Nitartha Digital Library
Tibetan
 
previousཉིན་ལྔ་བའི་ཆོས་ཁྲིད།next

ཉིན་ལྔ་བའི་ཆོས་ཁྲིད།

ད་ཡང་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན། གྲངས་དང་ཚད་ཀྱིས་ཕ་མཐའ་གཞལ་དུ་མེད་ཅིང་། རིགས་དང་སྡེ་ཚན་བསམ་སྤྱོད་རྣམས་མི་གཅིག་པ། རྡུལ་ཕྲ་རབ་རེ་རེའི་སྟེང་ན་ཡང་བློས་དཔག་མི་ནུས་པའི་ཚད་མེད་མཐའ་ཡས་པ་ཞིག་ཡོད་པ་ཡིན་ན། དེ་ཐམས་ཅད་ལ་གཅིག་མཚུངས་སུ་ཡོད་པ་ནི་གང་ཡིན་ཞེ་ན། བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པར་འདྲ་བ་རེད། འོན་ཀྱང་འདོད་རྒྱུ་བདེ་བ་འདོད་ན་ཡང་དེའི་རྒྱུ་དགེ་བའི་དངོས་པོ་སྒྲུབ་མི་ཤེས་པར་ལམ་ལོག་མགོ་རྨོངས་སུ་གྱུར་ནས་ཁམས་གསུམ་འཁོར་བའི་གནས་འདིར་ཐོག་མེད་ནས་མཐའ་མེད་ཀྱི་བར་དུ་འདི་བཞིན་འཁྲུལ་བ་ཡིན་ལ། དེ་ལྟའི་སེམས་ཅན་འདི་དག་ཐམས་ཅད་པོ་གཞན་ཞིག་མ་ཡིན་པར་རང་ཉིད་ཀྱི་ཕ་མ་གྱུར་པ་འབའ་ཞིག་ཡིན་པས། དེ་དག་ལ་སྙིང་རྗེ་བསྐྱེད་པའི་ཆེད་དུ་བློ་སྦྱོང་གི་ཉམས་ལེན་དགོས་པར་གསུངས་པ་དང་། ད་དེ་དག་ཐམས་ཅད་ཕ་མ་ཡིན་ཀྱང་མིན་ཀྱང་གོང་ནས་བཤད་པ་ལྟར་དུ་སེམས་ཅན་རིགས་མ་གཅིག་ནའང་བདེ་འདོད་སྡུག་བསྔལ་མི་འདོད་པའི་ཚུལ་གཅིག་པ་ཡིན། རང་ཉིད་ཀྱི་ལུས་ལ་དཔེ་བླངས་ན་དགུན་གྲང་ངར་གྱི་སྐབས་ཤིག་ལ་འཛུབ་རྩེ་ཞིག་ཕྱིད་ཀྱང་མི་དགའ་མི་འདོད་པ་དང་། དབྱར་ཚ་བ་ཆེ་ས་ཞིག་ནས་ཉིན་གཅིག་གི་ཉི་མ་ཆོད་དགོས་ན་ཡང་དཀའ་ཚེགས་ཡོད་པ་ཡིན། དེ་བཞིན་དུ་འཁྱག་པ་དང་། ལྟོགས་པ་དང་། མི་སྙིང་དམར་ཅན་ཤི་བ་དང་། ན་བ་དང་། རྒས་ནས་སྡུག་བསྔལ་བ་ཡིན། དམྱལ་བ་དང་ཡི་དྭགས་ཀྱི་སྡུག་བསྔལ་ལ་མཚོན་ན་དེ་དག་བཤད་རིན་མེད་པ་ཞིག་ཡིན་ཀྱང་སྡུག་བསྔལ་ཅི་འདྲ་འདྲ་འདུག དེ་བཞིན་དུ་འདེང་བརྒྱབ་ན་འདིའི་སེམས་ཅན་མང་དག་རྣམས་སྐྱིད་པ་དང་། ཁྱོད་གཅིག་པུ་སྐྱིད་པ་གཉིས་གང་འདེམ་པ་ཡིན་ཟེར་ན། འདིའི་སེམས་ཅན་མང་དག་ཐམས་ཅད་སྡུག་ཀྱང་བླ་ཡི་ང་གཅིག་པུ་སྐྱིད་དགོས་ཟེར་ཐུབ་པ་མི་འདུག་སྟེ། ཐམས་ཅད་ཀྱིས་སྡུག་མྱོང་བཞིན་དུ་བདག་གཅིག་པུ་ཞིག་སྐྱིད་ཀྱང་ཞེ་འཚེངས་བ་དང་སེམས་བདེ་བ་ཞིག་ག་ལ་ཡོང་། དེ་བས་སྡུག་ན་ཐམས་ཅད་མཉམ་སྡུག་དང་། སྐྱིད་ན་ཐམས་ཅད་མཉམ་སྐྱིད། མ་ཚད་ང་གཅིག་པུ་སྡུག་བསྔལ་བའི་སྐབས་སུ་ཐམས་ཅད་ཀྱི་སྡུག་གོ་ཞིག་ཆོད་སོང་ན། སེམས་ཅན་གྲངས་མེད་མ་དགོས་དང་བརྒྱ་ཕྲག་ཙམ་གྱི་དོན་དུ་ཡང་རང་ཉིད་བློས་གཏོང་ནུས་པ་ནི་ཤིན་ཏུ་ཐ་ཤལ་དུ་སོང་བ་ཞིག་མིན་ཚེ་ཡོད་ངེས་ཏེ། ཁྱིམ་བཟའ་ཚང་གང་པོས་སྡུག་མྱོང་བས་དགའ་འམ་ཁྱོད་གཅིག་པུས་སྡུག་མྱོང་བས་དགའ་ཞེས་པ་ལྟ་བུ་དང་ཁྱད་མེད་པ་ཡིན། དེ་ལྟར་བརྟགས་ཤིང་དཔྱད་ན་དགྲ་ཟེར་བ་ཞིག་ཟུར་དུ་གཅད་ཡོང་རྒྱུ་མེད་དེ། ཁོ་རང་སྡུག་བསྔལ་གྱི་ཚོར་བ་དྲག་པོས་མནར་བཞིན། ལས་ཉོན་གྱིས་དབང་མེད་དུ་ཁྲིད་པ་ནི། མ་ཤེས་མ་མཁས་པའི་དབང་གིས་ནད་པ་ནད་འཚིག་ཟོས་པ་ལྟ་བུ་རེད། ཞེ་སྡང་ཁོང་ཁྲོ་བྱས་པ་ནི་རྩིས་གྲངས་མི་ཐེབས་པར་ཆགས་ཡོད། སོ་སྐྱེ་བྱིས་པའི་བློ་ཅན་ཟེར་བ་ནི་དེ་འདྲ་ཡིན་པའི་དབང་གིས་རེད། གལ་སྲིད་དེ་ལྟར་མིན་ན་ཚང་མ་འཕགས་པ་ལོས་ཡིན། འཁོར་བ་པ་ཞིག་མེད་པར་འགྱུར་ངེས་པ་སོགས་དེ་ལྟར་བསམ་བློ་རྒྱ་ཆེ་ས་ནས་བཏང་ན། སེམས་ཅན་མང་པོའི་དོན་ལ་འཆི་མི་དགོས་ལ། ཚ་གྲངས་ཀྱི་སྡུག་བསྔལ་དམྱལ་ཁམས་འདྲ་ཞིག་ཀྱང་མྱོང་དགོས་པ་མིན་པར། སྔུན་ན་ཡོད་པའི་ལས་བགོས། སྙིང་རུས་དང་མོས་པ་མ་ཞན་ན་ཐོན་ཤག་ཤག་དང་། འགྲུབ་ཤག་ཤག་གི་དམ་པའི་ཆོས་བསྒྲུབས་ནས། སྙིང་རྗེའི་ཡུལ་དུ་གྱུར་བའི་ཉམ་ཐག་གི་སེམས་ཅན་དེ་ཐམས་ཅད་སྐྱོབ་ཐབས་ཤིག་བྱེད་དགོས་སྙམ་པའི་བསམ་བློ་གཏང་ན། དེ་ནི་རེམ་རྒྱུ་ཡོད་པའི་བྱ་བ་ཞིག་ཡིན། འོན་ཀྱང་ཆོས་བསྒྲུབ་དགོས་ཚུལ་མི་ལ་བཤད་པ་རྐྱང་པ་ཞིག་དང་། རང་གིས་སེམས་ནས་བསམ་པ་རྐྱང་པ་ཞིག་གིས་མི་ཡོང་པ་ཡིན། འོ་ན་ཇི་ལྟར་དགོས་ན། ཁ་ཡོད་ལག་ཡོད་ཀྱིས་བསྒྲུབ་པ་ལ་དངོས་སུ་བརྩོན་དགོས་པ་ཡིན། དེ་ནི་སྔོན་ཞིག་ནས་བྱས་ཟིན་པ་སྟེ། དུས་རྒྱུན་དུ་འདོན་ཀློག སྒོམ་བཟླས། འཆད་ཉན། འཚོགས་འདོན་སོགས་བྱས་དང་བྱེད་བཞིན་པ་ཡིན་སྙམ་ན། དེ་ལྟར་ཡིན་དུ་ཆུག་ཀྱང་དང་པོར་བློ་ཆོས་སུ་སོང་ནས་བློ་དང་ཆོས་འདྲེས་ཡོད་མེད་དེ་གནད་ཆེ་བ་ཡིན། གལ་སྲིད་བློ་ཆོས་སུ་སོང་མེད་ན། འཆད་ཉན་སྒོམ་སྒྲུབ་སོགས་རི་ཁུར་མཚོ་བཀབ་ཇི་ལྟར་བྱས་ཀྱང་། ཆོས་པ་དངོས་མིན་པ་དང་བློ་ཆོས་སུ་འགྲོ་ཐབས་དང་བཅས་པ་དམ་པའི་གདམས་ངག་གི་ལུང་དང་བཅས་ནས་དོ་ཞག་དུས་རིང་ལ་བཤད་པ་ཡིན། དེ་ཡང་བློ་ཆོས་སུ་འགྲོ་དགོས་པ་ནི་གོམ་པ་དང་པོ་ཡིན་པས་དེ་གལ་ཆེ་བར་སྣང་ནས་དེ་ལྟར་བཤད་པ་རེད། འོན་ཀྱང་བློ་ཆོས་སུ་འགྲོ་བ་རྐྱང་པ་ཞིག་གིས་མི་ཡོང་བར་ཆོས་ལམ་དུ་འགྲོ་དགོས། གལ་སྲིད་ཆོས་ལམ་དུ་མ་སོང་ན། རང་གི་སེམས་འདུལ་ཐུབ་ཀྱིན་མེད་པ་ཡིན། དེ་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱིས། རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཅེས་གསུངས་ནས་ལུང་སྡེ་སྣོད་གསུམ་གྱི་མངོན་རྟོགས་བསླབ་པ་གསུམ་གྱི་གནད་ཐམས་ཅད་ཚིག་གཉིས་པོ་དེར་བསྡུས་ནས་གསུངས་ཡོད་པས། ཆོས་ལམ་དུ་འགྲོ་བའི་སྟེང་ནས་རང་གི་སེམས་འདུལ་རྒྱུ་ནི་གལ་ཆེ་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་དེའི་མཇུག་ཏུ་ང་ཚོའི་ཁ་སྐད་ཀྱི་ཚིག་གཉིས་མཐུད་ན། རང་གི་སེམས་འདི་མ་ཐུལ་ན། །དེ་ནི་སངས་རྒྱས་བསྟན་པ་མིན། །ཞེས་པ་ཞིག་འོང་བ་ཡིན། འུ་ཚོ་བོད་མགོ་ནག་ཕྲེང་བཟུང་གི་མི། ཆོས་ལྡན་གྱི་ཡུལ་དུ་སྐྱེས་ཏེ་ཆུང་ནས་ཆོས་ལམ་ལ་ཞུགས་ཡོད་པ་རེད། སྐྱབས་འགྲོ་སེམས་བསྐྱེད་ཀྱི་མིང་དོན་རེ་ཙམ་ཤེས་ཀྱང་། ཐོས་བསམ་སྒོམ་པ་གནད་ལ་མ་སོང་བས། འགའ་རེ་རང་རྒྱུད་ངན་པ་མ་ཞི་མ་དུལ་བ་གཡག་རྒོད་སེབ་ཡན་མ་འདྲ་འདྲ་དང་། འགའ་རེ་དམན་ལམ་ལ་སེམས་ཤོར་ནས་གེགས་དང་གོལ་སས་བཅིངས་ནས། ཆོས་བསྒྲུབས་ནས་ལོ་ཇི་ཙམ་སོང་ཡང་རང་རྒྱུད་མཐོ་གང་དང་སོར་གང་ཙམ་གྱི་ཇེ་བཟང་དང་ཇེ་དགའ་ལ་མ་སོང་བར། ན་ནིང་གི་ཚྭ་དོ་པོ་དེ་ད་ལོ་ཡང་ཚྭ་དོ་པོ་ལ་འཕེལ་མེད་རང་སར་བསྡད་པ། མང་ཆེ་བ་འདོད་སྲེད་ཀྱི་ཞགས་པས་བཅིངས་པའི་དབང་གིས་ཚེ་འདིའི་དོན་ཆུང་ཞིག་ལ་གཡེང་ནས་ཆགས་སྡང་གཉིས་ཀའི་འཁོར་ལོ་བསྐོར་ཏེ་ཡོད་པ་འདི་དག་ཐམས་ཅད་ཆོས་ལམ་ལ་མ་སོང་བའི་རྐྱེན་གྱིས་ཡིན། ཆོས་ལམ་ལ་མ་སོང་བའི་ཉེས་དམིགས་ཀྱང་ཀུན་མཁྱེན་ཆོས་རྗེས། དེ་ལས་འདི་ཕྱིའི་ཉེས་པ་ཚད་མེད་དེ། །འཁྲུལ་པས་བསླུས་གང་འཆི་ཁར་འགྱོད་པ་ཉིད། །བར་དོར་འཇིགས་དངངས་ཕྱི་མར་ངན་སོང་འགྲོ། །གཏན་དུ་སྲིད་ལས་ཐར་པའི་སྐབས་མེད་དོ། །གསུངས་པ་སྟེ། དེ་ལས་འདི་ཕྱིའི་ཉེས་པ་ཚད་མེད་དེ་ཞེས་པ་ནི་ཆོས་ལམ་དུ་མ་སོང་བ་དེ་ལས་བྱུང་བའི་ཉེས་པ་ལ་བསམ་བློ་གཏོང་ན་ཚད་མེད་དཔག་ཏུ་མེད་པ་ཞིག་ཡོད་ཅིང་། དེ་དག་ཐམས་ཅད་ཚིག་གཅིག་ལ་ཚུར་བསྡུས་ན་འདི་དང་ཕྱི་མའི་ལེགས་ཚོགས་ཡག་ས་བཟང་སའི་ཕྱོགས་ཐམས་ཅད་པོ་དེས་འཇོམས་ཤིང་མེད་པར་བྱེད་པ་ཡིན་ཞེས་གསུངས་པ་ཡིན། ཇི་ལྟར་འཇོམས་པ་ཡིན་ཅེ་ན་ཚིག་རྗེས་མ་གསུམ་གྱིས་ལན་བཏབ་ཡོད་པ་སྟེ། འཁྲུལ་བས་བསླུས་གང་འཆི་ཁར་འགྱོད་པ་ཉིད་ཅེས་པ་ནི་ཆོས་ལམ་དུ་མ་སོང་དུས་འཁྲུལ་བ་ཏག་ཏག་གི་དབང་དུ་ཤོར་འགྲོ་ཞིང་། རང་དབང་རང་ལ་མེད་པར་འཁྲུལ་བའི་གཞན་དབང་ལ་ཤོར་སོང་ན། གཟུགས་མཛེས་པར་བསམ་པའི་འཁྲུལ་བས་བསླུས་ནས་ཕྱེ་ལེབ་མར་མེས་ཚིག་པ་དང་། སྒྲ་སྙན་པར་བསམ་ནས་བསླུས་པས་རི་དྭགས་པི་ཝང་གི་སྒྲ་ལ་ཆགས་ཏེ་སྲོག་ཤོར་བ་ལ་སོགས་པ་ལྟ་བུས་མཚོན་ཏེ། ཚེ་འདི་གང་ལ་བསླུས་བསླུས་པས་མི་ཚེ་གར་སོང་མ་གོ་ནས། འཆི་ཁའི་ས་ལ་ཐོན་དུས་འགྱོད་པ་བྱེད་པ་ཉིད་ལས་གཞན་པའི་བྱེད་ཐབས་ཅི་ཡང་དེའི་དུས་སུ་ཡོད་པ་མིན། ཆོས་ལམ་ལ་མ་སོང་བའི་ཉེས་སྐྱོན་གཉིས་པ་ནི། བར་དོར་འཇིགས་དངངས་ཕྱི་མ་ངན་སོང་འགྲོ། །ཞེས་པ་སྟེ། གཞན་ཡང་ཆོས་ལམ་ལ་མ་སོང་ན་བར་དོའི་སྐབས་ལ་འཇིགས་སྐྲག་དང་དངངས་ཚབ་འབྱུང་ཞིང་། སྤྱིར་བར་དོའི་སེམས་ཅན་ལ་དངངས་སྐྲག་ཡོད་པ་དང་། ཁྱད་པར་དུ་ཆོས་མེད་ཅིང་ཆོས་ལམ་ལ་མ་སོང་བར་ལས་མཐའ་ལོག་པ་ཞིག་ཡིན་ན། དེ་ལ་འཇིགས་པའི་སྒྲ་བཞི། མ་ངེས་པའི་རྟགས་དྲུག ཡ་ང་བའི་གཡང་ས་གསུམ་གྱི་འཇིགས་སྐྲག་གིས་བརྒྱལ་ནས་འཆི་ལ་ཐུག་པའི་ཚོར་བ་འབྱུང་བས་མ་ཚད། མགོ་ཐུར་དུ་བསྟན་ནས་གཤིན་རྗེའི་སྐྱེ་བོ་དག་གིས་ཞགས་ནག་སྐེ་ལ་བསྡམས་ནས་ངན་སོང་གནས་སུ་ཁྲིད་དེ། སྡུག་བསྔལ་སྣ་ཚོགས་དུས་བསྐལ་ཆེན་མང་པོར་མྱོང་དགོས་པ་ཡིན། དེ་ཡང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ནང་དུ། བྲེད་ཤ་ཐོན་པའི་མིག་བགྲད་ནས། །ཕྱོགས་བཞིར་སྐྱབས་དག་ཚོལ་བར་བྱེད། །ཕྱོགས་བཞིར་སྐྱབས་མེད་མཐོང་ནས་ནི། །དེ་ནས་ཀུན་དུ་ཡི་མུག་འགྱུར། །ཞེས་གསུངས་པ་ལྟ་བུ་དང་། གསུམ་པ་ལ་མཇུག་སྡོམ་དང་བཅས་པ་ཇི་ལྟར་གསུངས་པ་ནི། གཏན་དུ་སྲིད་ལས་ཐར་པའི་སྐབས་མེད་དོ། །ཞེས་པ་སྟེ། ཆོས་ལམ་ལ་མ་སོང་བ་དེའི་དབང་གིས་ཉེས་སྤྱོད་ཆེན་པོའི་གཡང་སར་ལྷུང་ནས་འཆི་ཁར་འགྱོད་ཅིང་སྐྲག་ནས་བར་དོར་དངངས་ཤིང་ཕྱི་མར་སྡུག་བསྔལ་བས་མ་ཚད། ནམ་ཞིག་མི་ལུས་ཙམ་ཐོབ་ཀྱང་སྔོན་ལོག་པའི་ལམ་ལ་ཞུགས་པའི་བག་ཆགས་དང་བྱེད་པ་རྒྱུ་མཐུན་གྱི་དབང་གིས། འཁོར་བའི་སྐྱོན་རྣམས་མཐོང་ཡང་སྐྱོ་བ་ཅུང་ཟད་མེད། །སངས་རྒྱས་ཡོན་ཏན་ཐོས་ཀྱང་དད་པ་ཅུང་ཟད་མེད། །ཁྲེལ་མེད་ངོ་ཚ་མེད་ཅིང་སྙིང་རྗེ་ཅུང་ཟད་མེད། །སྡིག་པ་ལྷག་པར་སྤྱོད་ལ་འགྱོད་པ་ཅུང་ཟད་མེད། །མེད་དྲུག་འཛོམ་ལ་སངས་རྒྱས་སྐལ་བ་མེད། །ཅེས་གསུངས་པ་ལྟར་དུ་གྱུར་ནས། གཏན་དུ་སྲིད་པ་ཁམས་གསུམ་འཁོར་བའི་སྡུག་བསྔལ་ཅན་གྱི་གནས་འདི་ལས་ཐར་ཐབས་དཀའ་བ་ཡིན། དེས་ན་བློ་ཆོས་སུ་འགྲོ་བ་ནི་ཤིན་ཏུ་གལ་ཆེ་བ་དང་། དེ་ལས་ཀྱང་ཆོས་ལམ་དུ་འགྲོ་བ་གནད་ཆེ་བ་རེད། དེ་ཡང་དཔེ་ཡི་སྒོ་ནས་གསལ་བོར་བཤད་ན། ནད་ཀྱིས་གཟིར་དུས་དེ་བསལ་ནས་དྲག་ཐབས་བྱེད་པའི་ཆེད་དུ་ནད་ཀྱི་གཉེན་པོར་སྨན་བརྟེན་པ་ཡིན། དེ་ཡང་སྨན་པ་གང་བཟང་དང་སྨན་གང་དགའ་བལྟས་ནས་འཐུང་བ་ཡིན། འོན་ཀྱང་སྨན་ཁོ་རང་སྨན་ལ་མ་སོང་དུག་ཏུ་སོང་ན་སྔར་གྱི་ནད་གཞི་ལས་ཀྱང་ཇེ་ཐུར་འགྲོ་བ་ཡིན། དེ་དུས་སྡུག་གཅིག་གི་སྟེང་ལ་སྡུག་གཞན་གྱིས་མནར་ནས་བརྩེགས་མར་འགྲོ་བ་ཡིན། བཅོམ་ལྡན་འདས་ཀྱིས་མདོ་ལས་ཀྱང་། ཆོས་ཆོས་བཞིན་མ་སྤྱད་ན། ཆོས་ཀྱིས་སླར་ངན་སོང་དུ་འགྲོ་བའི་རྒྱུ་བྱེད། ཞེས་གསུངས་པས། དང་པོར་ཆོས་ལམ་ལ་ཞུགས་རྒྱུ་གནད་ཆེ་བས་བློ་ཆོས་སུ་འགྲོ་དགོས། བར་དུ་ཆོས་ཆོས་ལམ་ལ་འགྲོ་བ་གནད་ཆེ་བས་ཆོས་ལམ་དུ་འགྲོ་དགོས། དེ་ཡང་བར་ཆད་རྐྱེན་ངན་གྱི་དབང་དུ་མི་ཤོར་བར་ལས་མཐའ་བཟང་པོའི་ཕྱོགས་ལ། བཟང་གྱེན་འགྲོ་རྟ་ཁ་གྱེན་ལ་བསྐོར་བ་ལྟ་བུ་ཞིག་ཐོག་མཐའ་བར་གསུམ་ལ་འབྱུང་དགོས་པས། རང་གི་འཁྲུལ་བ་རང་གིས་བརྟགས་ཏེ་ངན་སྐྱོན་མཚང་ནས་འདོན། ཡུལ་ནས་ཕུད། ཡོན་ཏན་གོང་དུ་སྤེལ། བརྩོན་འགྲུས་ལ་ཤུགས་སྐྱེད། དམ་པའི་བཤེས་གཉེན་ལ་བསྟེན། སྡིག་པའི་གྲོགས་པོ་སྤང་། དབེན་པའི་གནས་སུ་འདུག ཐོས་བསམ་སྒོམ་པས་རང་གི་རྒྱུད་སྦྱངས། ཅི་བཤད་དམ་པའི་ཆོས་སུ་འགྲོ་བ་ཞིག་ངེས་པར་བྱེད་དགོས། དེ་ཡང་ཉི་མ་གཅིག་ལ་བཟང་ཡ་རབས་གཅིག་དང་མི་འདྲ་བའི་ཁྱད་འཕགས་ཤིག་ལ་སྒྱུར་མ་ནུས་ཀྱང་། རིམ་གྱིས་རིམ་གྱིས་ཇེ་བཟང་ལས་ཇེ་ངན་ལ་མ་ཤོར་དུས་གོ་ཆོད་བཞིན་ཡོད་པ་ཡིན། མདོར་ན་ཁ་ཕྱིར་ལ་འཁོར་ནས་མི་ལ་བརྟག་པའི་ཚབ་ཏུ་ཁ་ནང་ལ་བསྐོར་ནས་རང་རྒྱུད་གཙང་སྦྲ་བྱེད་པའི་ཆེད་དུ། ནངས་རེ་བཞིན་དུ་དམ་བཅའ་དང་། ཐུན་རེ་བཞིན་དུ་རང་རྒྱུད་ལ་བརྟག་དཔྱད་བྱས་ནས། དམ་པ་གོང་མའི་རྣམ་ཐར་ལ་བསླབ་སྟེ་ཆོས་ལམ་དུ་འགྲོ་ཐབས་མཛད་པ་ནི་གལ་ཆེ་བས་མ་ཟད་དེ་ཆོས་པ་ཞིག་གི་གོམ་པ་གཉིས་པ་རེད་ཅེས་ཞུས་པ་དང་ཆབས་ཅིག་ཏུ། སྐབས་སུ་བབས་པ་གང་ཞིག་འཆད་ཉན་བྱ་བཞིན་པ་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་བ་ཊཱིཀ་ཆེན་པདྨ་དཀར་པོ་འདི་ཉིད་ཀྱི་ཐོག་མར་དགེ་བ་ཀླད་ཀྱི་དོན་སོང་ནས། བར་དུ་དགེ་བ་གཞུང་གི་དོན་ལས་ཀྱང་འཁོར་བའི་རང་བཞིན་སྤང་བྱར་སྟོན་པའི་སྐབས་ལས་ཀྱང་མང་དག་ཅིག་སོང་སྟེ། གཉིས་པ་གནས་པ་ལ། གང་གནས་པའི་འཇིག་རྟེན་བཤད་པ། དེ་དག་གི་རྩོམ་གཞི་ཕྲ་བ་ངོས་བཟུང་བའོ། །དང་པོ་ལ་བསྟན་བཤད་གཉིས། དང་པོ།

