Nitartha Digital Library
Tibetan
 
previousཉིན་བདུན་པའི་ཆོས་ཁྲིད།no next

ཉིན་བདུན་པའི་ཆོས་ཁྲིད།

དེ་ཡང་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོའི་ཞལ་གསུང་རང་རེས་དུས་རྒྱུན་འདོན་བཞིན་ཡོད་པ་འདི་ལས། ཐར་བའི་ལམ་ལ་དང་པོ་འཇུག་པའི་སྒོ། །འཁོར་བའི་གནས་ནས་དང་པོ་བྲོས་པའི་ལམ། །ཉམས་ལེན་ཆོས་རྣམས་ཀུན་གྱི་དང་པོའི་མགོ །བཅོས་མེད་ངེས་འབྱུང་རྒྱུད་ལ་སྐྱེ་བར་ཤོག །ཅེས་གསུངས་པ་ལྟར་དུ་དམ་པའི་ཆོས་སྒྲུབ་པའི་ཆོས་པ་དངོས་མ་ཞིག་གིས་ཐར་ལམ་དངོས་ཤིག་མ་རྙེད་ཐབས་མེད་ཡིན་ལ། དེ་མ་རྙེད་དུས་ཆོས་པ་ཡིན་མདོག་པར་བསྟན་པའམ། ཆོས་གཞན་ལ་བཤད་པའི་ཉམས་བཏོད་མཁན་ཞིག་ཡིན་ཀྱང་། རང་ཐར་བའི་སྐམ་སར་མ་ཕྱིན་པ་ཞིག་གིས་གཞན་སེམས་ཅན་གྱི་འདྲེན་སྟོན་ཇི་ལྟར་བྱེད་ཐུབ། ཐར་ལམ་རྣམ་དག་ཅིག་རྙེད་ཡོད་ཚེ་ལྟར་སྣང་ལ་མཐུ་ཆུང་ཉམ་ཞན། ཨ་ཅོའི་ཚུལ་ཡིན་ཀྱང་། ནང་གི་འབྱོར་བ་རྒྱལ་པོའི་རྒྱལ་སྲིད་ལས་ཀྱང་ལྷག་པའི་འཕགས་ནོར་གྱིས་ཕྱུག་དང་ཕྱུག་འགྱུར་ཡིན་ཅིང་། འུ་ཚོའི་མི་ཐོབ་འདུག་རྒྱུའི་ཐར་ལམ་གྱི་སྒོ་དེ་དཔལ་སྤྲུལ་ཚང་གི་མཛུབ་བཙུགས་མཛད་ནས་སྟོན་ཡོད་པ་དེ། གནའ་རྫོགས་ཆེན་མཁན་པོ་ལྷ་རྒྱལ་གྱིས་ང་ལ་རྒྱུགས་ལེན་རྒྱུ་ཡིན་གསུངས་པའི་ཚིག་དེའི་དོན་ནི། འདི་ལ་རྒྱུན་དུ་ལྟོས་ཤིག བལྟས་ནས་རིག་ཡོད་མེད་ཁོང་ལ་རྒྱུག་སྤྲོད་དགོས་ཞེས་པའི་བརྡ་དང་། ད་རུང་མ་ཤེས་ན་འདི་ལ་བལྟ་དགོས་ཞེས་ཀློང་ཆེན་མཛོད་བདུན་གྱི་ཕྱག་དཔེ་གནང་ནས་དེས་བརྡར་ཤ་གཅོད་དགོས་པའི་ཞལ་ཆེམས་བཞག་པ་ནི་དུས་འདི་ལ་དགོངས་ནས་གསུངས་པ་ཞིག་ཡིན་པའི་ར་འཕྲོད་བྱུང་ཞིང་། དེས་ན་བློ་ཆོས་སུ་མ་སོང་ན་ཆོས་དང་སེམས་རྒྱུད་འདྲེས་ཐུབ་པར་མི་འདུག་བསམ་རྒྱུ་ཞིག་གཏན་ལ་ཕབས་ཡོད་ཀྱང་། དེ་ཙམ་གྱིས་མི་ཆོག་པར་ཆོས་ལམ་དུ་འགྲོ་དགོས་པ་ཡིན། འོ་ན་དེའི་ལམ་དེ་གང་ཡིན་ཟེར་ན། དེ་ནི་ཐར་བའི་ལམ་ཡིན་ལ། དེ་བཙལ་བ་ལ་ལམ་ཁྲིད་དགེ་བའི་བཤེས་གཉེན་བསྟེན་དགོས་ཞེས་གོང་དུ་གཏན་ལ་ཕབས་པ་ཡིན། དེ་རིང་ལར་བསམ་བློ་ཡང་གཏོང་ཞིག་གྱིས་དང་། རང་གི་རྒྱུན་དུ་ཁ་ནས་འོར་བཞིན་པའི་གོང་གི་ཚིག་བཞི་བོའི་ནང་དུ་ཐར་བའི་ལམ་ལ་ཞུགས་སྐབས་ཀྱི་དང་པོ་འཇུག་པའི་སྒོ་དང་། འཁོར་བའི་གནས་ནས་བྲོས་དགོས་ན་དང་པོ་བྲོས་སའི་ལམ་བསྟན་ནས་འདུག་པས། མི་ནག་ཅན་བཙོན་ཁང་ནང་ནས་བྲོས་ཏེ་ཐར་དགོས་ན། འདི་ནས་འདི་འདྲ་བྱས་ནས་འབྲོས་པ། དེ་ནས་ལམ་འདི་ལ་དེད་ན་ཐར་བ་འདུག་པ་དང་། དུས་ཚོད་འདི་ལྟ་བུ་ཞིག་དང་གཏུག་དགོས་བསམ་པའི་སྔོན་འཆར་བློ་དག་པ་ཞིག་ཡོད་དགོས་པ་ཡིན། དེ་བཞིན་དུ་འཁོར་བའི་ནང་ནས་བྲོས་ན་བྲོས་པ་བཞིན་དུ་ཐར་དགོས་པ་ལས། རྒྱལ་པོ་ཀྲི་ཀཱིའི་རྨི་ལམ་གྱི་ནང་ན་གླང་མཇུག་སྐར་ཁང་ལ་ཐོགས་ཟེར་བ་ཞིག་ཡོད་པ་ལྟར་དུ་སྲི་ངན་གཤིས་བཙོག་གིས་ཅི་ཡང་མི་ཡོང་བ་ཡིན། དེ་བས་དང་ནས་མ་བཟང་ན་བཟང་མདོག་གིས་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་ཏེ་ཁྱིམ་ནས་བུད་ཁུལ་མ་བྱས་ན་ཅི་དོན། ས་ལ་འགྱེལ་ནས་ཡོད་པ་དེ་སླར་ཡང་ས་ལ་འགྱེལ་དུ་མེད་པའི་དཔེ་ལྟར་རེད། བཟང་དཔེ་མ་ཐོན་ཡང་ངན་དཔེ་མི་འདྲེན་པར་འདུག ཚིགས་སུ་བཅད་པ་འདིས་ཐར་བའི་སྒོ། བྲོས་སའི་ལམ། དངོས་གཞིའི་ཉམས་ལེན་གྱི་མགོ་རྣམས་གཅིག་དང་གཉིས་ཀྱིས་བྱིས་པ་ལ་ཀ་ཁ་ག་ང་སློབ་པ་བཞིན་དུ་གསུངས་ཡོད་པ་དང་། ཀུན་མཁྱེན་ཆོས་རྗེས་ཀྱང་། སྒོམ་དང་ལྟ་དང་སྤྱོད་པར་བྱེད་ནའང་། །ཐར་པ་ཁོ་ནའི་སེམས་དང་མ་བྲལ་བས། །ངེས་འབྱུང་སྐྱོ་ཤས་དྲག་པོས་འབད་པར་བྱ། །སྙིང་པོའི་མན་ངག་འདི་ལས་གོང་ན་མེད། །ཅེས་གསུངས་པ་ལྟར་དུ་སྒོམ་བྱེད་པའམ། དཔེ་ཆ་བལྟས་ནས་ལྟ་བའི་གནད་འཚོལ་བའམ། དེ་དག་དང་འབྲེལ་བའི་སྤྱོད་པ་གང་རྩོམ་ལ་ཐར་བ་དམ་པའི་གནས་ལ་ཐོན་དགོས་བསམ་པའི་སེམས་དང་མ་བྲལ་བའི་སྒོ་ནས། ངེས་འབྱུང་སྐྱོ་ཤས་དྲག་པོའི་བློ་སྣ་ཕྱིར་མི་ལྡོག་པ་ཞིག་རྒྱུད་ལ་བསྐྱེད་པར་འབད་དགོས་པ་ཡིན། དེ་ལྟར་འབད་པར་གྱིས་ཤིག འདི་ནི་སྙིང་པོའི་གདམས་ངག་སྙིང་དམར་པོ་རྗེན་ལ་ཕུད་པ་ལྟ་བུ་དེ་ལས་ལྷག་ཏུ་མེད་པ་ཞིག་ཡིན་ཅེས་གསུངས་པས། དེ་ལས་ལྷག་པའི་ཞལ་གདམས་ཤིག་དང་། ཞེ་ལ་གཟུང་རྒྱུའི་ཚིག་ཅིག་མི་དགོས་པ་ཡིན། དེ་གསུང་མཁན་རྒྱལ་བ་ཀློང་ཆེན་པ་དང་། གསུང་རྒྱུ་མདོ་རྩ་ཀུན་འདུས་ཐར་ལམ་མཐོང་བྱེད་ཀྱི་གདམས་ངག་གི་མིག་གསར་བ་ཞིག་སྤྲད་པ་རེད། དེས་ན་དེ་ཇི་ལྟ་བུ་ཞིག་ཡིན་པ་ལ་བསམ་ནས་བློ་རིག་པ་ནང་དུ་བཀུག་སྟེ་དེའི་དོན་ཤེས་དགོས་པ་དང་། ཤེས་ནས་རྒྱུད་ལ་སྦྱར་དགོས། དེ་ཡང་ཟ་ཉལ་འགྲོ་འདུག་སྨྲ་བརྗོད་བསམ་སྤྱོད་ལ་སོགས་གང་གི་སྐབས་སུ་ཡང་། ཐར་འདོད་སྐོམ་པ་ཆུ་ལ་འཁྲེང་བའི་སེམས་འདྲ་ཞིག་དང་མ་བྲལ་བའི་སྒོ་ནས་འཁོར་བའི་གནས་ལ་སྐྱོ་ཤས་བསྐྱེད་དེ་རང་གི་སེམས་རྒྱུད་འདུལ་བ་ནི་སྤྱིར་དམ་པའི་ཆོས་ལམ་དུ་འགྲོ་བའི་གནད་དང་། ཁྱད་པར་དུ་ཐེག་ཆེན་གྱི་ཆོས་ལམ་དུ་འགྲོ་བྱེད་ལ་མེད་དུ་མི་རུང་བའི་ཆོས་ཡིན་པར་བསྟན་པ་དང་། འཁོར་བ་ལས་ཐར་བ་དེ་བཙོན་ཁང་ནས་ཐར་བ་ལ་དཔེ་བཞག་པ་ཡིན་ཕྱིར། བཙོན་ཁང་ནང་གི་མནར་གཅོད་སྡུག་གྱོང་དེ་སྡུག་བསྔལ་ཡིན་པར་མ་ཤེས་ནས། དམྱལ་བ་རང་ཡུལ་ལ་འཁྲེང་། ཞེས་པའི་གཏམ་དཔེ་ལྟར་སོང་བའི་མི་ལ་ངེས་འབྱུང་སྐྱེ་དཀའ་བ་ཡིན། ཐར་བའི་ཡོན་ཏན་མཐོང་། དམ་པའི་སྐྱེས་བུ་མཇལ་ཡང་ཤ་རྩ་ཞིག་མི་འགུལ་བ་དེ་ནི། རྗེས་སུ་མི་འཇོག་ཀ་མེད་རེད། ལས་ཀྱིས་མནར་བའི་སྐྱེ་བོ་སྔོན་ལ་ཐར་རྒྱུའི་སྐལ་བ་མེད་པ་ནི། སངས་རྒྱས་བྱོན་ཀྱང་སྐབས་ཤིག་ལ་ཐབས་མེད་པ་ཡིན། དེ་ལས་གཞན་པ་འཁོར་བ་ལ་བརྒལ་དཀའི་འདམ་དུ་མཐོང་། ཐར་བའི་གནས་ལ་ཡིད་འོང་གི་སྐྱེད་ཚལ་དུ་མཐོང་ཚེ་ལམ་ལ་འཁྲིད་ཕེར་ཞིག་ཡོད་པ་ཡིན། དེས་ན་དགེ་བ་གང་བྱེད་ཀྱང་ཐམས་ཅད་གཞན་དོན་ལ་དམིགས་དགོས་པ་ལས། ངའི་སྡིག་པ་དག་བྱེད་དང་ང་དམྱལ་བར་མི་སྐྱེ་བའི་དོན་དུ་ཡིན་བསམ་མི་རུང་། དེ་ལྟར་སེམས་ན་དེ་ལམ་ཁ་ཁ་རེད་ཐེག་ཆེན་ཐར་བའི་ལམ་གཏན་ནས་མིན། དེས་ན་སྙིང་རྗེས་སྒོ་ནས་སེམས་བསྐྱེད། དགེ་རྩ་གཞན་དོན་ལ་བསྔོ། གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བྱེད། ཅི་བྱེད་སེམས་ཅན་གྱི་དོན་དུ་ཡིན་པའི་ལྷག་པའི་བསམ་པ་བཟང་པོ་ཡོད་དགོས། མཐའ་ཡས་ཀྱི་སེམས་ཅན་ཡོད་དོ་ཅོག་ཐམས་ཅད་ངའི་ཕ་དང་མ། གཉེན་དང་རྩ་ལག སྙིང་རྗེའི་ཡུལ། ཕན་བཏགས་པའི་ཞིང་འབའ་ཞིག་ཡིན། ངས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་འགྲོ་བ་སེམས་ཅན་འདི་དག་གི་དོན་དུ་དགེ་བ་བསྒྲུབ་དགོས་པ་ཡིན། ངའི་དགེ་རྩ་ཡོངས་རྫོགས་འགྲོ་བ་སེམས་ཅན་ཐམས་ཅད་བདེ་བའི་རྒྱུར་འགྱུར་བར་ཤོག སེམས་ཅན་གྱི་སྡུག་བསྔལ་བདག་ལ་སྨིན་པ་དང་། བདག་གི་དགེ་བ་འགྲོ་བ་ལ་སྨིན་ནས། ལུས་ཅན་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པར་ཤོག བསམས་ནས་སྙིང་རྗེའི་ངང་ནས་སེམས་བསྐྱེད་དགོས་པ་ཡིན། རང་གར་ཉམ་ཐག་གི་སེམས་ཅན་གཅིག་ལ་འགྲོ་ཞོར་འདུག་ཞོར་དུ་སྙིང་རེ་རྗེ་སྙམ་པ་ཙམ་ཞིག་མ་ཡིན་པར། ཚད་མེད་སྙིང་རྗེའི་བློ་སེམས་ཅན་ཐམས་ཅད་ལ་ཡང་ནས་ཡང་དུ་སྦྱང་དགོས། དགེ་བ་ཅི་བྱེད་ཐམས་ཅད་སྦྱོར་བ་སེམས་བསྐྱེད། དངོས་གཞི་དམིགས་མེད། རྗེས་ལ་བསྔོ་བས་ཟིན་པ་ཞིག་བྱ། དེ་ཡང་གང་སྤྱད་བྱ་སྤྱོད་བྱེད་ཡོངས་སུ་སྤྱད་པ་ཐམས་ཅད་འཁོར་གསུམ་ཡང་དག་སྣང་ལ་མ་དམིགས་པ། མེད་བཞིན་སྣང་བ་སྒྱུ་མ་ལྟ་བུ། སྣང་བཞིན་སྟོང་པ་སྤྲུལ་བ་དང་ཆུ་ཟླ་ལྟ་བུར་ཤེས་པའི་སྒོ་ནས་སྦྱོར་དངོས་རྗེས་གསུམ་གྱིས་ཟིན་པར་བྱེད་པ་དང་། ཁྱད་པར་དུ་རང་བཞིན་དག་པའི་དགེ་རྩ་གཞན་དོན་ལ་བསྔོ་དགོས། རྒྱལ་དང་རྒྱལ་བའི་ཆོས། རྒྱལ་སྲས་དམ་པ་རྣམས་དང་བཅས་པའི་བསོད་ནམས་ཀྱི་ཞིང་མཆོག་ཐམས་ཅད་ལ་རབ་ཏུ་གུས་ཤིང་དད་པར་བྱེད་པ་དང་། རྒྱལ་བ་སྲས་བཅས་ཀྱི་མཛད་པ་ལ་ཡི་རང་ནས་དགའ་བ་བསྒོམས་ན། བསོད་ནམས་ཀྱི་ཕུང་པོ་དཔག་མེད་ཐོབ་པ་ཡིན་པ་དང་། སྨོན་ལམ་རྣམ་པར་དག་པ་འགྲོ་བའི་དོན་ལ་བཏབ་ནས། དུས་རྒྱུན་དུ་སྤྱོད་ཡུལ་ཡོངས་སུ་དག་པའི་མན་ངག་ལ་བསླབ་པར་བྱའོ། །མདོར་ན་ཐ་མལ་པའི་ཕྱོགས་ལ་སྐད་ཅིག་ཙམ་ཡང་མི་གཡེང་། སྒོ་གསུམ་དགེ་བ་ལ་སྦྱོར་ནས་གཞན་དོན་སྒྲུབ་པ་དེ་བྱ་བ་ཐམས་ཅད་ཀྱི་སྙིང་པོར་གཟུང་བ་དང་། རང་རྒྱུད་རང་གིས་འདུལ་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་མ་བྲལ་བའི་ཐོག་ནས་བྱ་བ་ཅི་བྱེད་ཐམས་ཅད་ཆོས་དང་མཐུན་པ་ཞིག་བྱུང་ན་ཆོས་ལམ་དུ་འགྲོ་བ་ཡིན། དེ་ལྟ་བུའི་དགོངས་བཞེས་ཉམས་ལེན་གྱི་གནད་དང་མ་བྲལ་བའི་སྒོ་ནས། གང་གསན་པར་བྱ་བ་ཡིད་བཞིན་རིན་པོའི་ཆེས་མཛོད་ཀྱི་ཊཱིཀ་ཆེན་པདྨ་དཀར་པོ་འདི་ཉིད་འཆད་ཉན་བགྱི་བ་ལས། ཐོག་མར་དགེ་བ་ཀླད་ཀྱི་དོན་སོང་ནས། བར་དུ་དགེ་བ་གཞུང་གི་དོན་ལས་འཁོར་བའི་རང་བཞིན་སྤང་བྱར་བསྟན་པ་དང་། མྱང་འདས་ཀྱི་རང་བཞིན་བླང་བྱར་བསྟན་པ་གཉིས་ལས། དང་པོའི་སྐབས་ཀྱི་འཇིག་རྟེན་གྱི་རྩོམ་གཞི་གཟུགས་ཀྱི་མཐའ་རྡུལ་ཕྲ་རབ། དུས་ཀྱི་མཐའ་སྐད་ཅིག་མ། མིང་གི་མཐའ་ཡི་གེ་རྣམས་ཀྱིས་བསྐལ་བ་ཆགས་གནས་བཤད་པའི་མཐའ་བསྡུས་པ་དང་། འཇིག་སྟོངས་ཀྱི་ཚུལ་ལེའུ་དྲུག་པས་བཤད་ནས། བརྟན་པ་མེད་པའི་སྲིད་པའི་རང་བཞིན་ལ་ཞེན་པ་སྤངས་ནས། ཞི་བདེ་ཐར་བའི་བྱང་ཆུབ་སྒྲུབ་པར་གདམས་པ་དང་བཅས་ཏེ། སྣང་ཚོད་འཇིག་རྟེན་གྱི་བཀོད་པ་དང་དེ་དག་གི་བདེ་སྡུག་གི་སྣང་ཚུལ་ལེའུ་བདུན་པས་བསྟན་པའི་སྐབས་ལས། ལྷའི་བདེ་བ་དང་སྡུག་བསྔལ་བཤད་པའི་ནང་ནས་འགའ་ཞིག་སོང་ནས་དེ་རིང་། གཉིས་པ།

