Nitartha Digital Library
Tibetan
 
previousཉིན་ཉེར་བཞི་པའི་ཆོས་ཁྲིད། next

ཉིན་ཉེར་བཞི་པའི་ཆོས་ཁྲིད།

འདུས་པ་ཐམས་ཅད་འབྲལ་བའི་ཆོས་ཅན། དཔོན་སློབ་ཚོགས་པ་འདི་ཡང་མི་བརྟན་པ། དང་པོ་ཕྱོགས་བཞི་མཚམས་བརྒྱད། ཕྱོགས་ཕྱོགས་ནས་ཡོང་བ་ལྟར་དུ་མཐར་ཉི་མ་ཁ་ཤས་ཀྱི་རྗེས་ནས་ཀྱང་ཕྱོགས་སོ་སོའི་རང་རང་གནས་སུ་གྱེས་པའི་རང་བཞིན། བཟའ་ཚོ་ཉེ་འབྲེལ་འདི་ཡང་མི་རྟག་པ་ཡིན་ཏེ། དང་པོར་གཅིག་ངོ་གཅིག་གིས་མི་ཤེས་པའི་རིགས་དྲུག་ངེས་མེད་ཀྱི་གནས་ནས་ཡོང་པའི་རྣམ་ཤེས་འཁྱམ་པོ་འགའ་ཞིག ཉེར་ལེན་གྱི་ཕུང་པོ་ལ་ཉིང་མཚམས་སྦྱར་ནས་ལས་གཅིག་གིས་མཉམ་དུ་བསྡུས་པ་ཡིན་ལ། ཉི་མ་ཁ་ཤས་ལ་མགྲོན་པོ་མགྲོན་ཁང་ནང་དུ་བསྡད་པ་བཞིན་དུ་ཡོད་ན་ཡང་། ཡང་མཐར་སོ་སོར་འབྲལ་བའི་ཆོས་ཅན། དེས་མ་ཚད་རང་ཉིད་ཀྱི་ལུས་སུ་གཅེས་པར་བཟུང་བ་འདི་ཡང་བེམ་རིག་བྲལ་བའི་ཉིན་མོར་ཤུལ་དུ་བསྐྱུར་བས་མི་ཚད་འབྱུང་བཞིའི་རྡུལ་ཕྲན་སོ་སོར་གྱེས་ནས་མཐོར་རྒྱུ་ཡིན་པས། མི་རྟག་འཇིག་རྟེན་འཁོར་བའི་ངང་ཚུལ་འདི་ལ་བསམས་ནས་ཚེ་འདི་ཕྱིའི་རང་གཞན་ཐམས་ཅད་ལ་ཕན་ངེས་པ་དམ་པའི་ལྷ་ཆོས་ལ་ཐོས་བསམ་ཉམས་བཞེས་མཛད་ནས་རྫོགས་པའི་བྱང་ཆུབ་སྒྲུབ་པ་ལ་ཐེག་ཆེན་ཐར་བའི་ལམ་དགོས་པ་ཡིན། དེའི་ལམ་གྱི་འཇུག་སྒོ་མ་ནོར་པ་དེ་གང་ཡིན་ན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཡིན་པས། དེ་རིང་དེའི་དངོས་གཞིའི་སྨོན་དང་འཇུག་པའི་སྡོམ་པ་ཆོ་གས་ཇི་ལྟར་ལེན་དགོས་ཚུལ་གྱི་སྐོར་ནས་གླེང་ན། བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་དེ་བློ་སྦྱོང་པ་དང་དམ་བཅའ་བ་གཉིས་ཀྱི་སྟེང་ནས་ལེན་དགོས་པ་ཡིན། བློ་སྦྱོང་པ་ནི། འཁོར་བ་ཐོག་མེད་ཀྱི་དུས་ནས་ལན་གཅིག་ཙམ་ཞིག་མ་ཡིན་པར་ཕ་མར་ཡང་ཡང་བྱས་པའི་དྲིན་ཆེན་པོ་ཅན་གྱི་ཕ་མ་འདི་དག་ཐམས་ཅད་ཁམས་གསུམ་འཁོར་བའི་གནས་སུ་རིགས་དྲུག་གི་སྡུག་བསྔལ་དཔག་ཏུ་མེད་པས་གཟིར་ཞིང་མནར་བས་མ་ཚད། སྡུག་བསྔལ་དེའི་ནང་ནས་འདི་དུས་ཐར་བ་རེད་ཟེར་བའི་མཐའ་ཙམ་ཡང་མེད་པས་མ་ཚད། དེ་ལྟ་བུའི་སྡུག་བསྔལ་རྒྱུ་འབྲས་འབའ་ཞིག་ལ་སྤྱོད་ཅིང་ཡོད་པ་འདི་ཐམས་ཅད་ཀྱི་སྡུག་བསྔལ་བསལ་ནས་བདེ་བ་བླ་ན་མེད་པ་ལ་འགོད་པའི་ཆེད་དུ། ངའི་ལུས་ལོངས་སྤྱོད་དགེ་ཚོགས་དགེ་བའི་དངོས་པོ་དང་བཅས་པ་ཕངས་སེམས་ཙམ་ཡང་མེད་པ་གཏང་བ་དང་། དེའི་དོན་དུ་དཀའ་སྤྱད་སྡུག་བསྔལ་ཅི་ཞིག་མྱང་དགོས་ཐུག་ཀྱང་སྤྲོ་བས་དང་དུ་ལེན་པ་ཡིན་བསམ་པའི་སྒོ་ནས་ཆོ་ག་དང་སྦྲགས་ཏེ་ལེན་དགོས་པ་ཡིན། ལེན་པའི་སྐབས་སུའང་། ཡང་བསྐྱར་བསམ་བློ་འདི་ལྟར་གཏང་དགོས། བདག་གིས་ཡོད་ཚད་སེམས་ཅན་གྱི་དོན་དུ་གཏོང་བ་ཡིན། གཏང་རྒྱུ་དེ་ཡང་གནས་སྐབས་ཙམ་མ་ཡིན་པར་ས་ལ་སོགས་པ་འབྱུང་བ་ཆེན་པོ་བཞི་དང་ཁྱད་པར་དུ་ནམ་མཁའ་བཞིན་དུ་དུས་རྟག་པར་སེམས་ཅན་ཐམས་ཅད་ཀྱི་ཉེར་འཚོའི་ཕན་དང་བདེ་བའི་རྒྱུར་བཏང་བ་ཡིན་བསམ་པ་དང་། དེ་ལྟར་འགྱུར་བའི་སྨོན་ལམ་དང་བཅས་ཏེ་བློ་སྦྱངས་ནས། གཉིས་པ་དམ་བཅའ་བ་སེམས་བསྐྱེད་ཀྱི་སྡོམ་པ་ལེན་རྒྱུ་དངོས་ནི། རྗེ་བཙུན་འཇམ་དཔལ་དབྱངས་སྔོན་རྒྱལ་པོ་ནམ་མཁའ་ཞེས་བྱ་བར་གྱུར་པ་ན། སངས་རྒྱས་འབྲུག་སྒྲའི་དབྱངས་ཀྱི་རྒྱལ་པོའི་སྤྱན་སྔར་སེམས་བསྐྱེད་དང་སྡོམ་པ་སྟབས་ཅིག་ཏུ་མནོས་པ་བཞིན་དུ། བདག་ཅག་གིས་ཀྱང་སེམས་བསྐྱེད་དང་སྡོམ་པ་སྟབས་ཅིག་ཏུ་ལེན་པ་ཡིན་བསམ་པའི་སྒོ་ནས་ཆོ་ག་དང་བསྟུན་ཏེ། སློབ་དཔོན་ནམ་རྟེན་གྱི་མདུན་གང་རུང་ནས་ལེན་དགོས་པ་ཡིན། ཐོག་མར་སློབ་དཔོན་ནས་ལེན། དེ་ནས་རྒྱུན་དུ་རང་ཉིད་ཀྱིས་རྟེན་གྱི་མདུན་ནས་ལེན་པ་དེ་བརྒྱུད་པའི་ཕྱག་བཞེས་ཀྱང་ཡིན་པས་དེ་ལྟར་བྱ་ཆོག རང་རེས་ཀྱང་འདི་ནས་སོས་ཀ་དང་དཔྱིད་ཀའི་ཞག་བརྒྱ་ཡི་མཚམས་གྲོལ་ནས་ས་ག་ཟླ་བའི་ནང་ཆོས་འགོ་དང་པོ་གཟུང་དུས་སུ་སོར་བྱང་སྔགས་གསུམ་པོའི་རིམ་པ་བརྒྱུད་ནས། དང་པོར་རབ་བྱུང་བསྙེན་རྫོགས་གཉིས་ཀ་ཉི་མ་ཁ་ཤས་ལ་བསྒྲུབས། དེའི་འཕྲོར་ཆོས་འཁོར་མཆོད་པ་དང་སྦྲགས་ཏེ་མཆོད་པ་འབུམ་མཆོད་གཅིག་ཉི་མ་གསུམ་ལ་ཕུལ་བ་དང་མཉམ་དུ་སེམས་བསྐྱེད་འབོག་ཆོག་གི་བྱང་སྡོམ་ཕུལ་བ་དང་། དེའི་མཚམས་ནས་ཡེ་ཤེས་བླ་མའི་སྙིང་ཐིག་གི་ཁྲིད་ཆེན་དབུ་བཙུགས་ཏེ་དབང་ཁྲིད་སྦྲགས་མ་བྱེད་པ་སྟེ། དེ་ཡང་ལོ་རེར་ཡ་བཞིའི་དབང་ཆ་ཚང་འགྲོ་དུས་ཡོད་ལ། མ་གཉིས་བུ་གཉིས་རེ་བསྐུར་དུས་ཀྱང་ཡོད། ཡང་མཚམས་རེར། རེ་རེ་འདོན་པའང་ཡོད། དེའི་དབང་གི་སྡོམ་གཟུང་གི་སྐབས་སུ་སྔགས་སྡོམ་ཐོབ་པ་ཡིན་པས། དེ་ལྟར་ལོ་གཅིག་གི་ནང་དུ་སོར་བྱང་སྔགས་གསུམ་གྱི་སྡོམ་པ་ཐེངས་རེ་འབུལ་བའི་སྐབས་སུ། བྱང་སྡོམ་ཐེངས་རེ་དེ་ལྟར་འདོན་བཞིན་ཡོད་ལ། དགེ་བསྙེན་ཕོ་མོས་ཀྱང་དེ་དུས་ཐོབ་པ་རེད། ཆོས་བརྒྱུད་འདིར་ཞུགས་ནས། ངའི་ཆོས་དུང་འདི་ལ་བརྟེན་ཏེ་ཆོས་གྲྭ་འདིའི་ནང་ནས་ཆོས་གསན་བཞེས་མཛད་ཚད་ཀྱིས། ཉིན་རེ་བྱང་སྡོམ་རེ་ལེན་རྒྱུ་དེ་མ་ཆག་ན་བཟང་། དེ་མི་ཆག་རྒྱུའི་དམ་བཅའ་ཞིག་མཛད་བཞག་ན་དུས་ཚོད་ཆེན་པོ་འགོར་བ་མ་རེད། རིང་ན་སྐར་མ་ལྔ་མ་གཏོགས་མི་དགོས། འགོ་དེར་དགོངས་གསོལ་ཞིག དེ་ལ་མཐུད་ནས་བྱང་ཆུབ་སྙིང་པོ་མཆིས་ཀྱི་བར་ལ་སོགས་པའི་ཤོ་ལོ་ཀ་གཅིག དེའི་འཕྲོར་ཇི་ལྟར་སྔོན་གྱི་བདེ་གཤེགས་སོགས་ཤོ་ལོ་ཀ་གཉིས། དེ་དག་ཚར་གསུམ་རེའི་མཚམས་ནས། དེང་དུས་བདག་ཚེ་དང་། དེ་རིང་བདག་གིས་སྐྱོབ་པ་ཐམས་ཅད་ཀྱི། སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི་སོགས་ཀྱི་རང་གཞན་དགའ་བ་སྒོམ་པའི་ཤོ་ལོ་ཀ་ཁ་ཤས་ཀྱི་མཇུག་ཏུ་སྨོན་ལམ། བྱང་ཆུབ་སེམས་མཆོག་མ་ཞིག་རེད་དེ་དག་ལས་འདོན་སླ་བ་ཞིག་མེད་པས་ཉིན་རེ་མི་ཆག་པར་བྱེད་པ་ལ་དཀའ་ངལ་ཆེར་མི་འདུག དེ་ལས་ཅུང་ཟད་རྒྱས་དགོས་འདུག་བསམས་ན་ས་གཞི་བྱིན་རླབས་དང་ཡན་ལག་བདུན་པ་ཇི་སྙེད་སུ་དག་མ་དང་། མཎྜལ་རེ་བཏགས་ན་ཡང་ཆོག་པ་དང་། ད་རུང་རྒྱས་དགོས་ན་རྒྱུན་ཇའི་ཆོས་སྤྱོད་དང་དེའི་མཇུག་ཏུ་ཡིག་ཆུང་ནང་དུ་ཡོད་པའི་བསྟོད་པ་དང་སྨོན་ལམ་དེ་དག་བཏགས་ན་ཡང་ལེགས་པ་ཡིན། གནའ་ཤྲཱི་སེང་ནས་རྒྱུན་ཇ་ཆག་མེད་དུ་འཚོགས་དགོས་དེ་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་ཕྱག་བཞེས་རེད། དེའི་སྐབས་ཀྱི་ཞལ་འདོན་ལ་རྒྱུན་ཇའི་ཆོས་སྤྱོད་ཐོགས་གསུངས་པ་རེད། རྒྱུན་ཇ་ནི་གསོལ་ཇ་ཡི་ཇ་ཅན་པོའི་ཇ་དང་། རྒྱ་ཇ་ངད་ལྡན་གྱི་ཇ་དེ་རེད། རྩེ་པོ་ཏ་ལ་ཡི། གནའ་སྡེ་བ་གཞུང་གི་དྲངས་ཇ་འཚོགས་ཟེར་དུས་སྐུ་དྲག་གཞུང་ཞབས་པ་ཆེ་ཆུང་ཐམས་ཅད་ཀྱིས། རང་རང་གི་ལས་གོས་ལས་རྟགས་དང་བཅས་ཏེ་ཉིན་རེ་བཞིན་དུ་འཚོགས་ནས། རང་རང་བབས་ཐོབ་ཀྱི་སྲིད་དོན་གྱི་ལས་བགོས་སྣ་ཚོགས་གཉེར་རྒྱུ་ཡོད་པ་རེད། དེ་དུས་ཇ་དྲངས་རྒྱུ་ཡོད་པ་དེ་ལ་དྲངས་ཇ་ཟེར་བ་རེད། དེ་དང་མིང་ཐོགས་ལུགས་འདྲ་མོ་ལྟ་བུར་ཆགས་འདུག ཤྲཱི་སེང་ནས་ཀྱང་ཇ་དངོས་སུ་དྲངས་དགོས་པ་རེད། དུས་ཕྱིས་སུ་ངས་ཤྲཱི་སེང་སླར་གསོ་བྱེད་དུས་ལོ་གཅིག་ཙམ་ཞིག་ལ་འཚོགས་པ་ཡིན། དེ་ནས་ཡང་གསར་བུ་མང་ཆེ་བས་དེས་དཔེ་ཆ་བལྟ་རྒྱུ་སོགས་ལ་གནོད་འདུག་ཟེར་བ་ལ་བརྟེན་ནས་གནས་སྐབས་ཤིག་བཅད་པ་རེད། བྱང་སྡོམ་ལེན་པའི་འདོན་པ་དེ་ནི་སླ་མོ་ངོ་མ་ཞིག་རེད། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པའི་དགོངས་སུ་གསོལ་བ་གསུམ་དེ་ཚར་གསུམ་དགོས། དེའི་མཚམས་ནས་རང་མིང་དང་སྦྲེལ་ནས་བྱང་ཆུབ་སྙིང་པོ་མཆིས་ཀྱི་བར་སོགས་ཚར་གསུམ། དེ་ནས་ཇི་ལྟར་སྔོན་གྱི་ཚར་གསུམ། དེ་ནས་དེང་དུས་བདག་ཚེ་དང་། བདག་གིས་དེ་རིང་། བྱང་ཆུབ་སེམས་མཆོག་མ་རྣམས་ཚར་རེ་འདོན་རྒྱུ་ནི་སླ་ལ། འགྲོ་ཞོར་འདུག་ཞོར་དུ་བཏོན་ནའང་ཆོག་པ་རེད། སེར་སྐྱ་ཕོ་མོ་བྱང་སྡོམ་ཐོབ་ཚད་པོས་རྟེན་རྩ་ཆེན་དང་མཇལ་ནའང་བྱང་སྡོམ་ལོངས། གནས་རི་སྒྲུབ་ཕུག་བྱིན་ཅན་གྱི་ནང་དུ་ཐོན་ནའང་བྱང་སྡོམ་ལོངས། དུས་རྒྱུན་དུའང་བྱང་སྡོམ་ལོངས། མཚམས་དང་མཚམས་སུ་ཉེས་ལྟུང་བྱུང་ནའང་བཤགས་པ་དང་ལྷན་དུ་བྱང་སྡོམ་ལོངས་དང་ཕན་ཡོན་བསམ་གྱིས་མི་ཁྱབ་པར་འབྱུང་བ་ཡིན། གསོ་སྦྱོང་ལེན་དུས་བཤགས་པ་ཇི་ལྟར་བྱེད་དགོས་ན། ཕུང་པོ་གསུམ་པའི་མདོ་ཚར་རེ་འདོན་ཐུབ་ན་བཏོན་ན་ལེགས་ཤིང་། མ་བཏོན་ན་ཡང་བཤགས་ཡུལ་ལྟུང་བས་མ་གོས་པའི་བྱང་སེམས་སམ། རྟེན་གྱི་དྲུང་ངམ། ཡིད་ཀྱིས་དམིགས་པའི་དྲུང་དུ་སྔར་བྱས་ཀྱི་ཉེས་པ་ལ་འགྱོད་སེམས་དང་། ཕྱིན་ཆད་མི་བྱ་བའི་སྡོམ་སེམས་དང་ལྡན་པའི་སྒོ་ནས་ཕྱག་གསུམ་འཚལ་བས་བཏུད་དེ། ཙོག་པུར་འདུག་ལ་དགོངས་གསོལ་བྱས་ནས། བདག་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བགྱི་བ་ལ། མི་ཤེས་པ་ཉིད་དང་། མ་གུས་པ་དང་། བག་མ་མཆིས་པ་དང་། ཉོན་མོངས་པ་མང་བའི་དབང་གིས་རྩ་བ་དང་ཡན་ལག་གི་ཉེས་པ་འདི་ལྟ་བུ་ཞིག་བྱུང་སྟེ། བདག་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བགྱི་བའི་ཉེས་པ་དེ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་མཐོལ་ཞིང་བཤགས་སོ། །འཐོལ་ཞིང་བཤགས་ན་བདག་བདེ་བ་ལ་གནས་པར་འགྱུར་གྱི། མ་འཐོལ་མ་བཤགས་ན་ནི་དེ་ལྟར་མི་འགྱུར་རོ། །ཞེས་དེ་ལྟར་ཚར་གསུམ་དང་། གཏང་རག་གི་ཕྱག་གསུམ་བྱ། དེ་ནས་དགོངས་སུ་གསོལ་ལོ་གསུམ་གྱིས་དབུ་བཟུང་ནས་གོང་ནས་བཤད་པའི་བྱང་སྡོམ་ཚར་གཅིག་བླངས་ན་ཉེས་ལྟུང་བཤགས་ནས་རྒྱུད་བསྡམས་ན་དགེ་ཚོགས་ངང་གིས་འཕེལ་བའི་གནད་ཁྱད་པར་ཅན་ཡོད་པ་ཡིན། གང་ལྟར་དངོས་གཞིའི་སྡོམ་པ་ལེན་དུས། རང་ལུགས་ལ་སྨོན་འཇུག་སྟབས་ཅིག་ཏུ་ལེན་པ་ཡིན་པས། དེ་དུས་འདི་ལྟར་བསམ་པར་བྱ་བ་ཡིན་ཏེ། ཆོས་ཐམས་ཅད་དོན་དམ་སྤྲོས་པའི་མཐའ་ལས་འདས་ཀྱང་། ཀུན་རྫོབ་བདག་གཞན་བདེ་སྡུག་ལ་སོགས་པ་སྣ་ཚོགས་སུ་སྣང་བ་བདེན་པར་མེད་པ་ཡིན་ཀྱང་། དེ་ལྟར་མ་ཤེས་པར་བདེན་འཛིན་ཨ་འཐས་པས་འཁོར་བ་ན་སྡུག་བསྔལ་མི་ཟད་པས་རྟག་ཏུ་མནར་བའི་སེམས་ཅན་འདི་དག་ཐོག་མ་མེད་པ་ནས་ཡང་ནས་ཡང་དུ་ཕ་མ་བྱས་ཏེ། ཕན་བདེ་མཐའ་དག་ནི་བསྒྲུབས། གནོད་འཚེ་ཐམས་ཅད་ལས་ནི་སྐྱབས། བསམ་རྒྱུ་དང་དྲན་རྒྱུ་ནི་རང་རེ་ལས་མེད་པར་བྱས། རང་རེའི་ཆེད་དུ་ཡང་ལུས་སྲོག་གྲངས་མེད་པར་བཏང་བའི་དྲིན་ཅན་ཤ་སྟག་ཡིན་ཀྱང་། བདེ་བ་འདོད་བཞིན་དུ་བདེ་བ་དང་ནི་བྲལ། སྡུག་བསྔལ་མི་འདོད་བཞིན་དུ་སྡུག་བསྔལ་དང་ནི་ལྡན། བདེ་བ་སྒྲུབ་ཅིང་སྡུག་བསྔལ་འདོར་བའི་ཐབས་མི་ཤེས་པའི་རྨོངས་པ་འདི་དག་སྡུག་བསྔལ་ཅན་གྱི་འཁོར་བ་ལས་སྒྲོལ་དགོས། དེ་ཡང་ད་ལྟ་བདག་ལ་དེའི་ནུས་པ་མེད་པས། ནུས་པ་དང་ལྡན་པའི་སངས་རྒྱས་དེ་ཉིད་ཐོབ་དགོས་པར་འདུག །དེའི་ཕྱིར་བླ་ན་མེད་པའི་བྱང་ཆུབ་ཏུ་སྨོན་པའི་སེམས་བསྐྱེད་ནས། འཇུག་པ་བྱང་ཆུབ་སེམས་དཔའི་བསླབ་བྱ་སྡོམ་པའི་ཚུལ་ཁྲིམས། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་ལ། ཇི་ལྟར་སྔོན་གྱི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་ཡོངས་སུ་བསླབས་པ་བཞིན་དུ་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་ཚོགས་གཉིས་དང་ལྡན། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་སྒྲིབ་གཉིས་དང་བྲལ་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱའོ་སྙམ་དུ་བསམ་ཞིང་དགོངས་གསོལ་བརྗོད་པ་ན་སངས་རྒྱས་བྱང་སེམས་རྣམས་ཀྱིས་བདག་གི་བསམ་སྦྱོར་ཇི་ལྟ་བ་བཞིན་དུ་མཁྱེན་ངེས་སྙམ་དུ་བླ་མ་དཀོན་མཆོག་ལ་དད་པ་ཆེན་པོ། སེམས་ཅན་ལ་སྙིང་རྗེ་ཆེན་པོ། སངས་རྒྱས་ལ་ཐོབ་འདོད་ཀྱི་འདུན་པ་ཆེན་པོ་སྟེ་འདུ་ཤེས་གསུམ་དང་མ་བྲལ་བའི་སེམས་རྩེ་གཅིག་པས་དགོངས་སུ་གསོལ་བ་གསུམ་གྱིས་སད་བྱས། སྐྱབས་སུ་འགྲོ་བ་གསུམ་གྱིས་གཞི་བཅས། དངོས་གཞི་དམ་བཅའ། མཇུག་རང་གཞན་དགའ་བ་བསྒོམ་པ་དང་བཅས་པའི་སྒོ་ནས་རང་རེའི་རྒྱུན་སྲོལ་གྱི་ཆོ་གའི་ཕྱག་བཞེས་བཞིན་དུ་ལེན་དགོས་པ་ཡིན། སྐྱབས་འགྲོའི་ཚོགས་ཀྱི་ཞིང་དེ་ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་དང་། སློབ་དཔོན་བཞུགས་བཞིན་པ་དེ་དང་བཅས་པ་ཐམས་ཅད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་དམ་བཅའ་བཞག་སྟེ་ཁས་ལེན་པའི་ཡུལ་ལམ་སྡོམ་པ་ཞུ་ཡུལ་དང་། དམ་བཅའི་དཔང་པོ་ཡང་ཡིན། དེ་ལྟར་དུ་སེམས་ཅན་ཐམས་ཅད་མགྲོན་དུ་བོས་ནས་སྐྱབས་ཡུལ་དཀོན་མཆོག་རྩ་གསུམ་མམ་སེམས་ཅན་དང་བཅས་པའི་དཔང་པོར་ཡོད་པའི་སྔུན་དེ་ནས་འགྲོ་བའི་དོན་དུ་བྱང་ཆུབ་བསྒྲུབ་རྒྱུར་ཁས་བླངས་ནས། དམ་བཅས་པ་དང་སྟབས་ཅིག་ཏུ་སྨོན་འཇུག་གི་སྡོམ་པ་བླངས་པ་རེད། གལ་ཏེ་སློབ་དཔོན་གྱིས་གནང་པའི་ཆོ་གའི་སྐབས་ཡིན་ན་འདི་དག་གི་གོ་དོན་ཚང་མ་སློབ་དཔོན་གྱིས་གསུངས་པ་དེ་ལ་ཉན་ཞོར་དུ་སློབ་དཔོན་གྱི་རྗེས་སུ་བཟླ་དགོས་པ་ཡིན། ཇི་ལྟར་སྔོན་གྱི་རྗེས་ཟློས་ཐེངས་གསུམ་པ་ཚར་མ་ཐག་སྨོན་དང་འཇུག་པའི་བདག་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེས་པའམ་སྡོམ་པ་ཐོབ་པ་ཡིན། རྗེས་ནི་རང་གཞན་དགའ་བ་བསྒོམ་པ་ཡིན་ལ། དེ་འདྲའི་དགའ་བ་བསྒོམ་དགོས་པའི་དགའ་དོན་ཅི་ཞེ་ན། གཅིག་ན་བདག་གི་ཐོག་མ་མེད་པ་ནས་ལུས་དཔག་ཏུ་མེད་པ་ཞིག་བླངས་ཀྱང་འདི་འདྲའི་སེམས་དང་མ་ལྡན་པས་དོན་མེད་པ་ཁོ་ནར་སོང་། ད་རེས་རང་གཞན་ཐམས་ཅད་ཀྱི་ཕན་བདེའི་རྒྱུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེས་པས་དོན་ཆེན་པོ་གྲུབ་སྙམ་དུ་དགའ་བ་བསྒོམ་པར་བྱ་བ་དང་། གཉིས་སུ་བྱང་ཆུབ་ཀྱི་སེམས་འདི་བླངས་པས་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་པ་ལ་བསམས་ནས་དགའ་བ་བསྒོམ་དགོས་པ་ཡིན། དེ་ཙམ་དགའ་བ་བསྒོམས་པའི་ཕན་ཡོན་ཅི་ཡོད་སྙམ་ན་མཐའ་ཡས་པའི་ཕྱིར་བརྗོད་པར་མི་ནུས་མོད། ཆ་ཤས་ཙམ་བརྗོད་ན་མིང་དོན་འཕོ་བ། སྡིག་པ་སྟོབས་ཆེན་སྦྱོང་པ། ཕན་ཡོན་དཔེས་བསྟན་པ། བསོད་ནམས་རྒྱུན་ཆགས་སུ་འབྱུང་བ་ལ་སོགས་པ་རྒྱས་པར་གཞུང་ནས་མཁྱེན་པར་བྱའོ། །དེ་ལྟ་བུའི་མཐའ་ཡས་སེམས་ཅན་གྱི་དོན་དུ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པའི་འདུན་པ་སྔོན་དུ་འགྲོ་བ་བཅས་པས། སྡོམ་པ་རྒྱུད་ལ་བརྟན་པས་ན་ཅི་བྱས་གཞན་དོན་དུ་འགྱུར་བར་བྱེད་བཞིན་པ་ལས། ཁྱད་པར་མ་རྒན་སེམས་ཅན་རྣམས་མྱུར་དུ་འཁོར་བ་ལས་བསྒྲལ་བའི་དོན་དུ་དམ་པའི་ཆོས་ཟབ་མོ་གསན་བཞེས་མཛད་ནས་དེའི་དོན་ཉམས་སུ་བླངས་ནས་བྱང་ཆུབ་བསྒྲུབ་པའི་དགོངས་འདུན་དང་བཅས་ཏེ། སྐབས་འདིར་གང་ཞིག་གསན་པར་བྱ་བ་ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་འདི་ཉིད་ལས། རྡོ་རྗེའི་གནས་གཉིས་པ་མྱང་འདས་ཀྱི་རང་བཞིན་བླང་བྱར་བསྟན་པའི་སྐབས་ལས། ཁ་རྩང་ཡན་ཆོད་ཐོས་པའི་ཤེས་རབ་བཤད་པ་སོང་ནས། བསམ་པའི་ཤེས་རབ་བཤད་པའི་སྐབས་ལས་མང་རབ་ཅིག་སོང་ནས། དེ་རིང་ངེས་པར་མི་རྟག་པའི་ཚུལ་བསམ་པ་ནི། མཐའ་བཞིས་བསྡུས་ཕྱིར་རྟག་པ་འགའ་ཡང་མེད། །ཚེ་ལ་ངེས་མེད་ནམ་འཆི་ཆ་མེད་པས། །ངེས་པར་འཆི་ཞེས་སྙིང་ནས་བསམ་པར་བྱ། །ཞེས་གསུངས་ཏེ། མི་ལུས་ཐོབ་པའི་རྟེན་འདི་ལ་མཐའ་བཞིའི་རྒྱས་བཅིངས་ཏེ་བདེ་བའི་སྐབས་མེད་པས་དམ་པའི་ཆོས་བྱ་དགོས། དེ་ཡང་མཐའ་བཞི་ནི། སྐྱེས་པའི་མཐའ་འཆི། འདུས་པའི་མཐའ་འབྲལ། བསགས་པའི་མཐའ་འཛད། མཐོན་པོའི་མཐའ་ལྟུང་བས་ཡིད་བརྟན་མེད་དེ་འདོར་ངེས། བུ་སྐྱེས་ཤིང་བཟའ་ཚང་གི་མགོ་འདུ་རུག་པ། རྒྱུ་སོག་པ། ཐོབ་མཐོ་བ་རྣམས་དགའ་ཡོང་སྤྱད་ཏག་ཏག་ཡིན་ཀྱང་། དེ་དག་གི་མཇུག་འབྲས་རྣམས་ནི་བཙོག་པ་ཡིན་ཏེ། མི་ཤི་བ་དང་གཅིག ཁ་ཁར་འབྲལ་དགོས་ཐུག་པ་དང་གཉིས། རྒྱུ་ཟད་རྒྱུ་དང་གསུམ། གོ་གནས་ལྷུང་རྒྱུ་དང་བཞི་པོ་མིས་མི་འདོད་རྒྱུ་ཁོ་ན་ཡིན། དེ་དག་མི་འདོད་ཀྱང་ཐབས་མེད་པར། ཤི་བའི་དོན་དུ་སྐྱེས་པ་ཡིན་པ་དང་། འབྲལ་བའི་དོན་དུ་འདུས་པ་དང་། ཟད་པའི་ཆེད་དུ་གསོག་པ་དང་། ལྷུང་རྒྱུའི་དོན་དུ་ཨེ་མཐོ་བལྟས་པ་དང་གཉིས་སུ་མེད་པ་ཡིན། ཁྱད་པར་དུ་རང་གི་ལུས་ད་ཡོད་ད་མེད་ཆུའི་དབུ་བ་ལྟ་བུ་འདི་འཇིག་ངེས། ནམ་འཆི་ཆ་མེད། དེ་རིང་ཁོ་ན་ལའང་འཆིའམ། སང་འཆིའམ། དོ་ནུབ་འཆིའམ། མལ་འདིར་ཉལ་བ་འདི་ལས་ཤི་ནས་སང་ནི་ལྡང་བ་མེད་པ་ཅིག་འབྱུང་ངམ་སྙམ་དུ་བསམས་ཏེ། དོ་དགོང་མར་ཉལ་ནས་སོང་ཉིན་ཡར་ལོང་དུ་ཨེ་ཡོད་ཅི་ཤེས་བསམ་ནས་མི་རྟག་པ་བསྒོམ་དགོས། མི་སུ་ཡང་རྟག་འཛིན་ཆེ་བའི་དབང་གིས་དེ་ལྟར་གསུང་བ་ཙམ་ལས་སང་ཉིན་ཅི་ལ་ཤི་ཡོད་བསམ་ཀྱང་། དེ་གླེན་པས་ཡིན་ཏེ། དེ་རིང་བལྟས་ན་སང་ཉིན་ཐག་ཉེ་བ་ཡིན་ཀྱང་སང་ཉིན་ལ་ཟད་དུ་མེད་པས་ཤི་རན་དུས་ད་དུང་སང་ཉིན་ཡོད་པ་ཡིན། དེའི་དུས་ད་དུང་སང་ཉིན་ཤི་རྒྱུ་མ་རེད་ཅེས་བསམ་པ་ཨེ་ཡིན་ཅེས་དྲིས་ཚེ། ཡིན་ཅེ་ན་གླེན་རྟགས་ལྷང་དུ་བུད་པའོ། །མཚན་མོ་བཟང་པོའི་མདོ་ལས། སང་ཙམ་འཆིའམ་སུས་ཤེས་ཀྱིས། །དེ་རིང་ཉིད་དུ་བསྟུན་ཏེ་བྱ། །འཆི་བདག་སྡེ་ཆེན་དེ་དང་ནི། །ཁྱེད་ཀུན་བཤེས་པ་མ་ཡིན་ནོ། །ཞེས་པ་དང་། སྤྱོད་འཇུག་ལས། དེ་རིང་ཁོ་ན་མི་འཆི་ཞེས། །བདེ་བར་འདུག་པ་རིགས་མ་ཡིན། །འཆི་བདག་སྡེ་ཆེན་དེ་དང་ནི། །བདག་ཅག་བཤེས་པ་མ་ཡིན་ནོ། །ཞེས་པ་དང་། སང་ཉིན་མ་དགོས་དེ་རིང་ཁོ་ན་བདེ་བདེ་བྱས་ནས་དེ་རིང་ཤི་རྒྱུ་མ་རེད་བསམ་ནས་འདུག་ཨེ་ཕོད། འཆི་བདག་གི་སྡེ་དང་ཁྱེད་གཉིས་ངོ་ཤས་ཤག་པོ་ཡིན་ནས་མི་སྐྱོན་ཞེས་བརྗོད་ཡོད་ན་མ་གཏོགས་དཀའ་བ་ཡིན། དེ་རིང་མི་ཁྲིད་པའི་ངེས་པ་ཁྱོད་ལ་ཡོད་པ་མིན་ཅེས་སོ། །མྱ་ངན་ལས་འདས་པ་ལས། ཉམས་ཆུང་གྱི་ནའི་ཕུང་པོ་འདི། །སྐྱོན་མང་འཇིག་པའི་ཆོས་ཅན་ཏེ། །རྒ་དང་ནད་འཆིས་རྟག་ཏུ་གཙེས། །སྲིད་པའི་ཆོས་ནི་མཐའ་ཡས་པ། །འགྱུར་ཞིང་འཕོ་བའི་དགྲ་དང་བཅས། །བདག་ལྟ་འཆི་བར་ཅིས་མི་འགྱུར། །ཞེས་སོ། །དེའང་དཔེར་བཞག་ན། རྟ་འདྲོག་པའམ། ལུག་ཡར་བའམ། ཕྱུགས་རྒྱུག་པའམ། བྱ་འཕུར་བ་ལྟར་གློ་བུར་ཐོག་རྒྱུགས་སུ་འཆི་བ་འོང་བས་སྐྱེ་དགུ་འདི་ཐམས་ཅད་བཟུང་བ་ནི། མཛངས་བླུན་ལས། བསགས་པའི་མཐའ་མཛད་འདུས་པ་འབྲལ། །བྱས་པ་འཇིག་ཅིང་གསོན་པོ་འཆི། །ཞེས་པ་དང་། རྒྱ་ཆེར་རོལ་པ་ལས། འཆི་བས་སྲོག་ཆགས་བརྒྱ་ཕྲག་མང་འཛིན་ཏེ། །འབྱུང་པོའི་ཚོགས་ལ་རྒྱ་མཚོའི་ཆུ་སྲིན་བཞིན། །ཀླུ་ལ་མཁའ་ལྡིང་གླང་ཆེན་སེང་གེ་དང་། །རྩྭ་རྩི་འབྱུང་པོའི་ཚོགས་ལ་མེ་དང་མཚུངས། །འཆི་བས་དབང་ཡོད་པ་དག་དབང་མེད་བྱེད། །འཆི་བས་སྲོག་འཕྲོག་ཆུ་བོས་ཤིང་འདེད་འདྲ། །མི་ནི་གཉིས་མིན་གྲོགས་མེད་གཅིག་པུར་འགྲོ། །རང་ལས་འབྲས་བུ་སྨིན་པས་རང་དབང་མེད། །ཅེས་པ་དང་། མྱ་ངན་ལས་འདས་པ་ལས། ཚེ་ནི་རིང་ཡང་མཐར་ནི་འཇིག་ངེས་པས། །འདིར་ནི་ཐམས་ཅད་ངེས་པར་འཆི་བར་འགྱུར། །འབྱོར་པ་རྒུད་ཅིང་ལང་ཚོ་རྒས་པས་འཇོམས། །གཟུགས་བཟང་ནད་དང་སྲོག་ནི་འཆི་བས་གཅོད། །ཅེས་སོ། །དེ་ཡང་ནམ་འཆི་ཆ་མེད་པས་འཆི་བར་ངེས་པ་བསམས་དགོས་ཏེ། ཚེ་མར་འགྲིབ་ནས་ཁ་ཇེ་དམའ་རེད་པ་ལས་ཡར་འཕེལ་བ་ནི་ཡོད་མ་དར་བས་འགྲིབ་ཅིང་འཕེལ་བ་མེད་པས་ནམ་འཆི་ཆ་མེད་པ་ཡིན་ཏེ། ཉིན་ཞག་དང་ལོ་ཟླ་སྔ་དྲོ་དང་ཕྱི་དྲོ་སོང་བ་ཙམ་གྱིས་འཆི་བ་ལ་ཉེར་སོང་སྟེ། རྒུད་ནས་ཚེ་ལ་སྣོན་པ་ནི་མེད་དེ། འགྲིབ་པ་ནི་ཡོད་དོ། །ཉི་མ་ནུབ་པའི་གྲིབ་སོ་ལྟར་ཚེ་འགྲིབ། འབྲུའི་བང་མཛོད་བཅུས་པ་ལྟར་ཚེ་འཛད། རྫིང་གི་ཝ་རྡོལ་བ་ལྟར་ཚེ་འཛད། དེ་བཞིན་དུ་བར་སྣང་གི་སྤྲིན་ཡལ་བ། རི་གཟར་གྱི་ཆུ་འབབ་པ། གཤེད་མའི་དྲུང་དུ་སླེབ་པ། ཆུ་བྲན་རྒྱ་མཚོར་འབབ་པ། གྱད་ཀྱིས་མདའ་འཕངས་པ། གསོད་སར་སེམས་ཅན་ཁྲིད་པ་ལྟར། ཚེ་འགྲིབ་ཅིང་འཆི་ངེས་ཏེ། སྤྱོད་འཇུག་ལས། ཚེ་ནི་རྟག་ཏུ་གོད་འགྱུར་ཞིང་། །སྣོན་མེད་འབྲི་བ་དང་བཅས་པས། །བདག་ལྟ་འཆི་བར་ཅིས་མི་འགྱུར། །ཞེས་སོ། །དེའང་རས་བལ་གྱི་དྲུ་གུ་འཐུལ་བ་ལྟར་སྐད་ཅིག་ཐང་ཅིག་གིས་འཛད་པ་དང་། དྲུ་གུ་ཞིག་ཐུར་དུ་དྲིལ་བར་བྱས་ན་ཇེ་ཆུང་ཇེ་ཆུང་བྱས་ནས་ཟད་པ་ལྟར་རོ། །སྙིམ་པའམ་ལག་པའི་སྤར་མོའི་ཆུ་ཟགས་པ་ལྟར་ཟད་ཀྱང་མ་ཚོར་བ་འདི་མཚང་ཆེ་སྟེ། བྲམ་ཟེ་ཆེན་པོ་ས་ར་ཧའི་ཞལ་སྔ་ནས་དོ་ཧ་རྡོ་རྗེའི་མགུར་དུ་གསུངས་པ། ཀྱེ་ཧོ་བཞིན་བཟང་སྙིམ་པ་ཆུས་བཀང་བ། །ཟགས་པ་བཞིན་དུ་ཉམས་པ་མ་ཚོར་རོ། །ཞེས་སོ། །འཆི་བ་ལ་རྟག་བརྟན་མེད་པར་ནམ་ཞིག་ཚང་མ་འཆི་ཡང་། ཚད་ཅིག་ཡོད་ན་ཚོད་ཅིག་འཇོག་ཆོག་རུང་། དེའང་ཚེ་ལ་དུས་ངེས་པའི་ཚད་མེད་པས་ཀྱང་འཆི་ལ། རྐྱེན་གཡང་དང་། རྦབ་དང་། མཚོན་དང་། དུག་དང་། འདྲེ་ལ་སོགས་པས། བར་དུ་གཅོད་པས་ཀྱང་འཆི་དུས་མ་ངེས། བར་ཆད་མེད་ཀྱང་སྐད་ཅིག་གིས་ཐུང་དུ་འགྲོ་བས་འཆི་ངེས་ཏེ། ཆེད་དུ་བརྗོད་པའི་ཚོམས་ལས། ཁ་ཅིག་མ་ཡི་མངལ་དུ་འཆི། །ཁ་ཅིག་བཙས་མ་ཐག་ཏུ་འཆི། །ཁ་ཅིག་གོགས་པོར་འགྲོ་ཙམ་ན། །དེ་བཞིན་ཁ་ཅིག་རྒྱུག་ཙམ་ན། །ལ་ལ་རྒས་དང་ལ་ལ་གཞོན། །ལ་ལ་དར་ལ་བབ་པའི་མི། །དེ་དག་རིམ་གྱིས་འཆི་འགྱུར་ཏེ། །དེ་ལ་མི་འདི་གཞོན་ཞེས་ནི། །གསོན་པའི་གདེང་ནི་སུ་ཞིག་འཆའ། །འབྲས་བུ་སྨིན་པའི་ཤིང་ཐོག་བཞིན། །ལུས་ཅན་རྣམས་ནི་འཆི་བར་འགྱུར། །ཞེས་པ་དང་། ལོ་རྒས་པས་སྔོན་དུ་འཆི་བ་དང་། ཉུང་བས་སྔོན་དུ་མི་འཆི་བའི་ངེས་པ་མེད་ཅིང་། འགའ་རེ་མའི་མངལ་ནས་འཆི་བ་ལ་སོགས་པ་འདྲ་མིན་ཡོད་དོ། །རྒ་རྒས་རྣམས་སྔོན་དུ་འཆི་རྒྱུ་ཡིན་ཆག་བྱས་ནས་རྫ་བུག་ཏུ་བརྒྱབ། ལོ་ཉུང་རྣམས་མི་ཤི་ཆག་བྱས་ཏེ་གྲོང་ནང་ནས་ཕུ་དུང་དྲུད་དེ་འགྲོ་ཁུལ་བྱེད་ཀྱང་། རྫ་མ་སྔོན་དུ་ཆག་དང་ལུང་ཐག་སྔོན་ལ་ཆད་སུས་ཤེས། ཟླ་རེ་ལོ་རེའི་ནང་གི་ལོ་ཉུང་རྒ་རྒས་ཤི་རྒྱུ་གང་གིས་མང་བསྡུར་ཚད་དུ་འཕངས་ནས་བསམ་དགོས། འདས་པ་ལས། འཚོ་བའི་ཚེ་ནི་བདུད་ཀྱིས་འཇོམས། །རྟག་པའི་ཆོས་ནི་གང་ཡང་མེད། །ཅེས་པ་དང་། སྔ་མ་ལས། རྒྱུན་དུ་ནད་ཀྱིས་མངོན་གདུང་ཞིང་། །རྟག་ཏུ་མི་གཙང་འཛགས་པ་ལྟ། །རྒ་དང་འཆི་བས་ཚེ་འགྲིབ་པའི། །ལུས་ནི་ངན་པ་ཅིང་མི་རུང་། །ཞེས་པ་དང་། གསོན་ནད་མེད་ཀྱི་དུས་སུ་ལོ་ཉུང་། ནད་ན་ཚ་མེད། ཕོ་བ་རྒྱགས་དུས། ཕོ་ལུ་རྒྱགས་ན་སྣང་ལུ་མཐོ། ས་འདིའི་སྟེང་གི་གཡེར་བོ་ཆེ་དེ་ང་ཡིན་མ་བསམ་རུང་། ཕྱོགས་འདི་ནས་ང་ཡང་ཆོག་ཚོད་ཅིག་ཡིན་བསམ་མཁན། སྤྱིར་རྒྱགས་རྒྱུ་ལ་བཟང་ངན་ཡོད་ཅིང་། རྒྱགས་རྒྱུ་ཐ་མ་ཡིན་ན། རྟ་སར་རྒྱགས་པས་སྔུན་སོ་མི་རིག ཕོ་སར་རྒྱག་པས་ཕྱི་སོ་མི་རིག་པར་གད་དུ་འཆོང་བ་ཡིན། དེ་ལྟར་མིན་ཀྱང་ནད་མེད་ལང་ཚོ་དར་དུས་སུ་ན་ཤི་རྒས་གསུམ་ཞེས་པ་ཞིག་ཡོང་རྒྱུ་ཡོད་སྣང་མི་ཤར་ནས། ཡག་ཡག་སྒྲོས་སྒྲོས་བྱེད་ནས་འགྲོ་ཁུལ་བྱེད་ཀྱང་། ན་ནས་ནད་ཀྱིས་མནར་། རྒས་ནས་རྒུད་པས་གདུང་དུས། ཡག་བཙོག་གི་སྣང་བ་ཞིག་གང་ན་ཡོད། ལར་ལུས་མི་གཙང་བའི་རྫས་སོ་དྲུག་གི་ཕུང་པོ་ཡིན་པའི་ཐོག་ཏུ། ན་དུས་རྒས་དུས་ལྷག་ཏུ་བཙོག་པ་ཡིན། ཤི་ནས་དེ་བས་བཙོག་པ་ལྟར་མི་བཟོད་པར་ཤི་བའི་ཚུལ་སོགས་ལ་བསམ་དགོས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། གློ་བུར་འཆི་བའི་རྒྱུ་དགུ་སྟེ། མི་འཕྲོད་པའི་ཟས་ཟ་བ་དང་། ཟས་འགྲངས་ཀྱང་མང་དུ་ཟ་བ་དང་། སྔ་མ་མ་ཞུ་བར་ཕྱི་མ་ཟ་བ་དང་། བཤང་གཅི་དུས་སུ་མི་འདོར་བར་བསྡམ་པ་དང་། ནད་པས་སྨན་པ་དང་ནད་གཡོག་གི་ངག་ལ་མི་ཉན་པ་དང་། མཚན་མོ་འགྲོ་བས་གདོན་དང་འབྱུང་པོ་དྲག་པོས་བཏབ་པ་དང་། སྐྱུགས་སྨན་བཏང་བ་མནན་ནས་མི་སྐྱུགས་པ་དང་། མ་བརྟགས་པའི་དྲག་ཤུལ་སྤྱོད་པ་དང་། བག་མེད་པར་བུད་མེད་ལ་འཁྲིག་པ་སྤྱོད་པའོ་ཞེས་སོ། །སྨན་པའི་རྒྱལ་པོའི་མདོ་ལས། སྨན་པས་སྨན་མ་ཡིན་པ་སྦྱར་བ་ལ་སོགས་པ་གཞན་དགུ་གསུངས་པའང་འདིར་འདུའོ། །དེས་ན་འཆི་བའི་རྐྱེན་མང་ཞིང་བྱ་བྱེད་བྱེད་འཕྲོ་ལ་འཆི་བས་འདིའི་ཚེ་མི་འཆི་སྙམ་དུ་བློ་ལྟོས་མི་ཐུབ་ལ་འཆི་དུས་དགེ་སྡིག་གཉིས་ལས་གཞན་རྗེས་སུ་མི་འབྲང་བས་སུས་ཀྱང་བསྟོངས་པ་མེད་དེ། འཆི་བདག་གཤིན་རྗེས་ནམ་འཁྲིད་ན་དེ་དུས་འགྲོ་བ་ལས་ང་ལ་བྱ་བ་འདི་བྱེད་ཟིན་དུ་ཆུག་དང་དེ་ནས་འགྲོ་ཟེར་བའི་དབང་ཙམ་ཡང་མེད་པ་ཡིན། དེ་དུས་རྗེས་སུ་འབྲང་པ་ནི་དགེ་སྡིག་གཉིས་ལས་ཅི་ཡང་མེད་དོ། །རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་མི་རྣམས་ཀྱི་ཚེ་སྲོག་ནི་ཡུན་ཐུང་ཞིང་འཕོ་བས་ན། ཁྱོད་ཀྱིས་འཇིག་རྟེན་ཕ་རོལ་ལ་འཇིགས་པར་ལྟ་བར་གྱིས་ཤིག དུས་ཀྱིས་ཉེན་ཏེ་རྒྱལ་པོ་འགྲོ་འགྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དག་ནི་གང་ནས་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །ཞེས་པ་དང་། ཆེད་དུ་བརྗོད་པའི་ཚོམས་ལས། བྱ་བ་འདི་ནི་བྱས་ཟིན་ད་འདི་རུ། །དེ་དག་རྫོགས་ནས་བདག་གིས་འདི་བྱ་ཞེས། །དེ་ལྟར་མི་ཡིས་ཡོངས་སུ་སེམས་པ་ན། །རྒ་དང་ན་དང་འཆི་བས་མངོན་པར་འཇོམས། །ཞེས་སོ། །དེ་ཡན་གྱིས་སྐྱེས་པ་ཐམས་ཅད་འཆི་ངེས་པའི་སྐོར་སོང་ནས། གཉིས་པ་འཆི་ཚེ་གཞན་གྱིས་མི་ཕན་པ་ལ། འཇིག་རྟེན་གྱི་བྱ་བས་མི་ཕན་པ་དང་། དམ་པའི་ཆོས་ཀྱིས་ཕན་ཚུལ་གཉིས། དང་པོ་ལ། གང་གིས་ཀྱང་འཆི་བ་ལ་མི་བསྟོངས་པ་དང་། གང་ལའང་ཡིད་བརྟན་མེད་ཚུལ་གཉིས། དང་པོ།