གང་གནས་པའི་འཇིག་རྟེན་མདོར་བསྟན་པ།

དེ་ལྟར་སྣོད་དང་བཅུད་རྣམས་ཆགས་པའི་རིམ་པ་ལེགས་པར་བསྟན་པའི་རྗེས་ཐོགས་ཀྱི་རིམ་པ། དེ་ནས་གནས་པའི་བར་བསྐལ་ཉི་ཤུ་ནི། །ཐོག་མ་བར་དང་ཐ་མ་གསུམ་ཉིད་དེ། །ཞེས་གསུངས་ཏེ། བསྐལ་བ་དང་པོ་ཆགས་ནས་བར་དུ་གནས་པ་འདི་ལ་དང་པོ་འགྲིབ་པ་གཅིག་དང་བར་དུ་འཕེལ་འགྲིབ་བཅོ་བརྒྱད་དང་། །མཐར་འཕེལ་བ་གཅིག་སྟེ་བར་བསྐལ་རྣམ་པ་ཉི་ཤུ་ཉིད་ཀྱིས་གནས་བསྐལ་ཚང་བ་སྟེ། །དེ་དག་རིམ་པ་གསུམ་དུ་བསྡུས་ཏེ་བསྟན་པ་ལས། །དང་པོ་ཚེ་ལོ་དཔག་མེད་ནས་བཟུང་ནས། །བཅུ་པའི་བར་དུ་ཉིས་བརྒྱ་བརྒྱ་བརྒྱས་འབྲི། །ཡ་ཐོག་རིང་མོ་འགྲིབ་པའི་བསྐལ་པའོ། །ཞེས་གསུངས་པ་སྟེ་འཕེལ་འགྲིབ་ཀྱི་བསྐལ་པ་འཇོག་ཚུལ་མཛོད་སོགས་དང་ཅུང་མི་འདྲ་སྟེ། མཛོད་ལྟར་ན་ཆགས་པའི་ཚེ་བསྐལ་པ་དཔག་མེད་ནས་མར་འགྲིབ་སྟེ་བརྒྱད་ཁྲི་ལ་ཐུག་གི་བར་ཆགས་པའི་བསྐལ་བར་གཏོགས་ལ། བརྒྱད་ཁྲི་ནས་བཅུ་པའི་བར་མར་འགྲིབ་པ་བུལ་བས་རྐྱང་པ་གཅིག་པུ་དེ་བར་ཁུག་གཅིག་དང་ཡུན་འདྲ་བས་ཡ་ཐོག་རིང་མོ་ཞེས་བྱ་ལ། དེ་ནས་བཅུ་བ་ནས་ཡར་བརྒྱད་ཁྲི་བར་འཕེལ་བ་དང་། ཡང་བརྒྱད་ཁྲི་ནས་བཅུ་བའི་བར་མར་འགྲིབ་པ་ཟུང་གཅིག་ལ་ཁུག་པ་ཞེས་བྱ་སྟེ། དེ་འདྲ་ལན་བཅོ་བརྒྱད་ཀྱི་མཐར། བཅུ་པ་ནས་བརྒྱད་ཁྲི་བར་ཡང་དལ་བུས་འཕེལ་བ། རྐྱང་པ་གཅིག་པུ་ལ་མ་ཐོག་ཅེས་བྱ་སྟེ། དེ་ལྟར་ན་ཡ་ཐོག་མ་ཐོག་རྐྱང་པ་རེ་རེ་དང་། བར་ཁུག་པ་རེ་ཡུན་མཉམ་པས་དོན་དུ་བར་བསྐལ་ཉི་ཤུ་གནས་པའི་བསྐལ་པ་ཡིན་ལ། མ་ཐོག་གི་བརྒྱད་ཁྲི་ཡན་ཆད་འཇིག་པའི་བསྐལ་པར་གཏོགས་སོ། །ལུགས་འདིར་ནི་དང་པོ་འགྲིབ་པའི་བསྐལ་པ་ནི། མི་རྣམས་ཚེ་ལོ་དཔག་ཏུ་མེད་པ་ནས་བཟུང་སྟེ་བརྒྱད་ཁྲིའི་བར་དུ་ལོ་ཉིས་བརྒྱ་སོང་བ་ན་ལོ་རེ་འབྲིའོ། །དེ་ཡང་དཔག་མེད་ཡར་ཐལ་ནས། ཚེ་ལོ་བརྒྱད་ཁྲི་ནས་བཅུའི་བར་བརྒྱ་བརྒྱས་ལོ་རེ་འབྲི་བ་ཡིན་ནོ། །གཉིས་པ་བར་དུ་འཕེལ་འགྲིབ་སྤེལ་མ་བཅོ་བརྒྱད་ནི། དེ་ནས་འཕེལ་དང་འགྲིབ་གཉིས་ཟུང་གཅིག་གིས། །ཚན་པ་བཅོ་བརྒྱད་འཕེལ་འགྲིབ་བར་ཁུག་སྟེ། །བརྒྱ་བརྒྱ་དག་ན་སྡེ་ཚན་འཕེལ་འགྲིབ་བྱེད། །ཞེས་གསུངས་ཏེ། ཚེ་ལོ་བཅུ་པ་ནས་ཡར་སྐྱེའམ་འཕེལ་བར་གྱུར་པ། བརྒྱད་ཁྲིར་ཐུག་པ་ལས་ཡང་བཅུའི་བར་འགྲིབ་པར་ནི་སྡེ་ཚན་གྱིས་མྱུར་བར་བྱེད་པས་འདི་གཉིས་གཅིག་ཏུ་བསྡོམས་པ་ལན་བཅོ་བརྒྱད་དུ་འབྱུང་བའོ། །གསུམ་པ་ཕྱིས་འཕེལ་བ་གཅིག་ནི་བར་ཁུག་རྫོགས་པའི་རྗེས། དེ་ནས་སྔར་བཞིན་ཡར་སྐྱེ་མར་འགྲིབ་ནི། །མ་ཐོག་རིང་མོ་ཞེས་སུ་གྲགས་པ་ཡིན། །ཞེས་གསུངས་ཏེ། བར་ཁུག་རྫོགས་དུས་ཚེ་ལོ་བཅུ་པ་ནས་བར་ཁུག་ལྟར་སྡེ་ཚན་གྱིས་ཚེ་ལོ་དཔག་མེད་དུ་འཕེལ་བའི་གཅིག་འགྲིབ་དུས་སངས་རྒྱས་མོས་པ་འབྱུང་ལ། དེ་ནས་བརྒྱད་ཁྲི་པའི་བར་ཉིས་བརྒྱས་ལོ་རེ་འབྲི་ཞིང་། བརྒྱད་ཁྲི་ནས་བཅུ་པའི་བར་དུ་བརྒྱ་བརྒྱས་ལོ་རེ་འབྲི་བ་ཡིན་ནོ། །ཁ་ཅིག་མ་ཐོག་ཀྱང་བརྒྱད་ཁྲི་ལས་ཡར་འཕེལ་བར་མི་འདོད་པ་འདི་ནི་མི་རིགས་ཏེ། མ་ཐོག་ལ་མོས་པ་འབྱུང་བར་གསུངས་ལ། དེའི་དུས་ན་སྔར་གྱི་འདས་པའི་སངས་རྒྱས་དགུ་བརྒྱ་དགུ་བཅུ་རྩ་དགུ་པོའི་བསྟན་པ་དང་། སྐུ་ཚེ་དང་འདུས་པ་མཚུངས་པར་རྫོགས་དགོས་པའི་ཕྱིར་རོ། །དེ་ལྟར་ན་མ་ཐོག་གིས་མི་རྫོགས་ཏེ། ཡ་ཐོག་དང་བར་ཁུག་རིལ་པོར་སངས་རྒྱས་དེ་དག་འབྱུང་བ་དང་། དུས་མི་མཉམ་ཟེར་བའང་བློ་རྩིང་སྟེ་དེ་གཉིས་དང་མ་ཐོག་དུས་མཚུངས་པ་མ་ཡིན་ཀྱང་སངས་རྒྱས་བྱོན་པའི་སྐུ་ཚེ་དང་བསྟན་པ་མ་ཐོག་ལ་རྫོགས་པ་ཡིན་ཏེ། སངས་རྒྱས་འདས་ནས་བསྟན་པ་ནུབ་པའི་བར་སྐབས་ལོ་གྲངས་ཤིན་ཏུ་མང་བའི་ཕྱིར་རོ། །དེ་ལྟར་བཤད་པའི། ཡ་ཐོག་མ་ཐོག་བར་ཁུག་བཅས་པ་ལ། །བར་བསྐལ་ཉི་ཤུ་རང་བཞིན་གནས་པར་འདོད། །ཅེས་གསུངས་ཏེ། ཡ་ཐོག་ལ་གཅིག བར་ཁུག་ལ་བཅོ་བརྒྱད། མ་ཐོག་ལ་གཅིག་སྟེ་རྣམ་གྲངས་ཉི་ཤུ་ནི། རང་བཞིན་གནས་པ་ཞེས་བྱ་བའི་བསྐལ་པར་འགྱུར་རོ། །འདི་དག་གི་ཡ་ཐོག་འབྲི་བ་ནས་བརྒྱད་ཁྲི་དང་བཅུ་པའི་བར་གྱི་ཡུན་དང་བར་ཁུག་གཅིག་དུས་མཚུངས་ལ། མར་འགྲིབ་ཀྱི་བརྒྱད་ཁྲི་པ་ཡང་དེ་དང་འདྲ་ལ་སྐྱེ་བ་ཡང་མཚུངས་ཏེ། རང་བཞིན་དུ་སྤྱིར་བསྡོམས་པས་བར་བསྐལ་ཉི་ཤུའི་བར་གཅིག་ཡོད་ཅེས་གཞག་གི་ཡ་ཐོག་མ་ཐོག་དུས་མཉམ་པ་སྟེ་བསྡོམས་པ་དང་། བར་ཁུག་གཉིས་རིང་ཐུང་མཉམ་པར་ལུང་ལས་འབྱུང་ངོ་། །འདིའི་ཐུན་མིན་གྱི་ལུགས་ནི། ཚེ་ལོ་དཔག་མེད་ཀྱི་དུས་སུ་ཆགས་པ་རྫོགས་ལ་འགྲིབ་པའི་མགོ་རྩོམ་པ་ནས་གནས་བསྐལ་འཇོག་སྟེ། དེ་ཡང་དཔག་མེད་ནས་བརྒྱད་ཁྲིའི་བར་དུ་ལོ་ཉིས་བརྒྱ་ན་ལོ་རེ་འགྲིབ་པ་དང་། བརྒྱད་ཁྲི་ནས་བཅུ་པའི་བར་ལོ་བརྒྱ་རེའི་མཚམས་ནས་ལོ་རེ་ཕྲི་བའི་ཚུལ་གྱིས་མར་འགྲིབ་པ་རྐྱང་པ་ནི་ཡ་ཐོག་རིང་མོ་འགྲིབ་པའི་བསྐལ་པ་ཞེས་བྱ་ལ། དེ་ནས་ཡར་བརྒྱད་ཁྲིའི་བར་དང་མར་བཅུ་པའི་བར་ལ་འཕེལ་འགྲིབ་ཟུང་རེ་གཅིག་ཏུ་བརྩིས་པའི་ལན་བཅོ་བརྒྱད་ནི་བར་ཁུག་བཅོ་བརྒྱད་ཅེས་བྱ་སྟེ། ཁུག་པའི་སྐབས་སུ་ལོ་བརྒྱ་རེའི་མཚམས་སུ་བཅུ། ཉི་ཤུ། བཞི་བཅུ་སོགས་སྡེ་ཚན་བཅུ་གཉིས་ཀྱིས་འཕེལ་འགྲིབ་བྱེད་པས་ན་འདིའི་འཕེལ་འགྲིབ་ཟུང་གཅིག་དང་། ཡ་ཐོག་མ་ཐོག་གི་བརྒྱད་ཁྲི་དང་བཅུ་བའི་བར་གྱི་འགྲིབ་པ་རྐྱང་པ་གཅིག་དུས་རིང་ཐུང་མཉམ་པར་བཤད་དེ་མགྱོགས་བུལ་གྱི་དབང་གིས་སོ། །བར་ཁུག་བཅོ་བརྒྱད་པོ་རྫོགས་པའི་རྗེས་སུ་བཅུ་པ་ནས་ཡར་དཔག་མེད་བར་དུ་སྡེ་ཚན་གྱིས་འཕེལ་བ་དང་། དཔག་མེད་ནས་མར་བཅུ་བའི་བར་དུ་ཡ་ཐོག་ལྟར་འགྲིབ་པའི་ཁུག་དེ་ལ་མ་ཐོག་རིང་མོ་ཞེས་སུ་བཞེད་དེ་ཚུལ་འདི་ལྟར་ན་མོས་པའི་སྐུ་ཚེ་དང་མཛད་ཕྲིན་སོགས་མདོ་ལས་ཇི་སྐད་གསུངས་པ་ལྟར་འཇོག་ནུས་པ་སོགས་འཆད་ཚུལ་ཐུན་མིན་ངོ་མཚར་ཅན་ཞིག་གོ །དེ་ལྟར་ན་ཡ་ཐོག་འགྲིབ་པ་རྐྱང་པ་གཅིག་པུ་བར་ཁུག་གཅིག་ལས་ཡུན་རིང་ཞིང་། མ་ཐོག་འཕེལ་འགྲིབ་ཁུག་པ་ཅན་དེ་ལས་ཀྱང་ཤིན་ཏུ་རིང་བས་གནས་པའི་བར་བསྐལ་ཉི་ཤུ་པོ་འདི་དག་ནང་ཕན་ཚུན་རིང་ཐུང་མཉམ་པ་མིན་ཏེ། ཡ་ཐོག་མ་ཐོག་གི་ཡུན་བསྡོམས་པ་དང་། བར་ཁུག་བཅོ་བརྒྱད་པོ་གཅིག་ཏུ་བསྡོམས་པའི་ཡུན་འདྲ་བར་འདོད་དོ། །དེ་ལྟར་གང་གནས་པའི་འཇིག་རྟེན་བཤད་པ་མདོར་བསྟན་ནས། གཉིས་པ་རྒྱས་བཤད་ལ། འཕེལ་འགྲིབ་ཀྱི་ཚུལ་བཤད་པ་དང་། གནས་དུས་ཀྱི་ཆོས་བཤད་པ་གཉིས། དང་པོ་ལ་བསྟན་བཤད་གཉིས། དང་པོ།

འཕེལ་འགྲིབ་ཀྱི་ཚུལ་མདོར་བསྟན་པ།

ཇི་སྐད་བཤད་པའི་ཚུལ། འདི་དག་འཕེལ་འགྲིབ་ཅུང་ཟད་བཤད་པ་ནི། །ཞེས་པས་མཚམས་སྦྱར་དང་མདོར་བསྟན་གཉིས་ཀའི་གོ་ཆོད་པར་བྱས་ནས། གཉིས་པ་རྒྱས་བཤད་ལ། འགྲིབ་ཚུལ་བཤད་པ་དང་། འཕེལ་ཚུལ་གཉིས། དང་པོ།

འགྲིབ་ཚུལ་རྒྱས་པར་བཤད་པ།

བརྒྱད་ཁྲིའི་དུས་ན་གྲོང་ཁྱེར་འབྱོར་པ་ཡིས། །ས་གཞི་བྱ་གག་འཕུར་བས་སླེབ་ཙམ་གང་། །ཞེས་གསུངས་ཏེ། དང་པོ་འགྲིབ་པའི་ཚུལ་རྒྱས་པར་བཤད་པ་ནི། མི་རྣམས་ཚེ་ལོ་བརྒྱད་ཁྲི་པའི་དུས་ན་འཛམ་བུའི་གླིང་འབྱོར་པ། རྒྱས་པ། བདེ་བ། ལོ་ལེགས་པ། སྐྱེ་བོ་མང་པོས་གང་བ། རྒྱལ་པོའི་ཕོ་བྲང་དང་། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་རྣམས་ཀྱི་བར་ན་བྱ་གག་འཕུར་རྩལ་ཞན་པས་སླེབ་པ་ཙམ་ན་འདབ་འབྱོར་དུ་ཡོད་པའོ། །དེའི་དུས་ན་བུ་མོ་བཙས་པ་རྣམས་ནི་ལོ་ལྔ་བརྒྱ་ན་ཁྱིམ་ཐབ་ལ་གཏོང་ལ། མི་རྣམས་ཀྱི་ནད་ནི་འདོད་པས་གཟིར་བ་དང་། ཟས་མི་ཟ་བ་ཙམ་ལ་བྱེད་དོ། །དེ་ཙམ་ཞིག་མ་གཏོགས་ནད་དངོས་མེད་པ་རེད། འབྲུ་ནི་སྙེ་མ་ཤིན་ཏུ་ཆེ་བ་སྟེ། སྙེ་མ་རེ་རེ་ལས་ཀྱང་བྲེ་བོ་ཆེ་བཞི་བཞི་འབྱུང་ངོ་། །འདིའི་དུས་ན། འཁོར་ལོས་སྒྱུར་བ་དག་ཀྱང་མང་འབྱུང་ཞིང་། །འབྱོར་བ་རྒྱ་ཆེ་འདོད་ལྷའི་ཡུལ་དང་འགྲན། །ཞེས་གསུངས་ཏེ། མི་རྣམས་ཀྱི་ཚེ་ལོ་དཔག་ཏུ་མེད་པ་ནས་བརྒྱད་ཁྲིའི་བར་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྤྱི་བོ་སྐྱེས་དང་། གསོ་སྦྱོང་འཕགས་དང་། དགེ་བ་དང་། རབ་མཛེས་ལ་སོགས་པ་རབས་བདུན་བྱུང་ངོ་། །འཁོར་ལོས་སྒྱུར་བ་དེ་ཡང་རྣམ་པ་བཞི་སྟེ། གླིང་གཅིག་ལ་དབང་ན་ལྕགས་ཀྱི་འཁོར་ལོའོ། །གཉིས་ལ་ཟངས་དང་། གསུམ་ལ་དངུལ་དང་། བཞི་ལ་དབང་ན་གསེར་ལས་བྱས་པའོ། །དེ་ཡང་རྒྱལ་པོ་གང་དུ་འགྲོ་བའི་མདུན་ནས་འཁོར་ལོ་འགྲོ་ཞིང་། རིན་པོ་ཆེ་སྣ་བདུན་དང་ལྷན་ཅིག་སྤྱོད་དོ། །འཁོར་ལོ་ནི་རི་རབ་ཀྱི་བང་རིམ་ལ་ཡོད་པ། རྒྱལ་པོ་དེའི་ཕོ་བྲང་གི་སྟེང་དུ་རང་འབྱུང་བར་བཤད་དོ། །གཞུང་ཁ་ཅིག་ལས་ལྷའི་དབང་པོ་བརྒྱ་བྱིན་གྱི་འཁོར་ལོ་ཕལ་པ་དེར་འབྱུང་བར་ཡང་གསུངས་སོ། །མཛོད་ལས། འཁོར་ལོས་སྒྱུར་བ་འབྱུང་བ་ནི། །སྟོང་ཕྲག་བརྒྱད་ཅུ་ལས་མི་འཕྱི། །གསེར་དངུལ་ཟངས་ལྕགས་འཁོར་ལོ་ཅན། །དེ་དག་གླིང་གཅིག་གླིང་གཉིས་དང༌། །གསུམ་དང་བཞི་ལས་མས་རིམ་བཞིན། །ལྷན་ཅིག་གཉིས་མིན་སངས་རྒྱས་བཞིན། །ཕས་བསུ་རང་འགྲོ་གཡུལ་བཤམས་དང༌། །མཚོན་བརྩམས་པས་རྒྱལ་གནོད་པ་མེད། །ཅེས་གསུངས་པ་དང་མཐུན་ཅིང་། སྔོན་འཇིག་རྟེན་དུ་འཁོར་ལོས་སྒྱུར་བ་བྱུང་བའི་གཏམ་རྒྱུད་ལས། དང་པོར་ལྷའི་གླང་ཆེན་ས་སྲུང་གི་བུས་གསེར་ཁྲི་ལ་བཞག དེ་ནས་སུམ་ཅུ་རྩ་གསུམ་གྱི་ལྷའི་གནས་ནས་ལྷའི་ཆུ་བོ་དྲི་མ་མེད་པས་ཡོངས་སུ་གང་བའི་བདུད་རྩིའི་བུམ་པས་སྤྱི་བོ་ནས་ཁྲུས་གསོལ་ཏེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་རུ་དབང་བསྐུར་བར་གྲགས་ལ། འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་དག་གི་ཡོན་ཏན་ཁྱད་པར་ཇི་ལྟར་ཡིན་པ་ནི། མདོ་ལས། འཁོར་ལོས་བསྒྱུར་བའི་རྒྱལ་པོ་མཐའ་བཞིར་རྣམ་པར་རྒྱལ་བ། ཆོས་ཀྱི་རྒྱལ་པོ། ཆོས་དང་མཐུན་པ། །རིན་པོ་ཆེ་སྣ་བདུན་དང་ལྡན་པར་འགྱུར་ཞིང་། །ཞེས་གསུངས་པ་ལྟར་དང་། ཡང་འཁོར་ལོས་མ་བསྒྱུར་བའི་རྒྱལ་པོ་དེ་དག་གསེར་ལ་སོགས་པའི་འཁོར་ལོ་དག་གིས་ས་ལས་རྒྱལ་བར་བྱེད་པ་ན་ཇི་ལྟར་རྒྱལ་པར་བྱེད་ཅེ་ན། གོ་རིམས་བཞིན་དུ། གང་ལ་གསེར་གྱི་འཁོར་ལོ་ཡོད་པ་དེ་ལ་ནི་ཁམས་ཀྱི་རྒྱལ་ཕྲན་རྣམས་འབྱོར་པ་དང༌། རྒྱས་པ་དང༌། བདེ་བ་དང༌། གང་ལོ་ལེགས་པ་དང༌། སྐྱེ་བོ་དང༌། མི་ཕལ་པོ་ཆེས་བལྟམས་པའི་ལྗོངས་འདི་དག་ནི་ལྷའི་ལགས་ཀྱི་ལྷས་དེ་དག་རྗེས་སུ་བསྟན་དུ་གསོལ། བདག་ཅག་ནི་ལྷའི་ཞམ་འབྲིང་འཚལ་ལོ་ཞེས་ཕས་བསུ་བར་བྱེད་དོ། །གང་ལ་དངུལ་གྱི་འཁོར་ལོ་ཡོད་པ་དེ་ལ་ནི་བདག་ཉིད་དེ་དག་གི་ཐད་དུ་འགྲོ་སྟེ། ཕྱིས་འདུད་པར་འགྱུར་རོ། །གང་ལ་ཟངས་ཀྱི་འཁོར་ལོ་ཡོད་པ་དེ་ནི་དེ་དག་གི་ཐད་དུ་སོང་ནས་གཡུལ་ཤོམ་པར་བྱེད་དེ། ཕྱིས་འདུད་པར་འགྱུར་རོ། །གང་ལ་ལྕགས་ཀྱི་འཁོར་ལོ་ཡོད་པ་དེ་ནི་དེ་དག་གི་ཐད་དུ་སོང་ནས་ཕན་ཚུན་མཚོན་བརྩམས་པ་ལས་ཕྱིས་འདུད་པར་བྱེད་དོ། །འཁོར་ལོས་སྒྱུར་བ་ཐམས་ཅད་ཀྱང༌། གནོད་པ་མེད། མཚོན་ཆས་རྒྱལ་ཡང་གསོད་དུ་མི་འཇུག་གོ །རྒྱལ་ནས་ཡང་སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་དག་ལ་འཇོག་པར་བྱེད་དོ། །དེ་གཉིས་ཀྱི་ཕྱིར་དེ་དག་ནི་ངེས་པར་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །རིན་པོ་ཆེ་སྣ་བདུན་ནི། འཁོར་ལོ་དང་། ནོར་བུ་དང་། བཙུན་མོ་དང་། བློན་པོ་དང་། གླང་པོ་དང་། རྟ་མཆོག་དང་། དམག་དཔོན་རིན་པོ་ཆེའོ། །དྲན་པ་ཉེར་གཞག་ལས། འཁོར་ལོ་རིན་པོ་ཆེ་ནི་གསེར་ལས་བྱས་ཤིང་དཔག་ཚད་ལྔ་བརྒྱ་པ་རྩིབས་སྟོང་དང་ལྡན་པ། ཉི་མ་གཅིག་ལའང་དཔག་ཚད་སྟོང་དུ་འགྲོ་ཞིང་། དེའི་མཐུས་སུམ་ཅུ་རྩ་གསུམ་མན་ཆད་དུ་གླང་ཆེན་སོགས་འཁོར་ཐམས་ཅད་ནམ་མཁའ་ལ་འགྲོ་ནུས་པ། རྒྱལ་པོས་མི་ཐོས་པའང་ཐོས་པ་དང་། དོ་ཟླ་སུ་ཡང་མེད་པར་བྱེད་པ་ཞིག་ནམ་མཁའ་ལས་འབྱུང་བ་དང་། ནོར་བུ་རིན་པོ་ཆེ་ནི་མི་ཆེན་པོའི་བརླ་ཤ་ཙམ་ཟུར་བརྒྱད་པ། མཚན་མོ་དཔག་ཚད་བརྒྱར་འོད་འབྱུང་ཞིང་། ཉི་མ་ཚ་བ་ན་བསིལ་བའི་ཆུ་ཡན་ལག་བརྒྱད་ལྡན་འབྱུང་བ། དཔག་ཚད་བརྒྱའི་ཁོར་ཡུག་ཏུ་ནད་མེད་པར་བྱེད་ཅིང་ཇི་ལྟར་འདོད་པའི་ལས་ཐམས་ཅད་གྲུབ་པར་བྱེད་པ་ཞིག་བརྒྱ་བྱིན་གྱིས་སྟེར་རོ། །བཙུན་མོ་རིན་པོ་ཆེ་ནི་ལུས་ལ་ཙནྡ་དང་ཁ་ནས་ཨུཏྤལའི་དྲི་འབྱུང་ཞིང་། རེག་ན་ཉོན་མོངས་པ་མེད་པས་མི་ཐམས་ཅད་ཀྱིས་མ་དང་སྲིང་མོ་ལྟར་མཐོང་བ། གླིང་དེའི་བཀྲེས་སྐོམ་ཐམས་ཅད་སེལ་བར་བྱེད་ཅིང་བསམ་པ་དང་མཐུན་པ། བུ་མང་པོ་བཙའ་ཞིང་ཁྱིམ་ཐབས་མེད་ཀྱང་འདོད་ཡོན་ལྔའི་དབང་དུ་མི་འགྱུར་བ་ཞིག་བློན་པོས་སྟེར་རོ། །བློན་པོ་རིན་པོ་ཆེ་ནི་ཉོན་མོངས་པ་མེད་པས་མི་དགེ་བ་སྤངས་ཤིང་བྱ་བ་ཀུན་མ་བསླབས་ཀྱང་ཤེས་བཞིན་བྱེད་པ། སེམས་ཅན་རྣམས་ལ་ཕ་མ་ལྟར་བྱམས་པ་ཞིག་འབྱུང་ངོ་། །གླང་པོ་རིན་པོ་ཆེ་ནི་ཅང་ཤེས་ཤིང་བཀའ་ཉན་ལ། ཉིན་གཅིག་ལའང་ཛམ་གླིང་ལན་གསུམ་འཁོར་ཞིང་། རྒྱལ་པོས་ཞོན་པའི་ཚེ་གང་དུ་འཇུག་སྤྲོ་བ་དེར་བསྐུལ་མི་དགོས་པར་འགྲོ་བ། ཕ་རོལ་ལས་རྒྱལ་བར་བྱེད་པ་དང་། རྟ་མཆོག་རིན་པོ་ཆེ་ནི་རྨ་བྱའི་མགྲིན་པ་ལྟར་སྔོ་ཞིང་ཡོན་ཏན་གླང་པོ་དང་མཚུངས་པ་སྟེ་དེ་གཉིས་བརྒྱ་བྱིན་གྱིས་སྟེར་རོ། །དམག་དཔོན་རིན་པོ་ཆེ་ནི་དགྲ་བོ་མ་ལུས་པ་འཇོམས་པར་ནུས་ཀྱང་གཞན་ལ་མི་འཚེ་བ་དང་བདུན་ནམ། ཡང་ན་ཁྱིམ་བདག་རིན་པོ་ཆེ་ནི་རྒྱལ་པོའི་བཀའ་ཉན་ཞིང་བང་མཛོད་ནོར་གྱིས་འགེངས་པ་ཞིག་འབྱུང་བ་སྟེ་བདུན་ནོ། །ཞེས་སོ། འདིར་མཁས་པ་དག །གསེར་འཁོར་ལ་དམག་དཔོན་མེད་དེ་གཡུལ་བཤམ་མི་དགོས་པའི་ཕྱིར་མཛོད་གཉེར་བ་ཁྱིམ་བདག་དང་བདུན་ཡིན་ཅིང་། གཞན་གསུམ་ལ་གཡུལ་བཤམ་དགོས་པས་དམག་དཔོན་བགྲངས་པའི་བདུན་ཡིན་ནོ། །ཞེས་བཤད་དོ། །ཉེ་བའི་རིན་པོ་ཆེ་བདུན་ནི། འཇམ་བསིལ་དྲོ་བ་སོགས་ཀྱི་ཡོན་ཏན་དང་ལྡན་ཞིང་བསམ་གཏན་བྱེད་ན་རྣམ་པར་གྲོལ་ཞིང་བློ་གསལ་བ། ཀུན་ནས་ཉོན་མོངས་པ་དང་བྲལ་བར་བྱེད་པའི་མལ་ཆ་དང་། ཆུར་དཔག་ཚད་བཅུ་གཉིས་དང་ཞེང་དུ་བདུན་པ། གྲང་ན་དྲོ་ལ་ཚ་ན་བསིལ་ཞིང་ལྷ་མོ་རྣམས་འོངས་ནས་རོལ་མོ་བྱེད་པ། ཟླ་བ་དང་རྒྱུ་སྐར་དང་རིན་པོ་ཆེ་སོགས་ལྟ་བར་འདོད་ཀྱང་འགྲུབ་པའི་གཞལ་དུ་མེད་པའི་ཁང་ཁྱིམ་དུ་ཉེ་བར་སྤྱད་པའི་རིན་པོ་ཆེའི་ཁྲི་དང་། ཁྲི་དང་མལ་ཆ་ལ་འོས་པའི་སྟན་ཁྱད་པར་དུ་འཕགས་པ་དང་། རྒྱལ་པོ་དང་འགལ་བར་སྤྱོད་པ་དེར་སོང་བ་ཙམ་གྱིས་ཐམས་ཅད་འདུད་པར་བྱེད་པའི་གྲི་དང་། གྱོན་ན་ཆུར་མི་བྱིང་ཞིང་ཡུད་ཙམ་གྱིས་དཔག་ཚད་བརྒྱར་འགྲོ་བ་ལ་ངལ་བ་མེད་པའི་ལྷམ་ཁྱད་པར་དུ་འཕགས་པ་དང་། ཆུར་དཔག་ཚད་བཅུ་དང་ཞེང་དུ་ལྔ་པ་ཆར་གྱིས་མི་བརླན་ཞིང་རླུང་གིས་མི་བསྐྱོད་པ། གྲང་ན་བསྲོ་ཞིང་ཚ་ན་བསིལ་བར་བྱེད་ལ། གང་དུ་འགྲོ་སར་འཁོར་དང་བཅས་པའི་ཁྱིམ་གྱི་བྱ་བ་བྱེད་པའི་པགས་པ་ཞིག་ཚོང་པས་ཕུལ་བས་རྒྱ་མཚོ་ནས་བྱུང་བའི་ཀླུའི་པགས་པ་ཡིན་པར་བཤད་པའི་པགས་པ་དང་། འཐག་མཁན་བཟང་པོས་མཆོག་ཏུ་བཏགས་པའི་འཇམ་ཞིང་དྲི་མ་མི་གོས་པས་གྲང་དྲོ་བཀྲེས་སྐོམ་ངལ་དུབ་ཀྱིས་མི་གནོད་པ་མེ་དང་མཚོན་སོགས་ཀྱིས་མི་ཚུགས་པའི་གོས་ཉེ་བའི་རིན་པོ་ཆེའོ། །འཁོར་ལོས་སྒྱུར་བ་ནི་མི་རྣམས་ཀྱི་ཚེ་ལོ་དཔག་མེད་ནས་བརྒྱད་ཁྲི་ཐུབ་པ་ཡན་ཆད་ལ་འབྱུང་གིས། དེ་མན་ཆད་དུ་མི་འབྱུང་སྟེ། རྒྱལ་པོ་དེའི་ཚེ་ཚད་དང་དཔལ་འབྱོར་མི་རྫོགས་པའི་ཕྱིར་རོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མར་འགྲིབ་ལ་འབྱུང་ལ། ཁྱད་པར་དུ་བརྒྱད་ཁྲི་མན་ཆད་ལ་འབྱུང་སྟེ། ཡན་ཆད་དུ་སྐྱོ་བ་ཤས་ཆུང་བས་ཆོས་བསྟན་ཡང་དོན་དུ་འགྱུར་བ་དཀོན་ཅིང་བདེན་པ་མངོན་པར་རྟོགས་པ་ཤས་ཆུང་བའི་ཕྱིར་རོ། །བརྒྱ་པ་མན་ཆད་དུ་མི་འབྱུང་སྟེ། སྙིགས་མ་ལྔ་བདོ་བས་སངས་རྒྱས་བྱོན་ཡང་སྒྲོ་སྐུར་གྱི་གཞིར་འགྱུར་བས་སྣོད་དུ་མི་རུང་བའི་ཕྱིར་རོ། །སྙིགས་མ་ལྔ་པོ་གང་ཡིན་ན། ལོངས་སྤྱོད་རྒུད་པ་དུས་ཀྱི་སྙིགས་མ་འབྲུ་རྣམས་རོ་ནུས་ཆུང་ཞིང་མི་སྨིན་པ་སོགས་དང་། སྲོག་རྒུད་པ་ཚེའི་སྙིགས་མ་ཚེ་ཐུང་བ་དང་། རབ་བྱུང་གི་དགེ་ཕྱོགས་རྒུད་པ་ལྟ་བའི་སྙིགས་མ་དང་། ལུས་རྒུད་པ་སེམས་ཅན་གྱི་སྙིགས་མ་དང་། ཁྱིམ་པའི་དགེ་ཕྱོགས་རྒུད་བྱེད་ཉོན་མོངས་པའི་སྙིགས་མའོ། །དེ་ཡང་ཚེའི་སྙིགས་མ་དང་། དུས་ཀྱི་སྙིགས་མས་སྲོག་དང་ཡོ་བྱད་རྒུད་པར་བྱེད་དོ། །ཉོན་མོངས་པ་དང་། ལྟ་བའི་སྙིགས་མས་དགེ་བའི་ཕྱོགས་རྒུད་པར་བྱེད་དོ། །སེམས་ཅན་གྱི་སྙིགས་མས་གཟུགས་རྒུད་པར་བྱེད་དོ། །ནད་མེད་པ་དང་། སྟོབས་དང་། བློ་དང་། བརྩོན་འགྲུས་དང་། བསམ་གཏན་ཉམས་པར་བྱེད་པའི་སྙིགས་མ་ལྟ་བུའོ། །དེ་ལ་ཁ་ཅིག་ན་རེ་སངས་རྒྱས་ཚེ་ལོ་བརྒྱད་ཁྲི་ནས་བརྒྱ་པའི་བར་ཁོ་ན་ལ་འབྱུང་ཞེས་པའང་ཐོས་པའི་མིག་རྒྱང་ཐུང་བའི་རྣམ་འགྱུར་ཏེ། ཚེ་ལོ་དཔག་མེད་ཀྱི་དུས་ན་སངས་རྒྱས་རྣམ་པར་གཟིགས་བྱུང་བའི་ཕྱིར་དང་། འཇིག་རྟེན་གཞན་དག་ན་མགོན་པོ་ཚེ་མཐའ་ཡས་པ་ཚེ་ལོ་དཔག་མེད་ཀྱི་དུས་ན་བྱོན་པ་ལ་སོགས་པས་གནོད་དོ། །དེས་ན་བསྐལ་པ་བཟང་པོ་འདིའི་སངས་རྒྱས་སྟོང་གི་ནང་ནས་དང་པོ་འཁོར་བ་འཇིག་བརྒྱད་ཁྲིའི་དུས་སུ་བྱོན་པ་ནས། བཞི་ཁྲི་ན་གཉིས་པ་གསེར་ཐུབ་དང་། ཉི་ཁྲི་ན་གསུམ་པ་འོད་སྲུངས། བརྒྱ་པའི་དུས་འདིར་རྣམ་འདྲེན་བཞི་བ་ཤཱཀྱ་ཐུབ་པ་བྱོན་པ་ནས། མཐར་མོས་པའི་བར་དུ་བསྐལ་བ་བཟང་པོ་འདིའི་སངས་རྒྱས་སྟོང་བྱོན་པ་རྣམས་བརྩིས་པ་ཡིན་ནོ། །སངས་རྒྱས་རབ་བདུན་བརྩི་བའི་སྐབས་ན་རྣམ་པར་གཟིགས་དང་། མར་མེ་མཛད་དང་། རིན་ཆེན་གཙུག་ཏོར་ཅན་དང་གསུམ་ནི་དེའི་གོང་དུ་བྱོན་པས་དེ་རྣམ་པ་གསུམ་པོ་ལ་བར་གྱི་སངས་རྒྱས་ཞེས་བྱ་སྟེ། དེ་ལྟ་བུ་ཕྱིས་ཀྱང་འབྱོན་པར་གསུངས་པས་མ་ངེས་པ་ཡིན་ནོ། །འོན་ཀྱང་དཔག་མེད་ལས་རིང་ཞིག་ན་མར་འགྲིབ་ཏུ་ཉེ་བའམ། དེའི་ནང་ནས་ལོ་གཅིག་འགྲིབ་ཀྱང་ད་དུང་དཔག་མེད་ཀྱི་མིང་ཡོད་པ་མན་ཆད་ལ་འབྱུང་ངོ་། །རང་སངས་རྒྱས་རྣམས་ནི་ཡར་སྐྱེ་དང་མར་འགྲིབ་གཉིས་ཀ་ལ་འབྱུང་སྟེ། སངས་རྒྱས་མ་བྱོན་པ་དང་། བྱོན་ཡང་བསྟན་པ་ནུབ་ནས་ཉན་ཐོས་རྣམས་ཟད་པ་ན་འབྱུང་སྟེ། རྩ་བ་ཤེས་རབ་ལས། རྫོགས་སངས་རྒྱས་རྣམས་མ་བྱུང་ཞིང་། །ཉན་ཐོས་རྣམས་ཀྱང་ཟད་པ་ན། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །བརྟེན་པ་མེད་པར་རབ་ཏུ་སྐྱེ། །ཞེས་པའོ། །དེའི་དུས་སུ་བྱུང་ན་གཞན་དོན་ལ་བསྐུལ་གྱིས་དོགས་པས་འཇིགས་པ་ཡིན་ནོ། །དེ་ཡང་ཚེ་ལོ་མར་འགྲིབ་ཏུ་ཉེ་བའི་དུས། དེ་ནས་མི་དགེའི་དབང་གིས་མར་འགྲིབ་སྟེ། །དྲུག་ཁྲི་པ་དང་ཉི་ཁྲི་བཅུ་པའི་བར། །ཚེ་དང་ལོངས་སྤྱོད་ཡུལ་གྱི་ཡོན་ཏན་འགྲིབ། །ཞེས་གསུངས་ཏེ། འགྲིབ་པའི་རྒྱུ་ནི་འཆད་པར་འགྱུར་བ་ལྟར། །འཁོར་བའི་ཆོས་ལུགས་དུ་མ་འཇིག་རྟེན་དུ་འབྱུང་བས་མི་དགེ་བའི་ལས་རྣམས་འཕེལ་ཏེ། བརྒྱད་ཁྲི་པ་ནས་བདུན་ཁྲི་པ་དང་། དྲུག་ཁྲི་པ་དང་། ཉི་ཁྲི་པ་དང་། སྟོང་པ་དང་། བརྒྱ་པ་དང་། བཅུ་པའི་བར་དུ་ཚེ་འགྲིབ་པ་ལྟར་ལོངས་སྤྱོད་དང་། ཁ་དོག་དང་། འོད་དང་། སྟོབས་ལ་སོགས་པའི་ཡོན་ཏན་རྣམས་འགྲིབ་པ་ཡིན་ནོ། །འགྲིབ་པ་རྣམས་ཀྱི་མཐར་ཐུག་པ་ཚེ་ལོ། །བཅུ་པའི་ཚེ་ན་རྣམ་རྟོག་ཉོན་མོངས་རགས། །མི་རྣམས་ལུས་བོངས་མཐོ་གང་ཆག་གང་ལ། །ཉིན་ཚིག་ནུབ་འཁྱགས་དབུལ་ཕོངས་འཚེ་བས་གདུངས། །ཞེས་གསུངས་ཏེ། མི་རྣམས་ཚེ་རིང་ན་ལོ་བཅུ་ཐུབ་པའི་དུས་ན། བུ་བཙས་པ་ལ་ད་ལྟའི་སྐབས་ན་ལོ་བརྒྱ་ལོན་པར་ཤོག་ཅེས་སྨོན་ལམ་འདེབས་པ་ལྟར་དེའི་དུས་སུ་ལོ་བཅུ་ཐུབ་པར་ཤོག་ཅེས་སྨོན་ལམ་འདེབས་པར་བྱེད་ཅིང་། བུ་མོ་བཙས་པ་ལོ་ལྔ་ན་ཁྱིམ་ཐབ་ལ་གཏོང་ལ། ལུས་བོངས་ནི་ཚེ་ལོ་བརྒྱ་པའི་མི་རྣམས་ཀྱི་མཐོ་གང་ཆག་གང་པའོ། །གཞུང་ཁ་ཅིག་ལས། རིང་བ་མཐོ་གང་། ཐུང་བ་ཆག་གང་དུ་གསུངས་པའང་ཡོད་དོ། །ཁ་ཟས་ཀྱི་མཆོག་ནི་ཀོ་ཏྲ་པའོ། །གོས་ཀྱི་མཆོག་ནི་སྐྲའི་ལྭ་བའོ། །རྒྱན་གྱི་མཆོག་ནི་མཚོན་ཆའོ། །དེའི་དུས་སུ་སྦྲང་མ་ཡོད་ཀྱང་སྦྲང་རྩི་མི་འབྱུང་། འོ་མ་དང་ཞོ་ཡོད་ཀྱང་མར་མི་འབྱུང་། ཡུངས་དཀར་དང་ཏིལ་ཡོད་ཀྱང་མར་ནག་མི་འབྱུང་། བུར་ཤིང་དང་ཀར་ཤིང་ཡོད་ཀྱང་བུ་རམ་དང་ཀ་ར་མི་འབྱུང་། ལན་ཚྭ་གཏན་ནས་མི་འབྱུང་། རོ་དྲུག་གིའང་ཁ་བ་གཅིག་པུ་ལས། མངར་བ་དང་། སྐྱུར་བ་དང་། བསྐ་བ་དང་། ཚ་བ་དང་། ལན་ཚྭ་བ་ལྔ་མེད་དོ། །ཁ་ཅིག་རྩུབ་པ་ལས་གཞན་རྣམས་ནུབ་ཅེས་ཟེར་རོ། །དེའི་དུས་ན་མི་རྣམས་ཀྱི་ནང་ན་ཕ་མ་དང་། རྒན་རབས་དང་། བྲམ་ཟེ་ལ་སོགས་པ་རིགས་མཆོག་ཏུ་གྱུར་པ་མི་བཀུར་ཞིང་གུས་པ་མི་བྱེད་ལ། སྲོག་གཅོད་པ་ལ་སོགས་པ་མི་དགེ་བའི་ལས་ལ་སྤྱོད་པ་དེ་དག་ལ་བསྟོད་ཅིང་བཀུར་བར་བྱེད་ལ། དགེ་བ་བྱེད་པ་སྲིད་ན་སྨོད་ཅིང་ཐང་ལྷོད་དུ་བྱེད་དོ། །སྙིགས་མ་ལྔ་བདོ་བའི་རང་གཤིས་དེ་རང་དང་གཞན་གྱི་ཚུལ་ལ་དཔག་ན་ཤེས་པ་ཡིན་ཏེ། སྣོད་བཅུད་རྟེན་དང་བརྟེན་པ་གཉིས་ཀ་འབྲེལ་ཆེ་བ་ཡིན་ཕྱིན། མི་དགེ་བའི་ལས་བྱེད་ཚབས་ཇི་ལྟར་ཆེ་བ་ལྟར་དུ་སྣོད་བཅུད་ཀྱི་རྒུད་པའང་དེ་བཞིན་དུ་མང་བར་འདྲེན་པ་ཡིན་པའི་ཕྱིར། དེང་སང་འཛམ་གླིང་ཐོག་གི་མཚོན་འཁྲུག་དུག་རྫས་ལ་སོགས་པ་མིས་བཟོས་ཀྱི་འཇིག་པ་མང་བས་མི་ཚད། ས་གཡོ་ཆུ་འཕྱུར་ལ་སོགས་པ་འབྱུང་བཞིས་གནོད་པ་མང་བ་འདི་དག་ཀྱང་མིས་བསོད་ནམས་མ་ཡིན་པ་བསགས་པའི་མཐུ་ལས་བྱུང་བ་ཡིན། རྒུད་པ་མཐར་ཐུག་པ་དེ་དག་གི་ཚུལ་རྣམས་འདིར་བརྗོད་པ་ནི། འབྲུ་བཟང་ནུབ་སྟེ་དྲུག་ཅུའི་ཁ་ཟས་དང་། །ལྭ་བ་གྱོན་ཅིང་དར་ཟབ་ལ་སོགས་ནུབ། །ལན་ཚྭ་གཏན་མེད་ཞོ་ལས་མར་མི་འབྱུང་། །ཕ་མ་དགེ་སྦྱོང་བྲམ་ཟེ་ལ་སོགས་པ། །མི་བཀུར་སྨོད་ཅིང་ངན་པ་རྣམས་ལ་བསྟོད། །ཅེས་གསུངས་ཏེ། འབྲས་དང་། ནས་དང་། གྲོ་དང་། མོན་སྲན་ལ་སོགས་པའི་འབྲུ་བཟང་པོ་རྣམས་ནི་ནུབ། ཞག་དྲུག་ཅུ་ན་སྨིན་པའི་འབྲུ་བྲ་བོ་སྟེ་འབྲུའི་རིགས་ཀྱི་ནང་ནས་ཐ་མ་དེ་གཅིག་པུ་སྐྱེ་བས་དེའི་ཁ་ཟས་ལ་ལོངས་སྤྱོད་དོ། །གོས་སུ་ལྭ་བ་གྱོན་ཞིང་དར་དང་། གོས་དང་། རས་ལ་སོགས་པའི་སྲབ་འཇམ་བཟང་དགུ་རྣམས་མེད་དོ། །སྐྱེ་བོ་ངན་པ་བསྟོད་ཅིང་བཟང་པོ་རྣམས་སྨོད་པས་བཟང་པོ་ཡ་རབས་ཀྱི་དེ་དག་ལ་མི་བརྟེན་པ་ཡིན་ནོ། །དེ་ནས་དུས་ངན་པ་དེ་རིང་ཞིག་གནས་པ་ལས། དེའི་འོག་ཏུ། དེ་དག་ཟད་བྱེད་མཚོན་ནད་མུ་གེ་ལས། །དང་པོ་མཚོན་གྱི་བསྐལ་པ་འབྱུང་ཚུལ་ནི། །མི་རྣམས་ཕན་ཚུན་འཁྲུག་ཅིང་སྡང་བ་ལས། །ས་ལས་ཅི་བླངས་མཚོན་ཆའི་རང་བཞིན་འགྱུར། །གཅིག་གིས་གཅིག་གསོད་ངན་སོང་གནས་སུ་ལྷུང་། །ཞེས་གསུངས་ཏེ། རྐྱེན་གསུམ་གྱིས་ཟད་པར་བྱེད་པ་ནི། མཚོན་དང་། ནད་དང་། མུ་གེའོ། །དེ་ལ་ཐོག་མར་མཚོན་གྱི་བསྐལ་པ་ནི། མི་རྣམས་ཆོས་མ་ཡིན་པར་སྤྱོད་པས་གནོད་སེམས་སྐྱེས་ནས། ཕན་ཚུན་གཅིག་ལ་གཅིག་གསོད་པ་དང་བརྡེག་འཚོག་ཏུ་སེམས་ཏེ། རྔོན་པས་དགོན་པར་རམ་ས་སྟོང་ནས་རི་དྭགས་མཐོང་བ་བཞིན་ནོ། །དེ་ནས་དེ་དག་གིས་ཤིང་དང་རྡོ་དང་བོང་བ་དང་། དབྱུག་པ་ལ་སོགས་པ་གང་བླངས་ཀྱང་མཚོན་ཆར་གྱུར་ཏེ། གཅིག་གིས་གཅིག་གསོད་པར་འགྱུར་རོ། །གང་དག་ཤི་བ་དེ་དག་དམྱལ་བར་ལྟུང་བར་འགྱུར་བས། འདིའི་དུས་ན་དམྱལ་བ་ན་སེམས་ཅན་ཤིན་ཏུ་མང་ངོ་། །གཉིས་པ་ནད་ཀྱི་བསྐལ་པ་ནི། དེ་ནས་ནད་ཀྱིས་ཐེབས་ཤིང་འཆི་བར་འགྱུར། །ཞེས་གསུངས་ཏེ། མི་རྣམས་ཀྱིས་མི་དགེ་བ་སྤྱད་པས་ལྷ་མ་སྲིན་འཁྲུགས་ནས་ནད་ཀྱི་རྣམ་པ་དུ་མ་གཏོང་སྟེ། འབྱུང་པོ་མི་མ་ཡིན་ནད་རིམས་གདོན་གྱི་བདག་པོ་དེ་དག་གིས་སྔར་མེད་པའི་དུས་ནད་གསར་བ་གསོར་མི་རུང་བ་གཏོང་སྟེ་གསོ་ཐབས་མེད་པའི་ནད་ཀྱིས་མང་པོ་འཆི་བར་འགྱུར་རོ། །དེང་སང་ནད་རིགས་གསོ་ཐབས་མེད་པ་ཅི་འདྲའི་མང་འདུག དེ་དག་ཀྱང་དུས་སྙིགས་མ་ཡིན་པའི་དབང་གིས་རེད། དེ་ནས་མུ་གེའི་བསྐལ་པ་ནི། མཚོན་དང་ནད་ཀྱིས་ཤི་བའི། མི་རྣམས་ལྷག་མ་མུ་གེས་ཚར་འབྱིན་ཏེ། །གབ་ཚེ་བ་དང་རུས་གོང་དཀར་པོ་དང་། །ཐུར་མ་བ་སྟེ་བཀྲེས་སྐོམ་འབར་བས་གདུངས། །ཞེས་གསུངས་ཏེ། མི་དེ་དག་གིས་མི་དགེ་བ་སྤྱད་པས་ཀླུ་རྣམས་འཁྲུགས་ནས་ཆར་དུས་སུ་མི་འབབ་པས་ལོ་ཉེས་པར་འགྱུར་རོ། །དེའི་རྐྱེན་གྱིས་མུ་གེ་གསུམ་འབྱུང་བ་ནི། གབ་ཚེ་བ་དང་། རུས་གོང་དཀར་པོ་བ་དང་། ཐུར་མས་འཚོལ་བ་ཞེས་བྱའོ། །དེ་ལ་གབ་ཚེ་བ་ནི། དེའི་དུས་ན་ནས་སམ། འབྲས་སམ། སྲན་མ་ལ་སོགས་པ་སྔོན་གྱི་དུས་ན་སྐྱེས་པའི་ལྷག་ཅུང་ཟད་རྙེད་པ། མཐོང་ན་ཡ་མཚན་དུ་བྱེད་ཅིང་། བྲ་བོ་ལ་སོགས་པའི་འབྲུ་ངན་པ་དག་མཐོང་ན་ཡང་ཟ་མ་ཏོག་གི་སྒྲོམ་གྱི་ནང་དུ་བཅུག་ནས་སྲུང་བར་བྱེད་དོ། །བཀྲེས་པས་ཉམས་སྟོབས་མེད་དེ་ས་ལ་འགྱེལ་ནས་ལྡང་མི་ནུས་ལ། གཞན་དག་གིས་ཀྱང་སློང་བྱེད་མེད་པས་དེ་ཉིད་དུ་འཆི་བ་གང་ཡིན་པའོ། །རུས་གོང་དཀར་པོ་པ་ནི། སྔོན་མི་ཤི་བ་རྣམས་ཀྱི་རུས་གོང་དཀར་པོ་བསྡུས་ནས། འདི་ནི་ཁམས་ཀྱི་ཟས་ཟ་བ་རྣམས་ཀྱི་རུས་པ་ཡིན་ནོ་སྙམ་དུ་བསམས་ནས་ཆུ་མང་པོའི་ནང་དུ་བསྐོལ་ནས་འཐུང་བའོ། །ཐུར་མ་བ་ནི་འབྲུའི་ཟེ་ཁའམ་འབྲུ་རེ་རེ་གཉིས་གཉིས་རྙེད་པ་བསྡུས་ཏེ་ཆུ་མང་པོའི་ནང་དུ་བསྐོལ་ནས་འཐུང་ཞིང་། འབྲུ་དེ་ཐུར་མས་རྙབ་པར་བྱེད་པའོ། །དེའང་ཚེ་ལོ་བཅུ་གཅིག་པའི་དུས་ཀྱི་འབྲུའི་ཟེ་ཁ་ལྷག་ལུས་པ་དག་གབ་ཚེར་བཅུག་ནས་སེར་སྣ་བྱེད་དུས་མང་པོ་ཤི་བའི་ཚེ་གབ་ཚེ་པ། དེ་ནས་ཟེ་ཁ་ཆུར་ལོངས་སྤྱོད་པས་ཐུར་མ་པ། དེ་དག་གིས་ཀྱང་རུས་གོང་སྤྱོད་པས་རུས་གོང་དཀར་པོ་པ་ཞེས་བྱ་བ་གསུམ་རིམ་པས་འབྱུང་བ་ཡིན་ནོ། །དེ་ཡང་མཚོན་གྱི་བསྐལ་པ་ཞག་བདུན། ནད་ཀྱི་བསྐལ་པ་ཟླ་བདུན་དང་ཞག་བདུན། མུ་གེ་ནི་ལོ་བདུན་དང་ཟླ་བ་བདུན། ཞག་བདུན་གྱི་བར་དུ་འབྱུང་བས་མི་རྣམས་ཟད་པར་བྱེད་དོ། །རྣལ་འབྱོར་སྤྱོད་པའི་ས་ལས་ཚེ་ལོ་སུམ་ཅུ་པ་ལ་མུ་གེ ཉི་ཤུ་པ་ལ་ནད། བཅུ་པ་ལ་མཚོན་འབྱུང་བར་བཤད་དོ། །དེའི་ཚེ་ཤར་ལུས་འཕགས་གླིང་དང་ནུབ་བ་གླང་སྤྱོད་གཉིས་སུ་དེ་དང་ཤས་འདྲ་བ་ཙམ་འབྱུང་སྟེ། གནོད་སེམས་ལྷག་པར་འགྱུར་བ་ཙམ་དང་། ཁ་དོག་ངན་ཅིང་ཉམ་ཆུང་བ་ཙམ་དང་། བཀྲེས་པ་དང་སྐོམ་པའི་གདུང་བ་འཕེལ་བ་ཙམ་ལས། དངོས་པོ་དེ་ལྟ་བུ་མེད་དེ་འཛམ་བུ་གླིང་པ་དང་སེམས་པ་ལ་ཁྱད་ཞུགས་པའོ། །སེམས་ཀྱི་སྣང་ཚུལ་ཐ་དད་པས་རླུང་སེམས་འདུ་ལུགས་ཀྱི་འཁྲུལ་སྣང་ཡང་ཐ་དད་པ་ཡིན། བྱང་གི་གླིང་ན་གཏན་ནས་མི་འབྱུང་ངོ་། །དེ་ཡན་ཆད་ཀྱིས་འགྲིབ་ཚུལ་བཤད་ནས། གཉིས་པ།

