Nitartha Digital Library
Tibetan
 
previousཉིན་ཉེར་གཉིས་པའི་ཆོས་ཁྲིད། next

ཉིན་ཉེར་གཉིས་པའི་ཆོས་ཁྲིད།

དེ་ཡང་ཇི་སྐད་དུ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས། ཤིང་རྣམས་ཡལ་ག་ལོ་མ་ལྷགས་པ་དང་། །ཚལ་རྣམས་མེ་ཏོག་འདབ་མ་རྙིངས་མཐོང་ནས། །རིང་བོར་མི་ཐོགས་འཆི་བ་དྲན་པར་བྱེད། །ཡོན་ཏན་འབྱུང་གནས་དབེན་པ་བསྟེན་པར་མཛོད། །ཅེས་གསུངས་ན། ད་ཞག་ཆོས་གྲོགས་རྣམ་པ་དང་པོར་ཆོས་ཁྲིད་འདིའི་དབུ་བཙུགས་ནས་འདིར་འཛོམས་དུས། དབྱར་གྱི་དུས་ཚོད། ཆར་བདོ་བའི་དུས་ཡིན་ལ། ད་ནི་ནམ་ཟླ་སྟོན་ཁ་ཚེས་ནས་ཀུན་མཁྱེན་ཆེན་པོས་གསུངས་པ་བཞིན་དུ་ཤིང་ཐམས་ཅད་ཀྱི་ཡལ་གའི་ལོ་མའི་མདོག་འགྱུར། ལོ་མ་འགའ་རེ་དམར་པོར་གྱུར་པ་དང་འབྲས་བུ་སྨིན་པས་མ་ཚད་ལོ་མ་ལ་ལ་ས་ལ་ཟགས། ཤིང་ལོ་འགའ་རེ་སེར་པོ་རུ་གྱུར་བ་དེ་སྟོན་སེར་རླུང་གིས་བདས་ནས་ཕྱོགས་གང་ས་རུ་འཐོར་འགོ་ཚུགས། སྙན་ངག་པ་ཚོས་མི་རྟག་པའི་བརྡ་ཆོས་ཀྱི་ཚིག་རྒྱན་ལ། བྲུལ་བའི་ཤིང་ལོ་རླུང་གིས་བདས་པ་བཞིན། །ཞེས་པ་ལྟར་དུ་ཚལ་རྣམས་མེ་ཏོག་གི་འདབ་མ་རྙིང་ནས། པདྨའི་ཐང་འདིར་དབྱར་གྱི་དུས་སུ་མེ་ཏོག་གི་ལྡུམ་ར་ཞིག་ཡིན་ཀྱང་། ནམ་ཟླ་སྟོན་གཞུག་ལ་ཐག་ཇེ་ཉེར་སོང་ནས་སྔར་ཡོད་ཀྱི་མེ་ཏོག་ཚང་མ་འཐོར་འགྲོ་བ་འདིས་ཀྱང་། རང་ཉིད་ཀྱི་མི་ཚེ་ཡང་དེ་དང་འགྲོགས་ནས་འཆི་བའི་ཕྱོགས་ལ་ཉེ་བཞིན་ཡོད་པ་དྲན་པ་གྱིས་ལ། ཡོན་ཏན་འབྱུང་གནས་དབེན་པ་བསྟེན་ཏེ། འདི་ཕྱི་རང་གཞན་ལ་ཕན་པའི་དོན་དེ་བསྒྲུབ་དགོས་པས་ཆོས་ལེགས་པར་སྒྲུབས་ཤིག་ཅེས་པའི་བརྡ་ཆོས་སྟོན་པ་རེད། དབེན་པའི་གནས་དེ་ཇི་ལྟ་བུ་ཞིག་ཡིན། དེ་ལ་དགོས་པ་དང་རྒྱུ་མཚན་ཅི་ཡོད། དེར་ཡོན་ཏན་ཅི་ཞིག་ཡོད་ཟེར་ན། དཔལ་སྤྲུལ་ཚང་གིས། ཐུབ་པས་བསྔགས་པའི་དབེན་པའི་རི་ཁྲོད་དུ། །རྒྱལ་དང་རྒྱལ་སྲས་དྲང་སྲོང་ཆེ་རྣམས་བསྟེན། །ཡོན་ཏན་ཀུན་གྱི་འབྱུང་གནས་རིན་པོ་ཆེ། །གནས་འདི་བསྟེན་ལ་ཐར་ལམ་ཉེ་བ་ཡིན། །ཅེས་པ་དང་། མཐོ་བའི་ངོ་སྲུང་དམའ་བའི་སྐྱོང་དྲིན་དང་། །མཉམ་པའི་ཆགས་སྡང་དག་གིས་འཆིང་བ་མེད། །རང་ཉིད་གཅིག་པུར་ངེས་འབྱུང་འོད་དཀར་ཅན། །དབེན་པའི་མལ་ན་ཟླ་བ་བཞིན་དུ་མཛེས། །ཞེས་གསུངས་སོ། །ཚེ་ནི་འགྲོ་བའི་ཆོས་ཅན། འབྱོར་བ་རྒུད་པའི་མཐའ་ཅན། ལང་ཚོ་མི་རྟག་པའི་རང་བཞིན། གཉེན་གྲོགས་འབྲལ་བའི་ངོ་བོ་ལས་མ་འདས་པའི་ཚུལ་རྣམས་ལ་ལེགས་པར་བསམས་ནས། ལོང་མེད་རྒྱུད་ལ་བསྐྱེད་དེ་ཆོས་ཕྱིར་གཞག་མི་བྱེད་པར་ད་ལྟ་ནས་བསྒྲུབ་དགོས། ཁ་ཡིས་བསྒྲུབ་དགོས་ཚུལ་ཏག་ཏག་བཤད་པ་ཙམ་གྱིས་ཕན་པ་མེད། སྒྲུབ་དགོས་པ་མ་ཤེས་ནས་ལུས་པ་མ་ཡིན་པར་རྒྱ་ཆེ་རྒྱང་རིང་ཞིག་གི་བཤད་པ་མང་པོ་ལ་ཉན་པར་བྱས་ཀྱང་ལག་ལེན་ལ་མ་ཐེབས་པར་འདི་ལྟར་ལུས་པ་རེད། མདོ་རྩ་ཀུན་འདུས་ཀྱི་གདམས་པ་འདི་ནས་འགོ་བཟུང་ནས་འདི་ནས་མཇུག་ཕུད་དགོས་པ་དེ་གང་ཡིན་ཟེར་ན། ཐེག་གསུམ་ལམ་གྱི་རྣམ་གཞག་གི་གཞི་ལམ་འབྲས་བུའི་གནད་ཐམས་ཅད་གང་ཟག་གཅིག་འཚང་རྒྱ་བའི་ཐབས་དང་གདམས་པ་ཁོ་ན་ཡིན། དེ་ལས་གཞན་པ་ཞིག་འཆད་ཁྲིད་བྱེད་ཀྱིན་མེད། འོན་ཀྱང་སྦྱངས་པ་སྔོན་དུ་མ་སོང་པའི་གསར་བུ་དང་རྒན་ཞུགས་ཚོས་གནད་ཟིན་པ་ནི་དཀའ་བའི་གནས་སུ་གྱུར་ཡོད། དེས་ན་ད་ཞག་གི་རིང་དུ་བཤད་འདུག་རྒྱུའི། དང་པོ་ཐེག་ཆེན་ཐར་བའི་ལམ་སྣེ་ཞིག་ཟིན་པར་གྱིས་དང་། དེའི་ལམ་སྣེ་དེ་ཟིན་ཚར་དུས་འགྲོས་མགྱོགས་ཞན་ལ་མ་ལྟོས་པར་མཐར་ཐུག་གི་ཐོན་ས་རྫོགས་པའི་བྱང་ཆུབ་རེད་ཅེས་བཤད་པ་ཡིན། དེ་ཡང་གསལ་བོར་བཤད་ན། ལམ་ལྔའི་ནང་གི་ཐེག་ཆེན་ཚོགས་ལམ་སྐབས་སུ་ལུས་དྲན་པ་ཉེ་བར་བཞག་པ་དང་། དེ་བཞིན་དུ་ཚོར་བ་དང་སེམས་དང་ཆོས་དྲན་པ་ཉེ་བར་བཞག་པ་བསྒོམ་པ་ལ་འཇུག་དགོས་ཏེ། དེ་དག་གི་དམིགས་པ་ནི་ལུས་ལ་སོགས་པ་སྟེ། གནས་ངན་ལེན་གྱི་རྒྱུའི་གཙོ་བོ་ལུས་དང༌། སྲེད་པའི་གཞི་ཚོར་བ། བདག་ཏུ་དམིགས་པའི་གཞི་སེམས། ཀུན་བྱང་སོགས་སུ་འཛིན་པའི་གཞི་ཆོས་ཀུན་ལ་མི་རྨོངས་པར་བྱ་བའི་ཕྱིར་བཞིར་བཤད་དེ། དེ་དག་ལ་ཚུལ་བཞིན་དམིགས་པས་བདེན་པ་བཞི་ལ་འཇུག་པར་བྱེད་དོ། །དྲན་པ་ཉེར་བཞག་བཞི་པོ་དེ་དག་གི་ངོ་བོ་ནི་དྲན་པ་དང་མཚུངས་ལྡན་གྱི་ཤེས་རབ་བོ། །གྲོགས་ནི་དེ་དག་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་རྣམས་ཏེ། འོག་མ་རྣམས་ཀྱི་སྐབས་སུའང་གྲོགས་དེ་ལྟར་ཤེས་པར་བྱའོ། །ཇི་ལྟར་སྒོམ་ན་ནང་གི་ལུས་ནི་གཟུགས་ཅན་གྱི་སྐྱེ་མཆེད་ནང་རང་རྒྱུད་ཀྱིས་བསྡུས་པ། ཕྱིའི་ལུས་ནི་ཕྱིའི་སྐྱེ་མཆེད་གཟུགས་ཅན་གྱིས་བསྡུས་པ། ཕྱི་ནང་གཉིས་ཀའི་ལུས་ནི་ནང་གི་སྐྱེ་མཆེད་དང་འབྲེལ་བའི་ཕྱིའི་སྐྱེ་མཆེད་གཟུགས་ཅན་པ་དབང་པོའི་ཡུལ་རྣམས་དང༌། གཞན་རྒྱུད་ཀྱི་ནང་གི་སྐྱེ་མཆེད་རྣམས་ཏེ། མདོར་ན་གཟུགས་ཀྱི་ཕུང་པོར་གཏོགས་པ་ཐམས་ཅད་སྐབས་འདིའི་ལུས་དྲན་པ་ཉེར་བཞག་གི་དམིགས་ཡུལ་ལོ། །དེ་བཞིན་དུ་ཚོར་བ་བདེ་སྡུག་སྣ་ཚོགས་པ་དང་། སེམས་རྣམ་ཤེས་ཚོགས་བརྒྱད་དང་ཚོགས་དྲུག་དང་། ཆོས་འདུ་ཤེས་དང་འདུ་བྱེད་ཀྱིས་མཚོན་པའི་ཆོས་ཐམས་ཆད་ལ་དམིགས་པ་ཡང་ཤེས་པར་བྱའོ། །རྣམ་པ་དེ་བཞི་བོ་མཉམ་བཞག་ལ་སྤྲོས་བྲལ་ནམ་མཁའ་ལྟ་བུ་དང་། རྗེས་ཐོབ་ལ་སྒྱུ་མ་རྨི་ལམ་ལྟ་བུར་ལྟ་ཞིང་དེ་ལས་མ་ཡེངས་པར་གོམས་པར་བྱེད་པའོ། །དྲན་པ་ཉེར་བ་བཞག་པ་ཞེས་པའི་སྒྲའི་གོ་བའི་ཐོག་ནས་བཤད་ན། ཤེས་རབ་ཀྱི་ཡུལ་ལ་དྲན་པས་ཉེ་བར་བཞག་པ་ཞིག་དང་། དྲན་པའི་ཡུལ་ལ་ཤེས་རབ་ཀྱིས་ཉེ་བར་བཞག་པ་ཞིག་སྟེ་རྣམ་པ་གཉིས་སུ་ཡོད་པ་ཡིན་ལ། ཤེས་རབ་ཀྱི་ཡུལ་ལ་དྲན་པས་ཉེ་བར་བཞག་པ་དེ་ཇི་ལྟར་རེད་ཟེར་ན། དང་པོ་བདག་མེད་རྟོག་པའི་ཤེས་རབ་ཀྱིས་གང་ཟག་དང་ཆོས་སུ་འཛིན་པ་བདག་གིར་བཟུང་ནས་དེ་དྲན་པས་རྒྱུན་སྐྱོང་བར་བྱེད་པ་དང་། དྲན་པའི་ཡུལ་ལ་ཤེས་རབ་ཀྱིས་ཉེ་བར་བཞག་པ་ནི། དྲན་པས་མི་གཡེང་མི་བརྗེད་པར་དེ་ལ་ཤེས་རབ་ཀྱིས་བདག་མེད་དུ་གཏན་ལ་ཕབ་པ་དེའི་ངང་དུ་ཉེ་བར་བཞག་པ་རྣམས་ནི་མདོ་ལུགས་ཀྱི་བཤད་པ་ཡིན་ལ། སྔགས་ལུགས་ལ་དེ་བརྒྱུད་མི་དགོས་པར་ཐབས་མང་དཀའ་བ་མེད་པའི་ཁྱད་པར་གྱིས། ལམ་གྱི་འཇུག་སྒོ་དབང་གིས་འགོ་བཟུང་ནས། སྨིན་གྲོལ་བསྐྱེད་རྫོགས་ཀྱི་ལམ་ནས་ཐར་ལམ་ལ་བགྲོད་པ་དང་། རྫོགས་རིམ་ཐམས་ཅད་ཀྱི་མཐར་ཐུག་རྫོགས་པ་ཆེན་པོའི་ཆོས་འདི་ལ་མཚོན་ན། སྔོན་འགྲོ་ཁྱད་པར་ཅན་ནས་འགོ་བཟུང་སྟེ། ལམ་ལྔའི་བགྲོད་ཚུལ་དང་། ས་ལམ་གྱི་རྣམ་གཞག་མདོ་སྔགས་ལྟོ་སྦྱར་ནས་བཤད་པའི་ཚུལ་ཀྱང་ཡོད་པ་ཡིན། ད་མདོ་སྔགས་གང་ནས་བཤད་ཀྱང་ཐོག་མར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དེ་མེད་དུ་མི་རུང་པའི་ལམ་གྱི་སྲོག་ཤིང་རེད། དོན་དམ་སེམས་བསྐྱེད་མངོན་དུ་གྱུར་པ་ནི་བདེན་མཐོང་འཕགས་པའི་ཡེ་ཤེས་མཐོང་ལམ་ལ་འཇོག་པ་དང་། རྫོགས་པ་ཆེན་པོའི་སྣང་བཞིའི་སྐབས་སུ་ཆོས་ཉིད་མངོན་སུམ་དེ་དཔེའི་ཡེ་ཤེས་ལ་འཇོག་པ་ཡིན། དེ་ལྟར་ན་སྦྱོར་ལམ་ལ་དཔེའི་ཡེ་ཤེས་ཟེར་ཞིང་། དེ་སྦྱོར་ལམ་ཆོས་མཆོག་ཡིན་པའི་དབང་དུ་བཏང་ན། དང་པོ་ཚོགས་ལམ་ཆུང་ངུ་ནས་ཞུགས་པ་དང་། དེའི་བར་དུ་དྲན་པ་ཉེ་བར་བཞག་པ་བཞི། ཡང་དག་པའི་སྤོང་པ་བཞི། རྫུ་འཕྲུལ་གྱི་རྐང་པ་བཞི་རྣམས་ཚོགས་ལམ་ཆེ་འབྲིང་ཆུང་གསུམ་ལ་རྫོགས་དགོས་པ་དང་། དེའི་ཐོག་ཏུ་སྦྱོར་ལམ་དྲོད་རྩེ་མོ་གཉིས་ལ་དབང་པོ་ལྔ་བསྒོམ་པ་དང་། བཟོད་པ་ཆོས་མཆོག་གཉིས་ལ་སྟོབས་ལྔ་བསྒོམས་ནས་རྫོགས་དགོས་པ་ཡིན། བསྒོམ་མི་དགོས་པའི་ཐར་བའི་ལམ་ཞིག་སྒྲུབ་ཐབས་ཡོད་པ་མིན། དེ་ལྟར་ཡིན་ཚེ་ལམ་ལ་རིང་ལམ་དང་ཉེ་ལམ་ཡོད་པ་དེ་ལས་གང་འདེམ་ན་ཐེག་ཆེན་གསང་སྔགས་ཀྱི་ཉེ་ལམ་དང་ཤིན་ཏུ་མྱུར་བའི་ལམ་གྱིས་དགའ་འདུག་བསམས་ནས་དེར་ཞུགས་པ་ཡིན། འོན་ཀྱང་དེ་ཡང་ཐེག་ཆེན་སེམས་བསྐྱེད་ནས་འགོ་མི་གཟུང་བར་ཞུགས་ཐབས་ཤིག་ཡོད་པ་མིན་པས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི་མདོ་སྔགས་གང་ནས་ཀྱང་སངས་རྒྱས་ཐོབ་པའི་ཉེ་རྒྱུ་ཡིན་པས། ཉན་རང་དགྲ་བཅོམ་ཞིག་ཤིང་རྟའི་ནང་དུ་ཡོད་ན་སངས་རྒྱས་ཀྱིས་ཞབས་ཀྱི་མཐེ་བོས་ཀྱང་རེག་པར་བྱ་བ་མ་ཡིན་ན་ཡང་། བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་ཞིག་ཡིན་ཀྱང་སངས་རྒྱས་ཀྱིས་གུས་པས་ཤིང་རྟ་འདྲེན་པར་མཛད་འོས་པ་ཡིན་པ་ནི། སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་པ་ཡིན་པས་དེ་ལྟར་གསུངས་པ་རེད། དེས་ན་དེ་བགྲོད་པ་གཅིག་པུའི་ལམ་ཡིན་པ་ཡང་མཚོན་པ་ཡིན། དེས་ན་ད་ལྟ་སོ་སོའི་སྐྱེ་བོའི་གནས་སྐབས་ན་ཡང་དག་པར་བླངས་པ་བརྡ་ལས་བྱུང་བའི་སེམས་བསྐྱེད་ལེན་ཚུལ་གྱི་ཐད་ནས་སྦྱོར་བའི་ཆོས་མཆོད་པའི་ཡན་ལག་ཁ་རྩང་སྔོན་མར་ཞུས་པ་ཡིན། རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པ་བགྱི། །ཞེས་གསུངས་པ་དེས་ལྷ་མིའི་ལོངས་སྤྱོད་བཀོད་པའི་ཁྱད་པར་འཕགས་པའི་མཆོག་ཀུན་གྱིིས་མ་ཚད་ཕྱག་འཚལ་བ་ཡང་མཆོད་པའི་རྣམ་གྲངས་ལ་བགྲངས་ནས། ཡན་ལག་བདུན་ལས་དོན་གྱིས་གཉིས་སོང་བ་ཡིན། དེ་གཉིས་ཀ་གཅིག་ལ་བརྩིས་པའི་དབང་དུ་བྱས་ན། གཉིས་པ་དེ་བཤགས་པ་ཡིན། འོ་ན་བཤགས་རྒྱུ་བོ་ཅི་ཞིག་བཤགས་དགོས་པ་ཡིན་ཞེ་ན། བཤགས་རྒྱུ་ནི་སྡིག་པ་ཡིན་ལ་དེ་ཡང་སྒོ་གསུམ་གྱིས་མི་དགེ་བའི་ལས་བྱས་ཚད་རྣམས་ནི་སྡིག་པ་ཡིན། འོན་ཀྱང་དེ་ལས་གཙོ་བོ་ནི་ཡིད་ཡིན་ཏེ། མདོ་ལས། ཡིད་གཙོ་ཡིད་ནི་རབ་ཏུ་མགྱོགས་པ་སྟེ། །ཆོས་རྣམས་ཀུན་གྱི་སྣ་ལ་ཡིད་འགྲོའོ། །ཞེས་པ་དང་། ཨརྱ་དེ་ཝས། ཆོས་རྣམས་སྔོན་དུ་འགྲོ་བ་ཡིད། །ཡིད་གཙོ་ཡིད་ནི་མགྱོགས་པ་སྟེ། །ཡིད་ཉིད་ཀྱིས་ནི་འབད་པ་ཡིས། །སྨྲ་བའམ་ནི་བྱེད་པ་པོ། །ཞེས་གསུངས་པའི་ཕྱིར། སེམས་ཉོན་མོངས་པ་ཅན་གྱིས་ཀུན་ནས་བསླངས་པའི། མཚམས་མེད་ལྔ། དེ་དང་ཉེ་བ་ལྔ། མི་དགེ་བ་བཅུ། སོ་ཐར་གྱི་སྡོམ་པ་དང་འགལ་བ་དང་། གསང་སྔགས་ཀྱི་དམ་ཚིག་ཉམས་པ་ཐམས་ཅད་རང་གིས་བྱས་པ་དང་། གཞན་ལ་བྱེད་དུ་བཅུག་པ་དང་། བྱས་པ་ལ་རྗེས་སུ་ཡི་རང་བྱས་པ་དེ་རྣམས་ཐམས་ཅད་བཤགས་རྒྱུ་ཡིན་པས་མ་ཚད་ཉོན་མོངས་པ་ཅན་གྱིས་ཀུན་ནས་བསླངས་བའི་རྣམ་པ་ལ་ཆོས་ལྟར་སྣང་བའི་ཐོས་བསམ་བྱས་པ་ཞིག་ཡིན་ཀྱང་མི་དགེ་བའི་ནང་དུ་གཏོགས་པ་སྟེ། རིན་ཆེན་ཕྲེང་བ་ལས། འདོད་ཆགས་ཞེ་སྡང་གཏི་མུག་དག །དེས་བསྐྱེད་ལས་ནི་མི་དགེ་བ། །ཞེས་གསུངས་པས་སོ། །སྡིག་པ་ལ་བཤགས་ན་བཤགས་རྒྱུ་ཡོད་པ་ནི། མགོན་པོ་ཀླུས། གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལས། །ཕྱི་ནས་བག་དང་ལྡན་པར་གྱུར་དེ་ཡང་། །ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་དགའ་བོ་དང་། སོ་ཕྲེང་དང་། མཐོང་ལྡན་དང་། བདེ་བྱེད་བཞི་དཔེར་བྱས་ནས་གསུངས་པ་ལྟར་དང་། བཤགས་ཚུལ་ནི། གཉེན་པོ་སྟོབས་བཞི་ཚང་བའི་སྒོ་ནས་ཏེ། སྡིག་ལྟུང་སྔར་བྱས་ལ་འགྱོད་པ་དུག་འཐུང་པ་ལྟ་བུ་དང་། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱེད་བསམ་པའི་སྡོམ་སེམས་བརྟན་པོ་ཡོད་པ་དེ་གཉིས་ཀ་སྡིག་པ་འདག་ཐབས་གཙོ་བོ་ཡིན་ལ། ཡང་དགོས་སྡོམ་སེམས་མེད་པར་། མི་སྐྱོན་སླར་བཤགས་པས་ཆོག་བསམས་ནས་སྡིག་པ་ལ་མ་འཛེམས་ན་ཉེས་པ་ཕྱིར་ཞིང་ཆེ་བ་ཡིན། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེས་ན་ཚོགས་རྫོགས་ཤིང་སྡིག་པ་དག་པ་ཡིན། ཚོགས་རྫོགས་སྟོབས་དང་སྡིག་པ་དག་སྟོབས་དེ་བས་ཆེ་ཞིག་མེད་ཀྱང་། ཡིད་བཞིན་གྱི་ནོར་བུ་ལག་ལ་ལོན་ཐབས་ལ་འབད་པ་སྣ་ཚོགས་བྱེད་དགོས་པ་ལྟར་དུ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དེ་ཉིད་རྒྱུད་ལ་སྐྱེ་ཐབས་ཀྱི་སྦྱོར་བ་ལ་བསགས་སྦྱང་དགོས་པས་མི་ཚད་པར་བྱང་སྡོམ་ལེན་པའི་ཆོ་གའི་སྐབས་སུ་ཡང་ངེས་པར་དུ་འདི་དག་སྔོན་དུ་འགྲོ་དགོས་པ་ཡིན། ད་རུང་རྗེས་སུ་ཡི་རང་བ་ལ་སོགས་པའི་ཡན་ལག་གཞན་རྣམས་ཀྱང་མེད་དུ་མི་རུང་བ་ཏག་ཏག་ཡིན། དེ་ལྟ་བུའི་སེམས་བསྐྱེད་ཀྱི་རྣམ་གཞག་ལ་བློ་ཕྱོགས་པའི་སྒོ་ནས་ཆོས་འཆད་ཉན་གྱི་སྔོན་དུ་སྦྱོར་བ་སེམས་བསྐྱེད་ཀྱི་གོ་དོན་ཡང་གནད་ཀྱིས་ཚང་བར་བྱས་ཏེ། ད་སྐབས་སུ་བབ་པ་གང་ཞིག་འཆད་ཉན་བགྱི་བ་རྒྱལ་བའི་ཆོས་མཛོད་ཡོངས་ཀྱི་གནད་འདྲིལ་བ། གཞུང་གཅིག་ཤེས་པས་གཞུང་བརྒྱའི་གནད་མཐོང་བ། ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་འདི་ཉིད་འཆད་ཉན་བྱེད་པའི་སྐབས་ལས། ཐོག་མར་དགེ་བ་ཀླད་ཀྱི་དོན་སོང་ནས་བར་དུ་དགེ་བ་གཞུང་གི་དོན་ལ་ཡང་། འཁོར་བའི་རང་བཞིན་སྤང་བྱར་བསྟན་པ་དང་། མྱ་ངན་ལས་འདས་པའི་རང་བཞིན་བླང་བྱར་བསྟན་པའི་རྡོ་རྗེའི་གནས་རྣམ་པ་གཉིས་ཡོད་པའི་ནང་ནས། ཕྱི་མ་འཆད་པའི་སྐབས་ཡིན་ལ། དེ་ཡང་སྦྱང་བྱེད་ལམ་དང་། སྦྱངས་བའི་འབྲས་བུ་བཤད་པ་གཉིས་ཀྱི་ནང་གི དང་པོའི་སྐབས། སྤང་བྱ་ཕྱི་རོལ་པ་དང་། བླང་བྱ་ནང་བའི་གྲུབ་མཐའ་གཉིས་ལས་ཀྱང་ཕྱི་མའི་སྐབས། དེ་ལས་ཀྱང་མཚན་ཉིད་ཐེག་པ་གཏན་ལ་དབབ་པ་སོང་ནས། དེ་རིང་གཉིས་པ་འབྲས་བུའི་ཐེག་པ་ལ། ཁྱད་ཆོས་དང་། ཁྱད་གཞི་དངོས་བཤད་པ་གཉིས། དང་པོ།

