Nitartha Digital Library
Tibetan
 
previousཉིན་བཅུ་དགུ་པའི་ཆོས་ཁྲིད། next

ཉིན་བཅུ་དགུ་པའི་ཆོས་ཁྲིད།

དེ་ཡང་ཀུན་མཁྱེན་ཆོས་རྗེས་ཡིད་བཞིན་མཛོད་འདིའི་ནང་ནས། ཆོས་རྔ་སྒྲོག་པའི་སྒྲ་ཐོས་སེམས་ཅན་ཡང་། །ངན་སོང་རྣམ་གྲོལ་ཉན་རྣམས་སྨོས་ཅི་དགོས། །ཞེས་གསུངས་པ་ལྟར་དུ། དམ་པའི་ཆོས་ཞེས་བྱ་བ་སྒྲས་བརྗོད་པའི་རང་བཞིན་ཅན་འདི་ལ། དོན་གྱིས་དཔོག་པར་བྱས་ཡོང་ན། ཟབ་ཞི་སྤྲོས་བྲལ་འདུས་མ་བྱས་པ་སྟེ། དེ་ཡང་ངོ་བོ་ལ་མཚན་ཉིད་མེད་པས་ཟབ་པ། རང་བཞིན་ལ་བསམ་དུ་མེད་པས་ཞི་བ། རྟག་ཆད་ཀྱི་མུ་དང་མཐའ་ལ་ཐུག་པ་མེད་པས་ན་སྤྲོས་བྲལ། རྟོག་དཔྱོད་དང་མཚན་མའི་ཆོས་ཀྱི་ཤེས་བྱ་ལས་འདས་པ་ཡིན་པས་ན་འདུས་མ་བྱས་པ་སྟེ། དེ་ལྟ་བུའི་བདེ་བར་གཤེགས་པའི་གསང་བ་ཟབ་མོ། བཀའ་དང་བསྟན་བཅོས། མདོ་དང་རྒྱུད་ཀྱི་རིམ་པ་ཇི་བཞིན་སྒྲོག་ཅིང་གོ་བར་བྱེད་པ་དེ་ལ་ཆོས་བཤད་ཅེས་གྲགས་ལ། དེའི་ཆོས་དེ་ཉན་པ་རུ་སྐུལ་བའི་འདུས་བརྡ་ཆོས་དུང་དང་ཆོས་རྔ་སྒྲོག་པའི་སྒྲ་ཞིག་རྣ་ལམ་དུ་ཐོས་པའི་སེམས་ཅན་ངན་སོང་ལ་འགྲོ་དགོས་རྒྱུ་ཅན་ཞིག་ཡིན་ཀྱང་ངན་སོང་ལས་གྲོལ་བ་ཡིན་ན། ཉན་རྣམས་སྨོས་ཅི་དགོས། །ཞེས་གསུངས་པས། ཆོས་དུང་གི་སྒྲ་གོ་བས་མི་ཚད་ཆོས་སྒྲ་དངོས་སུ་ཐོས་ནས་དེ་ལ་དྭངས་ཤིང་དད་པའི་སེམས་སྐྱེས་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་པ་ནི་ཀུན་མཁྱེན་བླ་མའི་གསུང་དེས་ཀྱང་དཔོག་པ་ཡིན། དེ་ཡིན་ན་ཆོས་ནམ་བཤད་ལ་དུང་བརྡ་བུས་པའི་དེ་མ་ཐག་པར་ཐེག་ཆེན་མདོ་སྔགས་ཀྱི་བསྟན་བཅོས་ཉན་པ་ལ། སྦྱོར་བ་སེམས་བསྐྱེད་གནད་ཆེ་ཞེས་བཤད་པས་མ་ཚད། ཆོ་ག་ཚིག་བཞི་ཞིག་ལས་མ་བཏོན་ཀྱང་སྐྱབས་སེམས་སྔོན་དུ་འགྲོ་དགོས་པ་ཡིན། ད་དེ་ལྟ་བུའི་ཐེག་ཆེན་ཐར་བ་ཆ་མཐུན་གྱི་དགེ་རྩ། བསོད་ནམས་ཚད་མེད་པའི་འཇུག་ངོགས་སུ་ཞུགས་པ་ལ། རྒྱལ་བ་སྲས་དང་བཅས་པའི་བགྲོད་པ་གཅིག་པུའི་ལམ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེ་དགོས་པ་ཡིན་པས། འུ་ཚོ་འཇིག་རྟེན་གཏམ་གྱི་ཁ་དཔེར། རི་ཆེན་པོ་མགྲོན་དུ་འབོད་ན། །ཐང་ཆེན་པོ་གདན་དུ་གདིང་དགོས། །ཞེས་པ་ལྟར་དུ། སེམས་བསྐྱེད་སྐྱེ་བའི་གཞི་གདན་ཞིག་འཇོག་དགོས་པ་ཡིན། སེམས་བསྐྱེད་ཀྱི་ངོ་བོ་དེ་གཞན་དོན་ཡིན་པས། གཞན་དོན་ལ་རྫོགས་བྱང་སྒྲུབ་འདོད་དེ་སེམས་བསྐྱེད་ཁོ་རང་གི་ངོ་བོ་སྟེ། མི་ཞིག་ལ་མཚོན་ན་ལུས་ལྟ་བུ་ཞིག་ལ་ཆགས་ཡོད། འོ་ན་གཞན་དོན་བྱེད་སའི་གཞན་དེ་སུ་ཞིག་རེད་ཟེར་ན། གཞན་ནི་རང་ལས་གཞན་པའི་སེམས་ཅན་ཐམས་ཅད་དེ། དེ་ལ་ཇི་ཙམ་ཡོད་ཅེ་ན། ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་ཞེས་ཚད་ཀྱིས་གཞལ་ཐབས་བྲལ་བ་ཡིན། དེ་དག་ལ་ཕན་ཆེན་པོ་ཞིག་འདོགས་དགོས་ན་སྙིང་རྗེ་ཆེ་བ་ཞིག་ངེས་པར་ཡོད་དགོས་པ་ཡིན་ཏེ། ཐ་ན་རོགས་ཤིག་བྱེད་དགོས་བསམ་ཡང་ཕན་སེམས་ཤིག་ཡོད་དགོས་པའི་ཕྱིར། རང་ཉིད་ལ་ཕན་པ་འབྱུང་བའི་ཆེད་དུ་གཞན་ལ་ཕན་འདོགས་པ་ནི་ཐེག་པ་དམན་པ་རང་འདོད་ཡིད་བྱེད་ཅན་གྱི་བསམ་ཚུལ་དང་བྱེད་སྟངས་ཡིན། དེ་ལ་བྱང་ཆུབ་ཀྱི་སེམས་སྐྱེ་བ་ལ། ཐོག་མ་མར་ཤེས། དྲིན་དྲན། དྲིན་གསབ་འདོད་ལ་སོགས་པ་རྒྱུ་འབྲས་མན་ངག་བདུན་ལྡན་ནམ། ཡང་ན་ཚད་མེད་རྣམ་པ་བཞི་སྟེ། སེམས་ཅན་ལ་ཕན་པར་འདོད་པ་བྱམས་པ། སྡུག་བསྔལ་དང་བྲལ་བར་འདོད་པ་སྙིང་རྗེ། བདེ་བ་དང་མི་འབྲལ་བར་འདོད་པ་དགའ་བ། དགྲ་གཉེན་ཆགས་སྡང་ལ་སོགས་པའི་ཆོས་བརྒྱད་བསྙམ་པར་འདོད་པ་དེ་བཏང་སྙོམས་རེད། ཉམས་ལེན་གྱི་སྐབས་རང་རེ་སོ་སྐྱེ་ལ་སྙིང་རྗེ་གོ་ཆོད་པ་ཞིག་མེད་པའི་དུས་འདིར། དང་པོ་བསམ་པ་བཟང་པོ་ཞིག་ཨེ་སྐྱེ་བལྟས་ནས་བྱམས་སྙིང་རྗེ་གཉིས་ཀ་བསྒོམ་དགོས། ཚད་མེད་བཞི་དེ་ཡང་ཕན་དང་བདེ་བར་བྱེད་པའི་དགོངས་པ་ཅན་ཞིག་ཡིན་ལ། དེ་ཡང་བྱམས་དང་སྙིང་རྗེ་དགའ་བ་གསུམ་པོ་དེ་བདེ་བའི་དགོངས་པ་དང་། བཏང་སྙོམས་དེ་ཕན་པའི་དགོངས་པ་ཡིན། དེ་བཞི་བོ་ཚུལ་བསྡུ་ན་བྱམས་སྙིང་རྗེའི་ནང་དུ་འདུས་པ་ཡིན་པས་བྱམས་སྙིང་རྗེའི་ཚུལ་ལས་ཞུས་ཟིན་ལྟར་དང་། དེའི་ཐོག་ལ་སྐྱབས་འགྲོ་དགོས་པ་ཡིན་ཏེ། སྐྱབས་འགྲོ་ནི་སྡོམ་པའི་རྟེན་ཡིན་པས། སྡོམ་པ་ཀུན་ལ་ཡོད་མོད་ཀྱང་། །སྐྱབས་སུ་མ་སོང་པ་ལ་མེད། །ཅེས་གསུངས་པ་རེད། ཚད་མེད་བཞི་འམ། བྱམས་སྙིང་རྗེས་བློ་འབྱོངས་པ་སྔོན་ལ་སོང་བ་དང་། དེ་ནས་སྐྱབས་སུ་འགྲོ་བ་པོ་གང་ཡིན་པ་དང་། འགྲོ་ལུགས་ཇི་ལྟར་ཡིན་པ། བསླབ་བྱ་གང་གང་ཡོད་པ་དང་བཅས་པ་ཤེས་པའི་སྒོ་ནས་སྐྱབས་གསུམ་སྔོན་དུ་འགྲོ་བའི་སོ་ཐར་རིགས་བདུན་གང་རུང་གི་སྡོམ་པ་བླངས་ནས། དེ་འདྲའི་རྨང་གཞི་དེའི་སྟེང་ནས་བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་བླངས་ན་བྱང་ཆུབ་སེམས་ཀྱི་སྡོམ་པ་ཐོབ་པ་ཡིན་ཏེ། མདོ་སྡེ་རྒྱན་གྱི་སེམས་བསྐྱེད་ཀྱི་སྐབས་སུ། སྡོམ་པ་རྒྱ་ཆེན་དེ་ཡི་རྟེན་ཞེས་གསུངས་ཡོད་པ་ཡིན། དེས་ན་ལུགས་འདི་ལ་བསྟུན་ན་སེམས་བསྐྱེད་ཀྱི་དངོས་གཞི་མ་བཤད་པའི་སྔོན་དུ། སོ་ཐར་གྱི་སྡོམ་པ་དེ་ངེས་པར་དུ་འཆད་དགོས་པ་ཡིན། ཆོས་ར་འདིའི་ནང་ན་ཡོད་ཚད་ཚང་མ་རབ་ཏུ་བྱུང་མིན་ལ་མ་ལྟོས་པར་སོ་ཐར་གྱི་སྡོམ་ལྡན་ཏག་ཏག་རེད། སོ་ཐར་གྱི་སྡོམ་པ་འདི་ལ་རིགས་དུ་ཡོད་ན། རིགས་བདུན་ནམ་བརྒྱད་ཡོད་པ་སྟེ། དེ་ཡང་རྫས་སུ་བཞི་དང་རྟེན་དུ་བརྒྱད་ཡོད་པ་ཡིན། རྫས་སུ་བཞི་ཡོད་པ་ནི། དགེ་བསྙེན་དང་གཅིག དགེ་ཚུལ་དང་གཉིས། དགེ་སློང་དང་གསུམ། དགེ་སློབ་མ་དང་བཞི་བོ་དེ་རེད། རྟེན་དུ་བརྒྱད་ཡོད་པ་ནི་ཉིན་ཞག་གི་མཐའ་ཅན་བསྙེན་གནས་ཀྱི་སྡོམ་པ་བརྩིས་ན་བརྒྱད་ཡོད་པའོ། །འོན་ཀྱང་། སྡོམ་པ་རྒྱ་ཆེན་དེ་ཡི་རྟེན། །ཞེས་གསུངས་པའི་སྡོམ་པ་རྒྱ་ཆེན་མིན་པས་ན། སེམས་བསྐྱེད་ཀྱི་རྟེན་གྱི་སོ་ཐར་གྱི་སྡོམ་པ་དེ་རིགས་བདུན་གང་རུང་ཡིན་དགོས་པ་ཡིན། སོ་ཐར་རིགས་བདུན་ནི། དགེ་སློང་དང་གཅིག དགེ་སློང་མ་དང་གཉིས། དགེ་སློབ་མ་དང་གསུམ། དགེ་ཚུལ་དང་བཞི། དགེ་ཚུལ་མ་དང་ལྔ། དགེ་བསྙེན་ཕོ་མོ་གཉིས་དང་བདུན་ཡིན། དགེ་བསྙེན་གྱི་སྡོམ་པ་འདི་ལའང་ནང་གསེས་སུ་དབྱེ་ན། སྐྱབས་གསུམ་འཛིན་པ། སྣ་གཅིག་སྤྱོད་པ། སྣ་འགའ་སྤྱོད་པ། ཕལ་ཆེར་སྤྱོད་པ། ཡོངས་རྫོགས་སྤྱོད་པ། ཚངས་སྤྱོད་དགེ་བསྙེན་ལ་སོགས་པ་བསྲུང་བྱ་མང་ཉུང་གི་ཁྱད་པར་གྱིས་དེ་ལྟར་དབྱེར་ཡོད་པ་ཡིན། སེམས་བསྐྱེད་ལེན་པའི་རྟེན་དུ་སོ་ཐར་གྱི་སྡོམ་པ་དགོས་པ་ཅི་ཡིན་པ་དང་། དེའི་སྡོམ་པ་དེ་མེད་ན་སེམས་བསྐྱེད་མི་ཐོབ་པའི་དོན་གང་ཞེ་ན། སོ་སོར་ཐར་བའི་སྡོམ་པ་དེ། གཞན་གནོད་གཞི་དང་བཅས་པ་སྤངས་པ་ཞིག་ཡིན་པ་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་དེ་གཞན་ཕན་གཞི་དང་བཅས་པ་བསྒྲུབས་པ་ཞིག་ཡིན་པས། གནོད་པ་ལས་མ་ལོག་པར་ཕན་གདགས་ཐབས་མེད་པས་སོ་ཐར་སྔོན་ལ་འགྲོ་དགོས་པ་ཡིན་ནོ། །འདི་ལ་གཞན་དག་ན་རེ། སོ་སོར་ཐར་པའི་སྡོམ་པ་དེ། བྱང་ཆུབ་སེམས་དཔའི་སྡོམ་པ་སྐྱེ་བའི་རྟེན་དུ་མི་འཐད་དེ། ཟ་མ་དང་། མ་ནིང་དང་། ལྷ་ལ་སོགས་པ་ལ་སོ་སོར་ཐར་པའི་སྡོམ་པ་མི་སྐྱེ་བ་ལ། བྱང་ཆུབ་སེམས་དཔའི་སྡོམ་པ་སྐྱེ་བར་བཤད་པའི་ཕྱིར་རོ། །གནས་པའི་རྟེན་དུ་ཡང་མི་འཐད་དེ། སོ་སོར་ཐར་པ་ནི་ཤི་འཕོས་པས་གཏོང་ལ། བྱང་ཆུབ་སེམས་དཔའི་སྡོམ་པ་དེས་མི་གཏོང་བའི་ཕྱིར་རོ་ཞེ་ན། སྤྱིར་ན་སོར་སྡོམ་འདི་ཆོ་ག་གཅིག་ལ་བསྟེན་རུང་བསམ་པ་འདྲ་མི་འདྲ་གསུམ་གྱིས་ཐོབ་ལུགས་འདྲ་མི་འདྲ་གསུམ་དུ་འབྱུང་བ་ཡིན་ཏེ། དཔེར་ན། སོ་ཐར་རིགས་བདུན་གྱི་སྡོམ་པ་གང་ཡིན་ཀྱང་། སྡོམ་པ་ལེན་དུས་ཁམས་གསུམ་གྱི་བདེ་བ་འདོད་པའི་བསམ་པའི་ཀུན་སློང་གིས་སྡོམ་པ་བླངས་ན་ལེགས་སྨོན་གྱི་ཚུལ་ཁྲིམས་དང་། རང་ཉིད་འཁོར་བའི་སྡུག་བསྔལ་གཏན་དུ་སྤང་བར་འདོད་པའི་ངེས་འབྱུང་གི་བསམ་པས་བླངས་ན་ཉན་ཐོས་ཀྱི་ངེས་པར་འབྱུང་བའི་ཚུལ་ཁྲིམས་དང་། རང་གཞན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་ཆེན་པོ་ཐོབ་པར་འདོད་པའི་བསམ་པས་བླངས་ན། ཐེག་ཆེན་སོ་ཐར་བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་སུ་འགྱུར་བ་ཡིན། དེས་ན་སྔ་མ་གཉིས་ཀྱིས་བྱང་སྡོམ་གྱི་རྟེན་མི་རུང་བ་ནི་བདེན་ལ། འོན་ཀྱང་བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་ནི་སྐྱེ་བའི་བརྟེན་དང་གནས་པའི་བརྟེན་གཉིས་ཀ་རུ་འཐད་པ་ཡིན་ལ། བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་དེ་ལེན་ལུགས་ཀྱི་ཆོ་ག་ཟུར་པ་ཞིག་ཀྱང་དགོས་པ་མ་ཡིན་ཏེ། བསམ་པ་སེམས་བསྐྱེད་ཀྱིས་ཟིན་པའི། །ཆོ་ག་ཉན་ཐོས་ལུགས་བཞིན་གྱིས། །སོ་སོར་ཐར་པ་རིགས་བརྒྱད་པོ། །བྱང་སེམས་སོ་སོར་ཐར་པར་འགྱུར། །ཞེས་གསུངས་པ་ཡིན་པ་དང་། གཞན་ཡང་སྔར་ཉན་རང་གི་བསླབ་པ་བླངས་པ་དེ་ཕྱིས་བསམ་པ་ཁྱད་པར་ཅན་གྱིས་ཟིན་ན་བྱང་ཆུབ་སེམས་དཔའི་སྡོམ་པར་གནས་འགྱུར་བ་ཡང་གསུངས་པ་དང་། དམན་སེམས་དོར་ཡང་སྤོང་སེམས་མ་དོར་པའི་ཕྱིར་ན་སྔ་མ་ཡོན་ཏན་ཡར་ལྡན་དུ་རྫོགས་ཐུབ་པ་ཡིན་པའི་ཕྱིར་རོ། །བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་ལེན་པ་ལ་སྔོན་དུ་འགྲོ་བའི་མཐུན་རྐྱེན་དེ་ལྟར་ཚོགས་དགོས་པ་ནི། དཔེར་ན་འཛམ་བུའི་གླིང་ལ་དབང་བྱེད་པའི་རྒྱལ་པོ་ཆེན་པོའམ་གླིང་བཞི་ལ་དབང་པའི་རྒྱལ་པོ་ཆེན་པོ་ཞིག་གདན་དྲང་དགོས་ན། ས་ཕྱོགས་གཙང་སྦྲ་བྱེད་པ་དང་། གནས་ཁང་བྱི་དོར་བྱས་ནས་རྒྱན་དང་ཡོ་བྱད་འཛོམས་པ་ཞིག་དགོས་པ་ལས་། ལུད་དང་ལྗན་ལྗིན་ལ་སོགས་པ་མི་གཙང་བས་ཁྱབ་པའི་ས་ཕྱོགས་མ་ཡིན་པ་བཞིན་དུ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ནི་ཅི་བསམ་འགྲུབ་པའི་ཡིད་བཞིན་གྱི་ནོར་བུ་དངོས་ཡིན་པས། ལུས་ངག་ཡིད་གསུམ་མི་དགེ་བ་ལས་མི་སྡོམ་པ་དང་། སྡིག་པའི་དྲི་མས་གོས་པའི་རྒྱུད་ལ་མ་ཡིན་ཏེ། ལུས་ངག་ཡིད་གསུམ་སྡིག་པའི་དྲི་མ་དང་བྲལ་བ། སྡོམ་པའི་ཚུལ་ཁྲིམས་ཀྱིས་ལེགས་པར་བརྒྱན་པའི་ལུས་ལ་བསྐྱེད་ཅིང་བཞུགས་སུ་གསོལ་བ་ཡིན་པའོ། །གཙོ་བོར་རྒྱ་ཆེན་སྤྱོད་ལུགས་དང་བསྟུན་པའི་གླེང་མོལ་དེ་ལྟར་བྱས་ནས། དེ་འདྲའི་གཞན་དོན་སེམས་བསྐྱེད་ཀྱི་བསམ་པ་རྒྱ་ཆེ་བའི་ཀུན་སློང་ཡོད་པ་གཞིར་བཞག་བྱས་ནས། གང་ཞིག་འཆད་བཞིན་པ་དེ་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་ཊཱིཀ་པདྨ་དཀར་པོ་འདི་ཉིད་ལས་ཐོག་མར་དགེ་བ་ཀླད་ཀྱི་དོན་སོང་ནས། བར་དུ་དགེ་བ་གཞུང་གི་དོན་ལ་སྤྱིའི་ཆིངས་ཆེན་པོ་གཉིས་ཀྱིས་བཅིང་བའི་ཕྱི་མ། དེ་ལས་གྲུབ་མཐའི་རིགས་མཛོད་བཤད་པའི་སྐབས་ནས། མང་དག་ཅིག་སོང་སྟེ་དེ་རིང་ཕྱི་རོལ་པ་ལས་ནང་བའི་ལྟ་གྲུབ་ཁྱད་དུ་འཕགས་ཚུལ་བཤད་པ་དང་བཅས་ཏེ་ཕྱི་བའི་ལོག་རྟོག་དགག་པ་སྔོན་དུ་སོང་ནས། ནང་པ་ལ་ཡང་བློ་མཆོག་དམན་དང་དབང་པོའི་ཁྱད་པ་ལས། ཐེག་དམན་དང་ཐེག་ཆེན་གཉིས་ཡོད་པའི་ནང་གི་སྔ་མ་བཤད་པའི་སྐབས་ལ་ཐུག་པ་ཡིན། དེ་ཡང་སྤྱིར་ཉན་ཐོས་པ་འདི་དག་ཀྱང་རྟེན་ཚུལ་ཁྲིམས་རྣམ་དག་ལ་གནས་ནས། ཤེས་བྱ་ཕུང་ཁམས་སྐྱེ་མཆེད་ཀྱི་གཞི་ལ་བདེན་བཞིའི་འཇུག་ལྡོག་མ་ནོར་བའི་ཐོས་བསམ་གྱིས་སྒྲོ་འདོགས་བཅད་ནས། བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། ལམ་ལྔར་སྦྱངས་ནས་འབྲས་བུ་ཁམས་གསུམ་ལས་ཐར་བ་ཐོབ་པར་བྱེད་པ་ནི། ཐེག་པ་ཆེན་པོའི་སྐབས་སུ་ཡང་ལམ་དང་ཡོན་ཏན་དེ་དག་ཡར་ལྡན་དུ་ཚང་དགོས་པས་དགག་བྱ་མིིན་ཀྱང་། རང་དོན་ཉི་ཚེ་བའི་བློ་དང་། གཞི་ལམ་འབྲས་བུའི་ཕྱོགས་སུ་བདེན་པར་ཞེན་པའི་གྲུབ་མཐའི་བློ་སྐྱོན་རྣམས་དགག་དགོས་ཤིང་། དེ་ཉིད་དགག་པ་ལས་གཙོ་བོ་བྱེ་སྨྲས་འདོད་པ་ལྟར་དུ། ཁ་རྩང་སྣང་བ་གཟུགས་ཀྱི་གཞི། གཙོ་བོ་སེམས་ཀྱི་གཞི། འཁོར་སེམས་བྱུང་གི་གཞི་རྣམས་དགག་པ་སོང་ནས། དེ་རིང་ལྡན་མིན་འདུ་བྱེད་ཀྱི་ཆོས་བཞིི་འགོག་པའི་སྐབས་ལས་འགའ་ཞིག་སོང་སྟེ། གཉིས་པ་སོ་སོར་རྟག་མི་རྟག་ཏུ་མི་རུང་བ་ནི། སྐྱེ་བ་ལ་སོགས་འདུས་བྱས་ཀྱི་ཆོས་རྣམས་སོ་སོ་རེ་རེ་བཞིན་དུ་རྟག་པ་ཡིན་ན་རང་ཉིད་འདུས་བྱས་མིན་པ་དང་། རྟག་ན་འདུས་བྱས་མི་སྲིད་པ་ཡིན་པས་འདུས་བྱས་གཞན་གྱི་མཚན་ཉིད་ཡིན་པར་ཡང་མི་རུང་ལ། མི་རྟག་ན་དེ་དག་རེ་རེ་ཞིང་ཡང་སྐྱེ་སོགས་བཞི་ཡོད་དགོས་པས་ཐུག་མེད་དུ་འགྱུར་རོ། །རྩ་ཤེར་ལས། སྐྱེ་དང་གནས་དང་འཇིག་རྣམས་ལ། །འདུས་བྱས་མཚན་ཉིད་གཞན་ཞིག་ནི། །གལ་ཏེ་ཡོད་ན་ཐུག་མེད་འགྱུར། །མེད་ན་དེ་དག་འདུས་བྱས་མིན། །ཞེས་སོ། །ཡི་གེ་ཡང་མ་གྲུབ་སྟེ་ཡན་ལག་དང་རྡུལ་དང་དུས་ཆ་དུ་མ་ལས་དེ་ཉིད་དང་གཞན་དུ་མ་གྲུབ་པའི་ཕྱིར་རོ། །ཡུམ་ལས། ཆོས་ཐམས་ཅད་ནི་ཡི་གེ་མ་མཆིས་པ། མིང་མ་མཆིས་པ། མཚན་ཉིད་ཐམས་ཅད་དང་བྲལ་བའོ་ཞེས་སོ། །འོ་ན་ཆོས་ཀྱི་ཕུང་པོ་དེ་ཙམ་གང་ལས་གསུངས་ཤེ་ན། གནས་ལུགས་ལ་ཡི་གེ་མེད་ཀྱང་། གནས་ལུགས་ཀྱི་དོན་དེ་མ་རྟོགས་པར་འཁྲུལ་པ་རྣམས་ཡི་གེ་ལ་ཞེན་ནས་འཁོར་བ་ན་སྤྱོད་པའི་ངོར། མེད་ལ་ཡོད་པར་སྒྲོ་བཏགས་ནས་མ་སྐྱེས་པའི་དོན་ལ་སོགས་པ་བརྗོད་མེད་རྗོད་ཚིག་གིས་མཚོན་པར་བྱས་ནས་ཉན་ཅིང་སྟོན་པ་ཡིན་ཏེ། ཏིང་འཛིན་རྒྱལ་པོ་ལས། ཡི་གེ་མེད་པའི་ཆོས་རྣམས་ལ། །ཉན་པ་གང་དང་སྟོན་པ་གང་། །འགྱུར་བ་མེད་ལ་སྒྲོ་བཏགས་ནས། །ཉན་ཅིང་སྟོན་པར་བྱེད་པའང་ཡིན། །ཞེས་སོ། །འཇུག་པ་ཡང་མེད་དེ། ཕལ་པ་ལམ་ལ་འཇུག་པ་ལྟར། བྱ་བྱེད་གཉིས་མེད་པའི་ཕྱིར་དང་། ཁྱིམ་དུ་ཕྱུགས་འཇུག་པ་ལྟར་ཐ་དད་བཀག་པའི་ཕྱིར་དང་། རྟག་མི་རྟག་ལ་འཇུག་པ་མི་རུང་བའི་ཕྱིར་ཏེ། རྟག་ན་མི་འཇུག་ལ། མི་རྟག་ན་འཇུག་པར་བཟོ་དུས་འགག་པའི་ཕྱིར་རོ། །དེས་ནི་འབྱུང་འཇུག་གཉིས་ཆར་ཁེགས་སོ། །རྟག་མི་རྟག་གི་རིགས་པས་ཁེགས་པའོ། །མགྱོགས་པ་ཡང་མེད་དེ། འགྲོ་བ་མེད་ན་མགྱོགས་པ་ཤུགས་ལ་མི་འགྲུབ་པས་དེ་ཉིད་བཀག་པའི་ཕྱིར་མི་འགྲུབ་པ་དང་། འཕོ་བ་བཀག་པའི་ཕྱིར་ཏེ། དེ་ཡང་འཕོ་ན་རྟག་མི་རྟག་གཉིས་ཀ་གཅིག་ཡིན་དགོས་ཤིང་། རྟག་ན་མི་འཕོ་ལ། འཕོས་ན་མི་རྟག་པར་འགྱུར་ལ། མི་རྟག་ན་འཕོ་བར་བཟོ་དུས་ནས་མི་རྟག་པ་ཡིན་པས་ན་འགག་པའི་ཕྱིར་རོ། །ཡུལ་དགག་པ་ལ་གསུམ་སྟེ། དབུས་དང་མཐའ། ས་མཚམས། རང་བཞིན་གྱི་ཡུལ་དགག་པའོ། །དང་པོ་ནི། རྡུལ་ཆར་བརྟགས་ན། དབུས་རྡུལ་དང་མཐའ་རྡུལ་གྱི་ཆ་མ་གྲུབ་པའམ་ཆ་ཤས་མ་གྲུབ་པས་མཐའ་དབུས་མི་སྲིད་པ་དང་། ཡང་གཅིག་གི་དབུས་སུ་གྲུབ་པ་དེ་ཉིད་གཞན་གྱི་མཐར་གཞལ་བས་མཐའ་དབུས་ངེས་པ་ཐམས་ཅད་སྔར་ནས་ཁེགས་པས་མ་གྲུབ་བོ། །གཉིས་པ་ནི། མཐའ་དབུས་གཉིས་ཀྱི་བར་ལ་མཚམས་ཡོད་དམ་མེད་ཡོད་ན་དེའི་མཚམས་དེ་ཕྲད་དམ་མ་ཕྲད། ཕྲད་ན་མཚམས་སུ་མི་རུང་སྟེ་གང་ཕྲད་པའི་ངོས་དེ་ཉིད་གཅིག་ཏུ་གྱུར་པའི་ཕྱིར་དང་། མ་ཕྲད་ན་མཚམས་སུ་མི་རུང་སྟེ་ཐ་དད་དངོས་པོ་དང་དངོས་མེད་བཞིན་ནོ། །གཅིག་ལ་ལྟོས་པས་གཅིག་མཚམས་སུ་བཞག་པས་དེའང་མི་རུང་སྟེ། ལ་ལའི་དབུས་དང་ཕྱོགས་ཡིན་པའི་ཕྱིར་ཏེ། གོང་ནས་བཀག་པའི་མཚམས་ཉིད་ཀྱི་སྣང་བ་བཞིན་ནོ། །གསུམ་པ་ནི། ཡངས་པ་ཅན་ལྟ་བུ་དེ་ཉིད་དངོས་པོ་ཡིན་ན་དངོས་པོར་གྲུབ་པ་མི་རྟག་པའི་མཚན་ཉིད་ཅན་ཡིན་པས་སྐད་ཅིག་གིས་མི་རྟག་ཅིང་རྩོམ་གཞིའི་རྡུལ་ཆ་མེད་པས་ཡུལ་དུ་མི་རུང་ལ། དངོས་མེད་ལ་ཡུལ་དུ་འདོགས་གཞི་མེད་དེ་དེ་ཉིད་དངོས་པོ་མེད་པའི་ཕྱིར་རོ། །ཚོགས་པ་དགག་པ་ལ་གསུམ་སྟེ། ཕྲད་མ་ཕྲད། གཅིག་མི་གཅིག སྤྱི་དང་མཚུངས་པའོ། །དང་པོ་ནི་སྐྱེ་བོ་མང་པོ་དང་ཤིང་སྡོང་མང་པོ་ཚོགས་བའི་ནགས་ཚོགས་ལྟ་བུ་རྣམས་ཏེ། དེ་ཉིད་ཕྲད་ནས་ཚོགས་པ་ཡིན་ན་ཚོགས་པ་མི་རུང་སྟེ། ཚོགས་པ་གོང་བུ་གཅིག་པ་རེ་རེ་བའི་ཆ་ཚོགས་པ་ཉམས་སོ། །མ་ཕྲད་ན་ཚོགས་པ་གཅིག་ཏུ་མ་ངེས་ཤིང་མ་གྲུབ་པར་འགྱུར་རོ། །གཅིག་ན་ཐ་དད་དང་འགལ་ཞིང་། མི་གཅིག་ན་ཚོགས་པ་གཅིག་ཅེས་པ་དང་འགལ་ལོ། །སྤྱི་དང་ཡང་མཚུངས་ཏེ། ཚོགས་པ་ནི་གཞན་དུ་མའི་རང་བཞིན་གཅིག་ཏུ་འདུས་པ་ཙམ་ལ་བརྗོད་པས། སྤྱི་བཀག་པ་ཉིད་ཀྱིས་ཁེགས་སོ། །སྤྱོད་འཇུག་ལས། རྒྱུན་དང་ཚོགས་པ་ཞེས་བྱ་བ། །ཕྲེང་བ་དམག་ལ་སོགས་བཞིན་རྫུན། །ཞེས་སོ། །མདོར་ན་མི་ལྡན་པའི་འདུ་བྱེད་རྣམས་ཀྱང་གཟུགས་དང་སེམས་ཀྱི་གནས་སྐབས་ལ་བཏགས་པ་ཙམ་ལས་དེ་དག་དང་གཅིག་དང་ཐ་དད་དུ་མེད་པས་ན་རྫས་སུ་མ་གྲུབ་པར་བསྟན་ཏོ། །འདུས་མ་བྱས་དགག་པ་ལ་གསུམ་སྟེ། གཞི་བརྟག་པ། དགག་བྱ་བརྟག་པ། དངོས་པོ་དགག་པའོ། །དང་པོ་ནི། འདི་འདུས་མ་བྱས་སོ་ཞེས་པའི་གཞི་ཞིག་གཞག་རྒྱུ་མ་གྲུབ་སྟེ། རྟོག་བཅས་རྟོག་མེད་ཀྱི་བློ་དང་འཁྲུལ་མ་འཁྲུལ་གྱི་བློ་ལ་འདུས་མ་བྱས་ཞེས་དེར་སྒྲོ་བཏགས་པ་ཙམ་ལས། དངོས་སུ་སུ་ལའང་སྣང་དུ་མི་རུང་བས་སྔར་ནམ་མཁའ་མ་གྲུབ་པར་བཀག་པ་བཞིན་ནོ། །འོ་ན་དོན་སྤྱི་དང་ཆུ་ཟླ་ལ་སོགས་པའང་དངོས་པོ་མེད་པས་མཚུངས་སོ་ཞེ་ན། མི་མཚུངས་ཏེ་དོན་སྤྱི་ནི་བློས་གཅོད་པ་དང་། ཆུ་ཟླ་རྐྱེན་ལ་ལྟོས་པའི་ཕྱིར་ཏེ། རྩ་ཤེ་ལས། མྱ་ངན་འདས་པ་འདུས་མ་བྱས། །དངོས་དང་དངོས་མེད་འདུས་བྱས་ཡིན། །ཞེས་པ་བཞིན་ནོ། །གཉིས་པ་ནི་གང་བཀག་ཆོས་ཐམས་ཅད་གང་ཞིག་འགོག་པའི་དགག་བྱ་ལ་མ་ལྟོས་པ་མེད་པར་དེ་ལ་ལྟོས་པས་ན། འདུས་བྱས་རྫུན་པ་ཉིད་ཀྱི་རྒྱུ་མཚན་གྱིས་འདུས་མ་བྱས་ཀྱང་རྫུན་པ་ཡིན་པར་དཔོག་པས་ན་འདུས་མ་བྱས་མ་གྲུབ་སྟེ། ལུང་སྔ་མ་སྤྱོད་འཇུག་དེ་ཉིད་ལས། སྐྱེ་དང་གནས་དང་འཇིག་པ་དག །མ་གྲུབ་ཕྱིར་ན་འདུས་བྱས་མེད། །འདུས་བྱས་རབ་ཏུ་མ་གྲུབ་པས། །འདུས་མ་བྱས་ནི་ཇི་ལྟར་འགྲུབ། །ཅེས་སོ། །གསུམ་པ་ནི་འདུས་མ་བྱས་དངོས་པོར་རུང་མི་སྲིད་པས་མ་གྲུབ་སྟེ། གཞི་མེད་པ་ཁོ་ན་བློས་སྒྲོ་བཏགས་པར་ཟད་དོ། །འདུས་མ་བྱས་རྣམས་ཀྱང་དགག་བྱ་མེད་པའི་ཆ་ནས་དེར་བཏགས་པ་ཙམ་ལས་རྫས་སུ་གྲུབ་པ་ཅུང་ཟད་ཀྱང་མེད་པར་གཏན་ལ་ཕབ་པའོ། །ད་ནི་བྱེ་བྲག་སྨྲ་པའི་འདོད་པའི་ནང་དུ་ཤེས་བྱའི་གཞི་ལྔའི་འཕྲོར་འཇིག་པ་དོན་གཞན། དུས་གསུམ་རྫས་གྲུབ། བརྗོད་མེད་ཀྱིི་བདག ཤེས་པས་རང་དང་ཡུལ་མི་རིག་པ། མཚན་མཚོན་ཐ་དད། ཆུད་མི་ཟ་བའི་རྫས་རྣམས་ཡོད་པ་ལས། དེ་དག་རིམ་བཞིན་དགག་པ་ལ་འཇིག་པ་དོན་གཞན་དགག་པ་ནི། འཇིག་པ་དོན་གཞན་ཡིན་ན་འཇིག་པ་མེད་པའི་དངོས་པོ་ཟུར་དུ་ཡོད་པར་འགྱུར་ཞིང་། དེ་ལྟ་ན་འདུས་བྱས་སུའང་མི་རུང་བར་ཐལ་ལ། ཡང་དངོས་པོ་མེད་ཀྱང་འཇིག་པ་ཡན་གར་དུ་ཡོད་པར་འགྱུར་ལ། དེ་ལྟར་ན་སྐྱེ་བ་མེད་པར་ཤི་བ་ཡང་ཡོད་པར་ཐལ་བས་འཇིག་པ་དོན་གཞན་དུ་མ་གྲུབ་བོ། །དེ་ཡང་འཇིག་པ་ཞེས་པ་འཇིག་རྒྱུའི་བུམ་པ་ལྟ་བུ་དེ་རང་གྲུབ་པའི་དུས་སྐད་ཅིག་གཉིས་པར་མི་སྡོད་པ་ལ་བརྗོད་དེ། ཆུའི་གཤེར་བ་ལྟར་འདུས་བྱས་རང་གི་མཚན་ཉིད་དེ་ལྟར་གནས་པ་ཡིན་གྱི། དངོས་པོ་དེ་ལས་འཇིག་པ་ལོགས་སུ་ཡོད་ན་དངོས་པོ་རང་ཉིད་མི་འཇིག་པ་དང་། འཇིག་པ་ཉིད་རྒྱུ་མེད་དུ་འགྱུར་ཏེ། འཇིག་པ་ལས་ཐ་དད་པའི་དངོས་པོ་དེ་འཇིག་པ་མ་ཡིན་པ་དང་། འཇིག་པ་ཉིད་དངོས་པོ་ལས་ཐ་དད་པར་རང་དབང་གིས་གནས་པའི་ཕྱིར་རོ། །དངོས་པོ་ལས་ཐ་དད་པར་འཇིག་པ་ཡོད་ན་དེ་སུ་ཞིག་གི་འཇིག་པ་ཡིན། དེ་ལ་འཇིག་པར་རྒྱུ་གང་གིས་གདགས་ཏེ། དངོས་པོ་དང་དེའི་འཇིག་པ་དུས་མཉམ་ན་དེས་དེ་མི་འཇིག་ལ། མི་མཉམ་པར་སྔ་ཕྱིར་གྱུར་ན་ཡང་འཇིག་པ་དོན་མེད་དོ། །དུས་གསུམ་རྫས་གྲུབ་དགག་པ་ནི། བུམ་པས་ཆུ་སྐྱོར་བའི་དོན་སྐད་ཅིག་བྱས་ནས་རྟག་ཏུ་གནས་པ་ཉིད་མི་རུང་སྟེ། དུས་གསུམ་གྱི་བུམ་པ་ཆོས་ཅན། ད་ལྟ་སྤྱད་དུ་ཡོད་པར་ཐལ་དུས་གསུམ་རྫས་སུ་སྒྲུབ་བའི་ཕྱིར་ཞེས་དང་། ཡང་ཆུ་སྐྱོར་བའི་དོན་བྱེད་སྐད་ཅིག་གིས་བྱེད་ན་འགལ་ལ། རིམ་གྱིས་བྱེད་ན་ཕྲད་པ་མ་གྲུབ་པས་སོ། །བུམ་པ་འགག་པ་མ་ཡིན་ན་དངོས་མེད་དུ་ཐལ་བའི་ཕྱིར་དང་། རང་བཞིན་རྟག་ན་གནས་སྐབས་འགྱུར་བ་མི་སྲིད་པས། ད་ལྟར་གྱི་སར་སྐད་ཅིག་ཀྱང་འབྱུང་དུ་མི་རུང་བར་འགྱུར་རོ། །ཐོག་ཐ་མེད་པའི་སྐད་ཅིག་ཇི་སྙེད་ཀྱི་བུམ་པ་དུས་གཅིག་ལ་གནས་པ་ནི། གོ་སྐབས་ཐམས་ཅད་བུམ་པ་འབའ་ཞིག་གིས་བརྫངས་པས། དངོས་པོ་གཞན་གནས་ས་མེད་པར་ཡང་འགྱུར་རོ། །འདས་མ་འོངས་ཀྱི་བུམ་པ་མི་སྣང་བ་དང་། ད་ལྟར་སྣང་བའི་བུམ་པ་རྫས་གཅིག་ཏུ་མི་རུང་བའི་ཕྱིར། དུས་གསུམ་རྫས་སུ་གྲུབ་པ་ཁེགས་སོ། །འདི་ཚང་གིས་དུས་གསུམ་རྫས་གྲུབ་ཏུ་འདོད་ཅིང་། རྫས་གྲུབ་ཏུ་འདོད་པ་དེའང་གྲངས་ཅན་པས་རྫས་གྲུབ་ཏུ་འདོད་པ་དང་མི་འདྲ་བར་སྐད་ཅིག་མའི་རང་བཞིན་དུ་རྒྱུད་མར་ཡོད་པར་འདོད་དོ། །གང་ལྟར་དུས་གསུམ་རྫས་སུ་གྲུབ་ན་འདས་པ་དང་མ་འོངས་པ་གཉིས་ཀྱང་རང་ས་ན་ཡོད་དགོས་པས། དུས་གསུམ་པོ་ད་ལྟའི་སྐབས་ན་རྫས་སུ་ཡོད་ལ། དེས་ན་དུས་གསུམ་གྱི་བུམ་པ་ད་ལྟའི་སྐབས་ན་བད་སྤྱད་ཆོག་པ་དང་། བུམ་པས་ཆུ་སྐྱོར་གྱི་དོན་སྐད་ཅིག་གིས་བྱེད་པ་ཡིན་ན། ཐོག་མཐའ་མེད་པའི་སྐད་ཅིག་གི་བུམ་པ་མང་བས་འཇིག་རྟེན་ཐམས་ཅད་གང་བ་སོགས་བུམ་པ་མིན་པའི་དངོས་པོ་གཞན་མི་ཤོང་བར་བུམ་པས་ཁེངས་འགྲོ་བ་ལ་སོགས་པའི་སྐྱོན་བབ་པ་ཡིན་ཅེས་སོ། །དུས་གསུམ་སྐྱེ་འགག་གི་ཆོས་རྟེན་ཅིང་འབྲེལ་འབྱུང་གཤིས་ལ་མ་གྲུབ་པས་རྫས་སུ་གྲུབ་པ་མེད་པའི་དོན་བསྡུས་དང་བཅས་ཏེ། སྐྱེ་འགག་གནས་གསུམ་དང་བྲལ་བའི་སྟོང་ཉིད་གཤིས་ཀྱི་བཞུགས་ཚུལ་མཚོན་པའི་བར་སྐབས་ཀྱི་ཚིགས་སུ་བཅད་པ་གསུངས་པ་ནི། དེ་ཡང་ཆོས་ཉིད་ཀྱི་སྟོབས་ཀྱིས་གྲུབ་པར་བསྟན་པ་སྟེ། སྐད་ཅིག་སྐྱེ་འགག་བྱེད་པ་དག །ཇི་ལྟ་བུར་ན་རྫས་གཅིག་རུང་། །འགག་དང་མ་སྐྱེས་མི་སྣང་ན། །གནས་པ་སྣང་བ་ཇི་ལྟར་གཅིག །སྣང་རུང་འགལ་བས་རྫས་གཅིག་ཉམས། །ཞེས་པ་ནི་བསྡུས་པའི་དོན་ཏོ། །མཐའ་བཞིར་བརྗོད་དུ་མེད་པའི་བདག་ཀྱང་མེད་དེ། ཕུང་པོ་དང་ཕུང་པོ་མ་ཡིན་པ་དངོས་འགལ་དུ་འཛིན་པ་དང་། རྟག་པ་དང་རྟག་པ་མ་ཡིན་པ་དངོས་འགལ་འཛིན་པའི་ཚད་མས་ཁེགས་པའི་ཕྱིར་དང་། སྔར་གྱི་བྱེད་པ་པོ་ཕྱིས་ཡོད་ན་གྲངས་ཅན་གྱི་བདག་ལྟར་ཐལ་བའི་ཕྱིར་རོ། །འདི་གྲངས་ཅན་པའི་བདག་བཀག་པས་ཁེགས་ལ། འདི་སྔོན་སངས་རྒྱས་མྱ་ངན་ལས་འདའ་བའི་སྐབས་ཤིག་ཏུ། གཅེར་བུ་པའི་སྟོན་པ་ཞིག་ནང་པའི་བསྟན་ལ་དད་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱི་མདུན་དུ་ཡོང་བར། བཅོམ་ལྡན་འདས་ཀྱིས་ཚུར་ཤོག་གིས་རབ་ཏུ་བྱུང་ནས་ཉན་ཐོས་ཀྱི་སྡེར་ཚུད་པའི་སྐབས་སུ། དེས་སྟོན་པ་བཅོམ་ལྡན་འདས་ལ། ཁོ་རང་གི་སྔར་གྱི་ལྟ་བ་ངན་པའི་ཞེན་ཕྱོགས་ཀྱིས། གང་ཟག་གི་བདག་ཕུང་པོ་དང་གཅིག་གམ་ཐ་དད། གཉིས་ཀའམ་གཉིས་མིན་ཅེས་དྲིས་པར། སྟོན་པས་ཅང་མི་གསུང་པའི་ལན་བཏབ་ཀྱང་། ཁོ་རང་གི་བརྗོད་དུ་མེད་པར་ཡོད་པར་གོ་ནས། ཆོས་ནང་བའི་བསྟན་ལ་ཞུགས་ཀྱང་། ལྟ་བ་ཕྱི་རོལ་པ་དང་འདྲེས་ཏེ། བརྗོད་དུ་མེད་པའི་བདག་ཁས་ལེན་ནོ། །དེ་ཡང་མེད་དེ་ཕུང་པོ་དང་གཅིག་ཐ་དད་དང་རྟག་མི་རྟག་དངོས་འགལ་གྱི་བར་ན་ཕུང་གསུམ་མི་སྲིད་པས་ན་མཐའ་བཞིར་བརྗོད་དུ་མེད་པས་བདག་དེ་དངོས་པོར་མེད་པས་སོ། །ཤེས་པས་རང་དང་ཡུལ་མི་རིག་པའང་མི་རུང་སྟེ། ཡུལ་བློས་མི་རིག་ན་དབང་པོས་ཤིན་ཏུ་ཡང་མི་རིག་པས་འགྲོ་བ་མ་ལུས་འོན་ལོང་ཉིད་དུ་ཐལ་བའི་ཕྱིར་དང་། རང་མི་རིག་པ་སྤྱོད་པ་པར་བཀག་པ་བཞིན་ནོ། །དེ་ཡང་ཤེས་པས་རང་མི་རིག་པ་མི་འཐད་དེ་རང་རྒྱུད་ཀྱི་བདེ་སོགས་གསལ་པོར་གཞན་ལ་ལྟོས་མེད་དུ་མྱོང་བ་འདི་ལ་ཐ་སྙད་ཙམ་དུ་རང་རིག་པ་ཞེས་བརྗོད་པ་ཡིན་ལ། དེ་མེད་ན་མངོན་སུམ་གྱི་ཐ་སྙད་ཀུན་ཀྱང་མི་འཐད་པས་ཚུར་མཐོང་གི་རྣམ་གཞག་ཀུན་ནུབ་པར་ཐལ་བ་དང་། དབང་པོ་བེམ་པོ་ལ་ཡུལ་རིག་པའི་ནུས་པ་མེད་ལ། ཤེས་པ་ལ་ཡུལ་སྣང་གི་རྣམ་པ་སྣ་ཚོགས་མེད་ན་ཡུལ་མི་སྣང་བར་ཐལ་བ་ལ་སོགས་པས་ཁེགས་པ་ཡིན་ནོ་ཞེས་པའོ། །མཚན་མཚོན་རྫས་ཐ་དད་ཀྱང་མི་རུང་སྟེ། མེའི་ཐ་སྙད་དྲོ་བའམ་ཚ་རེག་ཅན་ལས་ཐ་དད་ན་བསིལ་བར་ཐལ་བའི་ཕྱིར་དང་། ཐ་སྙད་དེ་ཉིད་དྲོ་བ་རང་ལས་གཞན་མི་རྙེད་ན་གཞན་ནས་དེ་བས་ཀྱང་ཤིན་ཏུའང་མི་རྙེད་པས་དེ་ལྟར་ན་ཤེས་བྱ་ལ་མི་སྲིད་པར་འགྱུར་བའི་ཕྱིར་དང་། ཆོས་ཐམས་ཅད་རང་གི་ངོ་བོ་མེད་པར་གྲུབ་པས། ཁོ་བོ་ཅག་ཐེག་པ་ཆེན་པོ་པ་དག་གི་ཕྱོགས་སུ་ཐལ་བའི་ཕྱིར་རོ། །མཚན་མཚོན་ནི་རྣམ་པར་གཞག་འཇོག་གི་ཚུལ་ལས་རྣམ་པར་ཕྱེ་བ་ཙམ་ལས་དོན་ལ་ཐ་དད་དུ་མེད་དེ། མེ་དྲོ་བ་ལས་ཐ་དད་ན་བསིལ་བར་ཐལ་བ་དང་། མེ་མིན་པའི་དྲོ་བ་གང་ནས་ཀྱང་མི་རྙེད་པས་ན་དེ་དག་ཐ་དད་མིན་ནོ། །དེ་ལྟར་ན་བརྟགས་ཤིང་བརྟགས་ལ་ཆོས་ཐམས་ཅད་རང་གི་ངོ་བོ་ཉིད་ནས་བདེན་པར་གྲུབ་པ་མེད་པར་འདོད་པའི་ཁོ་བོ་ཅག་ཐེག་ཆེན་པའི་ལུགས་ལ་ཐུག་པ་ཡིན་ནོ་ཞེས་པའོ། །ཆུད་མི་ཟ་བའི་རྫས་མེད་དེ། རྣམ་སྨིན་གཅེར་བུ་བར་བཀག་པའི་སྐབས་བཀག་པས་ཁེགས་ཕྱིར་དང་། ཐོབ་པའང་སྔར་བཀག་པའི་ཕྱིར་དང་། རྫས་དུ་མ་གཅིག་ཏུ་འདུ་མི་སྲིད་པའི་ཕྱིར་དང་། གནས་པ་ཡང་སྔར་ནས་བཀག་ཟིན་པའི་ཕྱིར་དང་། འོང་བའང་དེ་བཞིན་དུ་བཀག་འགྱུར་པའི་ཕྱིར་དང་། གཟུགས་དང་སེམས་ལས་ཐ་དད་པའི་ཆུད་མི་ཟ་བའི་རྫས་ཞེས་པ་ཞིག་འདོད་ན། དེ་ནི་ཤེས་བྱ་ལ་མི་སྲིད་པར་འགྱུར་བའི་ཕྱིར་རོ། །དེ་ཡང་ཆུད་མི་ཟ་བའི་རྫས་ཞེས་ལས་ཀྱི་འབྲས་བུ་བསྐྱེད་པ་གཞན་མེད་དེ། ལས་དང་འབྲས་བུ་ཕན་ཚུན་རྟེན་ཅིང་འབྲེལ་བ་ཙམ་ལས་ཆུད་མི་ཟ་བ་ཞེས་གཟུགས་དང་སེམས་ལས་ཐ་དད་པའི་དངོས་པོ་ཡོད་པ་ལ་སྒྲུབ་བྱེད་མེད་ཅིང་། ཐོབ་པ་སྤྱིར་བཀག་པ་དང་བྱེ་བྲག་དེ་འདྲའི་རྫས་ལ་དགོས་ནུས་མེད་པ་སོགས་རིགས་པའི་གནོད་པ་ཡོད་པས་མི་འཐད་དོ། །ཚུལ་འདིས་རང་སྡེའི་ནང་ནས་སེམས་ཅན་དོན་དམ་དུ་འདོད་པ་དང་། ཀུན་གཞིས་ལུས་ལ་ཁྱབ་པར་འདོད་པ་དང་། སེམས་སེམས་བྱུང་རྫས་ཐ་དད་དུ་འདོད་པ་དང་། སྐྱེ་གནས་འཇིག་གསུམ་རང་གར་འདོད་པ་རྣམས་ཁེགས་པ་ཡིན་ནོ། །དེ་ཡན་གྱིས་བྱེ་བྲག་སྨྲ་བོ་གཙོ་བོར་བྱས་པའི་འདོད་པ་བཀག་ནས། གཉིས་པ།