འཐབ་རྩོད་ཀྱི་སྡུག་བསྔལ་བྱེ་བྲག་ཏུ་བཤད་པ།

ལྷ་མ་ཡིན་དང་གཡུལ་འགྱེད་པའི་རྒྱུ་ཅི་ལས་གྱུར་ཞེ་ན། འཐབ་པའི། རྒྱུ་ནི་གསུམ་སྟེ་འཛམ་གླིང་ལས་དང་ནི། །ཤིང་དང་བུ་མོ་ལྟ་ལས་གྱུར་པའོ། །ཞེས་གསུངས་ཏེ། འཛམ་བུ་གླིང་པ་རྣམས་ཀྱི་བསོད་ནམས་དང་། བསོད་ནམས་མ་ཡིན་པའི་ལས་སྟོབས་ཆེན་པོ་བསགས་པ་དང་། ཡར་ལྷ་ཡུལ་བལྟས་པས་ལྷའི་ཤིང་ཆེན་པོའི་མེ་ཏོག་དང་འབྲས་བུ་རྒྱས་པ་མཐོང་ནས། ཁྲོ་བས་འདི་སྐད་དུ། ཤིང་འདིའི་དཔལ་ཕུན་སུམ་ཚོགས་པ་ལྷ་ལ་བྱིན་ནས། རྩ་བས་བདག་ཅག་གི་གནས་སུ་ཅི་བྱ་ཞེས་སྟ་རེས་གཅོད་པར་བྱེད་པ་ན་ཤིང་ཆད་ཀྱིས་དོགས་པ་དང་། ལྷ་རྣམས་ལྷ་མ་ཡིན་གྱི་བུ་མོ་ལ་བལྟ་བ་ན་ཕྲག་དོག་པས་རྩོད་པ་འབྱུང་བ་ཡིན་ནོ། །ཇི་ལྟར་གཡུལ་འགྱེད་ཅེ་ན། སྡེ་ཚན་མཚུངས་པར་འཁྲུག་པས། གཡུལ་འགྱེད་པ་ནི་འདི་ལྟར། དཀར་ཕྱོགས་དག་དང་དེ་བཞིན་ནག་པོ་ཡི། །ཀླུ་དང་བར་སྣང་ལྷ་རྣམས་འཁྲུག་པ་སྟེ། །སྲིད་དང་སྡེར་བཅས་རྩོད་ཅིང་འགྱེད་པར་བྱེད། །དཀར་ཕྱོགས་ཀླུ་མཆོག་བརྒྱད་དང་ནག་པོ་ཡི། །ཀླུ་རྣམས་གཡུལ་འགྱེད་བར་སྣང་ལྷས་དཔུང་གནོན། །ཞེས་གསུངས་ཏེ། གང་གི་ཚེ་རྩོད་པར་འགྱུར་བའི་རྒྱུ་ཕྲག་དོག་གི་དབང་གིས་འཁོན་གཞིར་གྱུར་པའི་རྒྱུ་རྐྱེན་དག་ཚོགས་པ་དེའི་ཚེ། ཐོག་མར་ལྷ་མིན་ཀླུའི་རིགས་སུ་གྱུར་པ་དག་དང་བར་སྣང་གི་ལྷ་རྣམས་འཁྲུག་པ་ལས། རང་རང་གི་རང་ཁོངས་ཀྱི་སྲིད་དང་དཀར་ནག་གི་སྡེ་རིས་སོ་སོར་བཅད་ནས་འཐབ་པ་ནི། དཀར་པོའི་ཕྱོགས་ཀྱི་ཀླུ་དགའ་བོ་དང་ཉེར་དགའ་ལ་སོགས་པ་བརྒྱད་དང་། ནག་པོའི་ཕྱོགས་ཀྱི་ཧུ་ལུ་དང་། ཧུ་ལུ་ཀ་ཆེན་པོ་ལ་སོགས་པ་བརྒྱད་འཐབ་ཅིང་རྩོད་དོ། །གང་རུང་ཞིག་ཕམ་པ་དེའི་ཚེ་བར་སྣང་གི་ལྷ་དཀར་པོ་དང་། ནག་པོ་ཕྱོགས་ལ་དགའ་བ་གཉིས་སྦྲོན་ནོ། །སྦྲན་ནས་འཐབ་པས་ནག་པོའི་ཕྱོགས་ཀྱི་ཀླུ་ཕམ་ན་ཆུ་མཚམས་ཀྱི་སྒྲ་གཅན་སྦྲན་ནས་འཐབ་པ་དེའི་ཚེ། ལྷ་མ་ཡིན་གྱི་དབང་པོ། སྒྲ་གཅན་འཁྲུག་སྟེ་རྩོད་པ་ཕམ་གྱུར་པ། །དེ་ཚེ་རྒྱལ་ཆེན་རིས་བཞིའི་ལྷ་མཆོག་ལྷགས། །དཀར་ཕྲེང་གནས་ནས་འགུལ་ཕྲེང་འཁྲུག་པ་འགྱེད། །ཅེས་གསུངས་ཏེ། གང་དུ་སྒྲ་གཅན་རྒྱལ་བ་དེའི་ཚེ་དཀར་ཕྱོགས་ཀྱི་ཀླུ་དང་བར་སྣང་གི་ལྷས་རྒྱལ་ཆེན་རིས་བཞིའི་དཔུང་རྣམས་སྦྲན་པ་ལས། ཡུལ་འཁོར་སྐྱོང་དྲི་ཟའི་དཔུང་གིས་བསྐོར་བ་རིན་པོ་ཆེའི་གོ་ཆ་སྲ་བ་གྱོན་པ་དང་། འཕགས་སྐྱེས་པོ་གྲུལ་བུམ་གྱི་དཔུང་དང་། མིག་མི་བཟང་ཀླུའི་དཔུང་དང་། རྣམ་ཐོས་ཀྱི་བུ་གནོད་སྦྱིན་གྱི་དཔུང་དང་བཅས་ཏེ་འཐབ་པ་ལས། ལྷ་མ་ཡིན་རྣམས་ཕམ་པ་དེའི་ཚེ། རི་རབ་ཀྱི་བང་རིམ་གསུམ་པ་ལ་གནས་པའི་ལྷ་གནས་དཀར་ཕྲེང་གི་གནས་ནས་བང་རིམ་གཉིས་པར་གནས་པའི་འགུལ་ཕྲེང་ཅན་ལྷ་མ་ཡིན་གྱི་དཔུང་དང་ལྷན་ཅིག་འཐབ་པ་ལས། ལྷ་མ་ཡིན་གྱི་དཔུང་རྣམས། ཕམ་གྱུར་ཐགས་བཟང་རིས་སྦྲན་བསྐྱོད་པ་ཡིས། །རི་རབ་འགུལ་ཚེ་དབང་པོ་ཉེ་དབང་བཅས། །རྩུབ་འགྱུར་ཚལ་སོང་གོ་ཆ་རབ་བགོས་ཏེ། །རབ་བརྟན་བཞོན་པ་ལྷ་ཡི་དཔུང་དང་བཅས། །རི་རབ་ཆུ་མཚམས་ཐུག་པར་བསུ་བ་ལས། །གཡུལ་འགྱེད་རི་རབ་འཕེན་ཅིང་ཉི་ཟླ་འཛིན། །ལྷ་རྣམས་གྱེན་དུ་མི་འགྲེང་བདུན་དུ་འཕགས། །རབ་དཀར་བསོད་ནམས་སྟོབས་ལས་གྱུར་པ་ཡིན། །ཅེས་གསུངས་ཏེ། ལྷ་མ་ཡིན་གྱི་དཔུང་རྣམས་ཕམ་པ་ལས། ལྷ་མིན་གྱི་རྒྱལ་པོ་ཐགས་བཟང་རིས་ཁྲོས་ཏེ་རྐང་པ་གསེར་གྱི་ས་གཞི་ལ་བསྣུན་པས་ས་ཆེན་པོ་གཡོ་ཞིང་རི་རབ་ཀྱང་འགུལ་ཏེ། དེའི་ཚེ་ལྷའི་དབང་པོས་བསམས་པ། ས་གཡོ་ཞིང་རི་རབ་འགུལ་བའི་རྒྱུ་ཅི། བྱང་ཆུབ་སེམས་དཔའ་ས་ནས་སར་འཕར་བའམ། སངས་རྒྱས་ཀྱི་སྤྲུལ་པ་ཆེན་པོས་འཇིག་རྟེན་དུ་ཆོ་འཕྲུལ་མཛད་པའམ། བསོད་ནམས་དང་བསོད་ནམས་མ་ཡིན་པ་རླབས་པོ་ཆེའི་ལས་མཐུན་པའམ། ལྷ་མ་ཡིན་གྱི་དབང་པོ་གཡུལ་འགྱེད་སྙམ་དུ་ལྷའི་མངོན་པར་ཤེས་པས་བརྟགས་པ་ན། གཡུལ་འགྱེད་པར་ཤེས་ནས། འདུན་ས་ཆོས་བཟང་དུ་འདུས་ཏེ། ལྷ་གང་དག་འཆི་བའི་ལས་ཅན་དག་གཡུལ་དུ་མ་འགྲོའམ་མ་འདེངས་ཤིག གཞན་དག་གཡུལ་འགྱེད་པར་བྱོས་ཤིག་ཅེས་བགྲོས་ནས། བྱང་ཕྱོགས་དགའ་བའི་ཚལ་ན་ཤིང་ལྗོན་པའི་ནང་ན་གཟིམས་ཁྲི་ཡོད་པ་ག་ལ་བར་བལྟས་པ་ལས། ལྷ་སོ་སོའི་ཚེ་དང་ལས་དབང་ཇི་ལྟར་ཡིན་པ་གསལ་བོར་བྱས་མཐོང་པའི་མཚན་མ་རྣམས་མེ་ལོང་དུ་གཟུགས་འཆར་བ་ལྟར་ཤར་བས་མཚན་མ་སྟོན་པར་བྱེད་དོ། །དེ་ནས་ལྷའི་ཚོགས་དག་རང་བཞིན་གྱིས་རྒྱུད་འཇམ་པ་ཡིན་ལ། གཡུལ་འགྱེད་དང་དམག་ལ་འགྲོ་དུས་སྡང་སེམས་དྲག་པོ་ཡོད་དགོས་པས་རྩུབ་འགྱུར་གྱི་ཚལ་དུ་སོང་སྟེ་རྫིང་བུར་ཞུགས་པ་ཙམ་གྱིས་ཞེ་སྡང་སྐྱེས་ཏེ་འཐབ་པ་ལ་སྤྲོ་བར་གྱུར་པ་དེའི་ཚེ། དེའི་ཤར་ཕྱོགས་ན་གོ་ཆའི་ཚལ་ཡོད་པར་ཕྱིན་མ་ཐག་ཏུ་ཤིང་ལྗོན་པ་དག་ལས་རིན་པོ་ཆེ་སྣ་ཚོགས་ཀྱི་གོ་ཆ་ཤིན་ཏུ་སྲ་བ་རྡོ་རྗེས་ཀྱང་ཕིགས་པར་དཀའ་བ་རབ་དུ་ཡང་བ་དག་བྱུང་བ་བགོས་ཏེ་གཡུལ་གྱི་གླང་པོ་ཆེ་རབ་ཏུ་བརྟན་པའི་སྟེང་དུ་འདུག་པ་ལས། མགོ་བོ་སུམ་ཅུ་རྩ་གསུམ་གྱི་སྟེང་དུ་དབང་པོ་ཉེ་དབང་དང་བཅས་པ་གནས་སོ། །མགོ་བོ་རེ་རེར་ཡང་བདུན་བདུན་དུ་སྤྲུལ་པ་རེ་རེའི་སྟེང་ན་ལྷའི་དཔུང་ཡོད་ལ། མགོ་དེ་དག་ལ་མཆེ་བ་བདུན་བདུན། མཆེ་བ་རེ་རེ་ན་སྐྱེད་མོས་ཚལ་དང་རྫིང་བུ་བདུན་བདུན། དེ་ན་ལྷའི་བུ་མོ་ཤིན་ཏུ་མཛེས་པ་གླུ་གར་བྱེད་པ་བདུན་བདུན། དེ་རེ་རེ་ལ་གཡོག་མོ་བདུན་བདུན། དེ་རེ་རེ་ལ་སིལ་སྙན་བདུན་བདུན་སྤྲུལ་ནས་རི་རབ་ཀྱི་ཆུ་མཚམས་ལ་ཐུག་པར་བསུ་བ་ལས། ལྷ་མ་ཡིན་སྟོབས་ཅན་འདོད་ཆགས་ཤས་ཆེ་བས་དབང་པོའི་མདུན་དུ། རྡོ་རྗེ་དང་འཁོར་ལོ་འཕེན་པ་དག་གིས་སེམས་རབ་ཏུ་མྱོས་པར་བྱེད་ཅིང་། ལྷའི་རྡོ་རྗེ་དང་འཁོར་ལོས་འཇོམས་པར་འགྱུར་རོ། །དེའི་ཚེ་ལྷ་རྣམས་ནི། བསོད་ནམས་ཀྱི་མཐུས་མི་འགྲེང་བདུན་ཙམ་དུ་ལྷ་མ་ཡིན་ལས་འཕགས་པར་ཉི་ཟླའི་ངོས་ནས། རྡོ་རྗེ་དང་། འཁོར་ལོ་དང་། མདའ་དང་། གཏུན་ཤིང་དང་། རི་རབ་ལ་སོགས་པ་འཕེན་ཞིང་ལྷ་མ་ཡིན་པ་རྣམས་འཇོམས་པར་བྱེད་དོ། །ལྷ་མ་ཡིན་རྣམས་ཀྱང་གླང་པོ་ཆེ་དང་། རྟ་དང་། ཤིང་རྟ་དང་། དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་འོངས་ཏེ། རྡོ་རྗེ་དང་། མདའ་བོ་ཆེ་དང་། ཤག་ཏི་དང་། རི་རབ་དང་། འཁོར་ལོ་ལ་སོགས་པ་འཕེན་ཅིང་ལྷ་རྣམས་འཇོམས་པར་བྱེད་དོ། །ལྷ་རྣམས་ཀྱི་མགོ་ཆད་པ་མ་གཏོགས་པ་འཕྲལ་དུ་སོས་ནས་རྨ་མེད་ལ། སྤྱིར་ལྷའི་འགྲོ་བ་བསོད་ནམས་དང་དབང་ཐང་ཆེ་བས་མ་ཚད། བརྒྱ་བྱིན་གྱིས་མཚན་མ་བརྟགས་པས་བར་ཆད་ཆུང་བ་ཡིན་ཀྱང་། ལས་དབང་ཟློག་མེད་ཀྱིས་གཡུལ་དུ་འཆི་བའང་ཡོད་པའོ། །ལྷ་མ་ཡིན་གྱི་མགོ་དང་རྐང་ལག་ཆད་ན་འཆི་བར་འགྱུར་རོ། །དེའི་ཚེ་ས་རྣམས་གཡོ་ཞིང་རི་རབ་འཕངས་པ་རྡུལ་དུ་སོང་བས་འཛམ་བུའི་གླིང་ལ་སོགས་པར་རྡུལ་གྱིས་ནམ་མཁའ་འཁྲིགས་པ་དང་། གོ་ཆའི་འོད་ཟེར་གསལ་བ་དང་། སྒྲ་ཆེན་པོ་སྒྲོགས་པ་དང་། སྒྲ་གཅན་དུད་འགྲོ་ཡིན་པས་དེའི་མིག་ལ་ཉི་ཟླའི་འོད་ཟེར་མི་བཟོད་པས་དེ་བསྒྲིབས་པས་ཉི་ཟླ་གཟས་ཟིན་པ་ཞེས་བྱའོ། །མདོ་ལས། ལག་པས་བསྒྲིབས་པར་འདོད་ལ། ཡང་རྒྱུད་ཁ་ཅིག་ལས་ལྷ་དང་ལྷ་མིན་འཐབ་དུས་གཟའ་སྒྲ་གཅན་ལྟ་བར་ཆས་དུས་ཁ་རླངས་དང་མཇུག་མའི་རླངས་གང་རུང་གིས་བསྒྲིབས་པར་འདོད་ཅིང་། ཁ་ཅིག་ལས་ཁར་ཟོས་པ་ཨོལ་བའམ་མིད་པ་ལས་དོན་པའོ་ཞེས་ཀྱང་ཟེར་རོ། །གནམ་རིག་པའམ་སྐར་རྩིས་པས་སྒྲ་གཅན་གྱི་གདོང་ངམ་མཇུག་གིས་བསྒྲིབས་ནས་ལུས་ནམ་མཁའ་སྟོང་པ་ཐོགས་རེག་དང་བྲལ་བ་ཞིག་ཡིན་པའི་དབང་གིས་དེ་ལས་ཕྱིར་མངོན་པར་འདོད་པ་ཡིན། ས་གཡོ་བ་དང་། འབྱུང་བའི་ཁམས་ནས་རང་བཞིན་གྱིས་སྒྲ་དང་། འོད་འབྱུང་བ་དང་། ཉི་ཟླ་འཛིན་པ་ཡང་། བྱང་ཆུབ་སེམས་དཔའ་སར་འཕར་བ་དང་། དགེ་བ་དང་མི་དགེ་བ་རླབས་པོ་ཆེ་དང་། གཡུལ་འགྱེད་པ་དང་། སངས་རྒྱས་ཀྱི་སྤྲུལ་པའི་ཆོ་འཕྲུལ་དང་། ལྷ་གནས་རྒྱ་ཆེར་བསྐྱོད་པ་ལས་འབྱུང་བར་བཤད་ལ། ས་གཡོ་བ་ལ་དེའི་སྟེང་དུ་ཉ་བོ་ཆེས་འདྲེ་ལྡོག་པ་ལས་འདོད་པའོ། །དེ་ཡང་ལྷ་རྣམས་རྒྱལ་ན་ས་གཡོ་བ་ལ་སོགས་པའི་མཚན་མ་དེ་དག་འཛམ་གླིང་ལ་སོགས་སུ་དགེ་མཚན་དུ་འགྱུར་ཏེ། ཆར་འབབ་པ་དང་། ལོ་ལེགས་པ་དང་། ནད་དང་འཁྲུག་པ་མེད་པ་ལ་སོགས་པའོ། །ལྷ་མ་ཡིན་རྒྱལ་ན་དེ་ལས་ཟློག་པ་རྣམས་འབྱུང་ངོ་། །ཞེས་དཀར་ཕྱོགས་དང་ནག་ཕྱོགས་ཀྱི་བསམ་པ་དང་། སྨོན་ལམ་གྱི་དབང་གིས་ཁྱད་པ་དེ་ལྟར་འབྱུང་བའོ། །དེའི་ཚེ། ལྷ་མིན་དཔུང་རྒྱལ་རི་རབ་རྩེར་སོན་ཞིང་། །ལྷ་རྣམས་གྲོང་ཁྱེར་སྒོ་འཕར་ཞག་བདུན་གཅོད། །ལྷ་མིན་ཕམ་གྱུར་གསེར་གྱི་ས་གཞིའི་གྲོང་། །ཞག་བདུན་སྒོ་འཕར་བཅད་དེ་གནས་པ་ཡིན། །ཅེས་གསུངས་ཏེ། མང་ཆེ་ཆེ་བ་ལྷའི་དཔུང་རྒྱལ་བ་ཡིན་ཀྱང་སྐབས་རེ་ལ་ལྷ་རྣམས་ཕམ་པ་དེའི་ཚེ་ཕྱིར་ལོག་སྟེ་བྲོས་པའི་སླད་བཞིན་ལྷ་མ་ཡིན་གྱི་དཔུང་གིས་བདས་ཏེ་རི་རབ་ཀྱི་རྩེར་སོང་བ་ལས། ལྷ་རྣམས་ཀྱིས་གྲོང་ཁྱེར་བལྟ་ན་སྡུག་གི་ཕྱི་རོལ་གྱི་ལྕགས་རིའི་སྒོ་འཕར་བཅད་སྐར་ཁུང་གི་གསེང་ཡང་བཀབ་ནས་ཞག་བདུན་དུ་གནས་པ་ལས། ནམ་མཁའ་ལས་ལྷའི་རྔ་སྒྲ་ཞེས་བྱ་བ་གཟུགས་མེད་ཀྱི་སྒྲ་ཆེན་པོ་ཞིག་དེ་དུས་བྱུང་བ་ནི། ཀྱེ་ལྷ་རྣམས་རྒྱལ་བར་གྱུར་ཅིག་ལྷ་མ་ཡིན་རྣམས་ཕམ་པར་གྱུར་ཅིག་ཅེས་པ་ཐོས་མ་ཐག་ཏུ། ལྷ་མ་ཡིན་གྱི་དཔུང་རྣམས་བྱེར་ཏེ་འམ་ལམ་གང་ཐོབ་བྱས་ཏེ་བྲོས་ནས་རང་ལོག་ནས་སོང་ཚེ། ལྷ་རྣམས་བདེ་བར་རྒྱུ་བ་ཉེ་འཚེ་མེད་པ་ཡིན་ལ། ལྷ་མ་ཡིན་རྣམས་ཕམ་པ་ན་དེའི་ཚེ་རི་རབ་ཀྱི་ཁོང་གསེང་གི་གསེར་གྱི་ས་གཞི་ལ་ཐུག་པར་བྲོས་པའི་སླད་བཞིན་དུ་རྗེས་དེད་ནས་ལྷའི་དཔུང་གིས་བདས་ཏེ། ལྷ་མ་ཡིན་རྣམས་གྲོང་ཁྱེར་གསེར་ལྡན་གྱི་སྒོ་བསྡམས་སྐར་ཁུང་བཅད་དེ་ཞག་བདུན་གནས་པ་ལས། ཡང་ལྷ་མ་ཡིན་པ་རྣམས་ལ་ཡང་ལྷའི་རྔ་སྒྲ་དང་ཆ་འདྲ་བ་གྲག་རྒྱུ་ཡོད་པ་ལས་ལྷ་མིན་རྣམས་རྒྱལ་བར་གྱུར་ཅིག་ལྷ་རྣམས་ཕམ་པར་གྱུར་ཅིག་ཅེས་པའི་སྒྲ་ཐོས་ནས། ལྷ་རྣམས་རང་གི་གནས་སུ་ལོག་པ་དང་། ལྷ་མ་ཡིན་པ་རྣམས་དགའ་བར་སྤྱོད་པ་ཡིན་ནོ། །དེ་ལྟ་བུའི་རྒྱལ་ཕམ་གྱི་དགའ་སྡུག་རྣམ་པར་སྤྱོད་པའི་ཚུལ་ནི། དེ་ལྟར་ལྷ་དང་ལྷ་མིན་རྩོད་པ་ལས། །སྡུག་བསྔལ་མང་ལྡན་སྡར་མ་རྣམས་བྱེར་ཞིང་། །བརྒྱལ་གྱུར་མྱ་ངན་ཆེན་པོ་སྐྱེ་བ་ཡིན། །ཅེས་གསུངས་ཏེ། གཡུལ་ཆེན་པོ་འགྱེད་པ་ན་མཚོན་ཆའི་རིགས་བྱེད་མང་པོ་དང་། རི་འཕེན་པ། མཚོ་སྙིལ་བ། གཡུལ་གྱི་རྔ་བོ་ཆེ་རྡུང་བ་ལ་སོགས་པའི་སྒྲ་ཆེན་པོ་ནམ་མཁའི་དཀྱིལ་རལ་བ་ལྟར་ནི་གྲགས། མཚོན་ཆའི་ཆར་ནི་བབས། འོད་དང་དྲག་པོའི་སྤྱུགས་པའི་སྒྲ་དང་ལྷན་ཅིག་ཏུ་འདྲེས་པའི་འཐོར་རླུང་ཆེན་པོ་བྱུང་བ་ན། སྡར་མ་རྣམས་ཁ་ཅིག་ནི་རང་བཞིན་གྱིས་བརྒྱལ་ནས་འགྱེལ་བར་གྱུར། ཁ་ཅིག་སྙིང་གས་པ་སྙམ་བྱེད་ཀྱི། འཇིགས་པ་དང་། མྱ་ངན་ཆེན་པོ་སྐྱེ་བ་ཡིན་ནོ། །སྐྱེས་རབས་ལས། རྔ་བརྡུང་སྒྲ་ནི་གྲགས་པ་ཡིས། །ནམ་མཁའི་ངོས་ནི་རལ་བ་བཞིན། །ཞེས་པ་ལ་སོགས་པ་འབྱུང་བ་བཞིན་ནོ། །དེའི་ཚེ་ལྷ་དང་ལྷ་མ་ཡིན་མང་པོ་མགོ་དང་ཡན་ལག་ཆད་དེ་འགྱེལ་ཞིང་ཤི་བ་ལས། ཁ་ཅིག་བློ་འཁུམས་ཏེ་འཆི་རྒྱུ་ལས་མི་འདུག་བསམས་ནས་སྐྲག་ནས་གསོན་དུ་རེ་བ་མེད་དོ། །དེ་ལྟ་བུ་ལ་སོགས་པའི་སྡུག་བསྔལ་དང་ལྡན་པ་ནི་འདོད་པའི་ཁམས་ན་ཡོད་པས་སྡུག་བསྔལ་ལྷག་པར་ཆེ་བ་ཡིན་ནོ། །མདོར་ན་ལྷ་རྣམས་ནི་ཚེ་རིང་ཡང་ལོངས་སྤྱོད་ཀྱི་དགའ་བདེ་ལ་བདེན་ཅིང་རྟག་པར་བཟུང་བས། འདོད་པའི་ཡོན་ཏན་ལ་སྤྱོད་པ་དེ་ཉིད་ཀྱིས་གཡེང་ནས་ནམ་ཟད་མི་ཤེས་པར་ཚེ་ཟད་དེ་ཐར་ལམ་གྱི་ཡོན་ཏན་དང་བྲལ་ནས་ཞེས་དམ་པའི་ཆོས་རྣམ་དག་སྒྲུབ་མཁན་ཞིག་ཡིན་ཚེ་ཐར་ལམ་ཟིན་དགོས་པ་ཡིན། དང་པོ་ལམ་སྣེ་ཟིན་ཡོད་ན་མགྱོགས་བུལ་ལ་མ་ལྟོས་བའི་འབད་པའི་ཤུགས་ཀྱིས་དོན་འགྲུབ་པ་བྱེད་ཅིང་། ཐར་བའི་ལམ་གང་ཡིན་ཙམ་མི་ཤེས་པ་དང་། དེ་ལ་ཞུགས་ཐུབ་མེད་ཚེ། སྐྱབས་མེད་མགོན་བྲལ། བཤེས་མེད་ཐང་འཁྱམས་ཡིན། དགེ་བསྙེན་ཚོས་བླ་མ་རེ་མཇལ་ན་ཚེ་ཕྱི་མའི་ཡུལ་ནས་མཇལ་བར་ཤོག་ཅེས་པ་ཙམ་གྱིས་ཆོག་པ་མིན་ཅིང་། དབུས་པ་དང་གཙང་པ་ཚོས་སྐྱབས་སུ་མཆི་ཟེར་ནས་འབོད་སྲོལ་ཡོད། བླ་མ་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་ཤེས་ནས་སྐྱབས་སུ་སོང་ན་བཟང་བ་ཡིན་ཀྱང་། དེ་བས་ཐར་ལམ་སྟོན་པའི་གདམས་ངག་ཅིག་གསུང་བར་ཞུ་ཤེས་ན་རབ་ཡིན། དེས་ན་ཐར་བའི་ལམ་སྣེ་མ་རིག་པ་དང་། གདམས་ངག་མ་རྙེད་པ་དང་། གདམས་ངག་ཞུ་རྒྱུ་མ་ལོན་ནས། བླ་མ་མང་པོའི་བར་ནས་འདྲ་ཡ་ཁ་འཆལ་མུ་གེས་ཤི་གྲབས་བྱེད་བཞིན་ཡོད་པས། རང་ཉམས་ལ་ཕན་ཐོགས་ཡོད་པ་ཞིག་དགོས་པ་ཡིན། ལྷ་ཡུལ་དུ་སྐྱེ་ན་སྐྱིད་པ་ཡིན་ཀྱང་། འདོད་ཡོན་གྱི་འབྱོར་བ་ཡོད་པ་ཙམ་ལས། ཆོས་ནོར་འདོད་ཐར་བཞི་མ་ཚང་བའི་དབང་གིས་འདི་ལྟར་ལྟུང་བའི་སྡུག་བསྔལ་ལ་སྤྱོད་ཅིང་འཁོར་བའི་འདམ་དུ་བྱིང་བའི་ཉེས་པ། ལྷ་མ་ཡིན་ཕྲག་དོག་འཐབ་རྩོད་ལ་འཁྲུལ་སྣང་རང་རྒྱུད་པར་བཟུང་བ་དེ་ཉིད་ཀྱིས་གཡེངས་ཏེ་ཚེ་ཟད་པས་ཐར་པའི་ལམ་སྟོར་ནས་དམྱལ་བའི་སྡུག་བསྔལ་མྱོང་ཞིང་འཁོར་བའི་འདམ་དུ་བྱིང་བའི་ཉེས་པ། མི་རྣམས་འཇིག་རྟེན་ཆོས་བརྒྱད་ལ་བདེན་ཞེན་དང་དེ་ཉིད་སྙིང་པོར་བཟུང་ནས་རང་རྒྱུད་པར་བཟུང་བ་དེ་ཉིད་ཀྱིས་གཡེངས་ཏེ། ཚེ་ཟད་ནས་འཁོར་བའི་འདམ་དུ་བྱིང་བའི་ཉེས་པ། ཡི་དྭགས་རྣམས་བཀྲེས་སྐོམས་ཀྱི་གདུང་བ་ལ་རང་རྒྱུད་དུ་བཟུང་བས་གཡེངས་ནས་ཆོས་ལ་མོས་པ་ཅུང་ཟད་ཀྱང་མེད་པར་ཚེ་འདས་ཏེ་སྡུག་བསྔལ་ཞིང་འཁོར་བའི་འདམ་དུ་བྱིང་བའི་ཉེས་པ། དུད་འགྲོ་རྣམས་གླེན་ལྐུགས་གཏི་མུག་ལ་རང་རྒྱུད་པར་བཟུང་ནས་གཡེངས་པས་ཚེ་འདས་ཏེ་འཁོར་བ་སྡུག་བསྔལ་གྱི་འདམ་དུ་བྱིང་བའི་ཉེས་པ། དམྱལ་བ་པ་རྣམས་ཚ་གྲང་བཙོ་སྲེག་ལ་རང་མཚན་དུ་ཞེན་པས་གདུང་བ་དེས་གཡེངས་ནས་ཐར་པའི་ལམ་གྱི་རྟེན་དུ་མ་གྱུར་པར་འཁོར་བ་སྡུག་བསྔལ་གྱི་འདམ་དུ་བྱིང་བའི་ཉེས་པ་སྟེ། དེ་ལྟ་བུའི་འགྲོ་བ་དྲུག་ལ་རང་སྣང་བདེ་སྡུག་ལ་བློ་རང་མཚན་དུ་ཞེན་ནས་ཐར་པའི་ཐབས་མི་ཤེས། ཐར་བའི་ལམ་སྟོན་པའི་སྒྲ་ཡང་མི་ཐོས། ཐོས་ཀྱང་རྣ་རྒྱབ་ཀྱི་རླུང་ལྟར་བསྐྱུར་བས་དེའི་དོན་མི་བསྒྲུབ་པས་གཏན་དུ་སྡུག་བསྔལ་གྱི་འདམ་དུ་བྱིང་བས་བདེ་བ་ཅུང་ཟད་ཀྱང་མེད་དོ། །གསང་བ་ཡིད་བཞིན་མཆོག་གི་རྒྱུད་ལས། འཁྲུལ་སྣང་འཁོར་བར་ཞེན་པ་རྣམས། །ཡང་དག་ངེས་པའི་དོན་བྲལ་ནས། །དུས་གསུམ་རྟག་ཏུ་འཁོར་བར་འཁྱམས། །སྣང་ཚུལ་སྡུག་བསྔལ་འཁོར་ལོས་མནར། །ཞེས་སོ། །གསུམ་པ།