འཕེལ་ཚུལ་རྒྱས་པར་བཤད་པ།

ཚེ་ལོ་བཅུ་པ་ལས་གོང་དུ་ཇི་ལྟར་འཕེལ་བའི་ཚུལ་རྒྱས་པར་བཤད་པ་ནི། བསྐལ་པ་གསུམ་པོ་དེས་ཕལ་ཆེར་ཟད་པར་འགྱུར་བའི་དུས། དེ་ནས་འཕེལ་བའི་རིམ་པ་བསྟན་པ་ནི། །འགའ་ཞིག་ལུས་པ་གྲོང་ཡུལ་འོངས་པ་ན། །གཅིག་གིས་གཅིག་མཐོང་དགའ་བའི་སེམས་སྐྱེས་ཏེ། །ཞེས་གསུངས་ཏེ། འདི་ལྟར་དགེ་བ་ཅན་འགའ་ཞིག་ལུས་པ་ནི་ཆུའི་གླིང་ངམ་རིའི་ལྗོངས་སམ། བྲག་གི་བར་ལ་སོགས་པར་ཞུགས་ནས་ཞག་བདུན་གྱི་བར་དུ་ཆུས་འཚོ་ཞིང་འདུག་པ་ལས། ཕྱིར་གྲོང་དུ་འོངས་པ་ན་གཅིག་གིས་གཅིག་མཐོང་བ་ལས། ཕན་ཚུན་ཡ་མཚན་དང་དགའ་བ་དང་བརྩེ་བའི་སེམས་སྔོན་མེད་པ་སྐྱེས་ཏེ། ཨེ་མ་མི་གསོན་པོ་དག་མཐོང་ཞེས་སྨྲ་སྟེ། དེ་དག་འདུས་ནས་སླར་སྔོན་གྱི་ཉེས་པ་ནད་མུག་མཚོན་འཁྲུགས་སོགས་བསྐལ་བ་ངན་པ་ཤར་བ་དག་ཕན་ཚུན་གླེང་ཞིང་། དེ་དག་གི་རྒྱུ་མི་དགེ་བས་བྱས་པར་རིག་ནས་དེ་ལྟར་བྱས་ན་སྡུག་བསྔལ་འབྱུང་བས་ཕྱིན་ཆད་མི་བྱེད་ཅེས་རང་རང་གི་རྒྱུད་སྡོམ་པ་ལ་འཇུག་པར་བྱེད་དོ། །དེ་ཡང་བྱམས་པའི་སྤྲུལ་པ་གཟུགས་དང་སྐྱེ་མཆེད་དང་ལང་ཚོས་བརྒྱན་ཞིང་། དེ་དག་ལས་ཅུང་ཟད་ཁྱད་པར་འཕགས་པ་ཞིག་སྤྲུལ་པ་དེ་ལ་གཞན་དག་གིས་དྲིས་པ། བདག་ཅག་ཚེ་ལོ་བཅུ་པའི་མིར་མཚུངས་པ་ལ་ཁྱོད་ནི་མཆོག་ཏུ་འཕགས་པ་རྒྱུ་ཅི་ལས་གྱུར། དེས་སྨྲས་པ། བདག་གིས་ནི་སྲོག་གཅོད་པ་སྤངས་པ་ལས་བྱུང་ངོ་། །དེ་དག་གིས་སྨྲས་པ། བདག་ཅག་ཀྱང་སྲོག་གཅོད་པ་སྤང་ངོ་ཞེས་དམ་བཅས་པ་ལས། སྔོན་བས་ནད་མེད་ཅིང་ཟོ་མདོག་བདེ་བ་དང་། སྟོབས་དང་ལྡན་པར་གྱུར་ཏོ། །དེའི་རྒྱུས་མི་དེ་དག་གི་བུ་དང་བུ་མོ་བཙས་པ་རྣམས་ཚེ་ལོ་ཉི་ཤུ་པར་གྱུར་ཏོ། །ཡང་སྤྲུལ་པ་བྱུང་བ་ལ་སྔ་མ་ལྟར་དྲིས་པས། མ་བྱིན་པ་ལེན་པ་སྤངས་པའི་ཕན་ཡོན་གྱི་ཉི་ཤུ་པ་དེ་རྣམས་ཀྱི་བུ་དང་བུ་མོ་བཙས་པ་རྣམས་ཀྱིས་ཚེ་ལོ་བཞི་བཅུ་ཐུབ་པར་གྱུར་ཏོ། །སྲོག་གཅོད་སྤངས་པས་བུ་དང་བུ་མོ་རྣམས། །ཉི་ཤུ་པར་གྱུར་མ་བྱིན་ལེན་སྤངས་པས། །བཞི་བཅུ་པ་དེ་རིམ་བཞིན་འདོད་ལོག་དང་། །ཕྲ་མ་ངག་འཁྱལ་རྩུབ་མོ་བརྣབ་སེམས་དང་། །གནོད་སེམས་ལོག་ལྟ་མི་རིགས་འདོད་པ་དང་། །ཆགས་དང་ལོག་པའི་ཆོས་རྣམས་སྤངས་པ་ཡིས། །ཞེས་གསུངས་ཏེ། འདི་ལྟར་སྤྲུལ་པ་རེ་རེས་རྐྱེན་བྱས་ཏེ། །འདོད་པས་ལོག་པར་གཡེམ་པ་དང་། ཕྲ་མ་དང་། ངག་འཁྱལ་པ་དང་། ཚིག་རྩུབ་མོ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་དང་། ཆོམ་རྐུན་དང་མཐུ་སྟོབས་དང་བྲིད་པ་སོགས་ཀྱི་སྒོ་ནས་ཕ་རོལ་གྱི་ནོར་དོན་དུ་གཉེར་བ་ལྟ་བུ་མི་རིགས་པའི་འདོད་པ་དང་། ལོག་གཡེམ་དང་ལིངས་འདེབས་པའམ་རྔོན་བྱ་བ་ལྟ་བུ་ཆོས་མ་ཡིན་པའི་ལོངས་སྤྱོད་ལ་ཆགས་པ་དང་། རྒྱལ་པོ་དང་བྲམ་ཟེའི་ཆོས་ལུགས་ཁ་ཅིག་ལྟར་ཆོས་མིན་བྱས་པས་འཇིག་རྟེན་ཕ་རོལ་དུ་འཚེ་བ་ལྡན་པ་ལོག་པའི་ཆོས་ཏེ་དེ་ལྟར་ན་ལོངས་སྤྱོད་དང་། ཡུལ་དང་། བདེ་འགྲོ་ཡོངས་སུ་ཚོལ་པ་གསུམ་ལ་བརྟེན་ནས་ལོག་པར་སྒྲུབ་པའི་ཆོས་མིན་གསུམ་པོ་དེ་མི་རྣམས་ལ་འབྱུང་བར་བསྟན་ཏོ། །དེ་གསུམ་བསྡོམས་པ་གཅིག་ཏུ་བརྩིས་པའི་ཕྱིན་ཅི་ལོག་པའི་ལྷག་མ་དགུ་སྤངས་ཤིང་། ཕ་མ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། རིགས་ཀྱི་གཙོ་བོ་རྣམས་ལ་དེ་དག་ཏུ་མི་འཛིན་པའི་ཆོས་སྤངས་ཏེ། རིམ་གྲོ་ཆེར་བྱས་པས་མི་རྣམས་ཀྱི་ཚེ་ལོ། བརྒྱ་དང་ཉིས་བརྒྱ་ལྔ་བརྒྱ་སྟོང་དང་ནི། །ཉིས་སྟོང་ལྔ་སྟོང་ཁྲི་དང་ཉི་ཁྲི་དང་། །བཞི་ཁྲི་བརྒྱད་ཁྲིའི་བར་དུ་གོང་འཕེལ་ལོ། །ཞེས་གསུངས་ཏེ། ལོག་པར་གཡེམ་པ་སྤངས་པ་ནས་བཟུང་སྟེ། བརྒྱ་དང་། ཉིས་བརྒྱ་དང་། ལྔ་བརྒྱ་དང་། སྟོང་དང་། ཉིས་སྟོང་དང་། ཁྲི་དང་། ཉི་ཁྲི་དང་། བཞི་ཁྲི་དང་། བརྒྱད་ཁྲིའི་བར་དུ་གོང་ནས་གོང་དུ་ཡར་འཕེལ་ལོ། །དེ་ཡང་བཅུ་པའི་ཡར་འཕེལ་ནས་བརྒྱད་ཁྲིའི་བར་དུ་སྡེ་ཚན་འཕེལ་བ་ནས་བར་གྱི་ཁུག་པ་ཞེས་བྱའོ། །དེའི་ཚུལ་ནི་ཆོས་དགེ་བའི་མཐུས། ཚེ་བཞིན་གཟུགས་དང་ལོངས་སྤྱོད་ཕུན་ཚོགས་འཕེལ། །བར་ཁུག་རྣམས་ལ་མི་རབས་བཅུ་གཉིས་ཏེ། །ཡ་ཐོག་མ་ཐོག་དེ་བས་རིང་བ་ཡིན། །ཞེས་གསུངས་ཏེ། ཚེ་གོང་དུ་འཕེལ་བ་ལྟར་གཟུགས་ཀྱང་ཉིས་འགྱུར་གྱིས་རིང་དུ་སོང་ལ། ནོར་དང་། འབྲུ་དང་། གོས་དང་། བཞོན་པ་ལ་སོགས་པའི་ལོངས་སྤྱོད་ཀྱང་ཉིས་འགྱུར་གྱིས་འཕེལ་ཏེ། དཔལ་དང་སྐལ་བ་བཟང་པོར་གྱུར་ཏོ། །དེ་ལྟར་མི་རབས་བཅུ་གཉིས་ཀྱི་འཕེལ་བ་དང་། འགྲིབ་པ་ནི་བར་གྱི་འཕེལ་འགྲིབ་ཀྱི་དབང་དུ་བྱས་ཀྱི། ཡ་ཐོག་འགྲིབ་པ་དང་། མ་ཐོག་འཕེལ་འགྲིབ་ནི་དེ་བས་ཡུན་རིང་བར་ཐོགས་པ་ཡིན་ཏེ་སྔར་བཤད་ཟིན་ཏོ། །ཕྱིས་ཀྱི་བསྐལ་པ་འཕེལ་བ་དང་འགྲིབ་པ་རེ་རེ་དང་། བར་ཁུག་གི་འཕེལ་འགྲིབ་བསྡོམས་པ་ལ་བར་གྱི་བསྐལ་པ་རེ་རེར་མཚུངས་པ་ཇི་ལྟར་ཡིན་ན། བར་ཁུག་གི་འཕེལ་འགྲིབ་གཉིས་བསྡོམས་པའི་དུས་ཇི་ཙམ་ཡིན་པ་དང་། ཡ་ཐོག་བསྐལ་པ་དང་པོའི་འགྲིབ་པ་གཅིག་པུ་དང་། མ་ཐོག་སྐྱེ་བའི་དུས་གཅིག་པུ་རྣམས་མཉམ་པས་བསྐལ་པ་རེ་རེ་མཚུངས་པར་འགྱུར་རོ། །གསུངས་ན། བསྐལ་བ་རེ་རེའི་མིང་གི་སྟེང་ནས་མཚུངས་པར་འགྱུར་ཞེས་པའི་དོན་རེད། བསྐལ་བ་ལ་རིང་ཐུང་ཡོད་པ་ནི་བར་ཁུག་གི་ཚེ་མྱུར་དུ་འཕེལ་བའི་ཕྱིར་ན་འོས་པ་ཉིད་དོ། །དེ་ཡན་ཆོད་ཀྱིས་ཆགས་གནས་འཇིག་སྟོང་གི་བསྐལ་བ་བཞིའི་ནང་གི་གནས་པའི་བསྐལ་བ་ལ་འཕེལ་འགྲིབ་ཀྱི་ཚུལ་བཤད་པ་དང་གནས་དུས་ཆོས་ཀྱི་བྱེ་བྲག་བཤད་པའི་ས་བཅད་གཉིས་བཞག་པའི་ནང་གི་འཕེལ་འགྲིབ་ཀྱི་ཚུལ་བཤད་པ་སོང་ནས། གཉིས་པ་གནས་དུས་ཆོས་ཀྱི་བྱེ་བྲག་ལ། སྤྱི་དང་། བྱེ་བྲག་གཉིས། དང་པོ།

གནས་དུས་ཆོས་ཀྱི་བྱེ་བྲག་སྤྱིར་བསྟན་པ།

དེ་ལྟར་བསྐལ་པ་ཆགས་ནས་གནས་པའི་རིང་ལ། འཇིག་རྟེན་དུ་གྲགས་པའི་ཆོས་ཀྱི་ལུགས་ཚད་མེད་པ་བྱུང་ཡང་། མདོར་བསྡུ་བའི་སྡོམ་རྣམ་པར་གཞག་པས་ཐ་སྙད་ཤེས་པར་བསྟན་ན། ཇི་སྐད་བཤད་མ་ཐག་པའི་ཚུལ། དེ་ལྟར་གནས་དུས་ཆོས་ཀྱི་བྱེ་བྲག་ཀྱང་། །འགྲོ་བ་དྲུག་དང་སྐྱེ་བ་རྣམ་པ་བཞི། །གཞི་དྲུག་དུས་བཅུ་དངོས་པོ་བཅུ་བདུན་དང་། །ཡོ་བྱད་བཅུ་བཞི་རྗེས་སུ་སྤྱོད་པ་བརྒྱད། །ཞེས་གསུངས་ཏེ། འགྲོ་བ་དྲུག སྐྱེ་བ་རྣམ་བཞི། གཞི་དྲུག དུས་བཅུ། དངོས་པོ་བཅུ་བདུན། ཡོ་བྱད་བཅུ་བཞི། རྗེས་སུ་དཔྱོད་པ་བརྒྱད་དང་བདུན་གྱིས་བསྟན་པ་ལས།

དང་པོ་འགྲོ་བ་དྲུག་བཤད་པ།

དེ་ལ་ལྷ་དང་། ལྷ་མ་ཡིན་དང་། མི་དང་། དུད་འགྲོ་དང་། ཡི་དྭགས་དང། དམྱལ་བ་སྟེ་འགྲོ་བ་དྲུག་གོ།

གཉིས་པ་སྐྱེ་བ་རྣམ་པ་བཞི་བསྟན་པ།

སྒོ་ང་ལས་སྐྱེ་བ་དང་། མངལ་དང་། དྲོད་གཤེར་དང་། རྫུས་ནས་སྐྱེ་བ་སྟེ་སྐྱེ་བ་རྣམ་པ་བཞིའོ། །དེ་ལས་དང་པོ་སྒོང་སྐྱེས་ནི། གང་དག་ཁྱུང་དང་། ངང་པ་དང། ཁྲུང་ཁྲུང་ལ་སོགས་པ་འདབ་ཆགས་ཀྱི་རིགས་སྒོ་ངའི་སྦུབས་བརྟོལ་ནས་སྐྱེ་བ་ནི་སྒོང་སྐྱེས་ཏེ། འདབ་ཆགས་མིན་ཀྱང་བདུད་དང་གནོད་སྦྱིན་དང་། ཕྱོགས་སྐྱོང་བཅུའི་ནང་གི་ཆུ་བདག་ལ་སོགས་པ་དྲེགས་པ་ཅན་འགའ་ཞིག་བཞིན་ནོ། །གཉིས་པ་དྲོད་གཤེར་ལས་སྐྱེ་བ་ནི་ས་དང་། ཤིང་དང་། རྡོ་ལ་སོགས་པའི་ནང་ནས་སྐྱེ་བ་སྟེ། གྲོག་སྦུར་དང་། ཕྱེ་མ་ལེབ་དང་། ཤིང་སྲིན་ལ་སོགས་པ་བཞིན་ནོ། །གསུམ་པ་རྫུས་ཏེ་སྐྱེ་བ་ནི། པདྨ་ལ་སོགས་པ་ནས་སྐྱེ་བའམ། ཕྱོགས་གང་དུ་འཇའ་ཚོན་ལྟར་སྐྱེ་མཆེད་དྲུག་ཚང་བའམ། མ་ཚང་བ་རྣམས་ཏེ། ཞིང་དག་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། དམྱལ་བ་རྣམས་དང་ལྷ་རྣམས་དང་། །སྲིད་པ་བར་མ་བརྫུས་ཏེ་སྐྱེ། །ཞེས་བཤད་པ་བཞིན་དུ་དམྱལ་བ་རྣམས་དང་། ལྷ་རྣམས་དང་། དུད་འགྲོ་འགའ་ཞིག་དང་། ཡི་དྭགས་ཕལ་དང་། མི་འགའ་ཞིག་བཞིན་ནོ། །དུད་འགྲོ་དང་མི་ལ་སྐྱེ་བ་བཞི་ཀ་སྲིད་ཅིང་། ལྷ་དང་དམྱལ་བ་རྣམས་རྫུས་སྐྱེས་ཡིན་ལ། ཡི་དྭགས་ལ་མངལ་སྐྱེས་ཀྱང་སྲིད་དེ། ཡི་དྭགས་མངལ་ནས་སྐྱེ་བའང་ཡོད་ཅེས་འདོད་པའི་ཕྱིར་རོ། །མཚན་གཞི་ནི་འཕྲོག་མའི་བུ་ལྔ་བརྒྱ་ལྟ་བུ་རེད།

གསུམ་པ་ཡོངས་སུ་གཟུང་བའི་གཞི་དྲུག་བསྟན་པ།

ཡོངས་སུ་གཟུང་བའི་གཞི་ནི་དྲུག་སྟེ། གནས་པའི་གཞི་དང་། བརྟེན་པའི་གཞི་དང་། ཟས་ཀྱི་གཞི་དང་། བདེ་བའི་གཞི་དང་། སྣང་བའི་གཞི་དང་། ལུས་གནས་པའི་གཞིའོ། །ཁ་ཅིག་དང་པོ་གནས་པའི་གཞི་དང་། ཐ་མ་ལུས་གནས་པའི་གཞི་གཉིས་བསྡོམས་པས་ན་གཅིག་དང་། གཞན་བཞི་དང་། གཏམ་གྱི་གཞི་དང་། དྲུག་ཅེས་འདོད་པའང་ཡོད་དོ། །དེ་ལ་གནས་པའི་གཞི་ནི་འོག་གཞི་རླུང་དང་། ས་དང་། ཆུའི་དཀྱིལ་འཁོར་རོ། །བརྟེན་པའི་གཞི་ནི་གནོད་པ་དང་འཚེ་བ་ལས་སྐྱོབ་པ་ཁང་པ་དང་ཡང་ཐོག་ལ་སོགས་པའོ། །དེ་ཡང་མི་རྣམས་ཀྱི་ལྟར་ཆེད་དུ་བྱས་པ་དང་། དམྱལ་བ་དང་ལྷ་ཁ་ཅིག་ལྟར་གཞལ་མེད་ཁང་སོགས་བསོད་ནམས་ཙམ་དང་། སྤྱོད་འཇུག་ལས། སེམས་ཅན་དམྱལ་བའི་མཚོན་ཆ་རྣམས། །སུ་ཞིག་གིས་ནི་ཆེད་དུ་བྱས། །ལྕགས་བསྲེགས་ས་གཞི་སུ་ཡིས་བྱས། །མེ་ཚོགས་དེ་དག་ཅི་ལས་བྱུང་། །དེ་འདྲ་དེ་དག་ཐམས་ཅད་ཀྱང་། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་འབྱུང་བ་ལྟར་དུ་དམྱལ་གནས་ལྕགས་བསྲེགས་ཀྱི་ཁང་པ་ལ་སོགས་པ་ནི་བསོད་ནམས་མ་ཡིན་པའི་ལས་ལས་གྲུབ་པ་ལས་ཆེད་དུ་བྱས་པ་མ་ཡིན་པ་དང་། གཞན་འཕྲུལ་དབང་བྱེད་ལ་སོགས་པ་སྤྲུལ་པའི་ཁང་བཟང་དུ་སྣང་བ་རྣམས་སོ། །ཟས་ཀྱི་གཞི་ནི་ཁམས་ཀྱི་ཟས་ཀྱི་གཞིའམ་རྒྱུ་ལོ་ལེགས་པའོ། །གཏམ་གྱི་གཞི་གླེང་བའི་ཡུལ་གང་ཡིན་པའོ། །བདེ་བའི་གཞི་གོས་དང་། ཟས་དང་། གོ་ཆ་དང་། མལ་ཆ་དང་། ཁྲི་ལ་སོགས་པའོ། །དེའང་གནོད་པ་ལས་སྐྱོབ་པས་བདེ་བའི་གཞིར་བྱས་སོ། །སྣང་བའི་གཞི་ནི་གཟུགས་ལ་སོགས་པ་སྣང་བའི་རྒྱུ་ཉི་ཟླ་དང་སྒྲོན་མེ་ལ་སོགས་པའོ། །ལུས་གནས་པའི་གཞི་ཟས་རྣམ་པ་བཞི་སྟེ། ཁམས་ཀྱི་ཟས་དང་། རེག་པའི་ཟས་དང་། ཡིད་ལ་སེམས་པའི་ཟས་དང་། རྣམ་པར་ཤེས་པའི་ཟས་ཏེ་ལུས་གནས་པར་བྱེད་པའོ།།