མདོ་སྡེ་པའི་གྲུབ་མཐའ་བཤད་པ།

ད་ནི་ཉན་ཐོས་མདོ་སྡེ་པ་བཤད་པ་ནི། མདོ་སྡེ་པ་ནི་སྤྱིར་བཏང་གིས་བྱེ་བྲག་སྨྲ་པའི་གཞུང་ཕལ་ཆེ་དང་མཐུན། མི་འདྲ་བའི་ཁྱད་པར་བསྟན་པ་ནི། མདོ་སྡེ་སྤྱོད་པས་སྐྱེད་བྱེད་རྐྱེན་བཞི་སོགས། །རྣམ་བདུན་ཚུལ་དེ་ཡང་དག་ལྟ་བ་མིན། །ཅེས་གསུངས་ཏེ། འདིར་ཉན་ཐོས་མདོ་སྡེ་པ་དག་ནི། གྲུབ་པའི་མཐའ་ཚུལ་བདུན་དུ་འདོད་དེ། སྐྱེད་བྱེད་རྐྱེན་བཞི། སྣང་བ་བློ། ཡུལ་ལྐོག་གྱུར། རྡུལ་བར་མེད། དབང་པོ་ནུས་པ། མི་ལྡན་པ་ཀུན་བརྟགས། མྱང་འདས་དངོས་མེད་དོ། །འདི་རྣམས་ནི་དངོས་པོ་སྨྲ་བའི་སྐྱོན་དང་བཅས་པ་ཡིན་པས་ཡང་དག་པའི་ལྟ་བ་མིན་ཕྱིར་དགག་དགོས་ཤིང་། དེ་ཉིད་དགག་པ་ལ་ཕྱོགས་སྔའི་འདོད་པ་ཞིབ་པར་བསྟན་དགོས་པས། དང་པོ་ནི། སྐྱེ་བ་ཐམས་ཅད་རྐྱེན་བཞི་ཅི་རིགས་པ་ལ་བརྟེན་ནས་སྐྱེ་བ་སྟེ། རྒྱུའི་རྐྱེན། མཚུངས་པ་དེ་མ་ཐག་པའི་རྐྱེན། དམིགས་པའི་རྐྱེན། བདག་པོའི་རྐྱེན་ནོ། །དང་པོ་ནི། འབྲས་བུ་ལ་ཕན་འདོགས་པར་ནུས་རུང་ཙམ་སྟེ། ངོ་བོ་སྐྱེད་པའོ། །གཉིས་པ་ནི། ཤེས་པ་སྔ་མ་འགགས་མ་ཐག་ལྟ་བུ་སྟེ་རིགས་འདྲ་ཕྱི་མ་སྐྱེད་པའོ། །གསུམ་པ་ནི། ཤེས་པའི་ཡུལ་ལོ། །བཞི་པ་ནི། འབྲས་བུའི་ཁྱད་པར་སྐྱེད་དེ་གེགས་མི་བྱེད་པ་ཙམ་མོ། །དེ་ལ་རྒྱུའི་རྐྱེན་ནི་ལྔ་སྟེ། མཚུངས་ལྡན། ཀུན་ཏུ་འགྲོ་བ། སྐལ་པ་མཉམ་པ། བྱེད་པ། ལྷན་ཅིག་འབྱུང་བ་སྟེ། མཛོད་ལས། རྐྱེན་ནི་བཞི་པོ་དག་ཏུ་གསུངས། །རྒྱུ་ཞེས་བྱ་བ་རྒྱུ་ལྔ་ཡིན། །སེམས་དང་སེམས་བྱུང་སྐྱེས་པ་རྣམས། །ཐ་མ་མིན་མཚུངས་དེ་མ་ཐག །དམིགས་པ་ཆོས་རྣམས་ཐམས་ཅད་དེ། །བྱེད་རྒྱུ་ཞེས་བྱ་བདག་པོར་བཤད། །ཅེས་སོ། །བསྐྱེད་ཚུལ་ཡང་། སེམས་དང་སེམས་བྱུང་ཐམས་ཅད་ནི་རྐྱེན་བཞི་ལས་སྐྱེས་ཏེ། མིག་ཤེས་ཉིད་ཀྱི་རྒྱུ་ནི་ཤེས་པ་སྔ་མ་ལ་ཤེས་པའི་ས་བོན་ཡོད་པའོ། །དེ་མ་ཐག་པ་ནི་ཤེས་པ་སྔ་མ་འགགས་མ་ཐག་པའོ། །དམིགས་པའི་རྐྱེན་ནི་གཟུགས་སོ། །བདག་པོའི་རྐྱེན་ནི་མིག་གོ །སྐྱེ་བ་ཐམས་ཅད་རྐྱེན་བཞི་ལ་བརྟེན་པ་ཡིན་ཅེས་དམ་བཅས་སོ། །འགོག་པའི་སྙོམས་འཇུག་དང་། འདུ་ཤེས་མེད་པའི་སྙོམས་འཇུག་ནི། དམིགས་པའི་རྐྱེན་མ་གཏོགས་པ་གསུམ་ལས་སྐྱེའོ། །གཞན་ལྡན་པ་མ་ཡིན་པའི་འདུ་བྱེད་ཐམས་ཅད་དང་གཟུགས་ཐམས་ཅད་ནི་རྒྱུའི་རྐྱེན་དང་བདག་པོའི་རྐྱེན་གཉིས་ལ་བརྟེན་ནས་སྐྱེས་ཏེ། རྒྱུའི་རྐྱེན་གྱིས་སྐྱེད་ཚུལ་ཡང་། བུམ་པའི་རྒྱུ་འཇིམ་པ་ཡིན་པ་དང་། བདག་པོའི་རྐྱེན་ཡིན་ལུགས་ནི་རྫ་མཁན་གྱིས་བུམ་པ་བྱས་པ་བཞིན་ནོ། །དེས་ན་སེམས་ཀྱི་སྐྱེ་བ་དང་གནས་པ་དག་འགགས་པ་ལ་ནི་གཟུགས་སྒྲ་ལ་སོགས་མི་སྣང་སྟེ། མཛོད་ལས། བཞི་ཡིས་སེམས་དང་སེམས་བྱུང་རྣམས། །གསུམ་གྱིས་སྙོམས་པར་འཇུག་རྣམ་གཉིས། །གཞན་ནི་གཉིས་པོ་དག་ལས་སྐྱེ། །ཞེས་སོ། །དེ་ཡང་སྐྱེད་བྱེད་རྐྱེན་བཞི་ནི། རྒྱུ་རྐྱེན་འབྲས་བུ་ལ་ཕན་འདོགས་པར་ནུས་རུང་ཙམ་སྟེ་ངོ་བོ་སྐྱེད་པ། བདག་རྐྱེན་གེགས་མི་བྱེད་པ་ཙམ་སྟེ་འབྲས་བུའི་ཁྱད་པར་སྐྱེད་པ། དམིགས་རྐྱེན་ནི་ཤེས་པའི་ཡུལ་གང་ཡིན་པའོ། །མཚུངས་པ་དེ་མ་ཐག་པའི་རྐྱེན་ནི་ཤེས་པ་སྔ་མ་འགག་མ་ཐག་པ་དེ་རིགས་འདྲ་ཕྱི་མ་སྐྱེད་པའོ། །དེ་ལ་རྒྱུ་རྐྱེན་གྱི་ཁོངས་སུ་མཚུངས་ལྡན། ཀུན་འགྲོ། སྐལ་མཉམ། བྱེད་པ། ལྷན་ཅིག་འབྱུང་བའི་རྒྱུ་སྟེ་རྒྱུ་ལྔ་འདུའོ། །དེ་ལ་སེམས་སེམས་བྱུང་རྣམས་རྐྱེན་བཞི་ལས་སྐྱེ། སེམས་མེད་ཀྱི་སྙོམས་འཇུག་གཉིས་ནི་དམིགས་རྐྱེན་མ་གཏོགས་པ་གསུམ་ལས་སྐྱེ། གཞན་ལྡན་མིན་འདུ་བྱེད་དང་གཟུགས་ཐམས་ཅད་རྒྱུ་རྐྱེན་བདག་རྐྱེན་གཉིས་ལས་སྐྱེའོ། །སྣང་བ་བློ་ནི། སྤྱིར་ཤེས་པའི་སྣང་ཡུལ་གསུམ་སྟེ། གང་ཞེ་ན་དོན་སྤྱི་དང་གཅིག མེད་པ་གསལ་སྣང་དང་གཉིས། དོན་རང་མཚན་དང་གསུམ་ཡིན་ལ། ལྷ་ཡི་བསྐྱེད་རིམ་ལྟ་བུ་དོན་སྤྱི་དང་། ཟླ་བ་གཉིས་སྣང་ལྟ་བུ་མེད་པ་གསལ་བ་དང་། བུམ་པ་ལྟ་བུ་དོན་རང་མཚན་ནོ། །དེ་ལྟར་རིགས་གསུམ་གྱིས་བསྡུས་པའི་སྣང་ཚད་ཐམས་ཅད་ཤེས་པ་དངོས་ཡིན་ཏེ། འདིའི་ཐད་ནས་སེམས་ཙམ་ལ་རྣམ་བདེན་རྫུན་གཉིས་ཡོད་པའི་རྣམ་བདེན་པའི་འདོད་ཚུལ་དང་ཁྱད་མེད་དོ། །དེ་ཡང་དོན་སྤྱི་དང་། མེད་པ་གསལ་སྣང་། དོན་རང་མཚན་ལྟ་བུའི་སྣང་བ་ཐམས་ཅད་རང་གི་ཤེས་པ་དངོས་ཡིན་པར་འདོད་དེ་རྣམ་བདེན་དང་འདོད་པ་མཚུངས་སོ། །ཡུལ་ལྐོག་གྱུར་ནི། དོན་སྤྱི་དང་། མེད་པ་གསལ་བ་ནི། དེ་ཉིད་ནས་ལོགས་ན་མེད་དེ། རྟོག་བཅས་དང་། རྟོག་མེད་ཀྱི་སེམས་དེ་ཉིད་འཁྲུལ་བ་ལ་སྣང་བའི་ཕྱིར་རོ། །མ་འཁྲུལ་བ་ལ་སྣང་བའི་དོན་རང་མཚན་ཐམས་ཅད་དོན་གྱིས་གཏད་པའི་རྣམ་པ་ཞེས་བྱ་བ་ཡིན་ནོ། །བུམ་པར་སྣང་བ་འདི་ཉིད་བུམ་པ་མ་ཡིན་གྱི་སེམས་ཡིན་ལ། བུམ་པ་ནི་དངོས་སུ་སུས་ཀྱང་ནམ་ཡང་མཐོང་མི་སྲིད་པར་བུམ་སྣང་དང་གོ་ཐ་མི་དད་ལྐོག་ན་ཡོད་པའོ། །དེ་བཞིན་དུ་ལུས་ལ་བསྣུན་པའི་མཚོན་ལ་སོགས་པ་ལྐོག་ན་ཡོད་པའོ། །དེས་ན་ཤེས་པས་ཡུལ་རིག་ཅེས་པའི་དོན། ཤེས་པ་དངོས་ཀྱིས་ཡུལ་དངོས་རྗེན་ཅེར་དུ་རིག་པ་མ་ཡིན་ཏེ། ཡུལ་བུམ་པར་སྐྱེས་པའི་སྐད་ཅིག་གཉིས་པར་ཤེས་པ་ཉིད་བུམ་པ་ཅི་འདྲ་བའི་རྣམ་པར་སྐྱེས་པ་ལ། ཤེས་པས་ཤེས་ཡུལ་བཟུང་བ་ཙམ་དུ་བཏགས་པ་ཡིན་ཏེ། བུས་ཕའི་བྱད་མ་བཟུང་ཡང་ཕའི་བྱད་ཅི་འདྲ་བར་སྐྱེས་པ་ལ་ཕའི་བྱད་བཟུང་བར་བརྗོད་པ་བཞིན་ནོ། །རྣམ་འགྲེལ་ལས། དུས་ཐ་དད་པས་ཇི་ལྟར་བཟུང་། །ཞེ་ན་རིག་པ་ཤེས་པ་ཡིས། །ཤེས་པའི་རྣམ་པ་འཇོག་ནུས་པའི། །རྒྱུ་ཉིད་ལ་ནི་གཟུང་བར་ཤེས། །ཞེས་སོ། །དེས་ན་ཤེས་པ་ཐམས་ཅད་ལ་རང་མྱོང་བ་དང་། གཞན་དམིགས་པ་གཉིས་ལས། གཞན་དམིགས་པ་ཙམ་ནི་དོན་དང་འདྲ་བ་ཡིན་ཏེ། དབུ་མ་རྒྱན་ལས། བདག་ཉིད་གསལ་བར་མྱོང་བ་སྟེ། །དོན་དང་འདྲ་བ་དམིགས་པ་ཡིན། །དེས་ན་ཤེས་པ་ཐམས་ཅད་ཀྱི། །དམིགས་མྱོང་དག་ནི་ཐ་དད་ཡིན། །ཞེས་སོ། །དེ་ཡང་དོན་སྤྱི་དང་མེད་པ་གསལ་སྣང་ནི་སྣང་ཙམ་ལས་ལོགས་སུ་དོན་རང་མཚན་པ་མེད་ལ། དོན་རང་མཚན་རྣམས་དངོས་སུ་སྣང་བ་ལྟ་བུ་ནི་ཕྱི་དོན་དེས་ཤེས་པ་ལ་རང་འདྲའི་རྣམ་པ་གཏད་པས་དོན་ལྟར་ཤེས་པའི་རྣམ་པ་ཡིན་གྱི། དོན་བུམ་པ་ལྟ་བུ་ནི་དངོས་སུ་ནམ་ཡང་མི་མཐོང་སྟེ། བུམ་སྣང་དང་གོ་ས་ཐ་མི་དད་པར་ལྐོག་ན་ཡོད་དེ། སྐད་ཅིག་དང་པོ་ལ་ཡུལ་དབང་ཤེས་པའི་རྐྱེན་གསུམ་ཚོགས་པའི་ཕྱི་ལོགས་སུ་ཡུལ་དེའི་རྣམ་པ་མེ་ལོང་ལ་གཟུགས་བརྙན་ལྟར་ཤར་བ་ལ། འདྲ་བ་ཉམས་སུ་མྱོང་བའི་ཕྱིར་ཤེས་པས་ཡུལ་མྱོང་ཞེས་ཐ་སྙད་བཏགས་པའོ། །རྡུལ་དུ་མ་འདུས་ནས་རགས་པ་རྩོམ་པའི་ཚེ། རྡུལ་རྣམས་རེག་པ་ནི་མི་རུང་སྟེ། ཆ་མེད་ལ་ཆ་མེད་པས་འབྱར་ན་ཆ་ཡོད་དགོས་ཤིང་དེའང་ཕྱོགས་བཞི་སྟེང་འོག་གཉིས་ཏེ་ཆ་དྲུག་ཏུ་འགྱུར་བའི་ཕྱིར་རོ། །བསྐོར་བ་བར་དང་བཅས་པར་མི་རུང་སྟེ། སྣང་མུན་གྱི་རྡུལ་དང་རེག་པས་ཆ་དྲུག་ཏུ་འགྱུར་བའི་ཕྱིར་རོ། །བྱེ་སྨྲ་དང་ཁྱད་པ་ནི། འོན་ཀྱང་འབྱར་ལ་མ་རེག་པར་གནས་སོ། །དེ་ཡང་བར་མེད་པས་འབྱར་ལ། ངོས་ཆས་རེག་པ་མེད་པས་མ་རེག་པས་འབྱར་ལ་མ་རེག་པ་ཡིན་པའོ། །དེ་ཡང་རགས་པ་རྩོམ་ཚེ་རྡུལ་ཕྲ་རབ་རྣམས། བར་ཡོད་པ་དང་མེད་པ་གང་རུང་དུ་མི་འཐད་པས་ན་བར་ནི་མེད་ལ་འབྱར་ཀྱང་མ་འབྱར་བས་རེག་ལ་མ་འབྱར་བའམ། བར་མེད་པས་འབྱར་ལ་ངོས་ཆས་མ་རེག་པའི་ཕྱིར། འབྱར་ལ་མ་རེག་པ་ཞེས་སུ་འདོད་པ་ཡིན། དབང་པོ་ནི། རྫས་ལྐོག་ན་མེད་ཀྱི་མིག་ཁྲ་བོ་འདི་གཉིས་ཀྱིས་རྣམ་ཤེས་སྐྱེད་ནུས་པའི་ཆའོ། །དེས་ན་གཞན་གྱི་དབང་པོ་ནི་མངོན་སུམ་གྱིས་མ་ངེས་ཏེ། འབྲས་བུ་མ་མཐོང་བར་ནུས་པ་མངོན་སུམ་གྱིས་མི་ངེས་པའི་ཕྱིར་རོ། །རང་གི་དབང་པོ་ནི་མིག་ཤེས་ལ་སོགས་སྐྱེ་བའི་ཚེ་ལྐོག་གྱུར་ཡིན་ལ། སྐྱེས་ཙ་ན་དབང་དོན་འཛིན་པའི་ཡུལ་ཤེས་དང་། མིག་ཤེས་དམིགས་པའི་རང་རིག་གཉིས་ཀྱི་ཤུགས་ལས་ངེས་པ་ཡིན་ནོ། །དེ་ཡང་དབང་པོའི་རྫས་ལྐོག་ན་མེད་ཀྱི་མིག་སོགས་ཀྱི་རང་རང་གི་རྣམ་ཤེས་སྐྱེད་ནུས་པའི་ནུས་པ་ཞིག་སྟེ། དེ་ཡང་ཤེས་པ་སྔ་མའི་སྟོབས་ཀྱིས་བྱུང་བ་ཡིན་ལ། དེ་ལ་བརྟེན་ནས་མིག་ཤེས་སོགས་སྐྱེ་བས་རྗེས་སུ་འགྲོ་ལྡོག་གི་ངེས་པས་གྲུབ་བོ་ཞེས་འདོད་པ་དང་། སྐྱེ་འཇིག་ལ་སོགས་པ་མི་ལྡན་པའི་འདུ་བྱེད་རྣམས་ནི། གཟུགས་དང་སེམས་དང་སེམས་ལས་བྱུང་བ་གསུམ་ལས། དེ་ཉིད་དང་གཞན་གཉིས་ཀ་བཀག་ཙམ་གྱིས་ཁེགས་པས། ཀུན་བརྟགས་ཡིན་ཏེ་རི་བོང་གི་རྭ་བཞིན་ནོ། །དེ་གསུམ་ལས་དོན་ལོགས་པ་མེད་པས་མིང་ཙམ་དུ་སོང་བའི་ཕྱིར་རོ། །སྐྱེ་འཇིག་ལ་སོགས་པ་ལྡན་མིན་འདུ་བྱེད་རྣམས་ནི་གཟུགས་དང་སེམས་སེམས་བྱུང་ལས་དེ་ཉིད་དང་གཞན་དུ་མ་གྲུབ་པས་ཀུན་བཏགས་ཡིན་ཏེ་རི་རྭ་བཞིན་མིང་ཙམ་དུ་ཟད་པས་སོ། །ཞེས་འདོད། ཉན་རང་དགྲ་བཅོམ་དང་སངས་རྒྱས་མྱ་ངན་ལས་འདས་ཕན་ཆད་ཕུང་པོ་ས་བོན་དང་བཅས་པ་མཁའ་ལ་སྤྲིན་དེངས་པའམ། མཚོ་ལ་འཁྱགས་པ་ཞུ་བ་ལྟར། ཡུལ་ཆོས་ཀྱི་དབྱིངས་ཀྱི་འགོག་པ་དང་དབྱེར་མེད་པས་རྡུལ་ཙམ་མམ་མིང་ཙམ་ཡང་མ་ལུས་པར་ཞི་སྟེ་ཅི་ཡང་མེད་པ་ནི་བྱེ་བྲག་སྨྲ་པ་ལྟར་ཡིན་ཀྱང་། བྲལ་བའི་རྫས་རྣམས་ཇི་སྙེད་པར་ཐོབ་པའི་རྫས་ཀྱང་དེ་སྙེད་དེ་དངོས་པོ་པ་ནི་མ་ཡིན་ནོ། །ཞེས་འདོད་པ་ཡིན་ནོ། དེ་ཡང་ཐེག་པ་གསུམ་གྱིས་མྱ་ངན་ལས་འདས་པ་ན་ཕུང་པོ་ས་བོན་དང་བཅས་པ་རྒྱུན་ཆད་ནས། མཁའ་ལ་སྤྲིན་དེངས་པ་ལྟར་ཡུལ་འགོག་པ་ཆོས་དབྱིངས་དང་དབྱེར་མེད་ཙམ་ལ་འདོད་དེ་ཅི་ཡང་མེད་པར་འདོད་པ་ནི་བྱེ་བྲག་པ་དང་མཐུན་ལ། འོན་ཀྱང་འདིས་བྲལ་བའི་རྫས་སོ་སོ་བར་ཡོད་པར་མི་འདོད་དོ། །མདོ་སྡེ་པའི་དེ་དགག་པ་ལ་ཕྱོགས་སྔ་མ་ལྟར་བདུན་ལས། རྐྱེན་བཞི་དགག་པ་ལ་ལྔ་སྟེ། རྒྱུ། དེ་མ་ཐག