མཇུག་བསྡུ་བ།

དེ་དག་གི་དོན་བསྡུ་བའམ་མཇུག་བསྡུ་བ་ནི། སྣང་ཚུལ། དེ་འདྲའི་འཁོར་བ་མེ་ཡི་འོབས་འདྲ་ལས། །བློ་ལྡན་རྣམས་ཀྱིས་ཐར་པ་བསྒྲུབ་པར་བྱ། །ཞེས་གསུངས་ཏེ། རྟག་ཏུ་བདེ་བའི་གོ་སྐབས་མེད་པས་མེ་འོབས་དང་ཆོས་མཚུངས་པའི་འཁོར་བ་ལས་ངེས་པར་ཐར་པ་སྒྲུབ་པར་གདམས་པ་འདུལ་བ་ལུང་ལས། མེ་ཡི་འོབས་ན་བསིལ་བ་མེད། །འཁོར་བ་པ་ལ་བདེ་བ་མེད། །ཅེས་སོ། །འདི་ལྟར། འཁོར་བའི་གནས་ན་ཡིད་བརྟན་འགའ་མེད་དེ། །བདེ་བར་སྣང་ཡང་འགྱུར་བའི་སྡུག་བསྔལ་ཉིད། །གཏན་དུ་འཁོར་བ་ཟོ་ཆུའི་འཁྱུད་མོ་འདྲ། །དེ་ཕྱིར་དེ་ལས་ཐར་ཕྱིར་བརྩོན་འཚལ་ལོ། །ཞེས་གསུངས་ཏེ། ལས་ཀྱིས་སྲིད་པ་གསུམ་ན་གནས་པའི་འགྲོ་བ་དག་གཅིག་ནས་གཅིག་ཏུ་སྐྱེ་ཞིང་སྡུག་བསྔལ་ལ་སྤྱོད་པའི་ཕྱིར་འཁོར་བ་ཞེས་བྱ་ལ། དེའི་གནས་སུ་གྱུར་པ་ནི། རྒྱུ་ལས་སྣ་ཚོགས་པ་ཀུན་འབྱུང་གི་བདེན་པ་དང་། དེའི་འབྲས་བུ་བདེ་སྡུག་སྣ་ཚོགས་པ་སྡུག་བསྔལ་གྱི་བདེན་པས་ཉོན་མོངས་པར་བྱེད་པས། ཕྱི་སྣོད་ནང་བཅུད་ཀྱི་འཁྲུལ་སྣང་ཆ་དང་བཅས་པ་སྟེ། འདི་ལ་བདེ་སྙམ་དུ་བློ་སྤྲོ་བའི་གནས་ཅུང་ཟད་ཀྱང་མེད་དོ། །འདི་ལྟར་ལྷ་རྣམས་ཀྱི་བསམ་གཏན་གཟུགས་མེད་ཀྱི་ཞི་བདེ་དེ་ཡང་དར་ཅིག་བདེ་བར་སྣང་ཡང་ལས་ཟད་ནས་འཕོ་ཞིང་། འགྲོ་བ་གཞན་དུ་འཇུག་པས་འགྱུར་བའི་སྡུག་བསྔལ་ཉིད་ཡིན་ལ། འདོད་ལྷའི་དཔལ་དང་བདེ་འབྱོར་དང་། མིའི་བདེ་བ་ལྟར་སྣང་བ་དེ་ཡང་སྲེད་བཅས་འདུ་བྱེད་ཀྱི་སྡུག་བསྔལ་གྱི་ས་པས་བསྡུས་པའི་ཕྱིར། ཡིད་བརྟན་མི་རུང་བས་ཐར་དགོས་ཏེ། འགྲོ་བ་རིགས་དྲུག་པོ་འདི་དག་ལས་གཅིག་ནས་གཅིག་ཏུ་བསོགས་པས་གནས་རིགས་གཅིག་ནས་གཅིག་ཏུ་སྐྱེ་ཞིང་འཁོར་བ་ཟོ་ཆུའི་འཁྱུད་མོ་འདྲ་བ་སྟེ། དྲན་པ་ཉེར་གཞག་ལས། ལས་ཀྱི་དབང་གིས་ཀུན་ཏུ་འཇུག་ཅིང་འཁོར་བ་ནི་ཟོ་ཆུའི་འཁྱུད་མོ་ལྟ་བུའོ་ཞེས་སོ། །མཐོ་རིས་ཀྱི་འཇིག་རྟེན་སྤྱི་དང་ཁྱད་པར་དུ་ལྷ་ཡུལ་སྐྱེས་ན་གནས་སྐབས་སྡུག་བསྔལ་གྱི་ཚོར་བ་རགས་པ་མེད་པའི་བདེ་བར་ལྟར་དུ་སྣང་བ་དང་། མིའི་འཇིག་རྟེན་གྱི་ཁམས་འདི་ནས་ཀྱང་སྡུག་བསྔལ་ཆེན་པོ་མི་བཟོད་པའི་ཉམ་ང་བས་མ་གདུང་བའི་སྐབས་སུ་ཟག་བཅས་ཀྱི་བདེ་བར་ཞེན་ན་ཡང་། འདི་ཐམས་ཅད་སྲེད་པ་དང་བཅས་པ་འདུ་བྱེད་ཀྱི་སྡུག་བསྔལ་གྱི་ས་བོན་གྱིས་བསྡུས་པའི་ཕྱིར་ན་ཡིད་རྟོན་མི་རུང་ཞིང་། ནམ་ཞིག་དམྱལ་སོགས་ངན་སོང་གི་གནས་ནས་ལས་ཉོན་གྱིས་བསྐྱེད་པའི་སྡུག་བསྔལ་གྱི་ཚོར་བ་དྲག་པོས་གཟིར་བ་འགྱུར་བ་གདོན་མི་ཟ་བ་ཡིན་པས། འདིའི་འཁོར་བའི་སྡུག་བསྔལ་ལས་གཏན་དུ་ཐར་བའི་ཐབས་སྒྲུབ་རྒྱུ་ནི་རང་ཉིད་ལ་རག་ལས་པའོ། །ཀུན་མཁྱེན་ཆོས་རྗེས་ཀྱང་། འདི་ལྟར་ཐར་པ་རང་ལ་རག་ལས་ཤིང་། །ཐར་པའི་ཐབས་ནི་ལྷ་མིའི་སྟོན་པས་གསུངས། །གཞན་གྱིས་གློ་བུར་འབྱིན་པའི་སྐབས་མེད་དེ། །གཉིད་མྱོས་རྨི་ལམ་སུས་ཀྱང་དགག་མེད་བཞིན། །ཅེས་པས་ངན་སོང་ངན་འགྲོའི་གནས་ནས་སངས་རྒྱས་ཀྱིས་སྐྱབས་ཡོང་བསམ་རྒྱུ་ཡོད་པ་མ་རེད། འདུལ་བ་ལུང་ལས། ངས་ནི་ཁྱོད་ལ་ཐར་བའི་ཐབས་སྟོན་གྱི། ཐར་བ་རང་ལ་རག་ལས་བརྩོན་པར་གྱིས། །ཞེས་གསུངས་པས་ངན་སོང་དང་འཁོར་བ་ལས་ཐར་ཐབས་རང་གི་འབད་པ་ལ་རག་ལས་པ་ཡིན། དེས་ན་ཐོག་མ་ཉིད་ནས་འཁོར་བ་སྡུག་བསྔལ་གྱི་རང་བཞིན། སྡུག་བསྔལ་གྱི་ཕུང་པོ་དང་འབྲས་བུར་གྱུར་བ་དང་། དེའི་རྒྱུ་རྩ་ཉོན་དང་ཉེ་ཉོན་ཏེ་ཀུན་ནས་ཉོན་མོངས་པས་བསྡུས་པ་ནད་དང་གནོད་པ་དུ་མའི་འབྱུང་ཁུངས་སུ་གྱུར་བ་དེ་ལ་སྙིང་ནས་སྐྱོ་ཤས་སྐྱེ་རན་པ་དེས་ན་སྲིད་པའི་འབྲོག་དགོན་པ་ཉམ་ང་བ་འདི་ལས་བརྒལ་བར་བྱ། སྡུག་བསྔལ་གྱི་རི་བོ་བརྩེགས་མ་དཔང་མཐོ་བ་འདི་ཉིད་བསྙིལ་བར་བྱ། ཐར་པ་བྱང་ཆུབ་ཆེན་པོའི་རྒྱལ་མཚན་བསྒྲེང་བར་བྱའོ། །ཞེས་གདམས་པ་དང་བཅས་ཏེ། ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། སྣོད་བཅུད་ཀྱི་བདེ་སྡུག་བསྟན་པའི་ལེའུ་སྟེ་བདུན་པའི་རྒྱ་ཆེར་འགྲེལ་པའོ།། །།དེ་ཡན་གྱི་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་གཞུང་དོན་རྡོ་རྗེའི་གནས་ཆེན་པོ་རྣམ་པ་གཉིས་ལས་འཁོར་བའི་རང་བཞིན་སྤང་བྱར་བསྟན་པ་ཆ་ཚང་སོང་སྟེ། ད་ནི་རྡོ་རྗེའི་གནས་གཉིས་པ་མྱང་འདས་ཀྱི་རང་བཞིན་བླང་བྱར་བསྟན་པ་ལ། སྦྱོང་བྱེད་ལམ་བཤད་པ་དང་། སྦྱངས་པའི་འབྲས་བུ་བཤད་པ་གཉིས། དང་པོ་ལ། ལམ་དངོས་དང་། ལམ་དེ་ཇི་ལྟར་བགྲོད་པའི་ཚུལ་གཉིས། དང་པོ་ལ། ཐོས་པ་དང་། བསམ་པ་དང་། སྒོམ་པ་གསུམ། དང་པོ། གང་ལས་ཐོས་པར་བྱ་བའི་ཡུལ། ཇི་ལྟར་ཐོས་པར་བྱ་བའི་ཚུལ། ཐོས་པ་དངོས་ཀྱི་དོན་གཏན་ལ་དབབ་པ་གསུམ། དང་པོ་ལ། མཐུན་ཕྱོགས་དགེ་བའི་བཤེས་གཉེན་བསྟེན་པར་གདམས་པ་དང་། མི་མཐུན་ཕྱོགས་སྡིག་གྲོགས་སྤང་བར་གདམས་པ་གཉིས། དང་པོ་ལ། མཚམས་སྦྱར་ཏེ་མདོར་བསྟན་པ་དང་། དེ་རྒྱས་བཤད་གཉིས། དང་པོ།