གང་གིས་ཀྱང་འཆི་བ་ལ་མི་བསྟོངས་པ་བསྟན་པ།

དེའི་ཚེ་ཚེ་འདིའི་སྣང་བ་གང་གིས་ཀྱང་མི་བསྟོངས་བས་སྐྱོ་བར་བསྟན་པ་ནི། འཆི་བར་གྱུར་ཚེ་གནས་དང་ལོངས་སྤྱོད་དང་། །གཉེན་དང་དཔའ་རྩལ་དཔུང་གཉེན་ལ་སོགས་ཀྱིས། །བསྟོངས་པ་འགའ་མེད་དམ་པའི་ཆོས་སྒྲུབས་ཤིག །ཅེས་གསུངས་ཏེ། དེ་ཡང་འཆི་བའི་ཚེ་བརྟེན་པའི་གནས་ཀྱིས་མི་བསྟོངས་ཏེ། ལྷའི་གཞལ་ཡས་ཁང་ཡང་བཞག་ནས་འགྲོ། བསྟོངས་ནི་གྲོགས་བྱས་པའམ་གཞན་དང་མཐུན་པར་རྗེས་སུ་འཇུག་པ་ལ་གོའོ། །ས་བཙན་པོར་གབ་པས་ཀྱང་ཐུབ་པའི་གནས་མེད་དེ། འདུལ་བ་ལུང་ལས། གང་དུ་གནས་ན་འཆི་བས་མི་ཚུགས་པའི། །ས་ཕྱོགས་དེ་ནི་གང་ནའང་ཡོད་མིན་ཏེ། །བར་སྣང་ན་མེད་རྒྱ་མཚོའི་ནང་ནའང་མེད། །ལྷ་ཡུལ་ན་མེད་རིའི་སུལ་ན་ཡང་མེད། །ཅེས་སོ། །བསགས་པའི་ནོར་གྱིས་མི་བསྟོངས་ཏེ། ལྷ་རྫས་ཀྱི་རིན་པོ་ཆེ། འཁོར་ལོས་སྒྱུར་བའི་རྒྱལ་སྲིད། ཕྱུག་པོའི་བང་མཛོད་ཐམས་ཅད་བཞག་ནས་འགྲོ་སྟེ། དེ་ཉིད་ལས། ལྗོན་ཤིང་རྡིབ་པར་གྱུར་པའི་ཚེ། །ཡལ་ག་ལོ་མས་ཅི་ཞིག་བྱ། །དེ་བཞིན་སྐྱེས་བུ་འཆི་བའི་ཚེ། །ཡོངས་སུ་བཟུང་བས་ཅི་ཞིག་བྱ། །ཞེས་སོ། །འབྲེལ་བའི་གཉེན་གྱིས་མི་བསྟོངས་ཏེ། གྲོགས་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྙེད་ཀྱང་། ཆུང་མ་ལྷའི་བུ་མོ་ལྔ་བརྒྱས་བསྐོར་ཀྱང་། བུ་ཚ་ལྷའི་ཁྱེའུ་སྟོང་གིས་རྩེ་ཡང་། ཚ་ཞང་ལྷའི་དབང་པོ་ཡོད་ཀྱང་། སྲིད་སྡེ་ལྷ་མིན་དམག་མི་ཡོད་ཀྱང་། རྒྱལ་འབངས་གླིང་བཞི་ལྷ་ཡུལ་ཡོད་ཀྱང་། ནོར་རྫས་རིན་ཆེན་སྣ་བདུན་ཡོད་ཀྱང་། ཕ་ཁུ་ཚངས་པ་བརྒྱ་བྱིན་ཡོད་ཀྱང་། མཛའ་གྲོགས་རྒྱལ་ཆེན་རིས་བཞི་ཡོད་ཀྱང་། བྲན་གཡོག་ལྷ་བྲན་སྟོང་ཕྲག་ཡོད་ཀྱང་། དེ་དག་གིས་སྲོག་བཟུང་བའམ། ཕན་གདགས་པའམ། ཚེ་མཐུད་པའམ། ར་མདའ་སྙེག་པའམ། གྲོགས་བྱར་མེད་པར་གཅིག་པུར་མར་གྱི་གསེབ་ནས་སྤུ་བཏོན་པ་ལྟར་བར་དོའི་འཕྲང་ལ་སུ་དང་ཡང་འགྲོགས་སུ་མེད་པར་འགྲོ་དགོས་ཏེ། བུ་མོ་རིན་ཆེན་གྱིས་ཞུས་པའི་མདོ་ལས། འཆི་བའི་དུས་ལ་བབ་པ་ན། །ཕ་མ་མ་ཡིན་གཉེན་འདུན་མིན། །བུ་དག་སྐྱབས་སུ་མི་འགྱུར་ཞིང་། །ལང་ཚོ་མ་ཡིན་སྟོབས་ཀྱང་མིན། །ཞེས་པ་དང་། རྒྱ་ཆེར་རོལ་པ་ལས། འདི་ནས་གཞན་དུ་འཆི་འཕོའི་དུས་བྱེད་ཚེ། །ཕོངས་ཤིང་སྡུག་པའི་སྐྱེ་བོ་རྣམས་དང་འབྲལ། །ཤི་ནས་ཕྱིར་མི་འོང་ཞིང་ཕྲད་མི་འགྱུར། །ཤིང་ལས་ལོ་འབྲུལ་འདྲ་ཞིང་ཆུ་རྒྱུན་འདྲ། །ཞེས་པ་དང་། ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས། འདི་ན་རྟག་ཏུ་སྡུག་པ་ཐམས་ཅད་དང་། །མྱུར་དུ་འབྲལ་བར་མི་འགྱུར་གང་ཡང་མེད། །ཅེས་པ་དང་། འཇམ་དཔལ་རྣམ་པར་རོལ་པ་ལས། ཕ་མ་ཁྱེད་ཀྱི་སྐྱབས་མ་ཡིན། །མཛའ་བཤེས་རྩ་ལག་རྣམས་ཀྱང་མིན། །དེ་དག་གིས་ནི་ཁྱོད་བོར་ནས། །རང་ཉིད་གཅིག་པུ་ཕྱི་མར་འགྲོ། །ཞེས་སོ། །ལུས་ཀྱི་དཔའ་རྩལ་གྱིས་མི་བསྟོངས་ཏེ། དཔའ་རྩལ་ཡོད་ཀྱང་འདིའི་སྐབས་སུ་ཕན་ཐོགས་མེད་པ་སྟེ། འཆི་བའི་ཚེ་ཅིས་ཀྱང་མི་ཕན་པར་འགྲོ་དགོས། གཙོ་བོའི་གྲོས་ཀྱིས་མི་བསྟོངས་པས་གཏམ་དང་། ཤགས་ཀྱིས་ལན་གདབ་ས་མེད། དཔའ་བོའི་རྩལ་གྱིས་མི་བསྟོངས་པས་འཐབ་ས་མེད། མགྱོགས་པའི་བང་གིས་མི་བསྟོངས་པས་འབྲོས་ས་མེད། མཚར་མོའི་བྱད་ཀྱིས་མི་བསྟོངས་པས་བསླུ་ས་མེད། དྲག་པོའི་ལས་ཀྱིས་མི་བསྟོངས་པས་བརྩོམ་ས་མེད། ངན་པའི་གཡོ་སྒྱུས་མི་བསྟོངས་པས་འབྱོལ་ས་མེད་པར་གཅིག་པུར་འགྲོ་དགོས་ཏེ། འདུལ་བ་ལུང་ལས། འདི་ན་མཐུ་ཆེན་གནས་མཐོ་བར། །གནས་པའི་ལྷ་ཚེ་རིང་པོ་ཡང་། །ཚེ་ཟད་ཉམས་པར་འགྱུར་བས་ན། །འཆི་ལས་དེ་རིང་སུ་ཞིག་ཐར། །དཔའ་བརྟུལ་གྱིས་ཀྱང་སྐྱོབ་ནུས་མིན། །རྒྱལ་པོ་སྡོམ་བརྩོན་དཀའ་ཐུབ་དང་། །ལས་དང་བརྩོན་འགྲུས་བརྟུལ་ཕོད་དང་། །འཁོར་ཚོགས་རྒྱ་ཆེན་བློ་གྲོས་ཀྱིས། །འཆི་ལས་ཇི་ལྟར་ཐར་མི་ནུས། །ཞེས་སོ། །མཐུ་སྟོབས་ཀྱི་དཔུང་གཉེན་གྱིས་མི་བསྟོངས་ཏེ། ཚངས་པ་དང་། བརྒྱ་བྱིན་དང་། དབང་ཕྱུག་དང་། ཁྱབ་འཇུག་དང་། དྲང་སྲོང་དང་། སྲེད་མེད་ཀྱི་བུ་ལ་སོགས་པ་མཐུ་སྟོབས་ཅན་རྣམས་ཀྱང་འཆི་བ་ལས་མ་འདས། གནོད་སྦྱིན་དང་། སྲིན་པོ་དང་། བདུད་དང་ཀླུ་ལ་སོགས་པ་རྣམས་ཀྱི་སྟོབས་ཀྱིས་མི་ཐར། སྨན་པ་དང་སྨན་དཔྱད་ཀྱི་གཙུག་ལག་དང་མོ་པྲ་ལ་སོགས་པའི་ཐབས་ཀྱིས་མི་ཐར། ཐབས་གསང་ཞིང་བཟླ་བར་བྱ་བ་ཡིན་པས་གསང་སྔགས་དང་། ངོ་བོ་རིག་པ་ཡེ་ཤེས་ཀྱི་བདག་ཉིད་ཡིན་པས་ན་རིག་སྔགས་དང་། རྫུ་འཕྲུལ་དང་། མངོན་ཤེས་ལ་སོགས་པའི་ནུས་པས་མི་བསྟོངས། ཕོ་ལྷ་དགྲ་ལྷ་ཕ་ཚན་མ་ཞང་གི་ལྷ་ལ་སོགས་པ་དང་ཆོས་སྐྱོང་དང་མཁའ་འགྲོ་ལ་སོགས་པའི་སྲུང་མས་མི་སྐྱོབ། བཅུད་ལེན་དང་རྫས་དང་སྨན་གྱི་ནུས་པས་མི་ཕན་པར་འཆི་བ་ཡིན་ཏེ། དེ་ཉིད་ལས། མཐུ་ཆེན་ནོར་ལྡན་གྲགས་འབར་བ། །ཚངས་དང་བརྒྱ་བྱིན་ཁྱབ་འཇུག་དང་། །མུན་བྱེད་སྒྲ་ངན་སྐྱབས་སེང་བུ། །དེས་ཀྱང་འཆི་བ་བཟློག་མི་ནུས། །མཐར་བྱེད་པ་ལས་སྨན་དག་དང་། །རིག་སྔགས་ཀུན་དང་དཔུང་དག་དང་། །ལྷ་དང་སྲུང་མ་རྟེན་འབྲེལ་དང་། །ནོར་དང་ཉེ་དུས་སྐྱོབ་མི་ནུས། །ཞེས་སོ། །ཟས་གོས་ལོངས་སྤྱོད་ཀྱིས་མི་བསྟོངས་ཏེ། ལྷའི་བདུད་རྩི་ཟིལ་མངར། པཉྩ་ལི་ཀའི་གོས་མཆོག མིའི་ཟས་མཆོག་རོ་བརྒྱ། དར་ཟབ་རས་མཆོག་སྣ་ཚོགས་ཏེ། མདོར་ན་གཟུགས་མཛེས་སྒྲ་སྙན། དྲི་ཞིམ། རོ་བྲོ། རེག་བྱ་འཇམ་པོ་སྣ་ཚོགས་ཀྱིས་མི་བསྟོངས་པར་ཚེའི་དུས་བྱེད་པ་ཉིད། རྒྱ་ཆེར་རོལ་པ་ལས། རྟག་ཏུ་གཟུགས་སྡུག་མཆོག་དང་སྒྲ་སྙན་དང་། །དྲི་ཞིམ་རོ་མཆོག་རེག་ན་བདེ་བྱེད་དང་། །དུས་ངན་རྙི་ལ་འགྲོ་བ་འདི་དག་ཐོགས། །དཔེར་ན་རྔོན་པའི་རྙི་ལ་སྤྲེའུ་ཐོགས་བཞིན། །འདོད་པའི་ཡོན་ཏན་མྱ་ངན་གནོད་པ་མང་། །འཇིག་བཅས་རྟག་ཏུ་དགྲ་བྱེད་ཉོན་མོངས་བཅས། །རལ་གྲིའི་སོ་དང་དུག་གི་ལོ་མ་འདྲ། །ཞེས་པ་དང་། རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན། བདག་གི་ཕྱོགས་བཞི་ནས་རི་ཆེན་པོ་སྲ་བ་བརྟན་པ་སྙིང་པོ་དང་ལྡན་པ་མ་གས་པ། མ་ཞིག་པ་ཤིན་ཏུ་མཁྲེགས་པ་ལྷུན་མཐོ་བ་བཞིས་བཟློག་སྟེ། རྡིབ་ནས་དུས་གཅིག་ལ་རྩྭ་དང་ཤིང་དང་ནགས་ཚལ་དང་སྲོག་ཆགས་ཐམས་ཅད་ཕྱེ་མར་འཐག་ཅིང་འོང་ན། དེ་དག་ལ་མགྱོགས་པས་འབྲོས་པའམ། ནོར་གྱིས་བསླུ་བའམ། སྟོབས་ཀྱིས་བཟློག་པའམ། ཐབས་ཀྱིས་ཐར་པའམ། སྨན་དང་། སྔགས་དང་རྫས་ཀྱི་ནུས་པས་བཟློག་པའི་གོ་སྐབས་མེད་དོ། །རྒྱལ་པོ་ཆེན་པོ་དེ་བཞིན་དུ་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བའི་འཇིགས་པ་ཆེན་པོ་འདི་དག་འོང་སྟེ། དེ་དག་ལ་མགྱོགས་པས་འབྲོས་པའམ། ནོར་དང་སྟོབས་ལ་སོགས་པས་བཟློག་པའི་གོ་སྐབས་མེད་དོ། །དེ་ཡང་རྒས་པས་ནི་དར་ལ་བབ་པ་འཇོམས་ཤིང་འོང་ངོ་། །ན་བས་ནི་ནད་མེད་པར་བདེ་བ་འཇོམས་ཤིང་འོང་ངོ་། །རྒུད་པས་ནི་ཕུན་སུམ་ཚོགས་པ་ཐམས་ཅད་འཇོམས་ཤིང་འོང་ངོ་། །འཆི་བས་ནི་ཚེ་དང་སྲོག་འཇོམས་ཤིང་འོང་སྟེ། ཅིས་ཀྱང་བཟློག་པར་ནུས་པ་མེད་དོ་ཞེས་སོ། །གཉིས་པ།