འབྲས་བུའི་ཐེག་པའི་ཁྱད་ཆོས་བསྟན་པ།

ད་ནི་གསང་སྔགས་རྡོ་རྗེ་ཐེག་པའི་ལུགས་བཤད་པ་ནི། འདིའི་མཚམས་ཀྱི་གསང་སྔགས་རྡོ་རྗེའི་ཐེག་པ་ཞེས་པའི་མཚན་གྱི་སྒྲ་དོན་ཐོག་མ་ཉིད་ནས་ངེས་དགོས་པས། དེ་ལ་གསང་སྔགས་ཞེས་པ་ནི་སྣོད་མིན་ལ་གསང་སྟེ་སྤྱོད་པར་བྱ་བ་ཡིན་པས་གསང་སྔགས་ཏེ། གསང་སྔགས་སྐྱོན་ཡོད་མ་ཡིན་ཏེ། །སེམས་ཅན་དོན་ཕྱིར་རབ་ཏུ་གསང་། །ཞེས་པ་ལྟར་དུ་གསང་སྔགས་ལ་སྐྱོན་ཆེན་པོ་ཞིག་ཡོད་པས་གསང་དགོས་པ་མིན་ཀྱང་། སེམས་ཅན་ཕལ་བས་འདི་ཁོང་དུ་ཆུད་པ་མིན་པས་དེས་ན་གསང་དགོས་པར་བསྟན་པའོ། །གསང་བ་ལའང་ནང་གསེས་ཀྱི་གབ་སྦས་ཀྱི་གསང་བ་རྣམ་པ་གཉིས་ལས། སེམས་ཀྱི་རང་བཞིན་དེ་ཁོ་ན་ཉིད་དེ་རང་བཞིན་གྱིས་ཡོད་ཀྱང་། དེ་ཉིད་མ་རྟོགས་པའམ་མི་ཤེས་པ་ནི་གབ་པ་ཡིན་པ་དང་། གསང་པར་འོས་པའི་ལྟ་སྤྱོད་རླབས་པོ་ཆེ་ཁོང་དུ་ཆུད་མི་ནུས་པའི་སེམས་ཅན་ལ་དང་པོ་ཉིད་ནས་བཤད་ན་དེའི་ཁོང་དུ་མི་ཆུད་པར་སྒྲོ་སྐུར་གྱི་གཞིར་འགྱུར་བར་དེ་ལ་སྦས་པའི་གསང་པ་ཞེས་བྱའོ། །དེས་ན་དང་པོ་བྱེ་བྲག་སྨྲ་བའི་གཞུང་གི་སྐབས་ནས་བཤད་པའི་གང་ཟག་གི་བདག་མེད་དང་། རིམ་གྱིས་མདོ་སྡེ་པ་དང་། སེམས་ཙམ་པ། དབུ་མའི་གྲུབ་མཐའ་ལ་སོགས་པ་གསུངས་ཤིང་། དེ་ནས་གསང་བ་སྔགས་ཀྱི་གྲུབ་མཐའ་བཤད་ཅིང་། སྔགས་ཞེས་པ་ཡིད་ཤེས་བདེ་མྱུར་དུ་སྐྱོབ་པ་ཞེས་པ་སྟེ། ཡིད་ཀྱི་རྣམ་པར་ཤེས་པ་འདི་ཉིད་སྐྱོབ་པ་ནི་མདོ་ཕར་ཕྱིན་ཐེག་པའི་སྐབས་ནས་སྐྱོབ་ཅིང་ཐར་བ་ཐོབ་པ་ཡིན་ཀྱང་། བདེ་ཞིང་མྱུར་བའི་སྒོ་ནས་སྐྱོབ་ཐུབ་པ་མིན་ཏེ། འདོད་ཡོན་ལམ་དུ་བྱེད་མི་ནུས་པའི་ཕྱིར་ན་བདེ་བའི་སྒོ་ནས་ཀྱང་མ་ཡིན་ལ། བསྐལ་ཆེན་གྲངས་མེད་གསུམ་ལ་སོགས་པར་ཚོགས་བསག་དགོས་པས་མྱུར་བའང་མ་ཡིན་པའི་ཕྱིར་དང་། སྔགས་ཀྱི་སྐབས་སུ་ནི་འདོད་ཡོན་མ་སྤངས་ལམ་དུ་བྱེད་ནུས་པ་དང་། རབ་ན་ཚེ་གཅིག་གིས་ཀྱང་ཟུང་འཇུག་གི་སྐུ་འགྲུབ་པའི་ཟུང་འཇུག་གི་ལམ་དེ་ལ་སྔགས་ཞེས་བྱ་ལ། རྡོ་རྗེའི་ཐེག་པ་ཞེས་པ་ནི། མཚོན་བྱེད་རྟགས་ཀྱི་རྡོ་རྗེ་དེ་མི་ཆོད་པ་མི་ཤིགས་པ་ལ་སོགས་པའི་ཁྱད་པར་ལྡན་ལ། མཚོན་བྱ་དོན་གྱི་རྡོ་རྗེ་དེའང་གཞི་དང་འབྲས་བུ་གཉིས་ཀ་དབྱེར་མི་ཕྱེད་པའི་རང་བཞིན་དུ་བསྟན་ཡོད་པའི་ཕྱིར་ན། སྡུག་ཀུན་འགོག་བདེན་གྱི་རང་བཞིན་དེ་རྟོགས་པའི་སྒོ་ནས་འཁོར་འདས་དབྱེར་མེད་དུ་རྟོགས་པའི་ཕྱིར་རྡོ་རྗེའི་ཐེག་པ་ཞེས་སོ། །འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་ཉིད། །རྒྱུ་ཡི་ཆོས་ལས་ཁྱད་པར་དུ་མས་འཕགས། །ཞེས་གསུངས་ཏེ། ཐེག་པ་ཆེན་པོའི་ཚུལ་སྒྲུབ་པ་ལས་ཞེས་ལུང་དྲངས་པར། ཐེག་པ་ཆེན་པོ་རྣམ་གཉིས་ཏེ། །ཕ་རོལ་ཕྱིན་དང་གསང་སྔགས་སོ། །ཞེས་པས། རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་། འབྲས་བུ་སྔགས་ཀྱི་ཐེག་པ་གཉིས་ཀ་སེམས་ཅན་གྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་འདོད་པར་གཅིག་པ་ལས། ཐེག་ཆེན་མདོ་ལམ་ནས་དུས་རིང་པོས་གྲོལ་བའམ་སངས་རྒྱས་འགྲུབ་པ་ནི་མཚན་ཉིད་ཀྱི་ཐེག་པ་ཡིན་ལ། ཚེ་གཅིག་གམ་བཅུ་དྲུག་ཚུན་ཆད་ཀྱིས་འགྲུབ་པ་ནི་གསང་སྔགས་ཐུན་མོང་པ་ཡིན་པའི་ཕྱིར། དེ་གཉིས་རིམ་པ་བཞིན་དུ་སྦྱར་ན་དབང་པོ་རྣོན་པོ་དང་ཤིན་ཏུ་རྣོན་པོ་གཉིས་ཀྱི་དབང་དུ་བྱས་ནས་གསུངས་སོ། །རྫོགས་པའི་བྱང་ཆུབ་སྒྲུབ་པའི་ཆེད་དུ་གཞན་དོན་དུ་སེམས་མི་ཞུམ་པ་དཔའ་བས་ན་བྱང་ཆུབ་སེམས་དཔས་ཞེས་བྱ་ལ། དེ་ལྟ་བུའི་ཆེན་པོ་བདུན་གྱིས་འཕགས་པའི་ཐེག་ཆེན་ཡིན་པ་གང་ཞིག འབྲས་བུ་བྱང་ཆུབ་ཆེན་པོར་སྦྱོར་བའི་ལམ་མཚོན་པས་ན་མཚན་ཉིད་དང་། མཐར་འབྲས་བྱང་ཆུབ་ཆེན་པོ་ཐོབ་པའི་རྒྱུ་ཙམ་ལས་འབྲས་བུ་ལམ་བྱེད་མིན་པས་ན་རྒྱུ་ཡི་ཐེག་པ་ཞེས་བྱའོ། །དེ་ཡང་རྒྱུ་མཚན་ཉིད་ཐེག་པ་ལས་ཁམས་བདེ་བར་གཤེགས་པའི་སྙིང་པོ་ས་བོན་དུ་ཡོད་པ་ཙམ་རྐྱེན་ཚོགས་གཉིས་ལས་གོང་དུ་འཕེལ་བས་སངས་རྒྱས་ཐོབ་པར་འདོད་པའི་ཕྱིར་རྒྱུའི་ཐེག་པ་ཞེས་བྱ་སྟེ། རྒྱུ་འབྲས་སྔ་ཕྱིར་ཁས་ལེན་པའི་ཕྱིར་རོ། །སྔགས་ཀྱི་སྙིང་པོ་དེ་སེམས་ཅན་ཐམས་ཅད་ལ་རང་ཆས་ལྷུན་གྲུབ་ཏུ་ཡོན་ཏན་རྒྱ་ཆེན་མ་ཚང་བ་མེད་པར་ད་ལྟ་ནས་ཡོད་པར་སྦྱང་གཞི་ཉི་མ་འདྲ་བ་ཉིད་ལ། སྦྱང་བྱ་འཁོར་བའི་རང་བཞིན་ཚོགས་བརྒྱད་ཀུན་གཞི་དང་བཅས་པ་སྤྲིན་ལྟ་བུས་བསྒྲིབས་པ་ཉིད། མ་རྟོགས་སྤྲིན་ཆེན་སྙིང་པོས་ཡོངས་བསྒྲིབས་པས། །གསུངས་པ་ལྟར་དུ་བསྒྲིབས་ནས་ཡོད་པ་དེ་ཉིད་སྦྱོང་བྱེད་དབང་དང་བསྐྱེད་རྫོགས་བསྒོམས་པས་ན་གློ་བུར་པའི་སྒྲིབ་པའི་སྤྲིན་ཚོགས་ངང་གིས་སེལ་བ་ལྟར་རིམ་གྱིས་སྦྱངས་པས་གནས་སྐབས་ཀྱི་ཡོན་ཏན་གྲུབ་ནས། སྦྱངས་འབྲས་དོན་གྱི་ཀུན་གཞི་ཉི་མ་ལྟར་གསལ་བ་ཅི་བཞིན་པ་མངོན་དུ་འགྱུར་བར་འདོད་དེ། དེ་ཚེ་སྔར་གྱི་དྲི་མ་མེད་པས་ཀུན་གཞིའི་མིང་བག་ཆགས་དང་བཅས་པ་ལོག་ཀྱང་དོན་སྔ་ཕྱི་རྣམ་དབྱེ་མེད་པར་། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་གསུངས་པ་ལྟར་དུ་གསལ་ཏེ། བརྟག་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ན་ནི་སངས་རྒྱས་ཉིད། །ཅེས་སོ། །མདོ་སྡེ་རྒྱན་ལས་ཀྱང་། སྔ་མ་ཕྱི་མར་ཁྱད་མེད་ཀྱང་། །དེ་བཞིན་ཉིད་ནི་དག་གྱུར་པ། །ཞེས་བཤད་པ་བཞིན་ནོ། །ཐོག་མར་རྒྱུ་ཡི་ཆོས་ལས་ཁྱད་པར་དུ་མས་འཕགས་ཚུལ་མང་དུ་མཆིས་ཀྱང་མདོར་བསྡུ་ན། རྒྱུའི་ཐེག་པར་ཁམས་བདེ་གཤེགས་སྙིང་པོ་ས་བོན་དུ་ཡོད་པ་རྐྱེན་ཚོགས་གཉིས་ལས་གོང་དུ་འཕེལ་བ་ལས་དུས་རིང་མོ་ཞིག་ན་འབྲས་བུ་སངས་རྒྱས་སུ་འགྲུབ་པར་འདོད་པས་རྒྱུ་འབྲས་སྔ་ཕྱིར་ཁས་ལེན་ལ། རྡོ་རྗེ་ཐེག་པས་ནི་རང་བཞིན་འོད་གསལ་བའི་སྙིང་པོ་ཡོན་ཏན་ལྷུན་གྲུབ་ཏུ་གནས་པ་ནམ་མཁའ་ལྟ་བུ་ཉིད་སྦྱང་གཞིར་བྱས་ནས། དེའི་སྟེང་ན་སྦྱང་བྱ་འཁོར་བའི་རང་བཞིན་ཚོགས་བརྒྱད་སྣང་ཡུལ་དང་བཅས་པ་སྤྲིན་ལྟ་བུ་དེ། སྦྱོང་བྱེད་དབང་དང་བསྐྱེད་རྫོགས་ཀྱི་ཐབས་ཟབ་མོ་རླུང་དང་འདྲ་བས་མྱུར་དུ་བསལ་ནས། སྦྱངས་འབྲས་དོན་གྱི་ཀུན་གཞི་མངོན་དུ་གསལ་བའི་སངས་རྒྱས་ཉིད་དུས་ཐུང་ངུས་འགྲུབ་པར་བྱེད་པ་ཡིན་ལ་དོན་ལ་རྒྱུ་འབྲས་དབྱེར་མེད་པའི་གྲུབ་མཐར་སྨྲའོ། །མདོ་སྔགས་ཀྱི་ཐེག་པའི་ཁྱད་པར་གཞན་ཡང་ཡོད་དེ། འབྲས་བུ་སངས་རྒྱས་སྒྲུབ་པར་དོན་གཅིག་ནའང་། སྒྲུབ་ཚུལ་ལ་རྨོངས་མ་རྨོངས་ཀྱི་ཁྱད་པར་ཡོད་དེ། མཚན་ཉིད་རྒྱུའི་ཐེག་པ་ལས། འབྱུང་བའི་རིག་པ་ལ་རྨོངས། གནས་པའི་དོན་ལ་རྨོངས། ལམ་གྱི་རྣམ་པ་ལ་རྨོངས། རྟོགས་པའི་ལྟ་བ་ལ་རྨོངས། དེ་ཡང་རིམ་པ་བཞིན་དུ་འདི་ནས་ཕྱི་སྣང་བའི་བདེན་ཞེན་བཟློག་པ་ལ་སྒྱུ་མ་བསྒོམ་པ་ལ་སོགས་པས་འབྱུང་བའི་རིག་པ་ལ་རྨོངས། ནང་ཕུང་པོ་ལྷར་མ་ཤེས་པས་གནས་པའི་དོན་ལ་རྨོངས། གསང་བ་རྟོག་ཚོགས་དང་ཉོན་མོངས་པ་ཡེ་ཤེས་སུ་མ་ཤེས་པས་ལམ་གྱི་རྣམ་པ་ལ་རྨོངས། ཐམས་ཅད་དག་མཉམ་བདེན་པ་དབྱེར་མེད་དུ་མ་ཤེས་པས་རྟོགས་པའི་ལྟ་བ་ལ་རྨོངས་པ་ཉིད། སྔགས་ཀྱི་སྐབས་སུ་ཕྱི་འབྱུང་བར་སྣང་བ་ལྔ་ཡུམ་ལྔ། ནང་ཕུང་པོར་སྣང་བ་ཡབ་ལྔ། རྟོག་ཚོགས་བྱང་ཆུབ་སེམས་དཔའི་བདག་ཉིད་ཡེ་ཤེས་ལྔ། བདེན་པ་དབྱེར་མེད་སྣོད་བཅུད་དག་མཉམ་སངས་རྒྱས་ཀྱི་ཞིང་ཁམས་ཆེན་པོར་གཏན་ལ་འབེབས་པས་ཁྱད་པར་ཆེ་སྟེ། དེས་ན་རྒྱུ་མཚན་ཉིད་ཐེག་པ་དང་། འབྲས་བུ་རྡོ་རྗེའི་ཐེག་པ་གཉིས་ཀ་འབྲས་བུ་སངས་རྒྱས་བསྒྲུབ་པར་དོན་གཅིག་ནའང་། སྒྲུབ་ཚུལ་ཁྱད་ཡོད་དེ། མཚན་ཉིད་ལས་འཁོར་བའི་སྣང་བ་ཉིད་རང་བཞིན་གྱིས་དག་པ་རབ་འབྱམས་ལྷའི་འཁོར་ལོ་ཡིན་པ་དང་། རང་བཞིན་དབྱེར་མེད་མཉམ་པ་ཆེན་པོའི་དོན་ལ་རྨོངས་པའི་ཆ་ཡོད་ལ། དེའི་དབང་གིས་བླང་དོར་དུ་ལྟ་བ་ཡིན་ཞིང་། སྔགས་སུ་ནི་ཐམས་ཅད་དག་མཉམ་བདེན་པ་དབྱེར་མེད་དུ་ཤེས་པས་རྒྱུ་འབྲས་བླང་དོར་མེད་པར་སྤྱོད་ནུས་པས་ན་ལྟ་བ་མ་རྨོངས་པ་དང་། མཚན་ཉིད་ཐེག་པར་བླང་དོར་དུ་དམིགས་ནས་ཐམས་ཅད་ལམ་གྱི་གྲོགས་སུ་འཁྱེར་མི་ནུས་ལ། སྔགས་སུ་ཐབས་ཀྱི་རྣམ་པ་མང་བས་འབྲས་བུ་སྒྲུབ་པ་ལ་ཆེས་ཟབ་པ་དང་། དེའི་དབང་གིས་ལམ་སྒྲུབ་པ་ལ་དཀའ་ཚེགས་མེད་པ་སྔགས་ལ་ཡོད་པ་ལྟར་མཚན་ཉིད་ལ་མེད་པ་དང་། དེ་ལྟ་བུའི་ལམ་ཟབ་མོ་དེ་རྟེན་གྱི་གང་ཟག་དབང་པོ་རྣོན་པོ་ཁོ་ནའི་དབང་དུ་བྱས་པས་ན་སྔགས་ནི་ཁྱད་པར་དུ་འཕགས་པ་འོ། །སྒྱུ་འཕྲུལ་ལས། རྡོ་རྗེ་ཕུང་པོའི་ཡན་ལག་འདི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་བདག་ཉིད་དེ། །ས་ཆུ་སྤྱན་དང་མཱ་མ་ཀཱི། །མེ་རླུང་གོས་དཀར་སྒྲོལ་མ་ཉིད། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་མ་ལུས་སངས་རྒྱས་ཞིང་། །ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མི་རྙེད་དོ། །ཞེས་སོ། །ཡང་ཉོན་མོངས་པ་གཅིག་སྦྱོང་བ་དང་འདོད་པ་གཅིག་སྒྲུབ་པ་ལའང་། མཚན་ཉིད་ཐེག་པའི་སྐབས་ཀྱི་ཐབས་ངལ་དུབ་དང་བཅས་པ་ཐབས་ཉུང་ལ་ཟབ་པའི་གནད་སྔགས་ལྟར་མེད་པས་ན་མི་ཟབ་པ་ཉིད། སྔགས་ལས་ཟབ་ལ་རྒྱ་ཆེ་བ་དོན་མང་བས་འཕགས་སོ། །ཡང་མཚན་ཉིད་ལས་ཚེགས་ཆེན་པོས་བསྒྲུབ་དགོས་པ་བསྐལ་བ་གྲངས་མེད་སོགས་ཀྱི་མཐར་སྒུག་དགོས་པ་དེ་ཉིད་སྔགས་སུ་དཀའ་བ་ཤས་ཆུང་བས་མི་ཚེ་བདུན་ནམ་བཅུ་དྲུག་ལ་སོགས་པས་བྱང་ཆུབ་འགྲུབ་ཐུབ་པའི་ཕྱིར་ཡང་ཁྱད་པར་དུ་འཕགས་སོ། །མཚན་ཉིད་ནི་དབང་པོ་རྣོན་པོའི་རྟུལ་པོ་འཇུག་པའི་ལམ་ཡིན་ཏེ། སྤྱིར་ཐེག་ཆེན་དབང་རྣོན་གྱི་ལམ་ཡིན་ཀྱང་། དེ་ལས་མདོ་སྔགས་གཉིས་ཀ་བསྡུར་ན་རྟུལ་པོ་འཇུག་པའི་ལམ་ཡིན་ཏེ། འདོད་ཡོན་དང་ཉོན་མོངས་ལ་སོགས་པ་གང་ལ་ཡང་ལམ་དུ་སློང་བར་མི་ཤེས་པས། བླང་དོར་ལ་སོགས་པ་གཉིས་བཅས་བཟང་ངན་ཅན་འབའ་ཞིག་སྤྱོད་ཅིང་། འདིའི་གཉིས་བཅས་ནི་གཉིས་འཛིན་ལ་གསུངས་ཤིང་། གོང་དུ་རྒྱང་འཕེན་པས་རྩིག་པའི་ཟུར་དུ་བུམ་པ་བཞག་ཅེས་པའི་གཉིས་བཅས་བཤད་པ་ལྟ་བུ་ནི་མིན་ནོ། །སྔགས་ཀྱིས་ཕྱི་ནང་གཟུང་འཛིན་ཐམས་ཅད་ཐབས་ཟབ་མོས་ལམ་དུ་སློང་ཤེས་པའི་ཕྱིར་ལམ་ཞུགས་ཀྱི་གང་ཟག་རྣོ་རྟུལ་འབྲིང་གསུམ་དུ་ཕྱེས་པའི་དབང་པོ་རྣོན་པོའི་རྣོན་པོ་འཇུག་པའི་ལམ་ཡིན་པས་ཀྱང་འཕགས་སོ། །ཉོན་མོངས་གཅིག་ཉིད་ཉན་རང་གིས་སྤང་བྱར་མཐོང་ཞིང་། བྱང་སེམས་ཀྱིས་ཞེན་མེད་དུ་ཆོས་ཉིད་དུ་ཞི་བྱར་མཐོང་ཞིང་། གསང་སྔགས་ཐུན་མོངས་པས་ལྕགས་ཁམས་གསེར་དུ་བསྒྱུར་བ་བཞིན་དུ་ལྷ་དང་ཆོས་སུ་དག་བྱར་མཐོང་ཞིང་། གསང་སྔགས་ཐུན་མིན་གྱིས་བླང་བྱར་མཐོང་བ་སྟེ། གསེར་གཅིག་གི་དངོས་པོ་ལ་བཟང་ངན་སྣ་ཚོགས་སུ་མཐོང་བ་ལྟ་བུའོ། །དེ་ཐམས་ཅད་ཐབས་ཀྱིས་ཟིན་མ་ཟིན་གྱི་ཁྱད་པར་རོ། །ཇི་སྐད་དུ་ཚུལ་གསུམ་པའི་སྒྲོན་མེ་ལས། དེ་ཡང་གཞི་འོད་གསལ་བའི་སྙིང་པོ་དང་། དེ་ལ་བརྟེན་པའི་ཆོས་རྣམས་གཏན་ལ་འབེབས་པར་དོན་གཅིག་ན་ཡང་། མཚན་ཉིད་ཀྱིས་ཇི་ལྟ་བ་བཞིན་གཞི་ལམ་འབྲས་བུ་གཏན་ལ་འབེབས་པ་ལ་རྨོངས་ཤིང་། སྔགས་ཀྱིས་མ་རྨོངས་པར་ཤེས་པའི་ཁྱད་པར་ཡོད་དེ། འདི་ལྟར་ཟབ་པ་དང་རྒྱ་ཆེ་བ་དག་འཇལ་བ་ན། མཚན་ཉིད་ཀྱིས་གཏན་ཚིགས་ཀྱི་སྒོ་ནས་གཞིག་སྟེ་རྗེས་དཔག་ངེས་པའི་ཚད་མས་གཞལ་པའི་དོན་དམ་གྱི་བདེན་པ་བློས་བྱས་ཀྱི་གཞི་དང་། དེའི་ངང་ལ་འབད་པས་འཇོག་པའི་ལམ་ཞི་ལྷག་ཙམ་དང་། དུས་བསྐལ་པ་མང་པོ་ཐོགས་པ་ལ་ཕྱོགས་པའི་འབྲས་བུ་ལ་དམིགས་པའི་ཟབ་པ་ཙམ་དང་། རྒྱ་ཆེ་བའང་ཁམས་ལ་བརྟེན་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་ཀུན་རྫོབ་ཀྱི་བདེན་པར་གཏན་ལ་ཕབ་ནས་བླང་དོར་འབའ་ཞིག་ཏུ་བྱེད་པ་ཙམ་ལས་མེད་དོ། །སྔགས་ནི་གཏན་ཚིགས་ལ་མ་ལྟོས་པར། ལུས་ངག་རྩ་རླུང་ཐིག་ལེ་ལ་སོགས་པའི་གནད་བསྣུན་པ་ཙམ་གྱིས། བློས་མ་བྱས་པའི་ཡེ་ཤེས་རྣམ་པར་མི་རྟོག་པ་ཆོས་སྐུའི་སྙིང་པོ་གཞིར་གཏན་ལ་ཕེབས་ནས། དེའི་ངང་དུ་རང་བཞིན་གྱི་བློ་གནས་པས་ཚེ་གཅིག་ལ་སོགས་པ་ན། དབྱིངས་དོན་དམ་པའི་བདེན་པ་རྟོགས་ནས་བྱང་ཆུབ་མངོན་དུ་བྱེད་པས་ཟབ་མོ་མངོན་སུམ་དུ་སྐྱེ་བ་ཉིད་དང་། རྒྱ་ཆེ་བའང་དབྱིངས་འོད་གསལ་གྱི་དཀྱིལ་འཁོར་དུ་ཡེ་ནས་གྲུབ་པ་གཞིའི་རྒྱུད་དུ་གཏན་ལ་ཕབ་ནས། དེ་ལ་བརྟེན་པའི་ཀུན་རྫོབ་པའི་རྣམ་པ་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་སྤང་བླང་མེད་པར་ལྷ་དང་གཞལ་ཡས་ཁང་དང་ཞིང་གི་བཀོད་པར་གཏན་ལ་འབེབས་པའི་ལམ་གྱི་རྒྱུད་རྣམས་ཉམས་སུ་ལེན་པ་བསྟན་པས། གནས་སྐབས་སུ་གྲུབ་ཆེན་བརྒྱད་དང་མཐར་ཐུག་བྱང་ཆུབ་མཆོག་ལ་སོགས་པ་མངོན་དུ་བྱེད་ཅིང་། གང་ཡང་ལམ་དུ་གྱུར་པའི་ཆོས་སྟོན་པ་འབྲས་བུ་རྒྱུད་གཏན་ལ་འབེབས་པའི་ཕྱིར་ཟབ་པ་དང་རྒྱ་ཆེ་བའི་དོན་ལ་རྨོངས་པ་མེད་པ་ཡིན་པ་དང་། །ཐབས་མང་བས་ཀྱང་འཕགས་ཏེ། སྤང་བྱ་འདོད་ཆགས་ལྟ་བུ་གཅིག་སྤོང་བ་ལ་ཡང་། ཐུན་མོང་དུ་བསྐྱེད་པས་བསྒྱུར་བ་དང་། ཐུན་མོང་མ་ཡིན་པ་གྱ་ནོམ་གྱི་འདོད་ཆགས་སོ་སོར་རྟོག་པ་བདེ་བ་ཆེན་པོར་ལམ་དུ་སློང་བ་ལ་སོགས་པས་མ་སྤངས་བཞིན་དུ་དབྱིངས་སུ་དག་པར་བྱེད་ལ། མཚན་ཉིད་ཀྱིས་ཡུལ་དང་ཡུལ་ཅན་སྤོང་བ་ལ་ལྟོས་ལ། བསྒྲུབ་བྱ་ཐུན་མོང་གི་ཡོ་བྱད་ལྟ་བུ་གཅིག་ལ་ཡང་། སྦྱིན་པ་རྗེས་སུ་བྱེད་པས་སྔོན་གྱི་ལས་སུ་བྱས་ཏེ། རྐྱེན་ཐ་མལ་པས་བསྒྲུབས་པ་ལྟར་ཚོང་སོ་ནམ་ལ་སོགས་འབད་པ་མཚན་ཉིད་ལས་གསང་སྔགས་འཕགས་ཏེ། ཆུ་དབང་དང་གནོད་མཛེས་ལ་སོགས་པའི་སྒྲུབ་པས་དངོས་སུ་འབྱོར་པ་འཕེལ་དུ་ཡོད་པས། སྔོན་ལས་དང་ཐ་མལ་གྱི་སྒྲུབ་ལུགས་ལས་འཕགས་པས་ན། ཚེ་སྤེལ་བ་དང་དབང་དུ་བྱ་བ་ལ་སོགས་པ་རྣམ་གྲངས་མང་པོ་དོན་གཅིག་ལའང་གསུངས་པའི་ཕྱིར་འཕགས་སོ། །དཀའ་བ་མེད་པས་ཀྱང་འཕགས་ཏེ། མཚན་ཉིད་ཀྱི་ལམ་སྤོང་ལེན་དཀའ་སྤྱད་ཀྱིས་མཐར་ངལ་ཞིང་དུབ་པ་ལས། སྔགས་ནི་གང་ཡང་གྲོགས་སུ་འཆར་བས་སྤང་བླང་གི་ངོ་བོ་རང་བཞིན་དག་པའི་ཕྱིར་འདོད་པའི་ཡོན་ཏན་ལ་སོགས་པ་བརྟེན་པས་འགྲུབ་པ་དང་། །དབང་པོ་རྣོན་པོའི་ལམ་ཡིན་པའི་དབང་དུ་བྱས་པས་ཀྱང་འཕགས་ཏེ། ཚེགས་ཆུང་ལ་དོན་ཆེ་བ་མན་ངག་དམ་པའི་རང་བཞིན་མཐར་ཐུག་པ་ཡིན་པའི་ཕྱིར་རོ། །དེས་ན་སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་སོ། །འོ་ན་མཚན་ཉིད་ལས་ཀྱང་འོད་ཟེར་ཆེན་པོས་དབང་བསྐུར་བ་དང་། ཏིང་ངེ་འཛིན་རྒྱལ་པོ་ལས། གསེར་གྱི་ཁ་དོག་ལྟ་བུའི་སྐུ་ལུས་ཀྱི། །འཇིག་རྟེན་མགོན་པོ་ཀུན་ཏུ་མཛེས་པ་སྟེ། །དམིགས་པ་དེ་ལ་གང་གིས་སེམས་འཇུག་པ། །བྱང་ཆུབ་སེམས་དཔའ་དེ་མཉམ་གཞག་ཅེས་བྱ། །ཞེས་མཚན་ཉིད་ཐེག་པའི་སྐབས་སུ་ལྷ་བསྒོམ་པ་བསྟན་པ་དང་། ཟ་མ་ཏོག་བཀོད་པ་དང་། སོ་སོར་འབྲང་མ་ལས། ལྷ་དང་དཀྱིལ་འཁོར་བཤད་པ་དང་། །མདོ་སྡེ་དཀོན་བརྩེགས་ལས། དཔེར་ན་གྲོང་ཁྱེར་རྣམས་ཀྱི་མི་གཙང་ལུད། །དེ་ནི་བུ་རམ་ཤིང་པའི་ཞིང་ལ་ཕན། །དེ་བཞིན་བྱང་ཆུབ་སེམས་དཔའི་ཉོན་མོངས་ལུད། །དེ་ནི་ཐམས་ཅད་མཁྱེན་པའི་རྒྱུ་ལ་ཕན། །ཞེས་པ་དང་། འཁོར་བ་ཞི་བའི་བདག་ཉིད་ཀྱི། །ཐབས་ཆེན་རྣམས་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །ཞེས་པས་ཉོན་མོངས་པ་ཐབས་ཀྱི་ལམ་དུ་བྱེད་པ་དང་། མེ་ཏོག་གི་ཚོགས་ཀྱི་མདོ་ལས། རིན་ཆེན་ཟླ་བ་དམ་པའི་འོད། །གང་གིས་དེ་ཡི་མཚན་ཐོས་པ། །སྐྱེ་བ་གཅིག་གིས་ཐོགས་འགྱུར་ཞིང་། །ཏིང་འཛིན་དམ་པ་ཐོབ་པར་འགྱུར། །ཞེས་དང་། ཚེ་གཅིག་གིས་སངས་རྒྱས་འགྲུབ་པ་ཉིད་གསང་ཆེན་ཐབས་ལ་མཁས་པར། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་འདོད་ན་ཞག་གཅིག་གིས་ཀྱང་མངོན་པར་རྫོགས་པར་འཚང་རྒྱའོ། །ཞེས་བསྟན་པས། སྔགས་དང་མདོ་གཉིས་ཁྱད་པར་མེད་པར་མདོ་ཡང་མྱུར་ལམ་ཡིན་པར་མཚུངས་སོ་ཞེ་ན། མི་མཚུངས་ཏེ། འོད་ཟེར་ཆེན་པོའི་དབང་བསྐུར་ནི་ལམ་མཐར་ཐུག་ཏུ་ཉེ་བ་ན་འོད་ཟེར་ཆེན་པོའི་དབང་བསྐུར་བྱས་པའི་དེ་མ་ཐག་ཏུ་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤང་བར་བྱེད་པའི་མཐར་ལམ་གྱི་སྐབས་སུ་བྱེད་ཀྱི་དང་པོར་མི་བསྐུར་བས་དེའང་མི་མཚུངས་སོ། །ལྷ་བསྒོམ་པ་དེ་སངས་རྒྱས་ཀྱི་ཡོན་ཏན་དྲན་པར་བྱ་བའི་ཕྱིར་བསྒོམ་པ་ཙམ་ཡིན་གྱི། སྔགས་བཟླས་པ་དང་རྫོགས་རིམ་ལ་སོགས་པ་དེ་ལ་མེད་པས་བསྐྱེད་རིམ་མམ་བསྐྱེད་རྫོགས་ཟུང་འབྲེལ་གྱི་ལམ་དུ་མི་རུང་པའམ་མི་མཚུངས་བའི་ཕྱིར་མི་མཚུངས་སོ། །ཟ་མ་ཏོག་དང་སོ་སོར་འབྲང་མ་བྱ་བའི་རྒྱུད་དུ་གཏོགས་པས་སྔགས་ཕྱི་རྒྱུད་སྡེ་གསུམ་གྱི་ནང་ཚན་ཡིན་པས་དེ་ལས་ལྷ་དང་དཀྱིལ་འཁོར་བཤད་ཀྱང་། དེ་མཚན་ཉིད་ཐེག་པ་དངོས་མ་ཡིན་ནོ། །བྱང་ཆུབ་སེམས་དཔས་ཉོན་མོངས་པ་གསང་སྔགས་ལྟར་ཐབས་ཀྱི་ལམ་དུ་བྱེད་པ་མ་ཡིན་གྱི། དགེ་བའི་རྩ་བ་དང་མཚུངས་ལྡན་གྱི་ཉོན་མོངས་ཞེས་སྲིད་པ་སྒྲུབ་པའི་ལས་སུ་བཏགས་ཏེ། བསོད་ནམས་ཀྱི་ཚོགས་སོགས་པ་ལ་སོགས་པ་ཡིན་པས་སྣང་བཅས་དང་། རྒྱུད་ཀྱི་ཉོན་མོངས་བསྒོམ་ལམ་གྱི་སྤང་བྱ་རྩ་བ་དྲུག་སྟེ་འདོད་ཆགས་ཁོང་ཁྲོ་མ་རིག་པ་བཞི་ཡི་སྟེང་དུ་འཇིག་ལྟ་མཐར་ལྟ་གཉིས་བསྣན་པས་དྲུག་ཡོད་པ་དེ་ཁམས་དང་ས་དང་ཆེ་འབྲིང་ཆུང་གསུམ་གྱིས་ཕྱེས་པས་བཞི་བརྒྱ་བཅུ་བཞི་བོ་དེ་ཡོད་པས་སྲིད་པར་གནས་ཏེ་སེམས་ཅན་གྱི་དོན་འབྱུང་བ་ཙམ་ལ་དགོངས་ནས་གསུངས་ཏེ། དྲི་མ་མེད་པའི་མདོ་ལས། འཇིག་ཚོགས་ལ་ལྟ་བ་ནི་དེ་བཞིན་གཤེགས་པའི་གདུང་ངོ་ཞེས་གསུངས་པ་ལྟ་བུའོ། །སྤྱིར་སྤང་བྱ་མེད་ན་གཉེན་པོ་མི་འབྱུང་ཞིང་དཔེར་ན་ནད་དང་སྨན་ལྟར་དུ་ཡིན་ཀྱང་། ཐབས་ལ་མཁས་པས་སྤང་བྱ་ཉིད་གཉེན་པོར་འགྱུར་བ། དཔེར་ན་ཕ་རོལ་ཏུ་ཕྱིན་པར་སྟོང་ཉིད་བསྒོམས་པའི་དྲན་པ་ཉེར་བར་བཞག་པ་ལ་བརྟེན་ནས་སྡུག་བསྔལ་སོགས་ཀྱི་ཞེན་པ་སྤོང་ཐབས་བྱེད་པ་དང་། སྔགས་ཀྱིས་སྡུག་བསྔལ་ཉིད་བདེ་བ་ཆེན་པོའི་ལམ་དུ་བྱེད་པ་ལྟ་བུའོ། །ཡང་ཐབས་སླ་བ་མདོ་ལས་ཀྱང་བསྟན་ཡོད་པས་དེ་དང་མི་འདྲའམ་བསམ་ན། དེ་ལ་མི་འདྲ་བའི་ཁྱད་པར་ཡོད་པ་དང་། གལ་སྲིད་འདྲ་བར་གསུངས་ནའང་དགོངས་པ་ཅན་དུ་ཤེས་པར་བྱའོ། །ཚེ་གཅིག་དང་ཞག་གཅིག་གིས་སངས་རྒྱ་བར་བསྟན་པ་ཡང་། སྔོན་དུ་ཚོགས་སོགས་པ་ཞིག་དེ་ལྟར་བྱ་བར་ནུས་པ་ལ་དགོངས་སོ། །དེ་བཞིན་གཤེགས་པའི་མཚན་བཟུང་བ་དེས་ཐོག་དྲངས་པའི་དགེ་བ་རླབས་པོ་ཆེ་བསགས་ན་སངས་རྒྱས་མངོན་དུ་མི་བྱེད་ཚུན་ཆད་ཀྱི་སྐྱེ་བ་རྣམས་སྡོམ་པ་གཅིག་གིས་སངས་རྒྱའོ་ཞེས་བསྟན་ཏེ། དཔེར་བཞག་ན་ཁབ་ཀྱིས་རྟ་ཁུགས་པ་དང་ཞག་གཅིག་ན་རྡོ་རྗེ་གདན་དུ་སླེབ་ཅེས་བྱ་བ་བཞིན་དེ་ལ་འཇུག་པའི་ཕྱིར་ལྡེམ་པོར་དགོངས་ནས་གསུངས་སོ། །རང་བཞིན་དུ་གྲངས་མེད་གསུམ་ལ་སོགས་པར་འདོད་པས་གསལ་ལོ། །དེས་ན་མཚུངས་པ་མ་ཡིན་ནོ། །དེས་ནི་མདོ་ལམ་ལས་སྔགས་མ་རྨོངས་པ་དང་ཐབས་མང་བ་དཀའ་བ་མེད་པ་ལ་སོགས་པས་ཁྱད་དུ་འཕགས་ཚུལ་བསྟན་པའོ། །གཉིས་པ་ལ་བསྟན་བཤད་གཉིས། དང་པོ།

འབྲས་བུའི་ཐེག་པའི་ཁྱད་གཞི་མདོར་བསྟན་པ།

ད་ནི་ཁྱད་པར་ཅན་གྱི་གསང་སྔགས་ཉིད་བསྟན་པ་ལ། གསང་སྔགས་ཆེ་མཆོག་རྣམ་པ་བཞི་དག་ལས། །ཞེས་གསུངས་ཏེ། དེ་ཡང་ཐུན་མོང་ལྟར་དུ་བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་ཆེན་པོའི་རྒྱུད་དང་བཞི་ལས་ཞེས་མདོར་བསྟན་ནས། གཉིས་པ་གསང་སྔགས་ཕྱི་པ་དང་། ནང་པ་གཉིས། དང་པོ་ལ། སོ་སོའི་རྣམ་གཞག་དང་། ཐུན་མོང་གི་རྣམ་གཞག་གཉིས། དང་པོ་ལ། བྱ་སྤྱོད། རྣལ་འབྱོར་གསུམ། དང་པོ།

བྱ་བའི་རྒྱུད་བསྟན་པ།

དང་པོ་བྱ་བའི་རྒྱུད་ཀྱི་རིམ་པ་ནི། བྱ་བའི་རྒྱུད་དུ་བདེན་པ་གཉིས་ལྟ་བས། །ཁྲུས་དང་གཙང་སྦྲ་ཀུན་ཏུ་སྤྱོད་པ་ཡིས། །རྗེ་ཁོལ་ལྟ་བུས་དངོས་གྲུབ་ཐོབ་པར་འདོད། །ཅེས་གསུངས་ཏེ། གོང་དུ་གསུངས་པའི་ཁྱད་པར་དེ་ལྡན་གྱི་གསང་སྔགས་དེ་ལའང་ཡོན་ཏན་གྱི་ཆེ་བ་མཆོག་དང་ལྡན་པའི་རྒྱུད་རྣམ་པ་བཞི་དག་ཏུ་ཡོད་པ་སྟེ། མི་རིགས་བཞི་དང་དབང་པོའི་རིམ་པ། ཉོན་མོངས་ཆེ་ཆུང་སོགས་ལ་ལྟོས་ནས་བྱ་བ་ལ་སོགས་པའི་རྒྱུད་བཞིར་གསུངས་པ་ལས། ཀྲཱི་ཡ་སྟེ་བྱ་བའི་རྒྱུད་འདིར་ནི་གཞི་སྣང་སྟོང་བདེན་པ་གཉིས་སུ་ཤེས་ནས། ལམ་དུ་ཁྲུས་དང་གཙང་སྦྲ་ཀུན་ཏུ་སྤྱོད་པས། དཀར་གསུམ་ཟ་བ་དང་གོས་གསུམ་བརྗེ་བ་ལ་སོགས་པའི་བརྟུལ་ཞུགས་ཀྱིས། བདག་ཉིད་དམ་ཚིག་པ་བྲན་འབངས་ལྟ་བུའི་མདུན་དུ་ལྷ་སྤྱན་རས་གཟིགས་ལ་སོགས་པ་རྗེ་དཔོན་རྒྱལ་པོ་ལྟ་བུར་བསྒོམས་ཏེ་སྔགས་བཟླས་པ་དང་སྨྱུང་བར་གནས་པའི་ཆོ་ག་ལ་སོགས་པར་གནས་པར་བྱེད་དོ། །རིམ་པ་དེས་སྐྱེ་བ་བཅུ་དྲུག་ན་སངས་རྒྱས་མངོན་དུ་བྱེད་པར་འདོད་དོ། །ཀྲི་ཡ་སྟེ་བྱ་བའི་རྒྱུད་དུ་ཕྱིའི་ཁྲུས་དང་གཙང་སྦྲ་ལ་སོགས་པ་ལུས་ངག་གི་བྱ་བ་ལ་འབད་པ་ཆེ་ཐང་ཀུན་ཏུ་སྤྱོད་པ་གཙོ་བོར་བྱེད་ཅིང་། ལྷ་ཡེ་ཤེས་པ་རྗེ་བོ་ལྟ་བུ་དངོས་གྲུབ་སྩོལ་བ་པོ། བདག་དམ་ཚིག་པ་ཁོལ་པོ་ལྟ་བུ་དངོས་གྲུབ་ནོད་པ་པོར་ལྟ་བས་གནས་སྐབས་དང་མཐར་ཐུག་གི་དངོས་གྲུབ་ཐོབ་པར་འདོད་པའོ། །དེ་ཡང་ལྟ་སྒོམ་སྤྱོད་འབྲས་བཞི་ལས། དང་པོ་ཆོས་ཐམས་ཅད་དོན་དམ་པར་སྣང་སྟོང་བདེན་པ་དབྱེར་མེད་ཀྱི་རང་བཞིན་དུ་མཉམ་ན་ཡང་། ཀུན་རྫོབ་ཏུ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་ཀྱི་བདག་ཉིད་དབྱིངས་འོད་གསལ་བའི་རང་བཞིན་མངོན་དུ་གྱུར་པའི་ཡེ་ཤེས་ཀྱི་སྐུ་ཅན་ལྷག་པའི་ལྷ་དེ་ཉིད་རང་ལ་གནས་སྐབས་དང་མཐར་ཐུག་གི་དངོས་གྲུབ་རྩོལ་བ་པོ་ཡིན་པས་རྗེ་བོ་ལྟ་བུ་དང་། དེས་བྱིན་གྱིས་བརླབ་པར་བྱ་བ་བདག་ནི་ཁོལ་པོ་ལྟ་བུ་སྟེ་རང་དོན་མ་རྫོགས་ཤིང་སྒྲིབ་པ་དང་བཅས་པས་ན་ལྷ་ལ་ལྟོས་པ་དང་བཅས་པའི་ཕྱིར་རོ། །དེས་ན་དོན་དམ་པར་མཉམ་པ་ཉིད་དང་ཀུན་རྫོབ་རྟེན་འབྲེལ་བསླུ་བ་མེད་པའི་དབང་གིས་ལྷ་དེ་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་མཚན་མར་བཟུང་ནས་ཞུགས་པས་གནས་སྐབས་ཀྱི་ལས་རབ་འབྱམས་དང་མཐར་ཐུག་ལྷ་དེའི་ངོ་བོར་འགྲུབ་ངེས་པའི་ཡིད་ཆེས་ཀྱི་ལྟ་བ་དང་ལྡན་པའོ། །སྒོམ་པ་དེ་ཁོ་ན་ཉིད་བཞི་སྟེ། བདག་གི་དེ་ཁོ་ན་ཉིད་ལྟ་བའི་ངང་དུ་འཇོག་པ། ལྷའི་དེ་ཁོ་ན་ཉིད་བྱ་རྒྱུད་ཙམ་པོ་བ་ལ་བདག་བསྐྱེད་མེད་པས་མདུན་བསྐྱེད་ཙམ་དང་། ཁྱད་པར་བས། སྟོང་པ་ཡི་གེ་སྒྲ་གཟུགས་དང་། །ཕྱག་རྒྱ་མཚན་མ་ལྷ་དྲུག་གོ །ཞེས་ཀྲི་ཡ་ལྷ་དྲུག་གི་སྒོ་ནས་བདག་ཉིད་ལྷར་བསྐྱེད་པའི་མདུན་དུ་ཡེ་ཤེས་པ་སྤྱན་དྲངས་ཤིང་རྗེ་ཁོལ་གྱི་ཚུལ་དུ་བལྟས་ནས་དངོས་གྲུབ་སྒྲུབ་པའོ། །བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་འདི་ལྟར་གཞི་ལ་གཞོལ་བ་བདག་མདུན་ལྷར་གསལ་བ་ལ་དམིགས་ནས། སེམས་ལ་གཞོལ་བ་ལྷའི་ཐུགས་ཀར་ཟླ་དཀྱིལ་བསྒོམ་ཞིང་། སྒྲ་ལ་གཞོལ་བ་ཟླ་དཀྱིལ་གྱི་སྟེང་དུ་སྔགས་ཕྲེང་རང་སྒྲ་དང་བཅས་པ་ལ་སེམས་གཏད་ནས་སྲོག་རྩོལ་བསྡམས་ཏེ་བཟླས་པ་བྱ་བའོ། །བསམ་གཏན་གྱི་དེ་ཁོ་ན་ཉིད་རང་ཉིད་ལྷར་གསལ་བའི་ཐུགས་ཀར་མེ་འབར་བའི་དབུས་སུ་ཟླ་བ་ལ་སྔགས་ཕྲེང་བཀོད་པ་མེ་གནས་ཏེ་ལས་བཞི་འགྲུབ་པའི་གཞི་དང་། དེ་ལས་སྔགས་ཀྱི་རང་སྒྲ་སྒྲོགས་པར་བསམ་པ་སྒྲ་གནས་ཏེ་ཞི་གནས་སྒྲུབ་པའི་གཞི་དང་། སྒྲ་དེ་ལ་དཔྱད་ཅིང་གཞིག་ནས་མཐར་མི་རྟོག་པའི་ངང་དུ་འཇོག་པ་སྒྲ་མཐའི་ཐར་པ་སྟེར་བ་སྟེ་ལྷག་མཐོང་འཆར་བའི་རྒྱུའོ། །མདོར་ན་སྐུའི་ཕྱག་རྒྱ་དང་། གསུང་ཡིག་འབྲུ་དང་། ཐུགས་ཕྱག་མཚན་དང་། གཞལ་ཡས་ཁང་དང་འོད་ཟེར་འཕྲོ་འདུ་ལ་སོགས་པའི་དམིགས་པ་རྩེ་གཅིག་པའི་ངང་ནས། སྙིང་པོའི་སྔགས་སྲོག་འགོག་པ་ལ་སོགས་པའི་ཚུལ་གྱིས་བཟླས་པས་ཐུགས་རྒྱུད་ཡང་ཡང་བསྐུལ་བས། ལྕགས་ལ་གསེར་འགྱུར་གྱིས་རྩིས་བཏབ་པ་བཞིན་དུ་རང་ལ་ལྷའི་བྱིན་རླབས་འཇུག་པར་བྱེད་པའོ། །གསུམ་པ་སྤྱོད་པ་ནི་གསང་སྔགས་བཟླས་པ་དེ་ཡང་ཆོ་གའི་ཡན་ལག་མ་ཉམས་པའི་སྒོ་ནས་འགྲུབ་ཀྱི་གཞན་དུ་ན་ས་བོན་ཆུ་ལུད་སོགས་དང་བྲལ་བ་བཞིན་དུ་འབྲས་བུ་མི་སྐྱེད་པས། ལུས་དག་པས་ལྷའི་སྐུར་བསྒོམ་སྟེ་ཁྲུས་གསུམ་དང་གོས་གསུམ་བརྗེ་བ་སྟེ། ཕྱིའི་ཁྲུས་ཡན་ལག་ལྔ་ཁྲུས། ནང་གི་ཁྲུས་རྩ་ལྟུང་དག་པ་དང་། གསང་བའི་ཁྲུས་མཚན་རྟོག་དག་པར་བྱེད་པའོ། །གོས་གསུམ་བརྗེ་བའང་ཕྱིའི་གོས་གོས་གསར་བ་གཙང་མ་བགོ་བ་དང་། ནང་གི་གོས་སྡོམ་པ་སྲུང་བ་དང་། གསང་བའི་གོས་ལྷ་སྒོམ་པའོ། །མཆོད་པ་དང་སྦྱིན་སྲེག་ལ་སོགས་པ་ལུས་ངག་གི་བྱ་བ་རྒྱུད་ནས་བཤད་པ་བཞིན་ནན་ཏན་དུ་བརྩོན་པའོ། །དེ་ལྟར་བརྩོན་པས་གནས་སྐབས་སུ་འདོད་གཟུགས་ཀྱི་ལྷ་དང་སྐལ་བ་མཉམ་པའི་རིག་འཛིན་གྱི་ལུས་ལ་སོགས་པ་ཐུན་མོང་གི་གྲུབ་པ་ཅི་རིགས་དང་། མཐར་ཐུག་གི་འབྲས་བུ་རིགས་གསུམ་ལྷ་ཡི་ངོ་བོར་མི་ཚེ་བཅུ་དྲུག་ན་འགྲུབ་པའོ། །དེ་ཡང་ཡོན་ཏན་མཛོད་ལས། བྱ་བས་རྗེ་ཁོལ་རྣམ་པར་བསྒྲུབ་པ་ལའང་། །བདག་བསྐྱེད་མེད་པས་རང་ཉིད་དམན་པར་བཞག །ལ་ལར་ཡོད་དེ་གཙོ་བོར་མདུན་བསྐྱེད་སྟོན། །ཕྱི་ཡི་བྱ་བ་ཁྲུས་དང་གཙང་སྦྲ་གཙོ། །མཆོག་དམན་ཚུལ་དུ་བསྒྲུབས་ནས་དངོས་གྲུབ་འདོད། །ཅེས་གསུངས་སོ། །གཉིས་པ།

སྤྱོད་པའི་རྒྱུད་བསྟན་པ།

སྤྱོད་པའི་རྒྱུད་ནི། སྤྱོད་པའི་རྒྱུད་དུ་གཙང་སྦྲ་དག་དང་ནི། །སྤུན་གྲོགས་ཚུལ་གྱིས་དངོས་གྲུབ་འདོད་པ་ཡིན། །ཅེས་གསུངས་ཏེ་ཨུ་པ་ཡ་ཏན་ཏྲ་སྟེ་སྤྱོད་པའི་རྒྱུད་དེ་ལྟ་སྤྱོད་ཆ་མཉམ་པར་སྤྱོད་པས་སྤྱོད་པའི་རྒྱུད་དུ་བདག་དང་ལྷ་གཉིས་མཉམ་པར་ལྟ་བ་སྟེ། བདག་དམ་ཚིག་པའི་མདུན་དུ་ལྷ་ཡེ་ཤེས་པ་བསམས་ཏེ་སྔགས་ཀྱི་འཕྲེང་བ་བདག་གི་ཞལ་ནས་ལྷའི་ཞལ་དུ་སོང་བ་ལྟེ་བ་ནས་ཐོན་ནས་བདག་གི་ལྟེ་བར་ཞུགས་པ་འཁོར་བའི་ཚུལ་གྱིས་བསྒོམ་པ་དང་བཟླས་པའི་མཐར་ཡེ་ཤེས་པ་གཤེགས་ནས་དོན་དམ་པ་སྤྲོས་པ་མེད་པའི་དོན་བསྒོམ་པའོ། །འདི་ནི་ལྟ་བ་ཡོ་ག་དང་སྤྱོད་པ་ཀྲཱི་ཡ་ལྟར་བྱེད་པས་གཉིས་ཀ་རྒྱུད་ཀྱི་ཐེག་པ་ཞེས་བྱའོ། །འདི་པས་ལྟ་བ་ཡོ་ག་རྣལ་འབྱོར་གྱི་རྒྱུད་ལྟར་དང་སྤྱོད་པ་ཀྲི་ཡ་བྱ་རྒྱུད་ལྟར་དུ་བྱས་ཏེ། སྒོམ་པ་བདག་དང་ལྷ་གཉིས་ཀ་དམ་ཡེ་མཆོག་དམན་མེད་པའི་སྤུན་གྲོགས་ཀྱི་ཚུལ་དུ་སྒོམ་པ་སྟེ། དེ་ཡང་ཡི་གེ་དང་པོ་དོན་དམ་བྱང་ཆུབ་ཀྱི་སེམས་སྟོང་པ་ཉིད་དང་དེའི་སྣང་ཆ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཟླ་དཀྱིལ་བསྒོམ་པ་དང་། ཡེ་གེ་གཉིས་པ་དེའི་སྟེང་བཟླ་བྱའི་སྔགས་རང་སྒྲ་དང་བཅས་པ་བསྒོམ། དེ་ཐམས་ཅད་ལས་གཞིའི་ཡན་ལག་དང་པོ་བདག་ཉིད་ལྷར་བསྐྱེད། དེ་ནས་གཞིའི་ཡན་ལག་གཉིས་པ་མདུན་བསྐྱེད་བསྒོམས་ནས་སྤུན་གྲོགས་ཀྱི་ཚུལ་དུ་དངོས་གྲུབ་སྒྲུབ་པ་མཚན་བཅས་དང་། ཕུང་སོགས་ཀྱི་ཆོས་ཐམས་ཅད་ལ་རྣམ་པར་དཔྱད་དེ་སྐྱེ་མེད་དུ་རྟོགས་པ་འཇུག་པ་དང་། མི་རྟོག་པའི་ངོ་བོ་མངོན་དུ་གྱུར་པ་གནས་པ་དང་། དེ་ལས་མ་རྟོགས་པའི་འགྲོ་བ་རྣམས་ལ་སྙིང་རྗེ་ཆེན་པོ་ལྷག་པར་འཇུག་པ་ནི་ལྡང་བ་སྟེ། འཇུག་གནས་ལྡང་གསུམ་གྱིས་ཁྱད་པར་དུ་བྱས་པའི་དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པ་མཚན་མེད་ཀྱི་རྣལ་འབྱོར་རོ། །སྤྱོད་པ་ནི་བྱ་རྒྱུད་དང་འདྲ་ལ། དེ་ལྟར་བསྒྲུབས་པས་འབྲས་བུ་རིགས་བཞི་རྡོ་རྗེ་འཛིན་པའི་ས་ཐོབ་པར་འདོད་དོ། །འབྲས་བུ་ནི་གནས་སྐབས་སུ་ལས་རབ་འབྱམས་དང་། མཐར་འབྲས་རིགས་བཞི་རྡོ་རྗེ་འཛིན་པའི་ས་མི་ཚེ་བདུན་ན་འགྲུབ་པའོ། །གསུམ་པ།

རྣལ་འབྱོར་གྱི་རྒྱུད་བསྟན་པ།

རྣལ་འབྱོར་གྱི་རྒྱུད་ནི། རྣལ་འབྱོར་རྒྱུད་དུ་གཙང་སྦྲ་གྲོགས་ཙམ་ལ། །སེམས་ཀྱི་བསྒོམ་པ་གཙོ་བོར་འདོད་པ་སྟེ། །ཕྱག་རྒྱ་བཞི་དང་མངོན་བྱང་རྣམ་པ་ལྔས། །རང་ཉིད་དམ་ཚིག་གཞན་ནས་ཡེ་ཤེས་ལྷ། །གཉིས་མེད་བསྒོམས་པས་དངོས་གྲུབ་ཐོབ་པར་འདོད། །ཅེས་གསུངས་ཏེ་ཡོ་ག་ཏནྟྲ་སྟེ། རྣལ་འབྱོར་གྱི་རྒྱུད་ནི་ནང་གི་སྒོམ་པ་གཙོ་བོར་འདོད་པས་ན་རྣམ་འབྱོར་གྱི་རྒྱུད་དུ་གཙང་སྦྲ་སྤྱོད་པ་གྲོགས་ཙམ་ལས། དངོས་གཞི་སེམས་ཀྱི་ལྷ་བསྒོམ་པ་གཙོ་བོར་འདོད་དེ། དོན་དམ་མཐའ་བྲལ་གྱི་དབྱིངས་སུ་ཆོས་ཐམས་ཅད་མཉམ་པ་ཉིད་ཡིན་ཀྱང་། ཀུན་རྫོབ་སླུ་མེད་ཀྱི་སྣང་ཚུལ་ལ་བདག་དམ་ཚིག་པ་ལ་ལྷ་ཡེ་ཤེས་པ་སྤྱན་དྲངས་པ་དང་། གཉིས་མེད་དུ་བསྟིམས་ནས་བཟླས་སྒོམ་ལ་བརྟེན་ཏེ་དངོས་གྲུབ་སྒྲུབ་པའོ། །དེ་ཡང་བདག་ཉིད་དམ་ཚིག་པར་བསྐྱེད་ནས་ཡེ་ཤེས་པ་གཞུག་པའི་བར་མངོན་བྱང་ལྔས་བྱེད་དེ། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་ནས་སྟོང་པའི་ངང་ལས། ཞིང་དང་གནས་ཕུན་སུམ་ཚོགས་པ་འགྲུབ་པའི་རྒྱུ། གདན་པད་ཟླ་ལས་མངོན་པར་བྱང་ཆུབ་པ། ཆོས་ཕུན་སུམ་ཚོགས་པའི་རྒྱུ། གསུང་ཡིག་འབྲུ་ལས་མངོན་པར་བྱང་ཆུབ་པ། དུས་ཕུན་སུམ་ཚོགས་པ་རྟག་པ་བསམ་གྱིས་མི་ཁྱབ་པའི་རྒྱུ། ཐུགས་ཕྱག་མཚན་ལས་མངོན་པར་བྱང་ཆུབ་པ། འཁོར་ཕུན་སུམ་ཚོགས་པའི་རྒྱུ། སྐུ་ཡོངས་སུ་རྫོགས་པ་དཀྱིལ་འཁོར་གྱི་འཁོར་དང་བཅས་པ་ལས་མངོན་པར་བྱང་ཆུབ་པ། སྐུའི་ངོ་བོ་ཕུན་སུམ་ཚོགས་པའི་རྒྱུ། ལྷ་ཡེ་ཤེས་སེམས་དཔའ་ལས་མངོན་པར་བྱང་ཆུབ་པ་སྟེ། མངོན་བྱང་ལྔ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱ། ཕྱག་རྒྱ་ཆེན་པོ་སྟེ་བཞི་པོ་དག་གིས་རྒྱས་བཏབ་ནས་ཆོ་ག་རྫོགས་པའི་མཐར། ཡེ་ཤེས་པ་གཤེགས་ནས་དམ་ཚིག་པ་བསྡུས་ཏེ་སྤྱོད་པ་བྱའོ། །ཡོ་ག་རྣལ་འབྱོར་གྱི་རྒྱུད་འདིའི་ལྟ་བ་དོན་དམ་པར་ཆོས་ཐམས་ཅད་མཚན་མ་མེད་པར་རྟོགས་པའི་བྱིན་རླབས་ལས་ཀུན་རྫོབ་རྡོ་རྗེ་དབྱིངས་ཀྱི་ལྷར་བལྟས་ནས། སྒོམ་པ་ནི་གལྤོ་ལས། མི་རྟོག་ཟླ་བ་གསུང་རྡོ་རྗེ། །སྤྲོ་བསྡུ་བསྒོམས་པས་ལྷ་རུ་གསལ། །ཞེས་པ་ལྟར་གཞི་སྟོང་པ་ཉིད། གདན་ཟླ་བ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན། སྐུ་ཡོངས་རྫོགས་ལ་མངོན་པར་བྱང་ཆུབ་པ་ལྔའི་སྒོ་ནས་ལྷར་བསྐྱེད་པ་སྟེ། དེ་ཡང་དང་པོ་ནི་གཞི་རྣམ་པར་མི་རྟོག་པའི་སྟོང་ཉིད་སྒོམ་པ་དང་། གཉིས་པ་སྟོང་བ་ཉིད་ཀྱི་སྣང་ཆ་དེ་ཉིད་ཟླ་བ་ཚེས་པ་ལྟར་དུ་བསྒོམ་པ་དང་། གསུམ་པ་ཟླ་བ་ཉ་བ་ལྟ་བུའི་ཡིག་འབྲུ་བསྒོམ་པ་དང་། བཞི་བ་དེའི་སྟེང་དུ་རྡོ་རྗེ་རྩེ་ལྔ་བའི་ཕྱག་མཚན་སོགས་བསྒོམ་པ་དང་། ལྔ་བ་དེ་ལས་འོད་ཟེར་སྤྲོ་བསྡུ་དང་བཅས་ཏེ་ཡོངས་གྱུར་ལྷ་ཡི་སྐུར་བསྒོམ་པའོ། །ཡང་དེ་ཉིད་ལས། ཏིང་འཛིན་བྱིན་བརླབས་དབང་བསྐུར་མཆོད། །ཅེས་པ་ལྟར་འཁོར་གྱི་ལྷ་བཀོད་པ་དང་། རང་རིགས་ཀྱིས་བྱིན་གྱིས་བརླབས་པ་དང་། རིགས་གང་ཡིན་གྱི་དབང་བསྐུར་བ་དང་། ཕྱག་མཆོད་བསྟོད་པ་བྱ་བ་སྟེ་ཆོ་འཕྲུལ་བཞི་དང་། ཐུགས་དམ་ཚིག གསུང་ཆོས་ཀྱི། སྐུ་ཕྱག་ཆེན། ཕྲིན་ལས་ལས་ཀྱི་ཕྱག་རྒྱ་སྟེ་བཞིས་རྒྱས་བཏབ་ནས་ཡེ་ཤེས་པ་དགུག་བསྟིམས་བྱས་ཏེ། དམ་ཡེ་དབྱེར་མེད་ཀྱི་ངང་ནས་བཟླས་པ་ཚུལ་བཞིན་དུ་བྱས་མཐར་ཡེ་ཤེས་པ་གཤེགས་པ་ལ་སོགས་པའི་སྒོ་ནས་གྲུབ་པ་མཚན་བཅས་དང་། དོན་དམ་མཚན་མ་མེད་པའི་ཡེ་ཤེས་དང་། ཀུན་རྫོབ་རྡོ་རྗེ་དབྱིངས་ཀྱི་ལྷ་སྣང་གཉིས་ཀ་དབྱེར་མེད་ཡེ་ཤེས་ཀྱི་ལྟ་བའི་ངང་ལ་འཇོག་པ་མཚན་མེད་ཀྱི་རྣལ་འབྱོར་གཉིས་བསྒོམ་ཞིང་། སྤྱོད་པ་ཁྲུས་དང་གཙང་སྦྲ་སོགས་གྲོགས་ཙམ་དུ་བསྟེན་ནས། འབྲས་བུ་རིགས་ལྔ་སྟུག་པོ་བཀོད་པར་འཚང་རྒྱ་བར་འདོད་དོ། །དེ་ཡང་ཡེ་ཤེས་བླ་མ་ལས། ཡང་ཆོས་སྒོ་འདིའི་བདེན་པ་མ་མཐོང་ཡང་རྣལ་འབྱོར་ཆེན་པོའི་སྒྱུ་ལུས་ལ་གོམས་པ་ཡོད་སྲིད་ན་ཆོས་ཀྱི་སྤྱན་ལྡན་ཤནྟཔུ་རི་པས། གཉིད་དམ་འཆི་བའི་འོད་གསལ་ལུགས་ལྡོག་ཏུ། །སླར་ཡང་མཆེད་པ་ཀུན་གཞིའི་རྣམ་ཤེས་ལས། །ཡིད་ཉིད་གཅིག་པུར་ལངས་པས་རྨི་ལམ་སེམས། །དབང་པོ་ཀུན་ཚངས་ཡིད་ཀྱི་ལུས་གྲུབ་པ། །དེ་མཚུངས་སྐད་ཅིག་མངོན་བྱང་ལྔ་ལས་ནི། །དང་པོའི་མགོན་པོ་ལེགས་པར་བསྐྱེད་པའི་ཚུལ། །བར་དོ་སྒྱུ་ལུས་ལོངས་སྐུར་སྡང་བར་ཤོག །ཅེས་པའི་ཚུལ་དྲན་པར་བྱ་ཞིང་། ཞེས་པ་དང་། ཀུན་བྱེད་རྒྱལ་པོའི་རྒྱུད་ལས་ཀྱང་། ཡོ་ག་སྟུག་པོ་བཀོད་འདོད་པ། །མི་ཚེ་གསུམ་ན་གྲོལ་བར་འདོད། །ཅེས་གསུངས་སོ། །དེ་གསུམ་གྱིས་ཕྱིའི་དཀའ་ཐུབ་ལ་བརྟེན་ནས་ནང་གི་དོན་རིག་པར་བྱེད་པས་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་ཞེས་བྱའོ། །གཉིས་པ།

ཐུན་མོང་གི་རྣམ་གཞག་བསྟན་པ།

དེ་ལྟར་སྔགས་ཕྱི་པ་གསུམ་པོ་དག་གིས་བསྐྱེད་པའི་རྗེས་ལ་རྫོགས་པའི་རིམ་པ་བསྒོམ་པ་ནི། དེ་དག་ཀུན་ཀྱང་བདེན་གཉིས་རེས་འཇོག་འཛིན། །ཞེས་གསུངས་ཏེ། ཆོས་ཅན་སྣང་བ་ཀུན་རྫོབ་ཀྱི་བདེན་པ་ལྷ་བསྒོམས་པ་དེ་ཡང་མི་དམིགས་པའི་ངང་ལ་འཇོག་པ་ནི། དོན་དམ་པའི་བདེན་པ་སྤྲོས་པ་དང་བྲལ་བར་བསྒོམས་པ་སྟེ། བདེན་གཉིས་སྔ་ཕྱི་རེས་འཇོག་ཏུ་ཉམས་སུ་ལེན་པའོ། །མཚན་བཅས་ཀྱི་སྒོམ་པ་མཚན་མེད་དུ་བསྡུ་བ་གོང་ནས་བཤད་པར་ལྟར་དུའོ། །དེ་ཡན་གྱིས་སྔགས་ཕྱི་བ་བསྟན་ནས། ད་སྔགས་ནང་པ་རྣལ་འབྱོར་ཆེན་པོའི་རྒྱུད་སྡེ་འཆད་པའི་སྔོན་དུ་གསང་སྔགས་སྤྱི་ཁོག་གི་སྒྲོམ་གཞི་སྤྱི་དོན་གནད་འདུས་ཀྱི་ཚུལ་གྱིས་བསྟན་པ་སྟེ། དེ་ཡང་གསང་སྔགས་ཕྱི་རྒྱུད་དང་ནང་རྒྱུད་འཆད་པའི་བར་འདི་ནས་གསུངས་པ་ནི་ཀུན་ལ་ཁྱབ་པའི་གོ་དོན་གྱི་འགྲོས་སྦྱོར་བདེ་བའི་ཆེད་དུ་གསུངས་པའོ། །གཉིས་པ་ནང་པ་ལ། སྔགས་ཕྱི་པ་ལས་འཕགས་ཚུལ་དང་། ནང་པ་དངོས་བཤད་པ་གཉིས། དང་པོ།

སྔགས་ཕྱི་པ་ལས་འཕགས་ཚུལ་བསྟན་པ།

ད་ནི་སྔགས་ཕྱི་ནང་གི་ཁྱད་པར་བསྟན་པ་ནི་ཞེས་མཚམས་སྦྱར་ནས་། གཞི་དང་ལམ་དང་འབྲས་བུའི་ཁྱད་པར་གྱིས། །ཕྱི་ནང་གསང་བའི་རང་བཞིན་ཤེས་པར་བྱ། །ཞེས་གསུངས་ཏེ། གཞི་སྨིན་བྱེད་དབང་གི་ཁྱད་པར། ལམ་གྲོལ་བྱེད་བསྐྱེད་རྫོགས་དང་གྲོགས་སྤྱོད་པའི་ཁྱད་པར། འབྲས་བུ་གྲོལ་བ་དུས་ཀྱི་ཁྱད་པར་གསུམ་གྱི་སྒོ་ནས་སྔགས་ཕྱི་པ་ལས་ནང་པ་གསང་སྔགས་བླ་ན་མེད་པའི་རང་བཞིན་ཁྱད་པར་འཕགས་པར་ཤེས་པར་བྱའོ། །དེ་ཡང་གཞི་སྨིན་བྱེད་དབང་གི་ཁྱད་པར་ཡོད་པ་ནི་བུམ་དབང་གཙོ་ཆེ་བ་ནི་ཕྱི་པ་ཡིན་ལ། དབང་གཞན་གསང་དབང་ཤེར་དབང་ཚིག་དབང་གསུམ་གཙོ་ཆེ་བ་ནི་ནང་པའོ། །དེའང་རིག་གཏད་དང་། རྗེས་གནང་དང་། བུམ་པའི་དབང་གིས་བྱེད་པ་སྟོན་པས་ཕྱི་པར་གཞག་པ་གསུམ་པོ་ནི། གང་དང་གང་ལ་བླང་དོར་དང་སྤང་གཉེན་མཚན་ཉིད་ཐེག་པ་དང་ཕྱོགས་འདྲ་བའི་ཆ་ནས། ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་ཞེས་བྱའོ། །སྤྱིར་སྔགས་ཀྱི་དགོས་པ་ཐམས་ཅད་དབང་གིས་འགྲུབ་པར་བྱེད་པ་ཡིན་ལ་དབང་ལ་ཡང་ཁྱད་པར་ཡོད་པ་སྟེ། ང་ཚོའི་ས་ཆ་འདི་ལྟ་བུ་ལ་མཚོན་ན་སྔགས་ཀྱི་གདུལ་ཞིང་ཡིན་པས། དབང་ཞུ་རྒྱུ་གནད་ཆེན་ངོ་མ་ཞིག་ལ་བརྩི་བ་སྟེ། དབང་ཞུ་དགོས་དུས་ཆུང་བྱིས་པ་ལོ་བརྒྱད་ཡན་ཆད་ཀྱང་སྒོ་སྒྲོག་ནས་འགྲོ་བ་སྟེ་དེ་ཡང་རྒྱུ་མཚན་མེད་པ་ཞིག་མིན་ལ། འོན་ཀྱང་མང་ཆེ་བས་རྒྱུ་མཚན་ཤེས་ཡག་མ་བྱས་དུས་ཅི་ཡིན་འདི་ཡིན་མི་ཤེས་པའི་རྒྱུན་སྲོལ་ཞིག་ལ་ལོག་ནས། དབང་སྐུར་མཁན་ཞུ་མཁན་གཉིས་ཀས་སྐུར་ལུགས་ཞུ་ལུགས་གཉིས་ཀ་གཟུགས་བརྙན་དུ་གྱུར་ཚེ། གཟུགས་བརྙན་ཡང་ཡང་བརྙན་དུ་གྱུར་ནས་ནམ་ཞིག་དབང་བསྐུར་ལྟར་སྣང་བ་ཞིག་ཏུ་འགྲོ་བ་ཡིན། དེ་ལ་ཐོབ་རྒྱུ་ཉམས་རྒྱུ་གཉིས་ཀ་ཡོད་པ་མིན་ནོ། །ཆོས་ལ་དབང་ཟ་བའི་ཉེས་པ་རིན་མེད་དུ་ཉོས་པ་ལས་གཞན་ཅི་ཡང་མེད། བྱ་རྒྱུད་ཀྱི་སྐབས་སུ་ཆུ་དང་ཅོད་པན་གྱི་དབང་གིས་སྨིན་པར་བྱས། སྤྱོད་རྒྱུད་ཀྱི་སྐབས་སུ་རིག་པའི་དབང་ལྔ། རྣལ་འབྱོར་གྱི་རྒྱུད་ལ་འཇུག་སྒོ་རིག་པའི་དབང་ལྔའི་སྟེང་དུ་སློབ་དཔོན་གྱི་དང་དྲུག་ཐོབ་ནས་སྨིན་པར་བྱེད་པ་རིག་གཏད་རྗེས་གནང་། བུམ་དབང་། གསང་དབང་། ཤེས་རབ་ཡེ་ཤེས་ཚིག་དབང་རིན་པོ་ཆེ་བཞིས་རྒྱུད་སྨིན་པར་བྱེད་ཅིང་། གང་ཡང་ཐབས་ཀྱི་བླང་དོར་མེད་པར་ལམ་དུ་བྱེད་པའི་ཕྱིར་ནང་པ་གསང་སྔགས་ཀྱི་ཐེག་པ་ཞེས་བྱའོ། །འདིའི་བུམ་དབང་དང་གོང་གི་བུམ་དབང་ཁྱད་པར་ཡོད་པ་སྟེ། གོང་གི་ཕྱི་རྒྱུད་ཀྱི་སྐབས་ཀྱི་བུམ་པ་དེ། ཆུ་དང་ཅོད་པན་དབུ་རྒྱན་དབང་། །ཞེས་པའི་རིག་དབང་ལྔའི་ཡ་གྱལ་བུམ་པའི་ཆུ་སྤྱིར་བོར་ཆུ་བླུག་ནས་དབང་སྐུར་བ་དེ་ཡིན་ལ། རྗེས་མ་དེ་ལྷ་དབང་དང་འབྲེལ་བ་ཡོད་པ་སྟེ་ཐུན་མོང་པ་ཕྱི་རྒྱུད་ཀྱི་ལུགས་ལྟར་ཡིན་པས་སྔོན་མ་དེ་དང་འདྲ་བ་མིན་ལ། ནང་རྒྱུད་ཀྱི་བུམ་དབང་ཐུན་མིན་གྱི་དཀྱིལ་འཁོར་གྱི་ལྷ་ཡི་དབང་ཡིན་པས་དབང་གོང་མ་གསུམ་ནང་རྒྱུད་ཀྱི་ཐུན་མིན་ཡིན་པས་མ་ཚད་ཨ་ཏི་རྫོགས་ཆེན་གྱི་སྐབས་སུ་དབང་བཞི་པ་ལས་འཕྲོས་པའི་སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་རབ་ཏུ་སྤྲོས་མེད། རིག་པ་རྩལ་གྱི་དབང་ཆེན་ལ་སོགས་པའི་རྣམ་བཞག་ཡོད་པ་མཁྱེན་བཞིན་པ་ལྟར་དུའོ། །ལམ་བསྒོམ་པའི་ཁྱད་པར་ལ་སྤྲོས་བཅས་ལ་བརྟེན་ནས་བསྐྱེད་པ་རེས་འཇོག་གི་རྫོགས་པའི་རིམ་པ་བསྒོམས་ན་ཕྱི་པ་ཡིན་ཅིང་། སྤྲོས་མེད་ལ་བརྟེན་ནས་བསྐྱེད་རྫོགས་ཟུང་དུ་འཇུག་པ་ནང་པ་ཡིན་པའོ། །གྲོགས་སྤྱོད་པའང་གཙང་སྦྲ་ཀུན་ཏུ་སྤྱོད་པ་གཙོ་བོར་བྱེད་པ་ཕྱི་པ་ཡིན། གཙང་དམེ་གཉིས་འཛིན་དང་བྲལ་བའི་བླང་དོར་མཉམ་པ་ཉིད་དུ་སྤྱོད་པ་ནི་ནང་པ་སྟེ། དེ་ལྟར་ཕྱི་པས་རིང་དུ་འབད་ཀྱང་མྱུར་དུ་གྲོལ་བ་མི་རྙེད་དེ། བྱ་བའི་སྒོར་ཞུགས་པས་ཚེ་བཅུ་དྲུག་གིས་རིགས་གསུམ་རྡོ་རྗེ་འཛིན་པའི་ས་ཐོབ་ཅིང་། སྤྱོད་པས་བདུན་ན་རིགས་བཞིའི་སངས་རྒྱས་ཐོབ། རྣལ་འབྱོར་གྱི་རྒྱུད་ཀྱིས་གསུམ་གྱི་སྐབས་ན་རིགས་ལྔ་རྡོ་རྗེ་འཆང་གིས་ས་ཐོབ་པ་དེ་ལྟ་བུའི། རང་རང་གི་འབྲས་བུ་ཐོབ་པར་ནུས་ཀྱི། ནང་པ་ལྟར་ཤིན་ཏུ་བརྩོན་པས་ཚེ་འདིར་ཐོབ་པའམ་བར་དོར་འགྲུབ་པ་མ་ཡིན་ཏེ། ཡེ་ཤེས་གྲུབ་པའི་རྒྱུད་ལས། བརྟུལ་ཞུགས་སྨྱུང་བ་སྡོམ་པ་དང་། །སྣ་ཚོགས་ཕྱག་རྒྱ་དང་ལྡན་པའི། །ལྷ་ཡི་གཟུགས་སུ་བསྒོམས་པ་ཡིས། །སྒྲུབ་པ་འགྲུབ་པར་མི་འགྱུར་རོ། །ཞེས་སོ། །ད་དུང་དེ་མིན་པའི་ཁྱད་པར་མང་པོ་ཡོད་པ་ནི་གཞན་ཡང་བཟའ་བ་ལོངས་སྤྱོད་ཀྱི་ཁྱད་པར་དཀར་གསུམ་མངར་གསུམ་གཙོ་ཆེ་བ་ཕྱི་པ། ཤ་ལྔ་བདུད་རྩི་ལྔ་གཙོ་ཆེ་བ་ནང་པའོ། །བགོ་བ་གོས་ཀྱི་ཁྱད་པར་ལས། གོས་གསར་པ་གཙོ་ཆེ་བ་ཕྱི་པ། ཞིང་ཆེན་ནམ་གོས་མེད་གཅེར་བུ་གཙོ་ཆེ་བ་ནང་པའོ། །བྱ་བ་སྤྱོད་པའི་ཁྱད་པར་ནི་ཁྲུས་དང་གཙང་སྦྲ་གཙོ་ཆེ་བ་ཕྱི་པ། འབགས་པ་དང་མ་དག་པས་མི་གནོད་པ་ནང་པའོ། །འབྲས་བུ་དུས་ཀྱི་ཁྱད་པར་ནི་བཤད་ཟིན་ཏོ། །དཀྱིལ་འཁོར་ལྷའི་ཁྱད་པར་ནི་ལྷ་ཞལ་སྦྱོར་དུ་མི་བསྒོམ་པ་ཕྱི་པ། ཡབ་ཡུམ་འཁྲིལ་སྦྱོར་དུ་བསྒོམ་པ་ནང་པའོ། །གདགས་པ་རྒྱན་གྱི་ཁྱད་པར་ནི། དར་དང་རིན་པོ་ཆེའི་རྒྱན་གཙོ་ཆེ་བ་ཕྱི་པ། རུས་པ་དང་མི་མགོའི་རྒྱན་ཆ་གཙོ་ཆེ་བ་ནང་པའོ། །བཞུགས་པ་གནས་ཀྱི་ཁྱད་པར་ནི། རི་རབ་ཀྱི་སྟེང་ལ་སོགས་པ་གཙང་ཞིང་དབེན་པར་བསྒོམ་པ་ཕྱི་པ། ཨོ་རྒྱན་ནམ་དུར་ཁྲོད་ལ་སོགས་པར་བསྒོམ་པ་ནང་པ། ལྡུགས་པ་སྣོད་ཀྱི་ཁྱད་པར་ནི། རིན་པོ་ཆེའི་སྣོད་དམ་པདྨའི་གཞོང་པར་བསམ་པ་ཕྱི་པ། ཀ་པཱ་ལ་གཙོ་བོར་བྱེད་པ་ནང་པའོ། །མཛད་པ་འཕྲིན་ལས་ཀྱི་ཁྱད་པར་ལའང། ཞི་བ་དང་ལས་བཞིའི་ནང་ནས་ཞི་བ་དང་རྒྱས་པ་གཙོ་བོར་སྟོན་པ་ཕྱི་པ། དབང་དྲག་གཙོ་བོར་སྟོན་པ་ནང་པའོ། །གཞི་སྨིན་བྱེད་དབང་གི་གོང་འོག་གི་ཁྱད་པར། ལམ་བསྐྱེད་རྫོགས་རེས་འཇོག་དང་ཟུང་འཇུག་གི་ཁྱད་པར། འབྲས་བུ་གྲོལ་བ་དུས་ཀྱི་རིང་ཐུང་གི་ཁྱད་པར་དང་། བཟའ་བ་ཟས་ཀྱི་ཁྱད་པར། བགོ་བ་གོས་ཀྱི་ཁྱད་པར་། བྱ་བ་སྤྱོད་པའི་ཁྱད་པར། དཀྱིལ་འཁོར་ལྷ་ཡི་ཁྱད་པར། གདགས་པ་རྒྱན་གྱི་ཁྱད་པར། བཞུགས་ས་གནས་ཀྱི་ཁྱད་པར་ལ་སོགས་པའེི་འདི་ནས་དངོས་བསྟན་ལྟར་དུ་ཡིན་ཅིང་། དེ་ལྟ་བུའི་སྔགས་ཕྱི་ནང་གི་ཁྱད་པར་འབྱེད་བྱེད་ཀྱི་ཆོས་བསྟན་ནས་ཁྱད་པར་དེ་ལྡན་གྱི་ནང་པ་བླ་མེད་ཀྱི་རྒྱུད་དེ་ཇི་ལྟར་ཡིན་པ་འདི་ནས་གསུངས་པར་ནང་པ་དེ་ཡང་ཕ་བླ་ན་མེད་པ། མ་བླ་ན་མེད་པ། གཉིས་སུ་མེད་པ་དང་གསུམ་དུ་ཡོད་ཀྱང་། ཕ་རྒྱུད་མ་རྒྱུད་གཉིས་མེད་རྒྱུད་དང་གསུམ་གསུངས་པའོ། །མདོར་བསྡུས་ན་གྲུབ་པའི་མཐའ་དང་ལྟ་དགོངས་གཉིས་སུ་འདུས་ཏེ། ཐབས་ཕའི་རྒྱུད། ཤེས་རབ་མའི་རྒྱུད་དོ། །དང་པོ་ཐབས་ཕའི་རྒྱུད་ནི་ཐབས་བསྐྱེད་པའི་རིམ་པ་སྤྲོས་པ་དང་། རྫོགས་རིམ་རླུང་གཙོ་བོར་སྟོན་པ་ཡིན་ལ། གཉིས་པ་ཤེས་རབ་མའི་རྒྱུད་དུ་བསྐྱེད་པ་ཆ་ཙམ་ལས། རྫོགས་རིམ་ཐིག་ལེ་འབའ་ཞིག་གཙོ་བོར་སྟོན་པའོ། །ཐབས་ཤེས་ཀྱི་རྒྱུད་དེ་གཉིས་ཆར་གྱི་ལུགས་ཀྱི་དང་པོ་འཇུག་སྒོའི་དབང་མ་ཐོབ་ན་ལམ་བསྒོམ་དུ་མི་རུང་བར་འདོད་དེ། ཕྱག་རྒྱ་ཆེན་པོ་ཁ་སྦྱོར་ཐིག་ལེའི་རྒྱུད་ལས། དབང་མ་བསྐུར་ལ་དངོས་གྲུབ་མེད། །བྱེ་མ་བཙིར་ཡང་མར་མེད་བཞིན། །ཞེས་སོ། །ཡང་སངས་རྒྱས་ཐོད་པ་ལས། ཡང་དག་དབང་བསྐུར་གྱིས་དབེན་ན། །སྒྲུབ་པ་རྒྱུད་ཀྱི་དོན་ཤེས་ཀྱང་། །སློབ་དཔོན་སློབ་མར་མཚུངས་པ་དག །མི་བཟད་དམྱལ་བ་ཆེན་པོར་འགྲོ། །ཞེས་པས། དང་པོའི་སྒོ་དབང་ཐོབ་པ་ལ་གཅེས་སོ། །གོང་ནས་ཞུས་པ་ལྟར་དུ་གསང་སྔགས་ཀྱི་དངོས་གྲུབ་དབང་མ་ཐོབ་པར་ཐོབ་པ་མིན་པས་དེ་ལྟ་བུའི་གལ་ཆེན་ཡིན་པའི་དབང་ཚད་ལྡན་ཇི་ལྟར་ཐོབ་དགོས་པ་ནི། དེ་ཡང་བླ་མ་མཚན་ཉིད་དང་ལྡན་པ་ལ། རང་ཉིད་ཐར་པ་འདོད་པའི་བློས་དབང་བསྐུར་རྫོགས་པར་ཐོབ་མ་ཐག་ཐར་པའི་ལམ་སྣ་ཟིན་པས། ལམ་དང་པོ་ཚོགས་ལམ་ཆུང་ངུ་བསྒོམ་པ་ལ་དབང་ངོ་། །དབང་ཐོབ་པ་ཙམ་གྱིས་ཆོག་པ་མིན་པ་དབང་སྲོག་དམ་ཚིག་གིས་འཛིན་དགོས་ཤིང་། དེ་ཡང་ལམ་བསྐྱེད་རྫོགས་དང་འབྲེལ་བ་ཞིག་ཡིན་དགོས་ཤིང་། དེ་ནས་བསྐྱེད་རིམ་དང་རྫོགས་རིམ་བསྒོམ་པ་ལ་ཞུགས་པ་ན། ཚོགས་ལམ་ཆུང་ངུ་ནས་ཞུགས་དགོས་པས་ན། དྲན་པ་ཉེ་བར་བཞག་པ་བཞི་གོང་ནས་བཤད་པ་ལྟར་དུ་དགོས་ཤིང་། ལུས་དྲན་པ་ཉེ་བར་བཞག་པ་ལུས་ལྷར་བསྒོམ་པ་ལ་སོགས་པའི་དབྱེ་བ་དྲན་པ་ཉེར་གཞག་གི་དོན་བསྒོམ་པ་ཡིན་ནོ། །ཞེས་པས་ཚོགས་ལམ་ཆུང་ངུ་ནས་མི་ཞུགས་པར་ཐེག་པ་ཆེ་ཆུང་ལ་མ་ལྟོས་པར་མདོ་སྔགས་གང་གི་ལམ་ལ་ཡང་ཞུགས་ཐབས་ཡོད་པ་མིན་ལ། ཐེག་ཆེན་ཚོགས་ལམ་ཆུང་ངུའི་སྣེ་ཞིག་ཟིན་མེད་དུས་རང་ཉིད་ལ་མིང་གང་ཅན་པོ་ཐོགས་ཡོད་རུང་རང་གིས་ཐར་བའི་ལམ་སྣ་ཟིན་མེད་པས་ལམ་ཞུགས་ཀྱི་ཆོས་པ་ཕལ་བ་ཞིག་གི་རྗེས་སུ་སླེབས་མེད་པ་ཡིན། དེའི་ཐོག་ཏུ་ཆོས་ལས་ལྡོག་པའི་ཀུན་སློང་ངན་པའི་ལོག་འཚོ་ལ་འབག་ཡོད་ན་ཕྱི་མ་དམྱལ་བའི་ལམ་རྒྱུས་མཁན་ཡང་རེད་མི་སྲིད་པ་མིན་ལ། དེ་ནི་ལོག་ལྟ་བྱས་པ་མིན་པར་རྒྱལ་བའི་དགོངས་པའོ། །དེ་ནས་རིམ་གྱིས་ཚོགས་ལམ་ཆུང་འབྲིང་ཆེ་གསུམ་བརྒྱུད་དེ་སྦྱོར་ལམ་དང་མཐོང་ལམ་བསྒོམ་པ་རྫོགས་ཏེ་སངས་རྒྱས་ཀྱི་ས་མཆོག་དཀྱིལ་འཁོར་གཅིག་ཏུ་འགྲུབ་པའོ། །དེ་ལྟ་བུའི་ཐུན་མོང་དང་ཐུན་མིན་གྱི་ལམ་ལ་བརྒྱུད་དུས་ཐར་བ་དང་གྲོལ་བ་ཐོབ་པ་ཡིན་ལ། གལ་ཏེམ་བརྒྱུད་ན་ཐར་བ་དང་གྲོལ་བ་ཐོབ་པ་མེད་དོ། །མཚན་ཉིད་ལྟར་ནའང་བྱང་ཆུབ་ཏུ་སེམས་བསྐྱེད་ཐོབ་ནས་དྲན་པ་ཉེར་གཞག་ལ་མོས་པས་བསྒོམས་ན་ཐར་པའི་ལམ་དུ་ཚུད་ཅིང་། གྲངས་མེད་གསུམ་གྱི་མགོ་རྩོམ་པ་ལ་ཞུགས་པར་འདོད་དེ། ཐེག་བསྡུས་ལས། བཟང་དང་སྨོན་པའི་སྟོབས་ཅན་གྱིས། །བྱང་ཆུབ་སེམས་དཔའ་གྲངས་མེད་གསུམ། །ཀུན་ཏུ་རྩོམ་པར་མཛད་ཅེས་བརྗོད། །ཅེས་སོ། །དེང་སང་ཡང་དེ་ལྟའི་རིམ་པ་ཙམ་ཡང་བརྒྱུད་མི་དགོས་པར་ཐར་པའི་ལམ་ལ་ཡིན་པར་བསྒོམ་པའམ་ཡིན་པར་བརློམས་པ་ཤིན་ཏུ་མང་ངོ་། །མདོ་སྔགས་དགོངས་པ་གཅིག་མཐུན་གྱིས་དྲན་པ་ཉེ་བར་གཞག་པ་བཞི་སྒོམ་པ་ཚོགས་ལམ་ཆུང་ངུའི་སྐབས་ནས་མ་གཏོགས་ཐར་བའི་ལམ་སྣེ་ཙམ་ཡང་ཟིན་པ་མིན་ཀྱང་། ཐར་བའི་ལམ་ཡིན་སྣང་ཤར་བ་ནི་མང་ངོ་ཞེས་སོ། །ཚུལ་གཞན་དུ་མདོ་སྔགས་ཟུང་འབྲེལ་གྱི་ལམ་བརྒྱུད་དགོས་པར་རྟོགས་པ་རྣམས་ཀྱིས་ནི་ལུང་གི་དགོངས་པ་མ་མཐོང་བར་ཟད་དོ་ཞེས་པ་སྟེ། ཡང་དག་པའི་ལམ་རྙེད་པའི་དོན་ཏོ། །སྔགས་ཕ་མ་འདི་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན། དཀྱིལ་འཁོར་གང་དུ་ལྷའི་རྣམ་པ་ཕོ་ཤས་ཆེ་ཞིང་། དར་དང་རིན་པོ་ཆེའི་རྒྱན་ཅན་སྟོད་གཡོགས་དང་སྨད་གཡོགས་སུ་ལྡན་པ་གཙོ་ཆེ་བ་ཕ་རྒྱུད། ལྷ་མོའི་རྣམ་པ་ཤས་ཆེ་བ་རྣམས་གཅེར་བུ་རུས་པའི་རྒྱན་ཆ་དང་། གཡང་གཞི་དང་ཐལ་ཆེན་གྱིས་བྱུགས་པ་ལ་སོགས་པ་གཙོ་ཆེ་ན་མ་རྒྱུད་དོ། །གཙོ་ཆེ་བའི་དབང་དུ་བྱས་ན་བསྐྱེད་རིམ་ཕྲིན་ལས་དང་བཅས་པ་སྒྲུབ་ཚུལ་དང་། ཐབས་སྣང་བའི་ཡེ་ཤེས་སྒྱུ་ལུས་དང་། རླུང་གི་རྫོགས་རིམ། དྲག་པོ་མངོན་སྤྱོད་ཀྱི་ལས་གཙོ་བོར་བྱེད་པ་ཐབས་ཕ་རྒྱུད་དང་། ཡང་བསྐྱེད་རྫོགས་གཉིས་ཀྱི་ནང་གི་རྫོགས་རིམ་གཙོ་བོ་དང་ཤེས་རབ་སྟོང་པ་ཉིད་དང་དེའི་འོད་གསལ་གྱི་རྣལ་འབྱོར་གཙོ་བོར་འཛིན་པ་དང་། ཁྱད་པར་དུ་ཐབས་ལམ་གྱི་བདེ་བར་རྩལ་འདོན་དང་། འཕྲིན་ལས་ཀྱི་ནང་ནས་དབང་གི་ལས་གཙོ་བོར་བྱེད་པ་ཤེས་རབ་མ་རྒྱུད་ཡིན་པར་གསུངས་སོ། །ཐབས་ཤེས་བསྐྱེད་རྫོགས་ཀྱི་ཕྱོགས་གཉིས་ཀ་གཙོ་ཆེ་ཆུང་འདྲ་བར་བྱས་ནས་དག་མཉམ་ཐིག་ལེ་ཉག་གཅིག་གི་ཡེ་ཤེས་རང་རིག་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་འདོད་པ་གཉིས་མེད་ཀྱི་རྒྱུད་སྡེའོ། །རིགས་ལྔ་སོ་སོར་གཅིག་ཏུ་མི་ངེས་པས་དེ་ཡང་དབུས་ཀྱི་གཙོ་བོ་གོ་འཕོ་ལ་གཙོ་མོ་མི་འགྱུར་ཞིང་མི་འཕོ་ན་རྣལ་འབྱོར་ཕའི་རྒྱུད་དེ། དཔེར་ན་དབྱིངས་ཕྱུག་མ་གཅིག་པུ་ལ། རྣམ་སྣང་། མི་བསྐྱོད་པ། རིན་ཆེན་འོད་དཔག་མེད་དོན་ཡོད་གྲུབ་པ་རྣམས་ཀྱི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་ནང་ནས་དཀྱིལ་འཁོར་གང་སྒྲུབ་ཀྱི་གཙོ་བོར་འགྱུར་ཏེ། འུ་ཚོའི་ཁ་སྐད་དུའང་རིགས་ལྔ་དཔོན་རེས་གཡོག་རེས་ཞེ་པ་ལྟར་དུ། སྐུའི་དཀྱིལ་འཁོར་ལ་རྣམ་སྣང་། གསུང་འོད་དཔག་མེད། ཐུགས་མི་བསྐྱོད་པ། ཡོན་ཏན་རིན་ཆེན་འབྱུང་ལྡན། འཕྲིན་ལས་དོན་ཡོད་གྲུབ་པའི་དཀྱིལ་འཁོར་ཏེ། ཡུམ་ནི་དབྱིངས་ཕྱུག་མ་གཅིག་པུའོ། །དེ་བཞིན་དུ་དབུས་ཀྱི་གཙོ་མོ་གོ་འཕོ་ལ་གཙོ་བོ་མི་འཕོ་ན་མའི་རྒྱུད། གཙོ་བོ་འཕོ་ལུགས་རིགས་ལྔའི་བྱེད་པས་དོན་དེ་དང་གཅིག་གོ །གོང་ནས་བཤད་པ་ལྟར་དུ་རིགས་ལྔས་བྱེད་པས་གཙོ་བོ་གོ་འཕོ་བའོ། །ཅིའི་ཕྱིར་གཙོ་བོ་གོ་འཕོ་ཞེ་ན། མེ་ཏོག་གང་ལ་ཕོག་པའི་ལྷའི་རིགས་གཙོ་བོར་བྱས་ན་ཉེ་བའི་དཀྱིལ་འཁོར་ཞེས་བྱ་སྟེ་དེ་ཉིད་རིགས་བདག་ཡིན་པས་ན་སྒྲུབ་ཐག་ཉེ་བའི་ཕྱིར་དང་། ལས་བཞི་གང་སྒྲུབ་ཀྱི་རིགས་དང་དཀྱིལ་འཁོར་རྒྱས་པ་རྫོགས་པར་བསྙེན་པས་ས་མཆོག་མྱུར་དུ་འགྲུབ་པའི་ཕྱིར་རོ། །དེ་ཡང་སྐུའི་སྐུ། སྐུའི་གསུང་། སྐུའི་ཐུགས། སྐུའི་ཡོན་ཏན། སྐུའི་འཕྲིན་ལས་ཏེ་ལྔ་པོ་རེ་རེ་ལ། ལྔ་ལྔར་ཕྱེ་བ་ལྔ་ལྔ་ཉི་ཤུ་རྩ་ལྔ། ཡེ་ཤེས་ལྔའི་རིགས་དེ་སྙེད་དུ་ཕྱེ་བས་ཉི་ཤུ་རྩ་ལྔ་པ་གཉིས་པོ་ཕན་ཚུན་སྦྲེལ་བས། སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་རིགས་བརྒྱ་དང་། སྟོང་དང་ཁྲི་འབུམ་བྱེ་བ་དང་། བསམ་ཡས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གྱི་བར་དུ་འགྱུར་བ་ཡིན་ནོ། །དེ་ཡང་རིམ་པས་དང་པོར་ཡི་གེ་ས་བོན་ལ་དམིགས་པ། བརྟན་པར་མ་གྱུར་གྱི་བར་དུ་ཡི་གེ་དེ་ཉིད་བསྒོམ་ཞིང་། གང་བསྒོམ་པའི་ལྷའི་གཙོ་བོའི་ས་བོན་ཧཱུྃ་ངམ་ཨ་ལྟ་བུ་ལས། འཁོར་གྱི་ལྷའི་ས་བོན་རྣམས་འཕྲོ་འདུ་བྱ་བ་དང་། དབྱངས་གསལ་གྱི་འཕྲོ་འདུས་ལས་བཞི་སྒྲུབ་པ་ཡིན་ཏེ། སྒྱུ་འཕྲུལ་ལས། ཨ། རབ་ཏུ་བརྟན་གྱུར་ཨ་དཀར་ལས། །ཤིན་ཏུ་ཕྲ་བའི་ཨ་རྣམས་སྤྲོ། །བསྡུས་ཀྱང་འཕེལ་འགྲིབ་མེད་པར་བརྟན། །འདི་ནི་རྡོ་རྗེ་དངོས་གྲུབ་ཀྱི། །བརྟན་འབྱུང་ཡེ་ཤེས་རྒྱུ་ཡིན་ནོ། །ཞེས་སོ། །སེམས་ཉིད་གདོད་ནས་དག་པའི་རང་བཞིན་དེ་ཡི་གེའི་རྣམ་པར་སྣང་བ་དེས། སྐུ་གསུང་ཐུགས་མི་བཟད་པ་རྒྱན་གྱི་འཁོར་ལོའི་རྟེན་བྱེད་ཅིང། ཁྱད་པར་བསྐྱེད་རིམ་གྱི་སྐབས་འདིར་སྐྱབས་སེམས་སྔོན་དུ་འགྲོ་བས་སྟོང་བ་ཉིད་དུ་བསམ་པའི་ངང་ལས། པདྨ་དང་ཟླ་བའི་སྟེང་དུ་ཨ་ཡིག་དཀར་གསལ་བརྟན་ཅིང་གཡོ་མེད་ལས་ཤིན་ཏུ་ཕྲ་བའི་ཨ་མང་པོ་ཞིག་འཕྲོས་ནས་སྟོང་ཁམས་འཇིག་རྟེན་ཐམས་ཅད་གང་ཞིང་། སླར་ཡང་ཚུར་བསྡུས་ཏེ་རྩ་བའི་ཨ་ལ་ཐིམ་པས་འཕེལ་འགྲིབ་མེད་པར་བརྟན་པར་གྱུར་བ། སླར་ཡང་འཕྲོ་འདུའི་རིམ་པ་དང་བསྟུན་ནས། བསྐྱེད་རིམ་རྒྱུའི་ཡི་གེའི་སྤྲིན་དུ་གྱུར་ནས་ས་བོན་ལྷར་བསྐྱེད་དོ། །དེའི་དོན་ནི་དེ་ནས་རྫོགས་རིམ་ཡི་གེའི་སྤྲོ་བསྡུ་མི་དམིགས་པའི་ངང་ལ་འཇོག་པའོ། །དེ་ཡང་སེམས་ཉིད་ཡི་གེ་ཨའི་རང་བཞིན་སྐྱེ་བ་མེད་པར་གནས་པ་ལས། རྩ་གནས་འཁོར་ལོའི་ཡི་གེ་སྤྲིན་ཆགས་ཏེ། གསུང་གསང་སྔགས་ཀྱི་དཀྱིལ་འཁོར་དུ་གྲུབ་པ་ལས། འགྲོ་བའི་སྒྲ་སྐད་ཀུན་འབྱུང་ཞིང་། ཡི་གེ་ཕྱག་མཚན་དུ་གྱུར་པ་ལས་སྐུ་སྒྱུ་མ་ལྟ་བུ་དང་འགྲོ་བའི་ལུས་འབྱུང་ཞིང་། ཡི་གེའི་ངོ་བོ་སྐྱེ་བ་མེད་པ་ལས་ཐུགས་ཆོས་ཀྱི་སྐུ་མི་ཕྱེད་རྡོ་རྗེ་དང་། འགྲོ་བའི་ཡིད་སེམས་རྟོག་བཅས་དབང་ཤེས་མི་རྟོག་པ་དང་བཅས་པ་འབྱུང་བའི་ཕྱིར། ཆོས་ཐམས་ཅད་ཡི་གེའི་སྒོ་ལ་གནས་ཏེ། དེ་ཉིད་ལས། སེམས་ཉིད་ཡི་གེའི་རང་བཞིན་ཏེ། །ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན། །ཞེས་པ་དང་། ཡུམ་ལས། ཨ་ཞེས་བྱ་བ་ནི་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་སོ། །ཡི་གེ་དེ་ཡང་གསུམ་སྟེ། འདི་ནས་ཡི་གེ་འདི་གསུམ་གྱི་ཁུངས་སུ་བསྡུས་པ་ནི། རང་བཞིན་ལྷུན་གྲུབ་ཀྱི་ཡི་གེ་འོད་གསལ་བའི་སེམས་ཉིད་ཡིན་པ་དང་། ལུས་གནས་རྩའི་ཡི་གེ་དབྱངས་གསལ་ལྷའི་ས་བོན་དང་། སྒྲ་དོན་རྟགས་ཀྱི་ཡི་གེ་སྒྲ་སྤྱི་དང་དོན་སྤྱིའི་རྣམ་པ་ཡི་གེར་བཏགས་པ་དང་། དེའི་ཕྱི་མོ་བྲིས་པ་ལཉྫ་ལྷའི་ཡི་གེ་དང་ན་ག་ར་ཀླུའི་ཡི་གེ་དང་བོད་ཀྱི་ཡི་གེ་ལ་སོགས་པའོ། །ཡིག་རིགས་ཐམས་ཅད་སྒྲ་དོན་བཏགས་ཀྱི་ཡེ་གེར་འདུས་པ་ཡིན་ནོ། །སྒྱུ་འཕྲུལ་ཀྱི་སྐབས་སུ་ལུས་གནས་རྩའི་ཡི་གེ །ཕོ་བྲང་ལྷའི་ཡི་གེ །ཆོ་འཕྲུལ་སྤྲུལ་པའི་ཡི་གེ །མཚོན་བྱེད་སྒྲའི་ཡི་གེ་དང་བཞི་རུ་གསུངས་པ་ལས། །དང་པོར་རྒྱུད་སྡེ་སོ་སོར་རྩ་འདབ་འཁོར་ལོར་ཡི་གེ་གནས་ཚུལ་དུ་མ་གསུངས་ཤིང་། སྒྱུ་འཕྲུལ་གྱི་སྐབས་འདིར་ནི་སྤྱི་བོ་མགྲིན་པ་སྙིང་ག་གསུམ་དུ་ཨོཾ་ཨཱཿཧཱུྃ་གསུམ་དང་། སྙིང་གར་ཞི་བ་བཞི་བཅུ་རྩ་གཉིས་ཀྱི་ཡི་གེ་དང་། སྤྱི་བོར་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་ཡི་གེ་སྟེ་རིགས་བརྒྱའི་སྐུ་གསུང་ཐུགས་ཀྱི་ཡི་གེ་དང་བཅས་པས་བརྒྱ་དང་གསུམ་དུ་གསུངས་སོ། གནས་སྐབས་སུ་འགྲོ་བ་དྲུག་གི་ས་བོན་གྱི་ཡི་གེ་མ་དག་པ་དྲུག་ནི་སྦྱང་གཞིར་བསྟན་ཏེ། ལྷ་དེ་དག་གི་ཡི་གེས་གནས་སུ་དག་པའི་ཐབས་སུ་བཤད་པའོ། །དེའང་སྤྱི་བོར་ཨ་སྨིན་མཚམས་སུ་དང་། མགྲིན་པར་ཏྲི། སྙིང་གར་ནྲྀ། ལྟེ་བར་སུ། གསང་གནས་སུ་པྲེ། རྐང་མཐིལ་དུ་དུ་རྣམས་འགྲོ་བ་དྲུག་གི་ཡི་གེ་སྟེ། དེ་དག་ལ་འགྲོ་དྲུག་སོ་སོར་སྐྱེ་བའི་ལས་དང་བག་ཆགས་བརྟེན་པར་བཤད་དོ། །སྦྱང་གཞི་དྲུག །སྦྱོང་བྱེད་བརྒྱ་དང་གསུམ་ནི་ལུས་ལ་གནས་སོ། །ཕོ་བྲང་ལྷའི་ཡི་གེ་ནི་ལྷ་སྒོམ་པའི་ཚེ་དཀྱིལ་འཁོར་གྱི་གནས་སོ་སོར་བསྐྱེད་པའོ། །སྤྲུལ་པའི་ཡི་གེ་ནི་སངས་རྒྱས་ལོངས་སྤྱོད་རྫོགས་པ་སྐུའི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཡི་གེའི་སྤྲིན་འཐོན་ཏེ་སྤྲུལ་པ་དུ་མ་འཕྲོ་བས་འགྲོ་བའི་དོན་མཛད་པའོ། །སྒྲའི་ཡི་གེ་ནི་སྔགས་སུ་ཟློས་པ་སྟེ་སྒྲ་སོ་སོར་བརྗོད་པའོ། །དགོས་པ་ནི་སོ་སོའི་དོན་བསྒྲུབ་པ་སྟེ། དེའང་རྩའི་ཡི་གེས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་རྟེན་བྱེད་པའོ། །ལྷའི་ཡི་གེས་ལྷ་སོ་སོའི་འཕྲོ་གཞི་བྱེད་པས་བསྐྱེད་རྫོགས་དག་པའི་དོན་བྱེད་པའོ། །སྤྲུལ་པའི་ཡི་གེས་སེམས་ཅན་ཚད་མེད་པའི་དོན་བྱེད་པའོ། །སྒྲའི་ཡི་གེས་གསང་སྔགས་འགྲུབ་པའི་རྒྱུ་བྱེད་པའོ། །ཞེས་ཀུན་མཁྱེན་ཆོས་རྗེས་སྒྱུ་འཕྲུལ་གྱི་དགོངས་པ་འགྲེལ་བའི་ཕྱོགས་བཅུའི་མུན་སེལ་གྱི་ནང་ནས་དེ་ལྟར་བཀྲལ་བའོ། །འདི་ནས་ལམ་བསྐྱེད་རྫོགས་དང་འབྲས་བུ་ས་ལམ་བསྒྲགས་ནས་གསུངས་སོ་སྙམ་ན། ཡི་གེ་ལ་དམིགས་པ་བརྟན་ནས་ཕྱག་མཚན་དང་། དེ་བརྟན་ནས་སྐུ་རྐྱང་པ་དང་། དེ་ནས་རྒྱན་དང་། དེ་ནས་ཡུམ་དང་། དེ་ནས་གཞལ་ཡས་ཁང་འཁོར་ཚོམ་བུ་དང་བཅས་པ་དང་། སྒྱུ་འཕྲུལ་གྱིས་གཞི་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཤེས་པར་བྱ་བའི་སྐབས་སུ་ཇི་ལྟར་གསུངས་པ་ཡིན་ཅེ་ན། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །བྱིན་གྱིས་བརླབས་དང་མངོན་སུམ་པ། །རབ་ཏུ་རྟོགས་པ་རྣམ་བཞི་ཡིས། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །ཞེས་པའི་ཤོ་ལོ་ཀ་འདིས་དབྱིངས་དེ་བཞིན་ཉིད། བསྐྱེད་རིམ། རྫོགས་རིམ། ཟུང་འཇུག་རྣམས་མཉམ་དུ་བསྟན་ཅིང་། །དེ་དང་སྦྱར་ནས་བཤད་དུས་དབྱིངས་དེ་བཞིན་ཉིད་དང་སྦྱར་བའི་སྐབས་སུ་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་ནས་སྟོང་བའི་ངང་ལས་བྱུང་བ་དེ་རྒྱུ་གཅིག་པ་ཡིན་ཞིང་། སྟོང་པ་དེའི་ངང་ལས་དང་པོ་བྱུང་བ་ཙམ་གྱིས་མི་ཚད་པར་ད་ལྟ་སྣང་དུས་ཉིད་ནས་ཡིག་འབྲུའི་ཚུལ་དུ་ཡི་གེ་ཐམས་ཅད་ཀྱི་གཞི་ཨ་ཡིག་རང་བཞིན་གྱིས་མ་སྐྱེས་པའི་ངོ་བོར་སྣང་སྟོང་གཉིས་སུ་མེད་པར་གནས་པ། སྣང་བ་ཨོཾ་སྟོང་བ་ཨཱཿ་གཉིས་མེད་ཧཱུྃ་གི་རང་བཞིན་གྱི་ཆོས་ཐམས་ཅད་ཡེ་ནས་དཀྱིལ་འཁོར་གྱི་རང་བཞིན་དུ་སངས་རྒྱས་པར་བྱིན་གྱིས་བརླབས་ཏེ་སྟོང་པ་ཆོས་སྐུ་སྣང་བ་ལོངས་སྐུ་སྣ་ཚོགས་སྤྲུལ་སྐུའི་རང་བཞིན། གཟུགས་ཐམས་ཅད་སྐུ་ཡི་དཀྱིལ་འཁོར། སྒྲ་ཐམས་ཅད་གསུང་གི་དཀྱིལ་འཁོར། ཆོས་སུ་ཤར་བ་ཐམས་ཅད་ཐུགས་ཀྱི་དཀྱིལ་འཁོར་དུ་གནས་པ་དེ་ཡིན་པ་དང་། དེ་ལྟར་གནས་པ་དེ་ཡང་ལྐོག་གྱུར་ཞིག་མིན་པར་མངོན་སུམ་དུ་སྣང་ཞིང་། སྣང་དུས་ཉིད་ནས་མཉམ་ཉིད་གཡོ་བ་མེད་པའི་དགོངས་པར་གནས་པ་ཡིན་ཅེས་སོ། །དེ་ལྟར་གནས་པ་མངོན་སུམ་དུ་ཇི་ལྟར་མངོན་དུ་གྱུར་ཞེ་ན། ཡེ་ཤེས་ལྔ་ཡོད་པ་ནི་དུག་ལྔས་སྟོན། སྐུ་ལྔ་ཡོད་པ་ནི་སེམས་ཀྱིས་སྟོན། ཡུམ་ལྔ་ཡོད་པ་ནི་འབྱུང་བ་ལྔས་སྟོན་ཅིང་། སྟོན་ལུགས་ཀྱང་ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་སངས་རྒྱས་པའི་ཆོས་ཉིད་དང་སྣང་ལ་ངོས་གཟུང་མེད་བའི་ཆོས་ཉིད་དུ་བསྟན་ཏོ། །དེ་ཕྱིན་ཅི་མ་ལོག་པ། རྒྱུ་གཅིག་པ་དང་གཅིག ཡིག་འབྲུའི་ཚུལ་དང་གཉིས། བྱིན་གྱིས་བརླབས་དང་གསུམ། མངོན་སུམ་པ་དང་བཞི། རབ་ཏུ་རྟོགས་པ་རྣམ་བཞི་ཡིས། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །གསུངས་པས་དེ་ལྟ་བུའི་རབ་ཏུ་རྟོགས་པ་རྣམ་པ་བཞི་ཡིས་ཆོས་ཐམས་ཅད་ཡེ་ནས་མངོན་པར་རྫོགས་པའི་བྱང་ཆུབ་པའི་རྒྱལ་པོར་རྟོགས་ན། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ལས་སྤང་བླང་འདོར་ལེན་མི་དགོས་པར་ཕྱམས་ཅིག་ཡེ་ཤེས་ཀྱི་རོལ་བར་འཆར་བ་ནི་གསང་ཆེན་དོན་གྱི་གནས་ལུགས་ཡིན་ཅེས་སོ། །དེ་དབྱིངས་དེ་བཞིན་ཉིད་ལྟར་བཤད་པའི་བཤད་ལུགས་སོ། །ད་དུང་བསྐྱེད་རིམ་དང་སྦྱར་བ། རྫོགས་རིམ་དང་སྦྱར་བ། ཟུང་འཇུག་དང་སྦྱར་བ་གསུམ་གྱི་ཐོག་ནས་བཤད་རྒྱུ་ཡོད་ཅིང་། བསྐྱེད་རིམ་དང་སྦྱར་ན། རྒྱུ་གཅིག་པ་ཏིང་འཛིན་རྣམ་གསུམ། ཡིག་འབྲུའི་ཚུལ་ལྷ་སོ་སོའི་སྙིང་པོར་བསྐྱེད་པ། བྱིན་གྱིས་བརླབས་པ་ལྷའི་དཀྱིལ་འཁོར་དུ་བསྐྱེད་པ། མངོན་སུམ་པ་དེའི་ངང་དུ་ལྷན་ཅིག་ཏུ་རྫོགས་པར་བསྒོམ་པ་སྟེ་དེ་ན་བསྐྱེད་རིམ་དང་སྦྱར་བའོ། །རྫོགས་རིམ་དང་སྦྱར་ན། རྒྱུ་གཅིག་པ་འཁོར་འདས་སེམས་སུ་གཅིག་པ། ཡིག་འབྲུའི་ཚུལ་བསྐྱེད་མེད་ཀྱི་ངང་དུ་རྟོགས་པ། བྱིན་གྱིས་བརླབས་པ་དེ་ལྟར་མཉམ་པར་བཞག་པ་ཐུགས་རྡོ་རྗེའི་ངོ་བོ་དང་གཉིས་སུ་མེད་པ། མངོན་སུམ་སོ་སོར་རང་རིག་པའི་ཡེ་ཤེས་ཀྱིས་བསྒོམ་པ་ལས་རྟོགས་པ། དེ་རྫོགས་རིམ་དང་སྦྱར་ཞིང་། བསྐྱེད་རྫོགས་གཉིས་མེད་ཟུང་འཇུག་གི་ཚུལ་དུ་སྦྱར་ནས། རྒྱུ་གཅིག་པ་བསྐྱེད་རྫོགས་དང་བདེན་གཉིས་སུ་གཅིག་པ་དང་། ཡི་གེའི་ཚུལ་ངོ་བོ་རྟག་ཆད་ལས་འདས་པ་ཡི་གེའི་སྤྲིན་དུ་གནས་པ་དང་། བྱིན་གྱིས་བརླབས་པ་དབྱིངས་རང་བཞིན་གྱིས་དག་པ་དེའི་ངང་ལས་བསྐྱེད་རྫོགས་སུ་རང་སྣང་བ་དང་། མངོན་སུམ་པ་དེ་ཉིད་རིགས་པས་རྟོགས་ཤིང་། ཐག་ཆོད་པས་ན་ཐམས་ཅད་མངོན་རྫོགས་རྣལ་འབྱོར་གྱི་རྒྱལ་པོའི་ས་རུ་སླེབས་པ། རྡོ་རྗེའི་ཚིག་གི་གོ་དོན་དེ་ལྟར་ཀུན་མཁྱེན་ཆོས་རྗེས་བཀྲལ་མཛད་པ་ལྟར་དུ་བཤད་པ་ཡིན་ལ། དཀྱིལ་འཁོར་བཤད་པའི་སྐབས་ལས་འཕྲོས་ནས་སྤྱིའི་ཆིངས་ཀྱི་ཚུལ་ཙམ་དུ་བཤད་ན་དེ་ལྟར་རོ། །འདི་ནས་བསྐྱེད་རྫོགས་དང་ས་ལམ་བསྒྲགས་ནས་བཤད་བཞིན་པ་ཡིན་ན་དེ་ནས་འོད་ཟེར་སྤྲོ་བསྡུ་དང་བཅས་པར་བསྒོམ་པ་ནི། དཀྱིལ་འཁོར་དང་པོའི་ཏིང་ངེ་འཛིན་ཏེ། སྔགས་ཀྱི་བསྐྱེད་རྫོགས་མདོའི་ས་བཅུ་ལམ་ལྔ་དང་ལྟོ་སྦྱར་དུས་དཀྱིལ་འཁོར་དང་པོའི་ཏིང་ངེ་འཛིན་གྱི་སྐབས་སུ་ཚོགས་ཀྱི་ལམ་གསུམ་རྫོགས་ནས་སྤྲུལ་པའི་སྐུའི་ཞལ་མཐོང་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ཐོབ། སྤྱན་དང་མངོན་ཤེས་ཕྲ་མོ་གྲུབ་པའོ། །དེ་ནས་ཕྱོགས་ཀྱི་སྒོའི་སྟེང་དང་དབུས་ཀྱི་ཕྱུར་བུ་ལྔར་དཀྱིལ་འཁོར་སྤྲོ་བ་ལས། གཙང་ཁང་དུ་རྣམ་སྣང་ལྟ་བུའི་དཀྱིལ་འཁོར་རྫོགས་པ་གཅིག་བསྒོམ་པ་ནི། སྔར་ཁྲོ་བོའི་དཀྱིལ་འཁོར་བསྒོམས་པ་དེས། དེར་ཞི་བར་བསྒོམས་ལ། ཞི་བ་ཁྲོ་བོར་བསྒོམས་པས་སྦྱོར་ལམ་དྲོད་ཐོབ། དེ་ནས་ཤར་སྒོའི་སྟེང་གི་རྟ་བབས་ཀྱི་ཁང་པར་མི་བསྐྱོད་པ་བསྒོམས་པས་རྩེ་མོ། ཐུན་མོང་ཐེག་པའི་སྐབས་ལས་ཀྱང་དྲོད་རྩེ་གཉིས་སུ་གཟུང་བ་རང་བཞིན་མེད་པར་མཐོང་། བཟོད་མཆོག་གཉིས་སུ་འཛིན་པ་རང་བཞིན་མེད་པར་མཐོང་བའོ། །རྒྱབ་ཀྱི་སྒོའི་ཁང་པར་སྣང་བ་མཐའ་ཡས་ཀྱིས་བཟོད་པ། གཡས་ཀྱི་སྒོའི་ཁང་པར་རིན་ཆེན་འབྱུང་ལྡན་གྱིས་ཆོས་མཆོག དེ་ནས་བྱང་གི་སྒོའི་ཁང་བུར་དོན་གྲུབ་ཀྱི་དཀྱིལ་འཁོར་བསྒོམས་པས་མཐོང་ལམ་ཐོབ་ནས། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་འཐོབ་བོ། །དེ་ཡང་དུས་སྐད་ཅིག་གཅིག་ལ་སངས་རྒྱས་བརྒྱའི་ཞལ་བལྟ་བ་ལ་སོགས་པའོ། །དེ་ནས་དེ་ལྟ་བུའི་དཀྱིལ་འཁོར་སྟོང་ཕྲག་བཅུ་གཉིས་ཀྱི་བསྒོམ་པ་རྫོགས་པས་ས་གཉིས་པའོ། །བྱེ་བ་ཕྲག་བཅུ་གཉིས་ཀྱིས་ས་གསུམ་པའོ། །བྱེ་བ་ཁྲག་ཁྲིག་ཕྲག་བརྒྱས་བཞི་པའོ། །བྱེ་བ་ཁྲག་ཁྲིག་ཕྲག་སྟོང་གིས་ལྔ་པའོ། །བྱེ་བ་ཁྲག་ཁྲིག་ཕྲག་བརྒྱ་སྟོང་གིས་དྲུག་པའོ། །བྱེ་བ་ཁྲག་ཁྲིག་ཕྲག་བརྗོད་དུ་མེད་པ་བསྒོམ་པས་ས་བདུན་པའོ། །རབ་བཀྲམ་གྱིས་བརྒྱད་པའོ། །གཞལ་ཡས་ཀྱིས་དགུ་པའོ། །འདི་སྔགས་ཀྱི་སྐབས་ཀྱི་གྲངས་ཀྱི་ཆོས་སྐད་དོ། །གྲངས་མེད་ཀྱིས་བསམ་ཡས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གྱི་བསྒོམ་པ་རྫོགས་པས་ས་བཅུ་པའོ། །དེའི་མཐར་རྡོ་རྗེ་འཆང་ཀུན་ཏུ་བཟང་པོ་ཧེ་རུ་ཀའི་དབང་ཕྱུག་རྣམས་ཀྱིས་དབང་བསྐུར་བས་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་དབང་རྫོགས་པའོ། །ཆོས་ཉིད་དོན་གྱི་ལྷ་ནི་སྣང་སྟོང་གཉིས་མེད་ཀྱི་ཡེ་ཤེས་འཕོ་ཆགས་མཚན་མའི་སྤྲོས་པ་ལས་འདས་པའི་རྡོ་རྗེའི་སྐུ། ཆོས་ཉིད་དེ་བཞིན་ཉིད་སྒྲིབ་པའི་བག་ཆགས་ཕྲ་མོ་ཡང་མེད་པར་དུས་གསུམ་བདེ་གཤེགས་ཐམས་ཅད་དང་ཐ་མི་དད་པའི་ཡེ་ཤེས་ཀྱི་སྐུ་དེའོ། །ཆོས་ཅན་རྟགས་ཀྱི་ལྷ་ཞེས་པ་ནི་དེ་ཉིད་རྣམ་པར་རྟགས་ཀྱི་ཕྱག་བརྒྱར་ཤར་བ། ཞི་བ་དང་ཁྲོ་བོ་རྟེན་དང་བརྟེན་པའི་རྣམ་པར་ཤར་ཞིང་། བསམ་ཡས་སྒྱུ་འཕྲུལ་དྲ་བའི་རིགས་ཀྱི་བར་དུ་དབྱེ་རུང་བ་དེ་ཉིད་དོ། །དེའི་དབྱེ་བསྡུ་ནི་ཆོ་ག་སོ་སོའི་སྐབས་དང་། དཀྱིལ་འཁོར་སོ་སོའི་སྐབས་དང་། སྔགས་རྒྱུད་སོ་སོའི་སྐབས་སུ་མ་འདྲ་བ་ཡོད་ཀྱང་། ཆོས་ཉིད་ཅི་ཡང་མ་ཡིན་པ་ལས་ཅི་ཡང་འཆར་དུ་རང་བའི་གནད་ཀྱིས་རང་སྣང་རིས་མེད་ཀྱི་སྣང་བ་མུ་མེད་དུ་སྤྲོ་ཆོག་ཅིང་། ཆོས་ཐམས་ཅད་གཅིག་དང་ཐ་དད་ལས་གྲོལ་བའི་ཆོས་ཉིད་དག་མཉམ་ཆེན་པོ་ལས་མ་འདས་པ་ཡིན་པས་རྒྱུད་སྡེ་རང་རང་གི་ལྷ་གྲངས་གང་ལ་སྦྱར་ནའང་འགལ་བ་མེད་དོ། །འདི་ནས་རྩ་རླུང་ཐིག་ལེའི་རྫོགས་རིམ་དང་སྦྲེལ་ནས་གསུངས་པ་ནི། དེ་ཡང་དབུ་མ། རོ་མ། རྐྱང་མ་གསུམ་ལས་གྱེས་པའི་འཁོར་ལོ་བཞི་སྟེ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ། སྙིང་ག་ཆོས་ཀྱི་འཁོར་ལོ། ལྟེ་བ་སྤྲུལ་པའི་འཁོར་ལོའོ། །དབུ་མ་རོ་རྐྱང་གི་མདུད་པ་ཉི་ཤུ་རྩ་གཅིག་གོ །རླུང་སེམས་ལས་སུ་རུང་བ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གོང་དུ་རྫོགས་པ་དང་། འཆི་བའི་དུས་གསུམ་པོར་མདུད་པ་རྣམས་རིམ་པས་གྲོལ་བས། རླུང་སེམས་ཀྱི་འདུ་འཕྲོད་ལས། སྣང་བའི་སྐབས་སུ་གསལ་བའི་ཉམས་དང་། མཆེད་པའི་སྐབས་སུ་བདེ་བའི་ཉམས། ཐོབ་པའི་སྐབས་སུ་མི་རྟོག་པའི་ཉམས་འཆར། ཉེ་བར་ཐོབ་པའི་ཡེ་ཤེས་ལ་འོད་གསལ་བར་འཆར་བ་སྟེ་ཡེ་ཤེས་བཞི་དང་། ཏིང་ངེ་འཛིན་དང་། མངོན་ཤེས་ལ་སོགས་པ་ཡོན་ཏན་གྱི་ཚོགས་རྣམས་འགྲུབ་སྟེ། མདུད་པ་དང་པོ་གཉིས་གྲོལ་བས་ས་དང་པོ་ནས་བཟུང་སྟེ། མདུད་པ་གཉིས་གཉིས་གྲོལ་བས་ས་རེ་རེ་ཐོབ་ཅིང་ཉི་ཤུ་རྩ་གཅིག་པ་གྲོལ་བས་རྡོ་རྗེ་འཆང་དུ་འགྲུབ་པའོ། །ལྟེ་བའི་རྩ་མདུད་གྲོལ་རླུང་སེམས་ལས་སུ་རུང་བས་སྤྲུལ་པའི་སྐུ་དང་། མགྲིན་པས་ལོངས་སྐུ་དང་། སྙིང་གས་ཆོས་སྐུ་དང་། སྤྱི་བོས་བདེ་བ་ཆེན་པོའི་སྐུ་འགྲུབ་པའོ། །ནང་གི་རྩ་རླུང་ཐིག་ལེའི་གནད་འདི་དག་ལམ་དུ་སློང་ཐུབ་ན་དག་པ་ཡེ་ཤེས་ཀྱི་སྣང་བ་འཆར་བ་དང་། ལམ་དུ་སློང་མ་ཐུབ་ན་མ་དག་བའི་འཁྲུལ་བའི་སྣང་བ་འཆར་བའི་གནད་དེ་ཤེས་ནས། ཕྱི་སྤྲོས་བཅས་ཀྱི་བསྐྱེད་རིམ་སོགས་ལ་མི་ལྟོས་པར་རྡོ་རྗེ་ལུས་ཀྱི་རྩ་རླུང་ལ་གནད་དུ་བསྣུན་པའི་ཐབས་དང་མན་ངག་གིས། རགས་པའི་འགྱུ་བ་ཐམས་ཅད་ཐོག་མར་གང་ལས་འབྱུང་བའི་གནད་དེ་ལ་ཡར་གཏུགས་ནས་འགྱུར་མེད་ཀྱི་ཡེ་ཤེས་དབུ་མའི་དབྱིངས་སུ་སྟིམ་པས་ན། སེམས་ཉིད་བདེ་ཆེན་བྱང་ཆུབ་ཀྱི་སེམས་དེ་ལུས་ཐབས་ཀྱི་རྒྱུད་ལ་ལྡན་པས་མངོན་དུ་བྱེད་ཐུབ་པའོ། །ཞིང་དག་པ་དང་། སྤྱན་དང་མངོན་ཤེས་ལ་སོགས་པའི་ཡོན་ཏན་སྣང་བ་ཡང་ནང་དུ་རླུང་སེམས་གནད་དུ་སོང་བ་ལས་འབྱུང་ལ། ཚོགས་རྫོགས་དུས་རླུང་སེམས་གནད་དུ་འགྲོ་བའི་ཕྱིར། བསྐྱེད་རྫོགས་སྤེལ་མར་བྱེད་ཅིང་ཚོགས་ཀྱི་འཁོར་ལོ་ལ་སོགས་པ་སྤྱོད་པས་རླུང་སེམས་ངན་པ་སྦྱོང་། བཟང་པོ་གནད་དུ་བསྣུན་པའོ། །འཁྲུལ་སྣང་ངན་པ་འབྱུང་ངོ་ཅོག་ཀྱང་རླུང་སེམས་ཀྱི་འདུ་བ་ངན་པ་ལས་བྱུང་སྟེ། བསོད་ནམས་མ་ཡིན་པའི་ལས་ཀྱིས་རིགས་དྲུག་ཏུ་སྣང་བ་ཡང་། དོན་གཞན་ཕྱི་རོལ་ན་མེད་པར། རླུང་སེམས་འདུ་བའི་སྣང་བ་དེར་སྣང་བ་སྟེ། དྷ་དུ་ར་ཟོས་པས་སྲོག་རླུང་འདུས་པའི་སྣང་བ་བཞིན་ནོ། །སྣང་བ་མ་དག་པ་ཐམས་ཅད་ནི་ཤིན་ཏུ་མི་བརྟན་པར་འགྱུར་སླ་བ་ཡིན་པས་སྐྱེ་བ་སྔ་ཕྱིའི་སྣང་བ་ཡང་འགྱུར་སླ་བ་ཡིན་པ་དེའོ། །ལམ་སྒོམ་པས་དེའི་མི་བརྟན་འཁྲུལ་བའི་སྣང་བ་ཟད་པ་དང་། སྣང་བ་དག་པ་རྣམས་ནི་དེ་ལས་བཟློགས་ཏེ་ལུས་དང་སྤྱོད་ཡུལ་དག་པ་ཞིག་ལ་དབང་བསྒྱུར་རྗེས། སྣང་བ་མ་དག་པ་དེས་བསྐྱོད་པ་མིན་པར་དེ་པས་ཀྱང་ཆེས་དག་པ་སྡུག་བསྔལ་ལས་གྲོལ་བའི་བདེ་བ་མཆོག་བསྐྱེད་པས་དེ་ནི་བརྟན་ཅིང་མི་བསླུ་པའང་ཡིན་པའོ། །རྫས་དང་། ལུས་གནད་དང་། དགེ་མི་དགེའི་བྱེད་པས་རླུང་སེམས་འདུས་པའི་སྣང་བ་ཚད་མེད་པ་འཆར་རོ། །རྨི་ལམ་ཡང་རླུང་སེམས་འདུས་པའི་སྣང་བ་སྟེ། བཟང་པོ་དང་། ངན་པ་དང་། བཟང་ངན་སྤེལ་མ་རྣམས་དང་། འགྲོ་དྲུག་གི་ཡུལ་མཐོང་བ་ལ་སོགས་པ་མགྲིན་པ་དང་། ལྟེ་བ་ལ་སོགས་པ་འཁྲུལ་སྣང་འདུ་བའི་རྩ་འདབ་ཏུ་རླུང་སེམས་འདུས་པའི་སྣང་བའོ། །དེ་ཡང་གཉིད་དུ་སོང་དུས་ཕྱིར་སྒྲ་གྲགས་པས་རྐྱེན་བྱས་ཏེ་ཐོས་པ་དང་། ནང་དུ་རླུང་དང་ཁམས་སྤྱི་བོར་སོང་བས་རི་རྩེར་ཕྱིན་པ་ན་གཞན་དག་གླུ་ལེན་པ་ཐོས་པ་འབྱུང་ཞིང་། རླུང་དང་ཁམས་ཐུར་ལ་འབབ་དུས། ཐུར་ལ་བརྒྱུགས་པ་ན་ཁ་ཏོན་ལ་སོགས་པ་ཐོས་པ་དང་། ཐད་དྲང་དུ་རྒྱུ་དུས་ཐད་མཉམ་དུ་འགྲོ་བ་ལ་སོགས་པའོ། །དུད་འགྲོའི་རྩ་ནང་དུ་འདུས་ན་སྟག་གཟིག་དང་གླང་པོ་ཆེ་ལ་སོགས་པ་སྣང་ཞིང་། མིར་འདུས་ན་ཡུལ་སྣ་ཚོགས་ཁང་ཁྱིམ་ལ་སོགས་པ་ནས། རྩ་འདབ་ནས་རྩ་འདབ་ཏུ་འདུས་ཏེ་ལུས་ཀྱི་ཆ་ཤས་ལ་འདུས་དུས་སྔར་ཕྱིན་མ་མྱོང་བའི་ཡུལ་ཐག་རིང་པོར་སྣང་བ་བདེ་སྡུག་ཏུ་སྣང་ཞིང་། བར་མ་དང་རང་གི་གནས་སུ་སྣང་བ་ནི་དེ་བས་ནང་དུ་ཐུང་བར་འདུས་པའོ། །གཉིད་དུ་མ་སོང་བའི་གསལ་སྣང་དེ་དག་སྣང་བ་ཡང་དེར་རླུང་སེམས་འདུས་པ་ཡིན་ལ། ཁྱད་པར་དུ་སྦྱོར་དྲུག་དང་། རྫོགས་ཆེན་སྙིང་ཐིག་གི་མུན་པའི་རྣལ་འབྱོར་དུ་འཁྲུལ་སྣང་གིས་འགྲོ་དྲུག་དང་། ལྷ་མིར་སྣང་བ་རྣམས་ཀྱང་རླུང་ལྔ་འདུས་པའི་སྣང་བར་ཡིན་པར་གསུངས་པ་འདི་ཡང་ཤེས་པར་བྱའོ། །འདི་ནས་སྦྱོར་དྲུག་ཅེས་པའི་སྦྱོར་དྲུག་གང་ཞེ་ན། རྩ་རྒྱུད་ལས། སོ་སོར་སྡུད་དང་བསམ་གཏན་དང་། །སྲོག་རྩོལ་དེ་བཞིན་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །སྦྱོར་བ་ཡན་ལག་དྲུག་ཏུ་འདོད། །ཅེས་པའི་སྦྱོར་དྲུག་དང་། སྙིང་ཐིག་གི་མུན་པའི་རྣལ་འབྱོར་ལ་སོགས་པའི་སྐབས་ནས་རླུང་ལྔ་ལས་སུ་རུང་བའི་རྟགས་སུ་རླུང་ལྔའི་ཁ་དོག་ལ་སོགས་པ་སྟོང་གཟུགས་ཀྱི་རྣམ་པ་མང་དུ་ཤར་བ་དང་། དེ་བཞིན་དུ་རླུང་ལྔ་ལས་སུ་མ་རུང་པས་རྩ་རླུང་ཐིག་ལེའི་འདུ་བ་འཁྲུགས་ནས་རྩ་འདབ་འགའ་རེ་ལ་རླུང་སེམས་འདུས་པའི་དབང་གིས་འཁྲུལ་སྣང་འཆར་བ་དེ་ལྟར་ཡང་གསུངས་སོ། །རྩ་ཡང་དབུ་རྐྱང་རོ་གསུམ་གྱི་རྩ་བ་གསུམ་ལས་གྱེས་པས་གྲངས་ཀྱི་དབྱེ་བསྡུ་དཔག་ཏུ་མེད་པ་ནི་རྒྱུད་སོ་སོའི་སྐབས་སུ་ཤེས་པར་བྱ་སྟེ། དཔེར་ན་མ་རྒྱུད་དུ་ཁམས་འབབས་པ་དང་། རླུང་དང་ཁྲག་བབས་པའི་རིམ་པ་ལྟར་ཀྱི་རྩ་སུམ་ཅུ་རྩ་གཉིས་དང་། རྒྱས་པར་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་འདོད་དེ། སངས་རྒྱས་ཐོད་པ་ལས། སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི། །རྩ་རྣམས་ཀྱི་ནི་རིགས་བཤད་དོ། །ཞེས་པ་བཞིན་ནོ། །རླུང་ཡང་འབྱུང་བ་ལྔའི་བྱེད་པས་གྲངས་ཐ་དད་ལ་ཐུན་མོང་དུ། ཉིན་ཞག་ཕྲུགས་གཅིག་ལ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱར་རྒྱུ་བའོ། །མདོར་ན་རྩ་དང་རླུང་དང་། ཐིག་ལེའི་དབྱེ་བསྡུ་ནི་རྒྱུད་སྡེ་སོ་སོའི་དགོངས་པས་མང་ཉུང་དང་། མིང་གི་རྣམ་གྲངས་ཐ་དད་དུ་བཤད་ཀྱང་། བསྐྱེད་རྫོགས་དང་དྲོད་ཚད་མཐུན་པས་ས་ལམ་བགྲོད་པར་མཐུན་ནོ། །མང་ཉུང་གྲངས་མི་མཐུན་པ་ནི། རང་རང་གི་རྒྱུད་ཀྱིས་ཉོན་མོངས་པ་དང་། རྩ་དང་དབང་པོ་ཐ་དད་པས་ལམ་སྒྲུབ་ཚུལ་མི་གཅིག་པས་བྱུང་སྟེ། དཔེར་ན་ཉི་མ་ལྷ་སར་བགྲོད་པ་ལའང་། ལུང་པ་སོ་སོ་ནས་འོང་དུས་མགྲོན་ལམ་དང་། རི་དང་། གྲོང་དང་། ལམ་སྲང་གི་རྐང་གྲངས་མང་ཉུང་དང་མིང་ཐ་དད་དུ་འོང་བ་བཞིན་ནོ། །དེ་ཡང་སྤྱིར་རྫོགས་རིམ་གྱི་ངོ་བོ་ནི་རྣམ་རྟོག་གི་རང་བཞིན་ཤེས་ནས་དེ་ཉིད་མི་རྟོག་པའི་ལམ་དུ་དམིགས་པ་དང་བཅས་པའི་ཐབས་ལ་བརྟེན་པའམ། དམིགས་པ་མེད་པའི་ཤེས་རབ་ཀྱིས་འགོག་པ་སྟེ་རྡོ་རྗེ་སྙིང་འགྲེལ་ལས། རྣམ་རྟོག་རང་བཞིན་ཤེས་པ་ན། །མི་རྟོག་པ་ལ་འཇུག་པར་བྱ། །ཞེས་སོ། །ཕ་རྒྱུད་ཀྱིས་རླུང་དང་། མ་རྒྱུད་ཀྱིས་ཁམས་ཞི་བདེ། གཉིས་མེད་ཀྱི་རྒྱུད་ལས་གཅིག་དུ་བྲལ་གྱི་ཐིག་ལེ་ཆེན་པོའི་འོད་གསལ་གཙོ་བོར་བྱེད་དོ། །རླུང་དང་ཐིག་ལེ་ལམ་དུ་བྱེད་པ་སྔ་མ་གཉིས་ཀ་སྣང་བཅས་དམིགས་པ་ཅན་གྱི་ལམ་དང་། ཕྱི་མ་གཅིག་དུ་བྲལ་གྱི་འོད་གསལ་ལམ་དུ་བྱེད་པ་དེ་ཉིད་ནི། སྣང་མེད་འོད་གསལ་གྱི་ལམ་ཡིན་ནོ། །སྔགས་གསར་མ་ལྟར་དུ་བཤད་ན་ཡང་ནང་རྒྱུད་ལ་གསུམ་ཕྱེ་དུས་ཕ་རྒྱུད་གསང་བ་འདུས་པ་ལ་སོགས་པ་དང་། མ་རྒྱུད་འཁོར་ལོ་བདེ་མཆོག་ལ་སོགས་པ་དང་། གཉིས་མེད་ཀྱི་རྒྱུད་དུས་འཁོར་ལྟ་བུ་ཡིན་ནོ། །འོ་ན། ས་དང་ལམ་དང་སངས་རྒྱས་ཐམས་ཅད་གོ་གཅིག་པ། །ཞེས་པས། ཐམས་ཅད་རོ་གཅིག་པས་དེ་ལ་ལྟོས་མི་དགོས་པར་རིག་པ་གཅིག་པུས་གྲོལ་བ་མ་ཡིན་ནམ་ཞེ་ན། བཤད་པ་དེ་ནི་ལམ་གཙོ་ཆེ་བས་བཏགས་ཤིང་། ཐམས་ཅད་སེམས་ཉིད་ཀྱི་དོན་དུ་གོ་གཅིག་པས་ལམ་སྒྲུབ་པར་བསྟན་གྱིས། ངོ་བོ་གཅིག་པས་གཞན་མི་དགོས་པར་བསྟན་པ་མ་ཡིན་ཏེ། ཀྱེ་མ་རིན་ཆེན་དབང་དང་བྲལ་བའི་སྐྱེས་བུ་ནི། །གདོལ་པ་དམན་པ་རྣམས་ཀྱང་རྒྱལ་པོར་རེ་སྨོན་བཞིན། །ཞེས་པ་ལ་སོགས་པ་དང་། དབང་དང་། དམ་ཚིག་དང་། ཐབས་ཕྱག་རྒྱ་དང་། རླུང་གི་རིམ་པ་གསུངས་པ་ཡིན་ནོ། །བླུན་པོ་གཟུ་ལུམས་སུ་སྨྲ་བ་དག་མདོ་རྒྱུད་ཀྱི་དོན་དང་གནམ་ས་བཞིན་རིང་བའི་ཕྱིར། ཆོས་སྤོང་བས་རང་གི་རྒྱུད་དཀྲུགས་པར་ཟད་དོ། །དེས་ན་གསང་སྔགས་ཆེན་པོ་དེ་དག་གི་གཞི་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཉི་ཟླ་ལྟ་བུར་རང་ལ་ཡོད་པ་དེ། དབང་གིས་ལམ་དུ་སྨིན་པའི་ནུས་རུང་དུ་བྱས་ནས། ལམ་བསྐྱེད་རྫོགས་ཟུང་དུ་འཇུག་པས། འབྲས་བུ་རྡོ་རྗེ་འཆང་དུ་གྲུབ་ནས། ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིན་ཏེ། བརྟག་གཉིས་ལས། བསྐྱེད་པ་ཡི་ནི་རིམ་པ་དང་། །དེ་བཞིན་རྫོགས་པའི་རིམ་པ་སྟེ། །རིམ་གཉིས་མཉམ་པར་གནས་ནས་ནི། །རྡོ་རྗེ་ཅན་གྱིས་ཆོས་འཆད་དོ། །ཞེས་སོ། །གསང་སྔགས་སྤྱི་ཁོགས་ཀྱི་སྒྲོམ་གཞི་ལམ་འབྲས་གསུམ་གྱི་གནད་བསྡུས་ནས་འཇུག་པའོ། །གཉིས་པ་ལ། སྤྱིའི་ངོ་བོ་དང་། བྱེ་བྲག་སོ་སོའི་དབྱེ་བ་གཉིས། དང་པོ།

