཛིན་གྱི་སྐྱེས་བུ་གང་ན་སུ་བཞུགས་ཐམས་ཅད་གྱི་སྐུ་ཚེའི་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཀུན་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་དེ་མཐར་ཐུག་སེམས་ཅན་ཐམས་ཅད་བླ་ན་མེད་པ་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་ཐོབ་པའི་ཕྱིར་དུ་རྗེ་བཙུན་འཇམ་པའི་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་ཟབ་མོ་གནང་བར་ཞུ།


previousཉིན་བཞི་བའི་ཆོས་ཁྲིད།next