གང་ལའང་ཡིད་བརྟན་མེད་ཚུལ་བསྟན་པ།

མི་རྟག་པའི་དཔེ་དུ་མ་ལ་བསམས་ནས་སྐྱོ་ཤས་བསྐྱེད་པ་ནི། ཚོང་འདུས་འགྲོན་དང་ཆུ་འགྲམ་ལྗོན་ཤིང་དང་། །འབྲུག་སྒྲ་སྤྲིན་དང་འགྲོ་བ་ཉི་ཟླའི་འགྲོས། །མི་རྟག་གཡོ་བས་མྱུར་དུ་འཆི་བ་སོམས། །ཞེས་གསུངས་ཏེ། ཚོང་དུས་ཀྱི་འགྲོན་པོ་རྣམས་དར་ཅིག་ཚོགས་ཀྱང་གྱེས་ནས་འགྲོ་ལ། ཚོང་འདུས་ཀྱི་མགྲོན་པོ་དཔེ་བཞག་པ་འདི་འབྲལ་བའི་ཐད་རྐྱང་པས་མི་ཚད་པར་ལམ་དུའང་འཇིགས་པའི་དགྲ་ཡོད་པ་ལྟར། རང་ཅག་སོ་སོར་གྱེས་པའི་ཚེ་ནའང་འཆི་བདག་གི་བདུད་དང་བར་དོའི་སྣང་བས་འཇིགས་ལ། ལམ་དུ་ལ་འཕྲང་བརྒལ་དགོས་པ་ལྟར་འཆི་བའི་ལ་འཕྲང་ལ་འགྲོ། ལམ་ན་གཡང་ས་དང་བདེ་སྡུག་ཡོད་པ་ལྟར་མཐོ་རིས་དང་ངན་སོང་གི་གནས་སུ་སོ་སོར་འགྲོ། འགྲོན་པོ་རྣམས་བདེ་སྡུག་སོ་སོར་མྱང་བ་ལྟར། འགྲོ་དྲུག་སོ་སོའི་སྡུག་བསྔལ་ལ་སྤྱོད་པའོ། །དེ་སྐད་དུ་ཡང་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། སོ་སོའི་སྐྱེ་བོ་རྨོངས་པ་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་མེད་པའི་བྱིས་པ་མ་རབས་རྣམས་ཚོང་འདུས་ཀྱི་འགྲོན་པོ་ལྟར་གྱེས་ནས་གཡང་ས་ཆེན་པོར་འཇུག་སྟེ། གྲོགས་མེད་པ་གཅིག་པུ། ལམ་ཤིན་ཏུ་རིང་པོ། ཉིན་མཚན་དུ་མར་ཕྱིན་ཡང་མཐའ་མི་ཤེས་པ་འཇིགས་པའི་མུན་ནག་ཏུ་འཐོམ་པས། སྣང་བ་དང་སྒྲོན་མེ་མེད་པ། འགྲོ་བ་ལ་བར་ཆད་མང་བ། ཐབས་མེད་པའི་གནས་སུ་འགྲོ་བ། མཐོང་བ་ཙམ་གྱིས་མྱ་ངན་གྱིས་གདུང་བ། ལུས་ལ་ཁྱད་པར་ཡོད་ཀྱང་གར་འགྲོ་ངོ་མི་ཤེས་པའི་གཡང་སར་འགྲོའོ་ཞེས་སོ། །ཡང་རང་གི་ལུས་འདི་ནི་ཆུ་འགྲམ་གྱི་གད་པ་ལ་སྐྱེས་པའི་ལྗོན་ཤིང་འདྲ་ལ། འཆི་བདག་གི་བདུད་ཆུ་བོ་འདྲ་བས་བརྐོའོ། །ལུས་དབྱར་ཁའི་ཁང་རུལ་དང་འདྲ་བ་ལ། འཆི་བདག་གི་བདུད་ཆར་དང་འདྲ་བས་རྡིབ། ལུས་གཡང་ཁའི་སྡོང་རྒན་དང་འདྲ་བ་ལ། འཆི་བདག་འབྱུང་པོའི་རླུང་ནག་དང་འདྲ་བས་སྒྱེལ། ལུས་ཤིང་སྐམ་མམ་རྩི་སྦུར་འདྲ་བ་ལ། འཆི་བདག་མེ་དཔུང་གི་ཚོགས་དང་འདྲ་བས་སྲེག ལུས་སྟོན་ཀའི་མེ་ཏོག་དང་འདྲ་བ་ལ། འཆི་བདག་དུས་ཀྱི་ལྷགས་པ་དང་འདྲ་བས་སྐེམས་པའི་ཕྱིར་རྟག་ཏུ་སྐྱོ་ཤས་སྐྱེད་དགོས་ཏེ། དཔལ་སྦྱིན་གྱིས་ཞུས་པའི་མདོ་ལས། ལུས་ནི་ཆུ་འགྲམ་ཤིང་ལྟར་གཡོ་ཞིང་འགུལ། །ཁང་རྙིང་ལྟ་བུར་བཅོས་ལེགས་ཀྱིས་བརྟེན་དགོས། །ཆུ་ཀླུང་རྒྱུན་ལྟར་འཆི་བའི་རྒྱ་མཚོར་སྙེགས། །སྦུ་བ་ཆུ་བུར་ཆུ་ཤིང་སྨིག་རྒྱུ་འདྲ། །དེ་ལྟར་བརྟགས་ནས་ཉེས་མང་ལུས་འདི་ལ། །ལུས་སུ་བདག་འཛིན་སྲེད་ཞེན་ཀུན་ལྡོག་ཅིང་། །སྲོག་ཏུ་འདུན་པ་ལ་སོགས་ཀུན་དོར་ནས། །དེ་ལ་མི་ལྟ་ཕ་རོལ་ཕྱིན་རྫོགས་སྤྱོད། །ཅེས་སོ། །འབྲུག་དང་བྲག་ཅའི་སྒྲ་ཆེར་གྲག་ཀྱང་རྗེས་མེད་པ་ལྟར། གཞན་གྱིས་བདག་ལ་སྙན་མི་སྙན་བསྟོད་སྨད་ཅི་བྱས་ཀྱང་དགག་སྒྲུབ་ཅི་ཡང་མི་བྱ་ཞིང་། རང་གི་ངག་ལའང་བྲག་ཅ་འདྲ་བར་རྟོགས་ནས། ཆོས་ཐམས་ཅད་དེ་ལྟར་ཤེས་པས། དགའ་མི་དགའི་འདུན་པ་བཟློག་སྟེ། རྒྱ་ཆེར་རོལ་པ་ལས། འདོད་པའི་ཡོན་ཏན་སྒྲ་བརྙན་བྲག་ཅ་འདྲ། །ཐོས་ཀྱང་མཚན་མར་མི་འཛིན་རང་སར་ལྟོས། །ཞེས་སོ། །སྤྲིན་དང་ན་བུན་དང་བར་སྣང་གི་འཇའ་ཚོན་རྣམས་རེ་ཞིག་སྣང་ཡང་ཡལ་ནས་འགྲོ་བ་ལྟར། ཕྱི་སྣང་བའི་ཡུལ་དང་། ནང་དགག་སྒྲུབ་ཀྱི་སེམས་ཐམས་ཅད་གློ་བུར་དུ་སྣང་ལ་གློ་བུར་དུ་ཡལ་ནས་འགྲོ་བས་དེ་ལ་བདེན་ཞེན་མེད་པར་བསླབ་སྟེ། གང་སྣང་ཐམས་ཅད་ཉམས་ལེན་གྱི་གྲོགས་དང་། བརྡ་ཆོས་དང་། དཔེ་ཆོས་སུ་འཛིན་ཆོག་པས། དེང་སང་སྟོན་ཀའི་དུས་ཚོད་ལྟ་བུ་ཞིག་ལ་མཉམ་བཞག་གི་འདུག་སྟངས་གྱིས་ལ། བར་སྣང་ལ་ཧད་པོར་ལྟོས་དང་། ཕྱིའི་བར་སྣང་སྟོང་པ་ལ་འཕོ་འགྱུར་མེད་ཀྱང་། སྤྲིན་དང་ན་བུན། འཇའ་ཚོན་ཉི་འོད། ཆར་ཟིམ་ལ་སོགས་པ་འབྱུང་བཞིའི་ཆོ་འཕྲུལ་ལ་བལྟས་ན། ད་ལྟར་ཡོད་ཀྱང་ད་ལྟར་ཡལ་ནས་འགྲོ་ལ། དེ་བཞིན་དུ་ནང་སེམས་ཉིད་ལ་འགྱུར་བ་མེད་ཀྱང་། རྣམ་རྟོག་སྣ་ཚོགས་ཀྱི་སྤྲིན་ཁ་འཐབ་སྟེ་མཚམས་རེ་དགའ་ཞིང་མཚམས་རེ་སྐྱོ་བའི་སྣང་ཚུལ་ཐམས་ཅད་བདེན་མེད་ཀྱི་ངང་དུ་བཅས་བཅོས་མ་བྱེད་པར་ཞོགས་དང་། དྭངས་སང་རྙོག་པ་དང་བྲལ་བ། སྔར་མེད་ཉམས་མཚར་གྱི་ལྟད་མོ་དེ་ན་ཡོད་དོ། །དབུགས་འགྲོ་འོང་ཡང་དེ་དང་ཆོས་མཚུངས་པར་ལྟ་བ་ནི། དགོངས་པ་ངེས་པར་འགྲེལ་པ་ལས། དབུགས་ཀྱི་འགྲོ་འོང་གནས་པ་མི་རྟག་སྟེ། །སྤྲིན་དང་ན་བུན་སེར་བུ་དུད་པ་འདྲ། །རྐྱེན་མེད་རང་སར་ཡལ་བར་གྱུར་ལ་ལྟོས། །ཞེས་སོ། །མི་དང་དུད་འགྲོ་ལ་སོགས་པ་སྔར་ཤི་བ། ད་ལྟ་ཤི་བ་ཐོས་པ་རྣམས་ལ་བསམས་ཏེ་རང་ལ་ནང་དུ་སྦྱར་བ་ནི། སྔ་མ་ལས། སེམས་ཅན་གཞན་དང་ཁྱད་པར་མི་ཡི་ལུས། །རྒྱལ་ཁམས་གཞན་དང་རང་གི་ཡུལ་རྣམས་སུ། །ཉེ་རིང་དགྲ་གཉེན་ཤི་བའི་དཔེ་མཐོང་ནས། །བདག་ཉིད་འཆི་བར་མི་ཤེས་འགྲོ་བ་བླུན། །ཞེས་སོ། །ཉི་ཟླ་ནུབ་རིིའི་ཕག་ཏུ་འགྲོ་བ་དང་མར་མེ་སྣུམ་ཟད་ནས་ཤི་བ་ལ་སོགས་ལ་བལྟས་ནས་ཚེ་འདིའི་སྣང་བ་ནུབ་ཅིང་སེམས་རང་གསལ་གྱི་འཛིན་པ་ཡལ་ནས་མི་རྟག་པ་བསམས་ཏེ། སྔ་མ་ལས། ཉི་ཟླ་གཟའ་སྐར་རླུང་གིས་བསྐྱོད་པ་དང་། །མར་མེའི་མེ་ལྕེ་རླུང་གིས་བསྐྱོད་པ་ལྟར། །ཚེ་འདི་སྐད་ཅིག་ཡུད་ཙམ་མི་སྡོད་པས། །དོན་ཆེན་བྱ་བ་གང་ཡིན་སྒྲུབ་པར་འབད། །ཅེས་སོ། །གཉིས་པ།