མཚམས་སྦྱར་ཏེ་མདོར་བསྟན་པ།

དེ་ལྟར་རྡོ་རྗེའི་གནས་དང་པོ་འཁོར་བའི་རང་བཞིན་སྤང་བྱར་གདམས་པའི་རྗེས་ལ། བསྟན་བཅོས་འདིའི་རྡོ་རྗེའི་གནས་གཉིས་པ་མྱ་ངན་ལས་འདས་པའི་རང་བཞིན་བླང་བྱར་བསྟན་པ་སྟེ། སྤང་བྱ་འཁོར་བའི་མཚན་ཉིད་ཤེས་ནས། ངེས་པར་ལེགས་པའི་ཐར་པ་འདོད་པ་ནི་སྐྱེ་བོ་དམ་པ་རྣམས་ཀྱི་འཇུག་ངོགས་བཟང་པོ་སྟེ། ངེས་པར་དོན་དུ་གཉེར་བར་བྱ་བ་ཁོ་ནའོ། །མྱ་ངན་ལས་འདས་པའི་རང་བཞིན་བླང་བྱར་བསྟན་པ་ལ་འཁོར་བའི་རང་བཞིན་སྤང་བྱར་ཤེས་དགོས་པའི་ཕྱིར་ན་དེ་ལ་ཁམས་བདེ་བར་གཤེགས་པའི་སྙིང་པོ་གཞིར་བྱས་ཏེ། ཐོས་པ་དང་བསམ་པ་དང་སྒོམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་ཁམས་ཀྱི་དྲི་མ་སྦྱོང་བ་དང་གཅིག དྲི་མ་ཐམས་ཅད་དང་བྲལ་བའི་འབྲས་བུ་དེ་བཞིན་གཤེགས་པའི་ས་ངོས་བཟུང་བ་རྣམ་པ་གཉིས་ཏེ། དེ་ཡང་བྲལ་བའི་གཞི་དང་གཅིག བྲལ་བྱེད་གཉེན་པོའི་རིམ་པ་དང་གཉིས། བྲལ་བ་མཐར་ཕྱིན་པའི་འབྲས་བུ་གསུམ་ལ་འདུས་པའི་ཕྱིར། ལེའུ་དང་པོར་སྦྱང་བའི་གཞི་གཞི་ལས་འཁོར་བའི་གྲུབ་ཚུལ་བསྟན་པ་དང་། ལེའུ་གཉིས་པར་དེའི་འཕྲོས་ནས་འགྲོ་བའི་དོན་དུ་ཞིང་ཁམས་རྣམ་པར་བཀོད་པ་བསྟན་ལ། གསུམ་པ་སྣོད་བཅུད་ཆགས་པའི་ཚུལ་བསྟན་པ་ནས་བདུན་པ་སྣོད་བཅུད་ཀྱི་བདེ་སྡུག་བསྟན་པའི་ལེའུའི་བར་དུ་སྦྱང་བྱའི་དྲི་མ་དང་། བརྒྱད་པ་དགེ་བའི་བཤེས་གཉེན་བསྟན་པའི་ལེའུ་ནས་ཉི་ཤུ་རྩ་གཅིག་ལམ་སྒྲུབ་པའི་ས་མཚམས་བསྟན་པའི་ལེའུའི་བར་དུ་སྦྱོང་བྱེད་ཐབས་ཀྱི་རིམ་པ་དང་། རྩ་གཉིས་པར་སྦྱངས་པ་མཐར་ཕྱིན་པའི་འབྲས་བུ་རྣམ་པར་གཞག་པ་ཡིན་ནོ། །འདི་ནི་སྐབས་འདིར་འབྲེལ་བ་རྣམ་པར་གཞག་པ་སྟེ། ལེའུ་ཀུན་གྱི་ཁོང་ནས་འབྱུང་བ་སྟོད་སྨད་ཀུན་ཏུ་ལྟ་བ་བྱས་ན་དོན་ཆིངས་ཀྱིས་བཅིང་ཐུབ་པ་ཡིན་པ་དང་། འཆད་པ་དང་ཉན་པ་ལ་སོགས་པ་ལ་ཕན་པའི་རྐྱེན་ཅན་བྱས་ཏེ། བར་གྱི་གསལ་བྱེད་ཅེས་བྱ་བར་འགྱུར་རོ། །འདི་ནི་བསྟན་བཅོས་ཀྱི་གཞུང་ཆེན་པོ་འདི་ཉིད་ལྟ་བའི་མིག་འབྱེད་བྱེད་ཀྱི་ལྡེ་མིག་ལྟ་བུ་རྒྱ་ཆེན་སྡུད་པའི་མན་ངག་གི་བསྟན་བཅོས་འདིའི་སྟོད་སྨད་ཐམས་ཅད་ཀྱི་དོན་གསལ་བྱེད་ཡིན་པས་ན་བར་འདིར་གསུངས་པའོ། །སྤྱིར་དགོས་སོགས་ཆོས་བཞི་ཐོག་མར་བཤད་པའི་སྐབས་སུ་འབྲེལ་བའང་དེའི་ཞོར་དུ་བསྟན་པ་ཡིན་ཀྱང་། སྐབས་འདིར་སྟོན་པའི་འཐད་པ་ཡང་། འབྲེལ་པ་ནི་དེ་དག་གི་ཁོང་ནས་འབྱུང་བ་ཡིན་ལ། དེ་ཡང་དབུས་ན་ཉེ་བར་གནས་པ་དེ་དང་། ཐོག་མཐའི་ཚིག་དོན་དེ་དག་འབྲེལ་བས་མཚམས་སྦྱོར་བར་བྱེད་དགོས་པ་ཉིད་ཀྱི་ཕྱིར་རོ། །འདི་ནི་ཐེག་པ་ཆེན་པོ་བསྟན་བཅོས་གཞན་ལས་ཁྱད་པར་དུ་འཕགས་པའི་ཁྱད་ཆོས་དམིགས་གསལ་བ་ཞིག་ཀྱང་ཡིན་པའོ། །དེས་ན་སྦྱོང་གཞི་སྦྱོང་བྱེད་སྦྱངས་འབྲས་གསུམ་གྱི་ནང་གི་ཕྱོགས་དང་པོ་ཁམས་ཀྱི་དྲི་མ་ལེའུ་བདུན་པ་ཡན་ཆོད་ཀྱིས་བསྟན་ནས་དེའི་དྲི་མ་སྦྱོང་བ་ལ་ཤེས་རབ་རྣམ་པ་གསུམ་ལས། དང་པོ་ཐོས་པ་ལས་བྱུང་བའི་ཤེས་རབ་སྟོན་ཏེ། མ་ཐོས་པར་བསམ་པ་དང་། བསྒོམ་པར་མི་ནུས་པའི་ཕྱིར་རོ། །ཐོས་པ་སྔོན་དུ་མ་སོང་ན་དོན་བསམ་དུ་མེད་པ་དང་། ཐོས་བསམ་གཉིས་ཀ་ཡོད་ཀྱང་། དེའི་དོན་མ་བསྒོམས་ན་ཟས་ཡོད་ཀྱང་མ་ཟོས་ཚེ། ལྟོགས་པའི་སྡུག་བསྔལ་མི་སེལ་བ་དང་། སྐོམ་ཡོད་ཀྱང་མ་འཐུང་ཚེ། སྐོམ་པའི་སྡུག་བསྔལ་མི་སེལ་བ་ལྟ་བུ་ཡིན་པས་ཐོས་བསམ་སྒོམ་གསུམ་གོ་མ་ལོག་པར་དགོས་པ་ཡིན་པས། དེ་ཡང་རྣམ་པ་གསུམ་གྱིས་ཤེས་པར་བྱ་སྟེ། གང་ལས་ཐོས་པར་བྱ་བའི་ཡུལ་ངོས་བཟུང་བ་དང་གཅིག ཇི་ལྟར་ཐོས་པར་བྱ་བའི་ཚུལ་བསྟན་པ་དང་གཉིས། ཐོས་པ་དངོས་ཀྱི་དོན་གཏན་ལ་དབབ་པ་གསུམ་མོ། །དང་པོ་ཐོས་པར་བྱ་བའི་ཡུལ་ལ། མཐུན་ཕྱོགས་དགེ་བའི་བཤེས་གཉེན་བསྟེན་པར་གདམས་པ་དང་གཅིག མི་མཐུན་ཕྱོགས་སྡིག་པའི་གྲོགས་སྤང་བར་གདམས་པ་གཉིས་ལས། དང་པོ་དགེ་བའི་བཤེས་གཉེན་བསྟེན་པའི་ཚུལ་ནི། སྣོད་བཅུད་ཀྱི་སྣང་ཚུལ་བསྟན་པ། དེ་ནས་འཁོར་བ་སྡུག་བསྔལ་རྒྱ་མཚོ་ལས། །བརྒལ་ཕྱིར་དེད་དཔོན་དཔལ་ལྡན་བླ་མ་བསྟེན། །ཞེས་གསུངས་ཏེ། འཁོར་བ་ནི་རྒྱ་ཆེ་བ་རྒྱ་མཚོ་ཆེན་པོ་དང་འདྲ་བས་ཐོག་མཐའི་ཕ་མཐའ་མི་མངོན། མཐའ་འདི་ནས་ཟད་སོང་ཞེས་པའི་ཕྱོགས་མཐའི་ཕ་མཐའ་མི་མངོན། གཏིང་ཟབ་པས་འོག་ནས་འོག་ཏུ་དམྱལ་སོགས་ངན་སོང་གི་ཟབ་ལ་ཐུག་པ་མེད། ལས་ཀྱི་རླུང་ནི་ཆུ་བོའི་གཞུང་དང་འདྲ། །ཞེས་པ་བཞིན་དུ་ཤུགས་དྲག་པས་ལས་སྣ་ཚོགས་ཀྱི་ཆུ་བོའི་འབབ་སྲོལ་འདྲ་མིན་གྱི་རྗེས་སུ་འབྲངས་ནས་གར་ཡང་འཇུག ཅིར་ཡང་སྣང་། ཇི་ལྟར་འཁྲུལ་ཡང་སྡུག་བསྔལ་ལས་མ་འདས་པའི་བཟོད་པར་དཀའ་བས་སྡུག་བསྔལ་གྱི་དབའ་རླབས་ཆེན་པོ་དྲག་ལ་འཕྱོ་བས་བརྒལ་དཀའི་རླབས་དཀྱིལ་གྱི་ཀློང་དུ་འཁོར་ཞིང་འཁྲུག་པ་སྟེ། ཡར་སྲིད་པའི་རྩེ་མོ་ལ་མཚོའི་སྟེང་བྱས་པ། མར་མནར་མེད་ཀྱི་ས་གཞི་ལ་མཚོའི་གཏིང་ཟུག་པ། བར་ལྷ་མི་ངན་སོང་ལ་མཚོའི་དབྱིངས་འཁྱིལ་བ། གང་གིས་ཀྱང་ཐར་པར་དཀའ་ཞིང་། སྡུག་བསྔལ་གྱི་རིགས་མི་འདྲ་བ་རྣམ་པ་མང་པོའི་ཆུ་སྲིན་གདུག་པས་རྩེན་པ་འདི་ལས། བླ་ན་མེད་པའི་ཆོས་ཀྱི་གྲུ་དེད་དཔོན་བླ་མའི་ཁ་ལོ་པས་བརྒྱན་པར་ཞུགས་ཏེ། ད་རེས་ཀྱི་མི་ལུས་རིན་པོ་ཆེ་ཐོབ་པའི་རྟེན་འདི་ལ་བརྒལ་བར་བྱ་དགོས་སོ། །གལ་ཏེ་མ་འབད་ན། ཕྱི་ནས་འཁོར་བ་ངན་སོང་གི་ཀློང་དུ་ཆུད་ནས་གཏན་དུ་ཐར་པའི་དུས་མེད་དོ། །དེ་ལྟར་ཐར་པའི་བློ་བསྐྱེད་ནས། ཆུ་བོའི་ཕ་རོལ་ཏུ་བརྒལ་བར་འདོད་པ་དག་ཀྱང་ཐོག་མར་གྲུ་པ་ལ་གསོལ་བ་འདེབས་པ་ལྟར། ཆོས་ཀྱི་གྲུར་ཞུགས་ཏེ་སྲིད་པའི་མཚོ་ལས་བརྒལ་བ་རྣམས་ཀྱང་། ཐོག་མར་བླ་མའི་གྲུ་འཛིན་ཁ་ལོ་པ་ལ་བརྟེན་དགོས་པས། དེ་མཉེས་པའི་རིམ་པ་ལ་འབད་པར་བྱའོ། །བླ་མ་དེ་ཡང་མཚན་ཉིད་དང་ལྡན་པ་ལ་བསྟེན་དགོས་ཏེ། ཆུའི་ཕ་རོལ་བགྲོད་པ་ཙམ་ལའང་། གྲུ་བཟང་པོ་དང་མཉན་པ་མཁས་ཤིང་སྟོབས་དང་ལྡན་པ་ལ་བསྟེན་ན། འཁོར་བའི་ཆུ་བོ་གཏིང་མཐའ་མེད་པ་ལས་སྒྲོལ་བ་ལས་ཆོས་ཟབ་ཅིང་བླ་མ་མཁས་གྲུབ་ཀྱི་ཡོན་ཏན་མངའ་བ་ལ་བསྟེན་པ་ནི་ཐར་གླིང་འདོད་པ་རྣམས་ཀྱི་མཆོག་ཏུ་གཅེས་པའི་མན་ངག་དམ་པའོ། །ཞེས་དེ་ཡན་གྱིས་མཐུན་ཕྱོགས་དགེ་བའི་བཤེས་གཉེན་བསྟེན་པ་མདོར་བསྟན་པ་སོང་ནས། གཉིས་པ་རྒྱས་བཤད་ལ། བསྟེན་བྱ་དགེ་བའི་བཤེས་གཉེན་གྱི་མཚན་ཉིད། བརྟེན་དགོས་པའི་རྒྱུ་མཚན། ཇི་ལྟར་བསྟེན་ཚུལ་གསུམ། དང་པོ་ལ། བཤེས་གཉེན་གྱི་མཚན་ཉིད་བདུན་བསྟན་པ་དང་། དེ་ལས་ཅི་རིགས་བསྟེན་རུང་བར་བསྟན་པ་གཉིས། དང་པོ་ལ་བདུན་ལས། དང་པོ།

ཡིད་བཞིན་མཆོག་གི་བླ་མ་བསྟན་པ།

དེ་ལ་ཡང་དག་པའི་བླ་མའི་མཚན་ཉིད་ནི་རྣམ་པ་མང་ཡང་། བཤེས་གཉེན་གྱི་མཚན་ཉིད་བདུན་བསྟན་པ་དང་། དེ་ལས་ཅི་རིགས་པ་ཚང་བར་བསྟེན་དུ་རུང་བ་གསུངས་པའི་དང་པོ། འདིར་བདུན་དུ་བསྡུས་ཏེ་བསྟན་པའི་དང་པོ། ཡིད་བཞིན་མཆོག་གི་བླ་མའི་མཚན་ཉིད་བསྟན་པ་ནི། དེ་ཡང་ཐབས་མཁས་ཐུགས་རྗེ་དཔག་མེད་ཅིང་། །མདོ་རྒྱུད་ཡིད་བཞིན་མཛོད་མངའ་འགྲོ་བ་འདྲེན། །སྐྱོན་བྲལ་ཡོན་ཏན་རྫོགས་པའི་བླ་མ་ནི། །སྙིགས་མའི་དུས་སུ་སངས་རྒྱས་དངོས་དང་མཚུངས། །རབ་དང་སྲི་ཞུ་གུས་པས་སྤྱི་བོས་བསྟེན། །ཞེས་གསུངས་ཏེ། དེ་ཡང་མང་ལ་དོ་མ་འདུས་པ་ཏག་ཏག་བཤད་ནས་མན་ངག་ངོ་མ་བསྟན་རྒྱུ་མེད་པ་དེ་ལྟ་བུ་མིན་པར་དཀའ་ཚེགས་ཆུང་ངུས་དོན་ཆེན་པོ་འགྲུབ་པའི་ཐབས་ལ་མཁས་ཤིང་། དཔེ་མཁྱུད་དང་། ང་རྒྱལ་དང་། བརྙས་སེམས་བཟུང་ནས་སེམས་ཅན་བློང་བཏང་བ་མིན་པ་གཞན་ལ་ཐུགས་རྗེ་སྐྱོ་ངལ་མེད་པར་ཕན་པ་དཔག་ཏུ་མེད་པ་མཛད་ལ། རང་ལ་ཡོན་ཏན་མེད་ན་གཞན་ལ་བསྟན་དུ་མེད་པས་བདེ་བར་གཤེགས་པའི་གསུང་རབ་མདོ་སྡེ་དང་། རྒྱུད་སྡེའི་དོན་ལ་མང་དུ་ཐོས་པའི་མིག་དྲི་མ་མེད་པས་ཆོས་ཀྱི་མཛོད་ཁང་རྒྱ་ཆེ་ཞིང་། འགྲོ་བ་རྣམས་ཀྱི་ཁ་ལོ་གྱེན་དུ་བསྒྱུར་བའི་ཕྲིན་ལས་ཚད་མེད་པས་ཐར་པའི་ལམ་སྣ་འདྲེན་པ། བླ་མ་དེའི་སྐུ་གསུང་ཐུགས་ཀྱི་གསང་བ་གསུམ་ལ་མི་དགེ་བའི་དྲི་མ་མེད་པས་སྐྱོན་ཐམས་ཅད་དང་བྲལ་ཞིང་། རང་གཞན་གྱི་འདོད་པ་ཐམས་ཅད་སྐོང་བ་སྟེ། ཡིད་བཞིན་གྱི་ནོར་བུ་བསམ་འཕེལ་ལྟ་བུའི་བླ་མ་དེ་ནི། དེང་སང་སྙིགས་མའི་དུས་འདིར་སངས་རྒྱས་དངོས་དང་མཚུངས་པས། རབ་ཏུ་དད་པས་སྤྱི་བོར་བསྟེན་པར་གདམས་ཏེ། འཕགས་པ་ཡོན་ཏན་བཀོད་པའི་རྒྱལ་པོ་ལས། རིགས་ཀྱི་བུ་ཁྱོད་ཀྱིས་དགེ་བའི་བཤེས་གཉེན་ནི། མཁས་པ་གསལ་བ་སྙིང་རྗེས་ཡོངས་སུ་བརླན་པར་བྱས་པ་དག་ལ་བསྟེན་པར་བྱའོ། །ཞེས་སོ། །སྐྱོན་བྲལ་ཡོན་ཏན་རྫོགས་པའི་བླ་མ་ཞེས་པ་དེ་ནི་རྒྱ་གར་གྱི་བཱི་མ་ལ་དང་། བོད་ཀྱི་བེེ་རོ་ལྟ་བུ་ཞིག་ལ་གསུངས་པའོ། །གཉིས་པ།

རང་བཞིན་ཡོན་ཏན་རྫོགས་པའི་བླ་མ་བསྟན་པ།

མཚན་ཉིད་གཉིས་པ། རང་བཞིན་ཡོན་ཏན་རྫོགས་པའི་བླ་མ་ནི། །རིགས་བཟང་ངོ་ཚ་ཁྲེལ་ཡོད་དབང་པོ་ཚང་། །བྱམས་དང་སྙིང་རྗེ་ཤེས་རབ་རྒྱ་ཆེ་ཞིང་། །མང་ཐོས་སྒོ་གསུམ་དུལ་ཞིང་བཟོད་ཆེན་ལྡན། །གསོང་ཞིང་དེས་ལ་གྱ་གྱུ་མེད་པ་སྟེ། །ཡིད་བཞིན་རིན་ཆེན་དད་བརྒྱའི་གཙུག་གིས་བསྟེན། །ཞེས་གསུངས་ཏེ། ཤཱཀྱའི་བསྟན་པར་རིགས་དང་རུས་གཙོ་བ་མིན་ཀྱང་། མི་གཤིས་ངན་པ་འཆོས་ཐབས་མེད་པ་སོགས་རིགས་བརྒྱུད་ལ་ཡང་ལྟོས་པའི་ཕྱིར་རིགས་ཀྱི་ཡོན་ཏན་རྒྱལ་རིགས་ལ་སོགས་པར་ཞེས་བཀའ་བསྟན་སྤྱིའི་དབང་དུ་བཏང་ནས་རྒྱ་གར་གྱི་ལུགས་སུ་བྱས་ནས་གསུངས་པ་ཡིན། དེ་འདྲའི་རིགས་བཟང་པོར་སྐྱེས་པས་ངོ་ཚ་དང་ཁྲེལ་འཛེམ་ཆེ་བ། སྐྱེ་བ་སྔ་མ་ཚོགས་བསགས་པས་དབང་པོ་ཚང་ཞིང་དག་ལ། ཐེག་ཆེན་གྱི་རིགས་སུ་སྐྱེས་པས་བྱམས་པ་དང་སྙིང་རྗེ་ཆེ་བ། ཐེག་པ་མཆོག་གི་རང་བཞིན་ལ་མཁས་པས་བློ་ཡངས་པ། སྔོན་སྦྱངས་ཀྱི་ལས་འཕྲོ་སད་པས་སྐྱེས་ཐོབ་ཀྱི་ཤེས་རབ་ཆེ་བ། གཟུང་འཛིན་དང་ཉོན་མོངས་པ་ཆུང་བས་དུལ་ཞིང་བཟོད་པ་དང་ལྡན་པ། ཆོས་ཀྱི་རྣམ་གྲངས་ཚོལ་བས་ཐོས་པའི་སྒོ་མང་བ། སྒོ་གསུམ་ངང་གིས་དུལ་བས་དྲང་ལ་གྱ་གྱུ་མེད་པ། དམན་པའི་སྤྱོད་ལམ་བོར་ནས་ཡང་དག་པའི་གནས་ལ་དད་པ་སྟེ། དགོངས་འདུས་ལས། རིགས་བཟང་སེམས་དལ་ཁོང་དུལ་དང་། །གཟི་ལྡན་བརྗིད་ཆེ་ཡུལ་མི་འཇུག །ཤེས་བྱའི་ཡོན་ཏན་ཟད་མི་ཤེས། །ཚད་མེད་ཡངས་པའི་བློ་གྲོས་དང་། །རྐྱེན་ཐུབ་བཟོད་ལྡན་ཀུན་ཏུ་དྲང་། །གསོང་ཞིང་སྤྱོད་ལམ་གྱ་གྱུ་མེད། །འདུ་འཛི་དམན་པའི་ལམ་རྣམས་སྤངས། །འཕྱོ་དང་གཡེངས་བྲལ་དབེན་པ་བསྟེན། །འདི་དང་གང་ལྡན་དམ་པའི་འོས། །ཞེས་སོ། །གསུམ་པ། རང་བཞིན་ཡོན་ཏན་རྫོགས་པའི་བླ་མ་ནི་ཤིང་རྟ་ཆེན་པོ་ཐོགས་མེད་དང་། རྗེ་བཙུན་གྲགས་པ་ལྟ་བུ་ཡིན།

སྲིད་ལས་རྣམ་གྲོལ་མཆོག་རབ་བླ་མ་བསྟན་པ།

མཚན་ཉིད་གསུམ་པ། སྲིད་ལས་རྣམ་གྲོལ་མཆོག་རབ་བླ་མ་ནི། །ཡུལ་དང་རྒྱང་བསྲིངས་མི་ཆོས་རྒྱབ་ཏུ་བོར། །དགོས་མེད་རང་བཞིན་ནོར་རྫས་ཞེན་པ་ཆུང་། །རྒྱུ་འབྲས་ཡིད་ཆེས་དགེ་སྡིག་བླང་དོར་བྱེད། །ཚེ་འདི་བློས་ཐོངས་ཡུན་གྱི་དོན་ཆེན་འགྲུབ། །ཐེག་ཆེན་དོན་ལྡན་འགྲོ་དོན་ཐབས་མཁས་སྤྱོད། །བརྟགས་ཤིང་ངོ་མཚར་དཔལ་ལྡན་ཆོས་ཀྱི་རྗེ། །རྟག་ཏུ་འབྲལ་མེད་སྐྱོ་ངལ་མེད་པར་བསྟེན། །ཞེས་གསུངས་ཏེ། ཕ་ཡུལ་ལ་འབྲེལ་བ་ཆོད་པས་སྐྱེས་པའི་ཡུལ་ལས་ཐག་བསྲིངས་པ། འཁོར་བ་ལ་སྡུག་བསྔལ་དུ་ཤེས་པས་མི་ཆོས་རྒྱབ་ཏུ་བོར་བ། དགོས་མེད་རྒྱུད་ལ་སྐྱེས་པས། ཟས་ནོར་ལ་ཆགས་ཞེན་ཆུང་བ། རྒྱུ་འབྲས་ལ་ཡིད་ཆེས་སྐྱེས་པས་དགེ་སྡིག་ལ་བླང་དོར་བྱེད་པ། ཚེ་འདི་སྤུན་པའམ་འབྲུའི་ཤུན་པ་ལྟར་བསྐྱུར་ནས་ཡུན་གྱི་དོན་ཆེན་སྒྲུབ་པ། ཐེག་ཆེན་དོན་དང་ལྡན་པས་འགྲོ་དོན་ཐབས་ལ་མཁས་པ་སྟེ། དགོངས་འདུས་ལས། དཔའ་བོ་མཐུ་ལྡན་རང་ཡུལ་སྤངས། །བདེན་སྨྲ་ཇི་སྐད་གསུང་བཞིན་བྱེད། །རི་དྭགས་རྒྱལ་པོ་སེང་གེ་ལྟར། །བརྟགས་ཤིང་ཡོན་ཏན་བླར་ཆེ་བ། །སྡུག་བསྔལ་རྣམས་ལས་ཐབས་ཀྱིས་སྐྱོབ། །ཅེས་སོ། །སྲིད་ལས་རྣམ་གྲོལ་མཆོག་རབ་བླ་མ་ནི་རྒྱ་གར་གྱི་ཞི་བ་ལྷ་དང་། བོད་ཀྱི་འབྲོམ་སྟོན་པ་ལྟ་བུའོ། །བཞི་བ།

