Nitartha Digital Library
Tibetan
 
previousཉིན་ཉེར་གསུམ་པའི་ཆོས་ཁྲིད། next

ཉིན་ཉེར་གསུམ་པའི་ཆོས་ཁྲིད།

ཉེ་བར་ལེན་པའི་ཕུང་པོ་རྣམ་སྨིན་སྡུག་བདེན་གྱིས་བསྡུས་པའི་ལུས་འདི་ལ་སེམས་རྣམ་ཤེས་ཀྱི་རྒྱུད་བརྟེན་ནས་གསོན་པའི་སྣང་བ་འཆར་བའི་སྐྱིད་ལ་སྡུག་པའི་འཇིག་རྟེན་མི་ཡུལ་འདི་སྣང་བཞིན་པའི་འདིར་ཡོད་རང་རེ་ལ་མཚོན་ན། རྒན་པ་ཚོའི་ལོ་བཅུ་ཕྲག་ཆ་རེ་དང་། གཞོན་པ་ཚོའི་ལོ་བཅུ་ཕྲག་གཅིག་གཉིས་རེ་སོང་ཡོད་པ་ཡིན་ལ། མི་རེའི་ཚེ་ཚད་དེ་ལོ་བརྒྱ་རེ་ཡིན་པའི་དབང་དུ་བཏང་ནས་མིའི་ཚེ་ཚད་འདི་དུད་འགྲོ་ཚེ་ཐུང་ཞིག་གི་ཚེ་ཚད་དང་བསྡུར་ན་རིང་པོ་ལྟ་བུ་ཞིག་རེད་ཀྱང་། དུད་འགྲོའི་ནང་གི་སྲོག་ཆགས་ཚེ་རིང་པོ་ཅན་ཞིག་དང་བསྡུར་ན་ཅི་ཡང་མ་རེད། བསྐལ་བའི་ཆགས་འཇིག་དང་གནས་རིས་གོང་མ་ཚོའི་ཚེ་ཚད་དང་བསྡུར་ཡོང་ན་རང་རེའི་མི་ཚེ་འདི་འུ་ཚོའི་མིག་སྔར་གྱི་སྟོན་ཁའི་འབུ་སྦྲང་ཞིག་གི་ཚེ་ཚད་འདྲ་ཞིག་ཡིན་པས་མ་ཚད་ངེས་གཏན་མེད་པ་ཡིན། གལ་ཏེ་ངེས་གཏན་བྱུང་ནས་ཞག་གསུམ་ལས་ཚེ་མེད་པར་ཤེས་ན། ད་ནི་ཉལ་ས་ཐེངས་མ་གསུམ་ལ་བཅའ་དགོས་འདུག་ལ། སྐེད་རགས་ནི་ཐེངས་གཉིས་ལས་འཆིང་མི་དགོས་ཏེ་རྗེས་མ་དེ་མར་ལ་ཉལ་ནས་ཡར་ལ་ལང་རྒྱུ་ཡོད་པ་མི་འདུག་སྙམ་པའི་གཏད་སོ་ཞིག་ཡོད་པ་ཡིན། འོན་ཀྱང་དེ་འདྲ་ཙམ་ཡང་མེད་པའི་བཙོན་པའི་ནང་གི་བཙོན་པ་ཐ་ཤལ་བ་སྟེ། བཙོན་པ་མེ་མདའི་ལམ་ནས་དམར་གསོད་བྱེད་རྒྱུ་དག་ལ་ཡང་ཁྱོད་སང་ཉིན་གསད་རྒྱུ་ཡིན་ཞེས་བཤད་པར་གྲགས་ཤིང་། ཐ་ན་དེ་ཙམ་གྱི་རང་དབང་རང་ལ་མེད་པའི་ཚུལ་འདི་ལ་བསམ་བློ་ཞིག་བཏང་ན། ཤི་མ་བསམ་རུང་ཤི་དགོས། རྒས་མི་བསམ་ཡང་རྒས་དགོས། ན་ཅི་ལ་བསམ་ཡང་དགྲ་སྙིང་རྗེ་མེད་པ་དེ་རང་གི་ལུས་ཕུང་པོ་འདིའི་སྟེང་ནས་བུད་དེ་སྡུག་ཉིས་བརྩེགས་སུམ་བརྩེགས་མང་པོ་ཞིག་མྱོང་དགོས་པ་ཡིན། འདི་ལ་སྐྱིད་ལ་སྡུག་པའི་འཇིག་རྟེན་མི་ཡུལ། ཞེས་སྙན་ངག་པ་འགའ་རེས་ཟོལ་སྦྱོར་བྱས་ཏེ་བྲིས་པ་ལས། འདི་ནི་སྡུག་བསྔལ་རྒྱུ་འབྲས་གཉིས་ཀྱི་ཁ་བར་ནས། རྟེན་འབྲེལ་བཅུ་གཉིས་ཀྱི་མུ་ནག་སྲིད་པའི་འཁོར་ལོའི་ཆུ་སྲིན་གྱི་སོར་འཐར་ས། དེར་མེད་པའི་ནང་གི་བསོད་ནམས་མེ་སྟག་འདྲ་ཞིག་ཅི་ཡོད་ན་ཆོས་ཤིག་ལ་བལྟ་ས་ཡོད་པ་ཙམ་ལས་མཐོ་རིས་སུ་གྲགས་ནའང་དོན་དུ་དེ་བས་སྡུག་མེད་པའི་གནས་ཤིག་ཏུ་སྣང་བ་དང་། ད་རུང་འདི་ལས་མ་བཟབས་ན་དེ་ལས་ཀྱང་ཡ་ང་བའི་ངན་སོང་གི་གནས་ཡོད་ཤག་ཤག་རེད། དམྱལ་བ་དང་ཡི་དྭགས་དངོས་སུ་མ་མཐོང་ཡང་རང་ཐོག་ལ་ད་ལྟ་ཡོད་པའིི་སྡུག་བསྔལ་འདི་དག་ལས་ཀྱང་ཤུགས་དྲག་མྱོང་བཞིན་པའི་མི་དང་དུད་འགྲོ་མཐོང་ཆོས་སུ་གྲུབ་པ་ཅི་འདྲའི་མང་བ་ནི་ལྟོས་གྲུབ་ཀྱི་རིགས་པས་དཔགས་ན་ཤེས་པའི་གནད་ཤེས་དགོས་པ་ཡིན། ལོ་ཟླ་ཞག་དུས་ཀུན་ཏུ་ཆོས་སྒྲུབ་མདོག་པར་ཡོད་ཀྱང་། དོན་དངོས་སུ་ཉམས་ལེན་ཐུན་གཅིག་གཅོད་བྱེད་ཅི་ཞིག་ཤེས་ཡོད་པ་དང་། འཆི་བདག་གཤིན་རྗེ་གློ་བུར་དུ་བྱུང་ན་གདོང་ལེན་བྱེད་ཀྱི་ལག་ཆ་གང་ཡོད་འདུག་བསམས་ནས་འདེང་ཞིག་བརྒྱབ་ན། བརྒྱ་བཤད་ཚིག་གི་སྙིང་པོ། སྟོང་དཀྲོགས་འོ་མའི་མར་ལོ། ཐར་བའི་ལམ་སྣེ་ཡང་དག་ཅིག་ཟིན་ཨེ་ཡོད་བལྟ་རྒྱུ་དེ་ལ་ཐུག་ཡོད་པ་ཡིན། དཔེར་ན་ཐག་རིང་གི་འགྲུལ་བཞུད་ལ་འགྲོ་དུས་ཐོག་མར་འགྲོ་ཆས་བྱེད་སྐབས་ད་དེར་ཕྱོགས་སུ་འགྲོ་དགོས་སྙམ་ནས་སེམས་ཁུར་གྱིས་དཀའ་སྣང་ཡོད་པ་ཡིན་ཀྱང་། དངོས་སུ་འགྲོ་བའི་སྐབས་སུ་ཆེར་མི་འགོར་བར་ཐོན་འགྲོ་བས་དཀའ་ལས་དེ་ཙམ་མེད་པ་ལྟ་བུ་ཞིག་རེད། དཔེ་དེ་དང་ཕྱོགས་མཚུངས་པར་བྱང་ཆུབ་ཕྱོགས་ཀྱི་ཆོས་སོ་བདུན་དང་། ས་བཅུ་ལམ་ལྔའི་རྣམ་བཞག་སོགས་མདོ་སྔགས་ཀྱི་གཞུང་མང་པོ་དག་ནས་བཤད་པའི་སྐབས་སུ་མགོ་ན་ནས་ད་ཅི་ཡང་འགྲུབ་ས་མ་རེད་བསམས་ནས་ལ་ལ་ཞིག་སེམས་ཤི་བ་ཡོད་ཀྱང་། དོན་དུ་དེ་ལྟར་མིན་པའི་ཚིག་གསུམ་གནད་དུ་མདོར་བསྡུས་ནས་བཤད་རྒྱུ་ཡོད་པ་སྟེ། དེ་ཡང་ངེས་འབྱུང་། ཆུབ་ཀྱི་སེམས། ཡང་དག་པའི་ལྟ་བ་གསུམ་ལ་བསྡུ་ཆོག་པ་ཡིན། འདི་ལ་རྗེ་རིན་པོ་ཆེས་ལམ་གྱི་གཙོ་བོ་རྣམ་གསུམ་ཞེས་མིང་བཏགས་པ་ཡིན། དེ་ཡང་རྒྱས་བཤད་སྤྲོས་པ་ཅན་མང་པོར་མ་བྱས་པར་འཁོར་བ་སྡུག་བསྔལ་དུ་ཤེས་ནས་དེ་ལས་ཐར་འདོད་ཀྱི་བློ་ཡོད་པའི་ངེས་འབྱུང་དང་། རྒྱུ་འབྲས་མན་ངག་བདུན་ལྡན་ནམ་བྱམས་སྙིང་རྗེ་སྔོན་དུ་འགྲོ་བའི་སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། བདག་འཛིན་འཁོར་བའི་ཞེན་སྣང་འདི་འཁྲུལ་བ་ཡིན་པར་ཤེས་ནས་མ་འཁྲུལ་བའི་ཡང་དག་པའི་ལྟ་བའི་དོན་ལ་གནས་པའམ། འཇིག་རྟེན་ཡང་དག་གི་ལྟ་བ་ལས་རྒྱུ་འབྲས་ཡིད་ཆེས་ཀྱི་སྟེང་ནས་བསླུ་མེད་སྟོང་དང་རྟེན་འབྱུང་གི་དོན་ལ་བློ་སྦྱོང་བ་དང་གསུམ་པོ་དེར་བསྡུས་ནས་བཤད་ན་ཐར་བའི་རང་ལམ་སྙེག་ནུས་པ་དེ་འགྲུབ་ཏུ་མེད་པའི་སྐད་ཆ། གནམ་ལ་སྐས་བཙུགས་ནས་སྐར་མ་ཁ་ཤས་ལོངས་ཤོག་ཅེས་པ་ལྟ་བུ་ཞིག་མིན་པར་འགྲུབ་ཏུ་ཡོད་པ་ཞིག་ཡིན། གཞན་ཡང་ཆོས་ལུགས་འགའ་རེའི་ལུགས་ལ་དེའི་དོན་དུ་སྲོག་གཏང་དགོས་པ་ཡང་ཡོད་ཀྱང་འདི་ནི་དེ་ལྟར་མ་ཡིན། དེ་མ་དགོས་མཛུབ་ཆུང་ཞིག་ཀྱང་ཚ་དགོས་པ་མ་ཡིན་པར་སེམས་ཀྱི་བསམ་བློ་གཏོང་ཚུལ་བསྒྱུར་ནས་རང་སེམས་འདུལ་མ་གཏོགས། ཁྱོད་ཀྱི་སྙིང་ལ་ནད་དང་གདོན་ཞུགས་ཡོད་པ་ཡིན། ཆོས་ཀྱི་སྨན་གྱིས་དེ་ལ་ནད་བཅོས་ཤིག་མ་བྱས་ན་ཁྱོད་ལ་མཐར་མཇུག་འབྲས་བུ་ངན་པ་ཐོབ་པ་ཡིན་ཞེས་རང་གིས་རང་ལ་མཚང་འདོན་གྱི་མེ་བཙའ་བཞག་ནས་ནད་དྲག་ཐབས་བྱེད་དགོས་པ་དེ་འདྲ་ཞིག་ཡིན་པ་རེད། དེ་ལྟར་ན་ངེས་འབྱུང་དང་། བྱང་སེམས། ཡང་དག་པའི་ལྟ་བ་དང་གསུམ་གྱི་ནང་གི་ངེས་འབྱུང་འཁོར་བའི་སྡུག་བསྔལ་རང་ཐོག་ལ་ཡོད་པ་དེ་ཤེས་ནས་ཐར་བ་འདོད་པའི་སྒོ་ནས་ཐར་ལམ་འཚོལ་བ་དེ་སྔར་བཤད་ཟིན་ལ། ལྟ་བ་ཡང་དག་མངོན་དུ་འགྱུར་བ་ནི་སྟོང་ཉིད་རྟོགས་ནས་བདེན་པ་མཐོང་བ་དེ་རེད། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་མ་སྐྱེས་པ་ཞིག་ལ་དོན་དམ་བྱང་ཆུབ་ཀྱི་སེམས་མི་སྐྱེ་བ་ཡིན་པས་དེ་རྗེས་ནས་བསྒྲུབ་དགོས། ད་ལྟ་མཁོ་ཞིང་ཉག་པ། མེད་ན་ཐབས་མེད་ནི་སྨོན་འཇུག་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དེ་ཡིན། འོ་ད་ལུང་པའི་ཕུ་ཐག་རིག་བྱུང་། ཚིག་གི་བཤད་ཕྱོགས་གོ་བྱུང་། ཁ་རྩང་གི་བྱང་ཆུབ་སེམས་ཇི་ལྟར་བསྐྱེད་པའི་རྗེས་ནས་མར་མུ་མཐུད་དེ་ཤོད་དང་ཞེས་པ་དེར་འབབ་པ་ཡིན། སྔོན་གྱི་གཏམ་རྒྱུད་དག་ལས་ནོར་བུ་རིན་པོ་ཆེ་བླངས་ནས་གསོལ་བ་བཏབས་ནས་ཅི་བསམ་འགྲུབ་རབས་བཤད་པ་ཡོད་ལ། ནོར་བུ་རི་མོར་འབྲི་དུས་རིལ་རིལ་པོ་ཞིག་འབྲི་བ་ནི་བྱང་ཆུབ་སེམས་རིན་པོ་ཆེའི་མཚོན་བྱེད་ཡིན་པར་འདྲའོ། །འདི་ཕྱི་རང་གཞན་ཐམས་ཅད་ལ་ཕན་པ་སྟེར་བའི་དགོས་འདོད་འབྱུང་གནས་བསམ་དགུ་འགྲུབ་པའི་ཡིད་བཞིན་གྱི་ནོར་བུ་ནི་བྱང་ཆུབ་ཀྱི་སེམས་ཡིན་པའི་ཕྱིར། དེ་ནི་རང་གི་སེམས་ནས་རང་གིས་གཏེར་དུ་ལེན་ཆོག་པ་ཡིན། དེ་ལྟ་བུའི་བསམ་འཕེལ་ཡིད་བཞིན་གྱི་ནོར་བུ་དོན་ཆེན་པོ་འགྲུབ་བྱེད་དེ་ལག་ཏུ་ལེན་དགོས་ན་ཐོག་མར་ཉེར་སྡོག་ལེགས་པར་དགོས་པ་བཞིན་དུ། ཚོགས་བསགས་སྒྲིབ་སྦྱང་གི་སྒོ་ནས་དང་པོར་རང་རྒྱུད་གཙང་མར་བྱས་ནས་ནོར་བུ་རིན་པོ་ཆེ་དེ་ཉིད་བཞུགས་སུ་གསོལ་སའི་མཐུན་རྐྱེན་གྱི་འབྱོར་བ་ཐམས་ཅད་ཚོགས་པ་ཞིག་དགོས་པ་ཡིན་པས། བསགས་སྦྱང་གི་ཐབས་ལ་མང་རབ་ཡོད་ཀྱང་ཡན་ལག་བདུན་དུ་བསྡུས་ནས་འཆད་པ་ཡིན། དེ་ཡང་དྲུག་ཏུ་འདུས་པའི་དབང་དུ་བྱས་ནས་བཤད་ན། དང་པོ་ཆགས་སེམས་དང་སེ་སྣའི་གཉེན་པོ་ལ་མཆོད་པ། གཉིས་པ་ཞེ་སྡང་དང་གི་གཉེན་པོ་ལ་བཤགས་པ་བཤད་པ་སོང་ནས། གསུམ་པ་རྗེས་སུ་ཡི་རང་ནི། རྗེས་སུ་ཡིི་རང་ནི་ཕྲག་དོག་གི་གཉེན་པོར་ཡིན་པས་གཞན་གྱིས་དགེ་རྩ་བྱས་པའི་བསོད་ནམས་ལ་དགའ་བས་རྗེས་སུ་ཡི་རང་བྱ་བ་ཡིན་ལ། དེ་ཡང་ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱིས་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་ནས་མཐར་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་ཚོགས་བསགས་སྒྲིབ་སྦྱངས་མཛད་པ་དང་། སངས་རྒྱས་ནས་མྱ་ངན་ལས་མ་འདས་ཀྱི་བར་དུ་ཆོས་འཁོར་བསྐོར་བ་ལ་སོགས་པའི་དགེ་བའི་རྩ་བ་དང་། མྱ་ངན་ལས་འདས་ནས་འགྲོ་དོན་ནམ་མཁའ་ཇི་སྲིད་ཀྱི་བར་དུ་བྱུང་བ་དང་། སྲས་རིགས་ཅན་གསུམ་གྱི་འཕགས་པ་དང་། དེ་བཞིན་དུ་སོ་སོའི་སྐྱེ་བོས་བསགས་པའི་དགེ་རྩ་ཐམས་ཅད་དེ། མདོར་ན་ཟག་བཅས་དང་ཟག་མེད་ཀྱིས་བསྡུས་པའི་དགེ་རྩ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ལ་སྤྲོ་བས་རྗེས་སུ་ཡི་རང་བྱེད་དགོས་པ་ཡིན། བཞི་བ་ཆོས་འཁོར་བསྐོར་བར་བསྐུལ་བ་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་དགེ་བའི་གཤེས་གཉེན་དང་བཅས་པར་འགྲོ་བའི་དོན་དུ་ཆོས་གསུང་བར་གསོལ་བ་འདེབས་པ་སྟེ་དེ་ནི་གཏི་མུག་གི་གཉེན་པོ་ཡིན། ལྔ་བ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་འགྲོ་བའི་འདྲེན་པ། མགོན་མེད་ཉམ་ཐག་གི་སྐྱབས་གནས་གང་དག་སུ་བཞུགས་ཐམས་ཅད་མྱ་ངན་ལས་མི་འདའ་བར་བསྐལ་བ་རྒྱ་མཚོའི་བར་དུ་འཚོ་ཞིང་བཞུགས་པར་གསོལ་བ་འདེབས་པ་སྟེ་ལོག་ལྟའི་གཉེན་པོའོ། །དྲུག་པ་བསྔོ་བ་ནི། བདག་གཞན་རྣམས་ཀྱི་དུས་གསུམ་བསགས་ཡོད་ཀྱི་དགེ་བ་ཐམས་ཅད། སེམས་ཅན་ཡོངས་ཀྱི་སྡུག་བསྔལ་བསལ་ཞིང་བདེ་བ་སྒྲུབ་པའི་རྒྱུ་རུ་འཁོར་གསུམ་ཡོངས་དག་གིས་བསྔོ་བ་བྱེད་པ་སྟེ། འཁོར་གསུམ་ཡོངས་དག་ཁས་བཤད་པ་ཙམ་མ་གཏོགས་དོན་གྱིས་མ་ནུས་ན་ཡང་རྒྱལ་བ་སྲས་བཅས་ཀྱིས་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་འདུན་པ་བྱས་ན་བསྔོ་བ་དུག་མེད་རྗེས་མཐུན་པར་འགྲོ་བ་ཡིན། འདི་ནི་ཐེ་ཚོམ་གྱི་གཉེན་པོའོ། །དེ་ལྟ་བུའི་ཐབས་ཁྱད་པར་ཅན་གྱིས་ཉོན་མོངས་དུག་ལྔ་སེར་སྣ་དང་དྲུག་གི་མི་གཙང་བ་དེ་དག་ཕར་བསལ་བའི་རྒྱུད་གཙང་མ་དང་། བསོད་ནམས་ཀྱི་འབྱོར་བ་ཕུན་སུམ་ཚོགས་པའི་རྒྱུད་དག་པ། དེ་ལྟ་བུའི་ཚོགས་བསགས་སྒྲིབ་སྦྱོང་གི་སྦྱོར་བ་སྔོན་ན་སོང་ནས་དངོས་གཞི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ན། ཡང་དག་པ་བརྡ་ལས་བླངས་པ་ཆོ་ག་དང་བསྟུན་པའི་སྨོན་འཇུག་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བ་དང་སྐྱེས་པའི་རྒྱུན་མི་ཉམས་པར་གནས་པ་ཡིན། དེས་ན་བདག་གིས་དེང་ནས་བཟུང་སྟེ་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། སེམས་བསྐྱེད་པས་མི་ཚད་སྐྱེས་པ་མི་ཉམས་པའི་བསླབ་བྱ་བསྲུངས་ནས་འཇུག་པ་ལག་ལེན་ལ་འདེབས་པ་ཡིན། དེའི་ཆེད་དུ་དམ་པའི་ཆོས་ཟབ་མོ་ཉན་འཆད་སྒོམ་སྒྲུབ་ལ་ཞུགས་པ་ཡིན་བསམ་པའི་བསམ་པ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པའི་འདུན་པ་དེ་ལྟ་བུ་དང་མི་འབྲལ་བའི་སྒོ་ནས། སྐབས་འདིར་གང་ཞིག་གསན་པར་བྱ་བ་རྒྱལ་བའི་ཆོས་མཛོད་ཡོངས་ཀྱིི་སྙིང་པོར་གྱུར་བ། རྫོགས་ཆེན་བསྟན་པའི་ཤིང་རྟ་བ་ཆེན་པོ་ཀློང་ཆེན་རབ་འབྱམས་བཟང་པོའི་དགོངས་པའི་གསང་མཛོད་ལས་བྱུང་བའི་ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་འདི་ཉིད་འཆད་པའི་སྐབས་ལས། གསུམ་པ། མཐུན་པའི་རྐྱེན་ལ་བསྟན་བཤད་གཉིས། དང་པོ།

མཐུན་པའི་རྐྱེན་མདོར་བསྟན་པ།

བདག་རྐྱེན་འབྱོར་པ་ཚང་ན་ཆོས་ཀྱི་ལས་འཕྲོ་ཡོད་པར་ཐག་བཅད་པ་ནི། ཆོས་ལ་སྤྱོད་པའི་འབྱོར་པ་ལེགས་ཚང་བ། །ཞེས་གསུངས་ཏེ། སྤྱིར་ལས་ཀྱི་འཕྲོ་མ་ཅན་ཞེས་བྱ་བ། བྱ་བ་གང་ཞིག་བྱེད་འཕྲོར་ཡོད་པ་ལ་ཟེར་བས། འདིར་ཡང་སྐྱེ་བ་སྔ་མ་ལ་ཆོས་བྱེད་པའི་འཕྲོ་ཡོད་པ་དེ་རྟེན་འདི་སྐྱེས་དུས་ནས་སྔོན་གྱི་བྱ་བ་བཟང་པོ་ལ་གོམས་པའི་བག་ཆགས་དེ་ཉིད་རྐྱེན་ཅི་འདྲ་བ་དེ་དང་དེའི་ཕྱོགས་སུ་གྱུར་པ་ལ་བརྟེན་ནས་སད་དེ་སྔར་གྱི་ལས་ཀྱི་འཕྲོ་གང་ཡོད་ཀྱི་ཆོས་ལ་སྤྱོད་པ་ནི་རྒྱུ་འབྲས་བསླུ་བ་མེད་པའི་རིགས་པའི་རྟགས་ཀྱིས་དཔོག་པས་ཐོབ་པའམ་མཐོང་ཆོས་སུ་གྱུར་བ་སྟེ། གཉིས་པ་རང་འབྱོར་དང་། གཞན་འབྱོར་གཉིས། དང་པོ།

རང་འབྱོར་བཤད་པ།

དཀར་པོའི་ལས་འཕྲོ་སད་པར་བསྟན་པ་ཡང་། །མིར་གྱུར་དབུས་སྐྱེས་དབང་པོ་ཚང་ཞིང་དད། །ལས་མཐའ་མ་ལོག་ཡང་དག་ལྟ་བ་ཅན། །དེ་དག་ཐོབ་དཀའ་ལས་འཕྲོར་ལྡན་པ་ཡིན། །ཅེས་གསུངས་ཏེ། དཀར་པོའི་ལས་སད་པའི་རྟགས་སུ་ལྷ་ཆོས་ཀྱི་རྟེན་མི་ལུས་ཐོབ་པས་རྟེན་གྱི་འབྱོར་པ། བསྟན་པ་གནས་པའི་ཆོས་ཚིགས་ཀྱི་ཡུལ་དབུས་སུ་སྐྱེས་པས་ཡུལ་གྱི་འབྱོར་བ་འབྱོར་པ། ལྐུགས་པ་ལ་སོགས་པའི་དབང་པོ་མ་ཚང་པར་སྐྱེས་ན་ཆོས་སྒྲུབ་པའི་རྐྱེན་མི་ཚོགས་པས་ཐོས་བསམ་གྱི་རྟེན་རང་ཉིད་ལ་དབང་པོ་ཚང་བས་འབྱོར་པ། ཆ་རྐྱེན་གཞན་ཅི་ཞིག་ཚོགས་ཀྱང་རང་ཉིད་ཆོས་ལ་མ་དད་ན་ཕན་ཐོགས་ཡོད་པ་མིན་པ་འཛམ་གླིང་ན་ཉི་མ་ཤར་ན་ལོང་པས་དེ་མི་མཐོང་བ་བཞིན་དུ་ཐར་པའི་ལམ་ཡང་དག་གི་གནས་ལ་དད་པས་འཇུག་པའི་འབྱོར་པ། འཇུག་པའི་སྒོ་ལས་ཀྱི་མཐའ་མ་ལོག་ནས་ཆོས་ལ་དད་པ་རྒྱུན་མ་ཆད་པ་དཀར་པོའི་དགེ་ལས་ལ་ཆེ་ཚོད་ཆུང་མིན་གྱིས་བརྩོན་པས་ལས་ཀྱི་མཐའ་མ་ལོག་པའི་འབྱོར་པ། གྲུབ་པའི་མཐའ་ངན་པར་ཞུགས་ནས་ལོག་ལྟ་ཅན་པོའི་རིགས་སུ་མ་སྐྱེས་པས་འབྱོར་པའོ། །དེ་དག་ལ་སྔོན་དཀར་པོ་དགེ་བའི་ལས་བྱས་པའི་རྒྱུས། ཚེ་འདིར་ཐོབ་པའི་སྒོ་མིའི་ལུས་ལ་སོགས་པ་རྙེད་པས་ལས་ཀྱི་འཕྲོ་ཡོད་པར་ཐག་ཆོད་པའོ། །སྐྱེ་བོ་གང་དག་ད་ལྟའི་སྐབས་འདིར་མི་ཉིད་ཐོབ་ཀྱང་ཚེ་ཕྱི་མ་ཕན་ཆོད་ལ་མི་ལུས་གཏན་ནས་མི་ཐོབ་པའི་རྟགས་ནི། སའི་སྙིང་པོའི་མདོ་ལས། འཁོར་བའི་གནས་འདིར་ཕྱིན་ཆད་མིའི་ལུས་རྟེན་ཉིད་རྙེད་པར་དཀའ་བའི་གང་ཟག་རིགས་བཅུ་ཡོད་དེ། གང་ཞེ་ན། དགེ་བའི་རྩ་བ་མི་བསྐྱེད་པ་དགེ་བའི་ས་བོན་ཞིག་རྒྱུད་ལ་བཞག་གམ་སྒོར་རྡོག་བཅུས་དགའ་ཞེས་འདེམ་བཅུག་ན་སྒོར་རྡོག་བཅུ་འདེམ་མཁན་དང་། བསོད་ནམས་ཀྱི་ཚོགས་མི་གསོག་པ་བསོད་ནམས་ཀྱི་ཚོགས་ཞེས་པ་གསོག་དགོས་སྣང་དང་ཕན་པ་ཡོད་སྣང་ཙམ་ཡང་ཞེ་ལ་མི་ཤར་བར་དང་། སྡིག་པའི་གྲོགས་པོའི་རྗེས་སུ་སྤྱོད་པ་དང་། ཉོན་མོངས་པ་ཉིང་མཚམས་སྦྱོར་བ་དང་། ཚེ་ཕྱི་མའི་སྡུག་བསྔལ་ལ་མི་འཇིགས་པའམ་འཇིགས་མི་ཤེས་པ་དུད་འགྲོའི་རིགས་ཅན་གླེན་ལྐུགས་ཅན་དང་། བདེ་བདེ་ཁོད་ཁོད་ཞི་ཞི་ལྷོད་ལྷོད་ཡོད་པ་སྐར་མ་གཅིག་གི་ཚེ་ཡང་མེད་པའི་ཉོན་མོངས་པ་འབའ་ཞིག་གིས་སེམས་འཁྲུགས་པ་དང་། ལེ་ལོ་དང་གཡེང་བས་ཆོས་ལ་རྟག་ཏུ་གཡེལ་བ་ཉལ་གཉིད་རྣམ་གཡེང་གིས་མི་ཚེ་སྐྱེལ་བ་དང་། སངས་རྒྱས་ཀྱི་བཀའ་ལ་ཞུགས་ཀྱང་དེ་དང་མཐུན་པའི་རྗེས་སུ་མི་སྤྱོད་པ་དང་། ལོག་པར་ལྟ་བའི་རྗེས་སུ་འཇུག་པ་མ་རབས་ཐུར་འགྲོ་ཞིག་རིག་དུས་ལོབས་པར་སླ་མོ་འཇུག་པ་བདེ་མོ་དགའ་སྣང་ཤར་བ་དང་། ལོག་པར་ལྟ་བ་དམ་དུ་འཛིན་པའོ་ཞེས་སོ། །དེ་ལྟའི་རིགས་ཅན་རྣམས་ཀྱིས་ཕྱིན་ཆད་འཁོར་བའི་གནས་སྐབས་འདི་ནས་མི་ཉིད་ཀྱི་ལུས་ཙམ་ཡང་མི་རྙེད་ཅེས་སོ། །དེ་དག་སྤྱོད་འཇུག་ཏུ། བདག་གི་སྤྱོད་པ་འདི་འདྲས་ནི། །མི་ཡི་ལུས་ཀྱང་རྙེད་མི་འགྱུར། །མི་ལུས་ཐོབ་པར་མ་གྱུར་ན། །སྡིག་པ་འབའ་ཞིག་དགེ་བ་མེད། །གང་ཚེ་དགེ་སྤྱད་སྐལ་ལྡན་ཡང་། །དེ་ཚེ་བདག་གིས་མ་བྱས་སོ། །ཞེས་སོ། །དེས་ན་གོང་དུ་ལུང་ལས་གསུངས་མ་ཐག་པའི་ད་ལྟ་རང་ཉིད་ཀྱི་བྱེད་པ་དང་སྤྱོད་པ་ངན་པའི་རྒྱུ་དང་ལས་དེ་ཉིད་ཀྱི་འཕྲོས་མཐུད་ནས་ངན་སོང་དུ་སྡུག་བསྔལ་བ་ལས་མིའི་ལུས་རྟེན་མི་རྙེད་པར་ངན་སོང་ཤ་སྟག་གི་ནས་སུ་འཁོར་བའོ། །དེ་ལས་བཟློག་པར་ད་ལྟ་དཀར་པོ་དགེ་བའི་ལས་བྱེད་པའི་ལས་ཀྱི་རིགས་འདྲ་ཡི་འཕྲོས་མཐུད་ནས་མཐོ་རིས་ཀྱི་བདེ་དཔལ་ལ་སྤྱོད་པ་ཡིན་ནོ། །དེས་ན་དལ་འབྱོར་ཐོབ་དུས་ཆོས་ལ་སྤྱོད་པར་རིགས་པ་ཉིད། ཡབ་སྲས་མཇལ་བའི་མདོ་ལས། མི་ཁོམ་བརྒྱད་པོ་ཐམས་ཅད་རབ་སྤངས་ཤིང་། །དལ་བ་ཕུན་ཚོགས་རྙེད་དཀའ་ཐོབ་གྱུར་ནས། །བདེ་གཤེགས་བསྟན་ལ་དད་པ་རྙེད་གྱུར་པའི། །མཁས་པ་རྣམས་ཀྱིས་རིག་པའི་རྣལ་འབྱོར་སྤྱོད། །ཅེས་སོ། །རང་གིས་རང་ཉིད་ལ་འདང་བརྒྱབ་ན་སྔར་དམ་པའི་ལྷ་ཆོས་ལ་ཞུགས་པའི་འཕྲོ་ཚེ་འདི་ལ་ཡོད་པ་དང་། བསོད་ནམས་ཤིག་ཀྱང་བསགས་ཡོད་པ་དང་། རྙེད་དཀའི་དམ་ཆོས་འདི་ལྟ་བུ་ཡང་ཕྲད་ཡོད་ཀྱང་། ད་ལྟའི་བསམ་སྤྱོད་ལ་བལྟས་ན་ཕྱི་མ་འདི་ལྟ་བུའི་ཆོས་ལྡན་གྱི་མི་ལུས་ཐོབ་ནས་ཆོས་དང་འཕྲད་དཀའ་བར་འདུག་སྟེ། དགེ་རྩ་གསར་དུ་མི་བསྐྱེད། བསོད་ནམས་ཀྱི་ཚོགས་མི་གསོག་པར་སྡིག་གྲོགས་ཀྱི་རྗེས་སུ་འབྲངས་འདུག་པས། དམྱལ་སོགས་ངན་སོང་དུ་འགྲོ་བའི་ལས་འཕྲོ་ངན་པ་དེའི་ཕྱོགས་སུ་བུད་མི་འགྲོ་བའི་ཐབས་མི་འདུག དེས་ན་དེ་ནི་མངོན་ཤེས་ཅན་གྱིས་སྐྱེ་རྟགས་གསུང་མི་དགོས་པར་ རྒྱུ་འབྲས་བསླུ་མེད་ཀྱི་རིགས་པས་གྲུབ་པར་འདུག དེས་ན་ད་དུང་མ་སྔ་མ་ཕྱི་བའི་དུས་སུ་ཡོད་པས་ཁ་གྱེན་དུ་འཁོར་ནས་ལས་འཕྲོ་ཆོས་ཕྱོགས་སུ་སྒྱུར་ཐུབ་དགོས་སྙམ་པ་ནི་ཅིས་ཀྱང་དགོས་སོ། །གཉིས་པ།

གཞན་འབྱོར་བཤད་པ།

མཐུན་རྐྱེན་གཞན་ཚང་བས་ཆོས་ལ་བརྩོན་པར་རིགས་པ་ནི། གཞན་འབྱོར་ཚང་བས་རྙེད་དཀའ་བརྩོན་པ་ཡང་། །སྟོན་བྱོན་ཆོས་གསུངས་བསྟན་པ་གནས་རྗེས་འཇུག །བརྩེ་ལྡན་བཤེས་དང་མཐུན་པའི་རྐྱེན་འབྱོར་པ། །རབ་ཏུ་དཀོན་ཕྱིར་བརྩོན་འགྲུས་རྩོམ་འཚལ་ལོ། །ཞེས་གསུངས་ཏེ། བདག་ཅག་ཐར་པའི་ཆོས་སྒྲུབ་པ་ལ་མཐུན་རྐྱེན་གཞན་གྱི་འབྱོར་བས་བདག་ལ་བསྐུལ་ཞིང་ལེགས་པར་བྱེད་པའི་སྐབས་འདིར་དམ་པའི་ཆོས་ལ་བརྩོན་པ་བསྒྲུབ་དགོས་སོ། །རང་ངོས་ནས་ཆོས་སྒྲུབ་པའི་འབྱོར་བ་ཚང་ཡང་གཞན་ངོས་ནས་དཀའ་ཞིང་། གཞན་ངོས་ནས་མ་ཚང་ན་རང་ངོས་ཀྱི་འབྱོར་བ་ཚང་ན་ཡང་ཕན་ཐོགས་མི་འབྱུང་པས། ད་རེས་གཞན་རྐྱེན་གྱི་འབྱོར་བ་ལ་བསམས་ན། འབྱོར་བའི་གཙོ་བོ་སངས་རྒྱས་འཇིག་རྟེན་དུ་བྱོན་སྐབས་སུ་ཁེལ་དགོས་པས། དེ་ལ་དང་པོར་ཐུགས་རྗེ་དང་ལྡན་པའི་སངས་རྒྱས་འཇིག་རྟེན་དུ་བྱོན་པའི་དུས་འདིར་རྟེན་སྟོན་པ་གཞན་ལས་འཕགས་པ་ཡོད་པའི་ཕྱིར་རོ། །སྤྱིར་བསྐལ་པ་ལ་གཉིས་ཏེ། སངས་རྒྱས་འཇིག་རྟེན་དུ་མ་བྱོན་པ་མུན་པའི་བསྐལ་པ་དང་། བྱོན་པ་སྒྲོན་མེའི་བསྐལ་པའོ། །དེ་ཡང་དགོངས་འདུས་ལས། སྒྲོན་མེའི་བསྐལ་པ་ནི་སྔོན་འདས་པའི་དུས་ན་བསྐལ་པ་ཆེན་པོ་མངོན་པར་དགའ་བ་ཞེས་བྱ་བ་ལ། སངས་རྒྱས་སུམ་ཁྲི་སུམ་སྟོང་བྱོན། དེའི་འོག་ཏུ་མུན་པའི་བསྐལ་པ་བརྒྱ་ཞིག་བྱུང་ངོ་། །དེ་ནས་བསྐལ་པ་རྫོགས་ལྡན་ཞེས་བྱ་བ་ལ། སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་བྱུང་ངོ་། །དེའི་འོག་ཏུ་མཐའ་འཁོབ་ཀྱི་བསྐལ་བ་བརྒྱ་བྱུང་ངོ་། །དེའི་འོག་ཏུ་བསྐལ་པ་བཟང་ལྡན་ཞེས་བྱ་བ་ལ་སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞི་བྱུང་ངོ་། །དེའི་འོག་ཏུ་མུན་པའི་བསྐལ་པ་ལྔ་བརྒྱ་བྱུང་ངོ་། །དེ་ནས་བསྐལ་པ་མཐོང་ན་དགའ་བ་ལ་སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་བྱུང་ངོ་། །དེའི་འོག་ཏུ་མུན་པའི་བསྐལ་པ་བདུན་བརྒྱ་བྱུང་ངོ་། །དེ་ནས་བསྐལ་པ་དགའ་བ་དང་ལྡན་པ་ལ་སངས་རྒྱས་སྟོང་ཕྲག་དྲུག་ཅུ་བྱུང་ངོ་། །དེའི་རྗེས་ལ་བསྐལ་པ་བཟང་པོ་འདི་ཉིད་བྱུང་སྟེ་སངས་རྒྱས་སྟོང་མངོན་པར་བྱུང་བའོ། །འདིའི་འོག་ཏུ་མཐའ་འཁོབ་ཀྱི་བསྐལ་པ་རིགས་ངན་དྲུག་ཅུ་འབྱུང་ངོ་། །དེའི་འོག་ཏུ་བསྐལ་པ་གྲངས་ལྡན་ལ་སངས་རྒྱས་སྟོང་ཕྲག་བཅུ་འབྱུང་ངོ་། །དེའི་འོག་ཏུ་རིགས་ངན་གྱི་བསྐལ་པ་སྟོང་ཕྲག་བཅུ་འབྱུང་ངོ་། །དེ་དག་ལ་སོགས་པ་མུན་པ་དང་སྒྲོན་མེའི་བསྐལ་པ་དུ་མ་འབྱུང་བ་ལས། མུན་པའི་བསྐལ་པ་དང་ཕྲད་པའི་དུས་སུ་སངས་རྒྱས་ཀྱི་མིང་ཡང་མེད་དོ་ཞེས་པ་དང་། མྱ་ངན་ལས་འདས་པ་ལས་སངས་རྒྱས་འབྱུང་བ་ཤིན་ཏུ་བརྒྱ་ལམ་འགའ་སྟེ་མཆོག་ཏུ་རྙེད་པར་དཀའ་འོ་ཞེས་སོ། །དེ་ལྟར་སངས་རྒྱས་བརྒྱ་ལམ་ཞིག་ན་འབྱུང་བ་ལས་ད་རེས་སངས་རྒྱས་བྱོན་པས་སྟོན་པ་འཇིག་རྟེན་དུ་བྱོན་པའི་འབྱོར་པའོ། །སངས་རྒྱས་བྱོན་ཡང་ཆོས་གསུངས་པ་དཀོན་པ་ལས། བཀའ་མདོ་སྡེ་དང་རྒྱུད་སྡེས་བསྡུས་པའི་ཆོས་གསུངས་པས་ལམ་ཐར་པ་དམ་པའི་སྣང་བ་དང་མ་བྲལ་བའི་འབྱོར་པ་ཚང་སྟེ། རྣམ་སྣང་མངོན་བྱང་ལས། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམ་ཝཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ཡང་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འདི་ནི། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །བླ་མེད་བྱེད་པར་ནུས་པ་ཡིན། །ཞེས་སོ། །དེ་ལྟར་ཆོས་གསུངས་ཀྱང་བསྟན་པ་ནུབ་ན་ཕན་མེད་པ་ལས། ད་ལྟ་སངས་རྒྱས་ཀྱི་བསྟན་པའི་ཉི་མ་ནུབ་ཀྱི་རི་མགོར་ལྷུང་དུ་ཉེ་བའི་དུས་ལ་བབས་པས་བསྟན་པ་དམ་པ་གནས་ཤིང་བསྟན་ཞབས་སུ་སྐྱེས་པའི་འབྱོར་པ་ཚང་ཞིང་ཐེག་པ་ཆེ་ཆུང་གིས་བསྡུས་པའི་བསྟན་པ་མ་ནུབ་ཙམ་དུ་གནས། བསྟན་པའི་ལྷག་ཞབས་སུ་སྐྱེས་ནས་བསྟན་པ་གནས་ཡོད་ཀྱང་བདག་ཉིད་དེ་ལ་འདོམས་ཤིང་རྗེས་སུ་ཕན་བདེ་བྱེད་པའི་ཆོས་མཐུན་གྱི་གྲོགས་མེད་ན་ཕན་མེད་པ་ལས། བཀའ་ལུང་དང་རྗེས་སུ་མཐུན་པའི་བཟང་པོའི་གྲོགས་ཀྱི་མཚན་ཉིད་ཚང་བའི་ཆོས་ཀྱི་གྲོགས་ཁྱད་པར་ཅན་ཡོད་པས་ཐོས་བསམ་དང་སྒོམ་སྒྲུབ་བྱེད་པའི་འབྱོར་པ་ཚང་སྟེ། ཟླ་བའི་སྙིང་པོས་ཞུས་པའི་མདོ་ལས། འཇིག་རྟེན་ན་ཆོས་དང་རྗེས་སུ་མཐུན་པའི་ནན་ཏན་བྱེད་པ་ཡང་རྙེད་པར་དཀའ་འོ་ཞེས་སོ། །དེ་དག་ཡོད་ཀྱང་དགེ་བའི་བཤེས་གཉེན་མེད་ན་ཐར་ལམ་མི་རྙེད་པ་ལས། ཀུན་མཁྱེན་ཆེན་པོ་ཁོང་གི་སྐུ་དུས་ད་ལྟའི་ཡར་སྔོན་ལོ་བདུན་བརྒྱའི་དུས་དེང་སང་ནི་མདོ་རྒྱུད་ཀྱི་གཞུང་ལམ་ཕྱིན་ཅི་མ་ལོག་པར་མཁྱེན་ཅིང་དགོངས་པ་ནམ་མཁའ་ལྟར་ཡངས་པས་གཞན་དོན་མཛད་པའི་བླ་མ་དགེ་བའི་བཤེས་གཉེན་ཆེན་པོ་རྣམས་བཞུགས་པས་རྟེན་ས་གཞན་ལས་ཕུལ་དུ་བྱུང་བས་འབྱོར་ཏེ། སངས་རྒྱས་བྱོན། ཆོས་གསུངས། བསྟན་པ་གནས་པ་དེ་དག་གིས་གཞན་འབྱོར་ཕུན་སུམ་ཚོགས་པ་ཚང་ཞིང་། དེ་ལ་ཞུགས་པའི་སྐལ་བ་ཡོད་མེད་ནི་གང་ཟག་སོ་སོའི་རྒྱུད་ཚོད་མི་གཅིག་པ་ཡིན། དུས་རབས་སྔོན་མའི་བོད་ཡུལ་ལ་བསམ་བློ་བཏང་ན། དུས་རབས་སྔོན་མའི་དུས་སྐེད་ནས་སངས་རྒྱས་ཀྱི་བསྟན་པ་སྤྱི་ཡོངས་ནས་ནུབ་སྟེ་མི་ལོ་བཅུ་ཕྲག་ཁ་ཤས་སོང་ལ། ཕྱི་ཚུལ་ནས་བལྟས་ན་ད་ནི་བསྟན་པའི་མེ་རོ་ཞིག་སོས་སུ་ཨེ་ཡོད་ན་སྙམ་པ་ཞིག་ཏུ་གྱུར་ཡོད་ཀྱང་། ནང་ཚུལ་ནས་སོ་སོས་ཉམས་སུ་བླངས་ན་གང་ཟག་བཟང་བ་ཞིག་ལ་ཉམས་སད་ཀྱི་ཚོད་ལེན་བྱེད་སྤྱད་གཅིག་ཏུ་གྱུར་བ་དང་། བསྟན་པ་ཕྱི་ན་མི་བཞུགས་པར་རང་རྒྱུད་ནས་བསྲུང་བའི་དམ་བཅའ་ཇེ་བརྟན་དུ་སོང་སྟེ་དེང་གི་བསྟན་པ་ཡང་དར་འདི་བྱུང་བ་ཡིན། ངོ་མས་བཤད་ན་རྐྱེན་ངན་གྲོགས་འགྱུར་དེ་ལ་བརྟེན་ནས་བསྟན་པའི་དག་ཐེར་ཡག་པ་ཞིག་གི་རྒྱུན་གསར་བའི་འགོ་ཞིག་འཇོག་དགོས་རྒྱུ་ཡིན་ཀྱང་། སྤྱི་མཐུན་གྱི་ལས་དབང་ཟློག་མེད་ཡིན་པའམ། བསྟན་འཛིན་གྱི་སྡེ་གྲངས་མང་ཡང་། སྤུས་ཞན་པ། ཅི་བྱེད་འདི་བྱེད་ཀྱི་བྱེད་ཐབས་གསར་བ་ལག་ལ་ལེན་ཐབས་མ་བདེ་བའི་དབང་གིས། ད་ལྟ་འདི་ཡི་ཚོད་ལ་བརྒྱབ་པ་རེད། འོན་ཀྱང་། བསམ་བློ་བཏང་ན་དུས་སྙིགས་མ་ཞིག་གི་སྐབས་སུ་འདི་ལྟར་དམ་པའི་ཆོས་བསྟན་མ་ནུབ། འཆད་ཉན་གྱི་བསྟན་པ་དར། བཤེས་གཉེན་བཟང་པོ་དགེ་བའི་གྲོགས་མཆོག་དང་ཐུག་ཏུ་ཡོད་པའི་སྐབས་འདིར་བདག་གང་ཟག་གཅིག་པུ་ཞིག་ལ་ཐུག་ཡོད་བསམ་དགོས་པ་ལས། ང་མིན་པ་མང་པ་རེད་བསམ་མི་ཉན་པ་ཡིན། ང་གཅིག་པུ་ཞིག་ལ་ཐུག་ཡོད་པས་འགན་ཆེན་པོ་ཕྲག་པའི་ཐོག་ཏུ་བབ་ཡོད། སླར་ཡང་དུས་རབས་སྔོན་མར་བྱུང་བ་ལྟར་དུ་བསྟན་པའི་ཉམས་ཆག་ཅིག་འཇིག་རྟེན་གྱི་ཁམས་སུ་བྱུང་ན། བསྟན་པ་གང་ཟག་རང་རྒྱུད་ལ་བཞུགས་པས། ཕྱི་རབས་བསྟན་དང་འགྲོ་བ་ལ་སྨན་པ་ཞིག་བྱེད་དགོས་བསམ་རྒྱུའི་དམ་བཅའ་དང་བཅས་ཏེ་ཆོས་ལ་སྤྱོད་འོས་སོ། །ཟླ་བའི་སྙིང་པོའི་ཞུས་པའི་མདོ་དེ་ཉིད་ལས། ཡང་དག་པ་དགེ་བའི་བཤེས་གཉེན་ཕུན་སུམ་ཚོགས་པ་ཡང་རྙེད་པར་དཀའ་འོ་ཞེས་སོ། །དེ་ལྟར་ཚང་བས་ཆོས་ལ་སྤྱོད་པ་ན་མཐུན་རྐྱེན་འཚོ་བ་བསོད་སྙོམས་ཀྱི་མཐའ་དང་། ངལ་ཞིང་དུབ་པའི་མཐའ་གཉིས་སུ་མ་ལྷུང་བ་ཡང་རྙེད་པར་དཀའ་སྟེ། འཚོ་གོས་ཀྱི་ཕྱིར་བྲེལ་བས་ཆོས་ཀྱི་ནན་ཏན་སྤྱོད་པའི་བརྩོན་པ་ལྷོད་པར་གྱུར་པ་ལས། དེང་སང་ནི་སྙིང་ནས་ཆོས་སྒྲུབ་པ་ལ་སྦྱིན་བདག་དད་པ་ཅན་རྣམས་ཀྱིས་ཡོན་སྦྱོར་བ་དང་། གོང་མ་རྣམས་ཀྱི་གདམས་པ་ཁྱད་པར་ཅན་དཀའ་ཐུབ་དང་བཅུད་ཀྱིས་ལེན་དམ་པ་དང་། ཀུན་མཁྱེན་ཆེན་པོ་རང་ཉིད་ཀྱིས་དངུལ་ཆུ་རིལ་བུ་རྡོག་པ་ཁ་ཤས་ཀྱིས་ཟླ་བ་མང་པོའི་འཚོ་རྟེན་འཛད་རབས་ཡོད་པ་དེ་ཚོ་བཅུད་ལེན་ཡིན་པའོ། །སྟོན་གྱི་ཟླ་བ་ལ་སྟེར་སློངས་ཀྱི་སྲོལ་ཁ་མ་ནུབ་ཙམ་དུ་ཡོད་པ་རྣམས་ལ་བརྟེན་པས་སྲོག་འཚོ་བའི་ཕྱིར་མཐུན་རྐྱེན་གྱི་འབྱོར་པ་ཚང་བའི་དུས་འདི་ཉིད་དུ། སྔར་མངའ་བདག་རལ་པ་ཅན་གྱི་སྐུ་དུས་སུ་བོད་ཡུལ་དུ་མཆོད་གནས་དགེ་འདུན་པ་རེ་ལ་མཆོད་གཞིས་གཏན་འཛུགས་ཡོད་ཀྱང་། ཀུན་མཁྱེན་ཆེན་པོའི་སྐབས་སུ་སྟོན་འབྲུ་སྣ་སྡུད་སྐབས་བསོད་སྙོམས་སྟེར་སློང་དར་ཙམ་རེ་ཡོད་པར་འདུག་ལ། དེང་སང་ནི་སྤྱི་ཁྱབ་ནས་འབྱོར་འཁོས་བཟང་དུས་ཡིན་ཅིང་། ཁྱད་པར་དུ་ཆོས་པ་འབྱོར་འཁོས་ཀྱིས་ཕངས་པ་མིན་ནོ། །ནམ་བཞག་གཏན་གྱི་འདུན་མ་དེ་ད་རེས་ལ་རག་ལས་པས། ཐར་པའི་ལམ་སྣ་ཟིན་ནས་བདེ་ཆེན་གྱི་གླིང་དུ་བགྲོད་པར་བྱ་བའི་ཕྱིར། ཚེ་འདིའི་སྣང་བ་རྫས་དང་ཡོ་བྱད་འཁོར་འདབ་གཉེན་འདུན་ལ་སོགས་པ་ལ་མ་ཆགས་པར། ཚེ་འདི་རྫས་དང་ཡོ་བྱད་འཁོར་འདབ་གཉེན་འདུན་གྱིས་མར་འཐེན་གྱི་དྲུད་ཅིག་མ་གཏོགས་ཕན་ཐོགས་གཅིག་ཀྱང་མེད་པ་ནི་གོང་ནས་ཞུས་པ་ལྟར་དུ་ཡིན་ལ། ཁྱད་པར་དུ་རབ་ཏུ་བྱུང་བས་དེའི་ཕྱོགས་སུ་ཆགས་ཞེན་ཇི་ལྟར་རུང་། །སྒེག་མོའི་མགོ་ལ་མེ་ཤོར་བའམ། སྡར་མའི་པང་དུ་སྦྲུལ་ཞུགས་པ་ལྟར་རབ་ཏུ་འབད་པ་གཅེས་ཏེ། སྙིང་རྗེ་པདྨ་དཀར་པོའི་མདོ་ལས། མི་ཁོམ་པ་བརྒྱད་སྤོངས་ཏེ་དལ་བ་ཕུན་སུམ་ཚོགས་པ་ཐོབ་པ་ནི་བརྒྱ་ལམ་དུ་ཟད་པས་ན། བག་ཡོད་པས་ལེགས་པར་བརྩོན་འགྲུས་རྩོམ་པར་གྱིས་ཤིག་ཕྱིས་འགྱོད་པར་གྱུར་ཏ་རེ་ཞེས་པ་དང་། ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས། སངས་རྒྱས་འཇིག་རྟེན་ཕན་པ་དྲང་སྲོང་ཆེ། །བསྐལ་པ་བྱེ་བར་བརྒྱ་ལམ་འབྱུང་བར་འགྱུར། །ད་ལྟར་དལ་བ་དམ་པ་རྙེད་པ་ལ། །གལ་ཏེ་ཐར་འདོད་བག་མེད་སྤང་བར་གྱིས། །ཞེས་པ་དང་། ཚུལ་ཁྲིམས་ཡོངས་སུ་དག་པའི་མདོ་ལས། དགེ་སློང་དག་དེ་ཐོབ་ནས་དེ་རྙེད་དེ་རྒྱལ་བའི་བསྟན་པ་ལས་རབ་ཏུ་བྱུང་བ་ཡང་རྙེད་པར་དཀའ་ན། ཅིའི་ཕྱིར་བརྩོན་འགྲུས་དང་། བརྟུལ་བ་བརྟན་པོས་སྒྲུབ་པར་མི་བྱེད། རྒས་པ་དང་། ན་བ་དང་། འཆི་བ་ནི་མངོན་པར་འོང་ཞིང་། ཐུབ་པའི་བསྟན་པ་ཡང་ནུབ་པར་འགྱུར་ན། ཕྱིས་འགྱོད་པར་གྱུར་ཏ་རེ་ཞེས་གསུངས་སོ། །རྒས་ཚེ་སྨད་ཀྱི་གོམ་ཁ་མི་ཐུབ་སར་ཐུག་ནས་ དབུགས་ཕྱི་ནང་ཕར་འཕེན་ཚུར་འཕེན་གྱི་དུས་སུ་སྔར་ཞིག་ནས་ཉམས་ལེན་གནད་ལ་ཁེལ་བ་ཞིག་མ་བྱས་པ་ལ་བསམ་པ་ཡོང་བ་ཡིན། འོན་ཀྱང་དེ་དུས་འཕྱིས་པའོ། །གསུམ་པ།