སྤྱིའི་ངོ་བོ་བསྟན་པ།

ད་ནི་གཞུང་ཉིད་བཤད་པ་ནི། རྣལ་འབྱོར་ཆེན་པོས་ཆོས་ཀུན་མཉམ་པའི་ངང་། །དབུ་མ་ཆེན་པོར་རོ་མཉམ་དག་པ་ལས། །ཁྱད་པར་ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན། །དཀྱིལ་འཁོར་གཅིག་ཏུ་ཤེས་པས་རྣམ་བསྒོམས་ཏེ། །གང་ཡང་ཐབས་མཆོག་རྒྱལ་པོས་གྲོགས་སུ་བསྒྱུར། །བསྐྱེད་རྫོགས་ཟུང་འཇུག་བདེན་པ་དབྱེར་མེད་ཉིད། །བསྒོམས་པས་ཚེ་འདིར་དངོས་གྲུབ་ཐོབ་པར་བཞེད། །ཅེས་གསུངས་ཏེ། རྣལ་འབྱོར་ཆེན་པོའམ་མ་ཧཱ་ཡོ་ག་འདིས་མཚོན་ནས་བླ་ན་མེད་པའི་ནང་རྒྱུད་ཐམས་ཅད་ཀྱིས་ཡོ་ག་རྣམ་གསུམ་གྱི་སྒོ་ནས་བྱང་ཆུབ་འདོད་པ་དག་གིས་ཟབ་མོ་ཆོས་ཀྱི་དབྱིངས་སྟོང་ཉིད་ཀྱི་དབྱིངས་གཅིག་གིས་ཁྱབ་པ་ཐམས་ཅད་མཉམ་པ་ཉིད་ནམ་མཁའ་ལྟར་གོ་སྐབས་ཤིན་ཏུ་ཡངས་པར་རྟོགས་པའི་ངང་ལས། དབུ་མ་ཆེན་པོར་གཏན་ལ་ཕབས་པ་ལྟར། ཞེས་ཤན་འབྱེད་ལམ་གྱི་དབུ་མ་དང་། དངོས་གཞིའི་མཉམ་བཞག་གི་དབུ་མ་གཉིས་ལ་གོ་བ་བླངས་ན་དེ་གཉིས་ཀ་རགས་ཕྲའམ་རྒྱུ་འབྲས་ཞེས་རུང་མི་ཆོག་པ་མེད་ལ། དོན་དུ་རྣམ་ཤེས་དང་ཡིད་ཤེས་ལ་ལྟོས་ནས་དབུ་མ་ཆེ་ཆུང་གི་ཁྱད་པར་སྦྱར་བའོ། །སྤྲོས་པའི་གྲུབ་མཐའ་དང་ཁས་ལེན་གང་ཡང་མེད་པར་དག་འཁོར་འདས་དག་མཉམ་ལྷག་པའི་བདེན་པ་དབྱེར་མེད་ཡེ་ནས་རང་དག་ཆེན་པོར་ཤེས་པ་ཉིད་ཀྱི་ངང་ནམ་མཁའི་ཁམས་སྐྱེ་བ་མེད་པར། རྒྱ་ཆེ་བ་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ལྷའི་དཀྱིལ་འཁོར་ཆེན་པོར་ཡེ་ནས་གནས་པ་གསལ་འདེབས་པས། ཕྱི་ཡུལ་དུ་སྣང་བ་སངས་རྒྱས་ཀྱི་ཞིང་ཁམས་འོག་མིན་གྱི་གནས་རྣམ་དག་སྟུག་པོ་བཀོད་པ་བདེ་བའི་ཞིང་། ཐམས་ཅད་ཀྱང་སྣང་ལ་རང་བཞིན་མེད་པ་རིན་པོ་ཆེའི་འོད་འབར་བའི་ས་གཞི་ཆེན་པོ་མཉམ་ལ་རང་བཞིན་གྱིས་འོད་གསལ་བ། ཞི་བ་དང་ཁྲོ་བོའི་དཀྱིལ་འཁོར་གྱི་བཀོད་པ་སྒོ་རྟ་བབས་ལ་སོགས་པ་ཡོངས་སུ་རྫོགས་པ་ནི། ལུས་ཕུང་པོ་ལྔ་དང་འབྱུང་བ་ལྔ་སངས་རྒྱས་རིགས་ལྔ་ཡབ་ཡུམ་གྱི་ངོ་བོ་ལ་རྟོག་ཚོགས་བྱང་ཆུབ་སེམས་དཔའ་ཡབ་ཡུམ་སྒོ་བ་དང་བཅས་པར་གསལ་བས་གཟུགས་ཐམས་ཅད་སྣང་སྟོང་། སྒྲ་ཐམས་ཅད་གྲག་སྟོང་། སེམས་ཐམས་ཅད་རིག་སྟོང་སྒྱུ་མའི་རང་བཞིན་དུ་སྐུ་དང་། གསུང་དང་། ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དཀྱིལ་འཁོར་གསུམ་བསྒོམ་པ་གཞི་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཡེ་ནས་སངས་རྒྱས་པ་ལ། ལམ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཟབ་མོས་གསལ་བཏབ་པས། འབྲས་བུ་གདོད་མའི་གནས་ལུགས་སུ་བྱང་ཆུབ་པ་གསུམ་དབྱེར་མེད་པ་ནི་དེ་དག་རང་བཞིན་མཐུན་པའི་ཡེ་ཤེས་ཞེས་བྱ་སྟེ། གཞི་དག་མཉམ་ཡིན་པ་ལ། ལམ་གྱིས་དག་མཉམ་ཡིན་པར་ཤེས་པས། འབྲས་བུ་ཡིན་ཐོག་ཏུ་སླེབས་པའོ། །དེ་ལྟ་བུའི་དཀྱིལ་འཁོར་གསུམ་སྒོམ་པ་དེ་ཡང་གསལ་བ་ཙམ་གྱི་ཆ་ནས་བསྐྱེད་པ་དང་། རང་བཞིན་མེད་ལ་ཏིང་ངེ་འཛིན་གྱི་ངང་དྭངས་དང་བཅས་པའི་སྒོ་ནས་རྫོགས་པར་ལྷུན་གྱིས་གྲུབ་པས་བསྐྱེད་རྫོགས་ཟུང་འཇུག་གསུངས་ལ། ཀུན་མཁྱེན་འཇིགས་གླིང་གིས། བསྐྱེད་རིམ་གྱིས་ནི་སྣང་བའི་བདེན་ཞེན་འགོག །རྫོགས་རིམ་གྱིས་ནི་སྒྱུ་མའི་ཞེན་རྟོག་སྤོང་། །བདེ་གསལ་མི་རྟོག་ལྷན་སྐྱེས་ཡེ་ཤེས་འཆར། །ཞེས་གསུངས་ལ། བསྐྱེད་རིམ་གྱི་སྐབས་སུ་བཞིན་ལག་གི་རྣམ་པར་ཤར་ནས་བསྒོམས་པའི་ལྷ་དེ་དང་། སྣང་བཅས་མཚན་པ་དང་བཅས་པའི་རྫོགས་རིམ་དམིགས་པ་ཅན་ཐམས་ཅད་མཐར་བསམ་གྱིས་མི་ཁྱབ་པའི་དམིགས་མེད་ཀྱི་རྫོགས་རིམ་ལ་བསྡུ་དགོས་སོ། །དག་མཉམ་བདེན་པ་དབྱེར་མེད་ཆེན་པོར་བསྒོམས་པ་ལ་སྲོད་ཐོ་རངས་སྔ་ཕྱི་དྲོ་སྟེ་ཐུན་བཞིའམ་ཐུན་དང་ཐུན་མཚམས་ཀྱི་དབྱེ་བ་མེད་པའི་ཆུ་བོ་རྒྱུན་གྱི་རིམ་པས་རྣལ་འབྱོར་དུ་བྱེད་ཅིང་། ཕྱི་ནང་གི་སྣང་བ་དང་སེམས་ཀྱི་འགྲོ་ལྡོག་བཟང་ངན་ཐམས་ཅད་ཐབས་ཀྱི་རྒྱལ་པོ་མཉམ་རྫོགས་རོལ་པར་ཤར་ནས། འདོད་ཡོན་ཐམས་ཅད་ལྷ་ལ་ལྷ་འཇུག་པའམ། ལྷ་ལ་མཆོད་པ་འབུལ་བའི་རྣམ་པས་ལམ་དུ་བྱའོ། །འུ་ཚོས་ཆོ་ག་འདོན་དུས་ཀྱི་མཆོད་བསྟོད་དེ་ཚོ་ལྷས་ལྷར་བྱེད་པ་ལྟ་བུ་ཞིག་ཡིན་པ་སྟེ་མ་དག་པའི་སྣོད་བཅུད་དག་པའི་སྣོད་བཅུད་དུ་སྦྱངས། དག་པའི་སྣོད་བཅུད་དེ་སྤྲུལ་བའི་བསྐྱེད་རིམ་དུ་བསྒྱུར་པའི་སྐབས་སུ་མཆོད་པ་བྱེད་པ་རང་རྒྱུད་པ་ཞིག་ཟུར་དུ་མེད་པར་བསྐྱེད་བྱ་སྐྱེད་བྱེད་གཉིས་ཀ་བསྐྱེད་རིམ་གྱི་ལམ་ནས་སྦྱངས་ནས་མཆོད་ཅིང་བསྟོད་པ་ལ་སོགས་པས་བསོད་ནམས་ཀྱི་ཚོགས་རྫོགས་པ་དང་། མཐའ་གྲོལ་གྱི་ལྟ་བས་ཡེ་ཤེས་ཀྱི་ཚོགས་རྫོགས་པ་དེ་ལྟར་རོ། །དེའང་ཡུལ་དུ་སྣང་བ་ཡུམ་དུ་ཤེས་ནས་བཟའ་བཏུང་གོས་ལ་སོགས་པ་ཡབ་ཀྱི་ངང་ནས་ཟུང་དུ་འཇུག་པས་རོལ་པ་ནི་ལྷ་ལ་ལྷ་ཐིམ་པ་སྟེ། སྒྱུ་འཕྲུལ་ལས། གཟུགས་སྒྲ་དྲི་རོ་རེག་ལ་སོགས། །རྣམ་སྨིན་ཡུམ་དུ་ཤེས་པས་སྤྱད། །ཅེས་པ་དང་། འདིའི་སྐབས་ཀྱི་སྤྱད་ཅེས་པ་མཱུཾ་ཡིག་ཡིན་ཀྱང་སྤྱད་བྱ་ཡུལ་ཡུམ་དུ་ཤེས་པའང་སྦས་དོན་ཡིན་ཕྱིར་དོན་གྱིས་འབྲེལ་བས་ཡིག་སྐྱོན་མིན་པ་འདྲ་སྟེ་དཔེ་ཀུན་ན་དེ་ལྟར་སྣང་ངོ་། །གཟུགས་སྒྲ་དྲི་རོ་རེག་བྱ་དང་། སོགས་ཁོངས་སུ་ཡིད་ཀྱི་ཡུལ་དུ་གྱུར་བའི་ཆོས་དང་། འབྱུང་བ་ལྔར་སྣང་བ་ཐམས་ཅད་ཐ་མལ་པའི་གཟུགས་སྒྲ་དྲི་རོ་སོགས་སུ་མི་ལྟ་བར་མཱུཾ་ཏེ་གཉིས་སུ་མེད་པའི་ཡེ་ཤེས་གསང་བ་ཡུམ་གྱི་དཀྱིལ་འཁོར་དུ་བསྒོམས་ཤིང་མཆོད་པའི་དོན་ཏོ། །ཐ་མལ་བའི་སྣང་བས་མི་སྤྱད་དེ། འདོད་ཡོན་རང་གར་ཞེན་ནས་དུག་ལྔ་རང་རྒྱུད་དུ་ཤོར་ན་གསང་སྔགས་ཀྱི་ལམ་དུ་མི་རུང་བའི་ཕྱིར། བསྐྱེད་རྫོགས་ལས་མ་ཡེངས་པར་བྱ་བ་ཉིད། གསང་བ་གྲུབ་པ་ལས། ཐ་མལ་པ་ཡི་ལུས་སྤངས་ནས། །ལྷ་རྫས་ང་རྒྱལ་ལྡན་ཡིད་ཀྱིས། །ཏིང་འཛིན་མཆོག་ལ་རྣམ་གནས་ན། །དེ་ནི་འགྲུབ་འགྱུར་ཐེ་ཚོམ་མེད། །ཅེས་པ་དང་། རྩ་ལྟུང་ལས། སངས་རྒྱས་བྱང་ཆུབ་འདོད་པ་ཡིས། །རྩ་བ་ཆད་པའི་ཞེ་སྡང་ནི། །སྐད་ཅིག་ཙམ་ཡང་བསྟེན་མི་བྱ། །སེམས་འཁྲུགས་པ་ལ་ཐར་ལམ་མེད། །ཅེས་པ་དང་། དེའི་འགྲེལ་པར། བསྐལ་པ་མང་པོར་ཚོགས་བསགས་པས། །རིན་ཆེན་སྣོད་དུ་བདུད་རྩི་ཟགས། །རྟག་པར་བརྩོན་པར་མི་བྱེད་ན། །ཅི་ཕྱིར་འདོད་པའི་དུག་གིས་མྱོས། །ཞེས་སོ། །དེའང་ཐམས་ཅད་ལྷ་དང་དཀྱིལ་འཁོར་གྱི་སྣང་བ་རྨི་ལམ་ལྟ་བུར་བསྒོམས་པས་ཕྱི་དོན་དུ་འཛིན་པའི་རྣམ་རྟོག་དང་། དཀྱིལ་འཁོར་རང་གནས་ལ་སྒྲིབ་པའི་མུན་ནག་སངས་ཏེ། རྫོགས་རིམ་ཡོད་མེད་མཐར་འཛིན་ལས་ཀྱང་འདའ་བ་ཡིན་ནོ། །འདིར་དོགས་སློང་མཛད་པ་ནི། དེའང་དཀྱིལ་འཁོར་དུ་བསྒོམ་པ་སྤྲོས་པ་མ་ཡིན་ནམ་ཞེ་ན། སྤྲོས་པ་ཡིན་ཀྱང་སྤྲོས་པ་ངན་པ་རྣམས་དབྱིངས་སུ་ཞི་བར་བྱེད་པའི་ཐབས་ཡིན་པས་ཉེས་པ་མེད་དེ། བརྟགས་གཉིས་ལས། བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱིས། །བརྟུལ་ཞུགས་ཅན་གྱི་སྤྲོས་པ་སྒོམ། །སྤྲོས་པ་རྨི་ལམ་ལྟར་བསྒོམས་ན། །སྤྲོས་པ་ཉིད་ཀྱིས་སྤྲོས་མེད་བྱེད། །ཅེས་སོ། །སྐུ་དང་ཡེ་ཤེས་ཀྱི་སྣང་བ་དང་དབྱེར་མེད་པའི་དབྱིངས་དེ་དོན་དམ་བདེན་པ་མཐར་ཐུག་ཡིན་ཅིང་། མ་ཧཱ་ལྟར་དུ་བྱས་ནས་གཙོ་ཆེར་བཤད་པའི་དབང་དུ་བཏང་ན། དོན་དམ་དཀོར་བདུན་ཞེས་པ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་སྟེ་དེའི་སྟེང་དུ་དབྱིངས་ཡེ་གཉིས་བསྣན་པས་བདུན་ནོ། །དེ་ལྟ་བུའི་དོན་དམ་དཀོར་བདུན་དེ་ལྷུན་གྱིས་གྲུབ་པར་ཞེས་པའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་འདི་ཐེག་ཆེན་པས་གནས་ལུགས་མཐར་ཐུག་ལ་བཞེད་པ་དེའོ། །ཁ་ཅིག་འདིར། སྔགས་ཀྱི་བཟླས་མེད་དཀའ་ཐུབ་དང་ནི་སྦྱིན་སྲེག་མེད། །དཀྱིལ་འཁོར་ཅན་ཡང་མེད་ཅིང་དཀྱིལ་འཁོར་ཡང་ནི་མེད། །དེ་ནི་སྔགས་བཟླས་པ་སྟེ་དཀའ་ཐུབ་དང་སྦྱིན་སྲེག །དེ་ནི་དཀྱིལ་འཁོར་ཅན་དང་དཀྱིལ་འཁོར་ཆེན་པོ་ཉིད། །ཅེས་ཀྱེ་རྡོ་རྗེ་ལས་གསུངས་པས། དོན་དམ་པར་ཅི་ཡང་མེད་པར་འཛིན་པ་ཡོད་ཅིང་དེ་ལྟར་འཛིན་པ་དེ་ནི་ཐ་ཆད་དུ་ལྟ་བས་གསང་སྔགས་ལ་སྐུར་པ་འདེབས་པའོ། །ལུང་དེ་ནི་རྣལ་འབྱོར་པ་ཆེན་པོ་སྣང་སྲིད་དཀྱིལ་འཁོར་དུ་རྟོགས་ནས་ཉོན་མོངས་པ་རང་སངས་སུ་སོང་བ་དག་ལ་བཅོས་མ་འདུས་བྱས་ཀྱི་དཀའ་ཐུབ་ལ་སོགས་པ་མི་དགོས་ཏེ་རྟོག་པ་དག་མཉམ་དེ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་པས་དེ་འགྲུབ་པའི་ཐབས་སུ་སྦྱིན་སྲེག་ལ་སོགས་པ་བསྟན་ན། དེ་གྲུབ་ཟིན་ནས་རྒྱུ་ཕལ་པ་ལ་དགོས་པ་མེད་དེ་ཆུ་བརྒལ་ནས་གྲུ་ཁུར་བ་ལ་དགོས་པ་མེད་པ་བཞིན་ནོ་ཞེས་འདོད་པ་ཡིན་ནོ། །གཤིས་འོད་གསལ་གཞིའི་དཀྱིལ་འཁོར་སྤྲོས་པ་མེད་པའི་རང་བཞིན་ལ་ལྷ་དང་སྔགས་ཉི་མ་དང་འོད་ལྟར་རང་ཆས་སུ་གནས་ཏེ། བརྟག་གཉིས་ལས། སྤྲོས་པ་མེད་པའི་རང་བཞིན་ལ། །ལྷ་དང་སྔགས་ནི་ཡང་དག་གནས། །ཞེས་གསུངས་སོ། །དེ་ལྟར་རྣལ་འབྱོར་ལ་བརྩོན་ན་ཚེ་འདི་ཉིད་དམ་བར་དོར་རྡོ་རྗེ་འཆང་དུ་འགྲུབ་པ་ལ་བླ་མེད་ཀྱི་རྒྱུད་སྡེ་ཐམས་ཅད་མཐུན་པའོ། །རང་སེམས་དྲི་མ་དག་པའི་རིམ་པ་དང་མཚུངས་པར་སངས་རྒྱས་ཀྱི་ཆོ་འཕྲུལ་དང་བྱིན་རླབས་ཐམས་ཅད་ཇེ་མངོན་ཡིན་ཅིང་། མཐར་དྲི་མ་དག་ནས་གནས་ལུགས་མངོན་དུ་གྱུར་དུས་ལྷ་རྟོག་གཉིས་མེད་ཀྱི་ཆོས་ཉིད་ཡེ་ཤེས་ཀྱི་སྐུ་བརྙེས་པའོ། །དེས་ན་ད་ལྟའི་སྐབས་སུ་སངས་རྒྱས་ཐམས་ཅད་སྔགས་ཀྱི་རྣམ་པར་བྱོན་ནས་གནས་སྐབས་དང་མཐར་ཐུག་གི་དོན་སྒྲུབ་པར་མཛད་པ་ཡིན་པའི་གོ་བའོ། །གཉིས་པ་ལ་བསྟན་བཤད་གཉིས། དང་པོ།

བྱེ་བྲག་སོ་སོའི་དབྱེ་བ་མདོར་བསྟན་པ།

དེ་ལྟ་བུའི་རྣལ་འབྱོར་ཆེན་པོ་བླ་ན་མེད་པ་དེ་ཡང་། དབྱེ་ན་ཕ་མ་གཉིས་མེད་རྒྱུད་དག་ལས། །ཞེས་མདོར་བསྟན་ནས། གཉིས་པ་ལ། ཕ་རྒྱུད། མ་རྒྱུད། གཉིས་མེད་རྒྱུད་གསུམ། དང་པོ།

ཕ་རྒྱུད་བསྟན་པ།

བསྐྱེད་རིམ་ཐབས་རླུང་རྫོགས་རིམ་གཙོར་འདོད་པ། །རྣལ་འབྱོར་ཕ་རྒྱུད་བླ་ན་མེད་པ་ཡིན། །ཅེས་གསུངས་ཏེ་འདིའི་གོ་དོན་གོང་ནས་བཤད་པ་དེའོ། །བསྐྱེད་རིམ་དང་རྫོགས་རིམ་རླུང་གཙོ་བོར་འདོད་ཅིང་མངོན་སྤྱོད་དང་འཕྲིན་ལས་སྣ་ཚོགས་པ་རྒྱས་པར་སྟོན་པའི་རྒྱུད་སྡེ་དག་ནི་ཕ་རྒྱུད་ལ། གཉིས་པ།