ཆོས་ཀྱིས་ཕན་ཚུལ་བསྟན་པ།

ཆོས་ནི་ཉིད་དཔུང་གཉེན་ཡིན་པས་བསྟེན་པར་གདམས་པ་ནི། འཆི་དུས་དཔུང་གཉེན་མཆོག་གསུམ་དགེ་ཚོགས་ཏེ། །དམ་པ་བསྟེན་ཞིང་སྙིང་པོའི་དོན་བསྒྲུབ་འཚལ། །ཞེས་གསུངས་ཏེ། འཆི་བའི་དུས་དང་བར་དོའི་འཕྲང་ལ་སྐྱབས་དང་དཔུང་གཉེན་ནི་བླ་མ་དམ་པ་སྔར་བཤད་པའི་མཚན་ཉིད་ཅན། དཀོན་མཆོག་དམ་པ་སངས་རྒྱས་ཆོས་དང་དགེ་འདུན་གསུམ། ཡི་དམ་དམ་པ་ཞི་ཁྲོ་ལ་སོགས་དཀྱིལ་འཁོར་དང་མཁའ་འགྲོའི་ཚོགས་ཏེ། ལམ་སྣ་འདྲེན་ཅིང་བར་ཆད་སེལ་བས་བདེ་ཆེན་ཐར་པའི་གོ་འཕང་ལ་འགོད་པའི་ཕྱིར་རོ། །འོ་ན་བདེ་བ་ཅན་དུ་རྡོ་འཕེན་འཕེན་བྱེད་དུ་མེད་པར་མ་གསུངས་སམ། འདི་ནས་ལམ་སྣ་འདྲེན་ཞེས་པ་ཇི་ལྟར་ཞེ་ན། སྤྱིར་བླ་མས་མ་ཚད་ཕྱོགས་བཅུའི་སངས་རྒྱས་ཡོད་ཅིང་། སེམས་ཅན་ལ་ཉེ་རིང་ནི་སངས་རྒྱས་ཀྱིས་མི་མཛད་པས། སེམས་ཅན་གཅིག་ཀྱང་མི་ལྷག་པར་ལམ་སྣ་འདྲེན་པར་འདུག་ཀྱང་། དམ་པ་བསྟེན་ཞིང་སྙིང་པོའི་དོན་བསྒྲུབ་འཚལ། །ཞེས་པ་ལྟར་དུ། ད་ལྟ་བླ་མ་བསྟེན། ལམ་བསྒྲུབས། མཆོག་གསུམ་ལ་དད་པ་བྱས་པས། བར་དོའི་སྐབས་ནས་ལམ་སྣ་འདྲེན་པ་ནི། བླ་མ་དྲན་ནས་རྗེས་འཛིན་ཤོག །གསུངས་པ་ལྟར་ཡིན་ནོ། །དེས་ན་ད་ལྟ་ཉིད་ནས་དམ་པ་དེ་གསུམ་བསྟེན་པ་ལ་བརྩོན་པ་ཆེན་པོས་འབད་དོ། །གསུམ་པོ་གང་ཡིན་ཅེ་ན་སྐྱབས་ཀྱི་དྭངས་མ་མཆོག་གསུམ་དང་རྩ་གསུམ། དེ་ཡང་ཀུན་འདུས་པ་ནི་བླ་མ་ཡིན་པར་གོ་དགོས་སོ། །དེ་ཡང་བསྟེན་པས་བསྟོངས་ཏེ་ཕན་ཐོགས་ངེས་པ་དགེ་བའི་བཤེས་གཉེན་ཡིན་པས་བླ་མ་དམ་པ་དང་འབྲལ་མེད་དུ་བསྟེན་དགོས། སྐྱབས་གནས་ཀྱིས་བསྟོངས་ངེས་པ་དཀོན་མཆོག་ཡིན་པས་དེ་གསུམ་ལ་སྐྱབས་སུ་འགྲོ་དགོས། སོ་ནམ་གྱིིས་བསྟོངས་ངེས་པ་ཆོས་སྤྱོད་ཡིན་པས་དགེ་སྦྱོར་ཕྱོགས་མེད་དུ་བྱེད་དགོས། ཡོ་བྱད་ཀྱིས་བསྟོངས་ངེས་པ་ཚོགས་གཉིས་ཡིན་པས་རྒྱུན་དུ་གཡེལ་བ་མེད་པར་བསག་དགོས། གནས་ཁང་གིས་བསྟོངས་ངེས་པ་བསམ་གཏན་ཡིན་པས་ཞི་ལྷག་གི་མཁར་སོ་བརྩིག་དགོས། གྲོགས་ཀྱིས་བསྟོངས་ངེས་པ་ཆོས་ལྡན་གྱི་སྐྱེ་བོ་ཡིན་པས་མཆེད་གྲོགས་ལ་གུས་པས་འགྲོགས་དགོས། འབྲས་བུས་བསྟོངས་ངེས་པ་སྐུ་གསུམ་ཡིན་པས་སངས་རྒྱས་བརྩོན་པས་བསྒྲུབ་དགོས་ཏེ། རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན་ཆོས་ནི་གླིང་དང་གནས་དང་མགོན་དང་བསྟེན་པར་འགྱུར་རོ། །དཔེར་ན་གྲང་བས་ཉེན་པ་ལ་མེ་དང་། ཚ་བས་ཉེན་པ་ལ་བསིལ་ཁང་དང་། སྐོམ་པས་ཉེན་པ་ལ་ཆུ་བསིལ་དང་། འགྲོན་པོ་ངལ་ཞིང་དུབ་པ་ལ་གྲིབ་མ་དང་། ལམ་རིང་པོར་ཞུགས་པ་ལ་བཞོན་པ་དང་། ཉལ་བ་ལ་གནས་མལ་བཟང་པོ་དང་། བཀྲེས་པ་ལ་ཟས་བཟང་པོ་དང་། གདུངས་བ་ལ་ཚིམ་པར་བྱེད་པ་དང་། ལམ་སྟོར་བ་ལ་ས་མཁན་དང་། ནད་ཀྱིས་བཏབ་པ་ལ་སྨན་པ་དང་། འདམ་དུ་བྱིང་བ་ལ་འཇུ་ཐག་དང་། ཆུ་བོས་ཁྱེར་བ་ལ་གྲུ་གཟིངས་དང་། བརྒལ་བར་དཀའ་བ་ལ་ཟམ་པ་དང་། ཉམ་ང་བ་ལ་འབབ་སྟེགས་དང་། མུན་ཁུང་དུ་སྒྲོན་མེ་དང་། རྒྱ་མཚོ་ཆེན་པོ་ལ་གྲུ་དང་། དབུལ་པོ་ལ་ནོར་དང་། ལས་བྱེད་པ་ལ་གྲོགས་དང་། གཅོད་པ་ལ་ལག་ཆ་དང་། གཡུལ་ངོར་འཇུག་པ་ལ་གོ་ཆ་དང་། འཇིགས་པ་ལ་སྐྱེལ་མ་བཟང་པོ་དང་། འཐབ་པ་ལ་དཔུང་གཉེན་དང་། མུ་གེ་ལ་འབྲུ་དང་། གུ་དོག་པ་ལ་གོ་འབྱེད་པ་དང་། འཁྱམས་པ་ལ་གནས་དང་། ཉེན་པ་ལ་མགོན་སྐྱབས་བྱེད་པ་ལྟ་བུའོ། །ཞེས་སོ། །གསུམ་པ།

དེས་ན་འཆི་བ་དྲན་པར་གདམས་པ།

དེ་ལྟ་བུའི་དཔེ་དང་གཏན་ཚིགས་ཀྱི་སྒོ་ནས་འགྲོ་འཆག་ཉལ་འདུག་ལ་སོགས་པའི། སྤྱོད་ལམ་ཀུན་ཏུ་འཆི་བ་དྲན་པར་བྱ། །ཞེས་གསུངས་ཏེ། འདུས་བྱས་མི་རྟག་པ་ཡིན་པའི་གོ་བ་སྐྱེས་པ་ཐམས་ཅད་འཆི་བ་ཡིན་པ་ཙམ་ནི་ཚང་མས་ཤེས་ཀྱང་། ཤེས་པ་ཙམ་གྱིས་ཕན་ཐོགས་འབྱུང་བ་མིན་པས་དུས་རྒྱུན་དུ་སེམས་ཐོག་ཏུ་ལེན་ནས་ད་ལྟ་ཤི་འགྲོ་བར་སེམས་པ་བྱས་ནས། ཟ་འཆག་ཉལ་འདུག་ལ་སོགས་པའི་སྤྱོད་ལམ་ཐམས་ཅད་དུ་སེམས་ཀྱིས་འཆི་བ་འབའ་ཞིག་དྲན་པར་བྱ་སྟེ། འདི་ནས་རང་གིས་རང་ལ་སྐུལ་མ་གདབ་པའི་སྤྱོད་ཡུལ་ཡོངས་སུ་དག་པའི་ཆོས་ཉེར་གསུམ་གསུངས་པས། དུས་རྒྱུན་དུ་ཅི་བསམ་འདི་བསམ་མེད་པར་མི་བྱེད་པར་མན་ངག་འདི་དག་ཉམས་ལེན་བྱེད་ཐུབ་ན། བྱ་སྤྱོད་ཐམས་ཅད་ཆོས་ལ་འགྱུར་ནས་ཆོས་སྒྲུབ་པའི་དུས་ཚོད་ཟུར་ནས་མི་དགོས་པར་ཡོང་བ་ཡིན། དེ་ཡང་འགྲོ་ན་གོམ་པ་འདོར་བ་མི་རྟག་པས་སངས་རྒྱས་ཀྱི་ས་ལ་གནས་པར་བསྐུལ་མ་གདབ། འདུག་ན་གནས་པ་མི་རྟག་པས་འགྱུར་མེད་ཀྱི་ས་ལ་གནས་པར་བསྐུལ་མ་གདབ། ལངས་ན་འགྲེངས་པ་མི་རྟག་པས་མཉམ་ཉིད་ཀྱི་ངང་ལས་ལངས་པར་བསྐུལ་མ་གདབ། བཟའ་བཏུང་སྤྱོད་ལམ་མི་རྟག་པས་ཏིང་ངེ་འཛིན་གྱི་ཟས་སུ་བསྐུལ་མ་གདབ། གནས་ཁང་མི་རྟག་པས་ཆོས་སྐུ་མཉམ་ཉིད་ཀྱི་ཕོ་བྲང་དུ་གནས་པར་བསྐུལ་མ་གདབ། བསྐུམས་པ་མི་རྟག་པས་འདུ་བྱེད་ཀྱི་བྱ་བ་བསྐུམས་པར་བསྐུལ་མ་གདབ། བརྐྱངས་པ་མི་རྟག་པས་འཇིག་རྟེན་ལས་འདས་པའི་སྣང་བ་བག་ཡངས་སུ་སྤྱོད་པར་བསྐུལ་མ་གདབ། ཉལ་བ་མི་རྟག་པས་གནས་ལུགས་ཀྱི་ངང་ལ་ཉལ་བར་བསྐུལ་མ་གདབ། བགྲོད་ན་ལམ་མི་རྟག་པས་བྱང་ཆུབ་ཀྱི་ལམ་ལ་འཇུག་པར་བསྐུལ་མ་གདབ། འཇིགས་པའི་དགྲ་མི་རྟག་པས་ཉོན་མོངས་པའི་དགྲ་ལས་རྒྱལ་བར་བསྐུལ་མ་གདབ། སྨྲ་བའི་ཚིག་མི་རྟག་པས་བཟླས་བརྗོད་ཁ་ཏོན་ལ་བསྐུལ་མ་གདབ། བྱ་བྱེད་ཀྱི་སོ་ནམ་མི་རྟག་པས་རྟག་ཏུ་ཆོས་སྤྱོད་ལ་གནས་པར་བསྐུལ་མ་གདབ། ཁ་ཟས་བཏུང་བ་མི་རྟག་པས་ལྷའི་དཀྱིལ་འཁོར་མཆོད་པར་བསྐུལ་མ་གདབ། ནོར་རྫས་མི་རྟག་པས་འཕགས་པའི་ནོར་བདུན་བསོག་པར་བསྐུལ་མ་གདབ། ཆེ་བཙན་གྱི་སྙན་གྲགས་མི་རྟག་པས་རྟག་ཏུ་དམའ་ས་བཟུང་བར་བསྐུལ་མ་གདབ། འདོད་ཡོན་མི་རྟག་པས་ཚོགས་གཉིས་ཀྱི་ལས་ལ་བསྐུལ་མ་གདབ། སེམས་ཅན་སྐྱེ་འགྲོ་མི་རྟག་པས་བྱང་ཆུབ་ཀྱི་ལམ་ལ་འགོད་པར་བསྐུལ་མ་གདབ། གློ་བུར་གྱི་འཆི་རྐྱེན་མི་རྟག་པས་འཆི་མེད་ཀྱི་བཙན་ས་གཟུང་བར་བསྐུལ་མ་གདབ། ཁྲུས་དང་གཙང་སྦྲ་མི་རྟག་པས་སྟོབས་བཞིས་སྡིག་སྒྲིབ་སྦྱང་བར་བསྐུལ་མ་གདབ། དུག་ལྔའི་ཉོན་མོངས་མི་རྟག་པས་རང་བྱུང་གི་ཡེ་ཤེས་རྟོགས་པར་བསྐུལ་མ་གདབ། སྣང་བའི་འཇིག་རྟེན་མི་རྟག་པས་སངས་རྒྱས་ཀྱི་ཞིང་ཁམས་དག་པར་བསྐུལ་མ་གདབ། གྲགས་པའི་སྒྲ་སྐད་མི་རྟག་པས་ཆོས་ཀྱི་སྒྲ་དབྱངས་སྒྲོག་པར་བསྐུལ་མ་གདབ། དྲན་རིག་གི་རྣམ་རྟོག་མི་རྟག་པས་སྤང་རྟོགས་ཀྱི་ཡེ་ཤེས་རྒྱས་པར་བསྐུལ་མ་གདབ་བོ། །དེ་ཡན་གྱིས་ཉེར་གསུམ་ཚང་པའོ། །དོན་འདི་དང་མཐུན་པར་མདོ་སྡེ་ལས་བརྒྱ་པ་ལས། རྟག་ཏུ་སྤྱོད་ཡུལ་ཐམས་ཅད་དུ། །འཆི་བདག་རྗེས་སུ་དྲན་པར་བྱ། །ཞེས་པ་དང་། སྤྱོད་འཇུག་ལས། ཉིན་མཚན་ཀུན་ཏུ་བདག་གིས་ནི། །འདི་ཉིད་འབའ་ཞིག་བསམ་པར་རིགས། །ཞེས་པ་དང་། མྱ་ངན་ལས་འདས་པ་ལས། ཞིང་རྨོ་བ་རྣམས་ཀྱི་ནང་ནས་སྟོན་གྱི་ལོ་ཐོག་རྙེད་པ་འདི་ཉིད་མཆོག་གོ །རྗེས་ཐམས་ཅད་ཀྱི་ནང་ནས་ཁྱུ་མཆོག་གི་རྗེས་མཆོག་གོ །ཁྱུ་མཆོག་ནི་ཁྱུ་དེ་ཉིད་ཀྱི་སྣ་ཁྲིད་མཁན་ཡིན་པས་དེས་བདེ་བར་ཁྲིད་ཅིང་བདེ་བའི་གནས་སུ་སྐྱེལ་བས་དེའི་རྗེས་ནི་རྨིག་རྗེས་གཞན་ལས་མཆོག་གོ །འདུ་ཤེས་ཐམས་ཅད་ཀྱི་ནང་ནས་མི་རྟག་པ་དང་། འཆི་བའི་འདུ་ཤེས་མཆོག་གོ །འདུ་ཤེས་ཐམས་ཅད་ཀྱི་ནང་ནས་འཆི་བ་མི་རྟག་པའི་འདུ་ཤེས་མཆོག་ཡིན་ཏེ། འདིས་ནི་ཁམས་གསུམ་གྱི་འདུ་ཤེས་ཐམས་ཅད་ཟློག་པར་བྱེད་དོ་ཞེས་པ་དང་། འདུལ་བ་ལུང་ལས། དགེ་སློང་བརྒྱ་ལ་ཉིན་གུང་གདུག་གི་གྲིབ་མ་དྲང་པོའི་ཚོད་ལ་ཐོན་དུས་ཕུལ་བའི་ཡོན་དང་བཅས་པ་བྱིན་པ་བས། འདུས་བྱས་མི་རྟག་པར་སེམས་པའི་སྐད་ཅིག་མ་མཆོག་གོ་ཞེས་སོ། །ཐམས་ཅད་ཀྱིས་སྒོམ་རྒྱག་ཟེར་དུས་མི་ཤེས་རྒྱུ་ཞིག་དང་། དེ་ཡང་བླ་སེར་ཞིག་མིན་ན་སྒོམ་རྒྱག་མི་དར་བ་ཞིག་རེད་བསམ་ཉན་པ་མིན་ཅིང་། བླ་སེར་མིན་པ་ཤི་མ་དགོས་ན་མ་གཏོགས་ཤི་དུས་ཕན་པའི་ཆོས་ཤིག་བསྒྲུབ་དགོས་དུས་དང་པོ་ཆོས་ཉན་དགོས་ཤིང་། དེའི་མིང་ལ་ཐོས་པ་ཟེར་བ་ཡིན། ཉན་ཙམ་གྱིས་ཆོག་པ་མིན་པར་གོ་རྒྱུའི་དོན་བསམ་དགོས་ཤིང་། ཆོས་ཀྱི་ཚིག་དོན་ཉན་པའི་དོན་གོ་བའི་ཆེད་དུ་ཡིན་པས་དེ་ལ་བསམ་པ་ཟེར། ཐོས་བསམ་གཉིས་པོ་རྐྱང་པས་ཆོག་པ་མིན་པར་དེ་གཉིས་ཀྱི་དོན་པོ་སྒོམ་རྒྱུའི་དོན་ཡིན་པས་ཤི་ཁར་ཕན་སྤྱད་ཀྱི་ཆོས། ཤི་ནས་འཁོར་བའི་སྡུག་བསྔལ་མི་མྱོང་བར་བྱེད་པའི་ཆོས། རང་གཞན་བདེ་ནས་བདེ་བར་འདྲེན་པའི་ཆོས་དེ་གང་ཡིན་ན་སྒོམ་ཡིན། གཞན་སྒོམ་མ་ཤེས་རུང་རང་ཤི་འགྲོ་བ་སྒོམ་ལོས་ཤེས། དགེ་སློང་བརྒྱ་ལ་གུང་ཚིགས་དྲངས་ནས་འབུལ་བ་བརྒྱབ་པ་བས་འདུས་བྱས་མི་རྟག་པ་སྐད་ཅིག་མ་ཞིག་སྒོམ་པས་བསོད་ནམས་ཆེ་གསུངས་པས་ཆོས་སྒྲུབ་དུས་ག་ཁེ་ག་མནོག་བལྟ་དགོས་ཏེ། ཆོས་ཞུ་བ་དེ་ཤེས་པའི་ཆེད་ཡིན་པས་སོ། །གཉིས་པ།

དེ་གོམས་པའི་ཚད་བསྟན་པ།

ད་ནི་འཆི་བ་མི་རྟག་པ་དེ་གོམས་པའི་རྟགས་ཚད་བསྟན་པ་ནི། གོམས་པའི་ཚད་ནི་འདུས་བྱས་འཇིག་པར་མཐོང་། །བརྩོན་ལྡན་འཇིགས་དང་ཚེ་འདིའི་བྱ་བ་འདོར། །སྐད་ཅིག་ཙམ་ཡང་ཐ་མལ་མི་སྡོད་ཅིང་། །ངེས་འབྱུང་སྐྱོ་ཤས་བློ་སྣ་ཐུང་བ་འབྱུང་། །ཞེས་གསུངས་ཏེ། བློ་ལྡོག་རྣམ་བཞི་ཐུན་དུ་བཅད་ནས་སྒོམ་པ་ནི་སྤྱིར་གནད་ཆེ་ཞིང་། སྒོས་ང་ཚོའི་ཆོས་བརྒྱུད་ལ་ཐོག་མཐའ་བར་གསུམ་ལ་དེ་དང་འབྲལ་མི་རུང་བ་ཡིན། དེ་ལས་ཚེ་མི་རྟག་པ་བསྒོམས་ནས་གོམས་པའི་ཚད་ནི་ཇི་ལྟ་བུ་ཞིག་ཡིན་ཅེ་ན། མི་རྟག་པ་ཉིན་མཚན་དུ་བསམས་པ་ལས། སྣང་བ་གང་ཡང་འཇིག་ཅིང་མི་བརྟན་པར་མཐོང་བས་ཕྱི་ཡུལ་ལ་མི་ཞེན་པའི་བློ་གཏིང་ནས་སྐྱེས་པ་དང་། དེ་རིང་ཇི་འདྲའི་རྒྱུ་ནོར་རྩ་ཆེན་ཞིག་རྙེད་རུང་། འདི་ལ་རྟག་བརྟན་ཡོད་པ་མིན་ཅིང་ཆགས་ཞེན་བྱས་ན་གནོད་སྐྱེལ་ལོ་བསམ་པ་ཞིག་ཏུ་འགྱུར་དགོས། ཕ་རོལ་པོ་འབྱོར་ཕྱུག་བཙན་གསུམ་ཡོད་པ་ཞིག་མཐོང་ཚེ་འདིི་ལའང་རྟག་བརྟན་མེད་པ་ཉིན་ཞིག་གན་ལག་སྟོང་དུ་འགྱུར་བས་སྙིང་རྗེའི་ཡུལ་ལོ་བསམ་རྒྱུ་ཞིག་ཞེར་མ་ཤར་གྱི་བར་དུ་བསྒོམ་དགོས་སོ། །མི་རྟག་པ་བསྒོམས་པར་སེམས་འབྱོངས་ཚེ་དགེ་བ་ལ་བརྩོན་འགྲུས་མེ་འབར་བ་འདྲ་བའི་བློ་སྐྱེས་པ་དང་། འཁོར་བའི་སྡུག་བསྔལ་ལ་འཇིགས་སྔངས་སྐྲག་པ་ཐུན་མོང་མ་ཡིན་པ་སྙིང་ནས་སྐྱེས་པ་དང་། འཆི་བའི་ཚེ་ཅིས་ཀྱང་མི་བསྟོངས་པའམ་མི་ཕན་པར་ཤེས་ནས་ཚེ་འདིའི་བྱ་བ་འདོར་བ་དང་། སྐད་ཅིག་ཙམ་ཡང་ཐ་མལ་སོས་དལ་དུ་མི་སྡོད་པར་སྒོ་གསུམ་ཆོས་ལ་སྤྱོད་པ་དང་། ལས་འབྲས་ཀྱི་སྨིན་སོ་མཐོང་བས་ངེས་འབྱུང་སྐྱོ་ཤས་སྐྱེས་པ་དང་། ནམ་འཆི་ངེས་མེད་དུ་ཤེས་པས་གང་ལ་ཡང་བློ་ལྟོས་མི་འཆའ་བ་རྣམས་ནི། མི་རྟག་པ་སྙིང་ནས་གོམས་པའི་རྟགས་དང་ཚད་དོ། །གསུམ་པ།