བཞི་བ་དུས་རྣམ་པ་བཅུ་བསྟན་པ།

དུས་རྣམ་པ་བཅུ་ནི། བསྐལ་པ་དང་། ལོ་དང་། ཟླ་བ་དང་། ཟླ་བ་ཕྱེད་པ་དང་། ཉིན་མོ་དང་། མཚན་མོ་དང་། སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་པ་དང་། དུས་ཚིགས་སོ། །དེ་ཡང་རྒྱས་པར་བཤད་ན། བསྐལ་པ་ལ། བར་བསྐལ་དང་། བསྐལ་བ་ཆེན་པོ་གཉིས་སོ། །ལོ་ནི་ཟླ་བ་བཅུ་གཉིས་བསྡོམས་པའོ། །ཟླ་བ་ནི་ཚེས་སུམ་ཅུའོ། །ཕྱེད་པ་ནི་བཅོ་ལྔ་གཉིས་ཏེ་ཡར་ངོ་དང་མར་ངོ་གཉིས་སོ། །ཉིན་མོ་ནི་འཛམ་བུའི་གླིང་ལ་ཉི་མ་ཤར་བ་ལ་གྲགས་སོ། །ཞེས་པའང་འཛམ་གླིང་གི་གནས་དེ་དང་དེར་ཉི་མ་ཕོག་པ་ལ་གོ་བས་མེ་གླིང་བྱང་མ་འཛམ་གླིང་མ་ཡིན་པ་འགྱུར་བསམ་དགོས་པ་མིན་ཏེ། བོད་རྐྱང་པ་ལ་བསམ་བློ་བཏང་ན་ཡང་དར་རྩེ་མདོ་ནས་མུན་རུབ་དུས་མངའ་རིས་སྤུ་རངས་ལ་ད་དུང་ཉི་མ་ཤར་བ་བཞིན་ནོ། །མཚན་མོ་ནི་ཉི་མ་ནུབ་ནས་མ་ཤར་བའི་བར་རོ། །སྐད་ཅིག་ལ་གསུམ་སྟེ། དུས་ཀྱི་མཐའི་སྐད་ཅིག་དང་། དེའི་སྐད་ཅིག་དང་། བྱ་བ་རྫོགས་པའི་སྐད་ཅིག་གོ། དུས་མཐའི་སྐད་ཅིག་ནི། ཤེས་བྱའི་ཡུལ་གཅིག་ལ་ཤེས་པ་ལམ་གྱིས་སྐྱེས་པའི་སྐད་ཅིག་ལྟ་བུའོ། །དེའི་སྐད་ཅིག་ནི་དེ་ལྟ་བུ་བརྒྱ་ཉི་ཤུ་བསྡོམས་པ་སྟེ། མཛོད་ལས། སྐད་ཅིག་མ་བརྒྱ་ཉི་ཤུ་ལ། དེའི་སྐད་ཅིག་ཅེས་སོ། །བྱ་རྫོགས་ཀྱི་སྐད་ཅིག་ནི། བྱ་བ་གཅིག་མགོ་བརྩམས་ནས་གྲུབ་ཚུན་ཆད་ཀྱི་བར་རོ། །འདི་ནི་ཡུན་མ་ངེས་ཏེ། ཐུང་མཐའ་སེ་གོལ་གཏོགས་པའི་བྱ་བ་ཡིན་ན་དེའི་བར་རོ། །རིང་མཐའ་སེམས་བསྐྱེད་ནས་སངས་རྒྱས་མ་ཐོབ་ཀྱི་བར་རོ། །ཐང་ཅིག་ནི་དེའི་སྐད་ཅིག་མ་དྲུག་ཅུའོ། །ཡུད་ཙམ་ནི་ཐང་ཅིག་སུམ་ཅུའོ། །དུས་ཚིགས་ནི་དགུན་དང་། སྟོན་དང་། དབྱར་དང་། དཔྱིད་དོ།།

ལྔ་བ་ཡོངས་སུ་གཟུང་བའི་དངོས་པོ་བཅུ་བདུན་བསྟན་པ།

ཡོངས་སུ་གཟུང་བའི་དངོས་པོ་བཅུ་བདུན་ནི། བདག་དང་། ཕ་མ་དང་། བུ་ཚ་དང་། ཆུང་མ་དང་། བྲན་དང་། ལས་བྱེད་པ་འཕྲལ་གྱི་དགོས་དོན་གང་དང་གང་དག་སྒྲུབ་པར་བྱེད་པ་དང་། ཞོ་ཤས་འཚོ་བ་དང་སྟེ་འདིའི་སྐད་དོད། པཽརུ་ཥཻ་ཡཿ ཞེས་པ་སྟེ། ཞོ་ཤ་ནི་བརྡ་རྙིང་ཡིན་ཅིང་ཐད་ཀར་འཇུག་པ་ཙམ་གྱི་དབང་དུ་ན་མཐུའམ་ནུས་པ་ཞེས་བྱ་ལ། དེ་ཕྱིར་རྒྱལ་པོ་སོགས་ལ་བརྟེན་ནས་དེའི་ནུས་པས་འཚོ་བ་དཔྱ་ཁྲལ་སྡུད་མཁན་སོགས་ལ་འཇུག་ཚུལ་མང་ཡང་། སྐབས་འདིར་ཞོ་ཤས་འཚོ་བ་ཞེས་གསུངས་པ་གཙོ་བོ་དེའི་མཐུ་ལ་བརྟེན་ནས་འཚོ་བ་མཁན་གྱི་མིང་སྟེ་རྒྱལ་པོའམ་ཁྱིམ་བདག་སོགས་ཀྱི་ཁྱིམ་ན་དེ་དག་གི་དྲིན་ལ་བརྟེན་ནས་གནས་པ་དང་། གླ་ཕོགས་བླངས་ནས་ལུས་པོ་གཞན་ལ་བཙོངས་པ་རྣམས་ལའང་ཞོ་ཤས་འཚོ་བ་ཞེས་ཡོངས་སུ་བཟུང་བའི་དངོས་པོར་བགྲང་ངོ་། །མཛའ་བཤེས་ཡིད་དུ་འཐད་པའི་གྲོགས་དང་། བློན་པོ་གྲོས་དང་ལས་ལ་འདུ་བ་དང་། ཉེ་དུ་ཕའི་ཕྱོགས་ཀྱི་ཉེ་བ་དང་། སྣག་གི་གཉེན་མཚམས་མ་ཡི་ཕྱོགས་ནས་ཉེ་བ་དང་། ཞིང་དང་། ཁྱིམ་དང་། ཟོང་དགྲམ་པའི་དངོས་པོ་ཕར་འཚོང་རྒྱུའི་ཡོ་བྱད་སྣ་ཚོགས་དང་། དགེ་བ་བསགས་པའི་བསོད་ནམས་བྱ་བའི་དངོས་པོ་དང་། ལས་ཀྱི་མཐའ་ལ་སྦྱོར་བའི་དངོས་པོ་བྱ་བ་སྣ་ཚོགས་གང་ཅི་ཡང་རུང་བསྒྲུབ་པ་དང་། ནོར་བསོགས་པའི་དངོས་པོའོ། །ས་ཡི་དངོས་གཞི་ལས་བདུན་དུ་གསུངས་ཏེ་དང་པོ་བཅུ་གཅིག་བསྡོམས་པར་མཛད་པ་ཙམ་ལས་གྲངས་འདྲའོ།།

དྲུག་པ་ལོངས་སྤྱོད་ཀྱི་ཡོ་བྱད་བཅུ་བཞི་བསྟན་པ།

ལོངས་སྤྱོད་ཀྱི་ཡོ་བྱད་བཅུ་བཞི་ནི། ཟས་དང་། སྐོམ་དང་། གོས་དང་། བཞོན་པ་དང་། རྒྱན་དང་། གླུ་བྲོ་དང་། བཞད་གད་རྩེད་མོ་སོགས་ཀྱིས་དགོད་པར་བྱེད་པ་དང་། རོལ་མོའི་སྒྲ་དང་། སྤོས་དང་། མེ་ཏོག་ཕྲེང་རྒྱུད་མེ་ཏོག་སྣ་ཚོགས་ཕྲེང་པར་བརྒྱུས་ཏེ་ལུས་ལ་འདོགས་པ་སོགས་དང་། བྱུག་པ་དང་། སྣོད་སྤྱད་དང་། སྣང་བ་དང་། ཕོ་མོ་དགའ་མགུར་སྤྱོད་པའོ། །རྒྱུན་གྱི་རྗེས་སུ་སྤྱོད་པ་བརྒྱད་ནི། སྤྱོད་ལམ་གཞན་ལ་ཡོངས་སུ་བརྟག་པ་འདིར་བསྟན་གོས་གྱོན་པ་སོགས་མ་གཏོགས་པའི་སྤྱོད་ལམ་ཐམས་ཅད་དང་། གོས་ཀྱིས་དཀྲི་བ་དང་། ཁ་ཟས་བཟའ་བཏུང་དང་། ལུས་ཀྱི་བསྙེན་བཀུར་བྱ་བ་དང་། གཉིད་ལོག་པ་དང་། འཁྲིག་པ་སྤྱོད་པ་དང་། དེ་དང་ལྡན་པའི་རྩོལ་བ་འཁྲིག་པའི་ཆེད་དུ་ལུས་ཀྱིས་འགྲོ་བ་སོགས་རྩོལ་བ་བྱེད་པ་དང་། དེ་དང་ལྡན་པའི་གཏམ་འཁྲིག་པའི་ཕྱོགས་ཀྱི་གཏམ་སྨྲ་བ་རྣམས་སོ། །གཞན་ཡང་། འཇིག་རྟེན་སྤྱོད་བཅུ་གཏམ་གྱི་རྣམ་པ་གསུམ། །ཉེས་རྩོམ་ཉེར་གཉིས་དེ་བཞིན་སེམས་ཅན་རིགས། །དྲུག་ཅུ་རྩ་གསུམ་དུས་བརྒྱད་འཇུག་པ་བཞི། །ཞེས་གསུངས་ཏེ།

བདུན་པ་འཇིག་རྟེན་གྱི་སྤྱོད་པ་བཅུ་བསྟན་པ།

འཇིག་རྟེན་གྱི་སྤྱོད་པ་བཅུ་ནི། སྨྲ་བ་ཚིག་སྣ་ཚོགས་ཀྱིས་ངག་བརྗོད་པ་དང་། གཏམ་བྱེད་པ་གཏམ་ལན་དུ་བརྗོད་པའམ། ཡང་ན་ད་ལྟའི་གནས་སྐབས་སྨྲ་བ་དང་སྔོན་གྱི་རབས་གཏམ་དུ་བརྗོད་པ་སོགས་དང་། ཕན་ཚུན་དགའ་བའི་རྣམ་འགྱུར་གྱིས་སོ་སོར་དགའ་མགུར་བྱེད་པ་དང་། བག་མ་གཏོང་བ་དང་། བག་མ་ལེན་པ་དང་། མིང་ནས་འབོད་པ་དང་། གཡར་འདྲེན་པ་མགྲོན་དུ་འབོད་པ་དང་། ལྷག་པར་ཟ་བ་དང་། འདུས་ཤིང་ཟ་བ་དང་། རྩོད་པ་བྱུང་བ་ལ་གཅིག་གི་གྲོགས་གཅིག་གིས་བྱེད་པའོ།།

བརྒྱད་པ་གཏམ་རྣམ་པ་གསུམ་བསྟན་པ།

གཏམ་རྣམ་པ་གསུམ་ནི། ཡང་དག་པའི་ཆོས་དང་ལྡན་པ་དང་། ཆོས་དང་ལྡན་པ་མ་ཡིན་པ་དང་། དེ་ལས་གཞན་པའོ། །དང་པོ་ཡང་དག་པའི་ཆོས་དང་ལྡན་པའི་གཏམ་ནི་འཕགས་པ་ཡོ་བྱད་བསྙུངས་པ་ཅན་དང་ལྡན་པའི་གཏམ་དང་། སེམས་ཀྱི་སྒྲིབ་པ་སེལ་བའི་གཏམ་བྱེད་པ་གང་ཡིན་པ་སྟེ་འཁོར་བ་ནས་ངེས་པར་འབྱིན་པའི་གཏམ་རྣམས་སོ། །གཉིས་པ་ཆོས་དང་ལྡན་པ་མ་ཡིན་པའི་གཏམ་ནི་གང་ཉོན་མོངས་པ་ཅན་གྱི་སེམས་ཀྱི་ཁ་ཟས་དང་འདོད་པ་དང་། ཉོ་ཚོང་ལ་སོགས་པ་ཟག་པ་འཕེལ་བའི་གཏམ་བྱེད་པའོ། །གསུམ་པ་དེ་གཉིས་ཀ་ལས་གཞན་པ་ནི་ལུང་དུ་མ་བསྟན་པའི་བསམས་པས་ཀུན་ནས་བླངས་པའི་ངག་གི་ལས་མེ་དང་ཆུ་ལ་སོགས་པ་དགེ་སྡིག་གང་གི་ཕྱོགས་སུ་མ་ལྷུང་བ་དེ་ལྟར་བརྗོད་པའི་གཏམ་བཞིན་ནོ།།

དགུ་བ་ཉེས་རྩོམ་ཉི་ཤུ་རྩ་གཉིས་བསྟན་པ།

ཉེས་རྩོམ་ཉི་ཤུ་རྩ་གཉིས་ནི། གཞལ་བླུགས་ལ་སྒྱུ་བྱེད་པ་འབྲུ་སོགས་སྣོད་དུ་བླུག་ཅིང་འཇལ་བའི་རིགས་ལ་གཡོ་སྒྱུ་བྱེད་པ་དང་། སྲང་ལ་སྒྱུ་བྱེད་པ་རིན་པོ་ཆེ་སོགས་འདེགས་པའི་རིགས་ཀྱི་སྲང་ལ་སྒྱུ་བྱེད་པ་དང་། གཞལ་བ་ལ་སྒྱུ་བྱེད་པ་རས་སོགས་མཐོའམ་ཁྲུ་སོགས་ཀྱིས་གཞལ་བ་ལ་སྒྱུ་བྱེད་པ་དང་། ལོག་པའི་ལས་ལ་སྦྱོར་བ་བྱ་བ་མ་ཡིན་པའི་ལས་ལ་འཇུག་པ་དང་། འཐབ་པ་ཉེས་བརྩོམ་པའི་སྨྲ་བ་དང་སླར་སྨྲ་བ་ཙམ་དང་། མཚང་འདྲུ་བ་གཅིག་ལ་གཅིག་སྐྱོན་སྨྲ་བ་དང་། རྩོད་པ་དེ་མི་བཟོད་པར་དྲག་ཏུ་སྨྲ་བ་དང་། འགྱེད་པ་རྩོད་པ་རྣམས་གྲལ་ཕལ་ཆེར་མི་མཐུན་སྨྲ་བ་དང་། གཤེ་བ་ཁྲོས་པས་ཚོགས་པར་དབྱུང་མི་རུང་བའི་སྐུར་པ་གླེང་བ་དང་། ཁྲོ་བའམ་འཁུ་བའི་བསམ་པས་ངག་དང་བྱེད་པ་ཡིད་མི་འོང་སྟོན་པ་དང་། དམ་བཅའ་བ་གནོད་པ་འདི་བྱེད་དོ་སྙམ་དུ་ཁས་ལེན་པ་དང་། ཁྱོད་གསོད་དོ་བརྡུང་ངོ་ཞེས་སོགས་ལུས་ངག་གིས་བསྡིགས་པ་དང་། གནོད་པའི་བསམ་པས་ཐལ་མོ་དང་དབྱུག་པ་སོགས་ཀྱིས་བརྡེག་པ་དང་། མཚོན་དང་དུག་སོགས་ཀྱིས་གསོད་པ་དང་། ཞགས་པ་ལྕགས་སྒྲོག་སོགས་ཀྱིས་འཆིང་བ་དང་། གོ་རར་འཇུག་པ་བཙོན་རར་གཞུག་པ་སོགས་གཞན་དུ་བྲོས་པ་མེད་པའི་གནས་སུ་བཅུག་བ་དང་། རྐང་ལག་སོགས་གཅོད་པ་དང་། ཡུལ་གཞན་དུ་སྤྱུགས་པ་དང་། མགོ་བསྐོར་གྱི་གཡོ་བྱེད་པ་དང་། བསླུ་ཐབས་ཀྱིས་འདྲིད་པ་དང་། དྲག་ཤུལ་ཁྲོས་ཤིང་རྔམ་པའི་འཇིགས་སྟངས་སྟོན་པ་དང་། མི་བདེན་པའི་ཚིག་གིས་རྫུན་དུ་སྨྲ་བ་རྣམས་སོ།།

བཅུ་བ་སེམས་ཅན་གྱི་རིགས་དྲུག་ཅུ་རྩ་གསུམ་བསྟན་པ།

སེམས་ཅན་གྱི་རིགས་དྲུག་ཅུ་རྩ་གསུམ་ནི། ས་ཡི་དངོས་གཞི་ནས་རེ་བཞིར་གསུངས་ཏེ་སངས་རྒྱས་དང་སྤོང་བ་པ་གཉིས་བགྲང་། འདིར་རེ་གསུམ་དུ་གསུངས་ཤིང་སངས་རྒྱས་མ་བགྲངས་པར་ལྷ་མིན་དང་བར་སྲིད་བགྲངས། སྡོམ་མིན་དང་སྡོམ་པ་མེད་པའང་མིན་པ་གཅིག་ཏུ་བྱས་པ་ལྟ་བུར་འདུག་པ་མ་གཏོགས་གཞན་ཀུན་འདྲ། དམྱལ་བ་དང་། ཡིི་དྭགས་དང་། དུད་འགྲོ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། བར་གྱི་སྲིད་པ་རྣམས་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་དང་། བྲམ་ཟེ་དང་། སྐྱེས་པ་དང། བུད་མེད་དང་། མ་ནིང་དང་། ངན་པ་དང་། འབྲིང་པོ་དང་། བཟང་བ་དང་། ཁྱིམ་པ་དང་། རབ་ཏུ་བྱུང་བ་དང་། དཀའ་ཐུབ་དྲག་པོ་ཅན་རྣམས་དང་། དཀའ་ཐུབ་དྲག་པོ་ཅན་མ་ཡིན་པ་རྣམས་དང་། སོ་སོར་ཐར་བའི་སྡོམ་པ་ཅན་རྣམས་དང་། སྡོམ་མིན་ཇི་སྲིད་འཚོའི་བར་དུ་མི་དགེ་ལ་ཞུགས་པར་འདོད་པ་སྟེ། དེ་གཉིས་ཚེ་གཅིག་གི་དབང་དུ་བྱས་ལ། སྡོམ་པ་ཅན་མ་ཡིན་སྡོམ་པ་མེད་པ་ཡང་མ་ཡིན་པ་ཟླ་བ་དང་ཞག་ལ་སོགས་པའི་བར་དུ་དགེ་མི་དགེ་ལ་འཇུག་པར་ཁས་ལེན་པ་རྣམས་དང་། འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་དང་བྲལ་བ་མ་ཡིན་པ་དང་། ལོག་པ་ཉིད་དུ་ངེས་པའི་ཕུང་པོ་པ་རྣམས་དང་། ཡང་དག་པ་ཉིད་དུ་ངེས་པའི་ཕུང་པོ་པ་རྣམས་དང་། གཉིས་ཀར་མ་ངེས་པའི་ཕུང་པོ་པ་རྣམས་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་དང་། དགེ་བསྙེན་དང། དགེ་བསྙེན་མ་དང་། ཁ་ཏོན་པ་དང་། ཞལ་ཏ་བྱེད་པ་དང་། གནས་བརྟན་པ་བསྙེན་པར་རྫོགས་ནས་ལོ་བཅུའམ་བཅུ་ལས་ལྷག་པར་ལོན་པ་བརྟན་མཁས་ཀྱི་ཡོན་ཏན་དང་ལྡན་པ་དང་། བར་མ་བསྙེན་པར་རྫོགས་ནས་ལོ་ལྔ་ལོན་པ་ཕན་ཆད་ལྟ་བུ་སོགས་གནས་བརྟན་དུ་མ་སོན་ལ་གསར་བུ་ལས་རྒན་པ་རྣམས་དང་། གསར་བུ་ནི་བསྟན་པའི་སྒོར་རབ་ཏུ་བྱུང་བའམ་བསྙེན་པར་རྫོགས་ནས་རིང་པོར་མ་ལོན་པ་དང་། མཁན་པོ་ནི་རབ་ཏུ་འབྱིན་བྱེད་དམ། བསྙེན་པར་རྫོགས་པར་བྱེད་པ་གཉིས་དང་། སློབ་དཔོན་ནི། སྐྱབས་སྡོམ་དང་བསླབ་གཞི་སྦྱིན་པ་དགེ་ཚུལ་གྱི་སློབ་དཔོན། གསང་སྟོན་པ། ལས་བྱེད་པ། གནས་སྦྱིན་པ། ཀློག་པའི་སློབ་དཔོན་ལྔ་དང་། ལྷན་ཅིག་གནས་པ་མཁན་བུ་རྣམས་དང་། ཉེ་གནས་སློབ་བུ་དང་། གློ་བུར་དུ་ལྷགས་པ་ནི་དགེ་འདུན་གྱི་གཙུག་ལག་ཁང་དུ་དགེ་སྦྱོང་གཞན་འཕྲལ་དུ་འོང་བ་དང་། དགེ་འདུན་གྱི་ལས་བྱེད་པ་དགེ་བསྙེན་སོགས་གཙུག་ལག་ཞིག་རལ་གསོ་བ་སོགས་སོ། །རྙེད་པ་འདོད་པ་དང་། བཀུར་སྟི་འདོད་པ་དང་། ཡོ་བྱད་བསྙུངས་པ་དང་། མང་དུ་ཐོས་པ་དང་། མཁས་ཤིང་བསོད་ནམས་དང་ལྡན་པ་དང་། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ལ་ཞུགས་པ་དང་། འདུལ་བ་འཛིན་པ་དང་། མདོ་སྡེ་འཛིན་པ་དང་། མ་མོ་དམ་པའི་ཆོས་མངོན་པ་འཛིན་པ་དང་། སོ་སོ་སྐྱེ་བོ་དང་། བདེན་པ་མཐོང་བ་དང་། སློབ་པ་དང་། མི་སློབ་པ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། འཁོར་ལོས་སྒྱུར་བ་རྣམས་སོ།།

བཅུ་གཅིག་པ་དུས་རྣམ་པ་བརྒྱད་བསྟན་པ།

དུས་རྣམ་པ་བརྒྱད་ནི། མངལ་ན་གནས་པའི་དུས་མེར་མེར་པོ་ལ་སོགས་པ་དང་། བཙས་པའི་དུས་མངལ་ནས་སྐྱེ་བ་དང་། བྱིས་པའི་དུས་སྐྱེས་ནས་རྩེད་མོ་མི་ནུས་པའི་སྐབས་དང་། གཞོན་ནུའི་དུས་རྩེད་མོ་ནུས་པ་དང་། ལང་ཚོའི་དུས་འདོད་པ་སྤྱོད་ནུས་པ་དང་། དར་ལ་བབ་པའི་དུས་ལྔ་བཅུ་མན་ཆད་དང་། རྒས་པའི་དུས་བདུན་ཅུ་མན་ཆད་དང་། འཁོགས་པའི་དུས་དེ་ཡན་ཆད་རྣམས་སོ།།

བཅུ་གཉིས་པ་མངལ་དུ་འཇུག་པ་བཞི་བསྟན་པ།

མངལ་དུ་འཇུག་པ་བཞི་ནི། ཤེས་བཞིན་དུ་འཇུག་ལ་མ་ཤེས་པར་གནས་ཤིང་འབྱུང་བ་འཁོར་ལོས་སྒྱུར་བ། ཤེས་བཞིན་དུ་འཇུག་ཅིང་གནས་ལ་མི་ཤེས་པར་འབྱུང་བ་ཉན་ཐོས་དང་རང་སངས་རྒྱས། ཤེས་བཞིན་དུ་འཇུག་ཅིང་ཤེས་བཞིན་དུ་གནས་ཏེ་ཤེས་བཞིན་དུ་འབྱུང་བ་བྱང་ཆུབ་སེམས་དཔའོ། །མི་ཤེས་པར་འཇུག་ཅིང་མི་ཤེས་པར་གནས་ཏེ་མི་ཤེས་པར་འབྱུང་བ་དེ་དག་ལས་གཞན་པའི་འགྲོ་བ་རྣམས་སོ། །དེ་ལྟར་མུ་བཞིར་དབྱེ་བའོ། །ཁ་ཅིག་དག་མི་ཤེས་པར་འཇུག་གནས་འབྱུང་བ་ཐ་མལ་པ། ཤེས་བཞིན་འཇུག་མ་ཤེས་པར་གནས་འབྱུང་བ་ཉན་ཐོས། ཤེས་བཞིན་དུ་འཇུག་གནས་མི་ཤེས་འབྱུང་བ་རང་སངས་རྒྱས། ཤེས་བཞིན་དུ་འཇུག་གནས་འབྱུང་བ་བྱང་ཆུབ་སེམས་དཔའོ་ཞེས་ཀྱང་འདོད་དོ། །འོན་ཀྱང་འཁོར་ལོས་སྒྱུར་བ་ལ་བྱང་ཆུབ་སེམས་དཔས་མ་ཁྱབ་པས། དེ་ལྟར་འཐད་པར་ཡང་མི་སེམས་སོ། །གཞན་ཡང་། འཚོ་བ་དྲུག་དང་ཀུན་ནས་སྲུང་བ་དྲུག ང་རྒྱལ་བདུན་དང་རྒྱགས་པ་རྣམ་པ་བདུན། །ཐ་སྙད་བཞི་དང་ཐ་སྙད་མང་པོའི་གཞི། །ཞེས་གསུངས་ཏེ།

བཅུ་གསུམ་པ་འཚོ་བ་རྣམ་པ་དྲུག་བསྟན་པ།

འཚོ་བ་རྣམ་པ་དྲུག་ནི། ཞིང་གི་ལས་དང་། ཚོང་གི་ལས་དང་། ཕྱུགས་བཙའ་བ་དང་། ཞོ་ཤས་འཚོ་བ་ནི་སྐབས་འདིར་རྒྱལ་པོ་ལ་ཞོ་ཤས་འཚོ་བ་ཞེས་གསུངས་པའི་རྒྱལ་པོ་སོགས་ཀྱི་མཐུ་ལ་བརྟེན་ནས་འཚོ་བའི་མིང་དང་། ཡིི་གེ་འདྲི་བའི་སྒོ་ནས་འཚོ་བ་སྒྲུབ་པ་དང་གྲངས་ཀྱི་ཆ་འཛིན་པའི་ཤོད་དགོད་པས་དངོས་པོའི་གྲངས་བརྩི་བ་དང་། རྩིས་ཀྱི་ལས་ཞེས་པ་གཟའ་སྐར་སོགས་རྩིས་ཆེན་པོ་དང་། རྩིས་ཕྲན་ལག་རྩིས་ལ་བརྟེན་ནས་བླང་དོར་སྟོན་པ་དང་། དེ་དག་ལས་གཞན་པ་བཟོའི་གནས་གང་རུང་ལ་བརྟེན་ནས་འཚོ་བ་སྒྲུབ་པ་རྣམས་སོ། །