མ་རྒྱུད་བསྟན་པ།

རྫོགས་རིམ་ཤེས་རབ་ཐིག་ལེ་གཙོར་འདོད་པ། །རྣལ་འབྱོར་བླ་མེད་མ་ཡི་རྒྱུད་ཅེས་བྱ། །ཞེས་གསུངས་ཏེ། རྫོགས་པའི་རིམ་པ་དང་། ཐིག་ལེ་ལ་བརྟེན་པའི་ཤེས་རབ་གཙོ་བོར་འདོད་ཅིང་། ལས་བཞི་ཕྲིན་ལས་ཀྱི་ནང་ནས་དབང་གི་ལས་གཙོ་བོར་འདོད་པ་ནི་མའི་རྒྱུད་དེ། མདོར་ན་ཐབས་ཤེས་རབ། བསྐྱེད་པ་རྫོགས་པ། རྒྱ་ཆེ་བ་བསྐྱེད་པའི་རིམ་པ་དང་ཟབ་པ་རྫོགས་པའི་རིམ་པ་གཉིས་གཉིས་ཀྱི་སྒོ་ནས་ཕ་དང་མའི་རྒྱུད་སྡེར་དབྱེ་བ་ཡིན་ལ། མི་རྣམས་ལའང་སྐྱེས་པ་དང་བུད་མེད་གཉིས་ཀྱི་རིམ་པས་དེ་གདུལ་བའི་ངོར་རྒྱུད་ཀྱང་གཉིས་སུ་བཤད་དེ། རྡོ་རྗེ་གུར་ལས། ཐབས་ཀྱི་སྐྱེས་པ་འདུལ་བའི་ཕྱིར། །རྣལ་འབྱོར་ཕ་ཡི་རྒྱུད་བཤད་དོ། །ཤེས་རབ་བུད་མེད་འདུལ་བའི་ཕྱིར། །ཕྱི་ནས་རྣལ་འབྱོར་མ་རྒྱུད་བཤད། །ཅེས་སོ། །གསུམ་པ།

གཉིས་མེད་རྒྱུད་བསྟན་པ།

དེ་གཉིས་ཀའི་རང་བཞིན་མཚུངས་པར་ཉམས་སུ་ལེན་པའི་དོན་དུ་བསྐྱེད་རྫོགས། གཉིས་ཀ་དག་མཉམ་ཡེ་ཤེས་གཙོར་འདོད་པ། །གཉིས་མེད་རྒྱུད་སྡེ་བླ་ན་མེད་པ་སྟེ། །ཞེས་གསུངས་ཏེ། ཐབས་བསྐྱེད་པ་དང་། ཤེས་རབ་རྫོགས་པའི་རིམ་པ་གཉིས་ཀ་མཉམ་པར་སྟོན་ཞིང་། ཐམས་ཅད་ངང་གིས་འོད་གསལ་བའི་ཡེ་ཤེས་གཙོ་བོར་འདོད་པ་ལ་དཔལ་གཉིས་སུ་མེད་པའི་རྒྱུད་ཅེས་བྱའོ། །དེ་ཡང་དཔལ་གསང་བ་འདུས་པ་དང་། གཤིན་རྗེ་གཤེད་ལ་སོགས་པར་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་ལམ་གྱི་ངོ་བོར་གསུངས་ལ། བདེ་མཆོག་འཁོར་ལོ་དང་། རྡོ་རྗེ་གདན་བཞི་ལ་སོགས་པར་བདེ་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལམ་གྱི་ངོ་བོར་གསུངས་ཤིང་། དུས་ཀྱི་འཁོར་ལོ་དང་། སྒྱུ་འཕྲུལ་དྲྭ་བར་འོད་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལམ་གྱི་ངོ་བོར་གསུངས་པ་ཡིན་ནོ། །ཞེས་སྔགས་གསར་མའི་ནང་ནས་དེ་ལྟར་ཡིན་ཅེས་སོ། །སྔགས་རྙིང་མ་ལྟར་ན་ནང་རྒྱུད་ཡོ་ག་རྣམ་པ་གསུམ་འདི་ལ། ཕ་རྒྱུད་མ་ཧཱ་ཡོ་ག་དང་། མ་རྒྱུད་ཨ་ནུ་ཡོ་ག གཉིས་མེད་ཨ་ཏི་ཡོ་ག་སྟེ་ནང་རྒྱུད་སྡེ་གསུམ་དུ་གྲགས་པ་སྟེ། དེ་ཡང་མདོ་སྒྱུ་སེམས་གསུམ་གྱིས་བསྡུས་པ་ཞིག་གོ །སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད་ལས། བསྐྱེད་པ་མ་ཧཱ་ཡོ་ག་ནི་ཆོས་རྣམས་ཀྱི་གཞི་ལྟ་བུའོ། །ལུང་ཨ་ནུ་ཡོ་ག་ནི་ཆོས་རྣམས་ཀྱི་ལམ་ལྟ་བུའོ། །རྫོགས་པ་ཨ་ཏི་ཡོ་ག་ནི་ཆོས་རྣམས་ཀྱི་འབྲས་བུ་ལྟ་བུའོ་ཞེས་བཤད་པ་ལྟར་སྔགས་ཀུན་གྱི་གཞི་མ་ལྟ་བུ་མ་ཧཱ་ཡོ་ག་ནི་ཕྱི་མ་གཉིས་ལ་ལྟོས་ནས་རྒྱུད་ལྟ་བུ་ཡིན་ལ། དེའི་ཐབས་ལམ་ཟབ་མོ་ནང་ལུས་ཀྱི་རྩ་ཁམས་གནད་དུ་བསྣུན་པ་སོགས་ཆེས་གསལ་པོར་བསྟན་པས་ཨ་ནུ་ཡོ་ག་ནི་གསང་སྔགས་ཀྱི་ལམ་ལྟ་བུ་དང་། རྒྱུད་ལ་ལྟོས་ནས་དེའི་དགོངས་གནད་གསལ་བའི་ལུང་ལྟ་བུ་ཡིན་ལ། ལམ་ཐམས་ཅད་ཀྱི་གྲུབ་དོན་མཐར་ཐུག་པ་འབྲས་བུ་རང་བྱུང་གི་ཡེ་ཤེས་ནི་རྫོགས་པ་ཆེན་པོར་རྗེན་ཅེར་དུ་བསྟན་པས་ན་གསང་སྔགས་ཀྱི་ལམ་མཐར་ཕྱིན་པའི་འབྲས་བུ་ལྟ་བུ་དང་སྔ་མ་གཉིས་ལ་ལྟོས་ནས་མན་ངག་གི་རྒྱུད་དུའང་རྣམ་པར་གཞག་པ་ཡིན་ནོ། །དེ་ལྟ་བུའི་སྔགས་ནང་རྒྱུད་སྡེ་གསུམ་གྱི་གཞི་ལམ་འབྲས་བུའི་རྣམ་བཞག་འདིར་ས་ཁོངས་འཛིན་བྱེད་ཙམ་དུ་གླེང་ན། ཡོ་ག་རྣམ་པ་གསུམ་རེ་རེ་བཞིན་དུ། གཞི་ལྟ་བས་གཏན་ལ་འབེབ་ཚུལ། ལམ་སྒོམ་པས་ཉམས་སུ་ལེན་ཚུལ། འབྲས་བུ་གྲུབ་དོན་མཐར་ཕྱིན་པའི་ཚུལ་དང་གསུམ་གྱིས་བཤད་དགོས་པས། དང་པོ་རྒྱུད་མ་ཧཱ་ཡོ་གས་གཞི་ལྟ་བས་གཏན་ལ་འབེབས་ཚུལ་ནི། ཆོས་ཅན་ཀུན་རྫོབ་ཀྱི་ཆ་འདི་ལྟར་སྣང་བ་ཐམས་ཅད་གདོད་མ་རང་བཞིན་གྱིས་སྐུ་གསུང་ཐུགས་རྡོ་རྗེའི་དཀྱིལ་འཁོར་གསུམ་དུ་གནས་ཤིང་སྟོང་བཞིན་པ་ནི་ལྷག་པའི་ཀུན་རྫོབ་བདེན་པ་དང་། དེའི་རང་བཞིན་ཅིར་ཡང་མ་གྲུབ་པའི་སྟོང་པ་ཉིད་སྐུ་དང་ཡེ་ཤེས་དང་འདུ་འབྲལ་མེད་པ་ནི་ལྷག་པའི་དོན་དམ་བདེན་པ་སྟེ། དེ་ལྟ་བུའི་ལྷག་པའི་བདེན་གཉིས་དབྱེར་མེད་ཆོས་སྐུ་ཆེན་པོར་གནས་པ་ཉིད་རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ་ལ་སོགས་པའི་རྟོགས་པ་བཞི་ལ་སོགས་པའི་གཏན་ཚིགས་དང་ལུང་དང་རིགས་པས་ཡུལ་མེད་རང་གསལ་བློའི་སྤྱོད་ཡུལ་དང་བྲལ་བའི་ཚུལ་གྱིས་གཏན་ལ་འབེབ་པའོ། །ལྟ་བ་ཞེས་པ་ནི་གཞལ་བྱའི་ཡུལ་གང་ལ་ཤེས་རབ་ཀྱིས་སྒྲོ་འདོགས་བཅད་ནས་མཐའ་གཅིག་ཏུ་ངེས་པར་འཛིན་པའི་བློ་ཞིག་ཡིན་པས། གཞི་མ་འཁྲུལ་གཞི་ཡི་ལྟ་བ་སྣང་སྲིད་དག་མཉམ་ཆེན་པོར་རང་བཞིན་གཞི་ཡི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་གཏན་ལ་འབེབས་པའོ། །དེ་ལྟར་གཏན་ལ་ཕབ་ནས་གཉིས་པ་ལམ་ཉམས་སུ་ལེན་པ་ན། སྟོང་པ་ཆེན་པོ། སྙིང་རྗེ་སྒྱུ་མ། ཕྱག་རྒྱ་གཅིག་པ། ཕྱག་རྒྱ་སྤྲོས་བཅས། ཚོམ་བུ་ཚོགས་སྒྲུབ་ཀྱི་རིམ་པ་ལ་བརྟེན་ནས་རྣམ་སྨིན་དང་། ཚེ་དབང་དང་། ཕྱག་ཆེན་དང་། ལྷུན་གྲུབ་རིག་འཛིན་གྱི་གོ་འཕང་ལ་རིམ་པར་འཇུག་གོ །གསུམ་པ་འབྲས་བུ་ནི་མ་དག་འཁྲུལ་བའི་དྲི་མ་མཐའ་དག་ལམ་ཟབ་མོའི་སྟོབས་ཀྱིས་སྦྱངས་ནས་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་འབྲས་ཆོས་ཉེར་ལྔའི་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་འགྲུབ་པའོ། །གཉིས་པ་ལུང་ཨ་ནུ་ཡོ་ག་ལའང་གཞི་ལམ་འབྲས་གསུམ་ལས་དང་པོ་ཇི་ལྟར་སྣང་བའི་དངོས་པོ་ཐམས་ཅད་ཀུན་ཏུ་བཟང་པོ་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དང་། དེའི་རང་བཞིན་མཐའ་ཀུན་དང་བྲལ་བའི་སྟོང་པ་ཉིད་ཀུན་ཏུ་བཟང་མོ་ཡེ་ཇི་བཞིན་པའི་དཀྱིལ་འཁོར་ཏེ། དེ་གཉིས་ཀྱང་ངོ་བོ་འདུ་འབྲལ་མེད་པར་མཉམ་པ་ཉིད་ཏུ་གནས་པ་སྲས་བདེ་བ་ཆེན་པོ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཆོས་ཐམས་ཅད་གཏན་ལ་འབེབས་པའོ། །གཉིས་པ་དེ་ལྟ་བུའི་དཀྱིལ་འཁོར་དེ་དག་གདོད་མ་ནས་རང་སེམས་དང་དབྱེར་མེད་ཅིང་དེའི་ངང་དུ་ཆོས་ཀུན་འུབ་ཆུབ་པ་ཡིན་ན་ཡང་། སྣང་བ་གསུམ་གྱི་འཕོ་བའི་བག་ཆགས་རྐྱེན་དུ་གྱུར་པའི་གཟུང་འཛིན་ཀུན་རྟོག་གི་གཡོ་བས་བཟང་ངན་བླང་དོར་སྣ་ཚོགས་སུ་སྣང་ཞིང་ཞེན་པའི་སྒྲིབ་པ་བསལ་བའི་སླད་དུ། རྩ་རླུང་ཐིག་ལེ་ལ་གནད་དུ་བསྣུན་ནས་བདེ་ཆེན་གྱི་ཡེ་ཤེས་མངོན་དུ་བྱེད་པའི་ཐབས་ལ་སྦྱངས་པས། ཚོགས་ལམ་འདུན་པ་སེམས་པ། སྦྱོར་ལམ་རིགས་ཆེན་འབྱེད་པ། མཐོང་ལམ་དབུགས་ཆེན་འབྱིན་པ། སྒོམ་ལམ་ལུང་ཆེན་ཐོབ་པ། མི་སློབ་ལམ་རྩལ་ཆེན་རྫོགས་པའི་བར་དུ་རིམ་བཞིན་བགྲོད་པའོ། །གསུམ་པ་རྫོགས་པ་སྤྱིར་ཆིབ་ཀྱི་ས་ལ་བདེ་ཆེན་རྡོ་རྗེ་ལྟ་བུའི་སྐུ་སྤངས་རྟོགས་མཐར་ཕྱིན་པའི་སངས་རྒྱས་སུ་འགྲུབ་པའོ། །གསུམ་པ་ཨ་ཏི་ཡོ་ག་ལ་གཞི་ལམ་འབྲས་གསུམ་ལས། དང་པོ་ཆོས་ཐམས་ཅད་མཉམ་ཉིད་རང་བྱུང་གི་ཡེ་ཤེས་ཐིག་ལེ་ཉག་གཅིག་གི་ངོ་བོར་གདོད་ནས་གནས་པ་ཉིད་གཏན་ལ་འབེབས་པ་སྟེ། དེ་ཡང་ཆོས་ཐམས་ཅད་རང་སེམས་ལ་སྣང་བ་ཙམ་དུ་ཟད་ཀྱི། སྣང་བའི་རང་བཞིན་གང་དུའང་མ་གྲུབ་པའི་རྫུན་པར་གནས་ལ། སེམས་ཉིད་ནི་ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། ཐུགས་རྗེ་ཀུན་ཁྱབ་སྤྲུལ་པའི་སྐུ་སྟེ་སྐུ་གསུམ་གྱི་བདག་ཉིད་དུ་ཡེ་ནས་བཞུགས་ཤིང་། ཀ་དག་ལྷུན་གྲུབ་དབྱེར་མེད་ཀྱི་གནས་ལུགས་དེའི་ངང་དུ་འཁོར་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་བླང་དོར་མེད་པར་མཉམ་པའི་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཆེན་པོ་གཏན་ལ་འབེབས་པའོ། །གཉིས་པ་དེ་ལྟར་རྟོགས་ནས་བྱ་རྩོལ་མེད་པའི་ཚུལ་གྱི་རང་གནས་སྙིང་པོའི་ཡེ་ཤེས་ལ་དགག་སྒྲུབ་དང་བསལ་བཞག་བྲལ་བར་བཞག་པས་ཆོས་ཉིད་ཀྱི་དོན་ཇི་ལྟ་བ་བཞིན་རིམ་པས་མངོན་དུ་འགྱུར་བའོ། །དེ་ལའང་རྩོལ་མེད་རང་བྱུང་གི་ཡེ་ཤེས་ལམ་དུ་བྱེད་པར་འདྲ་ཡང་། རྣམ་མེད་ཀ་དག་གི་ཉམས་ལེན་ཅོག་བཞག་བཞི་ལ་སོགས་པ་དང་། རྣམ་བཅས་ལྷུན་གྲུབ་ཀྱི་ཉམས་ལེན་ཐོད་རྒལ་གྱི་གཟིགས་སྟངས་གསུམ་ལ་སོགས་པས་འཁྲུལ་པ་གཞི་ལ་བཟློག་ནས་སྣང་བཞི་མཐར་ཕྱིན་པར་བྱེད་པའོ། །གསུམ་པ་འབྲས་བུ་ཡེ་ཤེས་བླ་མའི་ས་ལ་ཁྱབ་བདག་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་དང་གཉིས་སུ་མེད་པར་རང་རིག་པ་བྱང་ཆུབ་སེམས་ཀྱི་ངོ་བོ་གློ་བུར་གྱི་སྒྲིབ་པ་ཀུན་དང་བྲལ་ནས་སྤངས་རྟོགས་མཐར་ཕྱིན་ཏེ་བྲི་གང་བྲལ་བར་བཞུགས་པའོ། །ནང་རྒྱུད་ཡོ་ག་རྣམ་གསུམ་གྱི་སྤྱི་བཤད་ཙམ་ཞིག་བྱས་ན་དེ་ལྟར་རོ། །གསུམ་པ།

མཇུག་བསྡུ་བ།

ནང་པའི་ཆོས་ཀུན་བསྡུ་ན་དེ་ཙམ་མོ། །ཞེས་གསུངས་ཏེ། དེ་དག་གིས་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་བསྟན་ཏེ། བསྡོམས་པས་ནང་པའི་གཞུང་ལུགས་དང་། ཕྱི་རོལ་པའི་གྲུབ་མཐའ་རྣམ་པར་གཞག་པས། ཇི་ལྟ་བུའི་ཆོས་ཀྱི་རྣམ་གྲངས་གང་ཐོས་པར་བྱ་བའི་རིམ་པ་རྣམས་རྒྱ་ཆེར་གཏན་ལ་ཕབ་ཟིན་ཏོ། །ཞེས་བསྡོམས་ཆེན་པོ་ཞིག་མཛད་དོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། བཤད་བྱ་ཆོས་ཀྱི་རྣམ་གྲངས་རྒྱ་ཆེར་སྤྲོས་པའི་ལེའུ་སྟེ་བཅུ་གཉིས་པའི་འགྲེལ་པའོ།། །།དེ་ཡན་གྱིས་མན་ངག་གི་བསྟན་བཅོས་འདིའི་སྤྱིའི་ཆིངས་གཉིས་པ་མྱང་འདས་ཀྱི་རང་བཞིན་བླང་བྱར་བསྟན་པ་ལས། ལམ་དངོས་དང་ལམ་དེ་ཇི་ལྟར་བགྲོད་པའི་ཚུལ་བསྟན་པ་ཡི་ནང་ནས་ཕྱི་མ་དགེ་བའི་བཤེས་གཉེན་བརྟག་ཚུལ་དང་བསྟེན་ཚུལ། བསྟེན་ནས་ཆོས་པ་དངོས་ཀྱི་དོན་རྒྱ་ཆེར་གཏན་ལ་དབབ་པ་དེ་ཚོ་བཤད་ནས། གཉིས་པ་བསམ་པའི་ཤེས་རབ་ལ་སྤྱི་དང་། ཁྱད་པར་གྱི་བསམ་བྱ་གཉིས། དང་པོ།

བསམ་པའི་ཤེས་རབ་སྤྱིར་བསྟན་པ།

དེ་ལྟར་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་ཀྱི་སྤྱི་དང་རང་གི་མཚན་ཉིད་གསལ་བར་ཤེས་ནས་ཐར་པ་བསྒྲུབ་པའི་ཕྱིར། རྡོ་རྗེའི་གནས་གཉིས་པ་བསམ་པ་ལས་བྱུང་བའི་ཤེས་རབ་ཀྱིས། ཐོས་པ་དམ་པའི་དོན་རྣམས་སྤྱིར་བསམ་ཞིང་། ཁྱད་པར་དུ་དལ་འབྱོར་རྙེད་པར་དཀའ་བ་ལ་སོགས་པ་ལྔ་བསམ་པར་གདམས་པའི་རིམ་པ་ནི། དེ་ལྟར་ཐོས་པ་དམ་པས་བརྒྱན་རྗེས་སུ། །བསམ་པའི་ཤེས་རབ་ངེས་པར་རྒྱུད་ལ་བསྐྱེད། །དེ་ཡང་ཐོས་པའི་དོན་རྣམས་ཐམས་ཅད་དང་། །ཞེས་གསུངས་ཏེ། བསམ་པའི་ཤེས་རབ་འདི་ལ་སྤྱི་དང་ཁྱད་པར་གྱི་བསམ་བྱ་གཉིས་ཡོད་པའི་ནང་གི་དང་པོ་བསམ་པའི་ཤེས་རབ་སྤྱིར་གསུངས་པ་ནི། ཐོས་པའི་དོན་དེ་ཉིད་རྒྱུད་ལ་ངེས་པ་ནི་བསམ་པ་ལས་བྱུང་བའི་ཤེས་རབ་ལ་རག་ལས་པའི་ཕྱིར། ཐོས་པའི་ཚིག་དེ་ཉིད་ཉེ་བར་དོན་དཔྱོད་པས་ནང་དུ་སེམས་པར་ཞུགས་པ་ན་ཇི་སྐད་སྨོས་པའི་གྲུབ་པའི་མཐའ་དང་འཇིག་རྟེན་གྱི་ཁམས་རྣམ་པར་གཞག་པ་ལ་སོགས་པ་རྣམས་དང་། ཁྱད་པར་དལ་འབྱོར་རྙེད་པར་དཀའ་བ། ཚེ་མི་རྟག་པ། དད་པའི་ཕན་ཡོན། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་ཏེ། རྣམ་པ་ལྔ་བསམ་པ་ལ་འཇུག་པར་བྱའོ། །དེ་ཡང་བྱང་ཆུབ་སྒྲུབ་པའི་རྟེན་རྣམས་ལས་མཆོག་ཏུ་གྱུར་པ་དལ་འབྱོར་གྱི་མི་ལུས་ཡིན་པས། དེ་ཐོབ་པ་ལ་སྤྲོ་དགའ་བསྐྱེད་དགོས། དེ་མ་བསམས་ན་དལ་བ་ཆུད་གསོན་པའི་ཉེས་པ་ཡོད། དེ་ནི་ཐོབ་ཀྱང་ཡིད་བརྟན་མེད་པས། དགེ་བའི་ཚོགས་སྒྲུབ་པ་ལ་བསྐུལ་མ་བརྩོན་འགྲུས་ཀྱི་ལྕག་འདེབས་ཚེ་མི་རྟག་པར་བསམ་དགོས། དེ་མ་བསམས་ན་ལེ་ལོ་སྙོམ་ལས་ཀྱིས་ཐར་པའི་ལམ་སྣ་ཟིན་དུས་མི་འོང་བའི་ཉེས་པ་ཡོད། དེ་ནས་གཅིག་ཏུ་གཅེས་པའམ་གནད་ཆེན་ཁེར་བུ་ཞིག་ཡོད་པ་ནི་གང་ཡིན་ཅེ་ན་དད་པའི་དཔུང་ཚོགས་ཡིན་པ་དེ་ཉིད་བསྐྱེད་དགོས་ཀྱི་མ་གཏོགས་དཔུང་མེད་ཁེར་བུ་ཞིག་དང་འདྲ་པས། དེ་མ་བསྐྱེད་ན་ཆོས་ཀྱི་རྩ་བ་སྟོར་བའི་ཉེས་པ་ཡོད། དེ་ནས་ལས་དགེ་སྡིག་རྒྱུ་འབྲས་ཕྲ་མོ་ལ་བསམ་དགོས། དེ་མ་བསམས་ན། གཏན་དུ་འཁོར་བའི་སྡུག་བསྔལ་ལས་མི་ཐར་པའི་ཉེས་པ་ཡོད། དེ་ནས་འཁོར་བ་མཐོ་དམན་གྱི་ཉེས་དམིགས་ལ་བསམ་དགོས། དེ་མ་བསམས་ན་འཁོར་འདས་ལ་སྤང་བླང་མི་ཤེས་པས་ཐར་པ་བྱང་ཆུབ་ཀྱི་ལམ་སྣ་མི་ཟིན་པའི་ཉེས་པ་ཡོད། དེ་ལྟར་ན་ཆོས་འདི་ལྔས་གང་ཟག་གཅིག་ཐར་པར་བགྲོད་པའི་འཇུག་སྲོལ་མི་འཆུགས་པར་བྱེད་པའོ། །གཉིས་པ། བསྟན་བཤད་གཉིས། དང་པོ།

མདོར་བསྟན་པ།

ཁྱད་པར་བསམ་བྱ་རྣམ་པ་ལྔ་ཉིད་ལས། །ཞེས་གསུངས་ཏེ། དེ་ལྟར་བསམ་བྱའི་ཆོས་ལྔ་ཡོད་པ་ལས་རེ་ཞིག ཅེས་མདོར་བསྟན་ནས། གཉིས་པ་ལ། རྟེན་ཆོས་ལ་ཕྱོགས་པའི་བསམ་བྱ། སེམས་ལ་ཆོས་སྣང་བའི་བསམ་བྱ། ཆོས་ཡང་དག་པར་འགྲུབ་པའི་བསམ་བྱ་གསུམ། དང་པོ་ལ། རྟེན་དོན་ཡོད་པར་བྱ་བའི་བསམ་བྱ་དང་། མྱུར་དུ་དོན་ཡོད་པར་བྱ་བའི་བསམ་བྱ་གཉིས། དང་པོ་ལ། རང་བཞིན་མདོར་བསྟན། རྣམ་གྲངས་རྒྱས་པར་བཤད་པ། དེ་ལྟར་བསམ་པའི་ཕན་ཡོན་གསུམ། དང་པོ།

རང་བཞིན་མདོར་བསྟན་པ།

དང་པོ་དལ་འབྱོར་རྙེད་དཀའ་བསམ་པ་ནི། །ཞེས་གསུངས་ཏེ། གང་ཞིག་མཐའ་མེད་པའི་འཁོར་བར་སྐྱེ་ཤིའི་ཆུ་བོས་ཁྱེར་བ་ལས། ད་རེས་དལ་འབྱོར་གྱི་གྲུ་རྙེད་ནས་འཁོར་བའི་ཕ་རོལ་ཏུ་བགྲོད་དུ་ཡོད་པ་འདི་ནི་ཤིན་ཏུ་རྙེད་དཀའ་བ་ཞིག་རྙེད་པས་སྤྲོ་བ་ཆེར་བྱས་ཏེ་ཆོས་ལ་སྦྱར་བར་རིགས་སོ། །གཉིས་པ་ལ། རྙེད་དཀའི་ཚུལ་བསམ་པ་དང་། དེ་ཤེས་ནས་དོན་ཡོད་པར་བྱ་ཚུལ་གཉིས། དང་པོ་ལ། མི་མཐུན་ཕྱོགས་བྲལ་བའི་ཚུལ། མཐུན་རྐྱེན་ཚང་བ། དེ་ལྟ་བུའི་རྟེན་རྙེད་དཀའི་དཔེ་བསམ་པ་གསུམ། དང་པོ་ལ་བསྟན་བཤད་གཉིས། དང་པོ།

མི་མཐུན་ཕྱོགས་བྲལ་བའི་ཚུལ་མདོར་བསྟན་པ།

མི་ཁོམ་ལས་ལོག་མིར་གྱུར་དབང་པོ་ཚང་། །ཆོས་ལྡན་ཡུལ་སྐྱེས་བཟང་པོའི་ལས་འཕྲོ་སད། །ལས་མཐའ་མ་ལོག་བསྟན་པ་གནས་ལ་དད། །ཆོས་ལྡན་གྲོགས་མང་ཤིན་ཏུ་རྙེད་པར་དཀའ། །ཞེས་གསུངས་ཏེ། དེའང་མི་ཁོམ་པ་བརྒྱད་ལས་ལོག་པའི་དལ་བ་རྙེད་དཀའ་ཞིང་། མིར་གྱུར་པ་དང་། དབང་པོ་ཚང་བ་ཡང་རྙེད་དཀའ་སྟེ། བྲམ་ཟེ་རྒྱལ་བའི་དྲོད་ཀྱི་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་ལས། མི་ཁོམ་པ་བརྒྱད་ལས་ལོག་པའང་རྙེད་པར་དཀའ་འོ། །དལ་བ་ཕུན་སུམ་ཚོགས་པའང་རྙེད་པར་དཀའ་འོ། །མིར་གྱུར་པའང་རྙེད་པར་དཀའ་འོ། །དབང་པོ་ཚང་བ་ཡང་རྙེད་པར་དཀའ་འོ་ཞེས་སོ། །འཁོར་ལོ་ཆེན་པོ་བཞི་དང་ལྡན་པའི་མིའི་ལུས་རྟེན་རྙེད་པར་དཀའ་ཚུལ་ལ། མཐུན་པར་གྱུར་པའི་ཡུལ་བཟང་པོ་ཆོས་དར་བའི་ས་ཕྱོགས་སུ་སྐྱེས་པ་དང་། ས་ཕྱོགས་ཆོས་ཡུལ་ཡིན་པ་གཅིག་པོས་མི་ཆོག་པར་རང་ཉིད་ཆོས་ལ་མོས་པ་ཅན་ཞིག་ཡིན་དགོས་པས་བདག་གིས་སྔོན་སྨོན་པ་ཆོས་ལ་སྤྱོད་པར་གྱུར་པ་དང་། སྔར་བསགས་བསོད་ནམས་ཀྱི་སྟོབས་ཀྱིས་སྦྱངས་པའི་ལས་འཕྲོ་ཆོས་ལ་སད་པ་དང་། སྨོན་པ་ཆོས་ལ་སྦྱངས་པའི་ལས་འཕྲོ་སད་པ་རྐྱང་པས་མི་ཆོག་པར་ཆོས་ཐོས་པ་དགེ་བའི་བཤེས་གཉེན་ལས་ཐོས་དགོས་པས་བླ་མ་དགེ་བའི་བཤེས་གཉེན་དམ་པ་དང་ཕྲད་ནས་དེ་ལ་བསྟེན་དུ་ཡོད་པ་རྣམས་ནི་འཁོར་ལོ་ཆེན་པོ་བཞི་སྟེ་རྙེད་པར་དཀའ་འོ། །དེ་དག་གཅིག་ལ་གཅིག་བརྟེན་ཏེ་འཁོར་ཞིང་བསྐྱོད་ནས་ཐར་བའི་ལམ་དུ་བགྲོད་པས་ན་འཁོར་ལོ་ཞེས་བྱ་ལ། དེ་དག་རེ་རེས་ཀྱང་མི་མཐུན་པའི་རྒུད་པ་སྣེ་མང་འཇོམས་ནས་ཆོས་ཀྱི་དཔུང་བསྐྱེད་པས་ཀྱང་འཁོར་ལོ་ཟེར་ཆོག་གོ །བཤེས་སྤྲིངས་ལས། སྐྱེས་བུ་དམ་པ་ལ་ནི་བསྟེན་པ་དང་། །མཐུན་པར་གྱུར་པའི་ཡུལ་ལ་གནས་པ་དང་། །བདག་གིས་ལེགས་སྨོན་སྔོན་ཡང་བསོད་ནམས་བགྱིས། །འཁོར་ལོ་ཆེན་པོ་བཞི་ནི་ཁྱེད་ལ་མངའ། །ཞེས་སོ། །དང་པོ་ཆོས་ལམ་ལ་ཞུགས་པ་མང་ཡང་ལས་ཀྱི་མཐའ་ལོག་པའང་ཡོད་པས་ལས་ཀྱི་མཐའ་མ་ལོག་པར་རྟག་ཏུ་དགེ་བ་བྱེད་པ་ཡང་རྙེད་པར་དཀའ། བསྟན་པ་གནས་པ་ལ་གནད་རྒྱུ་མཚན་ཤེས་ནས་དད་པས་ཞུགས་པའང་ཤིན་ཏུ་རྙེད་པར་དཀའ། སྙིགས་མའི་དུས་འདིར་གྲོགས་དམ་པ་ཆོས་བཞིན་སྤྱོད་པ་མང་པོ་དང་འགྲོགས་སུ་ཡོད་པའང་རྙེད་པར་དཀའ་འོ། །དེས་ན་དེ་ལྟ་བུའི་དལ་བ་རྙེད་དུས་འདིར་ཆོས་མ་བྱས་ན། ཕྱི་མ་ལ་འདི་ལྟ་བུའི་དལ་བ་རྙེད་པར་དཀའ་ཞིང་། ཆོས་དང་ཕྲད་པའང་དཀོན་པར་གྱུར་ཏེ། སྤྱོད་འཇུག་ལས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུའི་དོན་གྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་ནི་ཡང་དག་འབྱོར་བ་ག་ལ་འགྱུར། །ཅེས་སོ། །གཉིས་པ་ལ། མི་ཁོམ་པ་དང་བྲལ་ཚུལ། མིར་གྱུར་པ། ཕྱི་མ་དྲུག་བཤད་པ་གསུམ། དང་པོ་ལ། བསྟན་བཤད་བསྡུ་གསུམ་གྱི་དང་པོ།