ཤེས་རབ་རྒྱ་ཆེ་སྐལ་བཟང་བླ་མ་བསྟན་པ།

མཚན་ཉིད་བཞི་པ། ཤེས་རབ་རྒྱ་ཆེ་སྐལ་བཟང་བླ་མ་ནི། །རིག་གནས་ཀུན་ལ་ཤེས་བྱའི་དཀྱིལ་འཁོར་རྒྱས། །ཐོས་བསམ་རྒྱ་ཆེ་གྲུབ་མཐའི་ཚིག་དོན་མཁས། །ལྟ་སྤྱོད་ཕུལ་བྱུང་གང་གིས་སྨད་དུ་མེད། །ལུང་རིགས་དང་ལྡན་རང་བཟོ་གཟུ་ལུམ་མེད། །གདུལ་བྱའི་བློ་རིགས་བརྟགས་ནས་ཆོས་སྟོན་ཅིང་། །བྱང་ཆུབ་ལམ་འདྲེན་དེད་དཔོན་བློ་མིག་ཅན། །རིན་ཆེན་ཐར་གླིང་བགྲོད་དེ་གུས་པས་བསྟེན། །ཞེས་གསུངས་ཏེ། སྤྱིར་རིག་པའི་གནས་ལ་ཤེས་རབ་འབྱོངས་པས་ཤེས་བྱ་ལ་ཐོགས་པ་མེད་པ། བྱེ་བྲག་ཆོས་སྒོའི་ཐོས་བསམ་མང་བས་ཐེག་པ་ཐམས་ཅད་ཀྱི་ཚིག་དོན་རྟོགས་པ། ཁྱད་པར་ལྟ་སྤྱོད་ཕུལ་དུ་བྱུང་བས་ལོག་དམན་གྱི་གྲུབ་མཐའ་ལས་གྲོལ་བ། ལུང་རིགས་ཀྱི་རྐྱ་བར་སྟེ་དྲང་ཐིག་གི་སྐུད་པའི་བར་ནས་འདོན་པས་ཕྱོགས་གང་དུ་ཡང་མ་ལྷུང་པར་ཆོས་ལ་རས་ཆོད་དམ་ཁྱད་གསོད་དང་གཟུ་ལུམ་མེད་པ། གདུལ་བྱའི་བློ་རིགས་བརྟགས་ནས་བསྟན་པའི་ལམ་སྲོལ་དུ་འཇུག་པ། ཆོས་དང་ཆོས་མིན་ཕྱེད་པས་བདུད་དང་གོལ་ས་གཅོད་པ་ལ་མཁས་པ་སྟེ། འཕགས་པ་སྡོང་པོ་བཀོད་པའི་མདོ་ལས། དགེ་བའི་བཤེས་གཉེན་ཞེས་བྱ་བ་ནི། མི་དགེ་སྤོང་ཞིང་དགེ་བ་ལ་སྦྱོར་བ། ཆོས་ཇི་ལྟ་བ་བཞིན་དུ་མ་ནོར་བར་སྟོན་ཅིང་བསྟན་པ་ལྟར་སྤྱོད་པ། རང་ཉིད་འཕགས་པའི་ནོར་བདུན་དང་ལྡན་ཞིང་བྱང་ཆུབ་ཚོལ་ལ་གཞན་ཡང་དེ་ལ་སྦྱོར་བའོ། །ཞེས་སོ། །འདིའི་མཚན་གཞི་རྒྱ་གར་གྱི་འཕགས་པ་ཀླུ་སྒྲུབ་དང་། བོད་ཀྱི་རོང་ཟོམ་ཆོས་བཟང་ལྟ་བུའོ། །ལྔ་བ།

རིམ་བརྒྱུད་བྱིན་རླབས་ལྡན་པའི་བླ་མ་བསྟན་པ།

མཚན་ཉིད་ལྔ་པ། རིམ་བརྒྱུད་བྱིན་རླབས་ལྡན་པའི་བླ་མ་ནི། །གོང་མ་མཉེས་བྱས་གྲུབ་ཐོབ་བརྒྱུད་པ་འཛིན། །ཐུགས་མཛོད་ལོན་པས་སྙན་བརྒྱུད་གདམས་པར་ལྡན། །ཕྱག་བཞེས་མཐོང་བས་དོན་གཉིས་སྒྲུབ་ལ་མཁས། །སྒྲུབ་ལ་བརྩོན་པས་དངོས་གྲུབ་སྤྲིན་ཚོགས་བརྙེས། །གཞན་སྣང་བསྒྱུར་ནས་ཐར་པའི་ལམ་སྣ་འདྲེན། །མདོ་རྒྱུད་བཀའ་བབས་དམ་ཚིག་གཙང་གྱུར་པ། །དེ་འདྲའི་མཁས་གྲུབ་དཔལ་མགོན་སྤྱི་བོས་བསྟེན། །ཞེས་གསུངས་ཏེ། བླ་མ་དགེ་བའི་བཤེས་གཉེན་མཉེས་པར་བྱས་པས་གྲུབ་ཐོབ་ཀྱི་བརྒྱུད་པ་འཛིན་པ། བླ་མའི་ཐུགས་མཛོད་བྲུས་པས་སྙན་བརྒྱུད་ཀྱི་གདམས་པ་མངའ་བ། གོང་མའི་ཕྱག་བཞེས་མཐོང་བས་དོན་གཉིས་སྒྲུབ་པ་ལ་མཁས་པ། རྟག་ཏུ་སྒྲུབ་པ་ལ་བརྩོན་པས་དངོས་གྲུབ་ཀྱི་དོན་སྣང་ཐོབ་པ། གོང་མའི་བྱིན་རླབས་ཞུགས་པས་གཞན་སྣང་བསྒྱུར་བར་ནུས་པ། སྣ་ཚོགས་ཐབས་ལ་མཁས་པས་འགྲོ་བ་ཐར་པར་འདྲེན་པ། རང་རྒྱུད་ཆོས་དང་འདྲེས་པས་དཀོན་མཆོག་གསུམ་ཀ་ཚང་བ། རྒྱལ་བས་བྱིན་གྱིས་བརླབས་པས་མདོ་རྒྱུད་ཀྱི་བཀའ་བབས་པ། གསང་སྔགས་ཀྱི་སྐལ་བ་ཆེ་བས་བཀའ་བབས་ཀྱི་དམ་ཚིག་གཙང་བ་སྟེ། སྒྱུ་འཕྲུལ་རྡོ་རྗེ་ལས། མང་དུ་ཐོས་ཤིང་ཤེས་རབ་ཆེ། །ལུང་གི་དགོངས་པ་ངེས་པར་རྟོགས། །ཟང་ཟིང་རྙེད་པ་དོན་མི་གཉེར། །དཀའ་བ་སྤྱོད་ཅིང་སྐྱོ་ངལ་ཆུང་། །མན་ངག་ཆེ་ཞིང་ལམ་ལས་གྲོལ། །རིགས་ལ་མཁས་ཤིང་དྲོད་ཚད་ཤེས། །བྱང་ཆུབ་སེམས་ལྡན་སྙིང་རྗེ་ཆེ། །རྒྱུད་ལྡན་བཀའ་བབས་སྒྲུབ་ལ་མཁས། །མཛོད་ལྡན་ཆུ་བོ་ཡོངས་སུ་རྫོགས། །རང་རྒྱུད་གྲོལ་ཞིང་གཞན་དོན་བརྩོན། །གསང་སྔགས་བླ་མའི་མཚན་ཉིད་དོ། །ཞེས་སོ། །རིམ་བརྒྱུད་བྱིན་རླབས་ལྡན་པའི་བླ་མའི་མཚན་ཉིད་ཚང་མཁན་གྱི་མཚན་གཞི་ནི་རྒྱ་གར་གྱི་ནཱ་རོ་པ་དང་། བོད་ཀྱི་རྗེ་བཙུན་མི་ལ་ལྟ་བུའོ། །དྲུག་པ།

ཐུགས་རྗེས་ལམ་སྣ་འདྲེན་པའི་བླ་མ་བསྟན་པ།

མཚན་ཉིད་དྲུག་པ། ཐུགས་རྗེས་ལམ་སྣ་འདྲེན་པའི་བླ་མ་ནི། །བྱང་ཆུབ་སེམས་འབྱོངས་རྟག་ཏུ་གཞན་ཕན་སྤྱོད། །བྱིན་རླབས་ཞུགས་པས་གཞན་སྣང་བྱིན་གྱིས་རློབས། །ལྟ་སྒོམ་སྤྱོད་འབྲས་ཉམས་མྱོང་དྲོད་རྟགས་ལྡན། །ནུས་མཐུ་རབ་ལྡན་གདོན་བགེགས་བར་ཆད་སེལ། །ཐབས་མཁས་ཐར་ལམ་འགྲོ་བ་འདྲེན་པའི་མཆོག །མཚུངས་མེད་འཇིག་རྟེན་རྒྱན་གྱུར་གུས་པས་བསྟེན། །ཞེས་གསུངས་ཏེ། ཐེག་ཆེན་གྱི་བསླབ་པ་འབྱོངས་པས་ཅི་སྤྱོད་གཞན་དོན་དུ་འགྱུར་བ། བླ་མའི་བྱིན་རླབས་ཞུགས་པས་གཞན་སྣང་བྱིན་གྱིས་རློབ་པར་ནུས་པ། གནས་ལུགས་ཀྱི་དོན་ལ་སྦྱངས་པས། ལྟ་སྒོམ་སྤྱོད་འབྲས་ལ་ཉམས་མྱོང་གི་དྲོད་རྟགས་ཐོབ་པ། རིག་པ་གནད་དུ་ཚུད་པས་ནུས་མཐུས་གདོན་བགེགས་ཀྱི་བར་ཆད་སེལ་བ། རྫུ་འཕྲུལ་ཐབས་ལ་མཁས་པས་ལོག་ལྟ་དབང་དུ་འདུས་པ། གཞན་དོན་ཐབས་ལ་མཁས་པས་འགྲོ་བའི་ལམ་སྣ་འདྲེན་པ་སྟེ། ངེས་བརྗོད་བླ་མ་ལས། བྱང་ཆུབ་སེམས་བརྟན་ཐབས་ལ་མཁས། །དེ་ཉིད་དོན་ལ་དྲོད་ཚད་ལྡན། །མཐུ་ལྡན་བགེགས་ཀྱིས་བརྫི་བ་མེད། །བྱིན་རླབས་བླ་མ་མཉེས་བྱས་པས། །རྡོ་རྗེ་སློབ་དཔོན་ཉིད་ཡིན་ནོ། །ཞེས་སོ། །ཐུགས་རྗེས་ལམ་སྣ་འདྲེན་པའི་བླ་མའི་མཚན་གཞི་རྒྱ་གར་གྱི་ཏེེ་ལོ་པ་དང་། བོད་ཀྱི་མར་པ་ལོ་ཙཱ་བ་ལྟ་བུའོ། །བདུན་པ།

མཐར་ཐུག་སྙིང་པོའི་དོན་སྟོན་བླ་མ་བསྟན་པ།

མཚན་ཉིད་བདུན་པ། མཐར་ཐུག་སྙིང་པོའི་དོན་སྟོན་བླ་མ་ནི། །འབྲེལ་ཚད་རྣམ་གྲོལ་ཟབ་མོའི་ལམ་ལ་སྦྱོར། །ལམ་ཟབ་སྙིང་པོའི་རང་གནས་ཆོས་སྐུ་སྤྲོད། །བོགས་འདོན་ཟབ་མོའི་ཉམས་རྟོགས་གོང་འཕེལ་བྱེད། །མཐར་ཕྱིན་རྟོགས་པས་གནས་ལུགས་གཞི་ལ་སྐྱེལ། །ཐབས་ལམ་ཟབ་མོས་གང་ཡང་ལམ་དུ་སྒྱུར། །གདམས་པ་མང་ལྡན་ཤེས་རྒྱུད་འགྲོལ་ལ་མཁས། །ཚེ་འདིས་འཁོར་བའི་ཆུ་བོ་སྒྲོལ་ནུས་པ། །དེད་དཔོན་ཡིད་བཞིན་སྨན་པའི་རྒྱལ་པོ་ནི། །ཀུན་ལས་འཕགས་ཕྱིར་མཚུངས་མེད་གུས་པས་བསྟེན། །ཞེས་གསུངས་ཏེ། ཐུགས་རྗེ་ཚད་མེད་པས་འབྲེལ་ཚད་དོན་དང་ལྡན་པ། ཐེག་པའི་རིམ་པ་ལ་མཁས་པས་ཐར་ལམ་གང་མོས་ལ་འགོད་པ། མས་འཛེག་ལམ་རིམ་ལ་མཁས་པས་བློ་དམན་དགེ་སྦྱོར་ལ་འཛུད་པ། ཐར་ལམ་གྱི་དམར་ཁྲིད་ཟབ་མོས་རང་གནས་ཀྱི་ཆོས་སྐུ་རང་ངོ་ཅེར་མཐོང་དུ་སྤྲོད་པ། རྩལ་སྦྱོངས་ཀྱི་བོགས་འདོན་ཟབ་མོས་ཡོན་ཏན་གོང་འཕེལ་དུ་བསྐྱེད་པ། མཐར་ཕྱིན་རྟོགས་པ་མངའ་བས་གདུལ་བྱར་ཡིན་ལུགས་ཀྱི་རྟོགས་པ་བསྐྱེད་པ། ཐབས་ལམ་ཟབ་མོ་མངའ་བས་གང་ཡང་ལམ་དུ་སྒྱུར་བ། སྣ་ཚོགས་གདམས་པ་མང་བས་ཤེས་རྒྱུད་འགྲོལ་བར་མཁས་པ། མཐོང་ཐོས་མྱོང་བ་ཆེ་བས་བདུད་དང་གོལ་ས་གཅོད་པར་མཁས་པ། ཡང་རྩེའི་དགོངས་པ་མངའ་བས་ཤེས་རྒྱུད་མཐའ་དག་འགྲོལ་བར་བྱེད་པ་སྟེ། གསང་བ་ཡིད་བཞིན་མཆོག་གི་རྒྱུད་ལས། མཁས་ཤིང་གཞན་བདེ་བྱེད་ལ་བརྩོན། །མཐར་ཕྱིན་དོན་ལ་བློ་གྲོས་འབྱོར། །ལམ་གྱུར་ཤེས་རྒྱུད་འགྲོལ་ལ་མཁས། །བདུད་དང་གོལ་ས་གཅོད་ལ་མཁས། །བླ་མེད་སྙིང་པོ་བླ་མའི་ཆོས། །ཞེས་སོ། །མཐར་ཐུག་སྙིང་པོའི་དོན་སྟོན་གྱི་བླ་མའི་མཚན་གཞི་རྒྱ་གར་གྱི་ཤྲཱི་སེང་ཧ་དང་། བོད་ཀྱི་ལྕེ་བཙུན་སེང་གེ་དབང་ཕྱུག་ལྟ་བུའོ། །དེ་ལྟར་ཇི་སྐད་བསྟན་པའི་ཡོན་ཏན་ཀུན་དང་ལྡན་ན་སངས་རྒྱས་ཉིད་ཡིན་པར་ངེས་ཤེས་བསྐྱེད་ལ་བསྟེན་ནོ། །དེ་ཡང་སྙིགས་མའི་དུས་སུ་དེ་ཐམས་ཅད་འཛོམས་པར་དཀའ་བས། ཡོན་ཏན་དྲུག་མན་ཆད་ལྡན་པ་ནི། བླ་མར་ངེས་པས་གཟུང་ལ་བསྟེན་པར་བྱའོ། །དེ་ལྟ་བུའི་བླ་མ་དམ་པ་མཆོག་ཏུ་དད་པས་བསྟེན་པར། དགོངས་འདུས་ལས། བླ་མེད་སྙིང་པོར་སྨིན་པའི་རྐྱེན། །ལམ་སྟོར་ས་མཁན་བཤེས་གཉེན་མགོན། །མུན་སེལ་སྒྲོན་མེ་རིན་པོ་ཆེ། །མཐོང་མིག་དབང་པོ་ཡིད་རྣམས་ཤེས། །ཆུ་བོ་རབ་མེད་སྒྲོལ་བའི་གྲུ། །འཇིགས་པའི་རྫོང་ཆེན་བརྟན་པའི་མཁར། །འཁོར་བའི་གཅོང་འབྱིན་སྨན་པའི་མཆོག །མཚོ་གླིང་རིན་ཆེན་སྦྱིན་བྱེད་པའི། །དེད་དཔོན་བླ་མ་དམ་པ་སྟེ། །སྔོན་དུ་ངེས་པར་ཤེས་པར་བྱ། །ཞེས་གསུངས་སོ། །གཉིས་པ།

དེ་ལས་ཅི་རིགས་བསྟེན་རུང་བར་བསྟན་པ།

དེ་དག་གི་དོན་ཡང་། ཇི་སྐད་བཤད་པའི་ཡོན་ཏན་མཆོག་དག་ལས། །ཀུན་ལྡན་བླ་མ་ཨུ་དུམ་ཝཱ་ར་ཙམ། །ཕལ་ཆེར་ལྡན་པའང་སངས་རྒྱས་དང་འདྲ་ཞིང་། །དྲུག་ཚན་ཙམ་ལྡན་དེ་ལའང་བསྟེན་རུང་སྟེ། །སྙིགས་མའི་དུས་འདིར་རབ་ཏུ་རྙེད་དཀའི་ཕྱིར། །རབ་ཏུ་གུས་པ་ཆེན་པོས་བསྟེན་པར་བྱ། །ཞེས་གསུངས་ཏེ། དེ་ལྟར་བཤད་པའི་ཡོན་ཏན་ཀུན་ཚང་བ་ནི་མེ་ཏོག་གི་རྒྱལ་པོ་ཨུ་དུམ་ཝཱ་ར་ལྟར་རྙེད་པར་དཀའ་ལ། ཡོན་ཏན་ཕལ་ཆེར་ལྡན་པའང་སངས་རྒྱས་དང་མཚུངས་པ་ཙམ་སྟེ། དྲུག་ཚན་རེ་ཚང་བའང་དམ་པར་བཟུང་ནས་བསྟེན་པར་བྱའོ། །དེ་དག་གི་ནང་ནས་ལམ་ལ་མཁས་པ་དག་གཙོ་བོར་བསྟེན་ཏེ། ཡོན་ཏན་རིན་པོ་ཆེ་ཡོངས་སུ་སྡུད་པའི་མདོ་ལས། བླ་མ་མཁས་པ་རྣམས་ལ་རྟག་ཏུ་བསྟེན་པར་བྱ། །ཅི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང་། །ཞེས་སོ། །འཁོར་བའི་རང་བཞིན་སྤང་བྱར་ཤེས་པ་དང་། མྱང་འདས་ཀྱི་རང་བཞིན་བླང་བྱར་ཤེས་པ་ཙམ་གྱིས་མི་ཆོག་པར། དེའི་ཐབས་དང་གདམས་ངག་རང་རྒྱུད་ལ་བརྟེན་ནས་ཉམས་ལེན་དངོས་ཀྱི་ཐོག་ནས་སྤང་བླང་འདོར་ལེན་གྱི་གནད་ཟིན་དགོས་པས། དེའི་གནད་སྟོན་པའི་བཤེས་གཉེན་ལམ་ཁྲིད་ཀྱི་དེད་དཔོན་ལྟ་བུ་ཞིག་ངེས་པར་དུ་རྙེད་དགོས། དེའང་འདི་ནས་གསུངས་པ་ལྟར་དུ་སྐྱོན་བྲལ་ཡོན་ཏན་རྫོགས་པ། ཤེས་རབ་རྒྱ་ཆེ་བ། སྲིད་ལས་རྣམ་པར་གྲོལ་བ། རིམ་བརྒྱུད་ཀྱི་བྱིན་རླབས་ལྡན་པ། ཐུགས་རྗེའི་ལམ་སྣ་འདྲེན་པའི་ནུས་པ་དང་ལྡན་པ། མཐར་ཐུག་སྙིང་པོའི་དོན་བདེ་བླག་ཏུ་སྟོན་ཐུབ་མཁན་ཡིད་བཞིན་ནོར་བུ་བསམ་དགུ་འགྲུབ་པ་ཞིག་དང་འདྲ་བའི་བླ་མ་ཞིག་རྙེད་དུ་ཡོད་ཚེ། ཚེ་རབས་གཏན་དུ་འཚེང་པའི་རང་གཞན་གྱི་དོན་ཆེན་ཡིན་པས། དམ་ཆོས་སྒྲུབ་འདོད་ཡོད་མཁན། ཞེ་སྙིང་གིས་ཐར་བ་དོན་གཉེར་ཤེས་པ་ཞིག་གིས་དེ་གལ་ཆེན་དུ་འཛིན་རྒྱུ་ནི་གནད་ཆེན་ནང་གི་དོན་ཆེན་ཡིན། དེ་རིང་ཁ་སང་དུས་ངན་སྙིགས་མ་ཡིན་པས་གོང་ནས་མཚན་གཞིར་འཇོག་རྒྱུའི་བླ་དེ་འདྲ་གང་ན་ཡོད་དེ་མེད་དོ་སྙམ་པ་ནི་མི་རིགས་ཏེ། སྔོན་དུས་བཟང་བས་སངས་རྒྱས་སྤྲུལ་བའི་སྐུ་སྲས་དང་བཅས་པ་འཇིག་རྟེན་དུ་བྱོན་པའི་སྐབས་སུའང་བདུད་རིགས་ལོག་ལྟ་ཅན་ལོག་པའི་ལམ་སྟོན་བྱེད་པ་སྡེ་དང་བཅས་པ་ཡོད་པར་འདུག ད་ལྟར་སྙིགས་མ་ལྔ་བདོ་བའི་སྐབས་ཡིན་ནའང་སངས་རྒྱས་ཀྱི་ཕྲིན་ལས་དང་མཁྱེན་བརྩེ་ནུས་པ་ལ་དར་རྒུད་མེད་པར་ན་བའི་བུ་ལ་ལྷག་པར་བརྩེ་བའི་མ་བཞིན་དུ། སྙིགས་མའི་རྒུད་པས་མནར་བའི་འགྲོ་བ་ལ། ཁ་བྱང་བསྟན་ཀྱི་ཕུག་པ་རུ་ཉི་འོད་འཆར་ཐབས་མེད་ན་མ་གཏོགས། ལྷག་པར་དུ་ཐུགས་བརྩེ་འཇུག་པ་ཡིན། ཆོས་ཀྱི་བྱིན་རླབས་ཡལ་བའི་དུས་ཡིན་ན་ཡང་། ཀུན་བཟང་ཐུགས་ཀྱི་བསྟན་པ་ནམ་ཡང་ནུབ་པ་མེད་པས་མ་ཚད། གསང་སྔགས་ཀྱི་ནུས་པ་བཀའ་བཙན་བྱིན་ཆེན་ལྷག་པར་བྱིན་རླབས་མྱུར་བའི་སྐབས་ཡིན་པས། །དེ་ཉིད་ཇི་བཞིན་སྟོན་པའི་བླ་མ་དམ་པ་མཚན་ཉིད་ཚང་བ་ཡང་བྱོན་དང་འབྱོན་འགྱུར་ཡིན། འོན་ཀྱང་རང་ཉིད་ལ་ལས་དང་སྐལ་བ་མེད་ན། དམ་པ་དང་རྫུན་པ་ངོ་མི་འབྱེད་ནས་བླ་མ་བསྟེན་ཐག་མི་ཆོད། བསྟེན་མི་ཤེས་པར་མི་ཚེའི་ལ་མོ་ཉིན་རེ་བཞིན་དུ་རྒལ་ནས་མདོ་མེད་དོན་ཆུང་གི་བྱ་བ་ལ་མགོ་འཁོར་ནས། ཐ་མར་འགྱོད་ཀྱང་ཅི་བྱ་མེད་པའི་ས་ཚོད་དུ་ཐོན་ཚེ། ལག་སྟོང་མཆན་དུ་བཅུག་དགོས་པ་དེ་ནི་གཞན་ཞིག་ལ་ལེ་བདའ་ས་མེད་པར་རང་བྱས་ཀྱིས་མ་འཇོན་པ་ཡིན། དེས་ན་གོང་ནས་གསུངས་པ་ལྟ་བུའི་ཡོན་ཏན་ཀུན་ལྡན། གཅིག་ན་དཀོན་པ་དང་། གཉིས་ན་མ་རིག་པའི་སྐྱོན་གྱིས་སླད་པའི་གང་ཟག་གིས་དེའི་ཡོན་ཏན་མཐོང་དཀའ་ཡང་། དེའི་ནང་གི་ཕལ་ཆེ་ལྡན་པ་དང་། དྲུག་ཚན་རེ་རེ་ཚང་བ་ཡོད་ན་ཡང་དམ་པར་འཛིན་ནས་བསྟེན་དགོས། དེ་བསྟེན་ན་ཕན་ཐོགས་རང་ཉིད་ལ་འབྱུང་ནས་ངན་པའི་ལམ་དུ་འགྲོ་བ་འགོག་ཅིང་། བདེ་འགྲོ་ཐོབ་ནས་སངས་རྒྱས་ཀྱི་སར་འགྲིམས་པ་ཡིན། མདོར་ན་མཐའ་ཐུག་རང་གཞན་གྱི་དོན་ཆེན་འགྲུབ་མི་འགྲུབ་རྩ་བ་འདི་ལ་ཐུག་པ་ཡིན་པས་བླ་མ་དམ་པ་བརྟགས་ཤིང་མ་ནོར་བར་བསྟེན་པ་ལ་མཁས་པ་ནི་གནད་བརྒྱའི་འགག་མདོ་ཀུན་འདུས་ཡིན་པའོ་། །གཉིས་པ་བསྟེན་དགོས་པའི་རྒྱུ་མཚན་ལ། བསྟན་བཤད་གཉིས། དང་པོ།