བཅུ་བཞི་པ་ཀུན་ནས་སྲུང་བ་དྲུག་བསྟན་པ།

ཀུན་ནས་སྲུང་བ་དྲུག་ལ། གླང་པོ་ཆེའི་ཚོགས་དང་། རྟའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་དང་། ནོར་གྱི་ཚོགས་དང་། མཛའ་བཤེས་ཀྱི་ཚོགས་དང་བཅས་ཏེ་རང་གི་སྡེ་སྲུང་བའོ། །སྡུག་བསྔལ་རྣམ་པ་བདུན་ནི། སྐྱེ་བ་དང་། རྒས་པ་དང་། ན་བ་དང་། འཆི་བ་སྟེ་སེམས་ཅན་སྤྱི་ལ་འབྱུང་བའི་བདུད་ཀྱི་ཆུ་བོ་བཞི་དང་། མི་འདོད་པ་དང་ཕྲད་པ་དང་། སྡུག་པ་དང་བྲལ་བ་དང་། འདོད་པས་ཕོངས་པ་ལ་སོགས་པ་རྣམ་པ་སྣ་ཚོགས་པའི་སྡུག་བསྔལ་བྱེ་བྲག་ཏུ་དེ་ལྟར་མྱོང་བ་དང་།

བཅོ་ལྔ་པ་ང་རྒྱལ་བདུན་བསྟན་པ།

ང་རྒྱལ་བདུན་ལ་ཁྱད་པར་ཅི་ཡོད་ཅེ་ན། ང་རྒྱལ་ནི་ཆུང་ངུ་བས་བདག་འཕགས་བསམ་པའམ་མཉམ་པ་དང་མཉམ་སྙམ་དུ་སེམས་ཁེངས་པ་དང་། ཆེ་བའི་ང་རྒྱལ་མཉམ་པ་ལས་བདག་འཕགས་ཤིང་མཆོག་དང་མཉམ་སྙམ་པ་ལྷག་པའི་ང་རྒྱལ་དང་། ང་རྒྱལ་ལས་ཀྱང་ང་རྒྱལ་ཁྱད་པར་འཕགས་པ་ལ་དམིགས་ནས་བདག་དེ་ལས་ཀྱང་འཕགས་སྙམ་པ་དང་། ངའོ་སྙམ་པའི་ང་རྒྱལ་ཉེར་ལེན་ཕུང་ལྔ་ལ་བདག་དང་བདག་གིར་བཟུང་སྟེ་སེམས་ཁེངས་པ་དང་། མངོན་པའི་ང་རྒྱལ་ཟག་བཅས་ཟག་མེད་ཀྱི་ཡོན་ཏན་མ་ཐོབ་པ་ལ་ཐོབ་པར་རློམ་པ་དང་། ཅུང་ཟད་སྙམ་པའི་ང་རྒྱལ་ཆེས་ཁྱད་འཕགས་ལས་བདག་ཅུང་ཞིག་དམན་ཀྱང་རང་བཟང་སྙམ་དུ་སེམས་པ་དང་། གསོད་གཅོད་བརྩོན་པ་སོགས་ཡོན་ཏན་མིན་པ་ལ་ཡོན་ཏན་དུ་རློམས་ནས་སེམས་ཁེངས་པ་ལོག་པའི་ང་རྒྱལ་ལོ།།

བཅུ་དྲུག་པ་རྒྱགས་པ་བདུན་བསྟན་པ།

རྒྱགས་པ་བདུན་ལ། ནད་མེད་པས་རྒྱགས་པ་དང་། ལང་ཚོས་རྒྱགས་པ་དང་། གསོན་པས་རྒྱགས་པ་དང་། རིགས་ཀྱིས་རྒྱགས་པ་དང་། གཟུགས་ཀྱིས་རྒྱགས་པ་དང་། དབང་ཕྱུག་གིས་རྒྱགས་པ་དང་། ཐོས་པས་རྒྱགས་པའོ། །དེ་འདྲའི་རྒྱགས་པ་བདུན་ནི། རང་རྒྱུད་ཀྱི་ལང་ཚོ་ཐོས་སོགས་ལ་ཡིད་མགུ་ནས་འཐིག་པའམ་སེམས་གཏུག་པའོ།།

བཅུ་བདུན་པ་ཐ་སྙད་བཞི་བསྟན་པ།

ཐ་སྙད་བཞི་སྟེ། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། མཐོང་བ་དང་། རྣམ་པར་ཤེས་པའི་ཐ་སྙད་ལས། དང་པོ་ཐོས་པའི་ཐ་སྙད་ནི་གང་གཞན་ལས་ཐོས་ནས་དེ་ལ་བརྟེན་ཏེ་གཞན་ལ་ཐ་སྙད་དུ་བརྗོད་པའོ། །གཉིས་པ་བྱེ་བྲག་ཕྱེད་པའི་ཐ་སྙད་ནི་གང་དེས་མ་མཐོང་མ་ཐོས་པར་བདག་གིས་བསམས་ཤིང་ཉེ་བར་བརྟགས་ནས་དེ་ལ་བརྟེན་ཏེ་གཞན་ལ་ཐ་སྙད་དུ་བརྗོད་པའོ། །གསུམ་པ་མཐོང་བའི་ཐ་སྙད་ནི། གང་དེས་མིག་ལ་སོགས་པས་མངོན་སུམ་དུ་བྱས་ནས་དེ་ལ་བརྟེན་ཏེ་གཞན་ལ་ཐ་སྙད་དུ་བརྗོད་པའོ། །བཞི་བ་རྣམ་པར་ཤེས་པའི་ཐ་སྙད་ནི་གང་དེས་སོ་སོ་རང་གིས་རིག་པ་དང་། རྟོགས་པ་དང་། རེག་པ་དང་། མངོན་སུམ་དུ་བྱས་ནས་དེ་ལ་བརྟེན་ཏེ་གཞན་ལ་ཐ་སྙད་དུ་བརྗོད་པ་གང་ཡིན་པའོ། །ཐ་སྙད་ཀྱི་རྣམ་དབྱེ་འདི་ལ་ཤེས་བརྗོད་འཇུག་པའི་ཐ་སྙད་གསུམ་དང་། འདི་ནས་བསྟན་པའི་མཐོང་ཐོས་བྱེ་བྲག་ཕྱེད་པ་དང་མྱོང་བའི་ཐ་སྙད་དེ་རྣམ་པ་བཞི་དང་། ད་དུང་དགག་སྒྲུབ་ཀྱི་ཐ་སྙད་ཡིན་ཡོད་གཉིས་སྒྲུབ་ཕྱོགས་ཀྱི་ཐ་སྙད་དང་། མེད་མིན་གཉིས་དགག་ཕྱོགས་ཀྱི་ཐ་སྙད་དེ་དགག་སྒྲུབ་ཀྱི་ཐ་སྙད་ཡན་ལག་བཞི་ཡང་ཡོད་པ་ཡིན།

བཅོ་བརྒྱད་པ་ཐ་སྙད་ཀྱི་གཞི་མང་པོ་རྣམས་བཤད་པ།

ཐ་སྙད་ཀྱི་གཞི་མང་པོ་རྣམས་ནི། ངེས་པའི་ཚིག་གི་གཞི་རྣམས་དང་། སྤྲོས་པའི་གཞི་རྣམས་དང་། དོན་བསྡུས་པའི་གཞི་རྣམས་ཞེས་ཀྱང་བྱ་སྟེ། རྣམ་པ་མང་ཡང་ཆོས་ཁམས་དབྱེ་བ་བཅུ་ལྟ་བུ་སོགས་ཡིན་ལ། དེ་ནི་གང་ཞེ་ན། རྗེས་སུ་འབྲེལ་བའི་སྐྱེ་བོའི་དོན་དང་། དམིགས་པ་མྱོང་བའི་དོན་དང་། དམིགས་པའི་མཚན་མར་འཛིན་པའི་དོན་དང་། དམིགས་པ་མངོན་པར་འདུ་བྱེད་པའི་དོན་དང་། ཆོས་དེ་དག་ཉིད་དུས་ཐ་དད་པའི་དོན་དང་། རྣམ་པ་སྒྲིབ་པ་མེད་པའི་དོན་དང་། མི་རྟག་པ་དང་བྲལ་བའི་དོན་དང་། མི་རྟག་པ་དང་མ་བྲལ་བའི་དོན་དང་། རྟག་པ་ཕྱིན་ཅི་མ་ལོག་པའི་དོན་དང་། བདེ་བ་དང་སྡུག་བསྔལ་དང་བྲལ་བའི་དོན་དང་། ཚོར་བ་དང་བྲལ་བ་མ་ཡིན་པའི་དོན་དང་། ཚོར་བ་དང་བྲལ་བའི་དོན་ཏོ། །ཐ་སྙད་ཀྱི་གཞི་རྣམས་ཀྱི་དོན་ནི་ཐ་སྙད་འདོགས་པའི་ཡུལ་དང་། དོན་དུ་གཞལ་བྱ་གང་ཡིན་པ་དེ་ཡིན་ལ། ཐ་སྙད་ནི་འཇལ་བྱེད་དུ་རྣམ་པར་གཞག་པ་ཡིན་ཏེ། དཔེ་མཚོན་བཀོད་ན་གཟུགས་འཛིན་མིག་ཤེས་མངོན་སུམ་ལ་ཨུཏྤ་སྣང་དུས། ཕྱི་རོལ་གྱི་དོན་རང་མཚན་ཨུཏྤལའི་གཟུགས་དང་དྲི་དང་ཆེ་ཆུང་ལ་སོགས་པ་ཡུལ་དུ་སྣང་བའི་དོན་ནི་ཐ་སྙད་ཀྱི་གཞི་ཡིན་ལ། ཨུཏྤལར་ངེས་པའི་མིག་ཤེས་མངོན་སུམ་ཚད་མ་ནི་ཐ་སྙད་ཅེས་བྱ་བ་ཡིན་པ་བཞིན་ནོ། །འདི་དག་ནི་སྤྱིར་ཚོགས་དྲུག་གི་ཡུལ་ལ་དགག་སྒྲུབ་ཀྱི་ཐ་སྙད་སྣ་ཚོགས་རྣམ་པར་གཞག་པ་སྟེ། ཤེས་བརྗོད་འཇུག་གསུམ་གྱི་ཐ་སྙད་རྣམས་གང་ལ་འཇུག་པའི་གཞི་དེར་ངེས་པའི་ཚིག་གི་གཞི་དང་། སྤྲོས་པའི་གཞི་དང་དོན་བསྡུས་པའི་གཞི་ཞེས་བྱ་སྟེ་དེ་དག་རྣམ་གྲངས་སོ། །དེ་ལ་སའི་དངོས་གཞི་ལས་ཤིན་ཏུ་མང་པོ་གསུངས་ཤིང་། འདིར་ཡིད་ཀྱི་ཡུལ་ཆོས་ཁམས་ཀྱི་རྣམ་དབྱེ་བཅུ་ཙམ་བཀོད་པ་ནི། མཚོན་བྱེད་དུ་མཛད་པ་སྟེ། རྒྱས་པར་ན་ཕྱི་དང་ནང་གི་སྐྱེ་མཆེད་ཀྱི་རབ་ཏུ་དབྱེ་བ་དྲུག་བརྒྱ་དྲུག་ཅུ་སོགས་སུ་བཤད་པ་ས་སྡེ་ལས་ཤེས་པར་བྱའོ། །གཞན་ཡང་། མཁས་པ་དྲུག་དང་བཀའ་ཡི་དངོས་པོ་དགུ། །འཁོར་གྱི་དངོས་པོ་བརྒྱད་ལ་སོགས་པར་གྲགས། །ཞེས་གསུངས་ཏེ། མཁས་བྱའི་གནས་དྲུག བཀའ་ཡི་དངོས་པོ་དགུ འཁོར་གྱི་དངོས་པོ་བརྒྱད་ལ་སོགས་པ་གྲགས་པའི་ནང་གི་དང་པོ།

བཅུ་དགུ་པ་མཁས་པར་བྱ་བའི་དོན་རྣམ་པ་དྲུག་བསྟན་པ།

མཁས་པར་བྱ་བའི་དོན་རྣམ་པ་དྲུག་གམ་གནས་དྲུག་ནི། ཕུང་པོ་ལ་མཁས་པར་བྱ་བ་དང་། ཁམས་ལ་མཁས་པར་བྱ་བ་དང་། སྐྱེ་མཆེད་ལ་མཁས་པར་བྱ་བ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པར་བྱ་བ་དང་། གནས་དང་གནས་མ་ཡིན་པ་ལ་མཁས་པར་བྱ་བ་དང་། དབང་པོ་ལ་མཁས་པར་བྱའོ། །ཕུང་པོ་ནི་ལྔ་སྟེ། གཟུགས་སུ་རུང་བའི་མཚན་ཉིད་འཛིན་ཅིང་། དབྱེ་ན། རྒྱུ་གཟུགས་དང་། འབྲས་གཟུགས་ལ་སོགས་པའི་དབྱེར་ཡོད་པའི་གཟུགས་དང་། ཉམས་སུ་མྱོང་བའི་མཚན་ཉིད་འཛིན་ཅིང་། དབྱེ་ན། བདེ་སྡུག་བར་མ་གསུམ་མམ་ལུས་སེམས་ཀྱི་ཚོར་བ་སོགས་ཡོད་པའི་ཚོར་བ་དང་། མཚན་མར་འཛིན་པའི་མཚན་ཉིད་འཛིན་ཅིང་། དབྱེ་ན། མཚན་མར་འཛིན་པའི་འདུ་ཤེས་དང་། མཚན་མ་མེད་པའི་འདུ་ཤེས་སོགས་ཡོད་པའི་འདུ་ཤེས་དང་། ཕུང་པོ་བཞི་ལས་གཞན་མངོན་པར་འདུ་བྱེད་པའི་མཚན་ཉིད་འཛིན་ཅིང་། དབྱེ་ན། དམིགས་རྣམ་རྟེན་རྫས་དུས་ཀྱིས་མཚུངས་པར་ལྡན་པའི་མཚུངས་ལྡན་འདུ་བྱེད་ཀུན་འགྲོ་ལྔ་དང་། ཡུལ་ངེས་ལྔ་ལ་སོགས་པའི་སེམས་བྱུང་ང་གཅིག་དང་། མཚུངས་ལྡན་མིན་པའི་འདུ་བྱེད་ཐོབ་དང་མ་ཐོབ་སྐལ་མཉམ་ལ་སོགས་པའི་འདུ་བྱེད་དང་། གསལ་ཞིང་རིག་པའི་མཚན་ཉིད་འཛིན་ཅིང་། དབྱེ་ན། མིག་གི་རྣམ་ཤེས་སོགས་དྲུག་གི་རྣམ་པར་ཤེས་པའི་ཕུང་པོའོ། །རིགས་ཀྱི་དོན་ནམ་འབྱུང་ཁུངས་སུ་གྱུར་པའི་ཁམས་ནི་དྲུག་སྟེ། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། རྣམ་པར་ཤེས་པའི་ཁམས་སོ། །འདི་ལ་ཕྱི་ཡུལ་གྱི་ཁམས་དྲུག ནང་དབང་པོའི་ཁམས་དྲུག བར་རྣམ་ཤེས་ཀྱི་ཁམས་དྲུག་སྟེ་ཁམས་དྲུག་གསུམ་བཅོ་བརྒྱད་ཡོད་དོ། །རྣམ་ཤེས་སྐྱེ་ཞིང་མཆེད་པའི་སྒོར་གྱུར་བའི་སྐྱེ་མཆེད་ནི་བཅུ་གཉིས་ཏེ། མིག་གི་སྐྱེ་མཆེད་ནས། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ཀྱི་སྐྱེ་མཆེད་དོ། །ཕྱིའི་སྐྱེ་མཆེད་དྲུག་དང་ནང་གི་སྐྱེ་མཆེད་དྲུག་སྟེ་བསྡོམས་པས་བཅུ་གཉིས་སོ། །དེ་ལ་གཟུགས་ཀྱི་ཕུང་པོ་དང་། ཡིད་ཀྱི་སྐྱེ་མཆེད་དང་། ཆོས་ཁམས་དང་གསུམ་གྱིས་ཤེས་བྱའི་ཆོས་ཐམས་ཅད་བསྡུས་པའོ། །འདི་ཡོད་པས་འདི་འབྱུང་། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་སྟེ། ཞེས་གསུངས་པ་ལྟར་དུ་གང་ལ་རྟེན་ནས་གང་འབྱུང་བས་རྟེན་འབྱུང་རྟེན་ཅིང་འབྲེལ་བར་འབྱུང་བ་ནི་བཅུ་གཉིས་ཏེ། མ་རིག་པ་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤི་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་དང་ཡིད་མི་བདེ་བ་དང་འཁྲུགས་པ་ལ་སོགས་པའི་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་རབ་ཏུ་གྲུབ་པའོ། །དེ་དག་མཛོད་ལས། སྔོན་དང་ཕྱི་མཐར་གཉིས་གཉིས་དང་། །བར་དུ་བརྒྱད་ཡོངས་རྫོགས་ལྡན་ལ། །མ་རིག་ཉོན་མོངས་སྔོན་གནས་སྐབས། །འདུ་བྱེད་དག་ནི་སྡོན་ལས་ཀྱི། །རྣམ་ཤེས་མཚམས་སྦྱོར་ཕུང་པོ་ཡིན། །མིང་དང་གཟུགས་ནི་དེ་ཕན་ཆད། །སྐྱེ་མཆེད་དྲུག་དོད་ཚུན་ཆད་དེ། །དེ་ནི་གསུམ་འདུས་ཚུན་ཆད་དོ། །རེག་པ་བདེ་སྡུག་ལ་སོགས་ཀྱི། །རྒྱུ་ཤེས་ནུས་པ་ཚུན་ཆད་དོ། །ཚོར་འཁྲིག་ཚུན་ཆད་སྲེད་པ་ནི། །ལོངས་སྤྱོད་འཁྲིག་པ་ཆགས་ཅན་གྱི། །ཉེ་བར་ལེན་པ་ལོངས་སྤྱོད་རྣམས། །ཐོབ་པར་བྱ་ཕྱིར་ཡོངས་རྒྱུག་པ། །དེ་སྲིད་འབྲས་བུ་འབྱུང་འགྱུར་བའི། །ལས་བྱེད་དེ་ནི་སྲིད་པ་ཡིན། །ཉིང་མཚམས་སྦྱོར་བ་སྐྱེ་བ་ཡིན། །ཚོར་བའི་བར་ན་རྒ་ཤི་ཡིན། །ཞེས་གསུངས་པ་ལྟར་དང་། མ་རིག་སྲེད་ལེན་གསུམ་ཉོན་མོངས་ཀྱིས་བསྡུས་པ་དང་། འདུ་བྱེད་སྲིད་པ་གཉིས་ལས་ཀྱིས་བསྡུས་པ་དང་། ལྷག་མ་བདུན་པོ་སྡུག་བསྔལ་གྱིས་བསྡུས་པའོ། །རྟེན་འབྲེལ་འདི་ལ་སོ་སོའི་ངོ་བོ་དང་། རྣམ་བཞག ཚེ་དུ་ལ་རྟེན་འབྲེལ་ཆ་གཅིག་རྫོགས། བསྒོམ་ཚུལ་ལ་སོགས་པའི་དབྱེ་བ་རྣམ་གྲངས་ཡོད་དོ། །ལྔ་བ་གནས་དང་གནས་མ་ཡིན་པ་ནི་འཁོར་བ་དང་དེའི་ལམ་ཀུན་འབྱུང་འབྲས་བུ་སྡུག་བསྔལ་གྱི་བདེན་པས་བསྡུས་པ་རྣམས་སྤང་བྱ་ཁོ་ན་སྟེ་གནས་མ་ཡིན་ལ། མྱ་ངན་ལས་འདས་པ་འགོག་བདེན་ནི་ཞི་བ་སྟེ། དེའི་རྒྱུ་ལམ་བདེན་ཆ་དང་བཅས་པ་རྣམས་གཉེན་པོ་བླང་བྱ་ཁོ་ན་བས་གནས་ཞེས་བྱའོ། །འདི་ལ་ལས་རྒྱུ་འབྲས་ཀྱི་རྣམ་བཞག་སྤྱིར་བསྟན་དང་། བདེན་བཞིའི་རྣམ་བཞག་བྱེ་བྲག་ཏུ་བཤད་པ་སོགས་ཡོད་ལ། མཁས་བྱའི་གནས་དྲུག་ལས་ལྔ་བ་གནས་དང་། དྲུག་པ་གནས་མ་ཡིན་པ་ཡིན་པ་བསྟན་པ་ཡོད་ཀྱང་འདི་ནས་གནས་དང་གནས་མ་ཡིན་པ་གཉིས་ཀ་གཅིག་ཏུ་རྩིས་ནས་བསྟན་པ་ཡིན། དྲུག་པ་དབང་པོ་ལ་མཁས་པར་བྱ་བ་ནི་འཕགས་པ་དང་། སོ་སོ་སྐྱེ་བོ་གཉིས་ལས། དེ་ལ་གཟུགས་ཅན་གྱི་དབང་པོ་གང་དག་ཡིན་ན་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཀྱི་དབང་པོ་སྟེ་རྣམ་པ་ལྔ། གཟུགས་ཅན་མ་ཡིན་པ་ནི་ཡིད་ལས་ཕྱེ་བར་འདོད་དོ། །དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དབང་པོ་རྣམས་སོ། །རྣམ་པར་གྲོལ་བ་འཕགས་པའི་དབང་པོ་ལའང་ལྷག་བཅས་ཀྱི་རྟེན་ལ་དབང་པོ་གཟུགས་ཅན་ལྔ་དང་། གཟུགས་ཅན་མ་ཡིན་པ་ལྔ། རྣམ་པར་གྲོལ་བའི་དབང་པོ་དང་བཅུ་གཅིག་གོ །ལྷག་མེད་ལ་གཟུགས་ཅན་རྣམས་མེད་ལ། གཟུགས་ཅན་མ་ཡིན་པ་རྣམས་ཐོབ་ལ་མ་ཉམས་པར་གནས་སོ། །ཚུལ་གཞན་དུ་དབང་པོའི་རྣམ་གཞག་ཉི་ཤུ་རྩ་གཉིས་ལས། ལྡན་ཚུལ་བརྩི་བ་ནི་ཉན་ཐོས་པའི་སྡེ་པས་རྣམ་པར་གཞག་པ་ཡིན་ལ། སྤྲོས་པ་ལ་དགའ་ན་དེའི་གཞུང་དུ་བརྟག་གོ །མཁས་འཇུག་སྡོམ་བྱང་ལས། དབང་པོ་ཉི་ཤུ་རྩ་གཉིས་ནི། །མིག་རྣ་སྣ་ལྕེ་ལུས་ཡིད་དབང་། །ཕོ་དབང་མོ་དབང་སྲོག་དབང་དང་། །སྡུག་བསྔལ་དང་ནི་ཡིད་མི་བདེ། །བདེ་དང་ཡིད་བདེ་བཏང་སྙོམས་དབང་། །དད་བརྩོན་དྲན་ཏིང་ཤེས་རབ་དབང་། །ཀུན་ཤེས་བྱེད་དང་ཀུན་ཤེས་པ། །ཀུན་ཤེས་ལྡན་པའི་དབང་པོའོ། །དེ་དག་གིས་ནི་རང་རང་གི །ལས་ལ་དབང་བྱེད་རྙེད་གཏོང་སོགས། །དབང་པོའི་རབ་ཏུ་དབྱེ་བ་དང་། །གཞུང་དུ་བསྟན་པ་བཞིན་ཤེས་བྱ། །དབང་པོའི་ཚུལ་འདི་རྟོགས་པ་ཡིས། །བདག་ནི་ཡུལ་ལ་བདག་པོ་རུ། །འཛིན་པའི་རྨོངས་སོགས་རབ་སྤངས་ནས། །ཆོས་ཀྱི་ཚུལ་ལ་མཁས་པར་འགྱུར། །ལྟར་དུ་གཏན་ལ་ཕབ་ཁི་ཡོད་ནི་རེད། དེ་ཡང་དབང་པོ་ཉི་ཤུ་རྩ་གཉིས་ཚུར་བསྡུ་ན་ལྔར་བསྡུ་ཆོག་པ་སྟེ། སེམས་ཀྱི་རྟེན་དང་། དེར་རྣམ་པར་རྟོག་པ་དང་། ཀུན་ནས་ཉོན་མོངས་དང་། རྣམ་བར་བྱང་བའི་ཚོགས་དང་། རྣམ་པར་བྱང་བ་དང་ལྔར་འདུས་པའོ། །ཇི་ལྟར་འདུས་ན། མིག་ནས་ཡིད་ཤེས་ཀྱི་བར་གྱི་དྲུག་དང་སྲོག་དབང་རྣམས་སེམས་ཀྱི་རྟེན་དང་། ཕོ་མོའི་དབང་པོ་ནས་ཡིད་བདེ་མི་བདེ་དང་བདེ་དང་མི་བདེ་བཏང་སྙོམས་རྣམས་ཀུན་ཉོན་གྱི་ཕྱོགས་དང་། དད་སོགས་ལྔ་རྣམ་བྱང་གི་ཚོགས་ཀྱི་ཕྱོགས་དང་། ཀུན་ཤེས་བྱེད་པའི་དབང་པོ་དང་། ཀུན་ཤེས་པའི་དབང་པོ། ཀུན་ཤེས་ལྡན་པའི་དབང་པོ་གསུམ་པོ་རྣམ་བྱང་གིས་བསྡུས་པའོ།།