དམིགས་པ། བདག་པོ། བསྐྱེད་ཚུལ་དགག་པའོ། །དང་པོ་ནི། རྒྱུ་ཉིད་མེད་དེ། འབྲས་བུ་མ་གྲུབ་པར་དེའི་རྒྱུ་མི་འགྲུབ་པས་ན་རྒྱུ་འབྲས་གཉིས་ཀ་ཕན་ཚུན་ལྟོས་པའི་ཕྱིར་དང་། ནུས་པ་འོག་ནས་འགོག་པའི་ཕྱིར་དང་། དངོས་རྒྱུ་མ་ཡིན་པས། དངོས་སུ་ཕན་འདོགས་མི་སྲིད་པའི་ཕྱིར་རོ། །བཞི་བརྒྱ་པ་ལས། འབྲས་བུ་མེད་པར་རྒྱུ་ལ་ནི། །རྒྱུ་ཉིད་ཡོད་པ་མ་ཡིན་ཏེ། །དེ་ཡི་ཕྱིར་ན་རྒྱུ་རྣམས་ཀུན། །འབྲས་བུ་ཉིད་དུ་ཐལ་བར་འགྱུར། །ཞེས་སོ། །དེ་མ་ཐག་པ་ཡང་མེད་དེ། རྒྱུ་འབྲས་ཕྲད་པ་མེད་པའི་ཕྱིར་དང་། འབྲས་བུ་སྐྱེ་དུས་རྒྱུའི་ངོ་བོ་ད་དུང་ཡོད་ན་རྒྱུ་འབྲས་དུས་མཉམ་པར་ཐལ་ལ། དུས་མཉམ་པར་མེད་ན་རྒྱུ་སྔར་འགགས་པས་འབྲས་བུ་ཕྱིས་འབྱུང་པར་རྒྱུ་དེ་དང་མ་ཕྲད་དེ་བར་དུ་ཆོད་པར་ཐལ་བའི་ཕྱིར་ཏེ། དེ་ཉིད་ལས། ཆོས་རྣམས་སྐྱེས་པ་མ་ཡིན་ན། །འགགས་པ་འཐད་པར་མི་འགྱུར་རོ། །དེ་ཕྱིར་དེ་མ་ཐག་མི་རིགས། །འགགས་ན་རྐྱེན་ཡང་གང་ཞིག་ཡིན། །ཞེས་སོ། །དམིགས་རྐྱེན་མ་གྲུབ་སྟེ། གང་དམིགས་བྱ་དེ་ཉིད་ཡུལ་ཡིན་དགོས་ཤིང་། ཡུལ་ཡང་ཡིན་ལ་རྒྱུ་ཡང་ཡིན་པའི་དུས་ན། ཡུལ་ཤེས་དུས་མཉམ་ན་རྒྱུ་འབྲས་དུས་མཉམ་མི་སྲིད་པ་གོང་དུ་ཁེགས་པས་རྐྱེན་དུ་མི་རུང་ལ། དུས་མི་མཉམ་ན་ཡུལ་ཡོད་དུས་དམིགས་པ་མེད་པས་མ་མཐོང་བ་ཡིན་པས། མཐོང་བའམ་དམིགས་པ་ཕྱིན་ཅི་ལོག་ཏུ་ཐལ་བའི་ཕྱིར་རོ། །རྩ་ཤེར་ལས། ཡོད་པའི་ཆོས་འདི་དམིགས་པ་ནི། །མེད་པ་ཁོ་ན་ཉེ་བར་བསྟན། །ཅི་སྟེ་ཆོས་འདི་དམིགས་མེད་ན། །དམིགས་པ་ཡོད་པར་ག་ལ་འགྱུར། །ཞེས་སོ། །བདག་རྐྱེན་མེད་དེ། བདག་པོའི་རྐྱེན་དེས་སྐྱེད་ལུགས་ཇི་ལྟར་བྱེད་དེ་ཁྱད་པར་སྐྱེད་དམ་ངོ་བོ་སྐྱེད། ཁྱད་པར་ཁོ་ན་སྐྱེད་ན་ཆ་ཤས་ཅན་མེད་པའི་ཆ་ཤས་ཀྱང་བསྐྱེད་བྱར་འགྱུར་ཞིང་། ངོ་བོ་སྐྱེད་ན་ཁྱད་པར་མེད་པའི་ངོ་བོ་ཙམ་ལ་སྐྱེད་རྒྱུ་དང་རྣམ་དབྱེ་མེད་པར་འགྱུར་རོ། །ཞེས་པ་ནི། ཁྱད་པར་ཁོ་ན་སྐྱེད་ན་ངོ་བོ་མེད་པའི་ཆ་ཤས་རྐྱང་པ་བསྐྱེད་དགོས་ན་དེ་མི་སྲིད་ལ། ངོ་བོ་བསྐྱེད་ན་རྒྱུ་རྐྱེན་དང་བདག་རྐྱེན་ཁྱད་མེད་དུ་འགྱུར་ཏེ་མཚན་ཉིད་ངོ་བོ་དང་ཁྱད་པར་ལ་ཕན་འདོགས་པ་ཞེས་བཞག་པ་དོན་མེད་དོ་ཞེས་སོ། །སྐྱེད་ཚུལ་མི་འཐད་དེ། ཤེས་པ་གཅིག་སྐྱེས་པའི་སྐབས་ཀྱི་སྐྱེ་བ་འཇིག་པ་གཉིས་ཤེས་པ་ལས་རྫས་ཐ་དད་དུ་ཐལ་ཏེ། བུམ་པའི་རྣམ་པ་སྣང་བ་དང་མི་སྣང་བ་གཉིས་ཀ་ཆོས་འགལ་བ་ཡིན་པའི་ཕྱིར་རོ། །ཤེས་པ་དང་དེའི་སྐྱེ་འཇིག་རྫས་ཐ་དད་དུ་འདོད་ན་ཤེས་པ་འདུས་མ་བྱས་རྟག་པར་ཐལ་ཏེ། དེ་ལྟར་ན་སྐྱེ་འཇིག་མ་ཡིན་པའི་ཕྱིར་རོ། །ཞེས་པ་འདི། ཤེས་པའི་སྐྱེ་འཇིག་གཉིས་རིམ་བཞིན་བུམ་པར་སྣང་བ་དང་མི་སྣང་བའི་རང་བཞིན་ཡིན་ལ། དེ་དག་གིས་བསྐྱེད་བྱ་ཤེས་པ་ཙམ་གྱི་རང་བཞིན་དུ་གཅིག་པ་འགལ་བས་ཤེས་པ་ལས་ཐ་དད་པར་འགྱུར་ཞིང་། དེ་ལྟ་ན་ཤེས་པ་འདུས་བྱས་ཡིན་ལ། སྐྱེ་འཇིག་མེད་པའི་རྟག་པར་ཡང་ཐལ་ཕྱིར། འདུས་བྱས་རྟག་པར་ཐལ་བའི་འགལ་བ་གནས་སོ་ཞེས་པ་ཙམ་དུ་གོ་བ་བསླང་ནའང་རུང་སྟེ་ཡིག་སྐྱོན་ཅུང་བྱུང་བ་འདྲ་སྟེ་དོན་གྱིས་དཔྱད་པར་གྱིས་ཤིག་ཅེས་གསུངས་ལ། མདོར་ན། རྒྱུ་འབྲས་ཕྲད་མ་ཕྲད་དང་། དུས་མཉམ་མི་མཉམ་འབྲས་བུ་ཡོད་པའམ་མེད་པ་གང་སྐྱེད། རང་སྐྱེ་སོགས་མཐའ་བཞི་པོ་གང་གི་ཚུལ་དུ་སྐྱེ་དཔྱད་ན་དོན་དམ་པར་རྐྱེན་ལས་སྐྱེ་བ་མ་གྲུབ་པ་ཡིན་ནོ། །སྣང་བ་བློ་ཡིན་པ་ནི། འོག་ནས་སེམས་ཙམ་རྣམ་བདེན་པ་འགོག་པར་འགོག་གོ །ཡུལ་ལྐོག་གྱུར་དུའང་མི་རུང་སྟེ། ཡུལ་ཐམས་ཅད་ལྐོག་གྱུར་ཡིན་ན་གཞལ་བྱ་མངོན་གྱུར་ལྐོག་གྱུར་གྱི་རྣམ་དབྱེ་མེད་པར་འགྱུར་བའི་ཕྱིར་དང་། ལྐོག་གི་བུམ་པ་མཐོང་མི་སྲིད་པས་སྒྲུབ་བྱེད་མེད་པའི་ཕྱིར་ཏེ། རྡུལ་བཀག་ཅིང་མི་སྣང་བས་ལྐོག་གི་བུམ་པ་ཀུན་རྫོབ་དོན་དམ་གཉིས་ཀར་ཁེགས་པའི་ཕྱིར་དང་། འདྲ་བ་བཀག་པའི་ཕྱིར་དང་། བུམ་པ་ཉིད་རྡུལ་དུ་གནས་ལ་དེ་མཐོང་གི་ཤེས་པའི་ངོར་རིལ་པོར་སྣང་བ་ཡིན་པས་དེ་གཉིས་གཞི་མཐུན་མེད་པས་འདྲ་བ་རྫས་འགལ་ནས་མ་གྲུབ་ཀྱང་མེད་པའི་ཕྱིར་དང་། ཇི་བཞིན་མ་ཡིན་པའི་མཐོང་བ་ཕྱིན་ཅི་ལོག་ཏུ་འགྱུར་བའི་ཕྱིར་རོ། །མདོར་ན་སྣང་བ་བློ་དང་ཡུལ་ལྐོག་གྱུར་ཡིན་ན། གཞལ་བྱ་མངོན་གྱུར་ལྐོག་གྱུར་གྱི་རྣམ་དབྱེ་འཐད་དཀའ་ལ། ཡུལ་ལྐོག་ན་མོ་མེད་པར་ཡང་སྣང་རིགས་པའི་ཕྱིར་ཕྱི་དོན་བདེན་པར་མི་འགྲུབ་བོ་ཞེས་པའོ། །རྡུལ་བར་མེད་ཅེས་པའང་མི་རུང་སྟེ། བར་དུ་ཕྲ་རབ་ཀྱི་ཆ་ཙམ་གྱིས་ཀྱང་མ་ཆོད་ན་ནི་མ་རེག་པའང་མི་སྲིད་ལ། ཆོད་ན་བར་མེད་པ་མི་སྲིད་པས་ཚིག་ཙམ་དུ་ཟད་དོ། །དེ་ཡང་རྡུལ་ཕྲ་རབ་ལ་བར་མེད་ན་གཅིག་ཏུ་འབྱར་བར་ཐལ་ལ། མ་རེག་པའམ་མ་འབྱར་ན་ནི་བར་དང་བཅས་པར་ཐལ་བ་ལས་ཕུང་གསུམ་པ་མི་སྲིད་དོ། །དབང་པོ་ནུས་པའང་། དབང་པོ་ཉིད་བཀག་པས་དབང་པོའི་ནུས་པ་མ་གྲུབ་བོ། །ཞེས་པ་སྟེ། དེ་ཡང་དོན་དམ་པར་དབང་པོར་བཀག་པས་དབང་པོའི་ནུས་པ་ཁེགས་པ་དང་། ཐ་སྙད་དུ་དབང་པོ་ཉིད་ཀྱིས་ཤེས་པ་སྐྱེ་བར་བྱེད་ཆོག་པའི་ཕྱིར་ནུས་པར་བཏགས་པ་ལ་དགོས་པ་མི་ཆེ་བ་དང་། མི་ལྡན་པ་ཀུན་བརྟགས་སུའང་མི་རུང་སྟེ། མི་རྟག་པ་ཞེས་པ་ཞིག་ཤེས་བྱ་ལ་མི་སྲིད་ན་རྟག་པར་སྨྲ་བ་མི་སྟེགས་གསང་བ་པའི་གྲུབ་མཐར་ཐལ་བའི་ཕྱིར་དང་། བུམ་པ་མི་རྟག་པ་མ་ཡིན་པས་ཐོ་བས་གཞོམ་དུ་མེད་པར་ཐལ་བ་དང་། སེམས་ཉིད་ཀྱི་ཐོབ་པའི་ངོ་བོ་མེད་ན་མྱང་འདས་ཐོབ་ཀྱང་སེམས་འཁོར་བར་འཁྱམས་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་དངོས་མེད་ཀྱང་མི་རུང་སྟེ། མྱང་འདས་དངོས་མེད་ཡིན་ན། སངས་རྒྱས་འགྲོ་དོན་མ་རྫོགས་པར་དངོས་མེད་དུ་འགྱུར་བའི་ཕྱིར་དང་། སྒྲིབ་པ་གཏན་ནས་མ་ཟད་པར་ཤེས་པ་འགག་ཏུ་མི་རུང་བར་དངོས་མེད་དུ་འགྱུར་བའི་ཕྱིར་རོ། །དེའང་གྲུབ་མཐའ་འདིས་བུམ་པར་མཐོང་བ་འདི་བུམ་པ་དངོས་མ་ཡིན་བུམ་པ་ངོ་མ་རྡུལ་ཕྲན་ཡིན། མཐོང་བ་དེར་སྣང་ངའི་བློ་ཡིན་ཞེས་རི་ལ་སོགས་པ་ཀུན་མཚུངས་པར་བརྗོད་པས་ལེགས་པ་མ་ཡིན་ནོ། །ཚུལ་འདིས་སེམས་ཉོན་མོངས་སུ་སྣང་ཡང་ཉོན་མོངས་མ་ཡིན་པ་དང་། སེམས་དེ་མ་ཐག་རྐྱེན་ལས་སྐྱེ་བར་འདོད་པ་དང་། ཡུལ་ཤེས་ཆ་ཤས་ཀྱིས་སྣང་མི་སྣང་འདོད་པ་ཐམས་ཅད་བཀག་པ་ཡིན་ནོ། །དེ་ཡང་མྱང་འདས་ནི་རྒྱུན་ཆད་པའི་དངོས་མེད་རྐྱང་པ་མིན་ཏེ། ཐེག་དམན་གྱི་མྱང་འདས་སྒྲིབ་པ་མ་ཟད་པས་མཐར་ཐུག་མིན་པ་དང་། སངས་རྒྱས་ནི་འགྲོ་དོན་མ་རྫོགས་པ་དང་ཡེ་ཤེས་འགག་པའི་རྒྱུ་མེད་པའི་ཕྱིར་རྒྱུན་མི་འཆད་དོ་ཞེས་པའོ། །དེ་ཐམས་ཅད་ཀྱིས་ཉན་ཐོས་བྱེ་མདོ་གཉིས་ཀྱིས་བསྡུས་པའི་ཉན་ཐོས་པའི་འདོད་ཚུལ་དང་། དེ་ལ་དགག་པ་དང་བཅས་པ་བཤད་ཟིན་ཏོ། །གཉིས་པ།

རང་རྒྱལ་གྱི་གྲུབ་མཐའ་བཤད་པ།

ད་ནི་རང་སངས་རྒྱས་ཀྱི་འདོད་པ་འགོག་ཚུལ་དང་བཅས་པ་ནི། རང་སངས་རྒྱས་རྣམས་རྟེན་འབྲེལ་ཉིད་སྒོ་ནས། །ཡང་དག་དམིགས་པར་རྟོགས་པའང་གཞན་ཉིད་དོ། །ཞེས་གསུངས་ཏེ། ཐེག་དམན་དབང་པོ་རྣོན་པོ་རྟེན་འབྲེལ་འཇུག་ལྡོག་གི་སྒོ་ནས་སངས་རྒྱས་འབྲིང་དུ་གཏོགས་པའི་སྐལ་བ་ཅན་རྣམས་ཀྱང་མཐར་ཕྱིན་པའི་ས་ལ་གནས་པ་མ་ཡིན་པས་ན་ཐེག་པ་མཆོག་ལས་གཞན་དུ་བཞག་གོ །འདིར་དེའི་གྲུབ་པའི་མཐའ་ལ་དབྱེ་ན་གསུམ་སྟེ། དམིགས་པའི་ཡུལ། སྤྱོད་པའི་བདག་ཉིད། གྲུབ་པའི་འབྲས་བུའོ། །ཡུལ་ལའང་། རིགས། ལྟ་བ། རྟེན་འབྲེལ་གསུམ་ལས། རིགས་ནི། ཉན་ཐོས་དང་། བྱང་ཆུབ་སེམས་དཔའི་སྐལ་བ་ཅན་མ་ཡིན་པས་དབང་པོ་འབྲིང་དུ་གྱུར་པ་སྟེ། ཀུན་ལས་བཏུས་ལས། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོའི་གང་ཟག་གོ །ཞེས་པའི་བར་པའོ། །ལྟ་བ་ནི། གང་ཟག་གི་བདག་དང་ཕྱི་གཟུང་བ་རྡུལ་ཕྲན་དུ་མི་འདོད་ཀྱང་། ཡུལ་རྫུན་སྣང་འཛིན་མཁན་གྱི་ཤེས་པ་སྐད་ཅིག་གི་འཛིན་པ་མ་སྤངས་པ་ཡིན་ཏེ། མངོན་རྟོགས་རྒྱན་ལས། གཟུང་དོན་རྟོག་པ་སྤང་ཕྱིར་དང་། །འཛིན་པ་མི་སྤོང་ཕྱིར་དང་ནི། །རྟེན་གྱིས་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །ཞེས་སོ། །དེ་ཡང་རང་སངས་རྒྱས་རྣམས་ནི། དབང་པོ་འབྲིང་རང་རྒྱལ་གྱི་རིགས་དང་ལྡན་པའི་གང་ཟག་ཡིན་ཅིང་། དེ་དག་གིས་སྔོན་གོམས་པའི་སྟོབས་ཀྱིས་སྲིད་པ་ཐ་མ་པའི་དུས་སུ། རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་ཀྱི་སྒོ་ནས། ཡང་དག་པའི་དོན་དམིགས་པར་བྱས་ནས། གང་ཟག་གི་བདག་དང་། གཟུང་བ་རང་བཞིན་མེད་པར་ཤེས་པས་བདག་མེད་ཕྱེད་གཉིས་རྟོགས་པ་དང་། འབྲས་བུ་རང་རྒྱལ་དགྲ་བཅོམ་ཐོབ་པའང་ཐེག་པ་ཆེན་པོ་ལས་གཞན་དུ་དམན་པར་བཞག་གོ །རྟེན་འབྲེལ་ནི། ལྔས་ཤེས་པར་བྱ་སྟེ། དབྱེ་བ། ངོ་བོ། རྣམ་གཞག ཚེ་དུ་ལ་རྫོགས་པ། སྒོམ་ཚུལ་ལོ། །དབྱེ་ན་ཕྱི་རྟེན་འབྲེལ་དང་། ནང་རྟེན་འབྲེལ་ལོ། །ཕྱི་ནི་ས་བོན་ལ་བརྟེན་ནས་མྱུ་གུ་འབྱུང་བ་ལ་སོགས་པའོ། །ནང་ནི་མ་རིག་པ་ལ་བརྟེན་ནས་རྒ་ཤིའི་བར་དུ་འབྱུང་བའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་སོ། །སོ་སོའི་ངོ་བོ་བཤད་པ་ལ་མ་རིག་པ་ནི། སྤྱིར་ཤེས་བྱ་མི་ཤེས་པ་ཙམ་ལ་འཇུག་པ་ཡིན་ན་ཡང་། སྐབས་འདིར་སྐྱེ་བ་འདི་འགྲུབ་པའི་ཚེ་སྔ་མའི་ཉོན་མོངས་པ་རྣམས་ཚེ་འདི་ལ་ལྟོས་ནས་མ་རིག་པར་བཞག་གོ །འདུ་བྱེད་ནི་སྤྱིར་རྒྱུས་འབྲས་བུ་བསྐྱེད་པ་ཙམ་ཡིན་ཀྱང་། སྐབས་འདིར་ཚེ་འདི་གྲུབ་པའི་སྔོན་རོལ་གྱི་ལས་སོ། །རྣམ་ཤེས་ནི་སྤྱིར་ཡུལ་གྱི་དོན་ཙམ་རིག་པ་ཡིན་ཀྱང་། འདིར་མའི་མངལ་དུ་དང་པོ་འཇུག་པའི་ཕུང་པོ་ལྔའོ། །མིང་དང་གཟུགས་ནི་སྤྱིར་མིང་བཞིའི་ཕུང་པོ་དང་གཟུགས་ཡིན་ཀྱང་། འདིར་མངལ་དུ་ཞུགས་ནས་ཁ་མིག་མ་དོད་ཚུན་ཆད་ཀྱི་ཕུང་པོ་ལྔའོ། །སྐྱེ་མཆེད་དྲུག་ནི་སྤྱིར་མིག་ལ་སོགས་པ་ཙམ་ཡིན་ཀྱང་། འདིར་ཁ་མིག་དོད་ནས་བཟུང་སྟེ་དྲི་རོ་རེག་བྱ་འཛིན་མི་ནུས་པ་ཚུན་ཆད་དོ། །རེག་པ་ནི་སྤྱིར་ཡུལ་དབང་ཤེས་པ་གསུམ་འདུས་པ་ཙམ་ཡིན་ཀྱང་། འདིར་བདེ་སྡུག་གི་རྒྱུ་ཡུལ་འཛིན་ཅིང་བདེ་སྡུག་དངོས་མ་སྐྱེས་པ་ཚུན་ཆད་དོ། །འདི་དུས་ཐུང་ངོ་། །ཚོར་བ་ནི་སྤྱིར་ཉམས་སུ་མྱོང་བ་ཙམ་ཡིན་ཀྱང་འདིར་མངལ་དུ་བདེ་སྡུག་རགས་པ་མྱོང་བ་ནས་བཟུང་སྟེ་འཁྲིག་པ་སྤྱོད་མི་ནུས་པའི་བར་ཚུན་ཆད་ཀྱི་བདེ་སྡུག་གོ །སྲེད་པ་ནི་སྤྱིར་ཆགས་པ་ཙམ་ཡིན་ཀྱང་། འདིར་འཁྲིག་པ་སྤྱོད་ནུས་པ་ནས་བཟུང་སྟེ་ནོར་རྫས་སམ། བུད་མེད་དམ་སྐྱེས་པ་བཙལ་བའི་འདུན་པ་མེད་པ་ཚུན་ཆད་དེ་དུས་ཐུང་ངོ་། །ལེན་པ་ནི་སྤྱིར་འདུན་པ་དང་འདོད་ཆགས་ཙམ་ཡིན་ཀྱང་འདིར་སྲེད་ཡུལ་ཚོལ་ཅིང་མ་རྙེད་པའི་བར་རོ། །སྲིད་པ་ནི་སྤྱིར་ལས་ཐམས་ཅད་ཡིན་ཀྱང་། འདིར་ཡུལ་དེ་རྙེད་ནས་སྤྱད་པས་སྲེད་ལེན་གྱིས་གསོས་བྱས་པའི་ཚེ་ཕྱི་མ་འགྲུབ་པའི་ལས་བསོག་པ་སྟེ་འཆི་ཀ་མ་ཚུན་ཆད་དོ། །སྐྱེ་བ་ནི་སྤྱིར་རྒྱུ་ལས་སྐྱེ་བ་ཐམས་ཅད་ཡིན་ཀྱང་། འདིར་ལས་དེའི་ནུས་པས་ཚེ་ཕྱི་མར་མངལ་དུ་ཞུགས་མ་ཐག་པའོ། །རྒ་ཤི་ནི་སྤྱིར་འགག་པར་ཕྱོགས་པ་དང་འགག་པ་ཐམས་ཅད་ཡིན་ཀྱང་འདིར་མངལ་དེར་ཞུགས་ནས་ཕྱི་མའི་མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བ་སྟེ་བཞི་པོ་རྫོགས་པའི་བར་ཐམས་ཅད་དོ། །དེ་ཡང་ཕྱི་ནང་གི་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་གྱིས་སྐྱེ་སྟེ། ཕྱིའི་ས་བོན་ལ་བརྟེན་ནས་མྱུ་གུ་འབྱུང་བ་ལ་སོགས་པ་དང་། ནང་གི་མ་རིག་པ་ནས་རྒ་ཤིའི་བར་དུ་འབྱུང་བའོ། །དེ་ལ་ཚེ་སྔ་མར་ཡང་དག་པའི་དོན་མི་ཤེས་པའི་མ་རིག་པ་ཡོད་པ་ལས། ཚེ་འདི་འགྲུབ་པའི་ལས་བསགས་པ་ནི་འདུ་བྱེད་དོ། །དེ་ལས་སྲིད་པར་འཕེན་བྱེད་རྒྱུ་དང་འཕང་འབྲས་ཀྱི་རྣམ་ཤེས་འགྲུབ་བོ། །རྣམ་ཤེས་ལས་མིང་བཞི་དང་གཟུགས་ཀྱིས་བསྡུས་པའི་ཕུང་པོ་མེར་མེར་པོ་ལ་སོགས་པ་འགྲུབ་བོ། །དེ་ལས་མིག་ལ་སོགས་པའི་སྐྱེ་མཆེད་དྲུག་འགྲུབ་ཅིང་། སྐྱེ་མཆེད་ལས་ཡུལ་དབང་ཤེས་གསུམ་འདུས་པའི་རེག་པ་འབྱུང་ཞིང་། དེ་ལས་ཚོར་བ་དང་། ཚོར་བ་ལས་ཡུལ་འདོར་ལེན་གྱི་སྲེད་པ་དང་། སྲེད་པ་ལས་ཡུལ་དང་དུ་ལེན་པའི་ལེན་པ་དང་། དེ་ལས་སྲིད་པ་འགྲུབ་པའི་ལས་བསགས་པ་ལ་སྲིད་པ་ཞེས་དང་། སྲིད་པ་ལས་འགྲོ་བ་དྲུག་ཏུ་སྐྱེ་བ་དང་། སྐྱེ་བ་ལས་རྒ་ཤི་འབྱུང་ངོ་། །རྒ་ཤི་གཉིས་གཅིག་ཏུ་བརྩི་བ་ནི། མ་རྒས་གོང་ནས་འཆི་བའང་ཡོད་པས་ཐམས་ཅད་ལ་རིམ་གྱིས་འབྱུང་བ་མ་ངེས་པས་དང་། གཞན་ཡང་དེར་མ་འདུས་པའི་མྱ་ངན་དང་། སྡུག་བསྔལ་དང་། སྨྲེ་ངག་དང་། ཡིད་མི་བདེ་བ་ལ་སོགས་པ་མང་ཡང་། ཐམས་ཅད་ལ་འབྱུང་བ་མ་ངེས་པ་ཡིན་པས། སྐྱོ་བ་སྐྱེད་པའི་ཕྱིར་དུ་རྒ་ཤིའི་འཁོར་དུ་བཞག་པའོ། །དེའི་སྲིད་པ་ནས་རྟེན་འབྲེལ་གཞན་གྱི་མགོ་འཛུགས་པ་ཡིན་ནོ། །མཛོད་ལས། མ་རིག་ལ་སོགས་སྔོན་གནས་སྐབས། །འདུ་བྱེད་དག་ནི་སྔོན་ལས་ཀྱིའོ། །རྣམ་ཤེས་མཚམས་སྦྱོར་ཕུང་པོ་ཡིན། །མིང་དང་གཟུགས་ནི་དེ་ཕན་ཆད། །སྐྱེ་མཆེད་དྲུག་དོད་ཚུན་ཆད་དོ། །དེ་ནི་གསུམ་འདུས་ཚུན་ཆད་དོ། །རེག་པ་བདེ་སྡུག་ལ་སོགས་ཀྱི། །རྒྱུ་ཤེས་ནུས་པ་ཚུན་ཆད་དོ། །ཚོར་འཁྲིག་ཚུན་ཆད་སྲེད་པ་ནི། །ལོངས་སྤྱོད་འཁྲིག་པའི་ཆགས་ཅན་གྱིའོ། །ཉེ་བར་ལེན་པ་ལོངས་སྤྱོད་རྣམས། །ཐོབ་པར་བྱ་ཕྱིར་རྒྱུག་པའོ། །དེ་སྲིད་འབྲས་བུ་འབྱུང་གྱུར་པའི། །ལས་བྱེད་དེ་ནི་སྲིད་པ་ཡིན། །ཉིང་མཚམས་སྦྱོར་བ་སྐྱེ་བ་ཡིན། །ཚོར་བའི་བར་ནི་རྒ་ཤིའོ། །སྔོན་དང་ཕྱི་མ་བར་དག་ལ། །རྨོངས་པ་རྣམ་པར་བཟློག་ཕྱིར་རོ། །ཞེས་སོ། །རྣམ་པར་གཞག་པ་ནི། བཅུ་གཉིས་པོ་དེ་དག་ལས་དང་ཉོན་མོངས་དང་སྡུག་བསྔལ་གསུམ་དུ་འདུས་ཏེ། མ་རིག་སྲེད་ལེན་གསུམ་ཉོན་མོངས། །འདུ་བྱེད་སྲིད་པ་གཉིས་ནི་ལས། །ལྷག་མ་རྣམས་ནི་སྡུག་བསྔལ་ཏེ། །ཞེས་པ་ལྟར་། མ་རིག་པ། སྲེད་པ། ལེན་པ་གསུམ་ནི་ཉོན་མོངས་པའོ། །འདུ་བྱེད་དང་སྲིད་པ་གཉིས་ནི་ལས་སོ། །རྣམ་ཤེས་ལ་སོགས་ལྷག་མ་བདུན་ནི་སྡུག་བསྔལ་ཏེ། ཀླུ་སྒྲུབ་ཀྱིས། དང་པོ་བརྒྱད་པ་དགུ་ཉོན་མོངས། །གཉིས་དང་བཅུ་པ་ལས་ཡིན་ཏེ། །ལྷག་མ་བདུན་ཡང་སྡུག་བསྔལ་ཡིན། །ཞེས་གསུངས་སོ། །ཚེ་དུ་ལ་རྫོགས་པ་ནི། མྱུར་ཚད་ཀྱི་དབང་དུ་བྱས་ན་ཚེ་གསུམ་ལ་རྫོགས་ཏེ། མཛོད་ལས། སྲིད་པའི་འཁོར་ལོ་ཐོག་མ་མེད། །དེ་ནི་རྟེན་ཅིང་འབྲེལ་འབྱུང་བའི། །ཡན་ལག་བཅུ་གཉིས་ཆ་གསུམ་མོ། །སྔོན་དང་ཕྱི་མཐར་གཉིས་གཉིས་དང་། །བར་དུ་བརྒྱད་ཡོངས་རྫོགས་ལྡན་ལ། །ཞེས་སོ། །དེ་ལྟར་ཉོན་མོངས་ལས་ལས་དང་། ལས་ལས་སྡུག་བསྔལ་དང་། སྡུག་བསྔལ་གྱི་གཞི་ལས་སླར་ཡང་ཉོན་མོངས་དང་ལས་འབྱུང་བས་མ་རིག་པ་མ་ལྡོག་གི་བར་དུ་སྲིད་པའི་རྟེན་འབྲེལ་གྱི་འཁོར་ལོ་འཁོར་མཚམམ་མི་ཆད་པར་བརྒྱུད་མར་འཇུག་གོ །སྒོམ་ཚུལ་ནི། དུར་ཁྲོད་ཀྱི་རུས་པ་ལ་བལྟས་ནས། འདི་ནི་ཤི་བས་ལན་ཅིང་། ཤི་བ་རྒས་པ་ལས་བྱུང་བ་ནས་མ་རིག་པའི་བར་དུ་ལུགས་འབྱུང་བཅུ་གཉིས་རྟོགས་ནས། མ་རིག་པ་འགགས་ན་རྒ་ཤིའི་བར་འགགས་པ་ལུགས་ལྡོག་ལ་སེམས་པས་སྒོམ་པའོ། །དེ་ཡང་དུར་ཁྲོད་ཀྱི་རུས་པ་ལ་བལྟས་ཏེ་འདི་ཤི་བ་ལས་བྱུང་ཞིང་། དེ་ཡང་སྐྱེ་བ་ལས་བྱུང་བ་སོགས་མ་རིག་པའི་བར་དུ་ཤེས་ཤིང་མ་རིག་པ་དེ་ནི་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་སྤང་བར་རིག་ནས་ལམ་རང་རྒྱུད་ལ་བརྟེན་པར་བྱེད་དེ། འདི་ལྟར་རྒ་ཤི་སྡུག་བསྔལ་གྱི་ངོ་བོ་ཡིན་པས། དེ་སྐྱེ་བ་ལས་བྱུང་བ་སོགས་འབྱུང་རིམ་ལ་བསམས་པས་སྡུག་བསྔལ་བདེན་པ་རྟོགས་པ་དང་། སྐྱེ་བ་འགགས་པས་རྒ་ཤི་འགག་པ་སོགས་འགགས་རིམ་ལ་བསམས་པས་འགོག་པའི་བདེན་པ་ལ་འཇུག མ་རིག་པ་ཀུན་འབྱུང་གི་རྩ་བ་ཡིན་པས་དེ་ལས་འདུ་བྱེད་སོགས་འབྱུང་བའི་རིམ་པ་ལ་བསམས་ན་ཀུན་འབྱུང་གི་བདེན་པ་རྟོགས། མ་རིག་པ་འགགས་པས་འདུ་བྱེད་འགག་པ་སོགས་འགག་རིམ་ལ་བསམས་ན་ཀུན་འབྱུང་གི་གཉེན་པོ་བདག་མེད་བསྒོམ་པ་སོགས་ལམ་བདེན་གྱི་རང་བཞིན་ཤེས་པ་ཡིན་ནོ། །སྤྱོད་པ་ནི་ཉན་རང་གཉིས་ཚོགས་ལམ་གྱི་བར་དུ་དགེ་བའི་བཤེས་གཉེན་ལ་ཐོས་བསམ་བྱས་པ་ལས། རང་སངས་རྒྱས་ནི་རིགས་ཀྱི་སྟོབས་ཀྱིས་དབེན་པ་ལས་དགའ་བས་འདུ་འཛི་སྤངས་ཏེ། སྒོམ་པས་རང་གི་བྱང་ཆུབ་འགྲུབ་བོ། །གྲུབ་པའི་འབྲས་བུ་ནི་ནེ་ཙོ་ཁྱུའི་འཚོ་བ་ལྟར་ཚོགས་ན་སྤྱོད་པ་ནི་དབང་པོ་རྟུལ་ཞིང་ཡོན་ཏན་ཆུང་བ་མང་པོ་དང་ལྷན་ཅིག་བསྒོམས་པས་ཚེ་གསུམ་ན་འབྲས་བུ་ཐོབ་ཏུའང་རུང་སྟེ། མྱུར་བ་སྲིད་པ་གསུམ་གྱི་མཐར། །ཞེས་སོ། །འདི་ལའང་ཚོགས་ན་སྤྱོད་པ་ཆེ་ཆུང་གཉིས་བཤད་དོ། །ཚོགས་སྤྱོད་ཆེ་ཆུང་རེ་རེ་བཞིན་དུ། རིགས་ཀྱི་ཁྱད་པར། ཚོགས་གསོག་པའི་ཁྱད་པར། ལམ་གྱི་སྒྲུབ་ཚུལ། གནས་པའི་ཁྱད་པ་སོགས་ཀྱི་ཞིབ་ཕྲའི་དབྱེ་བ་མང་ངོ་། །བསེ་རུ་ལྟ་བུའི་དབང་པོ་རྣོ་བ་ཡོན་ཏན་ཆེ་བ་གཅིག་པུར་གནས་པ་དེ་ནི་ཚོགས་བསྐལ་པ་བརྒྱས་འབྲས་བུ་གྲུབ་སྟེ། བསེ་རུ་བསྐལ་པ་བརྒྱ་ཡི་རྒྱུས། །ཞེས་སོ། །དེས་ནི་ཚོགས་ལམ་གྱི་རྟེན་ལ་ཚོགས་བསགས་ནས། སྟན་ཐོག་གཅིག་ཏུ་ལམ་ལྔ་མངོན་དུ་བྱེད་པས་དབང་པོ་རྣོ་བར་བཞག་ལ། སྔ་མ་ཚོགས་ན་སྤྱོད་པས་དེ་མི་ནུས་པས་དབང་པོ་རྟུལ་པོར་བཞག་པ་སྟེ། མཛོད་ལས། སྟོན་དང་བསེ་རུ་བྱང་ཆུབ་པར། །བསམ་གཏན་མཐའ་རྟེན་གཅིག་ལ་ཀུན། །ཞེས་སོ། །དེའང་ཉན་ཐོས་དགྲ་བཅོམ་དང་རང་སངས་རྒྱས་དབང་རྟུལ་གཉིས་ཀྱིས་སྟོང་གསུམ་ཡོད་པའི་གཉིས་ཚུན་ཆད་མངོན་ཤེས་ཀྱིས་མཐོང་ལ། བསེ་རུ་ལྟ་བུས་གསུམ་མཐོང་ཞིང་སངས་རྒྱས་ཀྱིས་གྲངས་མེད་གཟིགས་ཏེ། དེ་ཉིད་ལས། དགྲ་བཅོམ་བསེ་རུ་སྟོན་རྣམས་ཀྱིས། །སྟོང་གཉིས་གསུམ་དང་གྲངས་མེད་མཐོང་། །ཞེས་སོ། །རང་སངས་རྒྱས་རྣམས་བསྐལ་བ་ཡར་འཕེལ་དང་མར་འགྲིབ་གཉིས་ཀར་འབྱུང་ལ། དེ་ཡང་སངས་རྒྱས་འདས། ཉན་ཐོས་ཀྱང་མེད་པའི་བར་དེར་རང་གི་སྔོན་གྱི་སྨོན་ལམ་གྲུབ་པས་རྟོགས་པ་རང་བྱུང་དུ་རྒྱུད་ལ་སྐྱེས་ནས་འབྲས་བུ་ཐོབ་སྟེ། རྩ་བ་ཤེས་རབ་ལས། རྫོགས་སངས་རྒྱས་རྣམས་མ་བྱུང་ཞིང་། །ཉན་ཐོས་རྣམས་ཀྱང་ཟད་པ་ན། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །རྟེན་པ་མེད་པར་རང་བྱུང་ངོ་། །ཞེས་སོ། །ཚུལ་དེ་ལྟ་བུའི་སྒོ་ནས་ཚོགས་ན་སྤྱོད་པ་དང་། བསེ་རུ་ལྟ་བུའི་རང་རྒྱལ་གྱིས་འབྲས་བུ་སྟན་གཅིག་ལ་མངོན་དུ་བྱེད་དོ། །དེ་ལྟར་ཉན་རང་དགྲ་བཅོམ་དེ་དག་ལྷག་མེད་དུ་འདས་ནས་འགོག་པའི་དབྱིངས་ན་ཞུགས་པ་ཡང་། ཉན་རང་རང་གི་ལུགས་ལ་དེ་ནས་རྟག་པར་ཞི་བའི་དབྱིངས་ལས་མི་གཡོ་བར་འདོད་ལ། ཐེག་ཆེན་པས་གཞལ་ན། སྔར་ཚོགས་ཇི་ཙམ་བསགས་བའི་ཡུན་ཞིག་ཞི་བའི་དབྱིངས་སུ་བློའི་འཇུག་པ་ཐིམ་ཡང་། དེ་ནས་བདེ་བ་ཅན་དང་། མངོན་དགའ་དང་། པདྨ་ཅན་ལ་སོགས་པ་དག་པའི་ཞིང་དུ་པདྨའི་སྦུབས་སུ་སྐྱེས་ཏེ་ལོ་བདུན་དུ་པདྨ་ཁ་ཟུམ་ནས་གནས་སོ། དེའང་མ་རིག་པའི་བག་ཆགས་དང་ཤེས་བྱའི་སྒྲིབ་པ་ཕྲ་མོའི་མཐུས་སྐྱེས་པའི་དུས་ན། ཞིང་དེའི་སངས་རྒྱས་ཀྱི་ཐུགས་རྗེའི་ཉི་མའི་མཐུས། གསུང་ངག་གི་འོད་ཟེར་གྲགས་པ་ལས་པདྨ་ཁ་འབྱེད་ཅིང་ཏིང་ངེ་འཛིན་གྱིས་མྱོས་ཤིང་བརྒྱལ་བ་སློང་བའི་ཚིགས་སུ་བཅད་པ་འབྱུང་བའི་ཚུལ་ནི། དམ་པའི་ཆོས་པདྨ་དཀར་པོ་ལས། འདི་ལྟར་མྱ་ངན་འདས་པར་གང་བརྗོད་པ། །འཁོར་བའི་སྡུག་བསྔལ་དག་ལས་ཁྱེར་ཐར་ཡང་། །ཁྱོད་ནི་ད་དུང་མྱ་ངན་ཡོངས་མི་འདས། །སངས་རྒྱས་ཐེག་པ་འདི་ནི་བཙལ་བར་གྱིས། །ཞེས་ཐོས་མ་ཐག་ཏུ། ཐེག་པ་ཆེན་པོའི་ལམ་དུ་འཇུག་པའི་སྤྲོ་བ་སྐྱེས་པས་པདྨ་ཁ་བྱེ་སྟེ། དེ་བཞིན་གཤེགས་པ་དེའི་དྲུང་དུ་སོང་ནས། གདོད་སེམས་བསྐྱེད་དེ་ལམ་བསྒོམས་པས་སྐུ་ཚེ་དེ་ཉིད་ལ་སངས་རྒྱས་སོ། །དེའང་ལང་ཀར་གཤེགས་པ་ལས། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་སྐྱེ་བ་ལ་རང་དབང་ཐོབ་པའི་སྒོ་ནས་ཚོགས་གཉིས་ཡོངས་སུ་བསགས་ཏེ། སངས་རྒྱས་ཉིད་ཐོབ་པར་འགྱུར་རོ་ཞེས་སོ། །འདི་དག་གི་ཚུལ་རྒྱས་པ་ནི། ཁོ་བོའི་བསྟན་བཅོས་ངེས་དོན་ཤིང་རྟ་ཆེན་པོར་རྟོགས་པར་བྱའོ། །དེ་དགག་པ་ལ་གསུམ་སྟེ། དམིགས་པའི་ཡུལ། སྤྱོད་པའི་བདག་ཉིད། གྲུབ་པའི་འབྲས་བུ་དགག་པའོ། །ཡུལ་དགག་པ་ལ་གསུམ་སྟེ། རིགས། སེམས། རྟེན་འབྲེལ་དགག་པའོ། །དང་པོ་ནི། རིགས་ངེས་པ་ཉིད་མ་གྲུབ་སྟེ། རིགས་ལ་རྣོ་རྟུལ་འབྲིང་གསུམ་ཡོད་པའི་རྣོ་རྟུལ་གཉིས་འབྲིང་པོ་ལ་ལྟོས་ནས་བཞག་པས། རིགས་ཀྱི་རང་བཞིན་གཅིག་ཏུ་མ་གྲུབ་པའི་ཕྱིར་དང་། སྒྲིབ་པ་རང་བཞིན་པ་སྔར་ནས་བཀག་པའི་ཕྱིར་དང་། ཉན་རང་གཉིས་ཀས་སངས་རྒྱས་ཐོབ་དགོས་པར་བསྒྲུབས་ཟིན་པའི་ཕྱིར་རོ། །འཛིན་པའི་སེམས་དོན་དམ་དུ་འདོད་པ་དེ་ཉིད་དགག་པ་ནི། གཟུང་བ་མེད་པའི་འཛིན་པ་མི་འཐད་དེ། རི་བོང་གི་རྭ་མ་གྲུབ་པས་དེའི་འཛིན་པ་མ་གྲུབ་པ་བཞིན་ནོ། །འཛིན་པ་སྐད་ཅིག་ཀྱང་མི་འཐད་དེ་སྔར་བཀག་པ་བཞིན་ནོ། །རྟེན་འབྲེལ་གྱི་ཆོས་ཕན་ཚུན་ཕྲད་པར་མ་གྲུབ་པས་རྟེན་པ་མི་འཐད་ཅིང་རྟེན་པ་མེད་པ་དེ་ཉིད་འབྲེལ་དུ་མི་རུང་བའི་ཕྱིར་རྟེན་འབྲེལ་མ་གྲུབ་པའི་ཕྱིར་རོ། །རྟེན་འབྲེལ་བྱེ་བྲག་པ་རྣམས་ཀྱིའང་འདུ་བྱེད་དང་སྲིད་པ་མེད་དེ། མཚམས་སྦྱོར་བ་དང་འཇུག་པ་སྔར་བཀག་པ་བཞིན་ནོ། །མིང་དང་གཟུགས་མེད་དེ་མངལ་དང་ཕྲད་པར་བཀག་པའི་ཕྱིར་རོ། །སྐྱེ་མཆེད་དྲུག་མེད་དེ་རྣམ་ཤེས་བསྐྱེད་པའི་ནུས་པ་བཀག་པའི་ཕྱིར་རོ། །རེག་པ་དང་ཚོར་བ་ཡང་སྔར་བཀག་པ་བཞིན་དུ་ཡོད་པ་མིན་ནོ། །སྲེད་ལེན་མེད་དེ་དོན་སྤྱི་རྫུན་པ་དང་ལྟོས་པ་སྔར་ནས་བཀག་ཟིན་པ་བཞིན་ནོ། །སྐྱེ་བ་དང་རྒ་ཤི་ཡང་མེད་དེ། གཅིག་དང་ཐ་དད་དང་རྟག་མི་རྟག་གི་རིགས་པས་དཔྱད་ན་མ་གྲུབ་པ་བཞིན་ནོ། །མཛོད་ལས། མ་རིག་ནས་བརྩམས་རྒ་ཤི་ཡི། །མཐར་ཐུག་ཡན་ལག་བཅུ་གཉིས་ཀྱི། །རྟེན་ནས་འབྱུང་བའི་བྱ་བ་ནི། །ཁོ་བོས་རྨི་ལམ་སྒྱུ་འདྲར་འདོད། །ཅེས་པ་དང་། ཡུམ་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་རྣམས་ཀྱང་རང་བཞིན་གྱིས་རྣམ་པར་དག་ཅེས་སོ། །རྟེན་འབྲེལ་བཅུ་གཉིས་འདི་དག་ལུགས་འཇུག་ལྡོག་ཏུ་སྒོམ་པའང་གཉེན་པོ་མ་ཡིན་ཏེ། ཟས་ཟོས་ན་འགྲངས། མ་ཟོས་ན་ལྟོགས་པའི་འཇུག་ལྡོག་ཤེས་ཀྱང་མ་ཟོས་ན་མི་འགྲངས་པ་ལྟར་ལུགས་འབྱུང་ལྡོག་ལ་སྟོང་པ་ཉིད་དུ་མ་རྟོགས་པར་བསྒོམས་ཀྱང་རྟེན་འབྲེལ་མི་འགག་པས་སོ། །གཞན་ལུགས་བཀག་ནས་ཞོར་དུ་རང་ལུགས་སྒྲུབ་པ་ནི། ཁོ་བོ་ཅག་ནི་ལས་རྒྱུ་འབྲས་ལ་རྨོངས་པའི་གཉེན་པོར་ལས་དགེ་མི་དགེ་ལ་བརྟེན་ནས་འབྲས་བུ་འདོད་མི་འདོད་འབྱུང་བར་ཤེས་ནས་འདོར་ལེན་བྱེད་ཀྱང་རྟེན་འབྲེལ་སྣང་ལ་རང་བཞིན་མེད་པར་རྟོགས་པ་ཙམ་དུ་འདོད་པ་ཡིན་ནོ། །རྩ་ཤེ་ལས། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །རྟག་པ་མེད་པ་ཆད་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་འགྲོ་འོང་མེད་པའི་སྣང་སྟོང་། གདོད་མ་ནས་རང་བཞིན་མེད་པར་ཤེས་པ་ལ་འཇུག་གོ །སྤྱོད་པ་དགག་པ་ལ་གསུམ་སྟེ། རང་བཞིན་མ་གྲུབ་པ། དམ་པའི་སྤྱོད་པ་མ་ཡིན་པ། སྨད་པའི་གནས་ཡིན་པའོ། །དང་པོ་ནི་སྤྱོད་པ་མ་གྲུབ་སྟེ། སྤྱད་བྱ་སྤྱོད་བྱེད་རྟག་མི་རྟག་དང་ཕྲད་པ་བཀག་པ་བཞིན་ནོ། །གཉིས་པ་ནི། འཇིག་རྟེན་ནའང་བདག་ལས་གཞན་ལ་ཕན་བདེ་བྱེད་པ་དེ་ལ་དམ་པར་འཇོག་གི་རང་དོན་འབའ་ཞིག་བྱེད་པ་དེ་ཉིད་སྨད་པ་བཞིན་ནོ། །གསུམ་པ་ནི་སྔོན་ཡུན་རིང་མོ་ནས་ཕན་བཏགས་པའི་སེམས་ཅན་དེ་དག་འདོར་ན་སྨད་པར་རིགས་ཏེ། དྲིན་ཅན་གྱི་དྲིན་བརྗེད་པར་འགྱུར་ན་དེ་མི་རུང་བ་བཞིན་ཡིན་ནོ། །དེས་ན་ཕན་བདེ་བྱ་དགོས་ཏེ། སྤྲིངས་ཡིག་ཏུ། གང་གི་ནུ་ཞོ་བྱམས་པའི་ཤུགས་ཀྱིས་གཟེགས་འཐུངས་པ། །ངལ་བ་མང་ལྡན་པ་ལ་བརྟེན་པ་དེ་དག་ནི། །སྤོང་བར་བྱེད་ན་དེ་ལས་མ་རབས་སུ་ཞིག་ཡོད། །ཅེས་པ་དང་། ཞི་བ་ལྷས། གང་དག་ཕ་དང་མ་དང་ནི། །གཉེན་བཤེས་གྱུར་པས་བདག་ལ་སྔོན། །ཕན་པ་བྱས་པར་གྱུར་པ་ཡི། །སེམས་ཅན་དེ་དག་རྣམས་ལ་ནི། །བྱས་པར་གཟོ་བ་འགྱུར་བ་བྱ། །ཞེས་སོ། །རང་རྒྱལ་གྱི་འབྲས་བུ་དགག་པ་ལ་གསུམ་སྟེ། རང་བཞིན་དུ་མ་གྲུབ་པ། རང་དོན་མཐར་མ་ཕྱིན་པ། གཞན་དོན་མེད་པས་དམན་པའོ། །དང་པོ་ནི་མྱང་འདས་བཀག་པ་བཞིན་ནོ། །གཉིས་པ་ནི་དབང་བཅུ་མ་ཐོབ་པའི་ཕྱིར་ཏེ། ཐར་པ་ཆེན་པོ་གདོད་བསྒྲུབ་དགོས་པའི་ཕྱིར་ཏེ། འཁོར་བའི་སྡུག་བསྔལ་དག་ལས་ཁྱེད་ཐར་ཡང་། །ཁྱེད་ནི་ད་དུང་མྱ་ངན་ཡོངས་མི་འདས། །སངས་རྒྱས་ཐེག་པའི་མཆོག་འདི་བཙལ་བར་གྱིས། །ཞེས་སོ། །གསུམ་པ་ནི་མྱ་ངན་ལས་འདས་མ་ཐག་ཏུ་སུའི་དོན་ཡང་མི་འགྲུབ་པར་ཞི་བར་གནས་པ་ཡིན་པས་ན་གོ་ཅི་ཡང་མི་ཆོད་པའི་ཐར་པའི་གཟུགས་བརྙན་ཙམ་གྱི་ཕྱིར་རོ། །སྐྱེས་རབས་ལས། བདག་གི་སྡུག་བསྔལ་ཆེན་པོས་ཀྱང་། །སྙིང་རྗེའི་བདག་ཉིད་བརྟན་པ་གསལ། །གཞན་གྱི་སྡུག་བསྔལ་ཆུང་ངུས་ཀྱང་། །འདར་བར་གྱུར་པ་དེ་སྨད་དོ། །ཞེས་པ་བཞིན་ནོ། །དེ་ལྟར་རང་སངས་རྒྱས་ཀྱི་ལུགས་འགོག་ཚུལ་དང་བཅས་པས་ཐེག་པ་ཆུང་ངུའི་ཚུལ་བཤད་ཟིན་ཏོ། །དེ་ཡང་རང་རྒྱལ་གྱི་རིགས་སུ་མཐའ་གཅིག་ཏུ་ངེས་པ་མིན་ཏེ། མཐར་ཐུག་ཐེག་གཅིག་ཏུ་ངེས་པའི་རིགས་པ་དང་། རྟེན་ཅིང་འབྲེལ་བའང་རང་བཞིན་མེད་དེ་ཕན་ཚུན་ཕྲད་ནས་སྐྱེ་བ་ལ་སོགས་པ་མ་གྲུབ་པའི་ཕྱིར་དང་། གཟུང་བ་མེད་ན་དེ་འཛིན་ཡང་བདེན་པར་མེད་དེ་མགོ་མཉམ་པའི་ཕྱིར་དང་། གཅིག་པུར་དབེན་པར་དགའ་བའང་མཆོག་གི་སྤྱོད་པ་མ་ཡིན་ཏེ། དོན་དམ་པར་དབེན་མི་དབེན་མེད་པའི་ཕྱིར་དང་། གཅིག་པུར་ཞི་བར་ཞེན་པའི་བློ་དམ་པའི་ཚུལ་མིན་པ་དང་། འབྲས་བུ་མཐར་ཐུག་པ་མིན་པའི་ཕྱིར་ཡང་ལམ་དམན་པ་ཡིན་ནོ། །དེ་ཡན་གྱིས་རང་སྡེའི་ནང་པ་སངས་རྒྱས་པའི་ཐེག་དམན་ཉན་རང་གི་ལྟ་གྲུབ་དང་། དེ་དག་གི་ཞི་བ་ཕྱོགས་གཅིག་པའི་མཐར་ལྷུང་བ་སོགས་ཀྱི་ལྟ་སྒོམ་སྤྱོད་འབྲས་དམན་པ་ཐམས་ཅད་ཀྱི་ལུགས་བཤད་པ་དང་དེ་ཉིད་དགག་པ་སོང་ནས། གཉིས་པ་ཐེག་པ་ཆེན་པོ་ལ། རྒྱུའི་ཐེག་པ་དང་། འབྲས་བུའི་ཐེག་པ་གཉིས། དང་པོ་ལ། སྤྱི་བྱེ་བྲག་གཉིས། དང་པོ།