བསྟེན་དགོས་པའི་རྒྱུ་མཚན་མདོར་བསྟན་པ།

དེ་ལྟ་བུའི་བླ་མ་དམ་པ་འབྲལ་མེད་དུ་བསྟེན་པར་གདམས་པའི་གཏན་ཚིགས་སམ་རྒྱུ་མཚན་ལ་དྲུག་ལས། དང་པོ་གཏན་བདེ་བྱང་ཆུབ་བསྒྲུབ་པའི་འདུན་གྲོས་དྲི་བའི་ཡུལ་བླ་མ་ལས་གཞན་མེད་པས་ཀྱང་བླ་མ་བསྟེན་དགོས་པར་གདམས་པ་ནི། འབྲལ་མེད་རྒྱུན་དུ་བསྟེན་པར་གདམས་པ་ཡང་། །ཞེས་གསུངས་ཏེ། མདོར་བསྟན་ནས། གཉིས་པ་ལ། གཏན་གྱི་འདུན་གྲོས་སྟོན་པ། བླང་དོར་གྱི་མིག་ཕྱེད་པ། ཞིང་མཆོག་ཏུ་གྱུར་པ། སྐྱབས་བླ་ན་མེད་པ། ཡོན་ཏན་རྒྱས་པར་བྱེད་པ། སྟོན་པ་སངས་རྒྱས་ཀྱི་བྱ་བ་བྱེད་པ་སྟེ་རྒྱུ་མཚན་དྲུག་ལས། དང་པོ།

གཏན་གྱི་འདུན་གྲོས་སྟོན་པ།

གཏན་གྱི་འདུན་གྲོས་ཐར་ལམ་ཟབ་མོ་ཉིད། །བླ་མ་ལས་གཞན་གང་གིས་སྟོན་མི་འགྱུར། །དེ་ཕྱིར་རྟག་ཏུ་བླ་མ་བསྟེན་པར་བྱ། །ཞེས་གསུངས་ཏེ། འདི་ལྟར་འཇིག་རྟེན་ན་འདུན་གྲོས་མཁས་པར་གྲགས་པའི་རྒྱལ་པོ་དང་། བློན་པོ་དང་། གཙོ་བོ་དང་། ཕ་དང་མ་ལ་སོགས་པས་ཀྱང་སྟོན་པར་མི་ནུས་པའི་འདུན་གྲོས། ཚེ་འདིར་བདེ་ལ་ཐར་པའི་ལམ་སྣ་ཟིན་པ། ཕྱི་མར་སྐྱིད་ལ་བྱང་ཆུབ་ཀྱི་ལམ་ལ་འཛེག་པ། གཏན་དུ་ལེགས་པ་རང་གཞན་གྱི་དོན་གཉིས་གྲུབ་པའི་འདུན་མ་བཟང་པོ་ནི་བླ་མ་དམ་པས་སྟོན་པར་ནུས་པའི་ཕྱིར་བསྟེན་པར་བྱ་དགོས་ཏེ། སྡོང་པོ་བཀོད་པ་ལས། དགེ་བའི་བཤེས་གཉེན་རྣམས་ནི་ངན་སོང་ལས་སྐྱོབ་པའོ། །བདེ་འགྲོ་སྦྱིན་པའོ། །བྱང་ཆུབ་ཀྱི་ལམ་ལ་སྦྱོར་བའོ། །ཆོས་མཉམ་པ་ཉིད་རྟོགས་པར་བྱེད་པ་དང་། ལམ་བདེ་བ་དང་མི་བདེ་བ་སྟོན་པར་བྱེད་པ་དང་། བདག་གི་དཀར་པོའི་ཆོས་ཐམས་ཅད་འཕེལ་བར་བྱེད་པའོ་ཞེས་པ་དང་། དགོངས་འདུས་ལས། གང་འདིར་མུན་པར་འཁྱམས་པ་ལ། །བདེ་ཆེན་སྣང་བའི་ལམ་སྟོན་པ། །སྐྱབས་ཆེན་བླ་མ་དེ་ཉིད་ལས། །གཞན་གྱིས་སྐྱོབ་པར་ནུས་མ་ཡིན། །ཞེས་སོ། །གཉིས་པ།

བླང་དོར་གྱི་མིག་ཕྱེད་པ།

གཉིས་པ་བྱ་བ་དང་བྱ་བ་མ་ཡིན་པ་བླང་དོར་གྱི་དམིགས་སྟོན་པའང་བླ་མ་ལས་གཞན་མེད་པས་བསྟེན་པར་འོས་པ་ནི། དགེ་སྡིག་སྤང་བླང་ཟབ་མོའི་གནད་སྟོན་ཅིང་། །སྡུག་བསྔལ་ནད་སེལ་མ་རིག་ཐིབས་པོ་སེལ། །ཤེས་རབ་མིག་འབྱེད་ཐར་ལམ་སྣང་བར་བྱེད། །བླ་མ་ལས་གཞན་མེད་ཕྱིར་རྟག་ཏུ་བསྟེན། །ཞེས་གསུངས་ཏེ། ཕ་མ་ལ་སོགས་པས་ཀྱང་སྟོན་པར་མི་ནུས་པའི་བླང་དོར་གྱི་དམིགས། དགེ་བ་སྒྲུབ་པ། མི་དགེ་བ་འདོར་བ། སྡུག་བསྔལ་སེལ་བ། མ་རིག་པ་སེལ་བ། རིག་པ་བསྐྱེད་པ། ཤེས་རབ་སྣང་བ། མིག་འབྱེད་པ་ལ་སོགས་པ་བླ་མས་ནུས་པས་ཀྱང་བསྟེན་པར་རིགས་ཏེ། སྡོང་པོ་བཀོད་པ་ལས། དགེ་བའི་བཤེས་གཉེན་ནི་བྱ་བ་དང་མི་བྱ་བ་ཐམས་ཅད་སྟོན་པ། འཇིག་རྟེན་གྱི་གནས་འདོར་བ། སྡིག་ཏོ་དང་བག་མེད་པའི་གནས་ཐམས་ཅད་ལས་ཟློག་པ། སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བ་འཁོར་བའི་གྲོང་ཁྱེར་ནས་འདོན་པ། བདུད་ཀྱི་ཞགས་པ་གཅོད་པ། མ་རིག་པའི་མུན་པ་སེལ་བ། ལྟ་བའི་འཆིང་བ་གཅོད་པ། སྡུག་བསྔལ་གྱི་ཟུག་རྔུ་འབྱིན་པ། མི་ཤེས་པའི་ཐིབས་པོ་སེལ་བ། སྲིད་པའི་ཆུ་བོ་ལས་སྒྲོལ་བ། འདོད་པའི་འདམ་ནས་འབྱིན་པ། བྱང་ཆུབ་སེམས་དཔའི་ལམ་སྟོན་པ། ཡི་དམ་ལ་འཇོག་པ། ནན་ཏན་ལ་འགོད་པ། རྣམ་པར་གྲོལ་བའི་ལམ་སྟོན་པ། སྙིང་རྗེ་ཆེན་པོ་བསྐྱེད་པ། ཤེས་རབ་ཀྱི་མིག་སྦྱོང་བ། བྱང་ཆུབ་ཀྱི་སེམས་སྤེལ་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་སྟོན་པ། ཕ་རོལ་ཏུ་ཕྱིན་པའི་གདམས་པ་སྟོན་པ། ས་བཅུའི་གནས་ལ་འགོད་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་གནས་པར་བྱེད་པའོ། །ཞེས་པ་དང་། སྒྱུ་འཕྲུལ་རྒྱས་པ་ལས། ཡོན་ཏན་རིན་ཆེན་གཏེར་ཆེན་པོ། །ཐམས་ཅད་མ་ལུས་སྟོན་བྱེད་ཅིང་། །ཉོན་མོངས་མ་ལུས་རྩད་གཅོད་པ། །བླ་མེད་འབྲས་བུ་ཐོབ་པར་བྱེད། །ཡུལ་ལ་དབང་བའི་རྒྱལ་པོ་བས། །ཤིན་ཏུ་ལྷག་པའི་བཀུར་སྟི་བྱ། །དྲིན་ཆགས་ལུས་བསྐྱེད་ཕ་མ་ལས། །ཤིན་ཏུ་གདུང་ཤིང་བརྩེ་བར་བྱ། །ཞེས་སོ། །གསུམ་པ།

ཞིང་མཆོག་ཏུ་གྱུར་པ།

གསུམ་པ་བྱང་ཆུབ་བསྒྲུབ་པའི་རྟེན་ཚོགས་གཉིས་ལ་རག་ལས་ཤིང་། བསོད་ནམས་བྱ་བའི་ཡུལ་བླ་མ་ལས་ལྷག་པ་མེད་པས་ཀྱང་བསྟེན་པར་འོས་ཏེ་འདི་ལྟར། ཐར་ལམ་བསྒྲུབ་པའང་ཚོགས་གཉིས་རྫོགས་ལ་རག །དེ་ཡི་རྟེན་ཡང་བླ་མ་ལས་ལྷག་པ། །ལྷར་བཅས་འཇིག་རྟེན་ཀུན་ན་མེད་པའི་ཕྱིར། །ཞིང་གི་མཆོག་གྱུར་གུས་པས་རྟག་ཏུ་བསྟེན། །ཞེས་གསུངས་ཏེ། ཕན་ཚུན་ལྟོས་བྱུང་འབྲེལ་བ་སྒྲུབ་པའི་རིགས་པས་འདི་ལྟར། བླ་ན་མེད་པའི་ཐར་པ་དམ་པ་ཐོབ་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིིས་རྫོགས་དང་མ་རྫོགས་ཀྱི་རྗེས་སུ་འགྲོ་ལྡོག་ངེས་ལ། ཚོགས་གཉིས་རྫོགས་པར་བྱེད་པ་དེའི་རྟེན་བླ་མ་ལས་མཆོག་ཏུ་འཕགས་པ་གཞན་ན་མེད་ཅིང་། མཉམ་པ་ཡང་མེད་པས་བསོད་ནམས་ཀྱི་ཞིང་དུ་བསྟེན་པར་བྱ་སྟེ། དགོངས་འདུས་ལས། དེས་ན་སངས་རྒྱས་སྟོང་ཕྲག་ལ། །བསྐལ་པ་སྟོང་དུ་མཆོད་བྱས་པས། །བླ་མའི་བ་སྤུའི་ཁུང་རེ་ལ། །ཙན་དན་ཐིགས་པ་གཅིག་བྱུགས་པའི། །སྟོང་ཕྲག་ཆར་ཡང་ཕོད་པ་མིན། །ཞེས་པ་དང་། ཀུན་ཏུ་ཁ་སྦྱོར་གྱི་རྒྱུད་ལས། ཡེ་ཤེས་ཀུན་སེམས་ཞེས་བྱ་བའི། །རྒྱལ་བ་ཀུན་གྱི་སློབ་དཔོན་མཆོག །དངོས་གྲུབ་སྣ་ཚོགས་སྟེར་བས་ན། །བློ་དང་ལྡན་པས་རྟག་མཆོད་བྱ། །གང་ཕྱིར་ཕྱོགས་བཅུའི་སངས་རྒྱས་དང་། །བྱང་ཆུབ་སེམས་མཆོད་བསོད་ནམས་ལས། །སློབ་དཔོན་བ་སྤུའི་ཁུང་གཅིག་མཆོག །དེ་ཕྱིར་སློབ་དཔོན་མཆོད་བྱེད་པ། །སངས་རྒྱས་བྱང་ཆུབ་སེམས་དཔས་གཟིགས། །ཞེས་པ་དང་། ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། གང་གིས་བླ་མའི་བྱ་བ་ལ། །མཁས་པའི་སྐལ་ལྡན་གང་ཡིན་དེ། །དུས་གསུམ་སངས་རྒྱས་ཐམས་ཅད་ལ། །བསྐལ་པ་བྱེ་བ་དྲུག་འབུམ་དུ། །ཕྱག་བྱས་པས་ནི་འདི་དོན་ཆེ། །ཞེས་པ་དང་། རྡོ་རྗེ་མེ་ལྕེའི་རྒྱུད་ལས། བླ་མ་ཉིད་དང་བླ་མའི་འཁོར། །ཉེ་འཁོར་གཡོག་དང་བཅས་པ་ལ། །གསེར་ལ་སོགས་པའི་ཡོན་ཕུལ་ན། །སངས་རྒྱས་ཞིང་ཁམས་བརྗོད་མེད་པའི། །གཙོ་འཁོར་འབུམ་ཕྲག་གྲངས་མེད་ལ། །བསྙེན་བཀུར་མཆོད་པ་གྲངས་མེད་པས། །བསོད་ནམས་འདི་ཡི་ཆར་མི་ཕོད། །ཅེས་པ་དང་། འཕགས་པ་སྡོང་པོ་བཀོད་པའི་མདོ་ལས་ཀྱང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ནི། དགེ་བའི་བཤེས་གཉེན་ལ་རག་ལས་སོ། །སྨོན་ལམ་གྱི་སྒོ་ཐམས་ཅད་ཀྱང་དེ་ལས་འབྱུང་ངོ་། །དགེ་བའི་རྩ་བ་ཐམས་ཅད་ཀྱང་དེས་བསྐྱེད་དོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་ཀྱང་དེས་སྒྲུབ་པའོ། །ཆོས་ཀྱི་སྒོ་ཐམས་ཅད་ཀྱང་དེས་སྣང་བར་བྱེད་དོ། །ལམ་རྣམ་པར་དག་པ་ཐམས་ཅད་ཀྱང་དེ་ལས་འབྱུང་བའོ། །ལྷག་པའི་བསམ་པ་རྣམ་པར་དག་པ་ཐམས་ཅད་ཀྱི་རྩ་བར་གྱུར་པའོ། །སེམས་བསྐྱེད་བསྟན་པ་ཐམས་ཅད་ཀྱང་དེ་ལས་བསྐྱེད་དོ། །གཟུངས་དང་སྤོབས་པའི་སྣང་བ་ཐམས་ཅད་ཀྱང་དེས་སྟོན་པར་བྱེད་པའོ། །རྣམ་པར་དག་པའི་སྒོའི་མཛོད་ཐམས་ཅད་ནི་དེས་ཡོངས་སུ་གཟུང་བའོ། །ཡེ་ཤེས་ཀྱི་སྣང་བ་ཐམས་ཅད་ནི་དེས་བསྐྱེད་པའོ། །སྨོན་ལམ་ཁྱད་པར་ཅན་ཐམས་ཅད་ནི་དེའི་ལག་ན་འདུག་པའོ། །ཞེས་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཀྱང་། སྙིང་པོ་མེད་པའི་ལུས་ལ་སྙིང་པོ་བླང་བར་བྱ་བའི་ཕྱིར་བླ་མ་མཉེས་པར་བྱ་སྟེ། ཐ་ན་ཅི་ཡང་མེད་ཀྱང་ཆུ་རྫ་གང་ཙམ་ཡང་འབུལ་ལོ། །དེས་དགེ་བའི་རྩ་བ་དཔག་ཏུ་མེད་པ་དག་ཀྱང་རྣམ་པར་འཕེལ་ལོ། །བླ་མས་བསྒོ་བ་བཞིན་བསྒྲུབས་ན་མཐོན་པོར་བྱེད་པའི་ཆོས་བཞི་ཡང་ཐོབ་བོ། །སྤངས་པ་བཞི་ཡང་ཐོབ་བོ། །གཞན་གྱིས་མི་ཚུགས་པའི་ཆོས་བཞི་ཡང་ཐོབ་བོ། །བལྟར་མི་སྣང་བའི་ཆོས་བཞི་ཡང་ཐོབ་བོ། །ཚད་མེད་པའི་ཆོས་ལྔ་དག་ཀྱང་ཐོབ་པར་འགྱུར་རོ། །གཞན་ཡང་གངས་ཀྱི་རི་ལ་བརྟེན་པའི་རྩི་སྨན་ལྟར་དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པར་འཕེལ་ལོ། །མཚོ་ཆེན་པོ་ཆུའི་སྣོད་དུ་གྱུར་པ་ལྟར་ཡོན་ཏན་གྱི་ཆོས་ཐམས་ཅད་ཀྱི་སྣོད་དུ་འགྱུར་རོ། །རྒྱ་མཚོ་ཆེན་པོ་རིན་པོ་ཆེའི་འབྱུང་གནས་སུ་གྱུར་པ་ལྟར་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སུ་འགྱུར་རོ། །མེའི་དྲོད་ཀྱིས་གསེར་ཡོངས་སུ་སྦྱངས་པ་ལྟར་བྱང་ཆུབ་ཀྱི་སེམས་ཡོངས་སུ་སྦྱོང་བར་འགྱུར་རོ། །རྒྱ་མཚོ་ལས་རི་རབ་མངོན་པར་འཕགས་པ་ལྟར། འཇིག་རྟེན་ཐམས་ཅད་ལས་འཕགས་པར་འགྱུར་རོ། །པདྨ་ལ་ཆུ་མི་ཆགས་པ་ལྟར་འཇིག་རྟེན་གྱི་ཆོས་ཀྱིས་མི་གོས་པར་འགྱུར་རོ། །ཉི་ཟླའི་དཀྱིལ་འཁོར་གླིང་བཞིར་ཡོངས་སུ་སྣང་བ་ལྟར་ཆོས་ཀྱི་དབྱིངས་སུ་སྣང་བར་བྱེད་དོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །དེ་ལྟར་ཡོན་ཏན་མཆོག་དང་ལྡན་པའི་བླ་མ་དྲན་པས་ཅུང་ཟད་རྣལ་འབྱོར་དུ་བསྒོམས་པ་ལས་ཀྱང་བསོད་ནམས་དཔག་ཏུ་མེད་པ་ཐོབ་སྟེ། ཡིད་བཞིན་མཆོག་གི་རྒྱུད་ལས། གང་གིས་བླ་མ་འདུན་པའི་ལྷ། །སྤྱི་བོའི་གཙུག་ཏུ་བསྒོམས་པ་ཡིས། །སངས་རྒྱས་དཀྱིལ་འཁོར་སྟོང་ཕྲག་ཉིད། །ལག་མཐིལ་བཞག་ནས་སྟོང་གསུམ་བསྐོར། །སྙིང་ཁར་ལན་སྟོང་བསྟིམས་བྱས་པས། །བརྒྱ་སྟོང་རྒྱུ་དང་ཆར་མི་ཕོད། །དེས་ན་རྟག་ཏུ་དྲན་པ་ཡིས། །སྤྱི་གཙུག་འཁོར་ལོའི་རྒྱན་ཉིད་དུ། །དཔལ་ལྡན་བླ་མ་བསམ་པར་བྱ། །ཞེས་སོ། །བླ་མའི་ཕྱོགས་སུ་ལུས་ཀྱིས་ཕྱག་དང་བསྐོར་བ་ལ་སོགས་པ། ངག་གིས་མཆོད་པ་དང་བསྟོད་པ་ལ་སོགས་པ། ཡིད་ཀྱིས་མོས་པ་དང་གུས་པ་ལ་སོགས་པ་དང་། གཞན་ཡང་བླ་མས་ཡུལ་གཞན་དུ་ཕོ་ཉར་མངགས་པ་ལེགས་པར་སྒྲུབ་པ་དང་། ཞབས་འབྲིང་དང་སྲི་ཞུ་བྱེད་པ་དང་། གནས་ཀྱི་བྱ་བ་དང་། ཐ་ན་བཟོ་དང་། འདེགས་འཇོག་ལ་སོགས་པའི་བྱ་བ་བསྒོ་བ་ལས་གསུངས་བཞིན་བསྒྲུབས་པ་ཐམས་ཅད་ཀྱང་། ཚེ་འདིར་འདོད་པ་ཐམས་ཅད་འགྲུབ་ཅིང་། ཕྱི་མ་བདེ་བ་ཅན་དང་མངོན་པར་དགའ་བ་ལ་སོགས་པ་དག་པའི་ཞིང་ཁམས་སྤྲུལ་པའི་སྐུས་བརྒྱན་པར་སྐྱེ་བ་འདི་ནི་གནས་སྐབས་ཀྱི་ཕན་ཡོན་ལ། མཐར་ཐུག་རྫོགས་པའི་སངས་རྒྱས་འགྲུབ་སྟེ། ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། གང་གིས་བླ་མའི་བྱ་བ་ལ། །མཁས་པའི་སྐལ་ལྡན་གང་ཡིན་དེ། །དུས་གསུམ་སངས་རྒྱས་ཐམས་ཅད་ལ། །བསྐལ་པ་བྱེ་བ་དྲུག་འབུམ་དུ། །ཕྱག་བྱས་པས་ནི་འདི་དོན་ཆེ། །བླ་མས་བསྒོ་བ་བཞིན་བསྒྲུབས་ན། །འདོད་པ་ཐམས་ཅད་འགྲུབ་པ་དང་། །བསོད་ནམས་དཔག་ཏུ་མེད་པ་ཐོབ། །རང་གི་རྫས་དང་ཡོ་བྱད་ཀྱིས། །བླ་མ་མཉེས་པར་སུས་བྱས་པ། །འདི་ནི་ཁམས་གསུམ་འཁོར་བ་ལས། །སྤྲུལ་སྐུའི་ཞིང་དུ་དབུགས་ཕྱུང་སྟེ། །མྱ་ངན་འདས་པའི་སར་གཤེགས་སོ། །ཞེས་སོ། །དེ་ལྟ་བུའི་ཚོགས་གཉིས་རྫོགས་དགོས་ན་བླ་མ་ལ་མ་བརྟེན་ཐབས་མེད་པའི་ལུང་མང་པོ་དྲངས་པ་དང་། ད་དུང་དེ་དང་འདྲ་བའི་མདོ་རྒྱུད་གསར་རྙིང་གི་ལུང་མང་ཞིང་། ལུང་དང་རིགས་པ་དཔེ་གསུམ་གྱིས་བཤད་པའི། རིགས་པའི་ཐོག་ནས་བཤད་ན་ཐར་བའི་མཆོག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་དགོས་པའི་གང་ཟག་དེས་བླ་མ་ངེས་པར་བསྟེན་དགོས་ཏེ། དེ་མ་བསྟེན་ན་རང་སྟོབས་ཀྱིས་མི་ཤེས་པའི་གཏན་ཚིགས་ཀྱིས་འགྲུབ་པའི་ཕྱིར། དཔེ་ལམ་མཁན་དང་། སྐྱེལ་མ་དང་། དེད་དཔོན་ལ་བཞག་ནས། ལམ་ནོར་དོགས་དང་གཅིག གོལ་དོགས་དང་གཉིས། འཆལ་དོགས་གསུམ་སེལ་དགོས་པ་སྟེ། དེ་ལྟར་ལུང་རིགས་དཔེ་གསུམ་གྱིས་ཀྱང་ཤེས་སོ། །བཞི་བ།