ཉི་ཤུ་པ་སངས་རྒྱས་ཀྱི་བཀའི་དངོས་པོ་དགུ་བསྟན་པ།

སངས་རྒྱས་ཀྱི་བཀའི་དངོས་པོ་དགུ་ལ། སེམས་ཅན་གྱི་དངོས་པོ་ནི་གཟུགས་ལ་སོགས་པའི་ཉེ་བར་ལེན་པའི་ཕུང་པོ་ལྔའོ། །ལོངས་སྤྱོད་ཀྱི་དངོས་པོ་ནི་སྐྱེ་མཆེད་བཅུ་གཉིས་སོ། །སྐྱེ་བའི་དངོས་པོ་ནི་རྟེན་འབྲེལ་ལུགས་མཐུན་ཡན་ལག་བཅུ་གཉིས་སོ། །གནས་པའི་དངོས་པོ་ནི་ཟས་བཞི་པོ་རྣམས་སོ། །ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་དངོས་པོ་ནི། སྡུག་བསྔལ་ནི་འཁོར་བའི་སྣོད་བཅུད་ཀྱིས་བསྡུས་པ་ཐམས་ཅད་དོ། །ཀུན་འབྱུང་ནི་ལས་དང་ཉོན་མོངས་པའོ། །དེ་ཡང་ལས་ནི་འཁོར་བའི་གནས་སུ་འཕེན་བྱེད་དགེ་བ་དང་མི་དགེ་བ་སོགས་དང་། ཉོན་མོངས་པ་ནི་ལས་དེ་ཀུན་ནས་སློང་བའི་ཆགས་སྡང་རྨོངས་གསུམ་ལྟ་བུའོ། །འགོག་པ་ནི། སྡུག་བསྔལ་དང་ཀུན་འབྱུང་གཉིས་ལམ་གྱི་མཐུས་སྤངས་བའི་ཆ་དང་། སྤངས་བའི་ཆོས་ཉིད་དེ་བཞིན་ཉིད་དོ། །ལམ་གྱི་བདེན་པ་ནི། མཐོང་སྒོམ་གཉིས་ལ་གསུངས་པ་ནི་གཙོ་བོའི་དབང་དུ་བྱས་པས་ལམ་ལྔ་ཡོངས་རྫོགས་ལ་ཡིན། རྒྱུད་བླ་མ་ལས། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། །བདེ་གནས་ཐོབ་བྱ་སྨན་ནི་བསྟེན་པར་བྱ་བ་ལྟར། །སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །ཤེས་བྱ་སྤང་བྱ་རིག་པར་བྱ་ཞིང་བསྟེན་པར་བྱ། ཞེས་གསུངས་པ་ལྟར་དུ་སྤང་བླང་འདོར་ལེན་བྱ་བ་ཡིན། དེ་ལ་སྡུག་བསྔལ་བདེན་པ་ལ། གང་དུ་སྨིན་པ་སྡུག་བསྔལ་གྱི་གནས། གང་ལ་སྨིན་པའི་སྡུག་བསྔལ་བའི་སེམས་ཅན། གང་ཞིག་སྨིན་པ་སྡུག་བསྔལ་གྱི་རྣམ་གྲངས། ཇི་ལྟར་སྨིན་པ་སྡུག་བསྔལ་གྱི་འཇུག་རིམ་རྣམས་དང་། རྣམ་པ་མི་རྟག་སྡུག་བསྔལ་སྟོང་བདག་མེད་བཞི་ཡོད་པ་དང་། ཀུན་འབྱུང་ལ། དབྱེ་ན་ལས་ཀྱི་ཀུན་འབྱུང་དང་ཉོན་མོངས་པའི་ཀུན་འབྱུང་གཉིས། རྣམ་པ་རྒྱུ་ཀུན་འབྱུང་རབ་སྐྱེ་རྐྱེན་ཏེ་བཞིའོ། །འགོག་པ་ཡང་དེ་བཞིན་དུ། དབྱེ་ན་སོ་སོར་བརྟགས་འགོག་དང་། བརྟགས་མིན་འགོག་གཉིས། རྣམ་པ་འགོག་ཞི་གྱ་ནོམ་ངེས་འབྱུང་སྟེ་བཞིའོ། །ལམ་བདེན་ཡང་དེ་བཞིན་ཏེ། ལམ་གང་གིས་སྡུག་བསྔལ་ཡོངས་སུ་ཤེས་པ་དང་། ཀུན་འབྱུང་སྤང་བ་དང་། འགོག་པ་མངོན་དུ་བྱེད་པ་དང་། ལམ་སྒོམ་པ་དང་བཞིའམ། ཚོགས་སྦྱོར་མཐོང་སྒོམ་མཐར་ཕྱིན་པའི་ལམ་སྟེ་ལྔ་ཡོད་དོ། །རྣམ་པ། ལམ་རིག་སྒྲུབ་པ་ངེས་འབྱིན་བཞིའོ། །ཡང་ན་ལྟོས་པའི་རིགས་པ་དང་། བྱ་བ་བྱེད་པའི་རིགས་པ། འཐད་སྒྲུབ་ཀྱི་རིགས་པ། ཆོས་ཉིད་ཀྱི་རིགས་པ་སྟེ་རིགས་པ་བཞིའི་སྒོ་ནས་ཆོས་ཐམས་ཅད་ཀྱི་ངོ་བོ་ཕྱིན་ཅི་མ་ལོག་པ་གཏན་ལ་འབེབ་པ་གང་ཡིན་པ་དེ་ལམ་བདེན་ཞེས་ཀྱང་བྱའོ། །འདི་བཞི་ལ་འཕགས་པའི་བདེན་པ་གསུངས་བ་ཅིའི་ཕྱིར་ཞེ་ན། བདེན་བཞིའི་རང་བཞིན་ཇི་ལྟ་བ་བཞིན་མཁྱེན་པ་འཕགས་པ་རྣམས་ཡིན་པས་དེ་སྐད་དུ་གསུངས་པའོ། བདེན་པ་བཞི་བོ་དེ་ཚུར་བསྡུས་ན། ཀུན་ཉོན་ཕྱོགས་ཀྱི་རྒྱུ་འབྲས་དང་། རྣམ་བྱང་ཕྱོགས་ཀྱི་རྒྱུ་འབྲས་གཉིས་ཀྱི་ནང་དུ་འདུས་པ་དང་། གཞན་ཡང་ཡབ་སྲས་མཇལ་བ་ལས། འཇིག་རྟེན་མཁྱེན་པས་གཞན་ལ་མ་གསན་པར། །བདེན་པ་འདི་གཉིས་ཉིད་ཀྱིས་སྟོན་པར་མཛད། །གང་ཞིག་ཀུན་རྫོབ་དེ་བཞིན་དོན་དམ་སྟེ། །བདེན་པ་གསུམ་པ་གང་ཡང་མ་མཆིས་སོ། །ཞེས་གསུངས་པ་དང་། དེ་བས་ཀྱང་ཚུར་བསྡུ་ན། ལང་ཀར་གཤེགས་པ་ལས། སྐྱེ་བ་མེད་པ་བདེན་པ་གཅིག་ཡིན་ཏེ། །བྱིས་པ་རྣམས་ནི་བདེན་པ་བཞི་ཞེས་སྨྲ། །བྱང་ཆུབ་སྙིང་པོར་ཞུགས་ནས་བདེན་གཅིག་ཀྱང་། །གྲུབ་པ་མེད་ན་བཞི་ལྟ་ག་ལ་ཡོད། །ཅེས་སོ། །ཞེས་གསུངས་ནས་ཆོས་ཉིད་དོན་དམ་པའི་བདེན་པ་གཅིག་ཏུ་འདུས་པ་བསྟན་པའོ། །སྣ་ཚོགས་ཀྱི་དངོས་པོ་ནི། མཐའ་ཡས་ཤེས་བྱའི་ཁམས་ཚད་མེད་པ་རྣམས་སོ། །སྟོན་པ་པོའི་དངོས་པོ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་རྣམས་སོ། །ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྲས་གསུམ་མ་གཏོགས་བཞི་མེད་པ་ཅིའི་ཕྱིར་ཞེ་ན། རང་རྒྱལ་གྱིས་སྒྲས་སྒོ་ནས་ཆོས་དངོས་སུ་མི་བསྟན་པས་མ་བསྟན་པའོ། །བསྟན་པར་བྱ་བའི་དངོས་པོ་ནི། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནོ། །དེ་དག་གང་ཞེ་ན་དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་དོ། །དེ་ཡིས་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་སྡོམ་གྱིས་མདོར་བསྟན་ནས། རྒྱས་བཤད་ནི་དེ་ལ་དྲན་པ་ཉེ་བར་གཞག་པ་བཞི་ནི་གང་དག་ཡིན་ན། ལུས་དང་། ཚོར་བ་དང་། སེམས་དང་། ཆོས་དྲན་པ་ཉེ་བར་གཞག་པ་དང་བཞིའོ། །འདི་བཞི་ལ་དམིགས་པ་དང་། རྣམ་པ། སྒྲ་དོན་ལ་སོགས་པ་ཡོད་པ་ལས་དམིགས་པ་ལ་མཚོན་ན། དང་པོ་ལུས་འདི་ལ་ཕྱི་ནང་བར་གསུམ་སྟེ། ཕྱིའི་ལུས་འབྱུང་བཞིས་བསྡུས་པའི་ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་གི་ལུས་སེམས་ཅན་རང་ལུས་དང་། བར་གྱི་ལུས་སེམས་ཅན་གཞན་གྱི་ལུས་སོ། །ཚོར་བ་དྲན་པ་ཉེར་བཞག ཚོར་བའི་ཕུང་པོ་བདེ་སྡུག་ལ་སོགས་པའོ། །སེམས་དྲན་པ་ཉེ་བར་བཞག་པ། རྣམ་པར་ཤེས་པའི་ཚོགས་དྲུག་གམ་བརྒྱད་དོ། །ཆོས་དྲན་པ་ཉེར་བཞག་ནི། འདུ་ཤེས་དང་འདུ་བྱེད་ཀྱིས་མཚོན་པའི་ཆོས་ཐམས་ཅད་དོ། །འདི་དག་གི་རྣམ་པ་དང་སྒྲ་དོན་ཐེག་པ་ཆེ་ཆུང་གི་འདོད་ཚུལ་སོགས་ཀྱང་ཤེས་པར་བྱའོ། །ཡང་དག་པར་སྤོང་བ་བཞི་ནི། མི་དགེ་བ་མ་སྐྱེས་པ་མི་སྐྱེད་པའི་ཕྱིར་འདུན་པ་བསྐྱེད་དོ། །འབད་དོ། །རྩོལ་ལོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ་དང་། སྐྱེས་པ་སྤོང་བའི་ཕྱིར་འདུན་པ་བསྐྱེད་དོ། །འབད་དོ། །རྩོལ་ལོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །དགེ་བ་མ་སྐྱེས་པ་སྐྱེད་པའི་ཕྱིར་འདུན་པ་བསྐྱེད་དོ། །འབད་དོ། །རྩོལ་ལོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ནོ། །སྐྱེས་པ་གོང་དུ་འཕེལ་བའི་ཕྱིར་འདུན་པ་བསྐྱེད་དོ། །འབད་དོ། །རྩོལ་ལོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་པ་རྣམ་པ་བཞིའོ། །དེ་ཡང་མི་དགེ་སྐྱེས་དང་མ་སྐྱེས་གཉིས་དང་། དགེ་བ་སྐྱེས་དང་མ་སྐྱེས་གཉིས་ཏེ་བཞི་བོ་ནི་འདིའི་དམིགས་པ་དང་། འདུན་པ་བསྐྱེད་དོ་ལ་སོགས་པ་ལྔ་བོ་རྣམ་པ་དང་། དེ་བཞིན་དུ་སྒྲ་དོན་སོགས་ཀྱང་ཤེས་པར་བྱའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི། བསྒོམ་བྱའི་དོན་ལ་ཡིད་ཆེས་ནས་དོན་དུ་གཉེར་བའི་འདུན་པ་དང་། སེམས་པ་དང་། དཔྱོད་པ་གཉིས་ཕྲ་ཞིབ་ཀྱིས་དབྱེ་བ་དང་། སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ཡང་དག་རྫུ་འཕྲུལ་གྱི་རྐང་པའོ། །དབང་པོ་ལྔ་ནི། དམིགས་པ་བདེན་བཞི་དང་། རྣམ་པ་བདེན་པ་སོ་སོའི་མཚན་ཉིད་ལ་དམིགས་ནས་ཡིད་ཆེས་པའི་ཚུལ་གྱིས་ཞུགས་པའི་དད་པ་དང་། བརྩོན་གང་དགེ་ལ་སྤྲོ་བའོ། །ཞེས་པ་ལྟར་སྤྲོ་བས་འཇུག་པའི་བརྩོན་འགྲུས་དང་། དམིགས་རྣམ་མི་བརྗེད་པའི་ཚུལ་གྱིས་འཇུག་པའི་དྲན་པ་དང་། སེམས་རྩེ་གཅིག་པའི་ཚུལ་གྱིས་འཇུག་པའི་ཏིང་ངེ་འཛིན་དང་། དོན་རབ་ཏུ་རྣམ་པར་འབྱེད་པའི་ཚུལ་གྱིས་འཇུག་པའི་ཤེས་རབ་ཀྱི་དབང་པོའོ། །སྟོབས་ལྔ་ནི་དད་པ་ལ་སོགས་པའི་རྣམ་པ་ལྔའོ། །དད་སོགས་རང་རང་གི་མི་མཐུན་ཕྱོགས་ཀྱི་དབང་དུ་མ་གྱུར་བར་སྟོབས་སུ་གྱུར་པས་ན་སྟོབས་དང་། སྔ་མས་རྣམ་བྱང་གི་ཡོན་ཏན་བསྐྱེད་པ་ལ་དབང་བྱེད་པས་ན་དབང་པོ་ཞེས་བྱའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ནི། བདེན་བཞིའི་དམིགས་རྣམ་མི་བརྗེད་པའི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བདེན་བཞིའི་ཆོས་ཅན་དང་ཆོས་ཉིད་ཀྱི་མཚན་ཉིད་ཇི་བཞིན་པར་གཏན་ལ་འབེབ་པ་ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། སྤྲོ་བཞིན་འཇུག་པ་བརྩོན་འགྲུས་ཡང་དག་བྱང་ཆུབ་ཡན་ལག་དང་། ལུས་སེམས་གཉིས་ལས་སུ་རུང་བ་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། སེམས་གཞན་དུ་མི་གཡེང་བར་རྩེ་གཅིག་ཏུ་གནས་པ་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བདེན་བཞིའི་ཆོས་ཉིད་གསར་དུ་མཐོང་བ་ལ་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། སེམས་བྱིང་རྒོད་མེད་པ་རྣལ་དུ་གནས་པ་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ །འཕགས་པའི་ཡན་ལག་བརྒྱད་ནི། དམིགས་པ་མཐོང་ཟིན་གོམས་པར་བྱེད་པས་མཐོང་ལམ་དང་གཅིག་ཡིན་ནོ། །རྣམ་པ་མ་མཐོང་མཐོང་བར་བྱེད་པའི་མཐོང་ལམ་གྱི་སྐབས་ཀྱི་བདེན་བཞིའི་ཆོས་ཉིད་ཇི་ལྟར་རྟོགས་པ་དེ་ཡོངས་གཅོད་ཀྱི་སྒོ་ནས་ངེས་པར་བྱེད་པའི་ཡང་དག་པའི་ལྟ་བ་དང་། རྟོགས་དོན་དེ་རྟགས་དང་གཏན་ཚིགས་ཀྱི་སྒོ་ནས་མཚོན་པར་བྱས་ནས་གཏན་ལ་འབེབ་ཅིང་གོ་བར་བྱེད་པའི་རྟོག་པ་དང་། ཆོས་ཉིད་སྤྲོས་པ་དང་བྲལ་བར་རྟོགས་པ་དེའི་རང་བཞིན་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་གཞན་ལ་བསྟན་ཅིང་ལྟ་བ་རྣམ་དག་ཏུ་ཡིད་ཆེས་པར་བྱེད་པའི་ངག་དང་། ཐམས་ཅད་དང་མི་མཐུན་པ་མེད་པའི་སྤྱོད་ལམ་གྱིས་ཆོས་དང་མཐུན་པའི་ཚུལ་ཁྲིམས་རྣམ་དག་ཏུ་ཡིད་ཆེས་པར་བྱེད་པའི་ལས་ཀྱི་མཐའ་དང་། ལོག་འཚོ་དང་མ་འདྲེས་པའི་ཡང་དག་པའི་འཚོ་བ་རྣམ་དག་ཏུ་ཡིད་ཆེས་པར་བྱེད་པའི་འཚོ་བ་དང་། མཐོང་ཟིན་ཆོས་ཉིད་ཀྱི་དོན་དེ་ཉིད་ཡང་ཡང་གོམས་པར་བྱས་ནས་སྒོམ་སྤོང་ཉོན་མོངས་ཀྱི་གཉེན་པོར་བྱེད་པའི་རྩོལ་བ་དང་། ཞི་ལྷག་གི་དམིགས་རྣམ་མི་བརྗེད་པར་འཛིན་ཅིང་ཉེ་བའི་ཉོན་མོངས་བརྗེད་ངེས་ཀྱི་གཉེན་པོ་གཙོ་བོར་བྱེད་པའི་དྲན་པ་དང་། བྱིང་རྒོད་སོགས་པའི་མི་མཐུན་པའི་གཉེན་པོ་བྱེད་ཅིང་ས་ལམ་གྱི་ཡོན་ཏན་ཐམས་ཅད་ལས་གཙོ་བོ་ལམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ་བར་བྱེད་པའི་ཏིང་ངེ་འཛིན་འཕགས་པའི་ལམ་ཡན་ལག་སྟེ་བརྒྱད་དོ།།

ཉེར་གཅིག་པ་འཁོར་གྱི་དངོས་པོ་བརྒྱད་བསྟན་པ།

འཁོར་གྱི་དངོས་པོ་བརྒྱད་ལ། རྒྱལ་རིགས་དང་། བྲམ་ཟེ་དང་། ཁྱིམ་བདག་དང་། དགེ་སྦྱོང་དང་། རྒྱལ་ཆེན་བཞིའི་རིགས་དང་། སུམ་ཅུ་རྩ་གསུམ་པ་དང་། བདུད་དང་། ཚངས་པའི་འཁོར་རོ། །སོགས་པར་གྲགས་ཞེས་པའི་དོན་ནི་འདི་ཙམ་དུའང་མ་ཟད་དེ། རྒྱལ་པོ་རྣམས་ཀྱི་བསྟན་བཅོས་དང་། བྲམ་ཟེ་དང་། ཁྱིམ་བདག་དང་། དེད་དཔོན་རྣམས་ཀྱི་རྒྱ་མཚོ་དང་། ནོར་བུ་བརྟགས་པ་ལ་སོགས་པའི་བསྟན་བཅོས་ནས་ཕྱི་རོལ་པ་དང་། ནང་པ་དང་ཐུན་མོང་དུ་གྲགས་པའི་ཆོས་ལུགས་ཐམས་ཅད་བསྐལ་པ་གནས་པའི་དུས་འདིར་བྱུང་བ་ཡིན་ནོ་ཞེས་པའི་དོན་ཏོ། །དེ་ཡན་ཆོད་ཀྱིས་གནས་དུས་ཆོས་ཀྱི་བྱེ་བྲག་བཤད་པ་ལ་སྤྱི་བྱེ་བྲག་གཉིས་ཕྱེས་པའི་ནང་གི་སྤྱི་བཤད་པ་སོང་ནས། གཉིས་པ།