དེ་བསམ་པའི་ཕན་ཡོན་བསམ་པ།

ད་ནི་དེ་ལྟར་གོམས་པའི་ཕན་ཡོན་གྱིས་མཇུག་བསྡུ་བ་ནི། དེ་ཡི་ཕན་ཡོན་ཤིན་ཏུ་མཐའ་ཡས་ཏེ། །འཁོར་བའི་ཉེས་སྤོང་ཡོན་ཏན་ངང་གིས་འདུ། །རྟག་འཛིན་ལས་གྲོལ་དགྲ་གཉེན་ཆགས་སྡང་ཞི། །དགེ་ལ་རབ་བརྩོན་ཚེ་འདི་འཁྲུལ་པར་ཤེས། །ཚོགས་གཉིས་རབ་རྫོགས་གྲགས་ལྡན་ལྷས་གཟིགས་ཤིང་། །བདེ་བར་ཚེ་ཡི་དུས་བྱེད་མཐོ་རིས་འགྲོ། །མྱུར་དུ་འཆི་མེད་བདུད་རྩིའི་གོ་འཕང་ཐོབ། །ཅེས་གསུངས་ཏེ། མི་རྟག་པ་རྒྱུད་ལ་ལེགས་པར་སྐྱེས་པ་ན་འཁོར་བའི་ཆོས་ལ་སྐྱོ་ཤས་དང་ཡིད་འབྱུང་གཏིང་ནས་སྐྱེ་བས་ཚེ་འདིའི་ཆོས་ལས་བློ་བཟློག་པའི་ཕན་ཡོན་ཡོད་དོ། །ཞེན་པ་ལོག་ལུགས་ནི་ཅིས་ཀྱང་མི་ཕན་འཆི་ངེས་སྙམ་པ། ཕ་བསད་ཀྱི་བུས་བཟུང་བའམ་ལག་ཞབས་སུ་ཆུད་དུས་ནམ་འདིས་ང་བསད་འགྲོ་སྙམ་པ་ལས་མེད་པ་དེ་ལྟ་བུའམ། ཉ་མོ་རྒྱ་ལ་ཟིན་པ་ལྟ་བུའམ། ཆད་པས་ཕོག་པ་གཤེད་མའི་ལག་ཏུ་གཏད་པ་ལྟ་བུའམ། དུག་སྦྲུལ་གྱི་ཚང་དུ་ཚུད་པ་ལྟ་བུའམ། སྲིན་པོའི་ཁ་ནང་དུ་ཕྱིན་པ་ལྟ་བུའམ། སྲིན་མོའི་གླིང་དུ་ཚུད་པ་ལྟ་བུའམ། ཆུ་སྲིན་གྱི་ཁ་ནང་དུ་ཚུད་པ་ལྟ་བུའམ། རྒྱ་མཚོར་གཟིངས་ཞིག་པ་ལྟ་བུའམ། ཆུ་བོར་གྲུ་བྱིང་བ་ལྟ་བུའམ། འཇིགས་སར་སྐྱེལ་མས་བསླུས་པ་ལྟ་བུའམ། ཐར་མེད་ཀྱི་གཡང་སར་ལྷུང་བ་ལྟ་བུའམ། སྙིང་ལ་མདས་ཟིན་པ་ལྟ་བུ་སྟེ། ཅིས་ཀྱང་ཕན་མེད་དུ་ཤེས་ནས་འཁོར་བའི་བྱ་བ་སྤོང་བ་སྟེ། མྱ་ངན་ལས་འདས་པ་ལས། རྟག་ཏུ་དགྲ་ལྟར་སྡུག་བསྔལ་འབྲེལ་བ་གང་། །མི་གཙང་ལུས་དང་འདོད་པ་དེ་དག་ལ། །ཕན་འདོད་སྡུག་བསྔལ་བསལ་འདོད་སུ་ཞིག་དགའ། །མི་རྟག་འདོད་པ་རྣམས་ལ་ཆགས་པ་མེད། །ཅེས་སོ། །ཡང་མི་རྟག་པ་རྒྱུད་ལ་གོམས་ན་བརྩོན་འགྲུས་དྲག་པོས་སྒྲུབ་ལ་བརྩོན་ཞིང་། བརྩོན་པའི་འབྲས་བུ་སྔར་མེད་པའི་ཡོན་ཏན་མང་པོའང་རྒྱུད་ལ་སྐྱེ་བ་དང་། མི་རྟག་པ་རྒྱུད་ལ་མེད་དུས་རྟག་འཛིན་ལེ་ལོའི་གཡེངས་ནས། བརྩོན་འགྲུས་ཀྱི་ནོར་དེ་ལེ་ལོའི་དགྲ་ཡིས་བཅོམ་སྟེ་ཡོན་ཏན་གསར་བ་རྒྱུད་ལ་སྐྱེ་མ་དགོས་སྔར་ཡོད་ མར་འགྲིབ་པ་ཡིན། མི་རྟག་པ་བསྒོམས་ན་རྟག་འཛིན་གྱི་བློ་ལས་ལོག་པ་དང་། དགྲ་གཉེན་ལ་ཆགས་སྡང་མེད་པ་དང་། རྟག་ཏུ་དགེ་བ་ལ་བརྩོན་པ་དང་། ཚེ་འདི་འཁྲུལ་སྣང་དུ་ཤེས་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་དུས་ཚོགས་གཉིས་རྫོགས་ནས་སྐུ་གཉིས་ཐོབ་པས་དེའི་ཡན་གྱི་དམ་པའི་ཆོས་ཤིག་བསྒྲུབ་དགོས་པ་མིན་ནོ། །ཚེ་འདིའི་གནས་སྐབས་ཀྱི་དབང་དུ་བྱས་ཀྱང་ཆོས་དང་མཐུན་པའི་གྲགས་པ་དང་ལྡན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དགོངས་པ་དང་། དགའ་བ་དང་སྤྲོ་བ་དང་བཅས་ནས་ཚེའི་དུས་བྱེད་ཅིང་རྫོགས་པའི་བྱང་ཆུབ་མ་ཐོབ་བར་གྱི་སྐྱེ་བ་ཐམས་ཅད་ལ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བ་དང་། སྐྱེས་མ་ཐག་ནས་དམ་པའི་ཆོས་དང་། བླ་མ་དགེ་བའི་བཤེས་གཉེན་དང་ཕྲད་པ་དང་། རྟག་ཏུ་ཆོས་སྒྲུབ་པ་ལ་རང་དབང་ཡོད་པ་དང་། དེ་ཡང་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་བ་དང་། རབ་ཏུ་བྱུང་བས་མ་ཚད་ཚེ་ཆོས་གཉིས་ཀ་མཐར་ཕྱིན་ནས་ཚངས་པར་སྤྱོད་པ་ཚེའི་མཐར་ཐུག་པར་ཐུབ་པ་དང་། ཉིན་མཚན་ཆོས་ཀྱིས་འདའ་བ་དང་། ཐེག་པ་ཆེན་པོའི་ཆོས་ལ་སྤྱོད་པ་དང་། སྐྱེས་བུ་དམ་པ་རྣམས་དང་འགྲོགས་པ་དང་། མྱུར་དུ་རྫོགས་པའི་སངས་རྒྱས་འགྲུབ་པ་ལ་སོགས་པ་ཕན་ཡོན་གྱི་སྒོ་དཔག་ཏུ་མེད་པ་གསུངས་སོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། ཚེ་མི་རྟག་པར་བསམ་པའི་ལེའུ་སྟེ་བཅུ་བཞི་པའི་འགྲེལ་པའོ།། །།གཉིས་པ་སེམས་ལ་ཆོས་སྣང་བའི་བསམ་བྱ་དད་པ་ལ་བསམ་བྱ་མདོར་བསྟན། དེ་རྒྱས་པར་བཤད། དེ་ཡི་ཕན་ཡོན་གསུམ། དང་པོ།

བསམ་བྱ་མདོར་བསྟན་པ།

དེ་ལྟར་མི་རྟག་པའི་རང་བཞིན་ཤེས་ནས། ཆོས་ཐམས་ཅད་ཀྱི་རྩ་བ་དད་པའི་རང་བཞིན་བསམ་པ་ལ་འཇུག་པར་གདམས་པ་ནི། དེ་ལྟར་མི་རྟག་རྟོགས་པའི་རང་བཞིན་རྗེས། །གཅིག་ཏུ་གཅེས་པ་དད་པའི་དཔུང་ཚོགས་བསྐྱེད། །ཅེས་གསུངས་ཏེ། ཐར་པའི་ལམ་དུ་བགྲོད་པ་ལ་དད་པ་ཁོ་ན་གལ་ཆེ་སྟེ། རིན་ཆེན་ཕྲེང་བ་ལས། དད་ཅན་ཉིད་ཕྱིར་ཆོས་ལ་བསྟེན། །ཤེས་རབ་ལྡན་ཕྱིར་ཡང་དག་རིག །འདི་གཉིས་གཙོ་བོ་ཤེས་རབ་སྟེ། །དེ་ཡི་སྔོན་འགྲོ་དད་པ་ཡིན། །ཞེས་པ་དང་། དཀོན་མཆོག་བརྩེགས་པ་ལས། དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་རྣམས་མི་འབྱུང་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་པ་དང་། རྒྱུད་བླ་མ་ལས། རང་བྱུང་ཉིད་ཀྱི་དོན་དམ་ནི། །དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །ཞེས་སོ། །གཉིས་པ་ལ། དད་པའི་རང་བཞིན། དེ་བསྐྱེད་དགོས་པའི་རྒྱུ་མཚན། ཇི་ལྟར་བསྐྱེད་པའི་ཚུལ་གསུམ། དང་པོ།