མཚན་ཉིད་རྒྱུ་ཡི་ཐེག་ཆེན་སྤྱིར་བསྟན་པ།

ད་ནི་ཐེག་པ་ཆེན་པོའི་གཞུང་རྒྱ་ཆེར་དབྱེ་བ་ལ་གཉིས་ཏེ། ཁྱད་པར་གྱི་ཆོས་གང་དག་ཡོད་པ་དང་། ཁྱད་པར་ཅན་གྱི་གཞུང་དེ་ཉིད་ལེགས་པར་བཤད་པའོ། །དང་པོ་ཁྱད་པར་ནི་ཐེག་པ་ཆུང་ངུ་ལས་ཆེན་པོ་འཕགས་པའི་ཁྱད་པར་ནི། གངས་ཆེན་མཚོ་འདྲ་སངས་རྒྱས་ཐེག་པ་ཆེ། །གོ་ཆ་མཆོག་སོགས་བདུན་གྱིས་འཕགས་པས་ན། །ཐེག་པ་མཁའ་འདྲ་གཞལ་མེད་ཁང་ཆེན་ཡིན། །ཅེས་གསུངས་གསུངས་ཏེ། དེ་ལ་ཐེག་པ་ཆེན་པོ་ནི་ཐབས་དང་སྤྱོད་པ་དང་། ཆོས་ཀྱི་ཚུལ་རྒྱ་མཚོ་ལས་ཀྱང་གངས་ཆེན་མཚོར་གྱུར་པ་ཡིན་ལ། ཐེག་པ་ཆུང་ངུ་ནི་བ་གླང་རྨིག་རྗེས་ཀྱི་ཆུའི་རང་བཞིན་དུ་ལྟ་སྟེ་ཆེན་པོ་བདུན་དང་ལྡན་པ་དང་མི་ལྡན་པའི་ཕྱིར་རོ། །དེ་ལ་དམིགས་པ་ཆེན་པོ་ནི་ཆོས་ཉིད་ནམ་མཁའ་འདྲ་བ་ལ་དམིགས་པར་ནུས་ལ་ཐེག་པ་ཆུང་ངུས་དེ་ལྟར་དམིགས་པ་མི་ནུས་སོ། །གཞན་ཡང་ཕུགས་ཀྱི་ཆེད་དུ་བྱ་བ་རང་གི་དོན་བསྒྲུབ་པ་ནི་ཆུང་ངུ་ཡིན་ལ། གཞན་དོན་འབའ་ཞིག་བསྒྲུབ་པ་ནི་དམིགས་པ་ཆེན་པོའོ། །སྒྲུབ་པ་ཆེན་པོ་ནི་ལམ་དང་སྤྱོད་པའི་དུས་ན་རང་གཞན་གཉིས་ཀའི་དོན་ཆེན་པོ་སྒྲུབ་པ་ཉིད་དེ། ཉན་རང་ལ་རང་དོན་ལས་མེད་དོ། །བསྒྲུབ་པ་ནི་ཐབས་ཤེས་ཁྱད་པར་ཅན་ཟུང་དུ་འབྲེལ་པ་ནི་ཆེན་པོ་ལ། བྲལ་བ་ནི་ཆུང་ངུ་སྟེ་སྡུད་པ་ལས། ཐབས་མེད་ཤེས་རབ་བྲལ་བས་ཉན་ཐོས་ཉིད་དུ་ལྷུང་། །ཞེས་སོ། །དེའང་རིན་ཆེན་འཕྲེང་བ་ལས། ཉན་ཐོས་ཐེག་པ་དེ་ལས་ནི། །བྱང་ཆུབ་སེམས་དཔའི་སྨོན་ལམ་དང་། །སྤྱོད་པ་ཡོངས་བསྔོ་མ་བཤད་དེ། །ཐེག་པ་ཆེན་པོར་ག་ལ་འགྱུར། །འདི་ནི་སྙིང་རྗེ་འབའ་ཞིག་གིས། །བྱང་ཆུབ་བར་དུ་སྲིད་མཚམས་སྦྱོར། །ཅེས་ཐབས་སྙིང་རྗེ་དང་ཤེས་རབ་མཐའ་གཉིས་སུ་མི་གནས་པས་སྲིད་ཞི་གཉིས་ལས་འདའ་བར་བྱེད་དེ། མངོན་རྟོགས་རྒྱན་ལས། ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་དང་། །ཞེས་སོ། །ཡེ་ཤེས་ཆེན་པོ་ནི་ཆོས་དང་གང་ཟག་གི་བདག་གཉིས་ཀྱིས་སྟོང་པའི་ཆོས་ཉིད་སྙིང་རྗེ་དང་ཟུང་དུ་འཇུག་པའི་ཡེ་ཤེས་ཐེག་ཆེན་པ་ལ་ཡོད་པ་ལ་ཐེག་དམན་ལ་མེད་དོ། །ཡེ་ཤེས་ནི་གང་ཟག་གི་བདག་མེད་ཙམ་མམ། ཆོས་ཀྱི་ཕྱེད་གཟུང་བ་རང་བཞིན་མེད་པར་རྟོགས་པ་ཉན་རང་སྟེ་ཆུང་ངུ་ལ། བདག་གཉིས་ཀྱིས་སྟོང་པར་རྟོགས་པ་ནི་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོའོ། །བརྩོན་འགྲུས་ཆེན་པོ་བསྐལ་པ་གྲངས་མེད་པར་སེམས་ཅན་གྱི་དོན་དུ་སྤྲོ་བ་ཉན་རང་ལ་མེད་དོ། །བརྩོན་འགྲུས་ནི་དུས་ཐུང་ངུར་སྤྲོ་བ་ཞན་པས་གཞན་དོན་ཡལ་བར་འདོར་བར་ཆུང་ངུ་ལ། དུས་རིང་པོར་སྤྲོ་བ་ཆེན་པོས་འགྲོ་མང་གི་མཐའ། བསྐལ་བའི་ཡུན། བྱ་དཀའི་སྤྱོད་པ་བཅས་ལ་བརྩོན་པ་ནི་མདོ་སྡེ་རྒྱན་ལས། ཕ་རོལ་སེམས་དགེ་གཅིག་གི་ཕྱིར་ཡང་ནི། །བསྐལ་པ་བྱེ་བ་བརྒྱར་ཡང་མི་སྐྱོ་བ། །ཞེས་པ་དང་། སྤྱོད་འཇུག་ལས། སེམས་ཅན་གྲངས་མཐའ་ཡས་ལ་དུས་རིང་དུ། །བདེ་བར་གཤེགས་ཀྱི་བདེ་བ་བླ་ན་མེད། །ཡིད་ལ་བསམ་པ་མཐའ་དག་རྫོགས་བྱེད་པ། །རྟག་ཏུ་སྦྱིན་པ་ལྟར་ཞིག་སྨོས་ཅི་དགོས། །ཞེས་པ་དང་སྔ་མ་ལས། སེམས་ཅན་ཁུར་ཆེན་མགོ་ལ་ཁྱེར་བ་ཡིས། །སེམས་དཔའ་མཆོག་རྣམས་དལ་གྱིས་འགྲོ་མི་མཛེས། །བདག་གཞན་འཆིང་བ་སྣ་ཚོགས་རབ་བཅིངས་པས། །བརྩོན་འགྲུས་བརྒྱ་འགྱུར་དུ་ནི་བྱ་བའི་རིགས། །ཞེས་སོ། །ཐབས་ལ་མཁས་པ་ཆེན་པོ་སྲིད་ཞི་གཉིས་ཀྱི་མཐའ་ལ་མི་གནས་པས་དོན་སྒྲུབ་པ་ཉིད་ཉན་རང་ལ་མེད་དོ། །ཐབས་ནི་རང་ཉིད་གཅིག་པུ་ཞི་བ་ཚོལ་བའི་ཐབས་ནི་ཆུང་ངུ་ལ་ཟློག་པ་ནི་ཆེན་པོ་སྟེ་མངོན་རྟོགས་རྒྱན་ལས། ཉན་ཐོས་ཞི་བ་ཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་ཁྲིད་མཛད་གང་ཡིན་དང་། །འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང་། །ཞེས་སོ། །གྲུབ་པ་ཆེན་པོ་ཡང་དག་པར་སྒྲུབ་པ་སངས་རྒྱས་ནས་གཞན་དོན་དང་། སྟོབས་སོགས་ཀྱི་ཡོན་ཏན་མཐའ་ཡས་ལྡན་པ་ཐེག་དམན་ལ་མེད་དོ། །གྲུབ་པ་ནི་ཞི་བ་ཕྱོགས་གཅིག་ཆུང་ངུ་ལ། །མི་གནས་པའི་མྱ་ངན་ལས་འདས་པ་ཆེན་པོ་ནི་ཆེན་པོ་སྟེ་རིན་པོ་ཆེ་ཟ་མ་ཏོག་ལྟ་བུའི་གཏམ་ལས། ཕྱོགས་གཅིག་ཞི་བར་གཞོལ་བས་དབྱིངས་སུ་ཡང་དག་ཞི་གྱུར་པ། །ཆུང་ངུ་རྣམས་ལས་མཆོག་གྱུར་མི་གནས་མྱ་ངན་འདའ། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པས་དོན་མཛད་པ། །ཡིད་བཞིན་མཆོག་སྟེ་མ་ལུས་འདོད་གཏེར་རོལ་པ་ཅན །ཅེས་སོ། །འཕྲིན་ལས་ཆེན་པོ་འཁོར་བ་ཇི་སྲིད་པར་གཞན་དོན་ལྷུན་གྲུབ་ཏུ་འབྱུང་བ་ཉིད་ཉན་རང་ལ་མེད་ལ། ཐེག་ཆེན་ལ་ཡོད་པས་འཕགས་ཏེ། འཕྲིན་ལས་ནི་ཉན་རང་དབྱིངས་སུ་ཞི་བས་གཞན་དོན་མི་འབྱུང་སྟེ། དེ་ཉིད་ལས། གཅིག་བུ་ཞི་ལ་བློ་ཡི་འཇུག་པ་ཐིམ་གྱུར་གཞན་དོན་སེམས་པའང་མེད། །ཅེས་སོ། །ཐེག་ཆེན་ནི་སངས་རྒྱས་ནས་འཁོར་བ་མ་སྟོངས་ཀྱི་བར་དུ་དོན་མཛད་དེ་སྔ་མ་ལས། དེ་བཞིན་འཁོར་བ་ཇི་སྲིད་འདིའི། །ལས་ནི་རྒྱུན་མི་འཆད་པར་འདོད། །ཅེས་སོ། །མདོ་སྡེ་རྒྱན་ལས། དམིགས་པ་ཆེན་པོ་ཉིད་དང་ནི། །དེ་བཞིན་སྒྲུབ་པ་གཉིས་དག་དང་། །ཡེ་ཤེས་བརྩོན་འགྲུས་རྩོམ་པ་དང་། །ཐབས་ལ་མཁས་པ་གང་ཡིན་དང་། །ཡང་དག་གྲུབ་པ་ཆེན་པོ་དང་། །སངས་རྒྱས་འཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་བདུན་དང་ལྡན་པའི་ཕྱིར། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །ཅེས་སོ། །དེ་དག་གི་ནང་ནས་ཁྱད་པར་དུ་ཐབས་སྙིང་རྗེས་འཕགས་ཏེ། རིན་ཆེན་ཕྲེང་བ་ལས། ཉན་ཐོས་ཐེག་པ་དེ་ལས་ནི། །བྱང་ཆུབ་སེམས་དཔའི་སྨོན་ལམ་དང་། །སྤྱོད་པ་ཡོངས་བསྔོ་མ་བཤད་དེས། །ཐེག་པ་ཆེན་པོར་ག་ལ་འགྱུར། །ཞེས་སོ། །མདོར་ན་ཐབས་དང་ཤེས་རབ་དང་རྣམ་གྲོལ་ཐམས་ཅད་ཡངས་པ་ནམ་མཁའ་ལྟ་བུས་རང་གཞན་གྱི་དོན་གཉིས་ལམ་གྱི་དུས་ནའང་སྒྲུབ་ཅིང་བདེ་སྐྱིད་འབྱུང་ལ། སངས་རྒྱས་ནས་ཀྱང་འབྱུང་བ་ཡིན་ཏེ། སྡུད་པ་ལས། ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ཏེ། །དགའ་སྐྱིད་བདེ་བ་མངོན་པར་ཐོབ་བྱེད་ཐེག་པའི་མཆོག །དེ་གང་བཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་ཟློ། །རྒྱུ་དེས་དེ་ནི་ཐེག་པ་ཆེ་ཞེས་རབ་བརྗོད་དོ། །ཞེས་སོ། །དེས་ཐེག་དམན་ལས་ཐེག་ཆེན་ཆེན་པོ་བདུན་གྱིས་འཕགས་ཚུལ་བསྟན་ནས། གཉིས་པ་ལ་བསྟན་བཤད་གཉིས། དང་པོ།

རྒྱུའི་ཐེག་པ་བྱེ་བྲག་ཏུ་བཤད་པའི་མདོར་བསྟན།

ཁྱད་པར་ཅན་གྱི་ཐེག་པ་ཆེན་པོ་ཉིད་བཤད་པ་ནི། ཐེག་མཆོག་རང་བཞིན་ཐ་དད་མ་མཆིས་ཀྱང་། །ཤིང་རྟ་འདྲེན་བྱེད་ལྟ་བ་གསུམ་ཉིད་ལས། །སེམས་ཙམ་རང་རྒྱུད་ཐལ་འགྱུར་ཞེས་སུ་གྲགས། །ཞེས་གསུངས་ཏེ། ཐེག་པ་ཆེན་པོ་དེའི་ངོ་བོ་ཆོས་ཐམས་ཅད་རང་བཞིན་མེད་པ་དང་། ལམ་ཚོགས་གཉིས་བསྐལ་པ་གྲངས་མེད་པར་བསོག་པ་དང་། འབྲས་བུ་བྱང་ཆུབ་ནས་གཞན་དོན་འབྱུང་བའི་རང་བཞིན་ལ་མཐུན་པས་ཐ་དད་མེད་ཀྱང་། གསུང་རབ་བླ་ན་མེད་པའི་ཤིང་རྟ་ཆེན་པོ་འདྲེན་པའི་སློབ་དཔོན་ཆེན་པོ་དག གསུང་རབ་ཀྱི་དགོངས་པ་འགྲེལ་ཚུལ་ཅུང་ཟད་མ་མཐུན་པའི་དབང་གིས། སེམས་ཙམ་དང་། རང་རྒྱུད་དང་། ཐལ་འགྱུར་དུ་གྲགས་ཏེ། བསྟན་བཅོས་ཀྱི་དགོངས་པ་དེ་དག་ཏུ་སངས་རྒྱས་ཀྱི་དགོངས་པ་འདུས་པར་མཛད་པ་ལས། ཞེས་པ་སྟེ་དེ་ལྟར་འཕགས་པའི་ཐེག་མཆོག་ཙམ་གྱི་རང་བཞིན་ཡིན་པར་ཐ་དད་མེད་ཀྱང་། ཐེག་ཆེན་གྱི་བཀའི་དགོངས་པ་འགྲེལ་ཚུལ་མི་འདྲ་བས། ཐོག་མའི་ཤིང་རྟ་འདྲེན་བྱེད་ཀྱི་ལྟ་བ་མི་འདྲ་བ་གསུམ་དུ་བྱུང་བ་ལ། སེམས་ཙམ་དང་། རང་རྒྱུད་པ་དང་། ཐལ་འགྱུར་པ་ཞེས་སུ་གྲགས་པ་ལས། ཞེས་མདོར་བསྟན་ནས་གཉིས་པ་རྒྱས་པར་བཤད་པ་ལ། སེམས་ཙམ། རང་རྒྱུད། ཐལ་འགྱུར་གསུམ། དང་པོ།

སེམས་ཙམ་པའི་གྲུབ་མཐའ་བཤད་པ།

དང་པོ་རྣལ་འབྱོར་སྤྱོད་པ་སེམས་ཙམ་པ་བསྟན་པ་ནི། སེམས་ཙམ་པ་ནི་རྣམ་ཤེས་དོན་དམ་འདོད། །སྤྱི་དང་ཁྱད་པར་ཚུལ་གཉིས་རིམ་པ་ལས། །འདོད་དོན་ཐུན་མོང་རང་གསལ་ཡེ་ཤེས་དང་། །ཀུན་བརྟགས་གཞན་དབང་ཡོངས་གྲུབ་ལ་སོགས་ཉིད། །ཅེས་གསུངས་ཏེ། དང་པོ་སེམས་ཙམ་པ་ནི་ཆོས་ཐམས་ཅད་སེམས་ཙམ་དུ་འདུ་ཞིང་། གཟུང་འཛིན་གཉིས་སྟོང་གི་རྣམ་ཤེས་དོན་དམ་དུ་འདོད། དེ་ལའང་སེམས་ཙམ་སྤྱི་ཡི་འདོད་པ་དང་། ཁྱད་པར་རྣམ་བདེན་རྫུན་གྱི་འདོད་ཚུལ་གཉིས་སུ་ཡོད་པ་ལས། ཐུན་མོང་སྤྱིའི་འདོད་པ་ནི་གཟུང་འཛིན་གྱི་ཆར་མེད་པའི་ཤེས་པ་རང་རིག་རང་གསལ་དོན་དམ་དུ་འདོད་ལ། ཀུན་བཏགས་གཞན་དབང་ཡོངས་གྲུབ་སྟེ་མཚན་ཉིད་གསུམ་གྱི་ཆིངས་ཀྱིས་ཆོས་ཀུན་བཅིངས་ནས་གྲུབ་པའི་མཐའ་རྣམ་པར་འཇོག་པ་སྟེ། དེ་ལ་སློབ་དཔོན་ཆེན་པོ་དབྱིག་གཉེན་དང་། དེའི་རྗེས་སུ་འབྲངས་པ་དག་གིས་ཀྱང་སངས་རྒྱས་ཀྱི་དགོངས་པ་ཐམས་ཅད་སེམས་ཙམ་དུ་གསུངས་པ་ཡིན་པས། ལྟ་བ་གཞན་དུ་གྲུབ་པ་མ་ཡིན་པར་འདོད་དེ། འགྲེལ་ཆུང་ལས། འགྲོ་དོན་རྩ་ལག་དབྱིག་གི་གཉེན། །རང་གི་མོས་པ་གཙོར་བྱེད་པས། །ཤེས་བྱ་ནང་གི་ཡིན་པ་ལ། །ཡང་དག་བརྟེན་ནས་རྣམ་པར་དགྲོལ། །ཅེས་སོ། །དེའི་གཞུང་སེམས་ཙམ་གྱི་གྲུབ་མཐའ་སྤྱིར་དགོད་པ་དང་། སོ་སོར་བཤད་པ་གཉིས་ལས། དང་པོ་ལ་གསུམ་སྟེ། དམ་བཅའ་བ་དང་། སྒྲུབ་བྱེད་དང་། གྲུབ་པའི་དོན་ནོ། །དང་པོ་ནི་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་དོན་དམ་དུ་འདོད་དེ། རྣམ་ངེས་ལས། བློ་ཡིས་ཉམས་མྱོང་བྱ་གཞན་མེད། །དེ་ཡི་མྱོང་བའང་གཞན་ཡོད་མིན། །གཟུང་དང་འཛིན་པ་གཉིས་མེད་ཕྱིར། །དེ་ནི་དེ་ལྟར་རང་ཉིད་གསལ། །ཞེས་པ་དང་། སུམ་ཅུ་པའི་འགྲེལ་པ་ལས། གལ་ཏེ་ཤེས་བྱ་བཞིན་དུ་རྣམ་པར་ཤེས་པའང་ཀུན་རྫོབ་པ་ཉིད་ཡིན་གྱི། དོན་དམ་པར་མེད་དོ་ཞེས་པ་དེ་དག་ནི་རིགས་པ་མི་བཟང་སྟེ། རྟེན་མེད་པའི་ཀུན་རྫོབ་མི་རུང་བས་ཀུན་རྫོབ་ཏུ་ཡང་དངོས་པོ་མེད་པར་འགྱུར་བའི་ཕྱིར་རོ་ཞེས་སོ། །དེ་ལ་གཟུང་འཛིན་གཉིས་ཀྱི་འཛིན་པ་ཡོད་ལ་གཟུང་བ་མེད་པ་ནི་རང་སངས་རྒྱས་ཀྱང་འདོད་ལ། གཉིས་ཀ་མེད་པ་ནི་སྟོང་པར་སྨྲ་བ་དང་གཅིག་ཏུ་འགྱུར་ན་ཇི་ལྟར་ཡིན་ཞེ་ན། གཟུགས་སོགས་ཡུལ་དང་། དེ་ལ་འཛིན་པའི་སེམས་གཉིས་ཀ་མེད་ཀྱང་། གཉིས་མེད་དུ་མྱོང་བའི་རང་རིག་རང་གསལ་འདོད་པས་སྟོང་པའི་ཕྱོགས་དང་མི་མཚུངས་ཤིང་། རང་སངས་རྒྱས་དང་ཡང་མི་མཚུངས་སོ། །དེ་ཡང་གཟུང་བ་རྫུན་པས་དེ་འཛིན་པའི་སེམས་ཀྱང་རྫུན་པའི་ཕྱིར་དོན་དམ་དུ་མ་གྲུབ་སྟེ། གཟུང་བ་མེད་ན་དེར་འཛིན་མེད། །ཅེས་པའི་ཕྱིར་རོ། །རྣམ་ཤེས་ཕྱི་རོལ་ན་སྣང་བ་དང་འདྲ་བའི་རྣམ་པ་ནང་གི་ཤེས་པ་ལ་འཆར་བའི་སྒོ་དབང་པོ་སོ་སོས་བྱེད་པའི་ཆ་ནས་ལྔར་བཞག་ཀྱང་། མྱོང་བ་པོ་ནི་ཡུལ་ཡུལ་ཅན་གྱི་རྣམ་པ་གཉིས་སུ་མེད་བའི་རང་གི་རིག་པ་རང་གསལ་བ་ཁོ་ནའོ་ཞེས་འདོད་དོ། །གཉིས་པ་སྒྲུབ་བྱེད་ནི་ཕྱི་རོལ་སྣང་བ་དོན་གཞན་བདེན་པ་བ་མེད་དེ་ཆུ་གཅིག་ལའང་འགྲོ་བ་དྲུག་གི་སྣང་ཚུལ་སོ་སོར་མཐོང་བས། རང་རང་གི་ལས་དང་བག་ཆགས་འཁྲུལ་པའི་སེམས་གོམས་པ་བརྟན་པ་ལས་དེར་སྣང་བ་ཙམ་སྟེ། དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པ་ཉིད་དུ་མཐོང་། །ཞེས་པ་དང་། ལངྐར་གཤེགས་པ་ལས། དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །གཞན་གྱི་དབང་ནི་ཡོད་པ་སྟེ། །ཀུན་ཏུ་བརྟགས་པ་ཡོད་མ་ཡིན། །སྒྲོ་འདོགས་པ་དང་སྐུར་འདེབས་པའི། །མཐའ་ལ་རྟོག་པ་རླག་པར་འགྱུར། །ཞེས་པ་དང་། ཕལ་པོ་ཆེ་ལས། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ་ཞེས་སོ། །དེ་ཡང་ཕྱི་རོལ་དོན་དུ་སྣང་བའི་བག་ཆགས་བརྟས་པའི་ཤེས་པ་ཕྱི་རོལ་ཏུ་སྣང་བ་དང་། ནང་གི་ཤེས་པ་དེ་འཛིན་པའི་ཆ་ལ་ལྟོས་པའི་གཞན་དབང་དུ་ཡོད་པར་བཞག་པ་ཡིན་ནོ། །དེས་ན་ཕྱིའི་དོན་གཞན་དུ་གྲུབ་པ་མེད་དེ། རྣམ་པར་ཤེས་པ་སོ་སོ་བའི་རྒྱུ་བྱེད་པར་སྣང་བའི་ཕྱིར་རོ། །ཡང་གཟུང་ཆ་སྔོ་སོགས་སུ་སྣང་བ་ཉིད་སེམས་ལས་རྫས་གཞན་མ་ཡིན་ཏེ། འཛིན་པའི་ཤེས་པ་དང་ལྷན་ཅིག་དམིགས་པ་ངེས་པའི་ཕྱིར་རོ། །སེམས་འཇུག་ཤེས་དྲུག་དང་། ཉོན་ཡིད་ཀུན་གཞི་དང་བརྒྱད་པོའོ། །རྣམ་ངེས་ལས། ལྷན་ཅིག་དམིགས་པ་ངེས་པའི་ཕྱིར། །སྔོ་དང་དེ་བློ་གཞན་མ་ཡིན། །ཞེས་སོ། །ཀུན་གཞི་ཡོད་པ་ཚོགས་དྲུག་འགགས་ནས་ཡང་སྐྱེ་བས་གྲུབ་སྟེ། ཀུན་གཞི་མེད་ན་ཚོགས་དྲུག་ནི་འགགས། དེ་ལས་གཞན་པའི་ཤེས་པ་མེད་ན་སླར་ཡང་སྐྱེ་བ་མི་རུང་བའི་ཕྱིར་རོ། །ཀུན་གཞི་ནི་ཐོག་མ་མེད་པའི་མ་རིག་པ་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བར་གྱུར་པ། རིས་གཅིག་ཏུ་མ་ཆད་པས་ལུང་དུ་མ་བསྟན་པའི་ཆ་ལ་བག་ཆགས་སྣ་ཚོགས་པའི་ཀུན་གཞི་ཞེས་བྱའོ། །དེ་ནི་ངོ་བོ་རྟོག་མེད་ཡུལ་ལ་མི་འཛིན་པ་སྟེ། དེའི་ངང་དུ་གོམས་ན་གཟུགས་མེད་པའི་ཁམས་སུ་འཕེན་པའི་ལས་ཅན་ནོ། །སེམས་ཙམ་དྲི་མེད་པ་ཁ་ཅིག་འདི་ཡིད་ཤེས་རྟོག་མེད་དང་གཅིག་པས་ཡིད་དུ་བསྡུས་ནས་ཀུན་གཞི་ལ་སོགས་པར་མི་འདོད་པའང་ཡོད་དོ། །ཀུན་གཞིའི་རྣམ་ཤེས་ནི་སྒོ་ལྔའི་ཡིད་དང་བཅས་པར་མ་འགྱུས་པའི་ཤེས་པ་གསལ་བ་སྟེ། དེའི་ངང་དུ་གོམས་པ་ལས་གཟུགས་ཀྱི་ཁམས་སུ་འཕེན་པའི་ལས་ཅན་ནོ། །ཉོན་མོངས་པ་ཅན་གྱི་ཡིད་ཡོད་པར་ཡང་། མ་འདྲེས་པའི་མ་རིག་པ་ཡོད་པའི་ཕྱིར་དང་། ཡིད་ཀྱི་རྣམ་ཤེས་ཀྱི་བདག་རྐྱེན་ཡོད་པའི་ཕྱིར་དང་། དུས་རྟག་ཏུ་བདག་གི་རྣམ་པར་རློམ་སེམས་ཡོད་པའི་ཕྱིར་རོ། །ཉོན་ཡིད་ནི་ཀུན་གཞི་ལ་དམིགས་ནས་བདག་ཏུ་འཛིན་པ། འཕགས་ལམ་གྱི་མཉམ་བཞག་དང་། འགོག་པའི་སྙོམས་འཇུག་ལས་གཞན་ཐམས་ཅད་དུ་འབྱུང་བ་ཞིག་གོ །ཤེས་པ་ཚོགས་དྲུག་ནི་མཐུན་པར་ཁས་ལེན་པས་གྲུབ་པ་ཡིན་ཏེ། དེ་ལྟར་ན་རྣམ་ཤེས་ཚོགས་བརྒྱད་དུ་ཡོད་པ་ཡིན་ནོ། །གསུམ་པ་གྲུབ་པའི་དོན་ལ་གསུམ་སྟེ། དམིགས་པའི་ཡུལ། སྤྱོད་པའི་བདག་ཉིད། གྲུབ་པའི་འབྲས་བུའོ། །ཡུལ་ལ་གསུམ་སྟེ། སྐལ་པ་དང་ལྡན་པའི་གཞི་རིགས། ལྟ་བས་དམིགས་པའི་གཞི་གཞི་ལྔ། སྒོམ་པས་དམིགས་པའི་གཞི་བདག་མེད་དོ། །དང་པོ་ནི་སེམས་ཅན་རྣམས་ལ་རིགས་ལྔ་སྟེ། ཉན་ཐོས་ཀྱི་རིགས། རང་སངས་རྒྱས་ཀྱི་རིགས། བྱང་ཆུབ་སེམས་དཔའི་རིགས། མ་ངེས་པའི་རིགས། རིགས་ཆད་པའི་རིགས་སོ། །དང་པོ་ཉན་ཐོས་ཀྱི་རིགས་ནི་ཐོག་མ་མེད་པ་ནས་དབང་པོ་རྟུལ་བ་གཞན་ཞིག་གི་སློབ་མ་བྱས་ཏེ་མྱུར་དུ་མྱ་ངན་ལས་འདའ་བ་ལ་དགའ་བའི་རིགས་ཅན་རྣམས་སོ། །གཉིས་པ་ནི་རང་བཞིན་གྱིས་དབང་པོ་འབྲིང་བ་དག་གཅིག་པུ་ཐར་པ་འདོད་པས་དབེན་པ་ལ་དགའ་ཞིང་མྱུར་དུ་མྱ་ངན་ལས་འདའ་བར་དགའ་བའི་རིགས་ཅན་རྣམས་སོ། །གསུམ་པ་ནི་དབང་པོ་རྣོན་པོ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེ་བ་དང་ཆོས་བདག་མེད་པ་དང་། འགྲོ་དོན་རྒྱ་ཆེན་པོ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ཐོས་པ་ལ་མི་སྐྲག་ཅིང་། ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པ་ལ་སྤྲོ་བའི་རིགས་ཅན་རྣམས་ཏེ། མདོ་སྡེ་རྒྱན་ལས། སྦྱོར་བའི་སྔོན་དུ་སྙིང་རྗེ་དང་། །མོས་པ་དང་ནི་བཟོད་པ་དང་། །དགེ་ལ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ཡང་དག་བཤད། །ཅེས་སོ། །བཞི་པ་ནི་རྐྱེན་གང་དང་ཕྲད་པའི་ལམ་ལ་མོས་པ་སྐྱེ་བའི་རིགས་ཅན་རྣམས་ཏེ། ཉན་ཐོས་པ་དག་བཟོད་པ་ཆུང་ངུ་མན་ཆད་དུ་སྲིད་པར་འདོད་ཀྱང་། ཐེག་ཆེན་པས་གཞལ་ན་དགྲ་བཅོམ་ཐོབ་ཀྱང་ཉམས་པའི་ཆོས་ཅན་དག་ཡོད་པའི་ཕྱིར་ན་འགྱུར་བའི་ཕྱིར་རོ། །ལྔ་པ་རིགས་ཆད་པའི་རིགས་ནི་མདོ་འགའ་རེ་ལོག་སྲེད་ཅན་གཏན་ནས་མྱ་ངན་ལས་མི་འདའ་བའི་ཆོས་ཅན་གསུངས་པ་ཡོད་ཀྱང་། དུས་གཞན་ལ་དགོངས་ནས་གསུངས་པ་ལས་ཐེག་ཆེན་གྱི་ལུགས་ལ་རིགས་གཏན་ཆད་ཁས་ལེན་པ་མིན་ནོ། །སྐབས་འདིར་ཆོས་དང་ཐར་པའི་ཕན་ཡོན་འཁོར་བའི་ཉེས་དམིགས། བདེ་འགྲོའི་བསྔགས་པ། ངན་སོང་གི་སྡུག་བསྔལ་ཅི་ཐོས་ཀྱང་སེམས་ཡང་དག་དགེ་བའི་ཕྱོགས་སུ་མི་འགྱུར་ཞིང་། ཡང་དག་པར་དགེ་བའི་བཤེས་གཉེན་དང་། རྟེན་གསུམ་ངོ་མཚར་ཅན་ལ་སོགས་པ་མཐོང་ཡང་དད་པ་ཏིལ་འབྲུ་ཙམ་ཡང་མེད་པ། མེད་དྲུག་འཛོམས་ལ་སངས་རྒྱས་སྐལ་བ་མེད། །ཅེས་པ་མཚུངས་སོ། །བསྟན་པ་ལ་འཇུག་པའི་བློ་ཙམ་མི་སྐྱེ་བའམ། སྐྱེ་ན་ཡང་འཚེ་བ་འབའ་ཞིག་གམ། འཚོ་བ་ལ་སོགས་པའི་ཕྱིར་རབ་ཏུ་བྱུང་བས། དད་པ་མེད་ཅིང་ཆོས་སྤོང་བའི་ལས་བསོག་པ། བསླབ་པ་དང་པོ་ནས་ལེན་སེམས་རྣལ་མ་མེད་པས་ལེན་སེམས་མེད་པས་སྡོམ་པ་མ་ཆགས་པའམ། ཆགས་ནའང་སྡོམ་པ་རལ་ནས་ཕྱིའི་ཆ་ལུགས་རབ་བྱུང་གི་རྟགས་ཙམ་དུ་གྱུར་པ་དེའི་མིང་ལ་ནི་ལོག་སྲེད་ཅན་ཞེས་པས་གཏན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཞེས་འདོད་དེ། ཀུན་ལས་བཏུས་ལས། ཀུན་ནས་ཉོན་མོངས་པ་དང་གཏན་དུ་ལྡན་པ་ནི་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན། འདོད་ཆེན་པ་རྣམས་ཀྱི་ཡིན་པར་ལྟ་སྟེ། དེ་དག་ལ་ཐར་པའི་རྒྱུ་མེད་པའི་ཕྱིར། གཏན་དུ་བདེ་རྒྱུ་དང་མི་ལྡན་པའི་ཕྱིར་རོ། །ཞེས་སོ། །གཞི་ལྔ་ལ་གསུམ་སྟེ། སོ་སོའི་ངོ་བོ། རྣམ་གཞགཐུབ་པའི་དགོངས་པའོ། །ངོ་བོ་ལ་གཟུགས་ནི་བེམ་པོར་མེད་ཀྱང་ཀུན་གཞི་ལ་དོན་སྣང་གི་བག་ཆགས་སྨིན་པའི་དབང་གིས་གཟུགས་སུ་སྣང་ངོ་། །དཔེར་ན་རྨི་ལམ་གྱི་རྟ་གླང་ལྟར་ཕྱི་དོན་བེམ་པོ་དངོས་སུ་མེད་ཀྱང་། ཀུན་གཞིའི་ཁམས་ལ་བགོས་པའི་དོན་སྣང་གི་བག་ཆགས་སྨིན་པའི་དབང་གིས་ཕྱི་རོལ་གྱི་གཟུགས་སུ་སྣང་བ་ཡིན་ཅེས་འདོད་དོ། །སེམས་ནི། རྣམ་པར་ཤེས་པའི་ཚོགས་བརྒྱད་དེ། མིག་གི་རྣམ་ཤེས་ལ་སོགས་པ་འཇུག་པའི་རྣམ་ཤེས་ཚོགས་དྲུག་དང་། ཀུན་གཞིའི་རྣམ་ཤེས་དང་། ཉོན་མོངས་པ་ཅན་གྱི་ཡིད་དེ་རྫས་ཐ་དད་པའི་རྣམ་ཤེས་བརྒྱད་དོ། །དེ་ལ་ཀུན་གཞི་ནི་བག་ཆགས་ཀྱི་གཞི་ཡུལ་གྱི་དོན་ཙམ་རིག་པ་སྟེ། དེའི་མཚན་ཉིད་སྐད་ཅིག་མ་དུ་མ་མཐུད་པའི་རྒྱུན་བརྟན་པའོ། །དབྱེ་ན་རྣམ་སྨིན་གྱི་ཆ་དང་། ས་བོན་གྱི་ཆ་ཞེས་དགེ་མི་དགེའི་སྟོབས་ཀྱིས་སྨིན་པ་མ་བསྒྲིབས་ལ་ལུང་མ་བསྟན་དུ་གནས་པ་དང་། དེ་ལ་ཡོད་པ་བག་ཆགས་བགོས་པའི་འབྲས་བུ་སྐྱེད་པའི་ནུས་པ་གཉིས་སོ། །འཁོར་ནི། རེག་པ་ལ་སོགས་པ་ཀུན་ཏུ་འགྲོ་བ་ལྔ་སྟེ། དེ་ལྟར་རྟག་ཏུ་མི་འབྲལ་བའི་རྫས་དྲུག་གོ །དམིགས་པ་ནི་མི་གསལ་བ་སྣོད་བཅུད་རྒྱ་ཆེན་པོ་ལ་དམིགས་པའོ། །དེས་ན་ཚོགས་བདུན་འཁོར་དང་བཅས་པ་ནི་རང་གི་སྔ་མའི་རྒྱུན་ལས་མི་སྐྱེའི། རིགས་འདྲ་ཕྱི་མ་གྲུབ་པའི་བག་ཆགས་ཀུན་གཞི་ལ་བགོས་ཏེ། བུམ་པའི་གྲིབ་མ་ལྟར་ཀུན་གཞིའི་སྐད་ཅིག་རེ་རེ་ལས་སྐྱེའོ། །འདིས་ནི་འཁོར་བའི་འདུ་བྱེད་དང་འདུས་བྱས་པའི་དགེ་མི་དགེ་ལུང་མ་བསྟན་རྣམ་ཤེས་ཀྱི་ཚོགས་དང་བཅས་པའི་རྟེན་བྱེད་པས། བག་ཆགས་སྣ་ཚོགས་པའི་ཀུན་གཞི་ཞེས་བྱ་བར་བཞག་པ་ཡིན་ནོ། །ཁམས་བདེ་གཤེགས་སྙིང་པོ་ནི་རང་བཞིན་གྱིས་དག་པ་མྱ་ངན་ལས་འདས་པ་འདུས་མ་བྱས་པའི་ཡོན་ཏན་དང་ངོ་བོ་ཉིད་ཀྱིས་མི་འབྲལ་བས་ལྷན་ཅིག་པ་ཡིན་པས་ན་དོན་གྱི་ཀུན་གཞི་ཞེས་བཞག་པ་ཡིན་ནོ། །བག་ཆགས་ཀྱི་ཀུན་གཞི་ལ་ཡོད་པའི་དགེ་བ་ཐར་པ་ཆ་མཐུན་གོམས་པ་ལས། ཁམས་ཀྱི་དྲི་མ་བསྲབ་སྟེ་རང་གི་རྟེན་བག་ཆགས་ཀྱི་ཀུན་གཞི་ནུས་པ་ཉམས་སྨད་པར་བྱེད་པའོ། །རྒྱན་སྟུག་པོ་བཀོད་པའི་མདོ་ལས། སྙིང་པོ་དེ་ལ་ཀུན་གཞིའི་སྒྲས། །བརྗོད་ཅིང་བསྟན་པར་གྱུར་པ་ཡིན། །ཞེས་སོ། །སྐབས་འདིར་འཁོར་བའི་རྟེན་བྱེད་པ་ཅན་བག་ཆགས་ཀྱི་ཀུན་གཞི་རྒྱས་པར་བཤད་པ་ཉིད་དོ། །ཚོགས་བརྒྱད་ལས་ཉོན་མོངས་པ་ཅན་གྱི་ཡིད་ནི་ཀུན་གཞི་ལ་བདག་དོན་ཙམ་དུ་རློམ་སེམས་བརྟན་པ་སྟེ། བདག་ཏུ་ལྟ་བ་ལ་སོགས་པ་འཁོར་དགུ་དང་འགྲོགས་ཤིང་འཕགས་པའི་ལམ་ལ་མཉམ་པར་བཞག་པ་དང་། འགོག་པའི་སྙོམས་འཇུག་གི་བར་མིན་པ་ཐམས་ཅད་དུ་འབྱུང་བའོ། །ཉོན་མོངས་པ་ཅན་གྱི་ཡིད་ཅེས་བྱ་བ་ཀུན་གཞི་ལ་དམིགས་ཏེ་ཁ་ནང་བལྟས་ང་བདག་ཏུ་འཛིན་པ་བསྒྲིབས་ལ་ལུང་དུ་མ་བསྟན་པ། བདག་ཏུ་ལྟ་བ་དང་བདག་ཏུ་རྨོངས་པ་དང་བདག་ཏུ་ང་རྒྱལ་བ་དང་བདག་ལ་ཆགས་པ་དང་། ཀུན་དུ་འགྲོ་བ་ལྔ་སྟེ་འཁོར་དགུ་དང་མཚུངས་པར་ལྡན་པ། དགྲ་བཅོམ་པ་དང་། འགོག་པའི་སྙོམས་འཇུག་དང་། འཇིག་རྟེན་ལས་འདས་པའི་ལམ་གྱི་མཉམ་པ་གཞག་པ་ན་རྒྱུན་ཆད་ཀྱི། དེ་མ་གཏོགས་པ་ན་ཆུ་བོའི་རྒྱུན་བཞིན་དུ་འཇུག་པའོ། །དེ་ལྟར་ཚོགས་དྲུག་དང་ཀུན་གཞི་དང་ཉོན་མོངས་པ་ཅན་གྱི་ཡིད་དེ་རྣམ་པར་ཤེས་པ་ཚོགས་བརྒྱད་ཡིན་ནོ་ཞེས་ཟེར་རོ། །ཡང་སེམས་ཙམ་པའི་ནང་གི་འགའ་རེས་ཡིད་ཤེས་དང་ཉོན་ཡིད་གཅིག་ཏུ་བསྡུས་ནས། ཚོགས་བདུན་ཀུན་གཞི་དང་བཅས་པ་ཁས་ལེན་པར་ཡོད་དོ། །གསུམ་པ་སེམས་ལས་བྱུང་བ་ནི། རེག་པ་ལ་སོགས་པ་ལྔ་བཅུ་རྩ་གཅིག་སྟེ། རྒྱུད་གཅིག་ལ་དུས་གཅིག་ཏུ་རིག་པའི་རྫས་དྲུག་ཅུ་ལ་སོགས་པ་སྲིད་པ་ཡིན་ནོ། །དེ་ཡང་སེམས་དང་སེམས་བྱུང་གཙོ་འཁོར་ནི་ཕན་ཚུན་གཅིག་གིས་གཅིག་ལ་མི་དམིགས་ཏེ། དེ་ལྟར་དམིགས་ན་རང་དང་བཅས་ནས་དམིགས་པར་ཐལ་བའི་ཕྱིར་རོ། །སེམས་ཙམ་པས་སེམས་ནི་ཀུན་གཞིའི་རྣམ་པར་ཤེས་པ་རྟོག་མེད་སྒོ་ལྔའི་རྣམ་ཤེས་ཀྱི་འཁོར་དང་བཅས་པ་ལ་འདོད་ཅིང་། དེ་དག་ལས་རྗེས་ལ་སྐྱེས་ཀྱི་ཤེས་པར་དང་ང་ཡིར་འཛིན་པའི་སེམས་བྱུང་ལྔ་བཅུ་རྩ་གཅིག་གི་འཁོར་དང་བཅས་པ་ནི་ཡིད་དུ་འདོད་དེ། འཇམ་དཔལ་ཡེ་ཤེས་རྒྱན་གྱི་མདོ་ལས། སེམས་ནི་ཀུན་གཞིའི་རྣམ་པར་ཤེས། །ངར་འཛིན་པ་ནི་ཡིད་ཡིན་ནོ། །ཞེས་པའོ། །དྲུག་པོ་འགགས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །ཞེས་མཛོད་ལས་བཤད་པ་དང་ཡང་མཐུན་ཏེ། དཔེར་ན་ཨུཏྤལ་མཐོང་དུས་བུང་པའི་སྒྲ་དང་། མེ་ཏོག་གི་དྲི་དང་། རེག་བྱ་དང་། རོ་རྣམས་དུས་གཅིག་ཏུ་ཤེས་པ་སྲིད་པ་ནི་སྒོ་ལྔའི་རྣམ་ཤེས་རྟོག་མེད་ཀྱིས་དུས་གཅིག་ལ་ཡུལ་འཛིན་ལ། དེའི་ཚེ་ཤེས་པ་རྟོག་མེད་གསལ་བའི་ཆ་ཙམ་ནི་ཀུན་གཞིའི་རྣམ་ཤེས་ཏེ། སྐད་ཅིག་དུ་ཡུལ་རིག་པ་ལ་དགའ་གདུང་དུ་སྐྱེ་དུས་རྟོག་དཔྱོད་དུ་ཤར་བས། སྒོ་ལྔ་ཀུན་གཞིའི་ཤེས་པ་དང་དྲུག་པོའི་རྟོག་མེད་གསལ་སྣང་གི་ཆ་འགགས་ནས། འཛིན་པའི་ཆ་ཡིད་ཤེས་རྟོག་བཅས་སྐད་ཅིག་རེ་རེ་པ་ལས་གཉིས་པ་མི་འཇུག་པ་སྐྱེས་པ་ལ་ཡིད་ཅེས་བརྗོད་དོ། །དེའང་རྟོག་མེད་རྟོག་བཅས་སུ་གྱུར་པའི་ཆ་ནས་དྲུག་པོ་འགགས་པར་བརྗོད་ཀྱང་། དོན་ལ་དབང་ཤེས་ཀུན་གཞི་རྣམ་ཤེས་དང་བཅས་པ་སོ་སོའི་ལྡོག་པའམ་ཆ་ནས་མ་ཉམས་པར་སོ་ན་གནས་ཏེ། གཟུགས་མཐོང་བའི་ཆ་ནི་རྟག་ཏུ་མིག་ཤེས་ཡིན་ལ། དེའི་ངོ་བོ་རྟོག་མེད་ཡིན་པས་སྒྲ་ལ་སོགས་པའང་གཞལ་ཏེ་ཤེས་པར་བྱའོ། །མི་ལྡན་པའི་འདུ་བྱེད་ནི། ཐོབ་པ་ལ་སོགས་པ་ཉི་ཤུ་རྩ་གསུམ་སྟེ། གནས་སྐབས་ལ་བཏགས་པའི་བཏགས་ཡོད་ཙམ་ལས་རྫས་སུ་མེད་དོ། །འདུས་མ་བྱས་ནི། མདོ་སྡེ་པ་དང་མཐུན་ཏེ། སྔ་མ་གསུམ་གྱི་སྟེང་དུ་དེ་བཞིན་ཉིད་དང་ཆོས་ཀྱི་དབྱིངས་ལ་སོགས་པ་གཞན་ཡང་ཡོད་པར་འདོད་པ་སྟེ། རྒྱུ་རྐྱེན་གྱིས་མ་བྱས་པའི་དངོས་མེད་དེ་བཞིན་ཉིད་དང་། སོ་སོར་བརྟགས་འགོག་དང་། བརྟགས་མིན་གྱི་འགོག་པ་དང་། མི་གཡོ་བའི་འགོག་པ་དང་། འདུ་ཤེས་དང་ཚོར་བ་འགོག་པ་དང་། ནམ་མཁའ་སྟེ་དྲུག་གོ །དེ་བཞིན་ཉིད་ནི་ཕུང་པོ་ལ་བདག་དགག་པ་ཙམ་ལས་གཞན་དུ་མི་འགྱུར་བ་ཡིན་ཏེ། རྫས་སུ་ཡོད་ཀྱང་སེམས་དང་ངོ་བོ་གཅིག་དང་ཐ་དད་དུ་མེད་པར་འདོད་དོ། །སོ་སོར་བརྟགས་འགོག་ནི་དེ་བཞིན་ཉིད་ལ་སྤང་བྱ་གཉེན་པོས་བཅོམ་ནས་སྤང་བྱ་དེ་ཉིད་མ་སྐྱེས་པའི་གནས་སྐབས་སོ། །བརྟགས་མིན་འགོག་ནི་དེ་བཞིན་ཉིད་ལ་འདུས་བྱས་སྐྱེ་བའི་རྐྱེན་མ་ཚང་བས་མ་སྐྱེས་པའི་གནས་སྐབས་སོ། །མི་གཡོ་བ་ནི་དེ་བཞིན་ཉིད་ལ་འདོད་ཁམས་ཀྱི་ཆོས་མ་སྐྱེས་པའི་གནས་སྐབས་སོ། །འདུ་ཤེས་དང་ཚོར་བ་འགོག་པ་ནི་དེ་བཞིན་ཉིད་ལ་ཚོགས་བདུན་མ་སྐྱེས་པའི་གནས་སྐབས་སོ། །ནམ་མཁའ་ནི་དེ་བཞིན་ཉིད་ལ་ཐོགས་པར་བྱེད་པའི་རེག་བྱ་དང་བྲལ་བའི་གནས་སྐབས་སོ། །རྣམ་པར་གཞག་པ་ལ་གསུམ་སྟེ། ངོ་བོ་ཉིད་གསུམ་གྱི་སྒོ་ནས་བཞག་པ། རྫས་ཡོད་དང་བརྟགས་ཡོད་ཀྱི་སྒོ་ནས་བཞག་པ། ཀུན་རྫོབ་དང་དོན་དམ་གྱི་སྒོ་ནས་བཞག་པའོ། །དང་པོ་ལ་ཀུན་བརྟགས་ནི། དེའང་རྣམ་གྲངས་སུ་བརྗོད་ཅིང་བརྟགས་པའི་ཆ་རྣམས་ནི་ཀུན་བརྟགས་ཏེ། བརྟགས་པ་ཙམ་ལས་རང་མཚན་དུ་མི་སྲིད་པའོ། །གཞན་དབང་ནི། ཤེས་པ་ཉིད་བག་ཆགས་སྣ་ཚོགས་པའི་དབང་གིས་དག་མ་དག་གི་སྣང་བ་སྣ་ཚོགས་སུ་ཤར་བ་ཙམ་སྟེ། རྒྱུ་རྐྱེན་ལ་རག་ལས་ཏེ་སྐྱེ་བའོ། །ཡོངས་གྲུབ་ནི། བདག་གཉིས་ཀྱིས་སྟོང་བའི་རང་བཞིན་དུ་གནས་པ་སྟེ། གཞན་དབང་ལ་ཀུན་བརྟགས་མེད་པར་ཡོངས་གཅོད་དུ་གྲུབ་པའོ། །དེས་མདོར་བསྟན་ནས་རྒྱས་པ་བཤད་པ་ནི། ཀུན་བརྟགས་དེ་ལའང་མཚན་ཉིད་ཆད་པའི་ཀུན་བརྟགས་དང་། རྣམ་གྲངས་པའི་ཀུན་བརྟགས་གཉིས་ཡོད་པ་ལས། དང་པོ་མཚན་ཉིད་ཆད་པའི་ཀུན་བརྟགས་ནི། མི་སྲིད་བཞིན་དུ་བློས་བརྟགས་པ་གང་ཟག་དང་ཆོས་ཀྱི་བདག་ལྟ་བུའོ། །རིགས་པའི་དབང་ཕྱུག་གིས། རྣམ་པར་རྟོག་པས་བཏགས་པའི་དོན། །ཀུན་ཏུ་བཏགས་པའི་ངོ་བོ་ཉིད། །རྣམ་པར་རྟོག་པ་གཞན་གྱི་དབང་། །དེ་ཡི་སྟོང་ཉིད་ཡོངས་སུ་གྲུབ། །ཅེས་གསུངས་པ་ལྟ་བུའོ། །གཉིས་པ་རྣམ་གྲངས་པའི་ཀུན་བརྟགས་ནི་དོན་ལ་མེད་བཞིན་དུ་བློ་ལ་སྣང་བ་ཟླ་གཉིས་ཀྱི་རྣམ་པ་ལ་སོགས་པ་སྟེ། གང་ཞིག་སྣང་དེ་གཞན་གྱི་དབང་། །ཇི་ལྟར་སྣང་བ་བཏགས་པ་དེ། །གང་སྣང་དེ་ལ་ཇི་ལྟར་སྣང་། །རྟག་ཏུ་མེད་ཉིད་གང་ཡིན་པ། །ཡོངས་གྲུབ་རང་བཞིན་དུ་ཤེས་བྱ། །ཞེས་སོ། །མེད་པ་སྣང་བ་གཟུགས་བརྙན་དང་། དོན་སྤྱི་དང་། མིང་ཐམས་ཅད་དེའི་རང་བཞིན་ནོ། །ས་ཆུ་མེ་རླུང་ཞེས་པ་ལྟ་བུའི་རྣམ་གྲངས་སུ་བློས་བཞག་པ་དག་གོ །ཕུང་ཁམས་སོགས་སུ་དབྱེ་བའི་ཚུལ་ཐམས་ཅད་བློའི་བཀོད་པ་ཡིན་པས། དེ་དང་དེའི་དབྱེ་བྱའི་དོན་དང་གཉིས་ཀ་མ་འབྲེལ་བཞིན་དུ་ཤེས་པ་བྱེད་པའི་ཐབས་སོ། །གཞན་དབང་ལའང་དག་པ་གཞན་དབང་དང་། མ་དག་གཞན་དབང་རྣམ་པ་གཉིས་ཡོད་པ་ལས། དག་པ་གཞན་དབང་ཞེས་པ་རྗེས་ཐོབ་ཀྱི་སེམས་དང་སེམས་བྱུང་དང་ཞིང་ལ་སོགས་པ་བཀོད་པའོ། །དག་པ་གཞན་དབང་ཤིན་ཏུ་དག་པའི་ཞིང་དང་། ཡེ་ཤེས་ལ་འདོད་པ་སྟེ། སྒྲིབ་པ་དག་སྟོབས་ཀྱི་རྐྱེན་ལས་གནས་སྐབས་ལྟོས་པ་དང་བཅས་པའི་ཆ་ནས་གཞན་དབང་དུ་བཞག་པའོ། །མ་དག་པ་གཞན་དབང་ནི། འཇིག་རྟེན་པའི་སེམས་དང་སེམས་བྱུང་གཉིས་སོ། །དོན་དུ་སྣང་བ་འཁྲུལ་བའི་སེམས་ཡིན་པས་གཞན་དབང་མཚན་ཉིད་པའོ། །མ་དག་པའི་གཞན་དབང་ཞེས་པ་བག་ཆགས་སྣ་ཚོགས་པའི་དབང་གིས་ཕྱི་ནང་སྣོད་བཅུད་སྣ་ཚོགས་པའི་རྣམ་པར་ཤར་བ་ཡུལ་དོན་སྣོད་བཅུད་ལུས་དང་བཅས་པ་དེའོ། །འདི་རྣམས་ལས་དང་བག་ཆགས་ཀྱི་རྐྱེན་གཞན་ལ་ལྟོས་པས་གཞན་དབང་བཞག་པ་དེ་ལྟར་རོ། །དེ་ཡན་ཆད་ཀྱིས་ཐེག་ཆེན་སེམས་ཙམ་པའི་གྲུབ་པའི་མཐའི་རྣམ་བཞག་བཤད་པ་ལས། དམིགས་པའི་ཡུལ་བཤད་པའི་སྐབས་ཀྱི་སྐལ་བ་དང་ལྡན་པའི་གཞི་རིགས་བཤད་པ་སོང་ནས། ལྟ་བ་དམིགས་པའི་གཞི་ལྔ་བཤད་པའི་སྐབས་ཀྱི། གཟུགས། སེམས། སེམས་བྱུང་། ལྡན་མིན་འདུ་བྱེད། འདུས་མ་བྱས་རྣམས་བཤད་ནས། མཚན་གཞི་དེ་དག་གི་སྟེང་གི་མཚན་ཉིད་གསུམ་བཤད་པའི་སྐབས་ཀྱི་ཡོངས་གྲུབ་བཤད་པའི་འགོ་འདིར་དེ་རིང་གཞག་རྒྱུ་བྱེད། སང་ཉིན་ཡོངས་གྲུབ་ནས་འགོ་འཛིན་ཏེ་བཤད་རྒྱུ་བྱེད། ད་ཡིད་བཞིན་རིན་པོ་ཆེའི་མཛོད་འདི་ལ་ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཞེས་པའི་མཚན་གྱིས་བསྟན་དོན་ལྟར་དུ་མདོ་དང་རྒྱུད་བཀའ་དང་བསྟན་བཅོས། ཐེག་པ་དང་གྲུབ་མཐའ་སོ་སོའི་རྣམ་གཞག་དང་བཅས་པ། རྒྱ་ཆེ་བ་པཎྜའི་ཏའི་འཆད་སྲོལ་དང་བསྟུན་ནས་གསུངས་པ། རྒྱལ་བའི་གསང་མཛོད་མཁྱེན་རབ་ཀྱི་ཀློང་ནས་རང་རྡོལ་ཆུ་འབབ་ཀྱི་ཚུལ་དུ་བཀོད་པ་ཞིག་ཡིན་པས། འདིའི་དགོངས་པ་འགྲོལ་ཞེས་པ་ནི་ནམ་མཁར་མཐོས་འཇལ་བར་མཚུངས་པས། ཐོས་བསམ་གྱི་ཕྱོགས་ལ་བག་ཆགས་ཙམ་ཡང་གཞག་མ་མྱང་པ་ཞིག་མ་དགོས་དང་། མི་ཚེ་ཀློག་སྤོང་གིས་འདའ་མཁན་ཞིག་ཡིན་ཀྱང་། འདི་ནི་བཀའ་མདོ་རྒྱུད་ཚང་མའི་དགོངས་འགྲེལ་དང་། བཀའ་མདོ་རྒྱུད་ཚང་མའི་གནད་འདུས་ཀྱི་རྩ་བའམ་བསྡུས་དོན་འདི་ཉིད་ཡིན་པས། སོ་སོར་རང་རིག་པའི་ཡེ་ཤེས་མ་བརྙེས་ཀྱི་བར་དུ་ཇི་བཞིན་རྟོགས་པ་ནི་དཀའ་ཞིང་། འོན་ཀྱང་ཁྲིད་རྒྱུན་སྤེལ་བའི་གོ་སྐབས་འདི་དང་བསྟུན་ནས་ཐེངས་གཅིག་མཇལ་རྒྱུའི་སྐལ་བ་དང་ལྡན་པ་འདི་ཡང་ད་སྔོན་བྱུང་མ་མྱངས་པའི་བགོ་སྐལ་ཁྱད་དུ་འཕགས་པ་ཐོབ་པ་ཡིན་ཕྱིར། འདི་ནི་སྔོན་བསགས་བསོད་ནམས་མ་དམན་པའི་མཐུ་དང་། རང་གཞན་ཆོས་འདིས་བསྡུས་པའི་ཆོས་གྲོགས་ཐམས་ཅད་ཀྱིས་སྤྱི་མཐུན་གྱིས་བསགས་པའི་ལས་དང་སྨོན་ལམ་གྱི་སྟོབས་ཀྱང་ཡིན་ཤག་ཤག་རེད། ད་འདི་བཞིན་དུ་དད་དང་མོས་པས་འཆད་ཉན་ལ་ཞུགས་པའི་རླབས་ཆེན་བསོད་ནམས་ཀྱི་མཐུ་དང་། རྒྱལ་བ་ཀློང་ཆེན་པའི་ཐུགས་བསྐྱེད་དང་སྨོན་ལམ་ཆོས་ཉིད་དང་ཆོས་ཅན་སླུ་མེད་ཀྱི་བདེན་སྟོབས་ཀྱིས་སྐྱེ་བ་འདིའམ་ཕྱི་མར་འདིའི་དགོངས་དོན་ཇི་བཞིན་དུ་རྟོགས་ནས། ཀུན་མཁྱེན་ཡབ་སྲས་ཀྱི་བརྒྱུད་པ་ཟིན་ཏེ། ཆོས་འདིས་མཐའ་ཡས་འགྲོ་ཁམས་རྒྱ་མཚོའི་ཕྱི་མའི་སྲིད་པ་མཐར་བྱེད་པའི་སྨོན་ལམ་རྒྱ་ཆེན་རང་གིས་བཏབ་ན། འགྲུབ་པའི་མཐུན་འགྱུར་རྒྱལ་བ་སྲས་དང་བཅས་པས་མཛད་པ་ནི་སྨོས་མ་དགོས་ཏེ། རང་བཞིན་ཤུགས་ཀྱི་ཐུགས་རྗེ་དེ་ཆུ་བོ་ཆེན་པོའི་བཞུར་རྒྱུན་དང་མཚུངས་པར་གསུངས་པའི་ཕྱིར། དེས་ན་དུས་ཀྱི་མཐའ་མ་འདིར་རུ་དམ་ཡང་དབེན་པདྨའི་དགའ་ཚལ་འདི་ནས་འདི་ལྟར་དུ་ཟབ་ཅིང་རྒྱ་ཆེའི་མན་ངག་གི་གསང་མཛོད་འདི་ལྟ་བུའི་ཞལ་ཕྱེས་ནས་ཆོས་སྒྲ་རྒྱུན་མི་ཆད་པར་ཉིན་རེ་བཞིན་དུ་བསྒྲགས་པ་འདིས་དངོས་ཡོད་ཀྱི་མིའི་འདུས་པ་མ་དགོས། དངོས་མེད་ལྷ་ཀླུ་མི་འམ་ཅི་ལ་སོགས་པའི་ཆོས་སྒྲ་ཉན་པ་དག་དང་། འཁོར་ཡུག་གི་བྱ་དང་རི་དྭགས་ལ་སོགས་པའི་སྲོག་ཆགས་ཕྲ་མོ་ཚུན་ཆད་ཀྱི་རྒྱུད་ལ་ཐར་བའི་ས་བོན་ཐེབས་པའི་ངེས་ཤེས་ཡོད་པ་ཡིན། འུ་གུ་འཆད་པ་པོ་སོ་སོའི་སྐྱེ་བོ་ཐ་མལ་པ། དམ་པའི་མཚན་གྱིས་བོང་བུ་ལ་གཟིག་གོས་བཀབ་པ་ལྟ་བུ་ཞིག་ཡིན་ཀྱང་། འཆད་རྒྱུ་ནི་དམ་པའི་ཆོས་ཟབ་མོ་ཀུན་མཁྱེན་བླ་མས་ཕྱི་རབས་ཀྱི་རྗེས་འཇུག་ལ་ཆོས་སྐལ་དུ་བཞག་པའི་ཆོས་སྐུའི་རིང་བསྲེལ་གྱི་ཕུང་པོ་ཡིན་པས། དཔེར་ན་ཆོས་དུང་དཀར་པོ་ཟེར་བ་དེ་སྲོག་ཆགས་ཆུ་གནས་ཀྱི་ཕྱི་སྐོགས་བེམ་པོ་ཞིག་རེད་ཀྱང་། སྟོན་པ་བཅོམ་ལྡན་འདས་ཀྱིས་ཆོས་འཁོར་སྐོར་བའི་རྟེན་འབྲེལ་གྱི་རྫས་ལ་རུང་བ་ལྟར་དུ། འུ་གུ་སོ་སྐྱེས་ཡིན་ཀྱང་ཤེས་རྒྱུད་ཀྱིས་ཟིན་པའི་གང་ཟག་ཁམས་དྲུག་ལྡན། དེ་ཡང་དམ་པ་གོང་མའི་དངོས་སློབ་ཐུགས་སྲས་ཀྱི་མིང་མེད་ཀྱང་། གསུང་ལས་སྐྱེས་པའི་སློབ་བུ་ཞིག་ཡིན་པས། སྐབས་འགའ་རེར་སེམས་སྣང་ལ་དེ་རྣམ་པའི་ན་བཟའ་དབུ་སྐྲ་རེ་བས་དགའ་བའི་གོ་ཞིག་ཆོད་འགྲོ་རྒྱུ་རེད་སྙམ་པ་འཆར་འདུག རྩ་ཁམས་ཡི་གེའི་སྤྲིན་དེ་གཡོ་བ་རླུང་གི་བྱེད་ལས་ལ་བརྟེན་ནས་སྒྲ་ཚིག་མགྲིན་པའི་ལམ་ནས་ཐོན་ཏེ། ཁྱེད་རྣམ་པའི་སྙན་ལ་ཆོས་ཀྱི་མཆོད་སྤྲིན་སྤྲོས་པ་འདི་བཞིན་དུ། མི་མཇེད་ཀྱི་ཁམས་འདིའི་ཞིང་ཁམས་བྱེ་བ་ཕྲག་བརྒྱ་ཡི་མཐའ་ཡས་འགྲོ་ཁམས་ལ་ཐར་བའི་གསོས་སྨན་ནམ་ས་བོན་ཞིག་ཐེབས་པའི་སྨོན་འདུན་ཡང་ཡོད་པ་ཡིན། དེ་བཞིན་དུ་ཚང་མས་དགྱེས་བཞིན་སྤྲོ་བཞིན་དུ་གུ་ཡངས་ཡངས་བག་ལྷོད་མཛོད་དང་། ངས་ཨ་མའི་ཁ་ཕོར་གཙང་མ་ཡིན་ཞེས་པ་མིན་ཀྱང་བརྒྱུད་པ་བཟང་པོའི་ཆིག་བརྒྱུད་ཀྱི་བྱིན་རླབས་འདི་གཞན་ཕལ་བ་ཞིག་གིས་སྡུར་རྒྱུ་མེད་པ་ནི་བསླུ་མེད་ཡིན། འདིའི་འཆད་ཉན་མི་འགྱང་པར་ཡོངས་སུ་གྲུབ་ཉེ་བ་རེད། དང་པོའི་འཆར་གཞི་ལྟར་ན་འབུམ་མཆོད་ཆེན་མོའི་སྔོན་དུ་ཐུབ་འཆར་ཡིན་ཀྱང་། ཉིན་རེ་བཤད་རྒྱུའི་སྡེབ་གྲངས་མང་ཆེ་བ་དང་། ཆོས་ཁྲིད་ཀྱི་དུས་ཚོད་རིང་ཆེ་ན་ཡང་འཆད་ཉན་སྤུས་དག་ཅིག་མི་ཡོང་བའི་ཉེན་ཡོད་པས། འབུམ་མཆོད་འཕྲོས་ཀྱི་ཞིང་སྒྲུབ་ཚར་རྗེས་སུ་ཡིད་བཞིན་མཛོད་ཀྱི་ཆོས་ཁྲིད་ད་རུང་ཉི་མ་གསུམ་ལ་འདོན་དགོས་པ་ཞིག་ལ་བབ་འདུག དེ་ལུགས་ཕྱོགས་ནས་ཕེབས་པ་ཚོས་ཐུགས་ཉམས་ལ་ཞོགས། སང་ཉིན་མར་ངོས་ཚེས་བཅུ་ཉེར་ལྔ་མཁའ་འགྲོ་འདུ་བའི་དུས་ཆེན་ཡིན་པས། ཡུམ་ཀ་བདེ་ཆེན་རྒྱལ་མོའི་ཆོ་གའི་གཞུང་བསྲངས་ནས་ཚོགས་འཁོར་འཚོག་དགོས་པས་དེར་སྐབས་དབྱངས་དང་རྔ་རོལ་དུང་རྒྱག་དེ་རྒྱས་སྤྲོས་བྱས་ན། འབུམ་མཆོད་ཆེན་མོའི་འདོན་སྒྲིག་ལ་ཡང་འགྲོ་བར་འདུག་པས་གདོང་གྲལ་དང་རྒྱབ་གྲལ་དག་ལ་གཙོ་བོར་རྫོགས་ཆེན་དགོན་གཞུང་གི་དབུ་མཆོད་རྣམ་པ་བཞུགས་ནས་རོལ་སིལ་ཡོངས་རྫོགས་དེ་རྡུང་དཀྲོལ་མཛད་ན་མཆོད་རྫས་སུ་ལེགས་ཤིང་། བསོད་ནམས་ནང་ནས་ཚོགས་འཁོར་མཆོག་གསུངས་པ་ལྟར་དུ། གནས་དང་ཉེ་བའི་གནས། འདུ་དང་ཉེ་བའི་འདུ་བ་ལ་སོགས་པ་གནས་ཡུལ་ཉི་ཤུ་རྩ་བཞི་དེ་རྣལ་འབྱོར་ལུས་ཀྱི་དཀྱིལ་འཁོར་ལ་ཚང་བས། བདེ་སྟོང་ཟག་མེད་ཀྱི་མཆོད་སྤྲིན་ནང་གི་སྦྱིན་སྲེག་ཁྱད་འཕགས་སུ་འགྲོ་བ་ཡིན། ཚོགས་འཁོར་གྱི་ཕྱི་ཉིན་ནས་འབུམ་མཆོད་ཆེན་མོའི་ཉེར་སྡོག་ལ་འཇུག་དགོས། ད་ལོ་དགེ་འདུན་ཁྲི་ཕྲག་ལས་བརྒལ་བར་འཛོམས་ངེས་པས། འདིའི་ཉིན་སྲིབ་ཀྱི་ཇོ་སེར་རྣམ་པས་འོ་བརྒྱལ་ཆེར་མཛད་དགོས་པ་འདུག་ཀྱང་། འདིའི་མཆོད་འབུལ་ཚོགས་བསགས་འདི་རྒྱལ་བསྟན་སྤྱི་དང་བྱེ་བྲག་གི་ཞབས་རིམ་གནད་སྨིན། དུས་བབ་དགོས་གནད་ཅན་ཞིག་ཡིན་པས། ཁ་ལག་འབྲེལ་ཚད་པོ་ཚོགས་བསགས་སྒྲིབ་སྦྱོང་གི་འགྱུར་སྟོབས་དགེ་རྩ་གཞན་ལས་ཆེ་བར་ཐོབ་ངེས། ངས་ཀྱང་དགེ་རྩ་འདི་བསལ་བ་ཡིན། དེ་ཡང་དགེ་འདུན་པ་ཁྲི་ཕྲག་ཅིག་གིས་ཉི་མ་གསུམ་གྱི་རིང་ལ་བྱང་ཆུབ་སེམས་སྡོམ་ལེན་པ་དང་མཉམ་དུ་བཟང་སྤྱོད་སྨོན་ལམ་གསུངས་ནས་ཐུགས་དམིགས་ཁྱད་པར་ཅན་མཛད་པ་དང་ལྷན་དུ། རང་རེས་དངོས་འབྱོར་འབུམ་མཆོད་ཁ་ཤས་ཕུལ་བ་དེ། གལ་ཏེ་དམིགས་མེད་ཀྱི་ལྟ་བའི་རྩི་ཡིས་མ་ཟིན་ན་ཡང་། ཡུལ་ཁྱད་པར་ཅན་ལ་འབྲེལ་བའི་ཟག་བཅས་ཀྱི་དགེ་རྩ་སྤེལ་བའི་སྟོབས་རྐྱང་པས་ཀྱང་བསམ་གྱིས་མི་ཁྱབ་པ་རུ་འགྱུར་ངེས་སྙམ། དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱིས་དུས་གསུམ་བསག་དང་ཡོད་པའི་དགེ་བའི་རྩ་བ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས་ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས། བསྟན་འཛིན་གྱི་སྐྱེས་བུ་གང་ན་སུ་བཞུགས་ཐམས་ཅད་ཀྱི་སྐུ་ཚེའི་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཐམས་ཅད་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་སྤྱོད་དེ་མཐར་ཐུག་སེམས་ཅན་ཐམས་ཅད་བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་རིན་པོ་ཆེར་འགོད་པའི་ཕྱིར་དུ། རྗེ་བཙུན་འཇམ་པའི་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་ཟབ་མོ་གནང་བར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆི་རྦ་བརླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་གྲོལ་བར་ཤོག།


previousཉིན་བཅུ་དགུ་པའི་ཆོས་ཁྲིད། next