དེ་ལྟ་བུ་རྙེད་དཀའི་དཔེ་བསྟན་པ།

དེ་ལྟ་བུའི། དལ་འབྱོར་དཔེས་མཚོན་རྙེད་པར་དཀའ་བ་ཡང་། །མཚོ་དབུས་གཡེངས་བའི་གཉའ་ཤིང་བུ་ག་རུ། །རུས་སྦལ་མགྲིན་ཆུད་སྲིད་ཀྱི་ངན་སོང་ལས། །མིར་གྱུར་རྙེད་དཀའ་དེ་བཞིན་རྩིག་ངོས་ཀྱི། །ཞལ་ཞལ་ལོགས་ལ་སྲན་མ་ཆགས་སྲིད་ཀྱི། །མིར་གྱུར་ན་ཡང་ཡུལ་དབུས་སྐྱེ་བ་དཀོན། །ཞེས་གསུངས་ཏེ། འདི་ལྟ་སྟེ་དཔེར་ན། རྒྱ་མཚོའི་གཏིང་ན་རུས་སྦལ་ཞར་བ་ཞིག་ལོ་བརྒྱ་བརྒྱ་ན་ཆུའི་སྟེང་དུ་འོང་བ་དེ་དང་། གཉའ་ཤིང་བུ་ག་གཅིག་པ་དེ་སྐད་ཅིག་ཀྱང་ས་གཅིག་ཏུ་མི་སྡོད་པར་རླུང་གིས་ཕྱོགས་སུ་བསྐྱོད་པ་དེ་གཉིས་ཕྲད་དེ། རུས་སྦལ་ཞར་བའི་མགུལ་པའམ་སྐེ་བུ་ག་དེའི་ནང་དུ་ཆུད་པ་སྲིད་ཀྱི་ངན་སོང་དུ་སྐྱེས་པ་ལས་སླར་མི་ལུས་ཐོབ་པ་དེ་བས་ཀྱང་དཀོན་ཏེ། སྤྱོད་འཇུག་ལས། དེ་ཉིད་ཕྱིར་ན་བཅོམ་ལྡན་གྱིས། །རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་གི། བུ་གར་རུས་སྦལ་མགྲིན་ཆུད་ལས། །མི་ཉིད་ཤིན་ཏུ་རྙེད་དཀར་གསུངས། །ཞེས་སོ། །ཡང་འཁོར་བ་བརྒྱུད་ནས་འཁོར་བ་ལས། ད་རེས་མི་ལུས་ཐོབ་པ་འདི་རྩིག་ངོས་ཀྱི་ཞལ་བ་འཇམ་པོ་ལ་སྲན་མ་གཏོར་བ་ཆགས་པ་ལས་ཀྱང་དཀའ་སྟེ། ཟླ་བའི་སྙིང་པོའི་མདོ་ལས། མི་ཁོམ་པ་བརྒྱད་ལས་ལོག་ནས་མིར་གྱུར་པ་ཡང་རྙེད་པར་དཀའ་འོ་ཞེས་སོ། །དལ་འབྱོར་མི་ལུས་ཐོབ་པ་མང་ཡང་། དེའི་ནང་ནས་དམ་པའི་ཆོས་ལ་ཞུགས་པ་རྙེད་པར་དཀའ་བ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་འབྱུང་བར་དཀའ་བ་དང་མཚུངས་སོ། །གསེར་མདོག་གི་རྟོགས་པ་བརྗོད་པའི་མདོ་ལས། ཆོས་དང་ཕྲད་ནས་རྣལ་འབྱོར་དུ་བྱེད་པ་ཡང་རྙེད་པར་དཀའ་འོ་ཞེས་སོ། །སངས་རྒྱས་འཇིག་རྟེན་དུ་བྱོན་པ་ཨུ་དུཾ་ཝཱ་རའི་མེ་ཏོག་པས་ཀྱང་དཀོན་པར་བསམས་ལ་ཆོས་ལ་འཇུག་ཅིང་བརྩོན་དགོས་ཏེ། མྱ་ངན་ལས་འདས་པའི་མདོ་ལས། ཨུ་དུམ་ཝཱ་རའི་མེ་ཏོག་དེ་ནི་གནས་ཐམས་ཅད་དུ་མི་སྐྱེ་སྟེ། མཚོ་མ་དྲོས་པའི་བྱང་ཕྱོགས་རིའི་རྩེ་ན་དེའི་ཚལ་ཡོད་པ་དེར་སྐྱེ་ཞིང་། དུས་ཐམས་ཅད་དུ་མི་སྐྱེ་སྟེ། ནམ་སངས་རྒྱས་འཇིག་རྟེན་དུ་འབྱོན་པ་དེའི་ཚེ་སྐྱེའོ། །སྐྱེས་ནས་ཀྱང་སངས་རྒྱས་ཀྱིས་ཆོས་ཀྱིས་འཁོར་ལོ་བསྐོར་བ་ན་ཤིན་ཏུ་རྒྱས་པར་འགྱུར་ལ། མྱ་ངན་ལས་འདའ་བའི་ཚེ་རྙིངས་ཤིང་ས་ལ་ལྷགས་པར་འགྱུར་རོ། །དེའི་ཕྱིར་སངས་རྒྱས་འབྱུང་བ་ཤིན་ཏུ་རྙེད་པར་དཀའ་འོ་ཞེས་པ་དང་། སྡོང་པོ་བཀོད་པ་ལས། འཇིག་རྟེན་འདྲེན་པ་འཇིག་རྟེན་ན། །བསྐལ་པ་བྱེ་བར་རྙེད་པར་དཀའ། །ཞེས་སོ། །དེ་ཡན་གྱིས་མི་ལུས་རྙེད་དཀའ་བ་དང་། ཆོས་དང་འཕྲད་པ་དེ་བས་ཀྱང་དཀའ་ལུགས་དཔེ་དང་བཅས་པའི་སྒོ་ནས་གསུངས་ཏེ། འདི་ནས་བར་གྱི་གསལ་བྱེད་ཀྱི་ཚུལ་དུ་དལ་འབྱོར་དོན་ལྡན་བྱེད་པར་གདམས་པ་ནི། ཆོས་ཐོས་པའི་དོན་ཚུལ་བཞིན་ཉམས་སུ་ལེན་པར་དཀའ་བ་ལ་སོགས་པ་ནི། ཨུ་དུམ་ཝཱ་ར་འཇིག་རྟེན་འབྱུང་དཀའ་བ། །དེ་བས་ཆོས་ཞུགས་ཡང་དག་ལམ་ཕྲད་དཀོན། །ཁབ་མིག་རས་ཡུག་ཆུད་པ་དཀའ་བས་ཀྱང་། །ལམ་རྙེད་དེ་དག་ཚུལ་བཞིན་སྒྲུབ་པ་དཀོན། །མཚོ་གླིང་དག་ནས་ཡིད་བཞིན་རྙེད་པས་ཀྱང་། །ཡང་དག་བླ་མ་རྙེད་པར་དཀའ་བས་ན། །དེ་དག་བསམས་ལ་བརྩོན་པས་སྒྲུབ་འཚལ་ལོ། །ཨུ་དུམ་ཝཱ་རའི་དཔེ་འདི་ནི་སྐབས་འདིར་བར་གྱི་གསལ་བྱེད་དུ་བལྟ་སྟེ། དོན་བསྡུ་ཞིང་གོང་འོག་གཉིས་ཀར་སྦྱོར་ཆོག་པའི་བར་གྱི་གསལ་བྱེད་བར་མཚམས་རེར་ཡོད་པ་འདི་ཀུན་མཁྱེན་ཆེན་པོའི་གསུང་གི་ཁྱད་ཆོས་ཤིག་ཡིན་པའོ། །དོན་སྔ་མ་སངས་རྒྱས་འབྱུང་དཀའ་བ་ལ་ཡང་སྦྱོར་ལ། དོན་ཕྱི་མ་དམ་པའི་ཆོས་ལ་ཚུལ་བཞིན་སྒྲུབ་པ་དང་ཞུགས་དཀའ་བ་ལ་ཡང་སྦྱོར་རོ། །དེ་ཡང་ངས་ཆོས་ཤིག་བྱའོ་སྙམ་པའི་བསོད་ནམས་ཀྱི་བློ་སྐད་ཅིག་ཙམ་ཡང་སྐྱེ་བ་དཀའ་འོ། །སྐྱེས་པ་དེ་ནི་སངས་རྒྱས་ཀྱི་ཐུགས་རྗེ་ཡིན་པར་ཤེས་པར་བྱ་སྟེ། དཔེར་ན་མཚན་མོ་མུན་པའི་ནང་དུ་གློག་འབྱུང་བ་དཀའ་བ་བཞིན་ནོ། །སྤྱོད་འཇུག་ལས། ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ན། །གློག་འགྱུ་སྐད་ཅིག་རབ་སྣང་སྟོན་པ་ལྟར། །དེ་བཞིན་སངས་རྒྱས་མཐུ་ཡིས་བརྒྱ་ལམ་ན། །འཇིག་རྟེན་བསོད་ནམས་བློ་གྲོས་ཐེངས་འགའ་འབྱུང་། །ཞེས་སོ། །དེ་བས་ཀྱང་ཐེག་པ་ཆེ་ཆུང་གི་ཆོས་སྒོར་ཞུགས་པ་དཀོན་པ་ནི། ཨུ་དུམ་ཝཱ་རའི་མེ་ཏོག་བཞིན་ནོ། །དེ་བས་ཀྱང་ཐར་པའི་ལམ་མ་ནོར་བ་དང་ཕྲད་པ་དཀོན་ཏེ། ཕལ་ཆེར་སྔོན་བསགས་ལས་ཀྱི་སྒྲིབ་པ་འཐུག་དྲགས་པ་དང་། བདུད་ཀྱིས་བསླུས་པའི་དབང་དུ་སོང་ནས་ལམ་ལོག་པའམ་དམན་པར་ཞུགས་པ་མང་བའི་ཕྱིར་ཏེ། སྡོང་པོ་བཀོད་པ་ལས། ཡང་དག་པའི་ཆོས་དང་ཕྲད་པ་ཡང་ཤིན་ཏུ་རྙེད་པར་དཀའ་འོ་ཞེས་སོ། །དེ་བས་ཀྱང་ཐོས་པ་བཞིན་ཉམས་སུ་ལེན་པ་ལ་བརྩོན་པའི་ཚུལ་དཀོན་ཏེ་ཁབ་ཕྲ་མོའི་མིག་ཏུ་རས་ཡུག་ཤོང་བར་དཀའ་བས་ཀྱང་རྙེད་པར་དཀའ་འོ། །སངས་རྒྱས་བགྲོ་བའི་མདོ་ལས། སྙིང་རྗེས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། བསླབ་པ་ལ་གུས་པས་སྲོག་དང་བསྡོས་ཏེ་བསྲུང་བ་དང་། སྟོང་པ་ཉིད་ཀྱི་དོན་ལ་ཡིད་ཆེས་ཤིང་མོས་པ་དང་། དེ་དག་ལ་ནན་ཏན་གྱིས་སྤྱོད་པ་ཡང་ཤིན་ཏུ་དཀོན་ནོ་ཞེས་སོ། །གོང་གི་དེ་དག་གཅིག་དཀོན་གཉིས་དཀོན་ཡིན་ཀྱང་དེ་ཐམས་ཅད་ཕྱོགས་གཅིག་ཏུ་བཞག་པ་ལས། སྔར་སྨོས་པའི་མཚན་ཉིད་ཅན་གྱི་བླ་མ་དམ་པ་དང་མཇལ་ནས་སྙིང་པོའི་ཆོས་ཐོས་པ་ནི་དེ་ལས་ཀྱང་དཀོན་པ་སྟེ། དཔེར་ན་དེད་དཔོན་མཚོ་གླིང་ནས་ནོར་བུ་རྙེད་པ་བས་ཀྱང་དཀའ་བས། བླ་མ་དམ་པ་མཚན་ཉིད་ཚང་པ་ཞིག་རྙེད་དུས་རྟག་ཏུ་དེ་ཉིད་བསྟེན་པ་དང་། དེའི་བཀའ་གསུང་མི་གཅོག་པ་དང་། གསུང་བ་ཇི་བཞིན་བསྒྲུབ་པ་དང་། ཐུགས་མི་མཉེས་པ་སྐད་ཅིག་ཀྱང་མེད་པར། ཐབས་དང་རྣམ་པ་ཐམས་ཅད་ཀྱི་སྒོ་ནས་མཉེས་པ་བསྒྲུབ་པ་ལ་འབད་པར་བྱའོ། །སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་ཁྱོད་ཀྱི་དགེ་བའི་ཆོས་ཐམས་ཅད་ནི་དགེ་བའི་བཤེས་གཉེན་ལ་བསྟེན་ནས་འབྱུང་ངོ་། །དགེ་བའི་བཤེས་གཉེན་དེ་ནི་བསྐལ་པ་རྒྱ་མཚོ་ཐམས་ཅད་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་དག་གིས་རྙེད་ནས་ཆོས་ཐོབ་པར་འགྱུར་གྱི། གཞན་དུ་ན་ནོར་བུའི་མཆོག་རྙེད་པ་ལས་ཀྱང་ཕྲད་པར་ཤིན་ཏུ་དཀའ་འོ། །དེའི་ཕྱིར་རྟག་ཏུ་གུས་པས་བསྙེན་བཀུར་བ་ལ་མི་སྐྱོ་བར་བྱའོ་ཞེས་སོ། །གསུམ་པ་དལ་འབྱོར་དོན་ཡོད་པར་བྱ་བ་ལ། དོན་མེད་ཀྱི་བྱ་བ་དོར་བ་དང་། དོན་ཡོད་པར་སྒྲུབ་པ་གཉིས། དང་པོ།