སྐྱབས་བླ་ན་མེད་པ།

བཞི་པ་སྐྱབས་དང་སྐྱོབ་པ་བླ་ན་མེད་པས་ཀྱང་བསྟེན་པར་འོས་ཏེ། ངན་འགྲོའི་སྲིད་དང་བར་ཆད་འཇིགས་རྣམས་ལས། །སྐྱོབ་ཕྱིར་སྐྱབས་ཀྱི་དམ་པའང་གཞན་མེད་དེ། །སངས་རྒྱས་ཉིད་ཀྱང་བླ་མ་ལ་བསྟེན་ཕྱིར། །ལོག་འགྲོའི་འཇིགས་བྲལ་ཕྱིར་ཡང་རྟག་ཏུ་བསྟེན། །ཞེས་གསུངས་ཏེ། ཡུན་རིང་པོ་འཁོར་བ་ན་རྒྱུ་བ་ན། བླང་དོར་གྱི་མིག་མདོངས་པས་རྒྱུ་འབྲས་ཀྱི་གནས་ལ་རྨོངས་པ་དེའི་ཕྱིར། བདེ་བ་འདོད་ཀྱང་སྡུག་བསྔལ་རྒྱུ་འབྲས་ལ་སྤྱོད་པ་ཉིད་དེ། སྤྱོད་འཇུག་ལས། བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །ཅེས་པའི་ཚུལ་གྱིས་རང་དབང་མེད་པར་ལས་ཀྱི་རླུང་ཤུགས་ཟློག་དཀའ་བས་བསྐྱོད་དེ། ངན་འགྲོ་གསུམ་དང་། སྲིད་པའི་རྒུད་པ་ཐམས་ཅད་ཀྱིས་གདུངས་ཤིང་། མཐོ་རིས་ཐོབ་ཀྱང་བར་དུ་གཅོད་པས་མི་འདོད་པ་དུ་མ་ཉེ་བར་འབྱུང་བའི་འཇིགས་པས་ཉེན་པ་ཉིད་དེ། གཏན་དུ་ཕོངས་ཤིང་སྡུག་བསྔལ་ལ་སྤྱོད་པ་ལས། སྐྱེ་བོ་གཞན་དག་སུས་ཀྱང་སྐྱོབ་པར་ནུས་པ་མེད་པའི་འཇིགས་པ་དྲག་ལ་ཡུན་རིང་བ་དེ་ལས། བླ་མ་དགེ་བའི་བཤེས་གཉེན་གྱིས་སྐྱོབ་པའི་ཕྱིར་ཡང་བསྟེན་པར་འོས་ཏེ། སྒྱུ་འཕྲུལ་དྲྭ་བ་ལས། འཁོར་བའི་འཇིགས་ལས་ངེས་སྐྱོབ་ཅིང་། །མྱ་ངན་འདས་པར་འདྲེན་པ་མཆོག །བླ་མ་ཉིད་ལས་གཞན་ཡོད་མིན། །ཞེས་སོ། །འོ་ན་ཐབས་མཁས་ལ་ཐུགས་རྗེ་མངའ་བའི་སངས་རྒྱས་ཡོད་པ་མ་ཡིན་ནམ་ཞེ་ན། དེ་ཡང་བླ་མ་མེད་པར་མི་འབྱུང་བས། དང་པོར་བླ་མ་ལ་བསྟེན་པས་དེའི་ཕྱིར་ཀུན་གྱི་སྐྱབས་མགོན་བླ་མ་ཉིད་དེ། དགོངས་འདུས་ལས། བསྐལ་པ་སྟོང་གི་སངས་རྒྱས་པས། །བླ་མ་གཉན་པར་ཤེས་པར་བྱ། །ཅི་ཕྱིར་བསྐལ་པའི་སངས་རྒྱས་རྣམས། །བླ་མ་དག་ལ་བརྟེན་ནས་འབྱུང་། །ཞེས་སོ། །དེས་ན་བླ་མ་དགེ་བའི་བཤེས་གཉེན་ནི་འཇིགས་པ་ལས་སྐྱོབ་ཅིང་། ལེགས་པ་ཐམས་ཅད་སྟོན་པར་བྱེད་པས་བསྟེན་པར་བྱ་སྟེ། སྡོང་པོ་བཀོད་པ་ལས། དགེ་བའི་བཤེས་གཉེན་ནི་འཁོར་བ་ན་རྒྱུ་བའི་འཇིགས་པ་ཐམས་ཅད་ལས་སྐྱོབ་ཅིང་། ལེགས་པ་ཐམས་ཅད་སྟོན་པའི་ཕྱིར་རྟག་ཏུ་ཐོད་བཞིན་དུ་སྤྱི་བོས་བརྟེན་པ་ལ་བསྙེལ་བ་མེད་པར་བྱའོ། །ཞེས་སོ། །གཞན་ཡང་གནས་སྐབས་དང་མཐར་ཐུག་གི་འཇིགས་པ་སྐྱོབ་ཅིང་ལེགས་པར་སྒྲུབ་པ་ཐམས་ཅད་སྒྲུབ་པའི་མཆོག་ཏུ་སོང་བ་ཉིད་ནི་དེ་ལས། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་ནི་ངན་སོང་དུ་མི་ལྷུང་། ཐེག་པ་ཆེན་པོ་ལས་ཕྱིར་མི་ལྡོག་གོ །ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་མི་ལྟུང་། ལས་དང་ཉོན་མོངས་པ་རྣམས་ཀྱིས་ཐུབ་པར་དཀའ། བྱིས་པའི་ས་ལས་ཡང་དག་པར་འདའ། བསླབ་པ་དང་འགལ་བར་མི་བྱེད། དེས་བསྲུངས་པས་སྡིག་པའི་གྲོགས་པོས་དཀྲིར་མེད། དེས་བསྐྱངས་པས་བྱང་ཆུབ་སེམས་དཔའི་ཆོས་ཉིད་ལས་མི་ཉམས། འཇིག་རྟེན་གྱི་ཆོས་ཀྱིས་མི་གོས་པས་ཡང་དག་པར་འཕགས་སོ། །དེ་ལ་བསྙེན་བཀུར་བྱེད་པ་ནི་སྤྱོད་པ་ཐམས་ཅད་ལ་མ་འཁྲུལ་བར་སྤྱོད། དེས་སྒྲུབ་པ་ནི་རྩོམ་པ་ཐམས་ཅད་ལས་མི་ཟློག དེ་ཉེ་བར་བསྟན་པ་ནི་བདུད་ཀྱི་ལས་ཀྱིས་མི་བརྫིའོ། །ཞེས་སོ། །གཞན་ཡང་བླ་མའི་གསུང་བཞིན་ལེགས་པར་བསྒྲུབ་པ་ན། སྲུང་མ་དམ་ཅན་རྒྱ་མཚོས་ཀྱང་བར་ཆད་དང་གནོད་པ་ཐམས་ཅད་ལས་སྐྱོབ་སྟེ། དགོངས་པ་འདུས་པ་ལས། བཀའ་ཟུར་མ་བཅག་ཆོས་བསྲུངས་ན། །ཆོས་སྐྱོང་སྲུང་མ་མཐུ་ཆེན་རྣམས། །བུ་བཞིན་རྟག་ཏུ་སྲུང་བར་བྱེད། །ཅེས་སོ། །དགེ་བའི་བཤེས་གཉེན་གྱིས་ཟིན་པའི་བྱང་ཆུབ་སེམས་དཔའ་ནི་ངན་སོང་དུ་མི་ལྟུང་། སྡིག་གྲོགས་ཀྱི་དབང་དུ་མི་འགྲོ། ཐེག་ཆེན་གྱི་ཆོས་ལས་མི་ལྡོག སོ་སོའི་སྐྱེ་བོའི་ས་ལས་ཡོངས་སུ་འདས་ནས་རིང་པོར་མི་ཐོགས་པར་བླ་ན་མེད་པར་འཚང་རྒྱ་བ་ཡིན་ཅེས་པའོ། །ལྔ་བ།

ཡོན་ཏན་རྒྱས་པར་བྱེད་པ།

ལྔ་པ་ཡོན་ཏན་གྱི་འབྱོར་པ་རྒྱས་པར་བྱེད་པ་ཡང་གཞན་མེད་པས་བསྟེན་པར་འོས་པ་ནི། ཡོན་ཏན་རྫོགས་བྱེད་པ་ཡང་གཞན་མེད་དེ། །བླ་མ་ལ་བསྟེན་དེ་ལས་ཕུན་ཚོགས་ཕྱིར། །ཐོག་མ་བར་དང་མཐར་ཡང་རྣམ་གྲོལ་གྱི། །ཡོན་ཏན་འབྱོར་སླད་རབ་དང་གུས་པས་བསྟེན། །ཞེས་གསུངས་ཏེ། ཅི་ཡང་མི་ཤེས་པའི་རྨོངས་པས་ཀྱང་དགེ་བའི་བཤེས་གཉེན་ལ་བསྟེན་ན། ཡོན་ཏན་གྱི་ཆོས་ཁྱད་པར་ཅན་རྒྱུད་ལ་འབྱོར་བར་བྱེད་པ་ཉིད་དེ། ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཡིན་པ་དེའི་ཕྱིར། ལས་དང་པོ་པ་ཐར་པའི་ལམ་སྣ་ཚོལ་བས་གྲོལ་བ་འདོད་ཅིང་འདུན་པས་དོན་དུ་གཉེར་བ་རྣམས་དང་། བར་དུ་ལམ་ལ་ཞུགས་ཏེ་སློབ་པ་དག་བདུད་ཀྱི་ས་ལས་འདའ་བ་དང་། ཡོན་ཏན་གོང་མ་ཐོབ་པར་འདོད་པ་རྣམས་དང་། མཐར་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འདོད་པ་རྣམ་པར་གྲོལ་བའི་འབྲས་བུ་ལ་ཕྱོགས་པ་རྣམས་ཀྱིས་བླ་མ་དགེ་བའི་བཤེས་གཉེན་བསྟེན་པར་བྱ་སྟེ། དཔལ་འབྱུང་བའི་རྣམ་པར་ཐར་པ་ལས། བྱང་ཆུབ་སེམས་དཔའི་ཡོན་ཏན་ཐམས་ཅད་དགེ་བའི་བཤེས་གཉེན་ལས་བྱུང་ངོ་། །ཞེས་པ་དང་། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། བྱང་ཆུབ་སེམས་དཔའ་བླ་མ་ལ་བསྟེན་ཏེ་ཡོན་ཏན་གྱི་ཆོས་ཐམས་ཅད་རྫོགས་པར་བྱའོ། །ཞེས་པ་དང་། སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས། བླ་མ་ལ་བསྙེན་བཀུར་བྱེད་པས་ནི་ཡོན་ཏན་གྱི་ཆོས་བསམ་གྱིས་མི་ཁྱབ་པ་རྣམས་ཡོངས་སུ་འཛིན་ཏོ། །སངས་རྒྱས་ཀྱི་ཡོན་ཏན་དང་རྣམ་པར་འཕྲུལ་པ་ཐམས་ཅད་ཀྱང་འདི་ལས་འབྱུང་བར་བལྟའོ། །ཞེས་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་ལས། མདོར་ན་དགེ་བའི་བཤེས་གཉེན་དེས་གདམས་པ་ལ་ཞུགས་ན་ཡོན་ཏན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྗོད་དུ་མེད་པ་བཅུ་ཡོངས་སུ་འཛིན་ཏོ། །ཞེས་སོ། །དེ་ལྟ་བུའི་བླ་མ་དམ་པ་གུས་པར་བསྟེན་པ་ཉིད། དགོངས་པ་འདུས་པ་ལས་ཀྱང་། དེས་ན་ལང་ཀའི་བདག་པོ་འདིར། །བློ་ལྡན་དགའ་དང་གུས་པ་ཡིས། །དམ་པར་གྱུར་ཏོ་ཅོག་རྣམས་ལ། །འདུན་པར་ལན་གསུམ་གུས་བྱ་སྟེ། །ཞབས་ལ་སྤྱི་བོས་གཏུག་པར་བྱའོ། །ཞེས་སོ། །འཕགས་པ་སྡུད་པ་ལས་ཀྱང་། སློབ་མ་བཟང་པོ་བླ་མར་གུས་ལྡན་དེ་དག་གིས། །བླ་མ་མཁས་པ་རྣམས་ལ་རྟག་ཏུ་བསྟེན་པར་བྱ། །ཅི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང་། །ཞེས་པ་ལྟ་བུའོ། །དྲུག་པ།

སྟོན་པ་སངས་རྒྱས་ཀྱི་བྱ་བ་བྱེད་པ།

དྲུག་པ་སྟོན་པ་ཆེས་འཕགས་པ་གཞན་མེད་པས་ཀྱང་བསྟེན་པར་འོས་པ་ནི། ཁྱད་པར་སྙིགས་དུས་བརྩེ་ལྡན་བླ་མ་ལས། །གཞན་ཞིག་བདག་གི་སྟོན་པར་མི་འགྱུར་བས། །རྒྱལ་ལས་ལྷག་པའི་གུས་པ་ཆེན་པོས་བསྟེན། །ཞེས་གསུངས་ཏེ། སྔོན་སངས་རྒྱས་བཞུགས་དུས་ལས་དག་པ་ལ་སངས་རྒྱས་དངོས་སུ་སྟོན་པར་བྱོན་པས་དོན་མཛད་མོད། དེང་སང་ཤིན་ཏུའང་དུས་སྙིགས་ཏེ། ཚེ་དང་འབྱོར་པ་དང་། ཆོས་དང་། འདྲེན་པ་སྙིགས་པ་འདིར། བླ་མ་ཡང་དག་པ་དགེ་བའི་བཤེས་གཉེན་ལས། དངོས་སུ་ཆོས་སྟོན་པ་དང་ཕན་འདོགས་པ་གཞན་མེད་པའི་ཕྱིར་ཡང་སངས་རྒྱས་སམ། དེ་བས་ལྷག་པའི་གུས་པ་ཆེན་པོས་བསྟེན་པར་བྱའོ། །དེ་ཡང་ཁམས་རང་བཞིན་གྱིས་དག་པ་དང་། དོན་མཛད་པ་དང་། འཕྲིན་ལས་རླབས་ཆེ་བའི་ཆ་འགའ་ཞིག་གི་ངོས་ནས་བླ་མ་དང་སངས་རྒྱས་མཉམ་པར་ཡང་བརྟགས་ལ། བདག་ཅག་གི་ངོར་དྲིན་ཆེ་བས་ལྷག་པར་ཡང་བརྗོད་དེ། གསང་འདུས་རིན་པོ་ཆེའི་རྒྱུད་ལས། ཁམས་རྣམས་དང་ནི་ཕྲིན་ལས་དང་། །རང་བཞིན་མཉམ་པ་ཉིད་ཀྱི་ཕྱིར། །སངས་རྒྱས་ཀུན་དང་བླ་མ་མཉམ། །འགྲོ་བ་གང་ལ་ལམ་སྟོན་ཕྱིར། །སངས་རྒྱས་ཉིད་ལས་མཆོག་ཏུ་འཕགས། །ཞེས་པ་དང་། བླ་མ་སངས་རྒྱས་ཀུན་དང་མཉམ། །བླ་མ་སངས་རྒྱས་ཀུན་ལས་ལྷག །ཡོན་ཏན་མཆོག་གི་གཏེར་གྱུར་པ། །དཔལ་ལྡན་བླ་མ་སྤྱི་བོས་འདུད། །ཅེས་སོ། །གཞན་ཡང་སྔོན་དུས་སངས་རྒྱས་ཀྱིས་འདུལ་བའི་ཚེ་སངས་རྒྱས་དངོས་སུ་སྣང་བས་དོན་མཛད་ལ། དེ་ནས་དགྲ་བཅོམ་པ་དང་། པཎྚི་ཏར་སྣང་བས་དོན་མཛད་དུས། དེ་དག་ཏུ་སྤྲུལ་ནས་བཀའ་བསྡུ་བ་དང་། བསྟན་བཅོས་མཛད་པ་ཡིན་ཞིང་། དེང་སང་ནི་བསྟན་པ་འཛིན་ཞིང་ཐར་པའི་ལམ་སྟོན་པ་ལ་དགེ་བའི་བཤེས་གཉེན་དུ་སྤྲུལ་ནས་དོན་མཛད་པ་ཡིན་ནོ། །ཞེས་དེ་ཡན་གྱིས་སྤང་བྱ་འཁོར་བའི་རང་བཞིན་ཤེས་པར་བྱས་ནས། བླང་བྱ་མྱང་འདས་ཀྱི་རང་བཞིན་རྟོགས་པར་བྱེད་དགོས་པ་ལ། སྦྱང་བྱའི་ཁམས་ཀྱི་དྲི་མ་སྦྱོང་བར་བྱེད་དགོས་ལ། དེ་སྦྱོང་བར་བྱེད་པ་ལ་ཤེས་རབ་རྣམ་པ་གསུམ་བསྟེན་དགོས་ཅིང་། དེ་ཡང་དང་པོ་ཐོས་པའི་ཤེས་རབ་ནས་བསྟེན་དགོས་པ་ཡིན་པ་དང་། དེ་ཡང་གང་ལས་ཐོས་པའི་ཡུལ་གནད་ཆེ་བས། མཐུན་ཕྱོགས་དགེ་བའི་བཤེས་གཉེན་བསྟེན་པ་དང་། མི་མཐུན་ཕྱོགས་སྡིག་པའི་གྲོགས་པོ་སྤང་བར་བསྟན་པ་གཉིས་ཀྱི་ནང་གི་དགེ་བའི་བཤེས་གཉེན་ནམ་བླ་མ་དམ་པའི་མཚན་ཉིད། དེ་ཇི་ལྟར་བསྟེན་ཚུལ། དེ་ཉིད་བསྟེན་པར་གདམས་པའི་གཏན་ཚིགས་དྲུག་བཤད་པ་དང་བཅས་པ་ཕལ་ཆེར་སོང་བའི་མཚམས་འདིར་དེ་རིང་བཞག་ནས། སོང་ཉིན་ལུང་གིས་རྒྱབ་སྐྱོར་ནས་ཇི་ལྟར་བསྟེན་ཚུལ་གྱི་སྐོར་ནས་འཆད་རྒྱུ་བྱེད། ད་སྔའིི་ཆོས་ཁྲིད་ཀྱི་ཐོག་མའི་དབུ་ནས་བཟུང་སྟེ་དེ་རིང་བར་གྱི་གཙོ་བོའི་བསྟན་བྱ་དེ་གང་ཡིན་ན། སྤང་བྱ་འཁོར་བའི་རང་བཞིན་གྱི་རྣམ་བཞག་ཚང་མ་གཏན་ལ་ཕབས་པའི་སྒོ་ནས་སྤང་བའི་རང་བཞིན་རྟོགས་པར་བྱས་ཏེ། སྤྱིའི་ཆིངས་ཆེན་པོ་གཉིས་པ་བླང་བྱ་མྱང་འདས་ཀྱི་རང་བཞིན་རྟོགས་པར་བྱ་བའི་ཆེད་དུ་དེའི་དབུ་བཟུང་བ་རེད། དེ་ཡང་སྦྱོང་གཞི་ཁམས་ཀྱི་དྲི་མ་སྦྱོང་བར་བྱེད་ན། ཐོས་བསམ་སྒོམ་པའི་ཤེས་རབ་རྣམ་པ་གསུམ་ལ་བརྟེན་དགོས། དེ་ཡང་དགེ་བའི་བཤེས་གཉེན་བསྟེན་པ་དེ་ཉིད་ལ་རག་ལས་པ་ཡིན། གང་བསྟེན་དགོས་པའི་བླ་མ་དེ་ལ་ཡང་། ཡིད་བཞིན་མཆོག་གི་བླ་མ། རང་བཞིན་ཡོན་ཏན་རྫོགས་པའི་བླ་མ། སྲིད་ལས་རྣམ་གྲོལ་མཆོག་གི་བླ་མ་ལ་སོགས་པ་མདོ་རྒྱུད་བཀའ་དང་བསྟན་བཅོས་ལས་གསུངས་བའི་བླ་མའི་མཚན་ཉིད་མང་པོ་གསུངས་པ་དེ་དག་ཚང་བའི་སྐྱོན་བྲལ་ཡོན་ཏན་རྫོགས་བའི་བླ་མའི་རིགས་བདུན་གྱི་རྣམ་བཞག་བསྟན་པ་དང་། སྙིགས་མའི་དུས་སུ་ཡོན་ཏན་ཀུན་ལྡན་ནི་ཨུ་དུམ་ཝ་རའི་མེ་ཏོག་བཞིན་དུ་རྙེད་དཀའ་བ་ཡིན་པ་དང་། དེ་ལས་ཕལ་ཆེར་ལྡན་པའང་སངས་རྒྱས་དང་འདྲ་བར་གུས་པ་ཆེན་པོས་བསྟེན་དགོས་པར་བསྟན་ཅིང་། མོས་གུས་ཀྱིས་ཁྱོག་ན་སངས་རྒྱས་ཀྱི་བྱིན་རླབས་འཇུག་པའང་ཤུགས་ཀྱིས་གོ་བར་བྱས་པ་དང་། ཡོན་ཏན་ཀུན་ལྡན་ཕར་ཞོག་སྙིགས་པའི་དུས་སུ་ཡོན་ཏན་ཁེ་རུ་ཞིག་ལྡན་པའང་མཇལ་དཀའ་བར་འདུག་སྙམ། དེ་ཅིའི་ཕྱིར་ཞེ་ན། དུས་སྙིགས་མ་ལ་སངས་རྒྱས་ཀྱི་སྤྲུལ་བ་བྱོན་པ་མ་ཡིན་པ་དང་། སངས་རྒྱས་ཀྱི་སྤྲུལ་བ་ལ་ཡོན་ཏན་མེད་པ་མིན་ཀྱང་། སངས་རྒྱས་ཀྱི་སྤྲུལ་བས་མི་ཚད་སངས་རྒྱས་སྐུ་དངོས་སུ་བྱོན་དུས་སུ་ཡང་མ་དག་པར་མཐོང་བའི་རྒྱུད་མ་དག་པ་པའི་སེམས་ཅན་སྔར་དེ་དུས་ནས་ཡོད་ན། དེང་སང་དུས་སྙིགས་པའི་སྐབས་འདིར་ཅིའི་ཕྱིར་མེད། འཕགས་པ་ཐོགས་མེད་ཀྱིས་བྱམས་མགོན་ཕྲག་པ་གཡས་ཀྱི་སྟེང་དུ་བཞག་ནས་ཚང་འདུས་ཀྱི་ཁྲོམ་ལ་ཕེབས་སྐབས། ལས་ཅུང་ཟད་དག་པ་ཞིག་གིས་བྱམས་མགོན་ཁྱི་མོར་མཐོང་བ་འདྲ་བར། སློབ་མ་ཁོ་རང་ལས་དག་བསོད་ནམས་བསགས་པའི་ཡོན་ཏན་གང་འཚམས་ཡོད་པ་ཞིག་ཡིན་ཚེ་བླ་མ་དག་པར་མཐོང་བ་ཡིན། དེ་ལས་གཞན་པས་ནི་ནད་མཁྲིས་ནད་ཅན་གྱི་མིག་སྔར་དུང་དཀར་པོ་ཡིན་ཀྱང་སེར་བོར་ལོག་པ་ལས་དམ་པའི་ཡོན་ཏན་མཐོང་དཀའ་བ་ཡིན། ཡང་དགོས་མཉམ་འགྲོགས་ཀྱི་བདུད་ཀྱི་ལྷད་སྐྱོན་གྱིས་མཐོང་དཀའ་བ་ཡིན། ཁྱད་པར་དུ་སྦས་པའི་རྣལ་འབྱོར་པ་དེ་ཚོ་འགའ་རེ་འཇའ་ལུས་སུ་འགྲུབ་ཚར་དུས་ལས་མི་ཤེས་རྒྱུ་མང་རབ་བྱུང་བ་དང་། གང་ལྟར་རང་ཉིད་སོ་སོའི་སྐྱེ་བོ་ཞིག་གི་ངོས་ནས་བཤད་དུས་ཐམས་ཅད་ལ་དག་སྣང་སྦྱངས། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལམ་དུ་ཁྱེར་ཏེ། ལས་བྱས་ན། གཉིད་ན། ཟས་ཟ་ན། འགྲོ་ན། བསྡད་ན་ཐམས་ཅད་དམ་པའི་ཆོས་དང་མཐུན་ཞིང་། གཞན་དོན་བྱེད་པའི་བསམ་པས་འགོ་བཟུང་ནས་སྦྱངས་ན། དེ་ལ་གེགས་དང་གོལ་ས། ལམ་ནོར་ལས་ནོར་བཅའ་ནོར་རེད་འགྲོ་རྒྱུ་ཡོད་པ་མིན། བླ་མ་དགེ་བའི་བཤེས་གཉེན་རྙེད་རྒྱུ་གལ་ཆེ་ཡང་རྙེད་པ་རྐྱང་པས་ཀྱང་ཕན་ཐོགས་ཡོད་པ་མིན། དེས་ཇི་ལྟར་བསྟན་པའི་ལམ་ལ་ཞུགས་དགོས་པ་ཡིན། མདོར་ན་བླ་མ་མཚན་ཉིད་ཚང་བ་ནི་སངས་རྒྱས་ཀྱི་སྤྲུལ་བ་ཡིན་ཏེ། ང་ཉིད་དགེ་བའི་བཤེས་སྤྲུལ་ནས། །ཁྱོད་ལ་སོགས་པའི་དོན་བྱེད་འགྱུར། །སངས་རྒྱས་ཉིད་ཀྱིས་གསུངས་པ་ཡིན། སངས་རྒྱས་ཀྱི་སྤྲུལ་བ་སངས་རྒྱས་ཀྱི་མཛད་པའི་ལྷག་མ་བསྒྲུབ་པའི་ཆེད་དང་། སྙིགས་མའི་སེམས་ཅན་བསྐྱབ་པའི་ཆེད་དུ་ཕེབས་པ་ཡིན། སྤྲུལ་བ་དེ་དག་རྣམ་པ་འདྲ་དང་མི་འདྲའི་ཚུལ་དུ་བྱོན་པས། དབུ་ལ་གཙུག་ཏོར་ཞབས་ལ་འཁོར་ལོ་ལ་སོགས་པ་ཡོད་དགོས་པའི་ངེས་པ་མེད་ཀྱང་། མཛད་པ་སངས་རྒྱས་ཁོང་ཉིད་དང་འདྲ་འདྲ་ཡིན་ཤག་ཤག་རེད། དེ་མི་འདྲ་དོན་མེད་པས་མ་ཟད་དེ་མ་འདྲ་དུས་སྤྲུལ་བ་ངོ་མ་མིན་པའི་རྟགས་དང་། བདུད་སྤྲུལ་ཡང་ཡོད་མི་སྲིད་པ་མིན། སངས་རྒྱས་ཀྱིས་ཆོས་གསུངས། དེ་གདུལ་བྱས་ཉམས་ལེན་བྱས། རྒྱུད་གྲོལ། ཉོན་མོངས་དག་ཚེ་སེམས་ཅན་དེ་ཐར་ལམ་ལ་འཁོད་སོང་བ་ཡིན། ད་ལྟའི་སྐབས་སུ་དེ་བཞིན་དུ་ཡིན་དགོས། ཕྱོགས་གཅིག་ནས་སངས་རྒྱས་སམ་བླ་མ་ལ་ལྟོས་ཡོད་ཀྱང་། ཕྱོགས་ཅིག་ཤོས་ནས་གདུལ་བྱ་རང་རྒྱུད་ལ་ཡང་ལྟོས་ཡོད་པ་ཡིན་པས། གདུལ་བྱ་རང་ཉིད་ལ་ཡང་མ་ལྟོས་པ་ཞིག་ག་ལ་ཡིན། དེས་ན་བླ་མ་རྙེད་རྗེས་བླ་མ་བསྟེན་པའི་དོན་གོ་དེ་གང་ཡིན་ན། ཐོས་བསམ་སྒོམ་པའི་ཤེས་རབ་རྣམ་པ་གསུམ་བསྟེན་པ་དེ་ཡིན། ཤེས་རབ་རྣམ་པ་གསུམ་བསྟེན་ལུགས་དེ་ཡང་། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་གསུངས་པས། དང་པོ་ཚུལ་ཁྲིམས་ཀྱི་གཞི་གདན་ལེགས་པོ་ཞིག་མ་བཏིང་ན་མི་འོང་སྟེ། བཤེས་སྤྲིང་ལས། ཁྱོད་ཀྱིས་ཚུལ་ཁྲིམས་མ་ཉམས་མོད་མི་དམའ། །མ་འདྲེས་མ་སྤགས་པ་དག་བསྟེན་པར་མཛོད། །ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པར་གསུངས། །ཞེས་གསུངས་བའི་ཕྱིར། གཞན་གྱི་དོན་དུ་རང་གི་ཁ་ན་མ་ཐོ་བ་སྤོང་བ་དེ་ཚུལ་ཁྲིམས་ཀྱི་མཚན་ཉིད་ཡིན། ཚུལ་ཁྲིམས་ཀྱི་རང་བཞིན་དེ་ཇི་ལྟར་ཞིག་ཅེ་ན། དང་པོར་དེའི་མི་མཐུན་ཕྱོགས་ངོས་གཟུང་དགོས་ལ། མི་མཐུན་ཕྱོགས་ནི་གསུམ་གསུམ་དུ་གནས་ཤིང་། དེ་ལ་མི་མཐུན་ཕྱོགས་གསུམ་པོ་དེ་ཚུལ་ཁྲིམས་ཡང་དག་པ་མ་ཡིན་པས་ན་འཆལ་བའི་ཚུལ་ཁྲིམས་ཡིན་གསུངས་ཤིང་། མི་མཐུན་པའི་ཕྱོགས་གསུམ་པོ་དེ་གང་ཡིན་ན། སྡོམ་པ་སྲུང་མི་ནུས་པ་དང་། སྲུང་ཡང་མུ་སྟེགས་བྱེད་ཀྱི་ཚུལ་ཁྲིམས་དང་འདྲ་བར་ཕྱིན་ཅི་ལོག་གི་སྡོམ་པ་སྲུང་བ་དང་། ཕྱིན་ཅི་མ་ལོག་ཀྱང་ཉོན་ཐོས་ཀྱི་ཚུལ་ཁྲིམས་ལྟ་བུའི་སངས་རྒྱས་རྒྱུར་མི་འགྲོ་བ་དང་གསུམ་པོ་དེ་ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་གསུམ་ཡིན། སྡོམ་པ་བླངས་ནས་ཚུལ་ཁྲིམས་ཉམས་སོང་ན་ཉེས་པ་ཆེ་ཞིང་། ཚུལ་ཁྲིམས་འཆལ་བའི་གང་ཟག་ངན་འགྲོར་སྐྱེ་བ་ལས་བདེ་འགྲོར་འགྲོ་བ་ཞིག་མི་སྲིད་པ་ཡིན། སོ་སོར་ཐར་བའི་སྡོམ་པ་ལ་མཚོན་ན། སོ་ཐར་རིགས་བདུན་ནམ་བརྒྱད་ཀྱི་དབྱེ་བ་ཡོད་ཅིང་། འདིར་ཡོད་རྣམས་ནི་སེར་སྐྱ་ལ་མ་ལྟོས་པའི་རྟེན་མཆོག་དམན་ཐམས་ཅད་དགེ་བསྙེན་ནས་དགེ་སློང་བར་གྱི་སྡོམ་ལྡན་འབའ་ཞིག་ཡིན། སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་སྡོམ་ལྡན་ཡན་ཆད་ནས། སྣ་གཅིག་སྤྱོད་པ། སྣ་འགའ་སྤྱོད་པ། ཡོངས་རྫོགས་དགེ་བསྙེན། གོ་མིའི་དགེ་བསྙེན། ཚངས་སྤྱོད་དགེ་བསྙེན། དེ་བཞིན་དུ་གྲྭ་ཇོ་སེར་རབ་བྱུང་གི་སྡོམ་ལྡན་ནས་བཟུང་སྟེ་ཐམས་ཅད་སངས་རྒྱས་ཤཱཀྱ་ཐུབ་པའི་རྗེས་སུ་ཞུགས་མཁན་ཤ་སྟག་ཡིན་པ་དང་། ཁྱད་པར་དུ་རབ་ཏུ་བྱུང་བ་ཐམས་ཅད་ཀྱིས་གོས་ངུར་སྨྲིག་རྒྱལ་མཚན་འཆང་ནས་སྦྱོང་བའི་ཡོན་ཏན་ལ་གནས་པའམ། ཆོས་སྤྱོད་ཀྱི་བྱ་བ་ལ་བརྩོན་རྒྱུ་དེ་སྐལ་བཟང་པོ་ཡིན་པ་རེད། སྲིད་གསུམ་བདག་པོ་སྔར་ཡང་ལན་བརྒྱར་སྐྱེས། །ངུར་སྨྲིག་རྒྱལ་མཚན་འཛིན་པ་ད་རེས་ཙམ། །ཞེས་གསུངས་པ་ལྟ་བུ་ཡིན། ལྟུང་བ་ཕྲ་མོས་ཀྱང་མ་གོས་པ་ཞིག་དུས་ཀྱི་མཐར་དཀའ་བ་ཡིན་ཀྱང་། རྩ་བའི་ཉེས་ལྟུང་ཆེན་པོས་སྡོམ་པ་རལ་ཉམས་ལ་མི་འགྲོ་བ་ནི་ཤིན་ཏུ་ནས་ཀྱང་གལ་ཆེ་བ་ཡིན། སྲུང་བྱའི་རྩ་བ་བཞི་དང་འགལ་སོང་ན། འདུལ་བ་ལས། དགེ་སློང་གིས་གནས་འདི་ལྟ་བུ་བྱས་ན། བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་བར་འགྱུར། དགེ་སྦྱོང་དུ་མི་རུང་། ཤཱཀྱའི་སྲས་སུ་མི་རུང་། དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དེའི་དགེ་སློང་གི་ཚུལ་ཞིག་པར་འགྱུར་ཞིང་། ཉམས་པ། བཅོམ་པ། ལྟུང་བ། ཕམ་པར་འགྱུར་བ་སྟེ། དེའི་དགེ་སྦྱོང་གི་ཚུལ་ཕྱིར་བླང་དུ་མེད་པར་འགྱུར་ཏེ། འདི་ལྟ་སྟེ་དཔེར་ན་ཤིང་ཏ་ལའི་མགོ་བོ་བཅད་ན་སྔོན་པོར་འགྱུར་དུ་མི་རུང་ལ། འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་དུ་མི་རུང་བ་བཞིན་ནོ། །ཞེས་ཉམས་པ་དེའི་མིང་ལ་ཕམ་པའི་ལྟུང་བ་ཞེས་གསུངས་བ་ཡིན། དེས་ན་བྱིས་པ་ལོ་ཆུང་གི་དུས་སུ་ཕ་མས་སྔ་སྲོལ་གྱི་རྒྱུན་དེད་ནས་བུ་རྒྱུད་ལ་གྲྭ་ཆས་ཤིག་བསྐོན་ནས། དགོན་ནང་ལ་མངགས་ཤིང་། ཅི་ཡིན་འདི་ཡིན་གྱི་དོན་མ་གོ་བཞིན་དགེ་ཚུལ་གྱི་སྡོམ་པ་ཞིག་ཞུས་ཀྱང་། ངེས་འབྱུང་གི་བསམ་པས་ཀུན་ནས་སློང་བའི་ཞུ་འདོད་དང་ཐོབ་ཤེས་ཀྱི་བསམ་པ་བཟུང་མེད་ན་ཐོབ་ཡོད་མེད་ཀྱང་མ་ངེས་ལ། ཐོབ་ཡོད་རུང་མེད་རུང་བསླབ་ལ་མི་གནས་ཤིང་གནས་མི་ཐུབ་པར་འདུག་སྙམ། གྲྭ་ཇོ་སེར་མི་བྱེད་བསམ་མཁན་ཞིག་ཡིན་ན་གྲྭ་ས་གྲས་གདན་བརྫད་ནས་ཉམས་པའི་སྐྱོན་འབྱུང་དུ་བཅུག་དགོས་པའི་དོན་མེད་དེ། བསླབ་ལ་གནས་མི་བསམ་པའི་ཚུལ་བཤད་ནས་ཆོས་བཞིན་འདུལ་བ་བཞིན་དུ་འབུལ་ཆོག་གིས་སྡོམ་པ་ཡར་ལ་ཕུལ་ནས་ཁྱིམ་པ་གཙང་མ་ཞིག་བྱེད་དེ་འགྲོ་ཆོག་པ་ཡིན། དེ་ལ་ཉམས་པའི་ཉེས་པ་མི་འབྱུང་བ་ཡིན། བསྟན་པའི་ཞབས་ཕྱི་ལ་གྲྭ་བ་མིན་ཀྱང་ཁྱིམ་པ་གོ་ཆོད་ཀྱང་མཁོ་བ་ཡིན། དེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་ཡིན་པས་དེ་མི་ཆོག་ཟེར་མཁན་ཞིག་སུ་ཡང་ཡོད་རྒྱུ་མ་རེད་བསམ་འདུག སྡོམ་ལ་གནས་ན་གནས་པ་འདྲ་ཞིག་དགོས་ཏེ་འདི་རང་གར་བ་ཞིག་མ་ཡིན་པར་དཀོན་མཆོག་གསུམ་གྱི་བཞུགས་གྲལ་རེད། རབ་བྱུང་མིན་ནའང་སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་སྡོམ་ལྡན་དག་གིས་ཀྱང་། དགག་པའི་བསླབ་བྱ་གསུམ་དང་། བསྒྲུབ་པའི་བསླབ་བྱ་གསུམ། ཆ་མཐུན་གྱི་བསླབ་བྱ་གསུམ་དང་དགུ་བོ་དེ་མིག་གི་འབྲས་བུ་བཞིན་དུ་བསྲུང་དགོས་པ་ཡིན། དེ་ཡན་ཆད་ཀྱི་དགེ་བསྙེན་ལ་དེ་བཞིན་ཡང་བསྲུང་བྱ་མང་བ་ཡིན། གཞི་ཚུལ་ཁྲིམས་རྣམ་པར་དག་པའི་རྨང་གཞི་དེའི་སྟེང་ལ་ཐོས་བསམ་བསྒོམ་གསུམ་གྱི་ཡོན་ཏན་ཆགས་དགོས། ཐར་ལམ་ཡང་དག་ཅིག་འཚོལ་ནས་རང་བཞིན་བདེ་བའི་གནས་སུ་འཛིན་པ་ཞིག་ཡིན་ཚེ་ཚུལ་ཁྲིམས་གཙང་དགོས། མདོ་ཡི་ནང་དུ། ཇི་ལྟར་མིག་མེད་གཟུགས་མཐོང་མི་རུང་ལྟར། །དེ་བཞིན་ཚུལ་ཁྲིམས་མེད་ན་ཆོས་མི་མཐོང་། །ཞེས་པ་དང་། ཇི་ལྟར་མིག་མེད་ལམ་འཇུག་ག་ལ་ནུས། །དེ་བཞིན་ཚུལ་ཁྲིམས་མེད་ན་ཐར་མི་འགྱུར། །ཞེས་གསུངས་ཡོད། སྨོན་ལམ་བཏབ་ནས་འགྲུབ་པ་ལ་རྒྱུ་ཞིག་དགོས་པ་ཡིན་རྒྱུ་དེ་ནི་ཚུལ་ཁྲིམས་ཡིན། ཚུལ་ཁྲིམས་ལ་བརྟེན་ནས་ཚུལ་ཁྲིམས་ལ་གནས་ན་འཁོར་བའི་རྒྱ་མཚོའི་ཕ་རོལ་ལ་འགྲོ་ཐུབ་པ་ཡིན། རྒྱུ་ཚུལ་ཁྲིམས་ལ་བརྟེན་ནས་རྐྱེན་སྨོན་ལམ་དག་པས་མཚམས་སྦྱར་ན་སྨོན་ལམ་བཏབ་པ་དེ་དེ་བཞིན་དུ་འགྲུབ་ཏུ་ཡོད་པ་ཡིན། ཁྱད་པར་དུ་གཞན་དོན་སྤྱོད་པའི་ཐེག་ཆེན་གྱི་སྡོམ་སྡུད་དོན་བྱེད་ཀྱི་ཚུལ་ཁྲིམས་རྣམ་པ་གསུམ་སྟེ། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཀྱིས་སེམས་གནས་པར་བྱེད། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ཀྱིས་རང་རྒྱུད་ཆོས་བཞིན་སྨིན་པར་བྱེད། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཀྱིས་གཞན་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དེ་ལྟ་བུ་ཞིག་ཡིན། ཐར་ལམ་ཡང་དག་ལ་འཇུག་པའི་གང་ཟག་ཅིག་གིས་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་གཞི་བཟུང་ནས་ཐེག་ཆེན་སྡོམ་སྡུད་དོན་བྱེད་ཀྱི་ཚུལ་ཁྲིམས་རྣམ་པ་གསུམ་དང་ནམ་ཡང་མི་འདའ་བ་དེ་ནི་ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་ཡིན་ཞེས་འཕྲོས་མོལ་ཐུགས་གསོས་ཞུས་པ་དང་ཆབས་ཅིག དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱིས་དུས་གསུམ་བསགས་དང་ཡོད་པའི་དགེ་བའི་རྩ་བ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས་ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས། བསྟན་འཛིན་གྱི་སྐྱེས་བུ་གང་ན་སུ་བཞུགས་ཐམས་ཅད་ཀྱི་སྐུ་ཚེའི་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཐམས་ཅད་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་སྤྱོད་དེ་མཐར་ཐུག་སེམས་ཅན་ཐམས་ཅད་བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་རིན་པོ་ཆེར་འགོད་པའི་ཕྱིར་དུ། རྗེ་བཙུན་འཇམ་པའི་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་ཟབ་མོ་གནང་བར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆི་རྦ་བརླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་གྲོལ་བར་ཤོག།


previousཉིན་བདུན་པའི་ཆོས་ཁྲིད།no next