དད་པའི་རང་བཞིན་བསྟན་པ།

ད་ནི་དད་པའི་རང་བཞིན་རྒྱས་པར་བཤད་པ་ལས། དང་པོ་དད་པའི་ངོ་བོ་ནི། སྤང་བླང་གི་ཡུལ་ལ་འཇུག་ལྡོག་གིས་དམིགས་པའི་བློ་རབ་ཏུ་དང་བ་སྟེ། རྣམ་པར་དབྱེ་ན། འདོད་པའི་དད་པས་རྒྱུ་འབྲས་བླང་དོར་བྱེད། །མོས་པའི་དད་པས་ཡུལ་མཆོག་སེམས་རབ་གཞོལ། །གུས་པའི་དད་པས་བག་ཡོད་མཆོག་དང་ལྡན། །དང་བའི་དད་པས་ཡོན་ཏན་སེམས་རབ་དང་། །ཡིད་ཆེས་དད་པས་ཆོས་ལ་ཐེ་ཚོམ་ཟད། །ངེས་སེམས་དད་པས་ཐོས་བསམ་བསྒོམ་པ་ཡི། །ཆོས་མཆོག་རྣམས་ལ་ལྷག་པར་དད་པའོ། །ཞེས་གསུངས་ཏེ། དེ་ཡང་སྤྱིར་གཞུང་ལུགས་ཕལ་ཆེ་བ་ལས། དང་བ་དང་། འདོད་པ་དང་། ཡིད་ཆེས་པའི་དད་པ་དང་གསུམ་བཤད་དེ། སྔོན་འགྲོའི་ཁྲིད་ཡིག་གི་ནང་དུ་ཕྱིར་མི་ལྡོག་པའི་དད་པ་དང་བཞི་བྱས་ནས་གསུངས་པའང་ཡོད་ལ། དབྱེ་བསྡུ་གང་བྱས་ཀྱང་མན་ངག་སོ་སོའི་གསུང་ལུགས་ལ་དགོས་པ་དགེ་མཚན་མ་འདྲ་བ་རང་རང་སོ་སོ་ལ་ཡོད་པ་ཡིན། དཀོན་མཆོག་གསུམ་ལ་སེམས་རབ་ཏུ་དང་བ་དང་། བདེན་པ་བཞི་ལ་བླང་དོར་དུ་འདོད་པ་དང་། ལས་རྒྱུ་འབྲས་ལ་ཡིད་ཆེས་པའི་དད་པ་དང་གསུམ་མོ། །འདིར་དྲུག་ཏུ་བཤད་པ་ནི། འདོད་པ་དང་། མོས་པ་དང་། གུས་པ་དང་། དང་བ་དང་། ཡིད་ཆེས་པ་དང་། ངེས་པར་སེམས་པའི་དད་པ་སྟེ། དེ་དག་ཀྱང་དབྱེ་བསྡུའི་ཁྱད་པར་ལས་ལོགས་པ་མེད་དེ། དེ་ཡང་མོས་པ་དང་། གུས་པ་དང་། དང་བའི་དད་པ་གསུམ་ནི། དང་བའི་དད་པའི་ནང་དུ་གཏོགས་ལ། འདོད་པ་དང་། ཡིད་ཆེས་པ་གཉིས་ནི། ཡིད་ཆེས་པའི་དད་པར་གཏོགས་ལ། ངེས་པར་སེམས་པ་ནི་འདོད་པའི་དད་པ་ཉིད་ཡིན་ཏེ། དེ་ཡང་བདེན་བཞིའི་དབང་དུ་བྱས་ན་ཆོས་ཀྱི་དེ་ཁོ་ན་ཉིད་འགོག་ལམ་མ་ནོར་བ་ལ་ཞུགས་པས་སྡུག་བསྔལ་ཀུན་འབྱུང་གཉིས་འདོར་ཞིང་ཐར་པ་འདོད་པའི་ཕྱིར་རོ། །འདི་ནས་དད་པ་དྲུག་ཏུ་དབྱེ་བ་དེ་ཉིད་རྒྱས་པ་བཤད་པ་ལ། ངོ་བོ། ངེས་ཚིག དབྱེ་བ། མཐུན་དཔེ། རྟགས། ཕན་ཡོན་དང་རྣམ་པ་དྲུག་གི་སྟེང་ནས་བཤད་དགོས་པ་ལས། དང་པོ་འདོད་པའི་དད་པའི་ངོ་བོ་ནི། འཁོར་བ་སྤང་བྱ་དང་མྱ་ངན་ལས་འདས་པ་བླང་བྱར་འདོད་པའི་འཁོར་འདས་བླང་དོར་དུ་འདོད་པ་དད་པའི་ངོ་བོ་ཡིན་པའོ། །ངེས་ཚིག་ནི་དཀར་པོའི་ཆོས་ལ་འདོད་ཅིང་། སྤྲོ་བའི་ཕྱིར་འདོད་པའི་དད་པའོ། །དབྱེ་ན་འཁོར་བའི་སྡུག་བསྔལ་སྤང་བར་འདོད་པ། ཐར་པའི་བྱང་ཆུབ་ཐོབ་པར་འདོད་པ། དེ་གཉིས་ཀྱི་རྒྱུ་ལ་བླང་དོར་གྱིས་འཇུག་པར་འདོད་པ་གསུམ་མོ། །མཐུན་དཔེ་ནི་ནོར་འདོད་ཅན་ནོར་འདོད་པ་ལྟར་ཆོས་འཚོལ་བར་འདོད་པ་སྟེ། སྡུག་བསྔལ་དང་ཀུན་འབྱུང་བོར་ནས། ལམ་དང་འགོག་པ་ལ་འཇུག་པར་བྱེད་པའོ། །རྟགས་ནི་འཇིག་རྟེན་གྱི་བྱ་བ་ལ་མི་མོས་ཤིང་ཐོས་བསམ་སྒོམ་པ་ལ་འཇུག་པའོ། །ཞེས་དད་པ་འབྱོངས་པའི་རྟགས་ནི་དེ་ལྟར་ཞིག་ཡིན་ཅེས་སོ། །དེ་ལྟ་བུའི་རྟགས་དེ་རང་རྒྱུད་ལ་སྐྱེས་མེད་ན་འདོད་པའི་དད་པ་སྐྱེས་མེད་པའི་རྟགས་བསྟན་པའོ། །འདོད་པའི་དད་པའི་ཕན་ཡོན་ནི་དཀོན་མཆོག་སྒྲོན་མའི་མདོ་ལས། དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་སྲུང་ཞིང་འཕེལ་བར་བྱེད། །དོག་པ་སེལ་ཞིང་ཆུ་བོ་རྣམས་ལས་སྒྲོལ། །དད་པ་བདེ་ལེགས་གྲོང་ཁྱེར་མཚོན་བྱེད་ཡིན། །ཞེས་སོ། །འདི་མན་ངག་གི་བསྟན་བཅོས་ཡིན་པས་འདི་ནས་གསུངས་པ་དང་རང་ཉིད་གཉིས་ཀ་ར་བསྒྲགས་ནས་འགྲོ་དགོས་པས་འདོད་པའི་དད་པ་མེད་དུས་དེའི་ཕན་ཡོན་ཡོན་ཏན་ཐམས་ཅད་སྲུང་ཞིང་འཕེལ་བ་དང་། དོགས་པ་སེལ་ཞིང་ཆུ་བོ་ལས་སྒྲོལ་བ་དང་། བདེ་ལེགས་ཀྱི་གྲོང་ཁྱེར་དུ་ཐོན་པའི་མཚོན་བྱེད་རྣམས་མེད་ཅིང་། དེ་ལས་ལྡོག་པའི་ཉེས་དམིགས་རང་ཤུགས་ཀྱིས་ཡོད་པར་གོ་དགོས། མོས་པའི་དད་པའི་ངོ་བོ་ནི་བླ་མ་དང་དཀོན་མཆོག་ལ་སེམས་རབ་ཏུ་དགའ་ཞིང་མོས་པ་ནི་མོས་པའི་དད་པའི་ངོ་བོ་ཡིན་བའོ། །ངེས་ཚིག་ནི་ཡུལ་དེ་དག་གི་རྗེས་སུ་འཇུག་པར་མོས་པས་མོས་པའི་དད་པའོ། །དབྱེ་ན་བླ་མ་ལ་བསྟེན་བྱར་མོས་པ་དང་། སངས་རྒྱས་ལ་བསྒྲུབ་བྱར་མོས་པ་དང་། ཆོས་ལ་ལམ་དུ་མོས་པ་དང་། དགེ་འདུན་ལ་གྲོགས་སུ་མོས་པ་སྟེ་བཞིའོ། །བླ་མ་མཆོག་གསུམ་ལ་མོས་ཚུལ་བཞིའི་སྒོ་ནས་མོས་པའི་དད་པ་བསྟན་པའོ། །མཐུན་དཔེ་ནི་བུ་མའི་ཕྱིར་འབྲངས་པ་ལྟར་འཇུག་པའོ། །མ་རྗེས་སུ་བུ་འབྲངས་པ་ལྟ་བུ་དེ་མོས་པའི་དད་པའི་དཔེ་ཡིན་པའོ། །དད་པ་འདི་རྒྱུད་ལ་སྐྱེས་པའི་རྟགས་སུ་ཐར་ལམ་ལ་འགོད་པའི་བླ་མ་དཀོན་མཆོག་མཐོང་བ་དང་། ཐོས་པ་དང་། དྲན་པ་ཙམ་གྱིས་ཡིད་གདུང་ཞིང་ངག་ཏུ་ཡང་སྐྱབས་སུ་འགྲོ་བའི་ཚིག་འབྱིན་པའོ། །དབང་མེད་ཀྱིས་ཡིད་དད་པའི་སྟོབས་ཀྱིས་ངག་ནས་སྐྱབས་སུ་འགྲོ་བའི་ཚིག་རང་ཤུགས་ཀྱིས་འདོན་ཡོང་ཞེས་སོ། །མོས་པའི་དད་པ་ཡོད་པའི་ཕན་ཡོན་ནི་དེ་ཉིད་ལས། སངས་རྒྱས་རྣམས་དང་ཆོས་ལ་དད་གྱུར་ཅིང་། །སངས་རྒྱས་སྲས་ཀྱི་སྤྱོད་ལ་དང་བྱེད་པ། །བྱང་ཆུབ་བླ་ན་མེད་ལ་དད་གྱུར་ན། །སྐྱེས་བུ་ཆེན་པོ་རྣམས་ཀྱི་སེམས་སྐྱེའོ། །ཞེས་པ་དང་། གསང་བ་བསམ་གྱིས་མི་ཁྱབ་པ་ལས། དད་པ་དང་ལྡན་ན་སངས་རྒྱས་མཐོང་བ་དང་། ཆོས་ཉན་པ་དང་། དགེ་འདུན་ལ་བསྙེན་བཀུར་བྱེད་པ་ལས་མི་ཉམས་ཤིང་། གང་དུ་སྐྱེ་བར་ཡང་དེ་དང་མི་འབྲལ་བར་འགྱུར་རོ་ཞེས་སོ། །བླ་མ་ལ་བསྟེན་བྱར་དང་། སངས་རྒྱས་ལ་བསྒྲུབ་བྱར་དང་། ཆོས་ལ་ལམ་དུ་དང་། དགེ་འདུན་ལ་ལམ་སྒྲུབ་པའི་གྲོགས་སུ་མོས་པའི་དད་པ་དེ་ཡོད་པའི་རྟགས་སུ་བླ་མ་དཀོན་མཆོག་མཐོང་ཐོས་དྲན་གསུམ་གྱི་སྐབས་སུ་སེམས་དེའི་ཕྱོགས་སུ་མོས་པ་མ་རྗེས་སུ་བུ་འབྲངས་པ་ལྟར་འབྱུང་བ་དང་། ཡིད་བླ་མ་དཀོན་མཆོག་གི་ཕྱོགས་སུ་གདུང་ཞིང་མོས་པས་ངག་གིས་རང་ཤུགས་ཀྱིས་གསོལ་བ་འདེབས་པ་ཞིག་འབྱུང་བ་ཡིན་ལ། གལ་ཏེ་རང་གིས་རང་ལ་བལྟས་པས་དེ་ལྟར་མིན་ཚེ་མོས་པའི་དད་པ་མེད་པའི་རྟགས་སོ། །དེ་བཞིན་དུ་དཀོན་མཆོག་གི་རྟེན་སྐུ་གཟུགས་གསུང་རབ་དགེ་འདུན་པ་རྣམས་ལ་དད་འདུན་མེད་དུས། མོས་པའི་དད་པ་མེད་པའོ། །དེ་མེད་དུས་དཀོན་མཆོག་གི་སྣང་བ་མི་དེ་ལ་མ་ཡོད་པ་ཡིན། ཆོས་འདི་བའི་ཆོས་བྱེད་དགེ་འདུན་པ་མ་དགོས་སློབ་མ་ཚད་མཐུན་ཞིག་གི་གྲལ་དུ་སོང་མེད་པ་ཡིན། ཡིད་བཞིན་མཛོད་འདི་མན་ངག་གི་བསྟན་བཅོས་ཡིན་པས་མན་ངག་གི་ཚད་ཤིང་གིས་རང་ཉིད་ཀྱི་རྒྱུད་ལ་ཚད་དུས་རང་རྒྱུས་རང་གིས་གཞི་ནས་ལོན་ཏུ་ཡོད་པ་དེ་ལྟར་རོ། །གུས་པའི་དད་པའི་ངོ་བོ་ནི་དང་བ་ལ་བརྟེན་ནས་བག་ཡོད་པར་བཀའ་ལས་མི་འདའ་བའོ། །ངེས་ཚིག་ནི་ལུས་ངག་ཡིད་གསུམ་གོང་མ་ལ་འདུད་ཅིང་གུས་པས་ན་གུས་པའི་དད་པའོ། །དབྱེ་ན་ལུས་གུས་པས་ཕྱག་དང་བསྐོར་བ་ལ་སོགས་པ་དུལ་བའི་སྤྱོད་པ་དང་། ངག་གུས་པས་བསྟོད་པ་དང་། ཞེ་སས་བསྟི་སྟངས་བྱེད་པ་དང་། སེམས་གུས་པས་མཆོད་འོས་སུ་མཐོང་ནས་ཕུ་དུད་དུ་བྱེད་པ་གསུམ་མོ། །མཐུན་དཔེ་ནི་རྒྱལ་པོ་ལ་འབངས་ཀྱིས་བཀུར་བ་ལྟར་འཇམ་དེས་ཀྱིས་བརྩོན་པའོ། །དེ་རྒྱུད་ལ་སྐྱེས་པའི་རྟགས་ནི་གོང་མ་རྣམས་ཀྱི་སྤྱན་སྔར་ང་རྒྱལ་དང་ཁེངས་སེམས་ཀྱི་རྣམ་འགྱུར་མེད་པའོ། །ཕན་ཡོན་ནི་དཀོན་མཆོག་སྒྲོན་མེ་ལས། ང་རྒྱལ་སྤོང་ཞིང་གུས་པའི་རྩ་བ་ཡིན། །དད་པས་ལག་པ་བཞིན་དུ་དགེ་རྩ་སྡུད། །ཅེས་པ་དང་། སྔ་མ་ལས། བག་ཡོད་པ་ལྷུར་བྱེད་པའི་དབང་པོའི་སྒོ་སྡོམ་ཞིང་རང་གི་སེམས་དུལ་བར་བྱེད། གཞན་གྱི་སེམས་ཀྱང་སྲུང་བར་བྱེད་དོ། །དེ་ལྟར་དད་པ་དང་བག་ཡོད་པ་གཉིས་དང་ལྡན་པས་ནི་རྟག་ཏུ་ཆོས་ལ་གཞོལ་བས་ཚེ་ཕྱི་མ་ལ་ངན་འགྲོར་འགྲོ་བས་མི་འཇིགས་སོ་ཞེས་སོ། །གུས་པའི་དད་པ་ནི་བཀའ་ལས་མི་འདའ་བ་ཡིན་ཅིང་། ལུས་གུས་པས་ཕྱག་སྐོར། ངག་གུས་པས་བསྟོད་པ་དང་ཞེ་ས། སེམས་གུས་པས་དད་པས་ཕུ་དུད་བྱེད་དགོས་པ་ཡིན། དེ་རྒྱུད་ལ་སྐྱེས་རྟགས་དཀོན་མཆོག་གསུམ་གྱི་མདུན་ནས་ང་རྒྱལ་ཁེངས་སེམས་མེད་པ་ཞིག་ཡིན་འདུག་པས། གྲྭ་སེར་མོ་ངུར་སྨིག་གི་རྟགས་འཆང་བ་ཞིག་མ་དགོས་ལྷན་པ་སེར་བོ་བགོམ་མི་ཉན་གསུངས་པ་ཡིན་ན། བླ་སེར་ལ་གུས་པ་མ་དགོས་ང་དང་ཁྱོད། ཁོ་རེ་དང་མོ་རེ་ཟེར་དུས་དད་པ་འདི་མེད་པའི་རྟགས་ཡིན་པའོ། །དད་པ་འདི་ཡོད་ན་ཕྱི་མ་ངན་སོང་དུ་འགྲོ་བའི་འཇིགས་སྐྲག་མི་དགོས་གསུངས་པས་འདི་མེད་དུས་དེ་ལས་ལྡོག་སྟེ་ཕྱི་མ་ངན་སོང་དུ་འཇིག་སྐྲག་དང་བཅས་ཏེ་འགྲོ་དགོས་པ་ནི་ཤུགས་ཀྱིས་གོའོ། །དམ་པའི་གཞུང་ལུག་གདམས་ངག་ཏུ་བཟུང་ནས་རང་རྒྱུད་ལ་སྦྱར་ཏེ་གཏན་ལ་འབེབས་དགོས་ཤིང་། དེ་ལྟར་བྱས་ན་སྐྱེ་རྟགས་རང་གིས་རང་ལ་བལྟ་ཆོག་གོ །དང་བའི་དད་པའི་ངོ་བོ་ཡུལ་གོང་མ་རྣམས་ཀྱི་ཡོན་ཏན་ལ་སེམས་མངོན་པར་དགའ་ཞིང་སྤྲོ་བས་དང་ཞིང་དད་པའོ། །ངེས་ཚིག་གཡོ་སྒྱུའི་དྲི་མ་མེད་པར་དད་པའི་དགའ་བས་སང་ངེ་བར་གནས་པས་དང་བའོ། །དབྱེ་ན་ཀུན་རྫོབ་སྣང་ཆའི་དགེ་བ་ལ་དང་བ་དང་། དོན་དམ་ཤེས་རབ་ཀྱི་དགེ་བ་ལ་དང་བ་དང་། ཟུང་འཇུག་ཆ་མཉམ་གྱི་དགེ་བ་ལ་དད་པའི་དང་བ་དང་གསུམ་མོ། །ཀུན་རྫོབ་སྣང་ཆའི་དགེ་བ་ཕར་ཕྱིན་སྔ་མ་གསུམ་ལྟ་བུ་དང་། དོན་དམ་ཤེས་རབ་ཀྱི་དགེ་བ་ནང་དུ་ཡང་དག་འཇོག་པ་བསམ་གཏན་དང་། ཟུང་འཇུག་ཆ་མཉམ་གྱི་དགེ་བ་ཤེས་རབ་ཀྱི་ཕར་ཕྱིན་དང་། དང་བའི་དད་པའི་དབྱེ་བ་གསུམ་པོ་གཅིག་མེད་དུས་ཡང་མཛུ་གུ་འཛུགས་ས་མ་ཡོད་པའོ། །མཐུན་དཔེ་ནི་ནོར་བུ་ཆུ་དྭངས་ཀྱིས་ཆུ་རྙོག་སེལ་བ་ལྟར་བློའི་ཉེས་སྤྱོད་དངས་བར་བྱེད་པའོ། །རྟགས་ནི་སྒོ་གསུམ་སྡིག་དང་མི་འདྲེ་བར་དགེ་བའི་བྱ་བ་ལ་སྤྲོ་བར་བྱེད་པའོ། །ཕན་ཡོན་ནི་དཀོན་མཆོག་སྒྲོན་མེ་ལས། དད་པ་རྒྱལ་བའི་ཆོས་ལ་རབ་དགའ་སྐྱེ། །དད་པ་བདེ་ལེགས་གྲོང་ཁྱེར་མཚོན་བྱེད་ཡིན། །དད་པ་ཡོན་ཏན་ཡེ་ཤེས་བྱ་བར་བྱེད། །ཅེས་སོ། །དང་འདོད་ཡིད་ཆེས་ཀྱི་དད་པ་འདི་རྣམས་གཅིག་ལ་གཅིག་བརྟེན་ཡིན་ཅིང་། སྔ་མའི་རྨང་གཞིའི་སྟེང་དུ་ཕྱི་མ་ཡོང་དགོས་དུས་སྔུན་མ་མེད་དུས་ཕྱི་མ་ཡོད་དོན་མེད་དོ། །ཡིད་ཆེས་པའི་དད་པའི་ངོ་བོ་ནི་གཞི་ལམ་འབྲས་བུའི་ཆོས་རྣམས་ལ་ཐེ་ཚོམ་མེད་པའོ། །ངེས་ཚིག་དེའི་དོན་སྟོན་པའི་ལུང་རིགས་ཀྱི་ཚིག་དོན་མི་བསླུ་བར་ཤེས་ནས་འཇུག་པ་ཡིད་ཆེས་པའི་དད་པའོ། །དབྱེ་ན་འཁོར་བ་རྒྱུ་འབྲས་སྤང་བྱར་ཡིད་ཆེས་པ། འདས་པ་རྒྱུ་འབྲས་བླང་བྱར་ཡིད་ཆེས་པ། ལུང་མ་བསྟན་རྣམས་དགོས་མེད་དུ་ཡིད་ཆེས་པ་གསུམ་མོ། །མཐུན་དཔེ་སྟོན་གྱི་ལོ་ཐོག་ལ་ཡིད་ཆེས་པས་སོ་ནམ་ལ་འཇུག་པ་ལྟར་དགེ་བ་ལ་འཇུག་པའོ། །དེ་རྒྱུད་ལ་སྐྱེས་པའི་རྟགས་སུ་སྟོན་པ་བླ་མ་སངས་རྒྱས། བསྟན་པ་དམ་ཆོས་ཐེག་པ་ཆེ་ཆུང་། འཁོར་དགེ་འདུན་རྣམ་གཉིས་ཏེ། དེ་དག་རྟེན་དང་བཅས་པ་ལ་ཡིད་ཆེས་པའི་ངེས་ཤེས་ཐོབ་པའོ། །ཕན་ཡོན་ནི་དཀོན་མཆོག་སྒྲོན་མེ་ལས། དད་པས་དབང་པོ་རྣོ་ཞིང་གསལ་བར་བྱེད། །དད་པའི་སྟོབས་ལ་གཞན་གྱིས་མི་བརྫི་ཞིང་། །ཉོན་མོངས་རྣམ་པར་སེལ་བའི་གཞི་རྟེན་ཡིན། །ཞེས་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། དད་པ་ནི་དམ་པའི་ཆོས་ཉན་པར་འདོད་པ་དང་། ལས་དང་རྣམ་པར་སྨིན་པ་ལ་ཡིད་ཆེས་པ་དང་། དེ་ལ་རྟེན་པར་བྱེད། མཉེས་པར་བྱེད་པའོ་ཞེས་སོ། །སྟོན་པ་བླ་མེད་སངས་རྒྱས། བསྟན་པ་ཐེག་པ་ཆེ་ཆུང་གི་དམ་ཆོས། འཁོར་དགེ་འདུན་རྣམ་གཉིས་ལ་ཡིད་ཆེས་ངེས་ཤེས་ཡོད་དགོས་པ་ཡིན་པས། སྟོན་དང་བསྟན་པ་འཁོར་གསུམ་པོ་གང་ལ་ངོས་འཛིན་དགོས་མི་ཤེས་པ་ཞིག་གིས་ཡིད་ཆེས་ཇི་ལྟར་བྱེད། དད་པ་དེ་མེད་པས་ལས་དང་རྣམ་སྨིན་ལ་ཡིད་ཆེས་མེད་ཅིང་། ལས་རྒྱུ་འབྲས་ལ་ཡིད་ཆེས་ཡོད་པར་བཤད་ཀྱང་། རྒྱུ་འབྲས་འཆོལ་ཉོག་ཏུ་སྤྱོད་པ་ནི་རྒྱུ་འབྲས་ཡིད་ཆེས་ཀྱི་དད་པ་མ་ཤེས་ནས་མེད་པར་གྱུར་བའི་རྟགས་ཡིན་ཏེ། རྟགས་ལུས་ངག་གིས་སྟོན། ཞེས་པ་དང་། ལྟ་རྐུབ་སྤྱོད་པས་ཕུད་ཅེས་པ་ལྟར་ཡིན་པའི་ཕྱིར། ཆོས་ཟབ་མོ་ངེས་པར་སེམས་པའི་དད་པའི་ངོ་བོ་ནི་ངེས་དོན་ཆོས་ཉིད་ཀྱི་དོན་འདོད་པའོ། །ངེས་ཚིག་དེའི་དོན་མཐོང་ནས་ངང་ལ་འཇོག་པའོ། །དབྱེ་ན་དེའི་དོན་སྟོན་པའི་གཞུང་ཐོས་པ་དང་། བསམ་པ་དང་། སྒོམ་པ་ལ་ངེས་པར་སེམས་པའི་དད་པ་གསུམ་མོ། །མཐུན་དཔེ་རྡོའི་ནང་ནས་གསེར་རྙེད་པ་འཆང་བ་ལྟར་ཡང་དག་གི་དོན་ལ་གཅེས་སྤྲས་སུ་བྱེད་པའོ། །ཕྱིར་མི་ལྡོག་པའི་དད་པའང་འདི་ཡིན་ནོ། །རྟགས་ནི་ཉིན་མཚན་དུ་ཉམས་ལེན་ལས་མི་འབྲལ་བའོ། །ཕན་ཡོན་ནི་དཀོན་མཆོག་སྒྲོན་མེ་ལས། དད་པས་སངས་རྒྱས་གོ་འཕང་ཐོབ་པར་བྱེད། །ཅེས་པ་དང་། ཟླ་བའི་སྙིང་པོའི་མདོ་ལས། དཀོན་མཆོག་གསུམ་ལ་ངེས་པར་སེམས་པའི་དད་པ་ནི་ཡིད་བཞིན་གྱི་ནོར་བུ་ལྟ་བུའོ་ཞེས་སོ། །དྲུག་པ་འདི་དད་པའི་ནང་གི་དད་པ་དྲ་མ་ཡིན་པས། འདིའི་རྟགས་ཉིན་མཚན་འོད་གསལ་གྱི་འཁོར་ལོ་ལས་མི་གཡོ་བ་ཡིན་ཅིང་། འདིས་སངས་རྒྱས་ཐོབ་པར་བྱེད། ཡིད་བཞིན་གྱི་ནོར་བུ་དང་འདྲ། དད་པ་འདི་ནི་དད་པ་གཞན་ལས་འབྱུང་བས་དད་པ་གཞན་མེད་པར་དད་པ་འདི་འབྱུང་བའི་གནས་མེད་དོ། །དེ་ནས་དད་པའི་སྐོར་གཞི་ནས་རྒྱས་བཤད་མཛད་པ་ནི། གཉིས་པ་ལ། དད་པ་དང་ལྡན་པའི་ཡོན་ཏན། མི་ལྡན་པའི་ཉེས་དམིགས་གཉིས། དང་པོ།