དོན་མེད་ཀྱི་བྱ་བ་དོར་བ་བསྟན་པ།

མཐུན་རྐྱེན་ཚོགས་པས་རང་གི་བློ་ཐར་པ་ལ་སྤྲོ་བ་ཡོད་པ་དེའི་ཚེ། དོན་མེད་བྱ་བ་དོར་ནས་སྒྲུབ་པ་ཡང་། །ཐར་པའི་རྒྱུར་འགྱུར་དགེ་བ་མ་གཏོགས་པ། །གང་ཡང་དོར་ནས་ཆོས་ལ་བརྩོན་དགོས་ཏེ། །འཁྲུལ་པའི་བྱ་བ་དོན་མེད་སྡུག་བསྔལ་རྒྱུ། །འཆི་དུས་མི་ཕན་སྙིང་པོ་མེད་དེའི་ཕྱིར། །དུག་སྦྲུལ་གཟེབ་བཞིན་ངེས་པར་སྤང་འཚལ་ལོ། །ཞེས་གསུངས་ཏེ། ཆོས་ཀྱི་བྱ་བ་དགེ་བ་མ་གཏོགས་པ་ཐམས་ཅད་ལིངས་ཀྱིས་སྤངས་ནས་དམ་པའི་ཆོས་སྒྲུབ་པ་ལ་བརྩོན་དགོས་ཏེ། འཇིག་རྟེན་གྱི་བྱ་བ་གང་བྱས་ཀྱང་སྙིང་པོ་མེད་པ་འཆི་བའི་དུས་སུ་མི་ཕན་པ་སེམས་ཀྱི་གཟེ་རེ་རྒྱུན་མི་ཆད་པའི་རང་བཞིན་རྣམས། འདི་ནས་དཔེར་འཇོག་པ་ནི། དུག་སྦྲུལ་གྱི་གཟེབ་སྟེ་དུག་སྦྲུལ་ནང་དུ་བཅུག་པའི་སླེ་བོ་ལྟ་བུ་ཞིག་རྙེད་པའམ། རིམས་ནད་ཀྱིས་ཤི་བའི་རོ་གོས་རྙེད་པའམ། དུག་གིས་སྦགས་པ་སྟེ་འདྲེས་པའི་ཟས་རྙེད་པ་ལྟར་དེའི་རང་བཞིན་ཚོར་བའམ་ཤེས་མ་ཐག་ལ་དང་པོ་མ་ཤེས་ཀྱང་ཤེས་མ་ཐག་ཏུ་ལིངས་ཀྱིས་འདོར་དགོས་ཏེ། འཇིག་རྟེན་གྱི་སྣང་བ་ལ་ཕར་བལྟས་ན་ཐམས་ཅད་འཁྲུལ་པའི་ཡོ་ལང་ལ་སྤྱོད་པ་མཐོང་སྟེ། ཞེས་འཇིག་རྟེན་གྱི་བྱ་བ་འདི་ཐམས་ཅད་དུག་སྦྲུལ་གྱི་གཟེབ་དང་། རིམས་ནད་ཀྱིས་ཤི་བའི་རོ་གོས་ནད་འགོས་མ་རགས་པ་དང་། ད་དུང་དུག་གིས་སྦགས་པའི་ཟས་ལ་དཔེ་བྱས་པ་འདིས་རང་རྒྱུད་ལ་ཕན་ཐོགས་འབྱུང་རྒྱུ་དང་། ལག་ལེན་གྱི་གནད་ལ་ཁྱེར་བདེ་བ་ཡིན། འདོད་ཡོན་ཐམས་ཅད་འཕྲལ་དུ་བདེ་བར་སྣང་བ་ནི། ཟས་གོས་ནོར་དང་གཉེན་གྲོགས་ལ་སྲེད་ཞེན་མ་ཆོད་པས་ཡིན་པ་དང་། འདིའི་ཕུགས་སུ་གནོད་པ་དུག་གིས་སྦགས་པའི་ཟས་ལྟ་བུ་ཞིག་ཡིན་པས། སེམས་ཐག་ལིང་གིས་བཅད་ནས་མ་བསྐྱུར་ཐབས་མེད། རྐང་ལག་དུག་གིས་ཟིན་ན་སྲོག་མི་ཤོར་བའི་ཆེད་དུ་རྐང་ལག་ཡིན་ཀྱང་བཅད་དགོས་པའི་ཚོད་ལ་ཐོན་པ་བཞིན་དུ། ཐམས་ཅད་འཁྲུལ་བའི་ཡོ་ལང་དུ་ཞེ་གདིང་གིས་མཐོང་ན་ཅིས་ཀྱང་དགོས་མེད་དུ་རང་ཤུགས་ཀྱིས་ཡོང་ངོ་། །རང་གི་སེམས་ལ་བལྟ་བའི་ཆོས་གོམས་པ་ལ་བསྐུལ་བ་ནི། འཁོར་བ་ལས་ཡིད་ངེས་པར་འབྱུང་བའི་གླུ་ལས། འཇིག་རྟེན་སྤྱོད་པ་དག་ལ་ཕར་བལྟས་པས། །བྱས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །ཅི་ལ་བསམས་ཀྱང་ཕན་པར་མི་གདའ་བས། །རང་གི་སེམས་ལ་ལྟ་བ་གོམས་པར་གྱིས། །ཞེས་སོ། །ད་སྔོན་ཕར་འབའ་ཞིག་ལ་བལྟས་པ་ཡིན་ལ། ད་ནི་ཚུར་རང་སེམས་ལ་ལྟོས་དང་། དེ་ལ་གོམས་ན་ཆོས་ལ་གོམས་པ་འབྱུང་ཞེས་སོ། །ཆོས་མིན་གྱི་བྱ་བ་འདོར་ཚུལ་ནི། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། གང་ཡང་མི་དགེ་བའི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་འདོར་བ་ནི། རྗེའུ་རིགས་ལ་སོགས་པའི་མི་ཆེན་པོ་མི་གཙང་བ་ལ་འཛེམ་དགོས་པ་ལྟར་འདོར་དགོས་སོ། །མེ་དཔུང་ཆེན་པོ་རབ་ཏུ་འབར་བ་ལ་ལག་གིས་ལེན་པ་མི་འབྱུང་བ་ལྟར་འདོར་དགོས་སོ། །བྲམ་ཟེའི་རིགས་བ་གླང་གི་ཤ་མི་ཟ་བ་ལྟར་འདོར་དགོས་སོ། །ཟས་བཟང་པོས་འགྲངས་པའི་མི་ཟས་ངན་པ་མི་འདོད་པ་ལྟར་འདོར་དགོས་སོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་རིགས་ངན་དང་ལྷན་ཅིག་མི་ཕྲད་པ་ལྟར་འདོར་དགོས་སོ། །དགེ་སློང་གཙང་མ་མི་རོ་རུལ་པ་ལ་མི་རེག་པ་ལྟར་འདོར་དགོས་སོ། །ཞེས་སོ། །འཁོར་བར་ཞེན་པ་གཏིང་ནས་ལོག་སྟེ་འཇིག་རྟེན་ཆོས་མིན་གྱི་བྱ་བ་འདོར་དགོས་པའི་དཔེའོ། །འཇིག་རྟེན་ཆོས་མིན་གྱི་བྱ་བ་འདོར་དགོས་ན་དེ་ལ་བློ་མི་འཇུག་པར་ཆོས་ཤ་སྟག་ལ་བརྩོན་པར་གདམས་པ་ནི། ཚེ་འདིའི་སོ་ཚིས་གྲོགས་དང་གྲོས་འདུན་དང་། །ལོངས་སྤྱོད་ཕྱོགས་རིས་གྲུབ་མཐའ་ངན་པ་རྣམས། །དལ་འབྱོར་ཆུད་གསོན་ཕུང་ཁྲོལ་ལགས་པས་སྤང་། །ཞེས་གསུངས་ཏེ། འཇིག་རྟེན་གྱི་བྱ་བ་ཅི་བྱས་ཀྱང་ཕྱི་མ་ཕན་ཆད་ཀྱི་དོན་ཆེན་པོ་མེད་ཅིང་འཁོར་བའི་འདམ་དུ་བྱིང་བ་ལས་མེད་པར་ཐག་བཅད་ནས་ཆོས་ལ་བརྩོན་དགོས་སོ། །འདི་ཚོ་མན་ངག་ཁོ་ན་ཡིན་པས་མན་ངག་གི་བསྟན་བཅོས་ལ་ཐོས་བསམ་འཆད་ཉན་བྱེད་དུས་གཙོ་བོའི་ཡོང་སྒོ་རང་རྒྱུད་ཀྱི་ཉམས་ལ་རན་པ་ཞིག་གིས་རྒྱུད་ལ་སྦྱར་དགོས་སོ། །དེ་ཡང་སོ་ནམ་ཡུན་གྱི་དོན་སྲིད་མེད་པ་ཡུལ་ཞིང་རོང་འབྲོག་གི་སོ་ཚིས། གྲོགས་ཡུན་གྱི་དོན་སྲིད་མེད་པ་གནས་སྐབས་ཀྱི་ཁྱོ་ཤུག་གམ་བཟའ་ཚོ་དང་ཉེ་འབྲེལ། ལོངས་སྤྱོད་ཡུན་གྱི་དོན་སྲིད་མེད་པ་དེ་ཚེ་དེ་གོང་གི་ཟས་ནོར་གྱི་གཉེར་བ། གྲོས་འདུན་ཡུན་གྱི་དོན་སྲིད་མེད་པ་ཚེ་འདིའི་འཁྲུལ་སྣང་གི་ཆེ་ཐབས། འཁྲུག་པ་ཡུན་གྱི་དོན་སྲིད་མེད་པ་དགྲ་གཉེན་གྱི་ཕྱོགས་རིས། གྲུབ་མཐའ་ཡུན་གྱི་དོན་སྲིད་མེད་པ་གང་ལ་ཞེན་པ་མཐར་འཛིན་གྱི་ལྟ་བ་རྣམས་སྤངས་ལ། རང་ཉིད་ཀྱི་དལ་འབྱོར་ཆུད་མི་གསོན་པར་རང་གིས་རང་ལ་གཅེས་ན་སྙིང་ནས་དམ་པའི་ཆོས་ལ་བརྩོན་པར་བྱའོ། །དེ་དག་ཐམས་ཅད་ཞིབ་ཏུ་བཀྲལ་བ་ནི། དེ་ཡང་ཁྱིམ་གཉིས་ན་གནས་པ་ནི་བྲེལ་བ་མང་ཞིང་། ཞེས་ཁྱིམ་དང་པོ་འཇིག་རྟེན་མི་ནག་གི་ཁྱིམ་དང་། ཁྱིམ་གཉིས་པ་ཁྱིམ་ཆུང་སྤངས་པའི་ཁྱིམ་ཆེན། ང་ཚོའི་ཁ་སྐད་དུ་དགོན་གཞིས་བླ་བྲང་དང་། ས་འགའ་རེས་ནང་ཆེན་ཞེས་པ་དེའོ། །ཆོས་ལས་ཉམས་པའི་གཞི་ཡིན་པས་ཡུན་གྱི་དོན་སྲིད་མི་འགྲུབ་སྟེ། ཁྱིམ་དང་པོ་ཐོག་མ་འཇིག་རྟེན་པའི་ཁྱིམ་ན་ང་ཁྱོད་དང་དགྲ་གཉེན་གྱི་ཕྱོགས་རིས། བུ་ཚ་དང་ཁྱིམ་ཐབ་ཀྱི་གཉེར་པ། ཡུལ་གྱི་རྒྱལ་པོ་དང་གཙོ་བོ་ལ་སོགས་པའི་ཁྲལ་འུ་ལག་དང་མནར་གཅོད་ཀྱིས་གཙེར་བའི་སེམས་ལས། ཟ་ཆས་འཐུང་གཡོག་གི་ནང་ནུབ་ལྟོ་གོས་ཀྱི་ཁོལ་པོ། གང་བྱས་ཀྱང་གྲུབ་མ་ཟིན་པ་ལྟ་བུ་དང་། ཅི་བྱུང་ཡང་འདོད་པ་ཚིམས་པའི་ཕྱོགས་སུ་མི་འདོང་། ཇི་ལྟར་བྱས་ཀྱང་མི་མགུ། ཉིན་མི་དལ་མཚན་མི་གཉིད་པར་བྱས་ཀྱང་བྲེལ་ཏོ་ལ་ཟིན་པའི་དུས་མེད། ཆོས་ལ་སེམས་པའི་བློ་དཀོན། གང་བྱེད་སྡིག་པ་དང་འདྲེས་པ་གཞི་ཆེ། ཁྱིམ་མཚེས་ཆགས་སྡང་གི་མེ་དཔུང་དབལ་ཚ། བུ་ཚ་ལན་ཆགས་ཀྱི་རྡོས་ཐག་ཤུགས་དྲགས། ཅི་བྱས་སྡུག་བསྔལ་གྱིས་བསྣོན་པ་ཁུར་ཆེ། རང་སྡུག་བསྔལ་བ་བས་གཞན་ཕུན་སུམ་ཚོགས་པ་ལ་མི་བཟོད་པ་གྲངས་མང་བའི་ཕྱིར་ཆོས་དང་རིང་བ་ཡིན་ནོ། །དགྲ་ཐུ་བ་གནོད་སྐྱེལ་བ་ངོ་མ་ནི་ངོས་ནས་བརྙས་ལྐོག་ནས་འཕྱ་མཁན་དེ་མིན་པར། བུ་ཚ་ལན་ཆགས་ཀྱི་རྡོས་ཐག་དང་། གྲོགས་དང་གཉེན་ཉེ་ཟུར་དུ་ཡོད་པ་ཞག་གསུམ་བྲལ་ན་བློ་མི་བདེ་བའི། འཁོར་བའི་འཆིང་ཐག ཐར་བའི་ལམ་བཀག་རྣམས་སོ། །ཐད་དུ་ལངས་པའི་དགྲ་བོ་ནི་བཟོད་པ་སྒོམ་པའི་རྟེན། སྙིང་རྗེ་སྐྱེ་སའི་ཡུལ་ཡིན་པས། བྱམས་དང་སྙིང་རྗེ་བསྒོམས་ནས་འབྱོངས་དགོས་ས་དངོས་ནི་དགྲ་ཡིན་ལ། དོན་གྱིས་བཤད་ན་དགྲ་ནི་བཀའ་དྲིན་ཅན་ཡིན་པ་དང་། ལར་དགྲར་གྱུར་པ་ཡང་ཕ་རོལ་པོའི་ཕྱོགས་ཁོ་ནས་ལན་པ་ཅི་ལ་ཡིན། རྔ་མེད་ན་རྔ་དབྱུག་གིས་གང་ལ་རྡུང་། གནོད་ཆེན་པོ་ཕར་ལ་ཡང་བསྐྱལ་ཡོད་དེ། ང་མེད་ན་དེའི་རྒྱུད་ལ་ཞེ་སྡང་མི་སྐྱེ་ཞིང་། ཕྲག་དོག་མི་དགོས་པ་དང་། དེས་དབང་གིས་རྣམ་སྨིན་མྱོང་དོན་མེད་པ་ཡིན། དེས་ཀྱི་ཤ་ཚ་སྙིང་རྗེའི་ཡུལ་དུ་གྱུར་ཡོད། དེས་ན་མ་དུལ་བའི་སེམས་རྒྱུད་འདུལ་རྒྱུར་ལྷག་པར་དུ་སྙིང་སྟོབས་སྐྱེད་དགོས་སོ། །འཕགས་པ་དཀོན་མཆོག་བརྩེགས་པའི་བྱམས་ཞུས་ཀྱི་ལེའུ་ལས་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ། ཀུན་དགའ་བོ་ཞེས་བོས་ནས། ངས་ནི་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པའི་དུས་སུ་སྨོན་ལམ་འདི་ལྟར་བཏབ་སྟེ། སྙིགས་མ་ལྔ་དང་ལྡན་པའི་འཇིག་རྟེན་གྱི་ཉོན་མོངས་དུག་ལྔ་ཤས་ཆེ་ཞིང་། ཉོན་མོངས་དུག་ལྔ་བདོ་བའི་སྐབས་སུ་ཆོས་མ་ཡིན་པ་ལ་ཆགས་ནས་ཆོས་ལ་ལོག་པར་འཛིན། ཕ་མ་སྤུན་སྲིང་མཁན་སློབ་འཕགས་པའི་གང་ཟག་ལའང་འཁུ་བའི་གནས་སྐབས་ཀྱི། མི་དྲི་མ་ཅན། མི་དམུ་རྒོད། མི་ཅང་ཤེས་པ་མ་ཡིན་པ་རྣམས་ཀྱི་ནང་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་ན་ཅི་མ་རུང་སྙམ་ནས། སྨོན་ལམ་ཡོངས་སུ་སྦྱངས་པས་མཐར་སྨོན་ལམ་དེ་ཡོངས་སུ་གྲུབ་ནས། དུས་ངན་འདི་ལྟ་བུའི་ནང་དུ་ངས་སྙིང་རྗེ་ཆེན་པོ་སྔོན་དུ་བཏང་ནས་གྲོང་ཆེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། ཡུལ་ལྗོངས་དང་། རྒྱལ་པོའི་ཕོ་བྲང་སོགས་སུ་ཆོས་བསྟན་པའི་སྐབས་སུ། སྐྱེ་བོ་མ་རུང་བ་ཤིན་ཏུ་མང་བ་ནི་བསམ་བཞིན་དུ་དེ་ལ་སྨོན་ལམ་བཏབ་པས་ཡིན་ལ། ང་ལ་ངན་སྨོད་འདྲ་མིན་བྱས་ནས་ཐ་ན་མི་མ་རབས་ཀྱིས་བཤད་རྒྱུའི་གཏམ། ཡ་རབས་ཀྱི་ཚོགས་སུ་མི་འོང་རྒྱུའི་ཚིག་རྩུབ་བརླངས་པོར་སྨྲ་བས་ཀྱང་བསྐུར་བ་འདེབས་པ་དང་། ང་ལ་ཆད་པར་སྨྲ་བ་ཞེས་བརྗོད་ལ། རྟག་པར་སྨྲ་བར་ཞེས་ཀྱང་བརྗོད་པ་དང་། ཕས་ཕམ་པས་བསྐུར་བ་འདེབས་པ་སོགས་ཅི་ཡང་སྨྲོད་པ་ཡིན། དེའི་མ་ཚད་ངའི་ལུས་ལ་ས་གཏོར་ཞིང་། མེས་སྲེག་ཐབས་བྱེད་ལ། དུག་དང་འདྲེས་བའི་ཁ་ཟས་ཀྱང་སྦྱིན་མྱོང་ལ། དེ་ལ་སོགས་པའི་སྐུར་འདེབས་དང་གནོད་པ་བྱེད་ཀྱང་། ངས་ནི་སྙིང་རྗེ་ཆེན་པོ་སྔོན་དུ་བཏང་ནས། ལུས་ལས་ཆད་པའི་བུ་སྒྲ་གཅན་འཛིན་དང་། དགྲའི་དང་མ་ལྷས་བྱིན་གཉིས་ཀ་འདྲ་བར་བྱས་ནས་སྙིང་རྗེ་ཆེན་པོ་དང་ལྡན་པས་ཆོས་སྟོན་བཞིན་ཡོད་ཅེས་གསུངས་པ་བཞིན་དུ། འུ་ཚོ་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་སུ་ཞུགས་པ་དང་། ཐེག་ཆེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། རྒྱལ་བའི་མཛད་པ་ཉག་གཅིག་གིས་སེམས་ཅན་གྱི་དོན་སྒྲུབ་ནས་དམ་པའི་ཆོས་འཛིན་པར་དམ་བཅས་པས། མ་མཐའ་ཡང་། གཤེ་བ་ལ་སླར་མི་གཤེ། ཁྲོ་བ་ལ་སླར་མི་ཁྲོ། བརྡེགས་པ་ལ་སླར་མི་རྡེག མཚང་འབྲུ་བ་ལ་སླར་མི་འབྲུ་བའི་དགེ་སྦྱོང་གི་ཆོས་བཞི་བསྟེན་པས་མ་ཚད་བསམ་བློ་བཏང་ན་དགྲ་གཉེན་ཆད་པར་མེད་པ་ཐམས་ཅད་ཕ་མར་གྱུར་བའི་སེམས་ཅན། རྨོངས་པའི་གཞན་དབང་ཅན་འབའ་ཞིག་ཡིན་པས་སྙིང་རྗེས་མདུན་ནས་བརྡར། སྙིང་རྗེས་རྗེས་སུ་བཟུང་། སྙིང་རྗེས་སྡུག་བསྔལ་ལས་སྒྲོལ་དགོས་བསམ་པའི་སེམས་མཆོག་བསྐྱེད་པ་ཙམ་གྱིས་མི་ཚད་པར་སྐྱེས་པར་བྱེད་དགོས་པས། ཕར་ཕན་བཏགས་ཀྱང་ཚུར་གནོད་པར་བྱེད་འདུག་པ་འདི་དག་ཀྱང་སྔོན་ལས་ཀྱི་དབང་གིས་འཇིག་རྟེན་གྱི་མཐུན་སྣང་དུ་དུས་སྙིགས་མའི་སྐབས་སུ་དེ་ལྟར་འབྱུང་དུ་ཡོད་པས། རང་ལ་ལོག་སྒྲུབ་དང་སྐུར་འདེབས་ཇི་ཙམ་བྱས་རུང་། དེའི་སྐབས་སུ་ལྟས་ངན་གཡང་ལེན་གྱི་མན་ངག་རང་ལ་ཡོད་ན། ལྕགས་ཐམས་ཅད་གསེར་དུ་བསྒྱུར་ཤེས་པ་བཞིན་དུ། ཕན་པའི་སྨན་གྱི་སྡེབ་སྦྱོར་བཟང་པོ་དེ་ན་བྱེད་དུ་ཡོད་པ་དང་། ནོར་རིན་ཐང་ཅན་རིན་པ་སྦྱིན་མི་དགོས་པར་དེ་ན་བླང་དུ་ཡོད་པ་ཡིན། གཞན་མ་དགོས་ལོ་ཀེག་ཟླ་ཀེག་གི་བར་ཆད་སེལ་བ་ལ། རིམ་གྲོ་ཞབས་བརྟན་ཅི་ཙམ་བསྒྲུབས་པ་ལས་ངན་སྨྲས་སྐུར་འདེབས་བྱེད་རོགས་བྱས་ན། དེས་བཟང་ཞིག་ཡོད་པ་མིན། དེ་ལག་བླངས་མ་ཡིན། དཔེ་ང་ལ་མཚོན་ན། ང་རང་ལོ་ཉི་ཤུ་རྩ་ལྔའི་ཀེག་ཐོག་ཏུ་ཐོན་དུས་རིག་གནས་གསར་བརྗེའི་དཔུང་སྡེ་གཙང་གཤེར་བྱས་ནས། བཀྱིགས་བརྡུངས་སུམ་རྒོལ་གྱི་འགུལ་བསྐྱོད་བཙུགས་བྱུང་། དེ་དུས་ཡིག་ཆེན་ཚགས་པར་སྦྱར་བ་དང་། སྐྱོན་བརྗོད་དང་དགག་པ་ཐེར་འདོན་བྱས་པའི་དབང་གིས་ཁ་ན་སོ་ཚ་ཙམ་ཞིག་མི་འབྱུང་བའི་ཕན་ཐོགས་ཡོད་བྱུང་། དེ་དུས་སྐུར་འདེབས་བླ་བཙག་གི་མིང་ལ་ངས་ཅི་བཏགས་ཡོད་ཅེ་ན། སྐུ་རིམ་འདོན་ཁི་ཨེ་འདུག་ཅེས་མིང་བསྒྱུར་བ་ཡིན། སྐུ་རིམ་ཞབས་བརྟན་འཚོགས་པ་ལས་དགའ་བ་ཡིན་ལ། དཀོན་མཆོག་ལ་བདེན་མཐུ་མེད་པས་མིན་ཀྱང་། རང་གི་འཛིན་ཞེན་གྱི་རྣམ་པར་མ་དག་པས་ཡིན། བཟང་འདུག་ཡག་འདུག་ཟེར་དུས་འུ་གུས་ཡིན་སྣང་ཤར་ནས་རྐྱེན་བར་ཆད་དེས་ཆེ་མེད་པ་རེས་མ་ཤི་ཙམ་དུ་བྱེད་པ་ཡིན་པས། དམ་པའི་ཆོས་འཛིན་པ་དང་། སེམས་ཅན་གྱི་འགྲོ་དོན་བྱེད་དུས་སྡང་བའི་ཡུལ་ལ་ལྷག་པར་སྙིང་རྗེ་བསྐྱེད་དགོས། མ་དུལ་བ་འདུལ་དགོས་པ་ལས་ཐུལ་ཟིན་པའི་སེམས་རྒྱུད་སྨིན་པར་ཨ་འདུལ་ཡང་འདུལ་དགོས་པ་མིན། སྔགས་ཀྱི་སྐབས་ནས། མ་གྲོལ་དགྲོལ་དང་མ་བསྒྲལ་བསྒྲལ། །དབུགས་མ་ཕྱིན་རྣམས་དབུགས་དབྱུང་ཞེས་དམ་བཅའ་བཞག་པ་བཞིན་དགོས་པ་ལས། སྲ་མོ་ལ་འདྲེད། སྙི་མོ་ལ་ཟུག་འགྲོ་བ་ནི་འགྲོ་དོན་གྱི་ཐ་མ་ཡིན། དེ་བཞིན་དུ་ཉོན་མོངས་ཐམས་ཅད་ཀྱི་འབྱུང་རྩ་ཁྱིམ་ཡིན་པས། རབ་ཏུ་བྱུང་བ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་དགོས་པ་ཡང་དེས་སོ། །དེས་ཕྱིར་བྱང་ཆུབ་སེམས་དཔའ་སེང་གེ་སྒྲས་ཞུས་པའི་མདོ་ལས། ཁྱིམ་ན་ཉོན་མོངས་གནས་པ་སྟེ། །དཀར་པོའི་ཆོས་རྣམས་འཇིག་པར་བྱེད། །ཅེས་སོ། །ཁྱིམ་གཉིས་པ་རབ་ཏུ་བྱུང་བས་གཟུང་བ་ཡང་སྡུག་བསྔལ་གྱི་རང་བཞིན་ཡིན་ཏེ། ཁྱིམ་ཆུང་སྤངས་པའི་ཁྱིམ་ཆེན། ཚོང་དང་སོ་ནམ་གྱི་གཉེར་བ། དཀོར་ནོར་སྤེལ་དགོས་པས་སོ་ནམ་མི་བྱེད་ཐབས་མེད་པས་སོ། །རྟ་བོང་ཁལ་ཕྱུགས་ཀྱི་བྲན་གཡོག དེང་སང་གི་འགྲིམ་འགྲུལ་ཀྱི་ཡོ་ཆས་གཙོ་ཆེར་འཁོར་ལོའི་རིགས་ཡིན་ཀྱང་། དགོན་པའི་མཆོད་གཞིས་དང་སྒེར་གྱི་འབྲོག་ཁྱིམ་ལ་སོགས་པའི་རྟ་ཟོག་ནོར་ཕྱུགས་ལ་བལྟ་དགོས་དང་། ནོར་རྫས་སྐྱེད་འཕེལ་གྱི་བྲེལ་ཏོ་ཕ་དམ་བུ་ལོན་སོགས་པའི་བྱ་བ། ཡིན་པར་རྒས་ཀ་ཚེ་མཇུག་ཏུ་ཆོས་རྣམ་དག་ཅིག་འགྲུབ་དགོས་བསམས་ནས་ཆོས་ཞུགས་བྱས་ཀྱང་དེ་དག་བློས་མི་ཐོང་ནས་ཡང་རྒས་ཚེ་གཞུག་གི་སོ་ཚིས། ཉེ་དུ་འབྲེལ་བའི་གྲོས་འདུན་ཆགས་སྡང་གིས་བློ་འདྲི་ཞིག་བྱས་དུས་བདེ་བདེ་ཉིན་གཅིག་ལ་མེད་པ། འདོད་ཡོན་སྲེད་པའི་ཞེན་ཆགས་གཅིག་ཡོད་ན་གཉིས་དགོས་ཤིང་མི་དགོས་ཤུལ་དུ་མེད་པ་སྐྱ་སེར་གཉིས་ཀའི་གོ་ཆོད་བྱེད་དགོས་པ། བཟའ་བཏུང་ལོངས་སྤྱོད་ཀྱི་སྐྱིད་འདོད་ཟ་དགའ་འཐུང་སྐྱིད་འདུ་ར་ཚོགས་ཁང་། གནས་དང་མཁར་ལས་ཀྱི་བྱ་བཞག་གཅིག་གི་རྗེས་སུ་གཅིག་འབྱུང་བ་ལས་མཇུག་རྫོགས་རྒྱུ་མེད་པ། ཟིན་མེད་བྲེལ་ཏོའི་རྣམ་གཡེང་ཟིན་འགྲོ་རྒྱུ་ཞིག་ཅི་ལ་ཡོད་དེ། འཇིག་རྟེན་གྱི་བྱ་བཞག་ཆུའི་གཉེར་མ་ལྟ་བུ་ཡིན་པ་དང་། དེ་ལྟ་བུའི་ཉིན་མཚན་ཆགས་སྡང་གི་ཁོར་ཡུག ཉིན་གྱིས་མི་ཚད་མཚན་ལ་ཡང་དེ་ལ་བསམ་བློ་བཏང་ནས་རང་རྒྱུད་ཆུད་ཟོས་སུ་ཤོར་བ་དང་། གོང་འོག་སེམས་འཛིན་གྱི་ཁུར་ལས་གོང་མའི་ངོ་ལོན་དགོས་པས་དེ་མགུ་ཐབས་མི་ཐོན། ལོ་འདོད་འཇིག་རྟེན་གྱི་སྣང་ཤེས་མིན་ན་ཡིན་ཁུལ་གྱིས་གཅིག་རྗེས་གཅིག་གིས་ཨེ་ཟིན་ལྟ་བ་དང་། ཐོས་བསམ་གཟུགས་བརྙན་གྱི་ཁ་ཆོས་ཕར་ལྟས་ལ་ལོས་ཡིན་བསམ་སྤྱད་ཀྱི་ཚུལ་འཆོས་ལེགས་སྨོན་ཙམ་མ་གཏོགས་པར་དོན་དུ་ཆོས་མེད་པ། ཆགས་སྡང་འགྲན་སེམས་ཀྱི་མེ་དཔུང་དགོན་པ་ཁྱིམ་མཚེས་གྲྭ་རོགས་གྲོགས་མཆེད་སུ་ཡིན་ཀྱང་གཅིག་གིས་གཅིག་གོང་ལ་ཤོར་དོགས་ཀྱི་འགྲན་སེམས། རྟག་ཏུ་ཟུག་རྔུའི་ཚེར་མ་ཉོན་མོངས་པའི་ནད་ཁོག་ན་ཡོད་པས་མི་བདེའི་སྡུག་བསྔལ་གྱི་ཚེར་མ་མེད་པའི་འོས་མེད་ལ། ཅི་བྱས་ཚེ་འདིས་བྱ་བ་ལས་ཚད་ཚེ་འདིའི་དོན་དུ་མ་གཏོགས་ཕྱི་མར་ཕན་ཐོགས་ཅན་ཁེ་རུ་གཅིག་མེད་པ། རྟག་ཏུ་རེ་བའི་སོ་ཚིས་མི་ཚེ་གཅིག་ལ་མི་ལོན་མི་འགྲུབ་པའི་སྒོ་ནས་རེ་སྟོང་ཏག་ཏག་འཆང་ནས་དེས་དོན་དུ་འབད་པར་བྱེད་པ། དཔོན་སློབ་དད་མེད་ཀྱི་འཆིང་རེས་ཏེ་དཔོན་སློབ་ཏུ་སྣང་ཡང་དོན་དུ་དད་པ་མེད་པར་གཅིག་གིས་གཅིག་འཆིང་བའི་རྒྱུ་ཡིན་པ་དང་། གྲོགས་མཆེད་འགྲན་སེམས་ཀྱི་ཕྲག་དོག་སྐལ་ལྡན་རྡོ་རྗེའི་མཆེད་ལྕམ་ཡིན་ཀྱང་དོན་ལ་འགྲན་སེམས་དང་ཕྲག་དོག་ཡོད་པ། དྲག་ཤོས་སུ་བརྩི་རྒྱུ་རྣམས་ཀྱང་ཆོས་བརྒྱད་ཀྱི་རི་བོ་མཐོན་པོ་ཅན་དང་། ཞན་ཤོས་སམ་ངན་ཤོས་སུ་བརྩི་རྒྱུ་རྣམས་ནི་ཐོས་མེད་ཀྱི་ཀུན་སྤྱོད་གང་བྱུང་ཅི་བྱུང་གི་སྤྱོད་འཆལ་ཅན། མདོར་ན་ཆོས་དང་རང་རྒྱུད་འཛོལ་བའི་ཉེས་པ་ཤིན་ཏུ་མང་བས་ཐར་པ་དམ་པའི་ལྷ་ཆོས་རབ་ཏུ་དཀའ་སྟེ། འདུལ་བ་ལུང་ལས། ཁྱིམ་དོན་ཆེ་ཆུང་སྤངས་ནས་ཐོག་མར་རབ་བྱུང་དཀའ། །ཞེས་པ་དང་། གང་ཞིག་རབ་ཏུ་བྱུང་ཡང་ཡོན་ཏན་སྣོད་མ་གྱུར། །སྐྲ་དང་ཁ་སྤུ་བྲེགས་ཀྱང་དགེ་སྦྱོང་ཚུལ་མ་ཞུགས། །རབ་བྱུང་དེ་ནི་རབ་བྱུང་མ་ཡིན་ཁྱིམ་པའང་མིན། །ཆུ་མེད་ཁྲོན་པ་རི་མོའི་མར་མེ་བཞིན། །ཞེས་པ་དང་། སྔ་མ་དེ་ཉིད་ལས། ཁྱིམ་ན་གནས་པ་འདོད་པ་ཡིས། །མི་ངོམས་བཞིན་དུ་འཆི་བར་འགྱུར། །ཞེས་སོ། །དེས་ན་ཆོས་ཚུལ་བཞིན་དུ་བྱེད་ན་འཇིག་རྟེན་གྱི་སྣང་བ་ལས་བཟློག་པ་གལ་ཆེའོ། །སེམས་རབ་ཏུ་བྱུང་ནས་ཁྱིམ་ནས་འབུད་མ་ཐུབ་དུས། ཁྱིམ་ཆུང་རུ་བ་སྐྱས་སྤོ་ཙམ་སྤངས་ཀྱང་། ཁྱིམ་ཆེན་འདོད་ཡོན་གྱི་སྲེད་པའི་ཞེན་ཆགས་བཟའ་བཏུང་ལོངས་སྤྱོད་ཀྱི་སྐྱིད་འདོད། ཁྱད་པར་དུ་ཆོས་བརྒྱད་འཇིག་རྟེན་གྱི་སྣང་ཤས་འདིས་བཅིངས་ནས། རབ་ཏུ་བྱུང་ཡང་ཡོན་ཏན་གྱི་སྣོད་དུ་མ་གྱུར། སྐྲ་བྲེགས་ཀྱང་དགེ་སྦྱོང་གི་ཚུལ་དང་མ་མཐུན་པ་འདི་བྱུང་བས། ད་ནི་རང་མགོ་རང་གིས་མི་གཡོག་པར་གནད་ཀྱི་ནང་གི་གནད་གཅིག འཇིག་རྟེན་གྱི་སྣང་ཤས་དང་ཞེན་པ་བྲལ་ཐུབ་དགོས་ཞེས་པའོ། །གཉིས་པ།

དོན་ཡོད་པར་སྒྲུབ་པ་བསྟན་པ།

དྲན་ཤེས་བཞིན་གྱིས་བཟུང་ནས་ཡེངས་མེད་དུ་བཞེངས་བསྐུལ་གདབ་པ་ནི། རྟག་ཏུ་དྲན་དང་ཤེས་བཞིན་བག་ཡོད་པས། །དལ་འབྱོར་བསམས་ཏེ་ཐར་པའི་བྱང་ཆུབ་བསྒྲུབ། །ཅེས་གསུངས་ཏེ། དེ་ལྟར་རྙེད་དཀའི་དལ་འབྱོར་ཐོབ་ནས་ད་རེས་ཐར་པའི་ལམ་སྣ་མ་ཟིན་ན། གསེར་གླིང་དུ་ཕྱིན་ནས་སྟོང་པར་ལོག་པ་བས་ཀྱང་མདོ་ཆུང་བས་ཟབ་མོའི་ཆོས་ཤིག་བསྒྲུབས་ཏེ་ཐར་བའི་ལམ་སྣ་ཅི་ཟིན་བྱ། སྤྱོད་ལམ་དུས་དྲུག་ཐམས་ཅད་དུ་འདྲིས་པའི་དངོས་པོ་མི་བརྗེད་པའི་དྲན་པ་དང་། དོན་ཡོད་མེད་ཀྱི་བྱ་བ་ངོས་ཟིན་པའི་ཤེས་བཞིན་གྱི་བྱ་རས་ཟིན་པར་བྱས་ཏེ། ཚོགས་དྲུག་ཡུལ་ལ་མ་ཡེངས་པར་རང་གིས་རང་ལ་བསྐུལ་བ་ནི། དཔེར་ན་གྲུ་ཡོད་དུས་ཆུ་ལས་མ་སྒྲོལ་ན། དེ་ནས་མི་སྒྲོལ་བས་དེ་དུས་ཅི་སྒྲོལ་བྱེད་པ་ལྟར། དལ་འབྱོར་གྱི་གྲུ་རྙེད་དུས་འབད་དགོས་ཏེ། སྤྱོད་འཇུག་ལས། གྲུ་འདི་ཕྱི་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་སོ། །དེ་བཞིན་དུ་ཅང་ཤེས་ཀྱི་རྟ་མཆོག་ཡོད་དུས་སུ་ཤུལ་རིང་གི་ལམ་བགྲོད་དགོས་པ་དང་། དྲོད་གཤེར་དང་ཆུ་ལུད་འཛོམ་དུས་སུ་ས་བོན་ཅི་ཐེབས་བྱེད་པ་དང་། དཔའ་བོའི་དཔུང་ཚོགས་ཡོད་དུས་སུ་དགྲ་འདུལ་བ་དང་། གསེར་དངུལ་གྱི་གཏེར་ཀ་རྡོལ་དུས་སུ་ཅི་ལོན་བྱེད་པ་དང་། སྟོན་ཀའི་ལོ་ཐོག་སྨིན་དུས་སུ་ཅི་འདུས་བྱེད་པ་དང་། འཇིགས་སར་སྐྱེལ་མ་ཡོད་དུས་སུ་ཅི་སྒྲོལ་བྱེད་པ་དང་། གཡར་པོའི་ཀ་ཆ་ཡོད་དུས་སུ་བརྩོན་པ་ཆེར་བསྐྱེད་པ་དང་། བྲན་གཡོག་གི་བྱ་བཞག་བྱེད་དུས་སུ་ལས་བསྒྲུབས་པ་ལྟར། དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་རྙེད་དུས་འདིར་དལ་ཁོམ་མེད་པར་ཆོས་ལ་བརྩོན་པར་བྱ་དགོས་ཏེ་མི་རྟག་པ་མྱུར་དུ་འོང་བའི་ཕྱིར་རོ། །འདི་ལ་བསམས་ན་གཉིད་ལོག་པ་དང་དབུགས་འབྱུང་རྔུབ་ཙམ་ཡང་ཁོམ་གླགས་མེད་པར་ཆོས་ལ་བརྩོན་པར་རིགས་ཏེ། ངོ་མས་བསམས་ན་གཉིད་ལོང་མ་དགོས་དབུགས་ལེན་ལོང་མེད་པའི་ས་ལ་ཐོན་ཡོད་པའོ། །དཔལ་མར་མེད་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས། ཚེ་འདི་གནོད་མང་རླུང་གིས་བཏབ་པ་ལྟའི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་རྔུབ་དབུགས་དབྱུང་གཉིད་ཀྱིས་ལོག་པ་ལས། །སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་གསུངས་པ་བཞིན་ནོ། །ཆོས་ཟབ་མོ་རེ་རེའི་ཚིག་དོན་གོ་བ་དང་། གདམས་ངག་རེ་རེའི་གནད་ཁ་གསུང་ཚེ་དེའི་སྐབས་སུ་ཅིས་ཀྱང་དགོས་མེད་འཇིག་རྟེན་འཁོར་བའི་བྱ་བཞག་འདི་བསླུ་བའི་ཆོས་ཅན་ཡིན་པར་ཅུང་ཟད་གོ་ཡང་། སྒོར་བུད་ནས་འུར་ཁ་ཤས་བརྒྱབ་རྗེས་གར་སོང་མེད་པ་ནི་དྲན་དང་ཤེས་བཞིན་གྱི་མེལ་ཚེ་བ་མེད་པས་དེ་ལྟར་བྱུང་བ་ཡིན། དེས་ན་འདི་ནས་གསུངས་པ་ལྟར་དུ་སྤྱོད་ལམ་དུས་དྲུག་ཐམས་ཅད་དུ་ཆོས་དང་རང་རྒྱུད་འདྲེས་པའི་ཉམས་ལེན་གྱི་གནད་མི་བརྗེད་པའི་དྲན་པ་དང་། རང་ཉིད་ཀྱི་བྱ་བ་དོན་ཡོད་མེད་གང་སྒྲུབ་ངོས་ཟིན་པའི་ཤེས་བཞིན་དང་མི་འབྲལ་བར་གལ་ཆེ་བ་ནི། རྟ་མཆོག་རང་ལག་ལ་ཡོད་དུས་ཐག་རིང་གི་ལམ་ལ་བགྲོད་དགོས་པ་དང་། དཔྱིད་ས་ཆུ་དྲོས་དུས་སོ་ནམ་ཞིང་ལས་ལ་རེམ་དགོས་པ་ལ་སོགས་པའི་དཔེ་ལྟར་དུ་དུས་ལས་མ་ཡོལ་བ་དགོས་པ་ལས། མི་རྟག་འཆི་བས་མདུན་ནས་སྒུག་སྟེ་ཡོད་དོ། །དོན་ཅན་གྱི་ལས་ལ་བརྩོན་པར་འོས་པའི་ཚུལ་བསྟན་པ་ནི། འགྲོ་ཉལ་འདུག་དང་ཟས་ལ་སོགས་པ་ནའང་། །ལེ་ལོ་ལ་སོགས་སྐྱོན་དྲུག་རྣམས་སྤངས་ནས། །མངོན་མཐོ་ངེས་ལེགས་དོན་ཆེན་བསྒྲུབ་པ་ན། །བཀྲེས་པས་ཟས་མཐོང་ལ་སོགས་དཔེས་འཇུག་སྟེ། །ཉིན་མཚན་ཀུན་ཏུ་དགེ་ལ་བརྩོན་པར་བྱ། །ཞེས་གསུངས་ཏེ། འགྲོ་བ་དང་། ལྡང་བ་དང་། འཆག་པ་དང་། ཉལ་བ་དང་། སད་པ་དང་། ཁ་ཟས་ཟ་བ་དང་། ཕྱི་ཡུལ་གྱི་སྣང་བ་དགག་སྒྲུབ་འཁྲུལ་པ་མཐོང་བ་དང་། གཏམ་སྨྲ་བ་ལ་སོགས་པའི་གནས་སྐབས་ཐམས་ཅད་དུ། ལེ་ལོ་དང་། སྙོམ་ལས་དང་། བཏང་སྙོམས་དང་། གཡེང་བ་དང་། འདུ་འཛི་དང་། ལུས་ངག་ཡིད་གསུམ་མ་ཞི་བའི་ཆ་ལུང་མ་བསྟན་དང་བཅས་པ་རྣམས་བསྡམས་ཏེ། ང་ཐེག་པ་ཆེན་པོའི་དམ་པའི་ཆོས་ལ་ཞུགས་པ་ཡིན་གྱི། ཐ་མལ་པ་འདི་དག་དང་མི་མཚུངས་ཏེ་སེམས་ཤིན་ཏུ་བསྲུང་དགོས། ད་ཅི་ནས་མི་དགེ་བ་ཇི་ལྟ་བུ་ཞིག་བྱུང་ངམ་སྙམ་དུ་སེར་བཏབ་པའམ་དུས་ཐོག་ཏུ་གང་འོས་བསྡོམས་བརྩིས་རྒྱོབ་ལ། མི་དགེ་བ་བྱུང་འདུག་ན་བཤགས་བསྡམ་བྱ། མ་བྱུང་ན་དགའ་བ་བསྒོམ་མོ། །ནངས་རེ་བཞིན་དུ་དམ་བཅའ་དང་། ཐུན་རེ་བཞིན་དུ་བརྟགས་དཔྱད་གྱིས་ལ་རང་གིས་རང་ལ་རྩིས་བཤེར་ཐོང་ཞེས་སོ། །དེ་ལྟར་ཡིད་ལ་བྱེད་པ་དེས་མཚན་བཅས་མཚན་མེད་ཀྱི་དགེ་སྦྱོར་ལ་སྐབས་སུ་གང་བབ་ལས་འདེམ་ཀ་མེད་པར་བྱ་བའི་དཔེ་ནི། དགེ་སྦྱོར་ལ་བཟང་ངན་མ་བལྟ་བར་ཆེ་ཆུང་མེད་པ་གང་འགྲུབ་ན་དེ་བསྒྲུབ་དགོས་ཞེས་སོ། །བཀྲེས་པའི་མིས་ཟས་བཟང་ངན་གང་བྱུང་ཟ་བའམ། སྐོམ་པས་གདུང་བ་སྐོམ་གང་རྙེད་འཐུངས་པའམ། དབུལ་པོ་ནོར་རྫས་གང་རྙེད་འཆང་བའམ། སྨན་པ་མཁས་པ་སྨན་གང་རྙེད་བསོག་པའམ། རྨངས་པོའི་མི་འམ་བུ་ཚ་མ་བྱུང་བའི་མིས་བུ་ཚ་གང་བྱུང་གཅེས་པར་གསོ་བའམ། ཉེན་པའི་མི་སྐྱབས་གང་རྙེད་འཚོལ་བ་ལྟར། དགེ་སྦྱོར་གང་ལའང་བརྩོན་པས་འཇུག་པར་བྱའོ། །འདི་ནི་མཚན་བཅས་ཏེ་བདག་ནི་སྒོམ་ཆེན་པ་ཡིན་པས་མི་རུང་ངོ་། །ཆོས་ལ་བྱར་མེད་དོ་ཞེས་སོས་དལ་གྱིས་དུས་མི་འདའ་ཞིང་། སྟོང་ཉིད་ཀྱི་དོན་རྟོགས། སྣང་སེམས་ལ་རང་དབང་བསྒྱུར། དབང་བཅུའི་དབང་ཐོབ་ན་མ་གཏོགས་གཉིས་འཛིན་གྱི་རྣམ་རྟོག་ཡོད། གཙང་བཙོག་གི་དབྱེ་བ་ཡོད། དགའ་སྡུག་གི་ཚོར་བ་མ་འགག་པར་ཡོད་ཚེ། ཚོགས་གསོག་མཆོད་འབུལ་ངེས་པར་བྱེད་དགོས་སོ། །རྟག་ཏུ་ཉལ་བ་ལ་མི་དགའ་བས། ཕྱགབསྐོར་བ། མདོ། ཁ་དོན། སྔགས་ཏིང་ངེ་འཛིན། དཀོན་མཆོག་མཆོད་པ་ལ་སོགས་པ་ལ་བརྩོན་པར་བྱ་སྟེ། ཁྱེའུ་སྣང་བྱེད་ཀྱིས་ཞུས་པའི་མདོ་ལས། འཇིག་རྟེན་དག་ན་བདེ་ཞིང་སྐྱིད་པ་ཀུན། །དེ་ཀུན་དཀོན་མཆོག་མཆོད་ལས་བྱུང་བས་ན། །རྟག་ཏུ་དཀོན་མཆོག་མཆོད་ལ་བརྩོན་པར་བྱ། །ཞེས་པ་བཞིན། མ་མཐའ་ན་ཆུ་ཕོར་པ་རེ་ནང་མ་རེ་ལ་འབུལ་བས་ཀྱང་མཆོད་པར་བྱའོ། །རྒྱུ་ཆེ་ཆུང་མིན་པར་བསམ་པ་དག་མིན་ལ་རག་ལས་པས་དབུལ་མོ་བསྙེན་དགའ་མོས་མར་མེད་ཀོང་ཆུང་ཞིག་ཕུལ་བས་སངས་རྒྱས་མར་མེད་མཛད་ལ་ལུང་བསྟན་ཐོབ་པ་ལྟར་ཡིན་ཅིང་། རྩ་རླུང་ཐིག་ལེའི་རང་བཞིན་བྱང་ཆུབ་སེམས། །ཞེས་པ་དེ་ལ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ཚང་ཡང་། དཀོན་མཆོག་ཕྱི་ནའང་བཞུགས་པ་ལ་ཡིད་ཆེས་པར་བྱའོ། །དེའང་དགེ་སྦྱོར་གྱི་རྣམ་གྲངས་མི་འདྲ་བ་ཡི་གེ་འབྲི་མཆོད་སྦྱིན་པ་ལ་སོགས་པའི་ཆོས་སྤྱོད་བཅུ་ལ་སོགས་པའམ། བྱེད་པའི་དུས་མི་འདྲ་བ་སྐད་ཅིག་ཐང་ཅིག་ལོ་ཟླ་ལ་སོགས་པའམ། བྱ་རྒྱུའི་ངོ་བོ་མི་འདྲ་བ་མཚན་བཅས་མཚན་མེད་དམ། བྱེད་པའི་ཐབས་མི་འདྲ་བ་དཀའ་སླ་དུ་མའམ། བྱ་བའི་གནས་མི་འདྲ་བ་དབེན་པ་དང་། མི་དབེན་པ་ཐམས་ཅད་དུ། དགེ་སྦྱོར་ལ་འདམ་ཀ་དང་། ཆོག་ཤེས་དང་། བཟང་ངན་མེད་པར་ཉམས་སུ་བླང་བར་བྱའོ། །ཕྱུག་པོ་ལ་གང་ཡང་ནོར་དུ་རུང་བ་ལྟར། རྣལ་འབྱོར་པ་ལ་གང་ཡང་ཆོས་སུ་འགྱུར་བས་བརྩོན་པར་བྱའོ། །དེས་མ་ཚད་བྱ་སྤྱོད་ཐམས་ཅད་ཆོས་ལ་བསྒྱུར་ཨེ་ཐུབ་བལྟ་དགོས་ཤིང་། སྔགས་ཀྱི་སྐབས་སུ་ཉོན་མོངས་སྤོང་མི་དགོས། སྒྱུར་མི་དགོས། ལམ་དུ་ཡང་བྱར་མི་དགོས་པར་ཉོན་མོངས་ཡེ་ཤེས་སུ་དག་ཅེས་པ་དེ་སྐབས་ཤིག་ལ་མ་ཐུབ་ཀྱང་། བྱ་སྤྱོད་ཐམས་ཅད་ཆོས་ལ་བསྒྱུར། སྣང་གྲག་མཐོང་ཐོས་ཐམས་ཅད་ཆོས་ལ་སྐུལ་བའི་བརྡ་ཆོས་སུ་གོ་ནས་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལམ་དུ་ཁྱེར་བའི་གདམས་པ་ཉམས་སུ་ལེན་ཐུབ་ན་ཅི་བྱེད་ཆོས་སུ་འགྲོ་བ་ཡིན། ལམ་ནས་སོང་ན་ཐར་བའི་ལམ་དུ་བགྲོད་པའི་འདུ་ཤེས། ཉི་མ་ཤར་ན་ཡེ་ཤེས་ཀྱི་སྣང་བ་ཤར་བའི་འདུ་ཤེས་ལ་སོགས་པ་དང་། རྫོགས་ཆེན་དང་ཕྱག་ཆེན། མཐའ་གྲོལ་དབུ་མ་ཆེན་པོའི་ལྟ་བུའི་གནད་ཉིན་མཚན་ཆུ་བོའི་རྒྱུན་དུ་བསྐྱངས་ཐུབ་རུང་། ཉན་ཐོས་བྱེ་མདོ་གཉིས་ཀྱིས་རྡུལ་ཕྲན་ཆ་མེད་ཀྱི་བར་དུ་གཏན་ལ་འབེབ་པའི་རིགས་པས་འདི་ལྟར་སྣང་བའི་སྣོད་བཅུད་རང་ལུས་དང་བཅས་པ་ཐམས་ཅད་རྫས་སུ་མ་གྲུབ་པ། མི་རྟག་པ། གསོག་དང་གསོབ་ཏུ་གྱུར་བ། རང་བཞིན་གྱིས་མ་གྲུབ་པ་རྡུལ་ཕྲན་འདུས་པའི་གོང་བུ། ང་ཟེར་ས་དེ་གཞི་མེད་འཁྲུལ་སྣང་གི་ལོག་ཤེས་ཤིག་གོ་བསམ་པ་ཞིག་མི་ཤེས་ཐབས་མེད་དོ། །དེ་ལྟར་གང་ཟག་གི་བདག་མེད་རྟོགས་ན་རིམ་གྱིས་དབུ་མའི་གཏན་ཚིགས་ཆེན་པོ་ལྔ་ལ་སོགས་པས་ཤེས་བྱའི་ཆོས་ཐམས་ཅད་གཏན་ལ་ཕོབས་དང་། བདག་མེད་རྣམ་གཉིས་རྟོགས་ནས། སྟོང་རྟེན་འབྱུང་གི་གནད་ཐམས་ཅད་རྟོགས་དུས་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་འཁྲུལ་བའི་སྲོག་རྩ་དྲུང་ནས་འབྱིན་ནུས་པ་ཡིན་ནོ། །དེ་ལྟ་བུའི་དཔྱད་འཇོག་སྤེལ་མར་བསྒོམས་པས་རིམ་གྱིས་ཕྱག་རྫོགས་ཀྱི་གནད་ལ་ཉམས་ལེན་ཤེས་ནས་གང་སྣང་བརྡ་དང་དཔེ་ཆར་འཆར་བ་དང་། ཅི་བྱས་ལམ་གྱི་གྲོགས་སུ་ཡོང་ངོ་། །མཚན་བཅས་མཚན་མེད་ཀྱང་། རང་གི་བློ་ལ་རག་ལས་པས། བློ་ཨ་འཐས་མ་བྱེད་ཡངས་ཆེན་གྱིས། བློ་ཨ་འཐས་ཀྱིས་སྟོང་ཉིད་བསྒོམས་ཀྱང་སྟོང་ཉིད་ཀྱི་མཚན་མས་འཆིངས་ལ། བློ་ཡངས་ཆེན་གྱིས་ཕྱག་མཆོད་བྱས་ཀྱང་གཞི་མེད་སྒྱུ་མའི་རང་བཞིན་ཏུ་རྟོགས་པས། ཆོས་ཉིད་ཀྱི་གྲོགས་སུ་འགྱུར་བའི་ཕྱིར། རྟག་ཏུ་དགེ་བས་དུས་འདའ་བར་བྱའོ། །ཆོས་མ་བསྒྲུབས་དུས་གཅིག་ཀྱང་འགྲུབ་ཏུ་མེད་དེ། འགའ་རེས་ལུས་ངག་གི་ཆོས་ཡིན་པས་ཆོད་ཆུང་བསམ་ནས་བསྐྱུར། འགའ་རེས་ཉམས་ལེན་གྱི་གནད་སེམས་ལ་སྐོར་མ་ཤེས་ནས་ལུས། མདོར་ན་ཆོས་ཆེ་ཆུང་གཉིས་ཀ་མ་འགྲུབ་དུས་གྲལ་འདྲ་འདྲའི་ནང་ནས་རང་སྐལ་ཆད་པར་འོང་བ་ཡིན་པས། མི་ལྟོགས་པས་ཟས་གང་ཐོབ་ཟ་བ་དང་། ཁ་སྐོམ་དུས་སྐོམ་གང་ཐོབ་འཐུང་པས་ལྟོགས་སྐོམ་གྱི་སྡུག་བསྔལ་སེལ་བ་ལྟར་དུ། དགེ་སྦྱོར་ཅི་རིགས་ལ་བརྟེན་ནས་བརྩོན་པར་གྱིས་གསུངས་པའོ། །བློ་ཨ་འཐས་བདེན་ཞེན་ཅན་གྱི་སེམས་སྣེ་ལོ་ལྟ་བུས་སྟོང་ཉིད་བསྒོམས་ན་ཡང་སྟོང་ཉིད་དུ་མི་འགྲོ་བ་དང་། བློ་ཡངས་ཆེན་ནམ་མཁའི་མཐོངས་ལྟ་བུ་ཞིག་གིས་ཕྱག་མཆོད་སྐོར་བ་བྱས་ཀྱང་དངོས་གཞི་དམིགས་མེད་ཀྱི་རྩིས་ཟིན་པ་དང་། དེ་མཚུངས་ཀྱི་སྔོན་རྗེས་ཀྱི་སེམས་བསྐྱེད་དང་བསྔོ་བས་ཟིན་དུས་གང་བྱས་ཆོས་ཉིད་ཀྱི་གྲོགས་སུ་འགྱུར་བས། རྟག་ཏུ་དགེ་སྦྱོར་གྱིས་དུས་འདའ་བར་བྱ་དགོས་སོ། །གསུམ་པ།

དེ་ལྟར་བསམ་པའི་ཕན་ཡོན་བསྟན་པ།

ད་ནི་དལ་འབྱོར་རྙེད་དཀའ་བ་བསམས་པ་ལས་བྱུང་བ། དེ་ཡི་ཕན་ཡོན་ཚེ་འདི་བློས་ཐོངས་ཤིང་། །ཕྱི་མ་དོན་གཉེར་བརྩོན་འགྲུས་མེ་བཞིན་འབར། །དལ་ཁོམ་མེད་པར་དགེ་བས་དུས་འདའ་ཞིང་། །མྱུར་དུ་སྲིད་གསུམ་རྒྱ་མཚོའི་ཕ་རོལ་འགྲོ། །ཞེས་གསུངས་ཏེ། དེ་ལྟར་ཉིན་མཚན་དུ་དལ་འབྱོར་རྙེད་དཀའ་བ་བསམས་པ་དེའི་ཕན་ཡོན་ཚད་མེད་ཀྱང་བསྡུ་ན། ཚེ་འདིའི་བྱ་བ་ཐམས་ཅད་དོན་མེད་དུ་འདུ་ཤེས་ནས་དོན་མེད་ཚེ་འདིའི་བྱ་བར་མི་འཇུག་པ། ཕྱི་མའི་འདོད་དོན་དང་དུ་ལེན་པས་ཆེ་ཆུང་ཅི་བྱེད་ཀྱང་དྲན་ཤེས་དང་ལྡན་པས་ལས་འབྲས་དང་མི་འགལ་བར་སྤྱོད་པ། དལ་ཁོམ་རེས་འཇོག་མེད་པར་དགོས་པ་ལས་ཁོམ་དུས་སྒྲུབ་མི་ཁོམ་དུས་སྐྱུར་བ་དང་། ཆོས་སྒྲུབ་པའི་དུས་ཚོད་དེའང་དུས་ཚོད་ཀྱི་ལྷག་མོ་དང་། བསོད་ནམས་གསོག་སྤྱད་ཀྱི་ལོངས་སྤྱོད་དེའང་ལོངས་སྤྱོད་ཀྱི་ཁ་ཛར་ཡོད་པ་དང་། ཆོས་ཞུ་མཁན་གྱི་ཆོས་པའང་མིའི་གྲལ་ནས་བུད་པ་ཚེ་རྒན་རི་རྒྱག་བྱེད་པ་ལྟ་བུས་མི་རུང་པས། བརྩོན་འགྲུས་མེ་བཞིན་འབར་བས་ཐོས་བསམ་བསྒོམ་པའི་དོན་ལ་བརྩོན་པ། སྡིག་པའི་གྲོགས་པོ་སྤངས་ནས་རྟག་ཏུ་དགེ་བ་ལ་སྤྱོད་པས་རང་ཉིད་དམ་པར་གནས་པ། འཁོར་བའི་འདུན་པ་བོར་ནས་དལ་བ་ཆུད་མི་གསོན་པས་ཆོས་འགྲུབ་ནས་བློ་ལྷག་མེད་པར་འཆི་དུས་སྤྲོ་དགའ་དང་བཅས་པ། སེར་སྣའི་མདུད་པ་གྲོལ་བས་ཡར་མཆོད་མར་སྦྱིན་གྱི་སྦྱིན་པ་བྱས་པའི་དབང་གིས་ཚེ་ཕྱི་མའི་ལམ་བརྒྱགས་འདང་ཤག་ཤག་སོག་ནས་གར་སྐྱེས་དབུལ་ཕོངས་དང་བྲལ་བ་ཁྱེའུ་གསེར་དབྱིག་གི་གཏམ་རྒྱུད་ལྟ་བུ་དང་། རྟག་ཏུ་ཆོག་ཤེས་ཡོད་པས་ནོར་རྫས་ལ་ཞེན་པ་མེད་ཅིང་སྒོ་ལུས་ངག་ཡིད་གསུམ་ཆོས་དང་མཐུན་པ། གང་ཡང་སྙིང་པོ་མེད་པས་བྱས་པ་དོན་མེད་དུ་རྟོགས་ཏེ་ཆགས་ཞེན་གྱི་འཁྲི་བ་ཆོད་པ། ཁྱིམ་བཟའ་བ་སྡེ་ཡུལ་པ་གྲྭ་རོགས་གྲོགས་མཆེད་ཐམས་ཅད་ཉིན་མ་ཁ་ཤས་ཀྱི་མི་མི་རྟག་ཕྱི་མའི་ལམ་ཆེན་དུ་འགྲོ་བར་ཤེས་པས་འཐབ་རྩོད་ཀྱི་ཟུག་རྔུ་མེད་ཅིང་ངང་རྒྱུད་ཁོང་ནས་དགེ་བ། ཅི་བྱས་དགོས་མེད་དུ་མཐོང་བས་མཐུན་འཇུག་གི་རྩིག་པ་འགྱེལ་ཞིང་ཆོས་བརྒྱད་ཀྱི་རི་བོ་ཞིག་པ། ཐར་པའི་ལམ་སྣ་ཟིན་པས་དམ་ཆོས་ཚུལ་བཞིན་བསྒྲུབ་ཅིང་མྱུར་དུ་སངས་རྒྱས་འགྲུབ་པའོ། །མི་དག་གིས་ཕྱི་ཞིག་ནས་བདེ་སྐྱིད་ཀྱི་རྒྱུ་ཞིག་རྙེད་རྒྱུ་ཡོད་པར་སེམས་པ་དང་། ཁྱད་པར་དུ་ནོར་ལོངས་སྤྱོད་གསོག་བྲུན་དང་། སྙན་གྲགས་ཆོས་བརྒྱད་ཀྱི་ཁ་འཛིན་བྱེད་ཐབས་འཚོལ་ཡང་། ཟད་མི་ཤེས་ཤིང་འདི་ཕྱི་གཉིས་ཀ་ལ་ཕན་ཐོགས་ཅན་གྱི་ནོར་གཏེར་ནི་ནང་ན་ཡོད་ཅིང་། དེ་ནང་རང་སེམས་ཀྱི་གསང་ནས་རྙེད་ན་ངོ་མཚར་བའི་རྣམ་ཐར་ཐམས་ཅད་དེ་ནས་འབྱུང་བ་སྨོས་ཅི་དགོས། དལ་འབྱོར་རྙེད་དཀའ་ཙམ་ཞིག་གི་བང་མཛོད་ཀྱི་སྒོ་ཆེན་འབྱེད་ཐུབ་ན་འདིར་གསུངས་པ་ལྟར་དུ་དོན་མེད་ཚེ་འདིའི་བྱ་བ་གནད་ཆུང་ཡིན་པར་ཤེས་པ་དང་། ཕྱི་མའི་དོན་ཆེན་གྱི་བྱ་བ་གནད་ཆེན་ཡིན་པར་ཤེས་ནས། ལས་འབྲས་ལ་འཛེམ་ཤེས། ལོང་མེད་རྒྱུད་ལ་སྐྱེ། བརྩོན་འགྲུས་ལ་ཐང་ལྷོད་མེད་པར་གྱུར། སྡིག་གྲོགས་སྤངས་ནས་རང་ཉིད་དམ་པར་འགྱུར་བ་དང་། ཤི་ན་འགྱོད་པ་མེད་པ། གསོན་ན་ཞེན་ཆགས་མི་ཆེ་བ། སྒོ་གསུམ་ཆོས་དང་མཐུན་པ། ཐར་བའི་ལམ་སྣ་ཟིན་པས་བདེ་སྐྱིད་ཁོང་ནས་འཆར་བ་ཞིག་རང་གིས་ད་ནས་བྱེད་ཆོག་པ་ཡིན། དེའང་སེམས་ཐག་ཆོད་མིན་ལ་ཐུག་ཅིང་། སེམས་ཐག་མ་ཆོད་བའི་བུས་ཅི་ཡང་འགྲུབ་པ་མིན་ནོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། དལ་འབྱོར་རྙེད་པར་དཀའ་བ་བསམ་པའི་ལེའུ་སྟེ་བཅུ་གསུམ་པའི་འགྲེལ་པའོ།། །།གཉིས་པ་རྟེན་མྱུར་དུ་དོན་ཡོད་པར་བྱ་བ་མི་རྟག་པར་བསམ་པ་ལ། བསམ་པར་བྱ་བ་མདོར་བསྟན། དེའི་རང་བཞིན་རྒྱས་པར་བཤད། དེ་བསམ་པའི་ཕན་ཡོན་གསུམ། དང་པོ།