བྱེ་བྲག་ཏུ་གནས་དུས་ཆོས་ཀྱི་བྱེ་བྲག་བསྟན་པ།

སྔར་བཤད་པའི་ཚུལ་གྱིས་བསྐལ་པ་འདིར་བྱུང་བའི་རྣམ་གྲངས་དང་། ཚུལ་གཞན་ཆགས་པ་ལ་སོགས་པའི་རང་བཞིན་དག་ཀྱང་རྒྱ་ཆེར་དབྱེ་བ་གནས་པའི་བསྐལ་པ་འདི་ཉིད་ལ་ཁམས་གོང་འོག་གི་ཆོས་ལྡན་པ་དང་མི་ལྡན་པ་བསྟན་པ་ནི། དེ་ལྟར་གནས་ཚེ་ཁྱད་པར་གཞན་བསྟན་པ། །བཀྲེས་སྐོམ་འདོད་ཡོན་གཟུགས་དང་གཟུགས་མེད་མེད། །གླིང་གསུམ་ཁ་ཟས་རྣམ་པ་མང་ལྡན་ཞིང་། །སྒྲ་མི་སྙན་ན་སཱ་ལུ་གཅིག་པུ་ཉིད། །ཅེས་གསུངས་ཏེ། གནས་པའི་བསྐལ་པ་ལ་ཁམས་གསུམ་པོ་འདིར་ཆོས་གང་དང་ནི་ལྡན། གང་ཞིག་ནི་མེད་སྙམ་པ་ལས། འདིར་ཆེ་ལོང་ཞིག་སྨོས་པ་ནི། བཀྲེས་པ་དང་སྐོམ་པ་ནི་འདོད་པའི་ཁམས་ན་ཡོད་ཀྱི། ཁམས་གོང་མ་གཉིས་ན་མེད་དོ། །བྱང་གླིང་མ་གཏོགས་པའི་གླིང་གསུམ་ན་ཁ་ཟས་ཀྱི་རྣམ་གྲངས་དུ་མ་ཡོད་ལ། བྱང་ན་མ་བཏབ་པའི་འབྲུ་འབའ་ཞིག་གོ། འབྲུ་དེ་ནི་ཤིང་ལས་རང་བྱུང་བ་དང་། ས་ལས་བྱུང་བའི་ས་ལུ་ཞེས་བྱ་བའི་རིགས་གཉིས་ཡོད་དོ། །གཞན་ཡང་། འདོད་ལྷ་བདུད་རྩི་ཡན་ཆད་ཏིང་འཛིན་ཟས། །མི་ལ་བཤང་གཅི་ལྷ་རྣམས་ལ་ཡོད་མིན། །གླིང་གསུམ་ཆར་འབབ་ཆེ་ཆུང་སྣང་བ་སྟེ། །སྒྲ་མི་སྙན་ལྷ་རྣམས་ལ་དེ་མེད་དོ། །ཞེས་གསུངས་ཏེ། འདོད་ལྷ་དྲུག་ནི་བདུད་རྩི་ཁ་དོག་བཞི་ལ་སྤྱོད་དོ། །དེ་ཡན་ཆད་ལ་ཁམས་ཀྱི་ཟས་མེད་དོ། །བཤང་གཅི་ནི་གླིང་བཞིའི་མི་ལ་ཡོད་ཀྱི་ལྷ་རྒྱལ་ཆེན་རིགས་བཞི་ཡན་ཆད་ལ་མེད་དོ། །གླིང་གསུམ་ན་ཆར་ཆེ་ཆུང་དང་འབབ་མཁས་མི་མཁས་ཡོད་ལ། བྱང་གླིང་དང་ལྷ་རྣམས་ལ་མེད་དོ། །གླིང་གསུམ་ན་ལོ་ལེགས་ཉེས་དང་འཇིགས་པ་དང་མི་བདེ་བ་ཡོད་ལ། སྒྲ་མི་སྙན་དང་འདོད་གཟུགས་ན་ལོ་ཐོག་ལེགས་ཉེས་མེད་ལ་བདེ་བ་ཤས་ཆེ། འཇིགས་པ་དང་སྡུག་བསྔལ་སྐབས་འགའ་སྲིད་པ་ཙམ་ལས་མེད་དོ། །རྣམ་གྲངས་ཀྱི་ཁྱད་པར་བསྟན་པ། དེ་བཞིན་ནོར་འབྲུ་ཉོ་ཚོང་ལོ་ལེགས་ཉེས། །ཆེད་དུ་བྱས་པའི་གནས་ཀྱང་མཚུངས་པ་ཉིད། །ཅེས་གསུངས་ཏེ། གླིང་གསུམ་ན་འབྲུ་དང་ནོར་ལ་ཉོ་ཚོང་ཡོད་ལ། བྱང་དང་ལྷའི་གནས་ན་མེད་དོ། །འཛམ་བུའི་གླིང་འདིར་ཡང་སྔོན་བསྐལ་པ་དང་པོ་ན་ལོ་ལེགས་ཉེས་སུ་ཕྱེ་བ་མེད་ལ། སོ་སོར་བགོས་པ་ནས་བྱུང་བའོ། །གླིང་གསུམ་ན་ཆེད་དུ་བྱས་པའི་གནས་ཁང་ཡོད་ལ། བྱང་དང་ལྷ་རྣམས་ལ་བསོད་ནམས་ཀྱི་སྟོབས་ཀྱིས་ཆེད་དུ་མ་བྱས་པའི་གནས་ཡོད་དོ། །གླིང་གསུམ་འདོད་ལྷའི་གནས་ན་ཁ་དོག་བཞི། །གཟུགས་དང་སྒྲ་མི་སྙན་ན་དཀར་པོ་ཉིད། །གླིང་གསུམ་རས་བལ་དར་ཟབ་སྣལ་མའི་གོས། །སྒྲ་མི་སྙན་ལྷ་དྲུག་ན་སྲབ་འཇམ་ཡང་། །ཞེས་གསུངས་ཏེ། གླིང་གསུམ་ན་ལུས་ཀྱི་ཁ་དོག་ཐམས་ཅད་པ་ཡོད་ལ། བྱང་ན་དཀར་པོ་གཅིག་པུ་ཡོད་དོ། །འདོད་ལྷ་དྲུག་ན་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་ཐམས་ཅད་ཡོད་དོ། །ཚངས་རིས་ནས་འོག་མིན་གྱི་བར་དུ་ལུས་དཀར་པོའོ། །སྐྱེ་མཆེད་མུ་བཞི་ལ་ཁ་དོག་མེད་དོ། །གླིང་གསུམ་ན་གོས་དར་དང་རས་དང་སྣལ་མ་ཡོད་ལ་ལྗིད་ཀྱང་ཆེ་བ་ཡིན་ནོ། །བྱང་དང་འདོད་ལྷ་ལ་དཔག་བསམ་གྱི་ཤིང་ལས་བྱུང་བའི་གོས་སྲབ་ལ་ཡང་ཤིང་འཇམ་པ་ཡོད་དོ། །བྱང་གི་གོས་ལ་སྲང་གཅིགརྒྱལ་ཆེན་བཞིའི་གོས་ལ་སྲང་ཕྱེད། སུམ་ཅུ་རྩ་གསུམ་པའི་གོས་ལ་སྲང་བཞི་ཆ། འཐབ་བྲལ་ལ་བརྒྱད་ཆ། དགའ་ལྡན་ལ་བཅུ་དྲུག་ཆ། འཕྲུལ་དགའ་ལ་སུམ་ཅུ་རྩ་གཉིས་ཆ། གཞན་འཕྲུལ་དབང་བྱེད་ལ་དྲུག་ཅུ་རྩ་བཞི་ཆའོ། །ཚངས་རིས་ཡན་ཆད་ལ་གཞལ་དུ་མེད་པའི་གོས་ཡོད་དོ། །ཚངས་རིས་ཡན་ཆད་གོས་གྱོན་ནས་སྐྱེ་ཞིང་། གོས་ལའང་ཁ་དོག་བཞི་ཀ་ཡོད་དོ། །གླིང་གསུམ་ཚ་གྲང་སྒྲ་མི་སྙན་ལྷ་མེད། །སྒྲ་མི་སྙན་པ་མ་གཏོགས་འདོད་ལྷ་མི། །བག་མ་གཏོང་ལེན་གོང་མའི་ཁམས་ན་མེད། །རྗེ་འབངས་བྲན་གཡོག་ཕོ་མོ་མཚུངས་པར་བརྗོད། །ཅེས་གསུངས་ཏེ། གླིང་གསུམ་ན་ཚ་གྲང་ཡོད་ལ། བྱང་དང་ལྷ་ལ་མེད་དོ། །གླིང་གསུམ་དང་འདོད་ལྷ་དྲུག་ན་བག་མ་གཏོང་ལེན་ཡོད་ལ། བྱང་དང་ཚངས་རིས་ཡན་ཆད་ལ་མེད་དོ། །གླིང་གསུམ་དང་འདོད་ལྷ་དྲུག་ཚངས་རིས་དང་བཅས་པ་ན་རྗེ་འབངས་ཡོད་ལ། བྱང་དང་དེ་ཡན་ཆད་ལ་མེད་དོ། །གླིང་གསུམ་དང་འདོད་ལྷ་ན་བྲན་གཡོག་ཡོད་ལ། བྱང་དང་གོང་མ་གཉིས་ན་མེད་དོ། །ཁམས་གོང་མ་གཉིས་ན་ཕ་མ་དང་ཕོ་མོ་མེད་ལ། འོག་མ་ལ་ཡོད་དོ། །འདོད་ལྷ་དྲུག་ན་ནོར་ཡོད་འབྲུ་མེད་ཅིིང་། །སྒྲ་མི་སྙན་ན་འབྲུ་ཡོད་ནོར་མེད་ལ། །གཉེན་མེད་གཟུགས་དང་འདྲ་བ་ཉིད་ཡིན་ནོ། །གླིང་གསུམ་འབྲུ་ནོར་གཉེན་དང་ལྡན་པ་ཉིད། །ཚངས་རིས་ལ་སོགས་གོང་མའི་ཁམས་ན་མེད། །ཅེས་གསུངས་ཏེ། གླིང་གསུམ་ན་ནོར་དང་འབྲུ་ཡོད་ལ། སྒྲ་མི་སྙན་ན་འབྲུ་ཡོད་ནོར་མེད་དོ། །འདོད་ལྷ་དྲུག་ལ་ནོར་ཡོད་ཀྱང་འབྲུ་མེད་ཅིང་། ཚངས་རིས་ཡན་ཆད་ལ་འབྲུ་ནོར་གཉིས་ཀ་མེད་དོ། །གླིང་གསུམ་ན་ནོར་དང་འབྲུ་དང་གཉེན་ལ་སོགས་པ་ལ་མངོན་ཞེན་ཡོད་ལ། སྒྲ་མི་སྙན་པ་ལ་མངོན་ཞེན་མེད་དོ། །འདོད་ལྷ་དྲུག་ལ་ནོར་གཉེན་ལ་ཞེན་པ་ཡོད་ལ། ཚངས་རིས་ཡན་ཆད་ལ་མེད་དོ། །རྫུས་སྐྱེས་རོ་མེད་གཞན་རྣམས་རོ་དང་བཅས། །བགྲོད་པའང་རང་གི་རྫུ་འཕྲུལ་གྲུབ་པའམ། །གཞན་ལ་བརྟེན་ནས་གོང་མར་ཕྱིན་འགྱུར་གྱི། །གཞན་དུ་འོག་མས་གོང་མ་མཐོང་བ་མེད། །ཅེས་གསུངས་ཏེ། རྫུས་ཏེ་སྐྱེས་པ་རྣམས་ལ་རོ་མེད་ལ། སྐྱེ་བ་གཞན་གསུམ་ནི་འཆི་བའི་ཚེ་རོ་དང་བཅས་པ་ཉིད་དོ། །མི་དང་དུད་འགྲོ་དང་ཡི་དྭགས་རྣམས་ནི་རྫུས་སྐྱེས་མ་གཏོགས་པ་རོ་དང་བཅས་པ་ཡིན་ལ། ལྷ་དང་དམྱལ་བ་རྣམས་ནི་རྣམ་པར་ཤེས་པ་ནུབ་པ་དང་དུས་མཉམ་དུ་མི་སྣང་བར་འགྱུར་བས་རོ་མེད་དོ། །ལྷ་ལ་འཆི་ཁར་གནད་འཆད་པའི་སྡུག་བསྔལ་མེད་ལ། འཆི་འཕོ་ལྟུང་བའི་སྡུག་བསྔལ་ཡོད་དོ། །མི་ལ་འཆི་འཕོ་བ་དང་གནད་འཆད་པ་དང་། སྲིད་པ་ཕྱི་མ་ལ་འཇིགས་པས་ཕུང་པོ་ཉིང་མཚམས་སྦྱོར་བའི་སྡུག་བསྔལ་ཡོད་ལ། དམྱལ་བ་ན་འཆི་བའི་སྡུག་བསྔལ་མེད་དེ། འཆི་བ་ལ་བདེ་བར་འཛིན་པའི་ཕྱིར་རོ། །གོང་དུ་བགྲོད་པའང་རང་གི་རྫུ་འཕྲུལ་ཐོབ་པའམ། ཁམས་གོང་མའི་ལྷས་ཁྲིད་ནས་ལྷ་གནས་གོང་མར་ཕྱིན་པ་དང་མཐོང་བར་ནུས་ཀྱི་གཞན་དུ་ལས་དེ་མ་བསགས་པས་མེད་དོ། །གོང་མས་འོག་མར་འོང་བ་ན། ཇི་ལྟར་འོང་ཞེ་ན། ཚངས་རིས་ལ་སོགས་འཛམ་གླིང་འོང་བའི་ཚེ། །འོག་མའི་སར་བརྟེན་སྤྲུལ་པས་འོང་བའོ། །ཞེས་གསུངས་ཏེ། འདི་ལྟར་ས་མཚུངས་པའི་སེམས་ཀྱིས་སྤྲུལ་པས་འཛམ་བུའི་གླིང་ལ་སོགས་པ་འོག་མའི་གནས་སུ། གོང་མ་ཚངས་རིས་ལྟ་བུ་སྤྲུལ་པས་འོང་སྟེ། སེམས་ཅན་གྱི་སེམས་ཀྱི་སྣང་ཚུལ་ཐ་དད་པས་འོག་མའི་ས་པ་རྣམས་ལ་དེའི་སྣང་ཚུལ་འཁྲུལ་པའི་རླུང་སེམས་ཀྱི་འདུ་བ་ལས་གྱུར་པའི་ཕྱིར་རོ། །གོང་མའི་ས་པའང་འོག་མས་མི་མཐོང་བས་མི་མཚུངས་པའི་རླུང་སེམས་ཀྱི་འདུ་བས་སྣང་ཚུལ་ཐ་དད་པའི་ཕྱིར་ཏེ། དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །ཞེས་བསྟན་པ་ཡིན་ནོ། །ཁྱད་པར་དུ་ཚངས་རིས་ལ་སོགས་པ་གཟུགས་ཀྱི་ལྷ་རྣམས་འཛམ་བུའི་གླིང་དུ་འོང་དུས། ལུས་དེ་གནས་ལས་མ་གཡོས་པར། སྤྲུལ་པ་སྔོན་གྱི་ཐོབ་པའི་སེམས་ཀྱི་ས་མཚུངས་ཡོད་པའི་རྣམ་པ་ལ་བརྟེན་ནས་འོང་ངོ་། །གཞན་འཕྲུལ་མན་ཆད་འདོད་པའི་ས་མཚུངས་པས་ལུས་དངོས་ཀྱིས་འོང་བའོ། །གླིང་བཞིའི་མི་ལ་ཉིན་མཚན་སྣང་བའི་ཆ། །འདོད་ལྷར་པདྨ་ཕྱེ་དང་ཟུམ་པས་ཤེས། །སྒྲ་མི་སྙན་པ་ཤི་ནས་རྩ་གསུམ་སྐྱེ། །གཞན་རྣམས་མ་ངེས་ལས་ཀྱིས་སྣ་ཚོགས་ཉིད། །ཅེས་གསུངས་ཏེ། གླིང་བཞི་ན་ཉིན་མཚན་དུ་སྣང་བ་ཡོད་དེ། བྱང་དུ་ནམ་ཕྱེད་དུས། ཤར་དུ་ཉི་མ་ནུབ་པ་དང་། ལྷོར་ཉི་མ་ཕྱེད་པ་དང་། ནུབ་ཏུ་ཉི་མ་འཆར་བ་རྣམས་གླིང་བཞིར་འཁོར་བ་ཡིན་ཏེ། མཛོད་ལས། ནམ་ཕྱེད་ཉི་མ་ནུབ་པ་དང་། །ཉི་མ་ཕྱེད་དང་འཆར་དུས་གཅིག ཅེས་འབྱུང་བ་ཡིན་ནོ། །ལུས་འཕགས་ན་དཔྱིད་ཡོད་ན། འཛམ་བུའི་གླིང་ན་དབྱར། བ་ལང་སྤྱོད་ན་སྟོན། སྒྲ་མི་སྙན་ན་དགུན་ཡོད་དོ། །འཛམ་བུའི་གླིང་ན་དབྱར་གྱི་ཉི་མ་བྱང་བགྲོད་ལྡོག་མཚམས་སུ་ཉི་མ་རིང་དུས། བྱང་དུ་དགུན་གྱི་ཉི་མ་ལྷོར་བགྲོད་ཐུང་དུས་ནམ་རིང་བ་དང་། ལུས་འཕགས་སུ་དཔྱིད་ཀྱི་མཉམ་དུས་དང་། ནུབ་ཏུ་སྟོན་གྱི་མཉམ་དུས་འབྱུང་བའི་རིམ་པས། གླིང་བཞིར་དུས་བཞི་དང་། ཉི་མ་རིང་ཐུང་ལྷོ་བགྲོད་བྱང་བགྲོད་འཁོར་བ་ཡིན་ནོ། །འཛམ་གླིང་ཆེ་ཆུང་གི་ཐ་སྙད་ཡོད་པ་དེ་དག་ཀྱང་དཔྱད་པའི་གཞིའོ། །དེ་ཡང་ཉི་མ་ནི་ཟླ་བ་དྲུག་དྲུག་ན་ལྷོ་བྱང་དུ་བགྲོད་པར་བྱེད་ལ། ཟླ་བ་ནི་སྟོད་སྨད་ལ་བྱེད་པ་ཡིན་ནོ། །ཉི་ཟླ་འཁོར་བ་ལྟར་གཟའ་སྐར་ཐམས་ཅད་ཀྱང་གླིང་བཞིར་འཁོར་ལ། དེང་སང་རྩི་བ་ནི་ཉི་ཟླ་གཉིས། གཟའ་བདུན་ནམ་དེ་སྟེང་སྒྲ་ཅན་བསྣན་པས་བརྒྱད་དོ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་རྣམས་ཀྱི་ཚེས་དང་ཟླ་བ་དང་། ཉི་མའི་ཁྱིམ་གྱི་ཞག་གསུམ་གྱིས་རྣམ་པར་དབྱེ་བའི་རྩིས་འབྲས་ཆ་གང་དུ་ཕྱིན་པ་ན་དགེ་བ་དང་མི་དགེ་བའི་འཕྲོད་དང་འབྲས་བུ་བརྩི་བ་ཙམ་ལས་རྒྱུ་སྐར་ཕལ་པ་རྣམས་ལ་དེ་དག་མེད་པས་མ་བརྩིས་པ་ཡིན་ནོ། །གཉའ་ཤིང་འཛིན་ཡན་ཆད་ན་ཉི་ཟླ་མེད་པས། འདོད་ལྷ་གོང་མ་རྣམས་ལ་ཉིན་མཚན་ཅིས་བཞག་ན། དེ་ན་མེ་ཏོག་རྣམས་ཁ་བྱེ་བ་དང་། ཟུམ་པ་དང་། བྱ་རྣམས་སྐད་འབྱིན་པ་དང་། མི་འབྱིན་པ་དང་། གཉིད་བྲོ་བ་དང་། སངས་པས་འབྱེད་ལ། སྣང་བའི་བྱ་བ་ནི། རང་རང་གི་ལུས་ལ་འོད་ཡོད་པས་བྱེད་དོ། །སྒྲ་མི་སྙན་པའི་མི་རྣམས་ཀྱིས་སུམ་ཅུ་རྩ་གསུམ་དུ་སྐྱེ་བར་ངེས་པའི་ལས་བསགས་པས་ཤི་མ་ཐག་ཏུ་སུམ་ཅུ་རྩ་གསུམ་དུ་སྐྱེ་ལ། ལྷ་མི་ལ་སོགས་གཞན་རྣམས་ལས་སྣ་ཚོགས་པས་གང་དུ་སྐྱེ་ཕྱོགས་རེར་མ་ངེས་པ་ཡིན་ནོ། །དེ་རིང་མཚམས་འདི་ནས་བཞག་ན་ཆོག་འདུག་ཆུ་ཚོད་ཀྱང་ཚང་སོང་། སང་ཉིན་ཧོར་ཟླ་བདུན་པ་གྲོ་བཞིན་ཟླ་བའི་ཡར་ཚེས་བཅུ་རེད། གུ་རུ་རིན་པོ་ཆེའི་དུས་ཆེན་དཔའ་བོ་དང་མཁའ་འགྲོ་རང་བཞིན་གྱིས་འདུ་ཞིང་། ཨོ་རྒྱན་ཆེན་པོས། ཚེས་བཅུ་བྱུང་རེས་ང་ཉིད་བོད་དུ་འོང་། །ཞེས་དང་། དད་པ་ཅན་ལ་པད་འབྱུང་སྒོ་ཉལ་ཡོད། །ཅེས་གསུངས་པས་འབྲལ་བ་ཅི་ཡོད་ཀྱང་ཚེས་བཅུ་ལ་ལྷག་པར་དུ་ཐུགས་བརྒྱུད་བསྐུལ་ཐག་ཉེ་བར་ཡིན་པ་དང་རང་རེས་ཀྱང་ཚེས་བཅུའི་ཚོགས་མཆོད་འབུལ་རྒྱུའི་སྐབས་ལ་ཁེལ་བ་རེད། ད་ལོའི་དབྱར་སྟོད་དུ་ཕྱོགས་གཞན་ལ་སོང་བའི་དབང་གིས་ཚོགས་མཆོད་ཞེ་བློ་བདེ་བོ་ཞིག་འབུལ་ཐུབ་མ་སོང་བས་ད་རེས་མཆོད་པ་རྒྱས་པ་ཞིག་དགོས་བསམས་ཀྱང་། འུ་བུའི་སློབ་དཔོན་ཆེན་པོའི་སྐུ་བརྙན་གསར་བཞེངས་འདིའི་རབ་གནས་ཀྱང་ཚེས་བཅུ་འདི་དང་སྟབས་བསྟུན་བྱེད་པར་ཁེལ་ཡོད། འདིའི་རབ་གནས་ཀྱི་དུས་ཚོད་ཕྱིར་སྣུར་བྱས་ན་གཅིག་ཏུ་ཆོས་ཁྲིད་དང་གཉིས་སུ་འབུམ་མཆོད་ཆེན་མོ་འཚོགས་རྒྱུའི་དུས་ཚོད་གཏན་ཁེལ་བྱས་པ་དང་ཐུག་ནས་དེའི་འཆར་གཞི་འཁྲུག་འགྲོ་བ་ཞིག་བྱུང་འདུག་པས་ད་ལྟ་འཚོག་དགོས་འདུག འོན་ཀྱང་སྔོན་འཆར་ལྟར་དུ་གསེར་རྩི་རྒྱག་མཁན་གྱི་ལག་རྩལ་བས་ལས་ཀ་དུས་ཐོག་ལ་འགྲུབ་ཐུབ་མི་འདུག་པས་ལས་ཁྲི་མར་འབེབ་ཐབས་མི་འདུག་པ་ལས་གཟུངས་གཞུག་ཆ་ཚང་འབུལ་ཟིན་པས་གསེར་ཆབ་གསོལ་བ་དང་དབུ་མཐིང་སྤྱན་འབྱེད་ཙམ་རེ་ནི་སྐུ་རྙིང་དག་ལ་ནམ་ཡིན་ཡིན་དུ་བྱེད་པ་ཡིན་ཕྱིར་སྐྱོན་མི་འདུག ཚོགས་འཁོར་དང་རབ་གནས་མཉམ་དུ་བྱེད་དུས་འཚོགས་པ་སྐུ་བརྙན་གྱི་མདུན་ལ་འཚོགས་དགོས་པ་ཡིན། རང་རེས་འཚོགས་པར་སུ་བྱོན་གང་བྱོན་ལས་ངེས་གཏན་མེད་པས་འདུས་པའི་ཞལ་གྲངས་དུ་ཡོད་ཧ་མི་གོ་བས་འཚོགས་སྦྲའི་ནང་དུ་འཚོགས་ལུགས་ཡོད་མེད་མི་ཤེས་ཀྱང་ཅི་ལོ་གང་ལོ་བྱས་ན་མི་རེད་པར་མི་འདུག་ནང་ལུགས་རེད། མཆོད་པ་ལ་སོགས་པ་ཡང་སྟབས་བསྟུན་བྱེད་པ་ལས་འོས་མེད། ད་རེས་ཚོགས་འཁོར་གྱི་སྦྱིན་བདག་མཛོ་དགེ་ཨ་ལགས་ལ་ཁ་ཉིན་ནས་ཁ་ཆད་བྱས་ཟིན་པས་ཁོང་ལ་འཚོག་འཇུག་དགོས་ས་ཡོད། ཚོགས་འཁོར་གྱི་ཞོར་དུ་རབ་གནས་ཚད་ལྡན་ཞིག་གསུང་པ་ལས་དགའ་སྟོན་དང་དགྱེས་སྤྲོ་མི་བྱེད་རྒྱུ་ཡིན། སྤྱིར་ད་ལོར་དེ་འདྲ་བྱེད་པའི་དུས་ཚོད་མ་རེད། འདིས་སློབ་དཔོན་ཆེན་པོའི་སྐུ་བརྙན་འདི་འཛམ་གླིང་སྤྱི་དང་བསྟན་པ་ཡོངས་རྫོགས། ཁྱད་པར་དུ་བོད་གངས་ཅན་ལྗོངས་ཀྱི་བསྟན་སྲིད་ཀྱི་ཞབས་རིམ་ཆེན་པོའི་གནད་ལ་ཁེལ་ཡོད་པ་ཞིག་ཡིན། ད་རུང་འདི་འདྲ་འདྲ་ས་གནད་གལ་ཆེན་གང་ལ་བཞེང་ནའང་བཟང་བ་རེད། འདིའི་བཟོ་བཀོད་ཚང་མ་ངས་ཁ་བཀོད་བྱས་པ་ཡིན། འདི་དང་རང་རེའི་རྟེན་གཙོ་ཇོ་བོ་གཉིས་ཀ་ཕལ་ཆེར་ང་རང་ཉིད་ཀྱི་ལག་པས་དཔེ་གཞི་བཅས་ནས་ལུགས་སུ་བླུགས་པ་རེད། གཉིས་ཀའི་སྐུ་རྒྱུའི་ནང་ན་རིན་ཆེན་སྣ་ཚོགས་བསྲེས་ཡོད། སློབ་དཔོན་ཆེན་པོའི་ནང་གཟུངས་ཀྱི་གཙོ་བོ་དེ་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་གཏེར་བྱོན་མདོ་ཚང་གི་ནང་རྟེན་རྩ་ཆེན་བོད་མདོ་དབུས་ཁམས་གསུམ་ན་མཚན་སྙན་ཡོད་པའི་གཟི་ཡི་གཏེར་སྒྲོམ་དེ་འདིའི་ཐུགས་ཀར་བཞག་ཡོད། མཁའ་འགྲོ་མ་ཟླ་གསལ་དབང་མོ་ཚང་དང་གྲོས་བྱས་ནས་དུས་ལ་བབས་སྟེ་འདིའི་གཟུངས་གཞུག་ལ་ཕུལ་བ་ཡིན། དབུའི་སྨིན་མཚམས་སར་རྒྱལ་བའི་རིང་བསྲེལ་འཁྲུལ་མེད་བདུན་ཆ་གསུམ་ཙམ་ཞིག་འཛོམས་བྱུང་བ་དེ་དག་ཀྱང་གཞུགས་སུ་གསོལ་ཡོད། གཞན་ཡང་རྟེན་དམ་རྫས་སེལ་མེད་རྩ་ཆེན་མང་པོ་དང་གཟུངས་རིགས་ཚོགས་དགོས་ཚད་བོ་ཚོགས་ཡོད་པས་མ་ཚད་སྐུ་གསུང་ཐུགས་ཀྱི་རྟེན་བྱིན་ལྡན་སྤུས་གཙང་ཤ་སྟག་བླ་མ་ཐུབ་བསྟན་གོ་ཆས་གཙོ་བོར་མཛད་ནས་རང་རེའི་ལོ་གསུམ་མཚམས་པ་དགེ་འདུན་པ་རྣམས་ཀྱིས་གཟུངས་དྲིལ་སྒྲུབ་འབུལ་གསུམ་ཚད་ལྡན་མཛད་ཡོད་པ་རེད། འདིའི་གནོད་སྦྱིན་བང་མཛོད་གོང་འོག་གཉིས་ཡོད་པའི་གོང་མར་པད་གདན་གྱི་ནང་དུ་པད་གཟུངས་དང་། ཚོགས་བདག་འཁོར་ལོ། གནོད་སྦྱིན་འཁོར་ལོའི་རིགས་རྣམས་བཞག་ཡོད། འོག་མ་སེང་ཁྲིའི་ནང་ལ་རང་སྡེའི་གཙོ་བོ་བྱས་པའི་གཡང་རྫས་སྣ་ཚོགས་བཞག་ནས། ཡུལ་འདིའི་ཕྱྭ་གཡང་འཕེལ་བའི་སྤྱིའི་གཡང་རྟེན་གཡང་སྒམ་མམ་གཡང་ཁང་གོ་གཅིག་ཆོད་ཀྱི་ཚུལ་དུ་བྱས་པས་མ་ཚད། བོད་མདོ་ཁམས་ཉི་མ་ཤར་ལྷོའི་ཕྱོགས་འདིའི་མི་ནོར་ཆོས་གསུམ་གོང་དུ་འཕེལ། སྡེ་བཞིའི་དཔལ་ཡོན་ཚོགས་པའི་རྟེན་འབྲེལ་ཁྱད་པར་ཅན་ཡོང་བའི་འདུན་པ་བཅངས་ཡོད་པ་རེད། དེས་ན་སང་ཉིན་ཆོས་ཁྲིད་བཞག་ནས་ཚོགས་འཁོར་མདུན་ཐང་གི་ཚོགས་སྦྲའི་ནང་དུ་འཚོག་རྒྱུ་བྱེད། གནམ་ཡག་ན་གསོལ་ཇ་སྤང་ཐོག་ནས་བག་ཡངས་མཛད་དེ་གསོལ་ན་ཆོག་ཁི། ཆོས་གོས་དང་གསོལ་བཞེས་སོགས་སྣོམས་ཤོག རྡོ་དྲིལ་དང་དུང་ཆོས། གོས་འབུལ་གྱི་གོས་བཟང་རེ་ཡོད་ནའང་རབ་གནས་ཕྱག་ལེན་གྱི་མཁོ་ཆས་རེད། མེད་ན་ཡང་རི་ཁྲོད་ཀྱི་ཆོས་པ་བྱ་བཏང་པ་ཡིན་པས་ཐམས་ཅད་ཚོགས་དགོས་པའི་ངེས་པའང་ཅི་ཡོད། ཚོགས་འཁོར་གྱི་འདོན་ཆ་དེ་བསྡུས་པ་ལྟར་དུ་བྱེད། དབྱངས་རོལ་རྗེས་བསྡུས་འབྲིང་ཞིག་བྱས་ན་བདེ་བར་སེམས། དེ་ལྟར་ཆོས་འཆད་ཉན་བགྱིས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱི་དུས་གསུམ་བསགས་དང་ཡོད་ཀྱི་དགེ་རྩ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས། ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་དུ་དར་ཞིང་རྒྱས། བསྟན་འཛིན་གྱི་སྐྱེས་བུ་གང་ན་སུ་བཞུགས་ཐམས་ཅད་གྱི་སྐུ་ཚེའི་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཀུན་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་དེ་མཐར་ཐུག་སེམས་ཅན་ཐམས་ཅད་བླ་ན་མེད་པ་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་ཐོབ་པའི་ཕྱིར་དུ་རྗེ་བཙུན་འཇམ་པའི་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་ཟབ་མོ་གནང་བར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆི་རྦ་བརླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་གྲོལ་བར་ཤོག།


previousཉིན་ལྔ་བའི་ཆོས་ཁྲིད།next