མི་ཁོམ་པ་དང་བྲལ་ཚུལ་མདོར་བསྟན་པ།

དེ་དག་རྙེད་དཀའ་བའི་རྒྱུ་མཚན་བསམ་པ་ལ་བརྒྱད་ཀྱི། དང་པོ་མི་ཁོམ་ལ་བསམ་རྙེད་དཀའ་ནི། །ཞེས་གསུངས་ཏེ། དེ་ཡང་ཆོས་སྒྲུབ་པར་མི་ཁོམ་པས་མི་ཁོམ་པའི་གནས་ཞེས་བྱའོ། །འདི་ལ་རང་རྒྱུད་རྟེན་གྱིས་མི་ཁོམ་པའི་གནས་བརྒྱད་དང་། འཕྲལ་བྱུང་རྐྱེན་གྱིས་མི་ཁོམ་པའི་གནས་བརྒྱད་ཡོད་པ་ལས། ཞེས་མདོར་བསྟན་ནས། གཉིས་པ་ལ། རང་རྒྱུད་རྟེན་གྱིས་མི་ཁོམ་པ་བརྒྱད། འཕྲལ་བྱུང་རྐྱེན་གྱིས་མི་ཁོམ་པ་བརྒྱད། རིས་ཆད་བློ་ཡིས་མི་ཁོམ་པ་བརྒྱད། དང་པོ།

རང་རྒྱུད་རྟེན་གྱིས་མི་ཁོམ་པ་བརྒྱད།

དང་པོ་བརྒྱད་ནི། དམྱལ་བ་ཡི་དྭགས་དུད་འགྲོ་ཚེ་རིང་ལྷ། །ཀླ་ཀློ་ལོག་ལྟ་སངས་རྒྱས་ཀྱིས་སྟོངས་པ། །ལྐུགས་པ་འདི་བརྒྱད་ཆོས་ཀྱི་སྣོད་མ་གྱུར། །ཞེས་གསུངས་ཏེ། དམྱལ་བ་དང་། ཡི་དྭགས་དང་། དུད་འགྲོ་གསུམ་ནི་རང་རང་གི་སྡུག་བསྔལ་གྱིས་མནར་ནས་བྲེལ་བས་མི་ཁོམ་ལ། འདུ་ཤེས་མེད་པའི་ལྷ་ཚེ་རིང་པོ་ནི་ཐོས་བསམ་གྱི་རྟེན་འགགས་པས་མི་ཁོམ། ཀླ་ཀློ་ནི་ཆོས་ཀྱི་སྣང་བ་མེད་པས་མི་ཁོམ། ལོག་པར་ལྟ་བ་མུ་སྟེགས་ཅན་ནི་ལྟ་བ་ལོག་པས་མི་ཁོམ། སངས་རྒྱས་ཀྱིས་སྟོངས་པ་མུན་པའི་བསྐལ་པ་ལ་སྐྱེས་པ་རྣམས་ནི་དཀོན་མཆོག་གསུམ་གྱི་སྒྲ་ཙམ་ཡང་མི་གྲགས་པས་མི་ཁོམ། ལྐུགས་པ་ནི་ཆོས་ལ་བློ་ཁ་མི་ཕྱོགས་པས་མི་ཁོམ་པའོ། །དེ་ལྟ་བུའི་མི་ཁོམ་པའི་གནས་བརྒྱད་དུ་ད་སྔོན་ཅི་ཙམ་མ་སྐྱེས་ཏེ། ད་ལྟའི་བར་དུ་དམ་པའི་ཆོས་དང་ཕྲད་ཅིང་རྟེན་དེས་བྱང་ཆུབ་སྒྲུབ་པའི་སྐལ་བ་དང་མ་ལྡན་པར་ལུས་པའི་ཕྱིར་དང་། །ཐོག་མེད་ནས་ད་ལྟའི་བར་དུ་མ་ཁོམ་པར་དམྱལ་གནས་ལ་སོགས་པར་འཁོར་བ་ལས་འོས་མེད་པའི་ཕྱིར། ད་དུང་ཡང་ད་རེས་ཀྱི་རྟེན་འདི་ལ་རྡོག་ཅིག་མ་བརྟེན་ཚེ། སླར་ཚེ་འཁོར་གཏན་འཁོར་ལས་ཐབས་མེད་པ་ནི་མིག་གིས་བལྟ་སར་ཡོད་པའོ། །དེས་རང་རྒྱུད་རྟེན་གྱི་མི་ཁོམ་པའི་གནས་བརྒྱད་བཤད་ནས། གཉིས་པ།

འཕྲལ་བྱུང་རྐྱེན་གྱིས་མི་ཁོམ་པ་བརྒྱད།

འཕྲལ་བྱུང་རྐྱེན་གྱིས་མི་ཁོམ་པ་རྣམ་པ་བརྒྱད་ནི། དུག་ལྔ་འཁྲུག་དང་བླུན་རྨོངས་བདུད་ཀྱིས་ཟིན། །ལེ་ལོ་ཅན་དང་ལས་ངན་མཚོ་ཆེན་རྡོལ། །གཞན་དབང་འཇིགས་སྐྱོབ་ཆོས་ལྟར་བཅོས་པ་སྟེ། །འཕྲལ་བྱུང་རྐྱེན་གྱིས་མི་ཁོམ་རྣམ་པ་བརྒྱད། །ཐར་ལམ་ཆོས་ཀྱི་སྣོད་མིན་ཕྱིན་ཅི་ལོག །ཅེས་གསུངས་ཏེ། མིར་གྱུར་པ་གང་ཞིག་ཆོས་སྤྱོད་པའི་ཡུལ་དུ་སྐྱེས་ཀྱང་། དུག་ལྔ་ཤིན་ཏུ་རགས་པས་རང་གི་རྒྱུད་རྟག་ཏུ་འཁྲུག་པ་རྣམས་དང་། སྡིག་པའི་གྲོགས་པོས་ཁྲིད་པའི་བླུན་རྨོངས་རྣམས་དང་། ལྟ་སྤྱོད་ཕྱིན་ཅི་ལོག་པས་ལམ་ནོར་བའི་བདུད་ཀྱིས་ཟིན་པ་རྣམས་དང་། ཆོས་ལ་སློབ་པར་འདོད་ཀྱང་བརྩོན་འགྲུས་མེད་པའི་ལེ་ལོ་ཅན་རྣམས་དང་། བརྩོན་ཀྱང་ཡོན་ཏན་མི་སྐྱེ་བའི་སྡིག་སྒྲིབ་ཅན་ལས་ངན་གྱི་མཚོ་རྡོལ་བ་རྣམས་དང་། རང་དབང་མེད་པར་གཞན་གྱིས་བཀོལ་བ་བྲན་གྱི་རིགས་རྣམས་དང་། ཚེ་འདིའི་ལྟོ་གོས་ཀྱི་ཆེད་དམ་འཚེ་བས་འཇིགས་ནས་དེའི་ཆེད་དུ་ཆོས་ལ་ཞུགས་ནའང་སྔོན་གྱི་བག་ཆགས་རྙིང་པས་ཆོས་མིན་སྤྱོད་པ་རྣམས་དང་། ཕྱི་ཚུལ་ཆོས་སུ་བཅོས་པའི་ཚུལ་འཆོས་བྱས་ནས་ཡོ་བྱད་དང་། བསྙེན་བཀུར་དང་། སྙན་གྲགས་སྒྲུབ་པའི་ཆོས་པའི་གཟུགས་བརྙན་པ་རྣམས་ཏེ། བརྒྱད་པོ་དེ་ཡང་དམ་ཆོས་སྒྲུབ་པའི་གནས་སུ་མི་ཁོམ་པ་ཡིན་ནོ། །དེས་ན་ཐར་པའི་ལམ་དང་ལས་འབྲེལ་མེད་པས་དལ་བ་ཆུད་གསོན་པའི་ཕྱིར་ཕྱིན་ཅི་ལོག་ཅེས་བྱའོ། །འདིའི་བརྒྱད་ཚན་འདི་དག་གང་བཤད་ཀྱང་ང་ལ་དཔེ་བླངས་ནས་གསུངས་པར་འདུག་སྙམ་པ་ཞིག་སྟེ། དུག་ལྔ་རགས་པས་རྒྱུད་འཁྲུགས་པ་ནི། ཡང་ན་གཉེན་ལ་ཆགས་ཤིང་། ཡང་ན་དགྲ་ལ་སྡང་བ། གཉིས་ཀ་མགོ་མཐོ་བའི་དུས་ཤིག་མིན་ཚེ་ནག་ཐིམ་མེ་གཏི་མུག་རྨོངས་པའི་གཞན་དབང་དུ་གྱུར་ནས་ལེགས་ལམ་ཐར་བའི་ལམ་ཅི་ཡང་བསྟེན་མ་ཤེས་པར་ལུས་པ་དང་། བདུད་ཅེས་པ་ཁ་གདངས་མིག་ཅེར་བ་ཞིག་ལ་ཕྲད་དུ་མེད་ལ། གལ་སྲིད་ཕྲད་ཀྱང་དེའི་རྗེས་འདེད་པ་མི་འདུག་མོད་ཀྱང་། བདུད་གཉེན་ཉེའི་ཁོག་ཏུ་ཞུགས། ཤ་ཚ་འདོགས། སྙིང་ཉེ་འདོགས། དགོད་པ་དང་ངུ་བ་གང་དགའ་བྱེད་དུས་དེའི་དབང་དུ་ཤོར་དང་ཤོར་བཞིན་པ་ཡིན་ནོ། །མདོར་ན་ཆོས་བསྒྲུབ་རྒྱུ་འགྲུབ་རྒྱུ་གཉིས་ཀྱི་འགལ་རྐྱེན་ཡོད་ན་ཡོད་ཚད་པོ་བདུད་ཡིན་ལ། ལེ་ལོ་ཆེ་བ་ནི་སྨོས་མ་དགོས་ཏེ། སྔ་ཕྱི་དྲོའི་དུས་ཚོད་མ་དགོས་ལོ་ཟླ་གར་སོང་མི་གོ་ལ། གཞན་དབང་ཡང་ཡིན་ཏེ། གཅིག་གི་ངོ་ལ་བལྟས་ནས་དེས་ཅི་ཟེར་དང་། ཅི་འཐད་ལ་བལྟས་ཏེ་སྣ་ཐག་རང་མགོར་དཀྲིར་མི་ཐུབ་ཅིང་། ཆོས་ལྟར་འཆོས་པའང་ཡིན་པ་སྟེ། ལེགས་སྨོན་དང་འཇིགས་སྐྱོབ་མིན་པར་དཀའ་བ་དང་། ད་དུང་ལོག་འཚོའི་འཚོ་བ་འབའ་ཞིག་བསྒྲུབས་ནས་ལོག་འཚོ་བརྒྱད་པོ་དང་མ་བྲལ་བས། འཇིག་རྟེན་ཆོས་བརྒྱད་ཀྱིས་སྐད་ཅིག་ཀྱང་མི་གཏོང་བའི་ང་ལྟ་བུའི་ཆོས་གཟུགས་ནི་དེ་ལྟར་རོ། །དེས་ན་མན་ངག་འདི་ཚོ་དང་མཇལ་ན་རང་ཉིད་ཀྱི་རིན་ཐང་ཅན་གྱི་དལ་བ་ཆུད་གསོན་པའི་རང་མཚང་ཐོག་ཏུ་ལེན་ཤེས་ན། དམ་པའི་ཆོས་ཞུས་པའི་དོན་མ་སྟོང་པའོ། །གསུམ་པ།

རིས་ཆད་བློ་ཡིས་མི་ཁོམ་པ་བརྒྱད།

རིས་ཆད་བློས་མི་ཁོམ་པ་རྣམ་པ་བརྒྱད་ནི། འཆིང་བ་དམ་ལྡན་ཀུན་སྤྱོད་ཤིན་ཏུ་ངན། །འཁོར་བས་མི་སྐྲག་དད་པ་ཅུང་ཟད་མེད། །མི་དགེ་སྡིག་སྤྱོད་ཆོས་ལ་སེམས་པ་མེད། །སྡོམ་དང་དམ་ཚིག་ཉམས་པ་ཞེས་བྱ་བ། །རིས་ཆད་བློ་ཡི་མི་ཁོམ་རྣམ་པ་བརྒྱད། །ཆོས་ལས་རིང་གྱུར་ཐར་ལམ་སྒྲོན་མེ་ནུབ། །ཅེས་གསུངས་ཏེ། ཚེ་འདིའི་རྫས་ཡོ་བྱད་བུ་ནོར་གཉེན་འདུན་ལ་སོགས་པའི་འཆིང་བ་དམ་པོས་བཅིངས་པ་དང་། ངང་རྒྱུད་ངན་པས་མི་གཞི་ཏིལ་འབྲུ་ཙམ་ཡང་མེད་ཅིང་དམ་པ་གོང་མ་ཚོས་ཀྱང་ཡོན་ཏན་ལ་སློབ་རྒྱུ་ཡོད་ཀྱང་མི་གཤིས་ལ་བསྒྱུར་རྒྱུ་མེད་བསྒྱུར་དཀའ་ཞེས་པས་རང་རྒྱུད་ངན་པ་ཀུན་སྤྱོད་ལ་སྐྱེད་འདོན་དུ་མེད་པ་དང་། ངན་སོང་དང་འཁོར་བའི་ཉེས་པ་བཤད་དམ་ཚེ་འདིའི་སྡུག་བསྔལ་ཇི་ལྟ་བུ་ལའང་སྐྲག་པའི་བློ་གཏན་ནས་མི་སྐྱེ་བའམ་སྐྱེ་མི་ཤེས་པ་དང་། ཐར་པ་དང་དཀོན་མཆོག་གི་བསྔགས་པ་བརྗོད་དམ་ཡུལ་ཡོན་ཏན་ཅན་མཐོང་ཡང་དད་པ་ཅུང་ཟད་མེད་པ་དང་། མི་དགེ་སྡིག་སྤྱོད་ལ་དགའ་བས་སྒོ་གསུམ་ཉེ་བར་མ་ཞི་བ་དང་། ཡོན་ཏན་དང་དགེ་བ་དང་དམ་པའི་ཆོས་ཀྱི་སྣང་བ་མེད་པ་ཡ་རབས་ཀྱི་སྤྱོད་ལམ་ཞིག་དང་དམ་པའི་ཆོས་ཤིག་བཤད་དུས་ཁྱིའི་མདུན་དུ་རྩྭ་བཞག་པ་ལྟ་བུ་དང་། ཐུན་མོང་གི་ཐེག་པ་ལ་ཞུགས་ནས་སེམས་བསྐྱེད་དང་སྡོམ་པ་རལ་བས་ངན་སོང་ལས་འགྲོ་ས་མེད་པ་དང་། གསང་སྔགས་ཀྱི་ཐེག་པར་ཞུགས་ནས་བླ་མ་དང་མཆེད་གྲོགས་ལ་དམ་ཚིག་ཉམས་པ་སྟེ། བརྒྱད་པོ་འདི་ནི་དམ་པའི་ཆོས་ལས་རིང་ཞིང་ཐར་པའི་སྒྲོན་མེ་ནུབ་པ་ཞེས་བྱའོ། །སྡོམ་པ་ཉམས་པ་ནི། ཏིང་ངེ་འཛིན་རྒྱལ་པོ་ལས། ཚུལ་ཁྲིམས་འཆལ་བས་ངན་འགྲོ་དེར་འགྲོ་སྟེ། །དེ་ལ་ཐོས་པ་མང་པོས་སྐྱོབ་མི་ནུས། །ཞེས་སོ། །ཐོས་པ་ཡོད་ཀྱང་ཕན་ཐོགས་མེད་ཅིང་། གཞི་ཚུལ་ཁྲིམས་རྣམ་པར་དག་པ་ཞིག་མེད་དུས་ཡོན་ཏན་གང་གིས་ཀྱང་ཕན་ཐོགས་མེད་ཅེས་སོ། དམ་ཚིག་ཉམས་པ་ནི། དོ་ཧ་ལས། ཀྱེ་མ་བསྟན་པའི་ས་ལ་བྱིན་ནས་དམ་ཚིག་མི་ལྡན་ན། །རྒྱལ་པོས་ཆད་པ་གཅོད་པའི་མི་ནི་བཟུང་བ་ལྟར། །རྣམ་སྨིན་ལྕགས་ཀྱུས་སྲོག་གི་རླུང་ནི་བཟུང་བྱས་ནས། །ཁྲོ་ཆུ་ཁོལ་མ་ཁར་བླུགས་པ་ནི་ཤིན་ཏུ་བཟོད་པར་དཀའ། །ཞེས་སོ། །འདི་ཚོ་ལ་བསམ་ན་རང་ཉིད་ལ་མི་ཚང་རྒྱུ་གཅིག་མེད་པ་ལྟ་བུ་སྟེ། འཆིང་བ་དམ་ལྡན་ཡིན་པ་ནི། འཁོར་ཆུང་སྤངས་ནས་འཁོར་ཆེན་ལ་ཞུགས་ཏེ་བསྟན་སྲིད་ལ་རྒྱ་བསམ་ཁུལ་བྱེད་ཅིང་བསམ་མི་ཤེས་པའི་འཆིང་རྒྱ་དམ་པོས་བཅིངས་པ་དང་། ཀུན་སྤྱོད་ངན་པ་ཡིན་པ་ནི། བཟང་གི་ཡར་བསྐྱེད་མི་རིགས་པ་ནི་ངན་འཆོས་དཀའ་བའི་རྟགས་ཡིན་པ་དང་། འཁོར་བ་ངན་སོང་ལ་སྐྲག་ཅེས་རུང་དོན་གྱིས་སྐྲག་ཤེས་པ་མི་འདུག་སྟེ། སྐྲག་ཤེས་ན་དོན་ཆུང་གི་ལས་ལ་གཡེང་ཕོད་པ་མིན་པའི་ཕྱིར། དད་པ་ཡང་ངོ་མས་བཤད་ན་ཡོད་པ་མིན་ཏེ། དད་པའི་ཡུལ་གང་ཡིན་དང་། དད་པའི་ངོ་བོ། དབྱེ་བ་ཙམ་ཡང་མ་ཤེས་དུས་ཇི་ལྟར་དད། དེ་ལས་གཞན་ཞིག་ཡོད་པ་ནི་རྨོངས་པའི་དད་པ་ཁ་ཙམ་ལས་གདིང་ན་མེད་པའོ། །མི་དགེ་སྡིག་སྤྱོད་ཀྱང་ཡིན་པ་སྟེ། དྲན་པ་ལས་པ་བཤད་པ་ཐམས་ཅད་ཀྱི་ནང་ན། དཀར་པོ་དགེ་བའི་བརྒྱ་ཆ་ཙམ་ཡང་མཚམས་རེ་གཏན་ནས་མེད་པ་ལྟ་བུ་དང་། ལྟར་སྣང་གི་དགེ་ལས་རེ་ཡོད་ཀྱང་། དཀར་ནག་ཀུན་སློང་གི་སྒོ་ནས་ཕྱེས་དུས་མི་དགེ་སྡིག་སྤྱོད་དུ་གྱུར་ཡོད་མིན་ཀྱང་ཤེས་པ་མིན་པ་དང་། དེས་ན་ཆོས་ལ་སེམས་པ་ནི་མེད་ཅིང་། སྡོམ་དམ་ཚིག་ནི་སོར་བྱང་སྔགས་གསུམ་ལ་འདེང་བརྒྱབ་ན། བསྲུང་བྱ་ཙམ་ཡང་མ་ཤེས་ན་སྲུང་སྡོམ་རི་མོའི་མར་མེ། དོན་བྱེད་ནུས་སྟོང་ཅན་དགེ་སྦྱོང་གི་གཟུགས་བརྙན་ཡིན་ནོ། །འོན་ཀྱང་འདི་དག་གི་རྣམ་སྨིན་མྱོང་འགྱུར་ལ་བསམ་བློ་བཏང་ན། ཆོས་རྣམ་དག་ཅིག་མ་འགྲུབ་པར་འདུག་ཐབས་མེད་པའི་གནད་གོ་དགོས་སོ། །གསུམ་པ།

དོན་བསྡུ་བ།

དོན་བསྡུ་བ་ནི། དེ་དག་རྣམས་སུ་བདག་ཅག་མ་སྐྱེས་པས། །སྤྲོ་དགའ་བསྐྱེད་དེ་དམ་པའི་ཆོས་སྒྲུབ་འཚལ། །ཞེས་གསུངས་ཏེ། དེ་ལྟར་མི་ཁོམ་པའི་གནས་བརྒྱད་གསུམ་ཉི་ཤུ་རྩ་བཞི་པོ་དེར་བདག་མ་སྐྱེས་ཤིང་། རང་ཉམས་ལ་བརྟག་ན་སྐྱེས་ཡོད་ཀྱང་། དེ་སེལ་ཐབས་བྱེད་ཆོག་པས་དམ་པའི་བླ་མ་ལ་བརྟེན་ནས་ཟབ་མོའི་ཆོས་སྒྲུབ་ཏུ་ཡོད་པ་འདི་རེ་དགའ་སྙམ་དུ་བསམས་ལ་རྟག་ཏུ་ལེགས་པའི་ཆོས་ལ་བརྩོན་པས་ཉིན་མཚན་འདའ་བར་བྱའོ། །གཉིས་པ།

མིར་གྱུར་པ་བསྟན་པ།

མི་ལུས་རྙེད་དཀའི་གཏན་ཚིགས་གཉིས་པ་ནི། འདི་ལྟར་སེམས་ཅན་ཙམ་གྱི་ལུས་མཐོང་ན། །མི་ལུས་ཐོབ་པ་འཁོར་ལོས་སྒྱུར་རྙེད་འདྲ། །མི་ལུས་ནང་ནས་དད་ལྡན་ཆོས་བྱེད་རིགས། །དེ་བས་དཀོན་ཕྱིར་སངས་རྒྱས་ཐོབ་དང་མཚུངས། །དེ་བས་རྟག་ཏུ་དལ་འབྱོར་བསམ་འཚལ་ལོ། །ཞེས་གསུངས་ཏེ། སེམས་ཅན་སྤྱི་ཙམ་ལ་བསམས་ན། ནམ་མཁའི་དབྱིངས་དང་མཉམ་ལ། འཛམ་བུ་གླིང་གི་སེམས་ཅན་ཁབ་མིག་གི་ནམ་མཁའི་ཆ་ཙམ། འཛམ་བུ་གླིང་པའི་ཡང་གཞན་རྣམས་ཕར་ཞོག ནགས་ཚལ་གཅིག་གམ། ཆུ་རླུང་གཅིག་གམ། འཁྱིལ་ཆུ་གཅིག་ན་སྣང་བའི་སྲོག་ཆགས་ལ་ལྟོས་ན་མི་ལུས་ཐོབ་པ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཐོབ་པའི་མང་ཉུང་དང་ཚོད་མཉམ། མི་རྣམས་ལ་བསམས་ན་རྒྱ་དཀར་ནག་ལྷོ་བྱང་། མོན་ལྷོ་བལ། རྡོ་སོག་རིགས་ལ་སོགས་པའི་ཡུལ་དང་ཚོང་འདུས་རེ་རེ་ན་ཚོགས་པ་མང་ཡང་། སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་ནས་རྗེས་སུ་སློབ་པའི་དད་པ་ཅན་ནི། སངས་རྒྱས་འཇིག་རྟེན་དུ་བྱོན་པ་བས་ཀྱང་དཀོན་པར་བྱུང་བའི་ཚུལ་ལ་བརྟག་སྟེ། རང་གིས་རང་ལ་སྤྲོ་བ་བསྐྱེད་དེ་དལ་འབྱོར་ཆུད་མ་ཟོས་པར་བྱའོ། །སེམས་ཅན་གྱི་རིགས་ལྷ་གནས་དང་དམྱལ་ཁམས་སོགས་རིག་པ་མིན་ཀྱང་། དུད་འགྲོའི་ལུས་རྟེན་མཚོ་དང་ཆུ་ཀླུང་རི་གླིང་བར་སྣང་ལ་ཡོད་པར་བལྟས་ན་མི་ལུས་དཀོན་པར་མཐོང་ཆོས་དང་། མིའི་ལུས་རྟེན་ལོན་ཚོད་ལ་བལྟས་ནའང་ཆོས་མི་ཤེས་པ་མང་བ་དང་། ཆོས་ལོག་སྒྲུབ་པའང་དེ་བས་ཀྱང་མང་ངོ་། འུ་ཚོ་བོད་ཡུལ་ལ་མཚོན་ན་ཡོངས་རྫོགས་ནང་ཆོས་ལ་དད་པའི་མི་རིགས་གནའ་ཡིན་ཀྱང་། དེང་སང་ཆོས་རིགས་གཞན་ལ་དད་ནས་ཕྱི་རོལ་པའི་ལྟ་བ་འཛིན་མཁན་ཡང་མང་པས་མ་ཚད། ཆད་ལྟ་གསར་བ་འཛིན་མཁན་ཡང་མང་པོ་བུད་བཞིན་པ་ཡིན་པ་དང་། གཞན་ཡང་ཆོས་དད་པ་ཡིན་ཅེས་པའི་ནང་དུ་ཡང་ངོ་མས་ཆོས་པ་ཡིན་པ་ཧ་ཅང་ཉུང་བས་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་ནས་དེའི་རྗེས་སུ་སློབ་པའི་དད་པ་ཅན། སངས་རྒྱས་འཇིག་རྟེན་དུ་བྱོན་པ་ལྟ་བུའི་དཀོན་པ་ཡིན་པར་འདེང་བརྒྱབ་ན། རང་ཉིད་མི་སླུ་བའི་ལམ་འདི་ལ་ཞུགས་ནས་དལ་འབྱོར་མ་ཚང་ན་ཚང་ཐབས་དང་། ཚང་བ་ཆུད་ཟོས་སུ་མ་ཤོར་བ་ཞིག་ཁོག་པའི་ནང་དུ་སེམས་ཤིག་ཡོད་དུས་བྱེད་རན་ཞེས་གདམས་པའོ། །གསུམ་པ།

ཕྱི་མ་དྲུག་པོ་བསྟན་པ།

དེ་བཞིན་དུ་གཏན་ཚིགས་ལྷག་མ་རྣམས་ལ་བསམས་ནས་རྙེད་དཀའ་བར་བསྟན་པ་ཡང་། དེ་བཞིན་དབང་པོ་མ་ཚང་མཐའ་འཁོབ་སྐྱེས། །ཆོས་ལ་ལས་མེད་ལས་ཀྱི་མཐའ་ལོག་ཅིང་། །བསྟན་ལ་མ་དད་ཆོས་མིན་སྡིག་པའི་གྲོགས། །ཤིན་ཏུ་གྲངས་མང་རབ་ཏུ་བསམས་བྱས་ནས། །དེ་དག་མ་གྱུར་ཆོས་ལྡན་ལུས་རྙེད་འདི། །ཉིན་མཚན་ཀུན་ཏུ་ངེས་པར་བསམ་པར་བྱ། །ཞེས་གསུང་ཏེ། འདི་ལྟར་མིག་ལོང་བ་ལ་སོགས་པ་དབང་པོ་མ་ཚང་བ་རྣམས་བསམས་ལ། བདག་གི་དབང་པོ་ཚང་བ་འདི་རེ་འཚེངས། ཆོས་བྱའོ་སྙམ་དུ་བསམས་ནས། ལྷོའི་འཛམ་བུ་གླིང་འདི་ཉིད་ཀྱི་མཐའ་འཁོར་བར་ཡུལ་མཐའ་འཁོབ་དཀོན་མཆོག་གི་སྒྲ་མི་གྲག་པ། ཞེས་ན་འཛམ་གླིང་ལ་ཆེ་ཆུང་གི་དབྱེ་བ་ཡོད་པའི་གོ་དོན་འདི་ན་ཡོད་པ་སྟེ། རྡོ་དང་། སོག་པོ་ལ་སོགས་པ་མཐའ་འཁོབ་དྲུག་ཅུ་རྩ་བཞིི་ཡང་གསུངས་པ་དང་། དེང་སང་འཛམ་གླིང་གི་རྒྱལ་ཁབ་ཉིས་བརྒྱ་མ་ཟིན་ཙམ་ཞིག་ཏུ་བརྩི་རྒྱུའི་ནང་གི་མང་ཆེ་བ་ནི་མཐའ་འཁོབ་པ་ཡིན་པས་དེ་རྣམས་ལ་བལྟས་ནས་ཀྱང་། རང་ལ་སྤྲོ་དགའ་བསྐྱེད་དེ་ཆོས་ལ་བརྩོན་པར་བྱའོ། །ཆོས་དང་ལས་འབྲེལ་ཙམ་ཡང་མེད་པའི་མི། ཟ་ཉལ་འགྲོ་འདུག་ཅི་བྱེད་ཀྱང་། དཀོན་མཆོག་གསུམ་སྐད་ཅིག་ཀྱང་མི་དྲན་ཞིང་། སྐྱབས་སུ་མཆི་ཞེས་པ་ལན་ཅིག་ཀྱང་ཁར་འདོན་མ་མྱོང་བ་རྣམས་དང་། ལས་ཀྱི་མཐའ་ལོག་པ་སྔོན་ལ་སྔོན་ལ་ཆོས་སྒོར་ཞུགས་ཀྱང་ཆོས་ལ་དད་པ་ལོག་ནས་སྡིག་པ་སྣ་དགུ་བྱེད་པའི་ལས་མཐའ་ལོག་རྣམས་དང་། སངས་རྒྱས་ཀྱི་བསྟན་པ་ལ་མ་དད་པའི་མི་རིགས་རྣམས་དང་། སྡིག་པ་འབའ་ཞིག་བྱེད་པ་རྣམས་ལ་བསམས་ནས། འདི་ལྟ་བུས་ཡུལ་གཞན་ནའང་ཁེངས་ཡོད་ངེས། བདག་ཀྱང་དེ་འདྲའི་རིགས་ཅན་དུ་མ་སྐྱེས་པ་འདི་རེ་འཚེངས་སྙམ་དུ་སྤྲོ་དགའ་དང་བཅས་པས་ཆོས་ལ་བརྩོན་པར་བྱའོ། །འཇིག་རྟེན་གྱི་འབྱོར་བ་གཞན་ཅི་ཙམ་ཚོགས་ཀྱང་ཡུན་ལ་ཕན་ཐོགས་ཅན་གཅིག་ཀྱང་མེད་པ་ནི་ཐམས་ཅད་ཀྱིས་མཐོང་ཆོས་ཡིན་པས། ཤི་མི་དགོས་སྤྱད་དང་ཤི་དུས་ཁྱེར་ཆོག་པ་གཅིག་ཀྱང་མེད། ཚོགས་བསགས་པའི་བསོད་ནམས་ཀྱིས་ཚེ་རབས་གཏན་དུ་ཕན་ཐོགས་ཤིང་། དེའི་སྒོ་དེ་དམ་པའི་ཆོས་ལས་རྙེད་ཅིང་། དལ་འབྱོར་སྣ་རེ་ཚང་བ་ལའང་དགའ་སྤྲོ་ཆེ་འོས་སོ། །དེ་ཡན་གྱིས་དལ་རྟེན་དོན་ཡོད་བྱ་བའི་བསམ་བྱའི་རྙེད་དཀའི་ཚུལ་ལ་བསམས་པའི་ཕྱོགས་ཀྱི་མི་མཐུན་ཕྱོགས་བྲལ་བའི་ཚུལ་བཤད་པ་དེ་སོང་ནས། སང་ཉིན་མཐུན་པའི་རྐྱེན་ལས་འགོ་བཟུང་སྟེ་བཤད་རྒྱུ་བྱེད། དེ་རིང་སྤྲོ་དགའ་དང་བཅས་པས་ཆོས་ལ་བརྩོན་པར་བྱའོ་ཟེར་སའི་མཚམས་འདིར་འཇོག་རྒྱུ་བྱེད། དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱིས་དུས་གསུམ་བསགས་དང་ཡོད་པའི་དགེ་བའི་རྩ་བ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས་ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས། བསྟན་འཛིན་གྱི་སྐྱེས་བུ་གང་ན་སུ་བཞུགས་ཐམས་ཅད་ཀྱི་སྐུ་ཚེའི་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཐམས་ཅད་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་སྤྱོད་དེ་མཐར་ཐུག་སེམས་ཅན་ཐམས་ཅད་བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་རིན་པོ་ཆེར་འགོད་པའི་ཕྱིར་དུ། རྗེ་བཙུན་འཇམ་པའི་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་ཟབ་མོ་གནང་བར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆི་རྦ་བརླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་གྲོལ་བར་ཤོག།


previousཉིན་ཉེར་གཉིས་པའི་ཆོས་ཁྲིད། next