བསམ་པར་བྱ་བ་མདོར་བསྟན་པ།

དེ་ལྟར་རྟེན་དལ་འབྱོར་བསྟན་པའི་རྗེས་ལ། མི་རྟག་པར་བསམ་པས་ཆོས་ལ་བསྐུལ་བ་ནི། ཇི་སྐད་བཤད་པའི་ཚུལ། དེ་ལྟར་རྙེད་དཀའི་དལ་འབྱོར་རྙེད་གྱུར་ཀྱང་། །སྐད་ཅིག་མི་རྟག་འཇིག་པའི་ཆོས་ཅན་ཏེ། །སྲིད་གསུམ་སྒྱུ་མའི་རང་བཞིན་བསླུ་བར་འགྱུར། །ཞེས་གསུངས་ཏེ། སྔོན་ལེགས་པར་སྤྱད་པའི་དབང་གིས་ཐོབ་པའི་དལ་འབྱོར་འདི་ཡང་བརྒྱ་ལམ་རེས་འགའ་ཞིག་ལ། དེ་ཐོབ་ཀྱང་ཡིད་བརྟན་མི་རུང་བས་མྱུར་དུ་འཆི་བ་ལས་མ་འདས་ཏེ། མི་རྟག་པའི་གཏམ་ལས། འདི་ལྟར་སྐྱེས་པ་ཐམས་ཅད་ཀྱི། །མདུན་ན་གནས་པ་འཆི་བ་སྟེ། །བདག་ཀྱང་དེ་ལས་མ་འདས་པས། །དེ་རིང་ཉིད་དུ་ཆོས་མཛོད་ཅིག །ཅེས་པ་སྟེ། ཁམས་གསུམ་རིགས་དྲུག་གང་དུ་སྐྱེས་ཀྱང་། ཐམས་ཅད་སྐྱེ་ཤིའི་ཆུ་བོར་བྱིང་བ། སྡུག་བསྔལ་གྱི་དབའ་རྒལ་ཆེ་བ་། མི་རྟག་པའི་སྲིན་པོས་བཟུང་བ་སྟེ། རྒྱ་ཆེར་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བ་གཡོ་བ་ཆུ་ཡི་ཟླ་བ་བཞིན། །སྐྱེས་བུའི་ཚེ་འགྲོ་རི་གཟར་འབབ་ཆུ་འདྲ། །འདུ་བྱེད་རྣམས་ནི་གར་ལ་བལྟ་དང་མཚུངས། །ཞེས་སོ། །རྙེད་དཀའི་དལ་འབྱོར་བརྙེད་ཀྱང་དེས་ཚིམས་ནས་རང་གར་བསྡད་ན་ཚེ་མི་རྟག་པ་ཡིན་པས་སྲིད་གསུམ་སྒྱུ་མ་ལྟ་བུ་འཇིག་པའི་ཆོས་ཅན་མྱུར་དུ་འཆི་བ་འགྱུར་བ་ཡིན་པ་ལ་བསམ་བློ་གཏང་དགོས་པ་བསྟན་པའོ། །གཉིས་པ་མི་རྟག་པའི་ཚུལ་བསམ་པ་དང་། དེ་གོམས་པའི་ཚད་གཉིས། དང་པོ་ལ། འཆི་ངེས་པ། འཆི་ཚེ་གཞན་གྱིས་མི་ཕན་པ། དེས་ན་འཆི་བ་དྲན་པར་གདམས་པ་གསུམ། དང་པོ་ལ་མི་རྟག་པ་སོ་སོའི་རང་བཞིན་བསྟན་པ་དང་། དེ་དག་གི་མཇུག་བསྡུ་བ་གཉིས། དང་པོ་ལ། རགས་པ་རྒྱུན་གྱི་མི་རྟག་པ་དང་། ཕྲ་བ་སྐད་ཅིག་གི་མི་རྟག་པ་གཉིས། དང་པོ་ལ། རྒྱུན་འཇིག་པའི་མི་རྟག་པ་དང་། རྒྱུན་འགྱུར་བའི་མི་རྟག་པ་གཉིས། དང་པོ་ལ། སྣོད་མི་རྟག་པ་དང་། བཅུད་མི་རྟག་པ་གཉིས། དང་པོ།

སྣོད་མི་རྟག་པ་བསྟན་པ།

ད་ནི་མི་རྟག་པའི་རང་བཞིན་རྒྱས་པར་བསྟན་པ་ལས། གང་མི་རྟག་པའི་ངོ་བོ་ངོས་བཟུང་བ་ནི། འདི་ལྟར་གླིང་བཞིའི་འབྱོར་པས་བརྒྱན་པ་ཡི། །སྣོད་ཀྱི་འཇིག་རྟེན་མི་རྟག་འཇིག་པའི་དཔེས། །དབུ་བ་རྡོས་འདྲའི་ལུས་ཀྱང་ཤེས་པར་གྱིས། །ཞེས་གསུངས་ཏེ། རེ་ཞིག་རགས་པར་སྣང་བ་བརྟན་པའི་རྣམ་པ་སྣོད་ཀྱི་འཇིག་རྟེན་ཏེ། སྤྱིར་སྣོད་བཅུད་འཁོར་བའི་འཇིག་རྟེན་གྱིས་ནམ་མཁའི་མཐའ་དང་མཉམ་པར་མ་ཁྱབ་པ་མེད་ལ། བྱེ་བྲག་ཏུ་རི་རབ་གླིང་དང་བཅས་པའི་འབྱོར་པས་བརྒྱན་པ་སྟོང་གསུམ་གྱི་སྟོང་ཆེན་པོའི་མི་མཇེད་འཇིག་རྟེན་གྱི་ཁམས་སུ་སྣང་བ་འདི་ཡང་ཕྲ་བ་སྐད་ཅིག་གིས་མི་རྟག་པས། བསྐལ་པའི་ཡ་མཐའ་ནས་མར་འགྲིབ་པས་དུས་འགྱུར། རགས་པར་སྣང་བ་འདི་ཡང་མཐར་མི་སྣང་ཞིང་མེ་བདུན་ཆུ་གཅིག་རླུང་དང་བཅས་པས་བཤིག་ཅིང་ནམ་མཁའ་གཅིག་ཏུ་འགྱུར་བའི་སྐབས་ཡོད་ན། བདག་གི་ཞིང་ཁང་གཞིས། རྫས་ཡོ་བྱད། ཉེ་དུ་འབྲེལ་བ། རྣམ་སྨིན་ཤ་ཁྲག་གི་ལུས་དབུ་བ་སྤུངས་པ་འདྲ་བ་དང་བཅས་པ་འདི་ཅིའི་ཕྱིར་མི་འཇིག་སྙམ་དུ་སྙིང་ནས་ངེས་པར་བསམ་དགོས་ཏེ། མྱ་ངན་ལས་འདས་པ་ཆུང་ངུའི་མདོ་ལས། འདུས་བྱས་རྟག་པར་འགྱུར་བ་ཡི། །གནས་ནི་རྙེད་པར་མི་འགྱུར་རོ། །ཞེས་པ་དང་། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། ནམ་ཞིག་འཇིག་རྟེན་ཁམས་འདི་འབྱུང་བ་དང་། །བྱུང་ནས་ཞིག་སྟེ་འཇིག་རྟེན་ཁམས་འདི་མེད། །ཇི་ལྟར་སྔོན་བཞིན་ཕྱིས་ཀྱང་དེ་བཞིན་ཏེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །གོང་དུ་བསྐལ་བའི་ཆགས་འཇིག་དང་འཕེལ་འགྲིབ་བཤད་པ་ལྟར་དུ་ང་ཟེར་སའི་རྣམ་སྨིན་ཤ་ཁྲག་གི་ལུས་དང་། ངའི་ཟེར་སའི་ཁང་གཞིས་ནོར་རྫས་ཐམས་ཅད་མི་རྟག་པ་ཡིན་པ་ནི་དཔེ་དེ་ཚོ་ལ་ལྟོས་དང་ཤེས་ཞེས་སོ། །འདིར་རྩ་བའི་ཚིག་མིན་པར་འགྲེལ་བའི་སྐབས་སུ་བར་སྐབས་ཀྱི་ཚིགས་སུ་བཅད་པ་ངེས་འབྱུང་ལ་སྐུལ་ཞིང་ཆོས་ལ་བརྩོན་པར་གསུངས་པའི་གདམས་པ་ནི། གླིང་བཞིས་བརྒྱན་པའི་རིན་ཆེན་ཕོ་བྲང་ན། །རྣམ་བཀྲ་ཡུལ་གྱི་སྣང་བ་བཀོད་ལེགས་ཀྱང་། །རྡུལ་ཕྲན་ཆ་ཤས་མེད་པར་ཞིག་གྱུར་ནས། །ཅི་ཡང་མེད་པའི་རང་བཞིན་གྱུར་ལ་ལྟོས། །ཉེ་བར་ལེན་པའི་ལུས་དང་ལོངས་སྤྱོད་དང་། །ཚེ་འདིའི་སྣང་བ་མ་ལུས་ཐམས་ཅད་ཀུན། །མི་རྟག་སྒྱུ་མའི་རང་བཞིན་བསླུ་བར་འགྱུར། །གང་ལ་བསམས་ཀྱང་སྙིང་པོ་འགའ་མེད་ལ། །ཅི་ལ་བསམས་ཀྱང་ཕན་པར་མི་འགྱུར་བས། །ངེས་འབྱུང་སྐྱོ་ཤས་བློ་སྣ་བསྟུང་མཛོད་ལ། །དེ་རིང་ཉིད་ནས་དམ་པའི་ཆོས་མཛོད་ཀྱེ། །ཞེས་པ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །དེས་ན་འདི་ལྟར་སྣང་བའི་ཡུལ་ལ་ཕར་ལྟོས་ཤིག་དང་། བསགས་པ་ཐམས་ཅད་མི་རྟག་སྟེ་འཛད་པར་འགྱུར། མཐོ་བར་སྣང་བ་མི་རྟག་སྟེ་དམའ་བར་འགྱུར། དར་བ་ཐམས་ཅད་མི་རྟག་སྟེ་གུད་པར་འགྱུར། འདུས་པ་ཐམས་ཅད་མི་རྟག་སྟེ་འབྲལ་བར་འགྱུར། བཟང་པོ་ཐམས་ཅད་མི་རྟག་སྟེ་ངན་པར་འགྱུར། གསོན་པོ་ཐམས་ཅད་མི་རྟག་སྟེ་འཆི་བར་འགྱུར་བའི་ཚུལ་ལ་བསམས་ལ་རང་གི་ལུས་ལོངས་སྤྱོད་སྣང་བ་ཐམས་ཅད་མི་རྟག་པ་ནང་དུ་སྦྱར་ཏེ། འདུལ་བ་ལུང་ལས། བསགས་པ་ཀུན་གྱི་མཐའ་འཛད་ཅིང་། །མཐོན་པོ་རྣམས་ཀྱི་མཐའ་ལྷུང་འགྱུར། །སྐྱེས་པའི་མཐའ་ནི་འཆི་བ་སྟེ། །འདུས་པའི་མཐའ་ནི་འབྲལ་བ་ཡིན། །ཞེས་པ་དང་། རྒྱ་ཆེར་རོལ་པ་ལས། འདུས་བྱས་ཐམས་ཅད་འཇིག་པའི་ཆོས་ཅན་ཏེ། །དབྱར་གྱི་ཞལ་ཞལ་ཇི་ལྟར་གོགས་པའམ། །ཆུ་ངོགས་བྱེ་མ་ཡོད་པ་འདྲ་བ་སྟེ། །རྐྱེན་ལ་རག་ལས་འགྱུར་བས་ཉམ་ཆུང་ཉིད། །ཅེས་སོ། །དེས་ན་འཁྲུལ་སྣང་ལ་བདེན་པ་འཛིན་པའི་བློ་ནོར་བས། གང་སྣང་ཡང་མི་རྟག་ཅིང་སྙིང་པོ་མེད་པའི་འདུ་ཤེས་ཉེ་བར་བཞག་གོ །ཕྱི་རྟེན་གཞི་སྣོད་ཀྱི་འཇིག་རྟེན་རྣམ་བཀྲ་ཡུལ་གྱི་བཀོད་པ་ལ་སོགས་པ་མི་རྟག་པས། གཉིས་པ་ལ། ལུས། འདུས་པ། ལོངས་སྤྱོད། བདེ་བ་མི་རྟག་པ་བཞི། དང་པོ།

ལུས་མི་རྟག་པ་བསྟན་པ།

གཡོ་བ་བཅུད་ཀྱི་སེམས་ཅན་མི་རྟག་པས་སྐྱོ་ཤས་བསྐྱེད་པར་གདམས་པ་ནི། ད་ལྟའི་ས་སྟེང་འགྲོ་བ་འདི་ཀུན་ཡང་། །ལོ་བརྒྱའི་ནང་དུ་ངེས་པར་མེད་པར་འགྱུར། །སྐྱེས་པ་ཐམས་ཅད་རིམ་བཞིན་འཆི་བས་ཀྱང་། །བདག་གི་ཚེ་འགྲོ་འཆི་བར་འགྱུར་བ་སོམས། །ཞེས་གསུངས་ཏེ། འདི་ལྟར་འཛམ་བུ་གླིང་པའི་ཚེ་ལོ་མ་ངེས། དེའི་ནང་ནས་ཀྱང་ད་ལྟ་ལྔ་བཅུ་ཁ་རལ་ལ་སོང་བས་ཚེ་ཐུང་བ་སྟེ། འདས་པའི་ལོ་བརྒྱ་ཕྲག་གཅིག་གཉིས་ཀྱི་མི་ད་ལྟ་མེད་ཅིང་། ད་ལྟ་སའི་སྟེང་ན་ཡོད་པའི་མི་དང་དུད་འགྲོ་ལ་སོགས་པར་སྣང་བའི་འགྲོ་བ་འདི་དག ད་སྟེ་ལོ་བརྒྱའམ་ཕྱིན་ཆད་ཀྱི་ལོ་བརྒྱའི་ནང་དུ་ཐམས་ཅད་གཅིག་ཀྱང་མ་ལུས་པར་འཆི་ངེས་ན། བདག་རྟག་འཛིན་གྱི་སེམས་བོར་ལ་སྙིང་ནས་དམ་པའི་ཆོས་ལ་བརྩོན་དགོས་སོ། །ཡང་ཁམས་གསུམ་རིགས་དྲུག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་རང་རང་གི་ལས་ཀྱིས་ལུས་བླངས་ནས། ཆེ་བ་དང་། ཆུང་བ་དང་། བདེ་བ་དང་། སྡུག་བསྔལ་བ་དང་། དགེ་བ་དང་། མི་དགེ་བ་དང་། འབྱོར་པ་དང་། རྒུད་པ་དང་། མཐོ་བ་དང་། དམའ་བ་ལ་སོགས་ལ་བཟང་ངན་དུ་སྣང་བ་ཐམས་ཅད་ཚེ་རིང་བ་བསྐལ་པར་ཐུབ་ཀྱང་མཐར་འཆི། ཐུང་བ་སྐད་ཅིག་ལས་མེད་ཀྱང་མཐར་འཆི། བར་མ་ལོ་ཟླ་ཞག་ལ་སོགས་པ་ཐུབ་ཀྱང་མཐར་འཆི་སྟེ། ཐམས་ཅད་ཕྱོགས་སྡོམ་བྱེད་མཁན་ནི་འཆི་བ་ཡིན་ཅིང་། སྐྱེ་བ་ཡང་འཆི་བའི་དོན་དུ་སྐྱེས་པ་ལྟ་བུ་སྣང་ངོ་། །མྱ་ངན་ལས་འདས་པ་ལས། འཇིག་རྟེན་བཅས་པ་ཐམས་ཅད་ནི། །སྐྱེ་བ་ཡོད་ན་འཆི་བ་ཡོད། །འདུས་པ་ཡོད་ན་འབྲལ་བ་ཡོད། །ཚེ་ལོ་གྲངས་མེད་ཐུབ་པ་ཡང་། །ཐ་མ་ཟད་པར་ཤེས་པར་བྱ། །ཞེས་སོ། །དེ་ལྟར་སེམས་ཅན་ཐམས་ཅད་མི་རྟག་ཅིང་འཕོ་བ་ལ། བདག་གཅིག་པུ་རྟག་པར་རེ་བ་འདུ་ཤེས་སྟོར་བ་ཡིན་པས་འཆི་ངེས་སྙམ་དུ་བསམས་ནས་གང་ལའང་ཡིད་བརྟན་མེད་པས་མ་ཆགས་པའི་འདུ་ཤེས་བསྒོམ་སྟེ། འདའ་ཀ་ཡེ་ཤེས་ལས། འདུས་བྱས་ཐམས་ཅད་མི་རྟག་པས་དངོས་པོ་ཅི་ལའང་མི་ཆགས་པའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ་ཞེས་སོ། །དེས་ནི་ནང་བཅུད་ཀྱི་སེམས་ཅན་གཅིག་ཀྱང་བརྟན་པར་མེད་པས་ཚེ་མི་རྟག་པར་ཤེས་པའི་མན་ངག་བསྟན་་ནས། གཉིས་པ།

འདུས་པ་མི་རྟག་པ་བསྟན་པ།

དཔེ་དུ་མ་ལ་བསམས་ཏེ་མི་རྟག་པར་བསྟན་པ་ནི། ཚོང་འདུས་བཞི་མདོ་འགྲོན་ཁང་གནས་རྣམས་སུ། །ཕྱོགས་ཀྱི་སྐྱེ་བོ་འདུས་ཤིང་འགྱེས་པའི་དཔེས། །འདུས་པ་འབྲལ་ཞེས་ངེས་པར་སྙིང་ནས་བསམ། །ཞེས་གསུངས་ཏེ། ཉོ་ཚོང་གི་ཕྱིར་མང་པོ་འདུས་པའི་ས་དང་། ལམ་གྱི་བཞི་མདོ་དང་། འགྲོན་ཁང་རྣམས་སུ་སྐྱེ་བོ་མང་པོ་འདུས་པ་ཐམས་ཅད་དར་ཅིག་རྟག་རྟག་འདྲ་ཡང་། མྱུར་དུ་ཕྱོགས་ཕྱོགས་སོ་སོར་འགྱེས་པ་བཞིན་དུ། ད་ལྟ་བདག་དང་དགྲ་གཉེན་དང་། བར་མའི་སེམས་ཅན་རྣམས་གནས་གཅིག་ཏུ་འདུས་སམ། འདུས་པ་མཐོང་བ་དེ་ཐམས་ཅད་མི་རྟག་པར་བསམས་ལ། རང་གི་ཕ་མ་གཉེན་འདུན་མཁན་སློབ་གྲོགས་མཆེད་ཕལ་བ་སྟེ། གང་དུ་ལྷན་ཅིག་ཚོགས་ཀྱང་རུང་། དེར་ཡོད་རིང་ལ་གཅིག་གིས་གཅིག་ལ་མི་འཐབ། མི་འཚེ། ངན་མི་སྨྲ། གཤེ་སྐུར་མི་གདབ་སྟེ། འབྲལ་བ་ན་འགྱོད་པ་མི་སྐྱེ་བ་ཡིན་ནོ། །ཞེས་ཏེ་ཀུན་མཁྱེན་ཆོས་རྗེས། གཉེན་འདུན་མཛའ་བཤེས་མགྲོན་པོ་གནས་མཐུན་འདྲ། །ལྷན་ཅིག་འདུས་ཀྱང་སོ་སོར་འབྲལ་དུ་ཉེ། །ཚེ་སྲོག་མི་རྟག་རྩྭ་ཁའི་ཟིལ་པ་འདྲ། །ད་ལྟར་ཡོད་ཀྱང་མེད་པ་མྱུར་དུ་འོང་། །ཞེས་པ་ལྟར་དུ། ཐམས་ཅད་འབྲལ་བའི་ཆོས་ཅན་ཡིན་པས་འབྲལ་དུས་འགྱོད་པ་སྐྱེ་བས་ཕྱིན་ཆད་མི་འགྱོད་པའི་ཆེད་དུ་དེ་ལྟར་བྱོས། །ཐ་ན་གྲུ་གཅིག་ཏུ་ཞུགས་ཆུ་ཕར་ཁར་འབུད་པའི་ཚེ་ཡིན་ཀྱང་འབྲལ་བའི་བློ་བཞག་ནས་མི་འཐབ་ཅིང་། ཡིད་དགའ་བར་བྱའོ། །བསམ་བློ་ཐོང་དང་གཞན་ལྟ་ཞོག་རང་གིའང་ཚེ་སྟོད་ཁང་པ་གཅིག་ཏུ་འདུས་པའི་ཕ་མ་དང་། བཟའ་ཚོ་དང་། ཕྱུགས་ལུག་དང་། སྒོ་ཁྱི་དང་། སྤྱད་ཆ་རྣམས་ལ་སོམས་དང་། དེའི་དུས་ན་རྟག་རྟག་འདྲ་བས། དེ་ལ་བདག་ཏུ་འཛིན་ཞིང་། དེའི་དོན་དུ་འཐབ་རྩོད་བྱེད་པ་དང་། དགག་སྒྲུབ་བྱེད་ཀྱང་། ད་ལྟ་གང་ན་ཡོད། གཅིག་ཏུ་མེད་དེ་ལ་ལ་ཤི ལ་ལ་སོང་། ལ་ལ་འདུ། ལ་ལ་འབྲལ་བ་ལ་ལྟོས། དེས་ན་གནས་གར་སྡོད། སུ་དང་འགྲོགས། ལས་བྱ་བ་ཅི་ཞིག་བྱེད་ཀྱང་འབྲལ་བའི་འདུ་ཤེས་འབའ་ཞིག་ཡིད་ལ་བཞག་ལ། སུ་དང་ཡང་མི་འཐབ། གཅིག་ལ་ཡང་མི་འཚེ། འདི་ཚོ་མན་ངག་གོ་རྩ་ཉན་བདེ་སེམས་ལ་ཕན་པའི་ཚེ་འདིར་སྐྱིད་ཀྱི་གཞི་མ། ཕྱི་མ་དེ་པས་བདེ་བའི་མན་ངག་ཟབ་མོ་ཡིན་པས་ཚང་མ་ལག་ལེན་ཨེ་ཡོང་བལྟ་དགོས་རྒྱུ་འབའ་ཞིག་ཡིན་ནོ། །དྲིན་ཅན་ལ་དྲིན་དུ་བཟོས་ཏེ་ཀུན་ཀྱང་དགའ་བས་དང་དུ་བླང་ཞིང་བཟོད་པར་བྱ་བ་ལ་འབད་པར་བྱའོ། །དྲིན་ཅན་ལ་དྲིན་ལོག་བྱེད་པའི་མི་དེང་སང་གི་དུས་སུ་ལྷག་པར་མང་ཞིང་། འདིས་ང་ལ་གནོད་སེམས་ཤིག་ལོས་འཆང་ངས་དེའི་དུས་སུ་ཕན་བཏགས་མྱངས་ཨང་བསམ་པ་ལྟ་བུ་ཞིག་དང་། འདི་ངར་འདི་ཙམ་སྡང་བ་ཅི་ལ་ཡིན་ཏེ། ངས་ཕན་ནི་བཏགས་མ་མྱངས་བ་ལ་བསམ་དགོས་པའི་ས་ཚོད་ལ་སླེབས་ཡོད་པ་རེད། ཨོ་རྒྱན་ཆེན་པོས། ཕན་ཆེན་མ་བཏགས་གནོད་ཆེན་ག་ལ་སྐྱེལ། །བྱིན་པར་མ་གྱུར་འདོད་དུ་ག་ལ་འོང་། །ཞེས་པ་ལྟར་ཡིན་ཅིང་། སྤྱིར་དྲིན་ལན་ལོག་འཇལ་བྱེད་པ་ནི་ཉེས་པ་ལྷག་པར་ཆེ་ཞིང་། བཟང་ངན་ལ་མ་བརྟགས་པར་བློ་ཁེལ་སྔ་བྱས་ན་དྲིན་ལན་ལོག་འཇལ་བྱེད་མཁན་ཡོད་དེ། སྤྲེའུ་བྱང་ཆུབ་སེམས་དཔའ་ཞིག་ནག་ཆེན་པོ་ཞིག་གི་ནང་དུ་ཤིང་འབྲས་དང་ཆུ་གཙང་གི་ཁ་ཟས་གཙང་མ་སྡིག་མེད་ཤ་སྟག་ལ་ལོངས་སྤྱོད་ནས་འདུག་པར། ནགས་ཚལ་དེ་དང་ཧ་ཅང་ཐག་མི་རིང་པའི་ས་ཆའི་གྲོང་མི་ཞིག་གིས་བ་ཞིག་བོར་ནས། དེ་འཚོལ་བར་ཕྱོགས་ག་ས་གར་སོང་སོང་བ་ལས། མཐར་ནགས་ཚལ་སྟུག་པོའི་རྫ་རོང་དེར་ཐོན་པས། ནགས་རྫིང་སྟུགས་པས་ནགས་གསེང་དུ་མགོ་འཁོར་ནས་ཕྱིར་བུད་མ་ཤེས་ཤིང་། བར་ཞིག་དཀའ་ལྟོགས་ཚ་བས་གདུང་བས། ཤིང་སྡོང་ཞིག་གི་རྩར་ཉལ་ནས། ཡར་མར་བལྟས་པས་ཤིང་སྡོང་རྩེ་ན་འབྲས་བུ་སྨིན་ནས་མདོག་ཀྱང་སེར་ཤས་ཆེ་བར་འདུག་པར་རྒྱང་ནས་རིག་པས། ཤིང་ཐོག་དེའི་རོ་དྲོ་བ་མྱོང་ཐུབ་ན་སྐོམ་ལྟོགས་སེལ་འགྲོ་བར་འདུག་སྙམ་ནས། ཤིང་ཐོག་ཡོད་སར་ཞིབ་བལྟས་བྱས་དུས། གད་གཡང་གཟར་ས་ཞིག་ལ་ཤིང་སྡོང་འབྲས་བུ་ཅན་ཞིག་ཡོད་ཅིང་། ཤིང་གི་ཡལ་ག་འབྲས་བུ་ཡོད་པ་དེ་གཡང་གཟར་གྱི་བྲག་ངོས་སུ་ཕར་བརྐྱངས་པ་དང་། འབྲས་བུ་སྨིན་ནས་ལྗིད་ཀྱིས་ཤིང་གི་ཡལ་ག་མར་གུག་ནས་ཡོད་པ་དེ་མཐོང་ནས། ཤིང་ཐོག་ཅིག་ལོན་རྒྱུའི་དོན་དུ་གད་གཡང་གི་ཟུར་ནས་ཤིང་སྡོང་གི་རྩར་སོང་སྟེ། ཤིང་སྡོང་གི་མགོར་ཡར་འཛེགས་པས་ཤིང་ཐོག་ཡོད་པའི་ཡལ་གའི་རྩེར་རིམ་གྱིས་འཛེགས་ནས་ཡལ་གའི་རྩེར་ཐོན་པར་ཤིང་ཐོག་ཅིག་སྙོབ་ཐུབ་མ་ཐུབ་ཀྱི་མཚམས་དེར་ཁོའི་ལྗིད་ཀྱིས་ནོན་པའི་དབང་གིས་ཡལ་གའི་རྩ་བ་ནས་སྟ་རེས་བཅད་པ་ལྟར་དུ་ཚག་སྒྲ་དང་བཅས་ཆག་སྟེ་བྲག་གཡང་གིས་ཕྱོགས་ཀུན་ནས་འཁོར་བའི་ཆུ་འཁྱིལ་ཞིག་ཏུ་ལྷུང་བར་གྱུར། སྟབས་ལེགས་པར་ཞིག་ལ་ཆུའི་ཁར་ཤིང་ལོ་མང་པོ་ཡུན་དུ་ཆགས་པར་སོག་ནས་ཡོད་པས་ལུས་མ་བསྣད་པར་འདུག འོན་ཀྱང་བྲག་གཡང་གཟར་མོ་མི་ངོ་ལྟ་བུ་ཏག་ཏག་གིས་འཁོར་ཡོད་པས་ཐར་བའི་ཐབས་མེད་པར་འདིར་ཤི་བ་ལས་འོས་མེད་སྙམ་ནས་ཡི་མུག་ཅིང་སེམས་ཤི་ནས། མིག་ཆུ་དང་བཅས་སྡུག་སྨྲེ་འདོན་བཞིན་ཡོད་པར། སྤྲེའུ་བྱང་ཆུབ་སེམས་དཔའ་དེས་མི་མདོག་ངན་ཞིག་སྨྲེ་ངག་འདོན་བཞིན་བྲག་རོང་གི་མཐིལ་ན་ཡོད་པར་མཐོང་བས། སྤྲེའུ་བྱང་ཆུབ་སེམས་པས་མི་སྐད་ཀྱིས་འདི་ལྟ་བུའི་གཡང་སར་ཁྱོད་ཇི་ལྟར་ཐོན་པ་ཡིན་ཞེས་དྲིས་པས། མི་དེས་སྤྲེའུ་ལ་ཕྱག་འཚལ་ནས་ང་ནི་མི་ཞིག་ཡིན། འཆམ་འཆམ་གྱིས་ནགས་གསེང་འདིར་ཐོན་ནས་མགོ་འཁོར་བས་བཀྲེས་སྐོམ་སེལ་ཆེད་ཤིང་ཏོག་འཐུ་བར་འགྲོ་སྐབས་འདིར་ལྷུང་ཚུལ་བཤད་པས། སྤྲེའུ་ཡི་རྩལ་བདེ་མྱུར་ཆེ་བས་བྲག་ངོ་ནས་མར་ཟུར་དུ་ཡོང་ནས། སེམས་གསོ་དང་ཤིང་ཐོག་ཟ་རྒྱུ་བྱིན། ངས་ཁྱོད་དོང་ཁར་ཐོན་ཐབས་ཤིག་བྱེད་ཅེས་ཉིན་ཁ་ཤས་སུ་རྡོ་མི་ཞིག་གི་ལྗིད་ཚད་དང་འདྲ་བ་ཞིག་ཁུར་བཞིན་བྲག་ངོས་སུ་འཛེགས་ནས་ཤེད་སྦྱངས་ཀྱང་། སྤྲེའུ་ལུས་ཆུང་བ་དང་མི་ལུས་ལྗིད་པས་ཁྱོག་དཀའ་བར་བྱུང་། འོན་ཀྱང་སྤྲེའུས་སེམས་སུ་གལ་སྲིད་མར་ལྷུང་ཤོར་ན་བྲག་རྩར་གདབ་ནས་ཤི་རྒྱུ་ལས་མེད་བསམ་ནས་ཉིན་མང་པོའི་རིང་ལ་འབད་བརྩོན་དྲག་པོས་ཤེད་སྦྱངས་གོམས་བྱས་མཐར། ཉིན་ཞིག་ལ་མི་དེ་ཁུར་རྒྱུའི་གྲབ་བྱས་ནས། སྨྲས་པ་ཁྱོད་ངའི་རྒྱབ་ཏུ་ཞོན་ནས་གཟབ་གཟབ་ཀྱིས་རྐང་ལག་གིས་ང་ལ་ལེགས་པར་སྡོམས། ངས་ཤུགས་ཆེ་ཡོད་ཆུང་ཡོད་ཀྱིས་བྲག་འགོར་ཨེ་ཁྱོག་ལྟ་ཞེས་པས། ཁོས་ཀྱང་ཁ་ཡག་བཤད་པ་དང་ཕྱག་འཚལ་བ་སོགས་བྱས་ནས་སྤྲེའུའི་རྒྱབ་ཏུ་ཞོན། སྤྲེའུས་ཤེད་ཕྱུང་ནས་འཛེགས་ཀྱང་བྲག་འགོ་མཐོ་དྲགས་པ་དང་བྲག་ངོས་གཟར་བ། མིའི་ལུས་སྤྲེའུ་ལས་ཆེ་བ་དང་ལྕི་བའི་དབང་གིས་ལྷུང་ལ་ཁད་དང་འབྱིད་ལ་ཁད་ཀྱིས་སྟོབས་རྩལ་ཡོད་དགུ་སྤྲུགས་ནས་འཛེགས་པས་སྤྲུའུའི་ལུས་སྟེང་ནས་དངུལ་ཆུ་ཆུ་བཞིན་བབ་ནས་དཀའ་ཚེགས་ཆེན་པོ་བྱུང་ཡང་སྙིང་སྟོབས་དང་སྡུག་བསྲན་བྱས་ནས་བྲག་འགོར་ཐོན་པར་གྱུར། ཐོན་མ་ཐག་སྤྲེའུ་བྱང་ཆུབ་སེམས་དཔའ་ཐུགས་དགྱེས་ནས་ད་ནི་ཁྱོད་ཀྱི་སྲོག་བསྐྱབས་ཐུབ་སོང་བས་དགའ། ང་དཀའ་ནས་ཐང་ཆད་དེ་འགུལ་མི་ཐུབ་པ་ཙམ་བྱུང་བས་འདིར་ངལ་ཅུང་ཟད་གསོ་དགོས་པས་ཁྱོད་ཀྱིས་འུ་བུ་གཉིས་ལ་དགྲ་ཨེ་ཡོང་ལྟ་ཐུབ་བམ་ཞེས་དྲིས་པས། ཁོས་དེ་ལོས་ཐུབ་ཁྱེད་རང་གཟིམས་དང་ངས་སྲུང་འདུག་ཅེས་བཤད་པ་དང་། བྱང་ཆུབ་སེམས་དཔའ་དཀའ་ནས་ཐང་ཆད་པས་རྡོ་ལེབ་སྔོན་པོ་ཞིག་གི་ཐོག་ཏུ་མནལ་ཁུག་ནས་གཟིམས་སོ། །མི་ངན་དེ་ཅུང་ཞིག་བསྡད་དུས་བསམ་ངན་ཞིག་དྲན་ནས་སྔར་གྱི་དྲིན་ཚང་མ་བརྗེད་དེ། སྤྲེའུ་འདི་བསད་ནས་ཤ་ཟོས་ན་ལུས་སྟོབས་སོས་པར་ཕན་པར་ཡོད་སྙམ་ནས། ཆོས་ཀྱི་འདུ་ཤེས་ཉམས། སྙིང་རྗེ་ཞེ་ནས་སྤངས། དྲིན་ལན་ལོག་འཇལ་བྱས་ནས། ཟུར་དེ་ནས་རྡོ་ཆེན་པོ་ཞིག་བླངས་ནས་སྤྲེའུ་མགོར་རྒྱག་དགོས་བསམས་ནས་ལག་གཉིས་ཀྱིས་གནམ་ལ་ཕྱར་ནས་འཕངས་པས། མ་ཕོག་པར་ཟུར་དེར་ལྷུང་བས། བྱང་ཆུབ་སེམས་དཔའ་གློ་བུར་དུ་སད་ནས་བལྟས་པར། གནོད་སྐྱེལ་མཁན་གཞན་གཅིག་ཀྱང་མེད་པར། མི་དེས་མགོ་འཕང་སྨད། གདོང་པ་ཞུམ། ངོ་ཤོར། རྔུལ་ཆུ་བཞུར། ཁ་སྐྱེང་ནས་ཐན་ཞིག་འདྲ་ཞིག་བྱས་ནས་ཟུར་དེར་ཡོད་པར། སྤྲེའུ་བྱང་ཆུབ་སེམས་པས། གྲོགས་པོ་ཁྱོད་མི་ཞིག་རེད། ཁྱོད་ཀྱིས་འདི་ལྟ་བུའི་ལས་ངན་པ་བསགས་འདུག་པ་ལ། ངས་ཁྱོད་འཆི་བདག་གི་ཁ་ནས་བསྐྱབས་པའི་དོན་དུ་རང་ཉིད་ཀྱི་སྲོག་ལའང་མ་འཛེམས་པ་ཡིན། ཁྱོད་ཀྱིས་རྒྱུ་འབྲས་ཆེད་བསད་ཀྱི་བྱ་ངན་འདི་ལྟར་བྱས་པ་ནི། ཚེ་འདིའི་གཡང་ས་ཆུང་ཆུང་འདི་ལྟར་ལྷུང་བ་ནི་བླ་ཡི། ཕྱི་མར་དེ་བས་ཉམ་ངའི་གཡང་སར་ལྷུང་བར་འགྱུར་བས། ཁྱོད་སྙིང་རེ་རྗེ། ངས་ཁྱོད་ཁྱིམ་དུ་འགྲོ་སའི་ལམ་སྣེ་ཞིག་ལ་སྐྱེལ། ཁྱོད་ཕྱིར་ཁྱིམ་དུ་སོང་ནས་སྔར་བྱས་ཀྱི་སྡིག་པ་ལ་བཤགས་པ་གྱིས། གསུངས་ནས་ནགས་འདབ་ཀྱི་མིའི་འགྲིམ་འགྲུལ་རིག་སར་ཞིག་ཏུ་བསྐྱལ་ནས་སྤྲེའུ་བྱང་ཆུབ་སེམས་དཔའ་ཕྱིར་སོང་བར་གྱུར། མི་དེས་རང་གིས་རང་ལ་བསམ་བློ་ཞིག་བཏང་ནས། སྡིག་པའི་ལས་མི་བཟད་པ་དེ་ལྟར་བྱས་པར་འགྱོད་པའི་མེས་སེམས་ཚིག་པའི་དེ་མ་ཐག་ཏུ་ལས་རྣམ་པར་སྨིན་ནས་འབྲུམ་གཟུགས་ཆེན་པོ་ཏག་ཏག་བུད་ནས་སྐྲངས་པའི་མཛེ་ནད་དྲག་པོ་ཞིག་ཐེབས་པར་གྱུར། ཕྱིར་གྲོང་པའི་ཕྱོགས་སུ་འགྲོ་མ་ནུས་པར་ན་ཚ་གཟེར་ཟུག་གིས་ཉམ་ཐག་ནས་བསྡད་པར། རྒྱལ་པོ་ཞིག་རི་དྭགས་རྔོན་པར་སོང་ནས། ཕྱིར་ཡོང་པ་དང་ཐུག་པས། རྒྱལ་པོས་མི་ཡིན་པར་མ་ཤེས་ནས་ཁྱོད་འདྲེའམ་ཡི་དྭགས་ཡིན། ཡང་ན་ལུས་ལ་ནད་ཀྱི་རྣམ་པ་ཅི་ཞིག་བྱུང་བ་ཡིན་ཅེས་དྲིས་པར། ང་ཡིན་པར་མི་ཡིན་ཀྱང་ལས་ངན་པ་དེ་ལྟར་བསགས་ནས། འདི་ལྟར་གྱུར་ཏོ་ཞེས་སྨྲས་དུས། དེ་ལ་དེ་ལྟ་བུའི་དྲིན་ལན་ལོག་འཇལ་བྱས་པའི་རྣམ་སྨིན་འདི་ནས་མྱངས་པ་ཆུང་ཆུང་ཡིན། ཕྱི་མ་དེ་བས་ཀྱང་ཡ་ང་བའོ་ཞེས་སྨྲས། དེ་ལྟར་ཚེ་འདིའི་མཐོང་ཆོས་ཀྱི་འབྲས་བུ་ལུས་ཀྱི་སྡུག་བསྔལ་མྱངས་པ་དེ་ཐམས་ཅད་ཀྱི་མཐོང་ཆོས་སུ་བྱུང་བས་མ་ཚད། ཕྱི་མའི་འབྲས་བུ་བསྟན་པའི་ཆེད་དུ་ལུས་མ་སྤངས་པར་ས་གས་ནས་མགོར་ཐུར་དུ་བསྟན་ནས་དམྱལ་བའི་འཇིག་རྟེན་དུ་སོང་བར་གྱུར། གཏམ་རྒྱུད་འདིས་ནི་གྲོགས་ངན་ལ་ཡིད་ཆེས་ན་རྒྱུ་འབྲས་ལ་མི་འཛེམ་པར་སླུ་བར་བྱེད་པ་དང་གཅིག མི་དགེའི་སྡིག་པ་ཚབས་ཆེན་བྱས་ན་འབྲས་བུ་འཕྲལ་དུ་སྨིན་དུ་ཡོད་པ་དང་གཉིས། ཁྱད་པར་དུ་བྱང་ཆུབ་སེམས་དཔའ་ལ་ཕན་གནོད་གང་བྱས་ན་ཡུལ་གཉེན་པོ་ཡིན་པ་རྣམས་བསྟན་པའོ། །མི་རྟག་པའི་ཚོམས་ལས། འདུས་པ་ཐམས་ཅད་འབྲལ་བས་ན། །གང་ལའང་ཡིད་བརྟན་མི་རུང་བས། །སྐྱེ་བོ་རྣམས་དང་བདག་ཉིད་ལ། །ཞེན་ཅིང་ཆགས་པ་མེད་པར་བྱ། །ཞེས་སོ། །གསུམ་པ།

ལོངས་སྤྱོད་མི་རྟག་པ་བསྟན་པ།

གཞན་ཡང་། ལོངས་སྤྱོད་འབྱོར་པ་ཕུན་ཚོགས་དང་ལྡན་པའི། །གྲོང་རྣམས་སྟོངས་ཤིང་མེད་པར་གྱུར་པའི་དཔེས། །བསགས་པ་འཛད་ཅེས་ནོར་རྣམས་གང་ལ་ཡང་། །མི་རྟག་སྙིང་པོ་མེད་པས་མ་ཆགས་བྱ། །ཞེས་གསུངས་ཏེ། རང་གི་ཚེ་སྟོད་དང་། བར་དང་། དེའི་གོང་ནས་སྟོང་པའི་གྲོང་རྙིང་པ་དག་ལ་བསམས་ནས། འདི་དག་ནའང་སྔོན་འབྱོར་བ་དང་བདེ་བ་དང་སྐྱིད་ཅིང་ཉམས་དགའ་བའི་ལོངས་སྤྱོད་ཡོད་ཀྱང་། མཐར་འདི་ལྟར་གྱུར། བདག་གི་ནོར་དང་ཁང་པ་དང་རྫས་ཀྱང་འདི་ལས་མ་འདས། གཞན་ཡང་འདི་ལས་མ་འདས་པས་བདག་གི་ནོར་དང་རྫས་རྣམས་ཀྱང་འདོར་བས། བདག་གིས་འདི་འདོར། འདིས་བདག་འདོར་བས། འདི་དག་རང་དབང་ཡོད་རིང་ལ་ཆོས་ཕྱོགས་སུ་གཏང་བར་བྱའོ། །ད་ལྟ་རང་གི་ས་ཆ་དང་རང་ཉིད་ཀྱི་མི་ཐོག་སྔོན་མའི་ཁྱིིམ་གཞིས། དེ་བཞིན་དུ་ལོ་རྒྱུས་ཀྱི་སྟེང་གི་མི་སྣ་བྱུང་མྱོང་བ་དེ་ཚོའི་ཤུལ་འདི་རེད་བསམ་རྒྱུ་ཙམ་ཡང་ཡོད་ལ་མེད་ཡིན་པ་དང་། གཞན་ཡང་ས་ཆ་དང་རྒྱལ་ཁབ་འགའ་རེར་གནའ་བོའི་མི་སྣ་གྲགས་ཅན་གྱི་རྒྱལ་པོ་དང་དམག་དཔོན་དང་། ཁྱིམ་བདག་འབྱོར་བ་ཅན་ཚོའི་མཁར་ཕོ་བྲང་དང་། མངའ་ཐང་འབྱོར་བ་རྒྱས་པའི་ཤུལ་བཞག་གི་དངོས་པོ་ཅི་ཙམ་སྟོན་རྒྱུ་འདུག ཚེ་འདིའི་སྣང་བ་ཡོད་ཚད་དེ་རྣམས་ཀྱིས་ཀྱང་མི་དགེ་བའི་ལས་ཐབས་ཏག་ཏག་གིས་འབྱོར་བ་སྤེལ། ཤི་རན་དུས་དངོས་པོ་ཁེ་རུ་གཅིག་ཀྱང་ཁྱེར་ས་མེད་ཁྱེར་ཐབས་མ་འགྲིགས་པར་འགའ་རེས་རོ་སྒམ་དང་མཉམ་དུ་གསེར་དངུལ་དང་རིན་པོ་ཆེའི་རིགས་བཅུག་པར་བྱས་ཡོད་པ་ཡིན། འཇིག་རྟེན་ཁྱིམ་པ་ཞིག་ལ་མཚོན་ན། ཁྱིམ་པའི་ལས་ཐབས་རྒྱུ་ནོར་འདུ་འགོད་ཀྱི་བྱ་བ་སྒྲུབ་པ་ཡིན་ཀྱང་། སྒྲུབ་ན་སྒྲུབ་ལུགས་ཡོད་པ་སྟེ། རྒྱུ་འབྲས་མི་སྣོག་པར་རྒྱུ་གསོག་ཐབས་རྣམ་དཔྱོད་དང་རིག་གནས་བེད་སྤྱོད་གཏོང་ནས་གཞན་ལ་མི་གནོད། རང་ཉིད་ལ་འབྱོར་བ་རྒྱས་ཐབས་བྱེད་དགོས་པ་ཡིན། རྒྱུ་བསགས་ནས་ཚེ་འདིའི་རང་ཉིད་ལྟོས་པ་དང་བཅས་པའི་ཟ་གོན་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་། བུ་ཚ་བོའི་ཤེས་ཡོན་གྱི་ཆེད་དུ་གཏང་དགོས་པ་ཡིན། ཟས་གོས་ཙམ་ལ་ཆེན་པོ་ཞིག་འགྲོ་བ་མིན། གནད་ཆེ་བའི་ནང་གི་ཆེ་བ་ལོངས་སྤྱོད་ཕྱི་མའི་ཡུལ་དུ་ཁྱེར་མི་ནུས་པ་རྣམས། ཁྱེར་ཆོག་པའི་བསོད་ནམས་དང་བརྗེ་དགོས། ནོར་ལས་ནོར་གྱི་སྙིང་པོ་ལེན་ནས་རང་གཞན་འདི་ཕྱིའི་བདེ་སྐྱིད་ཀྱི་དོན་སྒྲུབ་བྱེད་དུ་བཏང་ན་ལོངས་སྤྱོད་ཀྱི་བེད་སྤྱོད་བཏང་ཤེས་པ་ཡིན། དེ་མ་ཤེས་པར་གསོག་པར་བྱས་པས་ཆུང་ན་སྡུག་འགེལ། འབྲིང་ན་སྲོག་ཞ། སྡུག་ན་ངན་སོང་དུ་འཕེན་པའོ། །ཆོས་ལ་བཏང་བས་ཐར་པ་འགྲུབ་ངེས་སྙམ་དུ་བསམས་ལ་ལོངས་སྤྱོད་གཡོ་བ་རྟག་བརྟན་མེད་པ་ཚེ་སྟོད་ཀྱི་ཕྱུག་པོ་ཚེ་སྨད་ཀྱི་སྤྲང་པོ་གྱུར་བ། ད་ལྟ་ཚོང་ཁེ་ཞིག་བྱུང་ཡང་། དྲན་ཉེས་ཤིག་དང་ལས་ཉེས་ཤིག་གིས་སྤྲང་པོར་གྱུར་པས་མ་ཚད་ཧ་དོམ་ལས་འབུད་མི་ཐུབ་པ་དེ་ལྟར་འགྱུར་བ་ཡིན་པས་སྙིང་པོ་མེད་པ་ལས་སྙིང་པོ་བླང་བར་བྱ་སྟེ། སྤྱོད་འཇུག་ལས། ཐམས་ཅད་གཏོང་བར་ཆབས་གཅིག་ལ། །སེམས་ཅན་རྣམས་ལ་བཏང་བ་མཆོག །ཐམས་ཅད་བཏང་བས་མྱ་ངན་འདའ། །བདག་བློ་མྱ་ངན་འདས་པ་བསྒྲུབ། །ཅེས་སོ། །དེའང་ནོར་རྫས་གང་ལའང་སྤྱད་དབང་མེད་པ་ཡོང་བས་ད་ལྟ་སྤྱོད་དབང་ཡོད་དུས་དགེ་བ་ལ་རང་གིས་བཏང་ན་དགེ་བ་ཆེར་འཐོབ་ཀྱི་ཤི་དུས་གཞན་ལ་ཁ་ཆེམས་བཞག་པའི་ལུགས་བཞིན་བསྒྲུབས་ཀྱང་ཕན་པ་ཆུང་ལ། མལ་གྱི་མཐའ་མར་ལྷུང་དུས་རང་གི་རྫས་ལ་གཞན་གྱིས་བགོ་བཤའ་མི་འཆམ་པ་ནི་སྡིག་པའི་རྩ་བར་གྱུར་པ་ཡིན་ནོ། །དེས་ན་རབ་ཏུ་བྱུང་ནས་ཆོས་ལ་སེམས་པ་རྣམས་ཀྱིས་ཆོས་ཀྱི་ཐོག་མར་རང་སེམས་འདོད་པ་ཆུང་བ་ལ་བསླབ་དགོས་ཏེ། སྔོན་གྱི་སློབ་དཔོན་མཁས་གྲུབ་དག་གི་གསུང་ལས། འདོད་པ་ཆུང་ན་འཕགས་པའི་རིགས་ཡིན་ཞིང་། །འདོད་པ་ཟད་ན་འཕགས་པ་དངོས་ཡིན་པས། །རྟག་ཏུ་འདོད་པ་ཆུང་ལ་བསླབ་པར་བྱ། །ཞེས་པ་བཞིན་ནོ། །ནོར་འདི་ནི་ཕུང་དཀྲོལ་མཐའ་ཡས་བསག་སྲུང་བརླག་པའི་སྡུག་བསྔལ་ཆེ་བ་སྟེ། ཡུན་དུ་བརྟན་པ་མིན་པར་བསགས་པའི་ཐ་མ་མཛད་ཅིང་། ཕན་པ་མེད་ཀྱང་གནོད་པ་མེད་ན་བླ་ཡང་འདིས་གསོན་ཚེ་དཀའ་ལས་སྡུག་བསྔལ། དགྲ་ཇག་གི་ལག་གཡུག་བྱེད་པས་མ་ཚད། ཤི་བའི་དུས་སུ་ཞེ་ཆགས། ངན་སོང་དུ་འཕེན། ཚེ་འདི་ཕྱི་གཉིས་ཀ་རུ་སྡུག་འགེལ་བར་བྱེད་པ་ཡིན། །རབ་ཏུ་བྱུང་བ་ནི་འདོད་ཆུང་ཆོག་ཤེས་ལ་བསླབ་དགོས་པ་ནི་སྨྲོས་མ་དགོས་ལ། རབ་བྱུང་མིན་ཀྱང་ནོར་ལས་ནོར་གྱི་སྙིང་པོ་བསོད་ནམས་ཆེན་པོ་མཆོད་སྦྱིན་གྱིས་ལོངས་དང་། དེ་ནི་རང་གཞན་ཐམས་ཅད་ལ་ཕན་ཐོགས་པ། དགྲས་མི་འཕྲོག རྐུན་མས་མི་ལོན་རྒྱུའི་བསོད་ནམས་ལོངས་སྤྱོད་དེ་བསག་ཤེས་དགོས་སོ། །དེས་ན་ལོངས་སྤྱོད་རྟག་པ་མེད་པས་ཀྱང་འདི་སྣང་སྒྱུ་མ་ལྟ་བུ་ལ་སྐྱོ་བ་བསྐྱེད་པར་བྱའོ། །བཞི་པ།

བདེ་བ་མི་རྟག་པ་བསྟན་པ།

འགྱུར་ཞིང་མི་རྟག་པས་ཀྱང་སྐྱོ་ཤས་བསྐྱེད་པར་གདམས་པ་ནི། མཐོ་རིས་གྲོང་གི་འབྱོར་པས་མངོན་མཐོ་བ། །ཤི་བའི་འོག་ཏུ་ངན་འགྲོར་ལྟུང་བའི་དཔེས། །འབྱོར་ཚེ་དྲེགས་པས་སྙེམས་པ་མེད་པར་མཛོད། །ཅེས་གསུངས་ཏེ། ལྷའི་བདེ་བ་ལ་སྤྱད་ནས་དམྱལ་བར་ལྟུང་བ་དང་། འཁོར་ལོས་སྒྱུར་བ་ཐོབ་ནས་ཡང་བྲན་དུ་སྐྱེ་བ་དང་། ལྷ་མིའི་དགའ་བ་ཐོབ་ནས་ངན་སོང་དུ་ལྟུང་བ་ལ་སོགས་པ་བསམས་ཏེ། རང་གི་འབྱོར་པ་ཅུང་ཟད་ལ་དྲེགས་ཤིང་རློམས་སེམས་མི་བྱ་བར་མི་རྟག་པའི་འདུ་ཤེས་འབའ་ཞིག་ཉེ་བར་བཞག་དགོས་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། ཚངས་རིས་ལ་སོགས་བསམ་གཏན་ལྷུན་གྲུབ་ཀུན། །བདག་རྟོག་བག་ལ་ཉལ་བ་མ་གཟིགས་པས། །ཕྱིས་ནས་དམྱལ་བར་སྐྱེ་བ་ཆ་མེད་དོ། །ཞེས་པ་དང་། འཁོར་ལོས་སྒྱུར་རྒྱལ་ཉིད་དུ་གྱུར་ནས་ཀྱང་། །སླར་ཡང་ས་སྟེང་ཉིད་དུ་ལྷུང་གྱུར་ཞིང་། །འཁོར་བར་ཡང་བྲན་ཉིད་དུ་སྐྱེ་བར་འགྱུར། །ཞེས་སོ། །རྒྱལ་པོ་ང་ལས་ནུའམ་སྤྱི་བོར་སྐྱེས་གླིང་བཞིར་དབང་བསྒྱུར་བས་མ་ཚད་སུམ་ཅུ་རྩ་གསུམ་གྱི་ལྷ་ཡུལ་ནས་རྒྱལ་བྱིན་དང་གདན་གཅིག་ལ་བསྡད་ནས་རྒྱལ་བྱིན་མང་པོའི་ཚེ་སོང་ཡང་འདོད་པས་མ་ཚིམ་པར་དྲན་ཉེས་གཅིག་གིས་མཐར་ཕྱིར་འཛམ་བུའི་གླིང་དུ་ལྷུང་ནས་ཤི་བ་ལྟ་བུའོ། །དྲེགས་པ་སྤངས་པའང་། གསོ་བ་བརྒྱད་ལས། སྐྱེ་བོ་གསོ་བའི་ཐིགས་པ་ཞེས་བྱ་བ་འཇིག་རྟེན་གྱི་ལུགས་ལས། ཐར་པ་སྒྲུབ་པ་དེ་དག་ལས། །ལས་ཀྱི་འཕེན་པ་རྒྱང་རིང་བས། །སྐྱིད་སྡུག་སྣ་ཚོགས་ད་གདོད་འབྱུང་། །འབྱོར་ཡང་དྲེགས་པར་མི་བྱ་ཞིང་། །རྒུད་ཀྱང་ཞུམ་པར་མི་བྱའོ། །ཞེས་པ་བཞིན་ནོ། །དེའི་ཕྱིར་ཚེ་འདི་ཉིད་ལའང་། ཚེ་སྟོད་སྐྱིད་པ། ཚེ་སྨད་སྡུག་པར་འགྱུར་བ་ལ་སོགས་པ་བསམས་ཏེ། མི་རྟག་མཐའ་བཞིས་བསྡུས་པའི་འཇིག་རྟེན་གྱི་ཆོས་འབྱོར་བ་རྒུད་པའི་ཆོས་ཅན། ལང་ཚོ་མི་རྟག་པའི་རང་བཞིན། གཉེན་གྲོགས་འབྲལ་བའི་ཆོས་ཅན། ཐམས་ཅད་ཡིད་བརྟན་མེད་པར་ཤེས་ནས་མི་རྟག་པའི་སྐྱོ་ཤས་བསྐྱེད་དེ། རྒྱ་ཆེར་རོལ་པ་ལས། འདོད་པའི་ཡོན་ཏན་འདི་དག་ཆུ་ཟླ་འདྲ། །གཟུགས་བརྙན་མཚུངས་ཤིང་བྲག་ཅ་འདྲ་བ་དང་། །མིག་ཡོར་དག་དང་གར་ལ་བལྟ་བ་དང་། །རྨི་ལམ་མཉམ་པར་སྐྱེས་པར་ཤེས་པར་གྱིས། །ཞེས་པ་དང་། མྱ་ངན་ལས་འདས་པ་ལས། དར་བ་ཡོད་ན་རྒུད་པ་ཡོད། །འདུས་པ་ཡོད་ན་འབྲལ་བར་འགྱུར། །ལང་ཚོ་དེ་ཡང་མི་རྟག་སྟེ། །དར་བའི་མདོག་ཀྱང་ནད་ཀྱིས་འཕྲོག །རྟག་པའི་ཆོས་ནི་གང་ཡང་མེད། །ཅེས་པ་དང་། རྒྱ་མཚོས་ཞུས་པའི་མདོ་ལས། འབྱོར་པ་ཐམས་ཅད་ནི་མཐར་རྒུད་པའོ། །རྒྱལ་པོའི་ལོངས་སྤྱོད་དང་དབང་ཕྱུག་ཐམས་ཅད་ཀྱང་མི་རྟག་གོ་ཞེས་སོ། །གཉིས་པ།

རྒྱུན་འགྱུར་བའི་མི་རྟག་པ་བསྟན་པ།

སྣོད་བཅུད་ཀྱི་སྣང་བ་གནས་སྐབས་མི་རྟག་པ་ལ་བརྟེན་ནས་སྐྱོ་ཤས་བསྐྱེད་པ་ནི། ཕྱི་ནང་དུས་བཞི་ན་ཚོད་འགྱུར་བས་ཀྱང་། །མི་རྟག་འཆི་བར་ངེས་ཀྱིས་རྟག་འཛིན་སྤོངས། །ཞེས་གསུངས་ཏེ། སྔོན་འཛམ་བུའི་གླིང་འདིར་ཡང་བསྐལ་པ་རྫོགས་ལྡན་གྱི་དུས་དང་། སུམ་ལྡན་དང་། ཉིས་ལྡན་དང་། ཐ་མ་རྩོད་ལྡན་གྱི་དུས་བཞིར་འགྱུར་བ་དང་། མི་ཚེ་གཅིག་ལའང་བཙས་པ་བུ་ཆུང་གི་དུས་དང་། བྱིས་པ་གཞོན་པའི་དུས་དང་། དར་ལ་བབ་པའི་དུས་དང་། རྒས་ཤིང་འཁོགས་པའི་དུས་དང་བཞིར་འགྱུར་བ་དང་། ལོ་གཅིག་ལའང་། དཔྱིད་ས་བོན་རྨོ་རྐོའི་དུས་དང་། དབྱར་ལོ་འདབ་བརླན་རྒྱས་ཀྱི་དུས་དང་། སྟོན་འབྲས་བུ་བཅུད་རྫོགས་ཀྱི་དུས་དང་། དགུན་ས་སྐམ་རྡོ་འཁྱགས་ཀྱི་དུས་དང་བཞིར་འགྱུར་བས་མི་རྟག་སྟེ། མི་རྟག་པའི་གཏམ་ལས། སོས་ཀ་ཟླ་བ་བསིལ་བས་མཚོན་པའི་སྟོན་དུས་འདི་འབྱུང་ཞེས། །རབ་ཏུ་དགའ་འགྱུར་སྐྱེ་བོ་ཐམས་ཅད་དག་གི་ཚེ་འདི་ནི། །ཟད་པར་འགྱུར་ཞེས་ཤིན་ཏུ་མི་དགར་སེམས་པའང་མེད། །ཅེས་པ་དང་། རྒྱ་ཆེར་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །ཞེས་པ་དང་། ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས། འདི་དག་སྒྱུ་མ་ལྟ་བུ་བདེན་པ་མིན། །འདུས་བྱས་རྨི་ལམ་མཚུངས་པར་བརྟགས་ནས་ནི། །ཕ་རོལ་ཕྱིན་དང་ས་དང་སྟོབས་རྣམས་དང་། །བྱང་ཆུབ་ཡན་ལག་རྒྱལ་བའི་ཆོས་རྣམས་ལ། །རྟག་ཏུ་བརྩོན་པས་རབ་ཏུ་འབད་པར་གྱིས། །ཞེས་སོ། །གཉིས་པ།

ཕྲ་བའི་མི་རྟག་པ་བསྟན་པ།

ཕྲ་བ་སྐད་ཅིག་གིས་འགྱུར་བས་མི་རྟག་པའི་སྐྱོ་ཤས་བསྐྱེད་པ་ནི། གཟུགས་ནི་རྡུལ་ཕྲན་དུས་ནི་སྐད་ཅིག་མ། །བར་སྣང་གློག་འགྱུ་བཞིན་དུ་མི་རྟག་པས། །མྱུར་བ་ཉིད་དུ་དམ་པའི་ཆོས་སྒྲུབས་ཤིག །ཅེས་གསུངས་ཏེ། རགས་པར་སྣང་བ་ལ་བདེན་པར་མི་འཐད་དེ། རྡུལ་ཕྲན་ཆ་མེད་དུ་གནས་པས། རགས་པར་མ་གྲུབ་པའི་ཕྱིར་ཕྱི་ཡུལ་ལ་ཞེན་པའི་བློ་མ་གཏོད། ལུས་ཀྱང་རྡུལ་ཆར་ཆ་ཤས་མེད་ཅིང་། སེམས་ཀྱང་སྐད་ཅིག་ཆ་ཤས་མེད་པས་ན་ཉེ་བར་ལེན་པའི་ལུས་སེམས་ལ་གཅེས་སྤྲས་ཀྱི་གཟེབ་མ་བཅང་། བར་ལོངས་སྤྱོད་སྒྱུ་མའི་སྣང་བ་ལ་བདེན་ཞེན་གྱི་འཁྲིས་མ་གདགས། འཁོར་བ་སྣ་ཚོགས་ཀྱི་འཁྲུལ་པ་ལ་བག་ཆགས་ངན་པའི་གདེང་མ་འཆའ། གང་ལའང་སྙིང་པོ་མེད་པས་མི་རྟག་པའི་སྐྱོ་ཤས་དྲག་པོ་བསྐྱེད་པར་བྱ་སྟེ། རྒྱ་ཆེར་རོལ་པ་ལས། འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ། །ཞེས་པ་དང་། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། སྲོག་ནི་རྟག་ཏུ་དགྲ་དུ་མས་བསྐོར་ཏེ། སྐད་ཅིག་རེ་རེས་ཉམས་པར་བྱེད་ཀྱི། འཕེལ་བར་བྱེད་པ་ནི་གང་ཡང་མེད་དོ་ཅེས་པ་དང་། སྔ་མ་ལས། ལྟག་ཆུ་ཆད་པའི་རྫིང་བཞིན་དུ། །སྣོན་མེད་གོད་པ་དང་བཅས་པ། །བདག་གི་ཚེ་ནི་རྟག་གོ་ཞེས། །ཇི་ལྟ་བུར་ནི་བདེན་པར་རུང་། །ཞེས་སོ། །བསམ་ཤེས་ན་སྣོད་བཅུད་ཀྱི་སྣང་བ་འདི་ཐམས་ཅད་མི་རྟག་སྟོན་པའི་སློབ་དཔོན་གྱི་བརྡ་དང་དཔེར་སྟོན་བྱེད་དུ་མི་འགྲོ་བ་གཅིག་ཀྱང་ཡོད་པ་མིན་ནོ། །གཉིས་པ།

དོན་བསྡུ་བ།

འཁོར་བར་སྣང་དུས་ནས་འདུས་བྱས་མི་རྟག་པའི་རང་བཞིན་དུ་གྲུབ་ཟིན་པས་སྐྱོ་ཤས་བསྐྱེད་པར་གདམས་པ་ནི། སྣ་ཚོགས་སྣོད་དང་འགྲོ་བ་གཡོ་འགྱུར་ཞིང་། །སྒྱུ་མ་ཆུ་ཤིང་བཞིན་དུ་སྙིང་པོ་མེད། །དེ་ཕྱིར་མི་རྟག་ཅེས་བྱས་འཁོར་བ་འདི། །བདག་བྱས་བཟུང་སྟེ་བཏང་བ་འགའ་ཡང་མེད། །ཅེས་གསུངས་ཏེ། སྣོད་བཅུད་དུ་སྣང་བའི་སྐྱེ་འགྲོ་རྫས་དང་ཡོ་བྱད་འཁོར་བའི་འཁྲུལ་སྣང་བདེ་སྡུག་ཐམས་ཅད་མི་རྟག་སྟེ། རྒྱ་ཆེར་རོལ་པ་ལས། འདུ་བྱེད་བརྟན་པ་མ་ཡིན་མི་རྟག་སྟེ། །རྫ་སོ་མ་བཏང་ལྟ་བུར་འཇིག་པའི་བདག །གཞན་གྱི་རྫས་ལ་བརྙན་པོ་བྱས་དང་མཚུངས། །བྱེ་མའི་ཁང་བུ་འདྲ་བའི་མི་རྟག་སྟེ། །ཞེས་པ་དང་། ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས། སྲོག་ནི་བརྟན་པ་མེད་པར་མི་རྟག་གཡོ། །འཇིམ་པའི་བུམ་པ་ལྟ་བུར་འཇིག་པ་ཅན། །ཞེས་སོ། །དེས་ན་འདུས་བྱས་འཁོར་བའི་ཆོས་ཐམས་ཅད་མི་རྟག་ཅིང་སྙིང་པོ་མེད་དེ། རྒྱ་ཆེར་རོལ་པ་ལས། འདོད་པའི་ཡོན་ཏན་སྐད་ཅིག་ཡ་མ་བརླ། །སྒྱུ་མ་སྨིག་རྒྱུ་འདྲ་ཞིང་རྫུན་པ་ཅན། །ཆུ་ཡི་དབུ་བ་ལྟ་བུར་སྙིང་པོ་མེད། །ཡོངས་སུ་བརྟགས་ལས་བྱུང་བ་ཤེས་པར་གྱིས། །ཞེས་སོ། །སྣོད་ཀྱི་སྣང་བ་འདི་དག་དང་པོར་རྟག་བརྟན་ཅན་ཞིག་ཡིན་པ་ལ། དེ་ནས་མི་རྟག་པར་གྱུར་ནས་མཐར་འཇིག་པ་དེ་ལྟར་མིན་པར། འཁོར་བའི་རྟེན་གཡོ་ཐམས་ཅད་སྣང་དུས་ཉིད་ནས་མི་རྟག་པ་ཡིན་ཅེས་སོ། །དེས་ན་འཇིག་པར་ངེས་པའི་ཚུལ་ལ་སྐྱོ་བ་བསྐྱེད་པ་ནི། མི་རྟག་པར་སྐུལ་བའི་བར་སྐབས་ཀྱི་ཚིགས་སུ་བཅད་པ་ནི། མི་རྟག་གཤིན་རྗེའི་ལྟོ་ན་སྲིད་པ་གསུམ། །གནས་བཅས་དེ་ཡི་དབང་སྒྱུར་བརྒྱུད་མར་འཁོར། །གཞན་དུ་མི་འགྲོ་གནས་དེར་ཆགས་ཤིང་ཞེན། །འཆི་བདག་དེས་ཀོ་རྟག་ཏུ་དམ་དུ་བཟུང་། །སྐྱེ་བ་ཉིད་ནས་འཆི་བར་སྐྱེས་པ་ཅན། །བརྒྱུད་མར་འཁོར་བའི་གྲོགས་པོ་འགྲོ་དྲུག་ཀུན། །ད་ནི་འདི་ནས་ཕྱིན་པ་མི་ལེགས་སམ། །བདག་དང་ལྷན་ཅིག་ཐར་པའི་གྲོང་དུ་འདེང་། །དེར་ནི་འཆི་མེད་རྒྱལ་བའི་འབྱོར་པས་མཛེས། །རྟག་ཏུ་ཞི་བདེ་རང་བཞིན་ལྷུན་གྱིས་གྲུབ། །ཅེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །མི་རྟག་སྲིན་པོའི་ལྟོ་བ་ན་དབང་མེད་དུ་འཁོར་བའི་སྲིད་གསུམ་གྱི་སེམས་ཅན། དེ་ལས་མ་བརྒལ་ཚེ་དེའི་དབང་འོག་ནས་རྒྱུད་མར་འཁོར་བ་ཡིན་པས། གྲོགས་པོ་རྣམས་ད་ནི་འགྲོ་དྲུག་འཁྲུལ་བའི་གྲོང་ཆེན་འདི་ལས་བྲོས་པས་མི་དགའ་འམ། ཁོང་དང་མཉམ་དུ་ཐར་བའི་གྲོང་ཆེར་འཆི་མེད་རྒྱལ་བའི་འབྱོར་བས་མཛེས་པར་དེ་ལ་མི་འགྲོའམ་ཞེས་པའི་གསུང་གི་སྣང་བ་མན་ངག་གི་གཏེར་མཛོད་ཡིད་བཞིན་ནོར་བུ་འདི་ལྟ་བུ་བཞག་ཡོད་པས། འདི་བཞིན་རྗེས་སུ་འཇུག་ནས་ཞི་བ་བདེ་བ་རྟག་ཁྱབ་རང་བཞིན་ལྷུན་གྲུབ་ཀྱི་གོ་འཕང་ལ་སྙེག་པའི་དུས་སུ་བབ་པའོ། །མི་རྟག་སྲིན་པོའི་ལྟོ་བ་ན་སྲིད་གསུམ་འགྲོ་བ་ཇིི་ལྟར་སྲིད་པ་འཁོར་བའི་དཔེ་ཆུང་གི་སྐབས་སུ། འདུལ་བ་མདོ་རྩ་བ་གནས་མལ་གྱི་གཞི་ལས། དེ་ཐམས་ཅད་མི་རྟག་པའི་སྲིན་པོས་ལྟོ་བ་ན་བཟུང་བར་རོ་ཞེས་སོ། །སྲིད་གསུམ་འགྲོ་བ་འདི་ཐམས་ཅད་མི་རྟག་སྲིན་པོའམ་གཤིན་རྗེའི་ལག་ཏུ་ཡོད་པའི་ཚུལ་ལྷ་ཁང་གི་སྒོ་ཁྱམས་སུ་བྲིས་པའི་སྲིད་པའི་དཔེ་ཆུང་གི་རི་མོ་འབྲི་ཚུལ། མདོ་རྩ་ལས། སྒོ་ཁང་དུ་འཁོར་བའི་འཁོར་ལོའོ། །ཆ་ལྔ་པར་བྱའོ། །སྟེང་དུ་ལྷ་དང་མི་རྣམས་སོ། །གླིང་བཞི་པོ་དག་གོ །རྫུས་ཏེ་སྐྱེ་བའི་སེམས་ཅན་ཟོ་ཆུན་འཁྱུད་མོ་བཞིན་དུ་འཆི་འཕོ་བ་དང་སྐྱེ་བ་དག་ཀྱང་ངོ། །དབུས་སུ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དག་ཕུག་རོན་དང་སྦྲུལ་དང་ཕག་གི་རྣམ་པར་རོ། །སྔ་མ་དེ་གཉིས་གཏི་མུག་གིས་ཟ་བར་རོ། །ཁོ་ར་ཁོར་ཡུག་ཏུ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་དང་། ཐམས་ཅད་མི་རྟག་པ་ཉིད་ཀྱིས་བཟུང་བར་རོ། །སྟེང་དུ་སངས་རྒྱས་མྱ་ངན་ལས་འདས་པའི་དཀྱིལ་འཁོར་དཀར་པོ་ཉེ་བར་སྟོན་པའོ། །ཞེས་གསུངས་པ་ལྟར་བྲིས་པ་ནི། འཁོར་བའི་ལོ་འཁོར་ལོ་ལས་མ་ཐར་དུས་རྒྱུན་ཆད་མེད་པར་འཁོར་བའི་མཚོན་པའོ། །དེ་ལྟ་བུའི་དཔེ་ལུང་མང་པོ་དྲངས་ནས་ད་ནི་རྒྱུ་མཚན་ངེས་པས་སྐྱོ་ཤས་བསྐྱེད་པ་ནི། འབྱུང་བཞི་འདུས་ཕྱིར་སྣོད་བཅུད་འཇིག་པ་ཅན། །ལུས་ཅན་གཡོ་བའི་གྲོང་ཁྱེར་བརྙིངས་པར་འགྱུར། །ཞེས་གསུངས་ཏེ། དེ་ཡང་སྐྱེས་བུས་བྱས་པ་ཡིན་པས་མི་རྟག་པ་རྒྱུ་རྐྱེན་ལས་འདུས་པ་རྣམས་དང་། སྐྱེས་བུས་མ་བྱས་ཀྱང་རང་བཞིན་གྱིས་མི་རྟག་པ་ཆུའི་དབུ་བ་ལ་སོགས་པ་སྣོད་དུ་སྣང་བ་རྣམས་དང་། མི་རྟག་པ་འགྱུར་བའི་དཔེར་སྐྱེས་པའི་དངོས་པོར་གྱུར་བ་སྤྲིན་དང་། གློག་དང་། འཇའ་དང་། བྲག་ཅ་ལ་སོགས་པ་དང་། སྐྱེས་པས་མི་རྟག་པ་འགྲོ་བ་རྣམས་དང་། ཐང་ཅིག་ཡུད་ཙམ་མི་རྟག་པ་སྒྱུ་མ་མིག་འཕྲུལ་དང་དྲི་ཟའི་གྲོང་ལ་སོགས་པ་ལྟ་བུ་དང་། ངེས་པའི་དུས་མེད་པར་མི་རྟག་པ་རང་གི་ཚེ་ལ་སོགས་པ་མི་རྟག་པའི་ཚུལ་པོ་དེ་ལ་བསམས་ནས་སྐད་ཅིག་ཀྱང་མི་དལ་བར་ཆོས་ལ་བརྩོན་པར་རིགས་ཏེ། རྒྱ་ཆེར་རོལ་པ་ལས། འདུ་བྱེད་མི་རྟག་མར་མེའི་འོད་དང་འདྲ། །མྱུར་དུ་འབྱུང་ཞིང་འགག་པའི་ཆོས་ཅན་ཏེ། །རླུང་དང་མཚུངས་པས་རིང་དུ་མི་གནས་ཤིང་། །ཆུ་བུར་ལྟ་བུར་ཉམ་ཆུང་སྙིང་པོ་མེད། །གཡོ་བ་མེད་ཅིང་བརྟགས་ན་ཆུ་ཤིང་འདྲ། །སྒྱུ་མ་ལྟ་བུར་སེམས་ནི་སླུ་བར་བྱེད། །རྡུལ་མེད་སངས་རྒྱས་བྱང་ཆུབ་མ་ཐོབ་པར། །བརྩོན་འགྲུས་ནམ་ཡང་ཉམས་པར་འགྱུར་ཏ་རེ། །ཞེས་སོ། །དེ་ཡན་གྱིས་དལ་རྟེན་དོན་ཡོད་པར་བྱ་བ་ལས་འཆི་བ་མི་རྟག་པར་བསམ་པའི་སྐོར་འགའ་ཞིག་སོང་ནས། སྐབས་ཀྱི་དོན་བསྡུ་བ་ལས། འཁོར་བར་སྣང་དུས་ནས་ཀྱང་འདུས་བྱས་མི་རྟག་པའི་རང་བཞིན་དུ་གྲུབ་ཟིན་པས་སྐྱོ་ཤས་བསྐྱེད་པ་དང་། རྒྱུ་མཚན་ངེས་པས་སྐྱོ་ཤས་བསྐྱེད་པ་གཉིས་ཀ་སོང་ནས། བརྩོན་འགྲུས་ནམ་ཡང་ཉམས་པར་འགྱུར་ཏ་རེ། །ཞེས་སོ་ཞེས་པ་འདིར་བཞག་ནས་སང་ཉིན་ངེས་པར་མི་རྟག་པར་འཆི་བའི་ཚུལ་ལ་བསམ་པ་ནས་བཤད་རྒྱུ་བྱེད། དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱིས་དུས་གསུམ་བསག་དང་ཡོད་པའི་དགེ་བའི་རྩ་བ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས་ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས། བསྟན་འཛིན་གྱི་སྐྱེས་བུ་གང་ན་སུ་བཞུགས་ཐམས་ཅད་ཀྱི་སྐུ་ཚེའི་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཐམས་ཅད་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་སྤྱོད་དེ་མཐར་ཐུག་སེམས་ཅན་ཐམས་ཅད་བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་རིན་པོ་ཆེར་འགོད་པའི་ཕྱིར་དུ། རྗེ་བཙུན་འཇམ་པའི་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་ཟབ་མོ་གནང་བར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆི་རྦ་བརླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་གྲོལ་བར་ཤོག།


previousཉིན་ཉེར་གསུམ་པའི་ཆོས་ཁྲིད། next