དད་པ་དང་ལྡན་པའི་ཡོན་ཏན་བསྟན་པ།

གང་ལ་དད་པ་ཡོད་པ་དེའི་རང་བཞིན་བཤད་པ་ནི། དད་པའི་རང་བཞིན་ས་གཞི་བཟང་པོ་འདྲ། །ཆོས་ཀུན་གཞིར་གྱུར་དགེ་ཚོགས་རྣམ་འཕེལ་བྱེད། །དད་པ་གཟིངས་འདྲ་སྲིད་པའི་ཆུ་བོ་སྒྲོལ། །སྐྱེལ་མ་དང་འདྲ་བདུད་དང་ཉོན་མོངས་སྐྱོབ། །བཞོན་པ་དང་འདྲ་ཐར་པའི་གླིང་དུ་འདྲེན། །ནོར་བུའི་རྒྱལ་བཞིན་ཅི་བསམས་འགྲུབ་པ་སྟེ། །དཔའ་བོ་དང་འདྲ་སྡིག་ཏོ་ཟིལ་གྱིས་གནོན། །ཚོགས་བསགས་དམ་པ་རྣམས་ཀྱི་ནོར་མཆོག་ལགས། །ཞེས་གསུངས་ཏེ། དད་པ་ཞིང་ས་གཤིན་པོ་དང་འདྲ་སྟེ་བྱང་ཆུབ་ཀྱི་མྱུ་གུ་རྒྱས་པར་འཁྲུངས་པ་ནི། དཀོན་མཆོག་སྒྲོན་མེ་ལས། ས་བོན་མ་རུལ་ཡོན་ཏན་རྣམས་ཀྱི་རྒྱུ། །དད་པས་བྱང་ཆུབ་ཤིང་ནི་རྣམ་པར་སྐྱེད། །དད་པས་རང་བྱུང་ཡོན་ཏན་རྣམས་ཀྱང་འཚོལ། །ཞེས་སོ། །རྒྱ་མཚོའི་གཟིངས་ལྟར་དད་པས་འཁོར་བའི་ཆུ་བོ་སྒྲོལ་ཏེ། ཆོས་བཅུ་པའི་མདོ་ལས། གང་གིས་འདྲེན་པ་ངེས་འབྱུང་བ། །དད་པ་ཐེག་པའི་མཆོག་ཡིན་ཏེ། །དེ་ཕྱིར་བློ་དང་ལྡན་པའི་མིས། །དད་པའི་རྗེས་སུ་འབྲང་བ་བསྟེན། །ཞེས་སོ། །སྐྱེལ་མ་བཟང་པོ་དང་འདྲ་བར་དད་པས་ཉོན་མོངས་ཀྱི་དགྲ་ལས་སྐྱོབ་སྟེ། གསང་བ་བསམ་གྱིས་མི་ཁྱབ་པ་ལས། དད་པ་དང་ལྡན་པ་ནི་སངས་རྒྱས་རྣམས་ཀྱི་སྤྱན་སྔར་སྐྱེས་ནས། དགེ་བ་གང་ཡིན་པ་ཡོངས་སུ་འཚོལ་བ་ལ་བརྩོན་པས། ཁྱིམ་དང་ཆུང་མ་དང་བུ་དང་བུ་མོ་ལ་སོགས་པ་དོན་དུ་མི་གཉེར་བ། གཞོན་པ་ནའང་རྩེ་བ་ལ་མི་དགའ་བས། དད་པས་རབ་ཏུ་བྱུང་སྟེ་དགེ་བའི་བཤེས་གཉེན་བསྟེན་ཞིང་། དགེ་བའི་བསམ་པས་ཆོས་ཉན་པ་དང་སྒྲུབ་པ་ནན་ཏན་སྙིང་པོར་བྱེད་ཀྱི་ཚིག་ལྷུར་ལེན་མི་བྱེད་དོ། །དེ་མང་དུ་ཐོས་པ་ལ་བརྩོན་པར་བྱེད་ཅིང་། ཇི་ལྟར་ཐོས་པའི་ཆོས་རྣམས་ཀྱང་ཟང་ཟིང་ལ་མི་ལྟ་བར་སྙིང་རྗེས་གཞན་ལ་སྟོན་པར་བྱེད་དོ་ཞེས་སོ། །དད་པ་བཞོན་པ་བཟང་པོ་དང་འདྲ་སྟེ་ཐར་པའི་གླིང་དུ་འདྲེན་པ་ཡང་། དཀོན་མཆོག་སྒྲོན་མེ་ལས། དད་པས་མི་ཁོམ་སྤང་ཞིང་དལ་བའི་མཆོག །དད་པས་བདུད་ཀྱི་ལམ་ལས་འདའ་བྱེད་ཅིང་། །ཡེ་ཤེས་ཁྱད་པར་སྒོ་ནི་འཕེལ་བར་བྱེད། །ཐར་པའི་ལམ་མཆོག་སྟོན་པར་བྱེད་པ་ཡིན། །ཞེས་སོ། །དད་པས་འདོད་པའི་རེ་བ་འགྲུབ་པས་ནོར་བུ་དང་འདྲ་སྟེ། དེ་ཉིད་ལས། དད་པ་གཏེར་དང་ནོར་དང་རྐང་པའི་མཆོག །དད་པ་ཡོངས་སུ་གཏོང་ལ་དགའ་བར་བྱེད། །དད་པ་ཡིད་བཞིན་ནོར་འདྲ་དགོས་འདོད་སྟེར། །ཞེས་སོ། །དད་པ་དཔའ་བོ་དང་འདྲ་བར་མི་དགེ་བ་ཚར་གཅོད་པ་སྟེ། རྒྱ་མཚོས་ཞུས་པ་ལས། དད་པས་ནི་སངས་རྒྱས་ལ་སོགས་པ་ལ་མོས་པའི་སྟོབས་དང་། ལས་དང་རྣམ་པར་སྨིན་པ་ལ་ཡིད་ཆེས་པས་འཇུག་པའི་སྟོབས་དང་། བྱང་ཆུབ་ཀྱི་སེམས་མི་འདོར་བའི་སྟོབས་དང་། ཡི་དམ་ཉམས་སུ་ལེན་པ་ལ་བརྟན་པའི་སྟོབས་དང་། མི་དགེ་བ་ཐམས་ཅད་སྤངས་ཏེ་ཉེས་པར་བྱས་པ་ཐམས་ཅད་བཟོད་པའི་སྟོབས་དང་ལྡན་པ་ཐོབ་བོ་ཞེས་སོ། །དེས་ན་དད་པས་མི་ཁོམ་པ་སྤོང་ཞིང་དགེ་བ་སྡུད་པས་ན་དད་པ་ཡོད་པའི་མི་དེ་ནི་གཞན་ལས་ཆེས་འཕགས་པས་དཀོན་ཏེ། དེ་ཉིད་ལས། དད་པ་ཆགས་པའི་སྒོ་ལ་ཆགས་པ་མེད། །མི་ཁོམ་སྤོང་ཞིང་དལ་བའི་མཆོག་གཅིག་ཡིན། །དད་པ་རྒྱལ་བའི་གོ་འཕང་ཐོབ་བྱེད་ཡིན། །གང་དག་འདི་འདྲའི་ཆོས་ལ་དད་གྱུར་པ། །དེ་དག་སོ་སོའི་སྐྱེ་བོའི་ཚོགས་ན་དཀོན། །ཞེས་སོ། །དད་པ་ཡོད་པའི་མི་དེ་གཞན་ལས་ཆེས་འཕགས་པར་བསྟན་པ་འདིས་དད་མེད་ཀྱི་མི་དེ་བྱང་ཆུབ་ཀྱི་མྱུ་གུ་རྒྱས་པའི་ས་བོན་རུལ་བ། འཁོར་བའི་ཆུ་བོ་ལས་སྒྲོལ་བའི་གྲུ་གཟིངས་མེད་པ། ཉོན་མོངས་དགྲ་ལས་སྐྱོབ་པའི་སྐྱེལ་མ་དང་བྲལ་བ། ཐར་བའི་གླིང་ན་བགྲོད་བྱེད་ཀྱི་བཞོན་པས་སྟོངས་པ། འདོད་པའི་རེ་བ་སྒྲུབ་བྱེད་ཀྱི་ནོར་བུ་ཡང་སྟོར་བ། མིའི་ནང་གི་ཐ་ཤལ་དམན་པར་གྱུར་པ་ཡིན་པར་བསྟན་པ་ཡིན། དེས་ན་དད་པ་ནི་དད་དང་ཚུལ་ཁྲིམས་གཏོང་ལ་གོམས་པ་ལ་སོགས་པའི་འཕགས་པའི་ནོར་བདུན་གྱི་དང་པོ་ཡིན་ལ། དེ་ཡོད་པ་ནི་དམ་པ་ཡིན་ཏེ། གསང་བ་བསམ་གྱིས་མི་ཁྱབ་པ་ལས། དེ་ནི་དད་པ་དང་དང་བ་དང་མོས་པ་དང་། རྙོག་པ་མེད་པའི་སེམས་དང་ལྡན་པས། ལས་དང་རྣམ་པར་སྨིན་པ་ལ་སོམ་ཉི་མེད་པ་དང་། ཐེ་ཚོམ་དང་ཡིད་གཉིས་མེད་པ་དང་། མོས་པ་དང་རྟོགས་པ་དང་ཡིད་ཆེས་པ་དང་ལྡན་པས། དགེ་སྡིག་གི་ལས་དང་རྣམ་པར་སྨིན་པ་ཆུད་མི་ཟ་བར་ཤེས་ནས། སྲོག་གི་ཕྱིར་ཡང་སྡིག་པའི་ལས་མི་བྱེད་དེ། དགེ་བའི་ལས་ཀྱི་ལམ་བཅུ་པོ་ལ་སྤྱོད་ཅིང་། སྦྱིན་པས་ལོངས་སྤྱོད་དང་། ཚུལ་ཁྲིམས་ཀྱིས་མཐོ་རིས་དང་། ཐོས་པས་ཤེས་རབ་དང་སྒོམ་པས་ཡོན་ཏན་ཐམས་ཅད་འཕེལ་བར་འགྱུར་རོ་ཞེས་སོ། །གཉིས་པ།

མི་ལྡན་པའི་ཉེས་དམིགས་བསྟན་པ།

དད་པ་མེད་པའི་སྐྱོན་ནི། ཐར་པ་ཡི། སྐལ་མེད་རྣམས་ལ་དད་པ་ཅུང་ཟད་མེད། །དེ་ཡི་སྐྱོན་ནི་ཤིན་ཏུ་མཐའ་ཡས་ལྡན། །ཞེས་གསུངས་ཏེ། ཆོས་ཀྱི་སྐལ་བ་མེད་པའི་མི་དད་པ་ཏིལ་ཙམ་ཡང་མེད་པའི་སྐྱོན་དཔག་ཏུ་མེད་པ་བཤད་ཚོད་མེད་ཀྱང་། རེ་ཞིག་བསྡུ་ན། མཚོ་གཏིང་རྡོ་འདྲ་ཐར་པའི་སྐམ་དང་བྲལ། །མཉན་མེད་གྲུ་འདྲ་སྲིད་ལས་སྒྲོལ་དུས་མེད། །ལག་རྡུམ་ཕྱིན་འདྲ་དགེ་བའི་བགོ་སྐལ་མེད། །ས་བོན་ཚིག་འདྲ་བྱང་ཆུབ་མྱུ་གུ་མེད། །ལོང་བ་དང་འདྲ་ཆོས་གཟུགས་སྣང་བ་མེད། །འཁོར་དོང་ཆུད་འདྲ་གཏན་དུ་འཁོར་བར་འཁྱམས། །ཞེས་གསུངས་ཏེ། དད་པའི་ཡོན་ཏན་དང་ཕན་ཡོན་བཤད་པའི་ལྡོག་ཕྱོགས་ནས་དད་པ་མེད་པའི་སྐྱོན་ཡང་རང་ཤུགས་ཀྱིས་གོ་ཡང་དངོས་བསྟན་ནི་རྒྱ་མཚོའི་གཏིང་གི་ཕ་ཝང་སྟེང་དུ་མི་འབྱུང་བ་ལྟར་དད་པ་མེད་ན་ཐར་པའི་སྐམ་སར་འབྱུང་མི་སྲིད། མཚོ་གཏིང་གི་རྡོ་ལྟར་དུ་སྐམ་དུས་ཤིག་ཡོང་རྒྱུ་མེད། ཐར་བའི་ལམ་དུ་ཐོན་མི་སྲིད། མཉན་པའམ་གྲུ་པ་མེད་པའི་གྲུས་ཕ་རོལ་ཏུ་མི་ཕྱིན་པ་ལྟར་དད་པ་མེད་ན་སྡུག་བསྔལ་གྱི་ཆུ་བོ་ལས་སྒྲོལ་མི་སྲིད། ལག་རྡུམ་མམ་ལག་མགོ་མེད་པའི་མི་ཞིག་གསེར་གྱི་གླིང་དུ་ཕྱིན་ཡང་ལེན་མི་ཤེས་པ་ལྟར། དད་པ་མེད་ན་ཡོན་ཏན་རྒྱུད་ལ་ལོན་མི་སྲིད། ས་བོན་མེས་ཚིག་པ་ལ་མྱུ་གུ་མི་འབྱུང་བ་ལྟར་དུ། དད་པ་མེད་ན་བྱང་ཆུབ་ཀྱི་མྱུ་གུ་འཁྲུངས་མི་སྲིད། ལོང་བ་ལྷ་ཁང་དུ་ཕྱིན་པ་ལྟར། དད་པ་མེད་ན་ཆོས་ཀྱི་སྣང་བ་མཐོང་མི་སྲིད། སྤྱང་མོ་འཁོར་དོང་དུ་ཚུད་པ་ལྟར་དད་པ་མེད་ན་ཅི་བྱས་འཁོར་བའི་ལས་སུ་གྱུར་པས། ནམ་ཡང་ཐར་པའི་བྱང་ཆུབ་ཐོབ་མི་སྲིད་པའི་སྐྱོན་ཡོད་དོ། །ཆོས་བཅུ་པ་ལས། དད་པ་མེད་པའི་མི་དག་ལ། །དཀར་པོའི་ཆོས་རྣམས་མི་འབྱུང་ངོ་། །ཞེས་སོ། །གསུམ་པ་ལ། དང་པོ་དད་པ་བསྐྱེད་པ། མཐར་བརྟན་པར་བྱ་བ་གཉིས། དང་པོ་ལ། རྒྱུ་རྐྱེན་འབྲས་བུའི་རྣམ་པར་གཞག་པ་དང་། དེ་དག་གི་མཇུག་བསྡུས་ཏེ་དད་པར་གདམས་པ་གཉིས། དང་པོ་ལ། དད་པ་སྐྱེ་བའི་རྒྱུ། སྤེལ་བའི་རྐྱེན། འབྲས་བུ་གོམས་པའི་ཚད་གསུམ། དང་པོ་ལ། བླང་བྱ་དད་པ་སྐྱེ་བའི་རྒྱུ། སྤང་བྱ་འགྲིབ་པའི་རྐྱེན་གཉིས། དང་པོ་ལ། ཡུལ་གང་ལ་སྐྱེ་བ་དང་། ཚུལ་གང་གིས་འཕེལ་བ་གཉིས། དང་པོ།

ཡུལ་གང་ལ་སྐྱེ་བ་བསྟན་པ།

དེ་ཡང་དད་པ་མེད་ན་གྱོང་ཆེ་བས། དད་པ་སྐྱེད་དགོས། དེ་ལ་སྐྱེ་བའི་ཡུལ་ནི། ཆོས་དཀར་དད་པ་སྐྱེ་བའི་ཡུལ་དྲུག་ནི། །འདོད་པའི་དད་པ་སྲིད་ལ་སྐྱོ་བས་སྐྱེ། །མོས་པའི་དད་པ་གྲོགས་ངན་སྐྱོ་བས་སྐྱེ། །གུས་པའི་དད་པ་ཚེ་འདིར་སྐྱོ་བས་སྐྱེ། །དང་བའི་དད་པ་ཡུལ་མཆོག་དག་ལས་སྐྱེ། །ཡིད་ཆེས་དད་པ་རྒྱུ་འབྲས་ཐོས་ལས་སྐྱེ། །ངེས་སེམས་དད་པ་ཐོས་བསམ་དག་ལས་སྐྱེ། །ཞེས་གསུངས་ཏེ། འདོད་པའི་དད་པ་ནི་ཡུལ་འཁོར་བའི་རང་བཞིན་མཐོང་བས་དེ་ལ་སྐྱོ་བ་སྐྱེས་ནས་དེ་ལས་སྐྱོབ་བའི་སྐྱབས་འཚོལ་འདོད་དང་བཅས་པ་དེ་འདོད་པའི་དད་པ་ཡིན་པས་དེ་ལས་སྐྱེ་བའོ། །མོས་པའི་དད་པ་སྡིག་གྲོགས་ལ་སྐྱོ་བ་སྐྱེས་པ་ལས་ཡང་དག་པའི་སྟོན་དང་བསྟན་པར་དད་པ་སྐྱེའོ། །གུས་པའི་དད་པ་དཀོན་མཆོག་གི་རྟེན་ངོ་མཚར་ཅན་མཇལ་བ་ལས་སྐྱེའོ། །དང་བའི་དད་པ་ཡུལ་མཆོག་གི་རྟེན་ནམ་ཐུབ་པའི་སྐྱེས་རབས་དང་དམ་པའི་རྣམ་ཐར་སོགས་གཏམ་རྒྱུད་གོ་བ་ལས་སྐྱེ་བས་དེ་སྐྱེ་བའི་ཆེད་དུ་དེང་སང་རྣམ་ཐར་ལ་སོགས་པ་གསུང་བཅུག་པ་ཡང་དེས་སོ། །ཡིད་ཆེས་པའི་དད་པ་བསླུ་མེད་རྒྱུ་འབྲས་ཀྱི་གཏམ་དང་མན་ངག་ཐོས་པ་ལས་སོ། །ཆོས་ལ་སེམས་པའི་དད་པ་ཟབ་མོའི་གཞུང་ཐོས་པ་ལས་སོ། །དེ་དག་རང་བཞིན་གྱིས་མ་སྐྱེས་ན་ཡུལ་དེ་དག་གི་རང་བཞིན་ལ་དམིགས་སུ་བཅུག་ནས་སྐྱེར་གཞུག་གོ །བླ་མས་སློབ་མ་སྐྱོང་དུས་སློབ་མ་ལས་འཕྲོ་ཅན་ཡིན་ན་གཞི་དད་པ་རྐྱེན་གྱིས་རང་ཤུགས་སུ་སད་ཀྱང་། ཅུང་ཟད་ལས་འཕྲོ་ཅན་རྣམས་ལ་ཡང་དམིགས་པ་འདུན་པ་བྱེད་འཇུག་རྒྱུ་དང་། རང་ཉིད་ཀྱིས་ཀྱང་འཁོར་བའི་སྡུག་བསྔལ། སྡིག་གྲོགས་ཀྱི་གནོད་པ། དཀོན་མཆོག་གི་ཡོན་ཏན། རྒྱུ་འབྲས་བསླུ་མེད། ཟབ་མོའི་ཆོས་ཀྱི་ཕན་ཡོན་དང་ཟབ་ཁྱད་སོགས་ལ་བློས་སྦྱོང་ཞིང་གོམས་འདྲིས་བྱེད་དགོས་སོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། དད་པ་དང་ལྡན་པ་ཞེས་བྱ་བ་ནི། ཡུལ་གོང་མ་ལ་དད་པ་མང་བ་སྟེ། དགེ་བའི་བཤེས་གཉེན་བསྟེན་པ་དང་། འཕགས་པ་ལ་བལྟ་བར་འདོད་པ་དང་། དམ་པའི་ཆོས་ཉན་པར་འདོད་པ་དང་། ལས་དང་རྣམ་པར་སྨིན་པ་ལ་ཡིད་ཆེས་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ལ་སོགས་པ་དགེ་བའི་བཤེས་གཉེན་དུ་ཤེས་ནས་ཡིད་ཆེས་པས་བསྟེན་པ་དང་མཉེས་པར་བྱེད་པའོ་ཞེས་སོ། །གཉིས་པ།

ཚུལ་གང་གིས་འཕེལ་བ་བསྟན་པ།

དད་པ་འཕེལ་བའི་རྒྱུ་ལ་བརྟེན་ནས་གོང་དུ་སྤེལ་བ་ནི། རྒྱུ་ལ་བརྟེན་ནས་གོང་དུ་སྤེལ་བ་ཡང་། །དམ་པ་བསྟེན་དང་དགེ་གྲོགས་མདོ་རྒྱུད་བལྟས། །འཆི་བ་བསམ་དང་ལས་འབྲས་ཡིད་ཆེས་བྱས། །ཐོས་བསམ་སྒོམ་པ་སྔར་བས་བརྩོན་པ་སྟེ། །དེ་ལས་དད་པ་གོང་འཕེལ་ཉིད་དུ་འགྲུབ། །ཅེས་གསུངས་ཏེ། བླ་མ་དམ་པ་ལ་བསྟེན་ཏེ་མོས་གུས་སྙིང་ནས་བྱས་པ་ལས་དད་པ་འཕེལ། གྲོགས་ཁྱད་པར་ཅན་ཆོས་དང་རང་རྒྱུད་འདྲེས་པ་ལ་བསྟེན་ནས་ཡང་དད་པ་འཕེལ། མདོ་རྒྱུད་ཟབ་མོ་བལྟས་པ་ལས་དད་པ་འཕེལ། འཆི་བ་ཡེངས་མེད་དུ་བསམས་པ་ལས་དད་པ་འཕེལ། ལས་རྒྱུ་འབྲས་ཀྱི་གཏམ་རྒྱུད་མཐོང་ཐོས་ལས་ཀྱང་དད་པ་འཕེལ། ཟབ་མོའི་སྒོམ་སྒྲུབ་སྔར་བས་ཐུན་ཆེར་བྱས་པ་ལས་འཕེལ་ཏེ། གསང་བ་བསམ་གྱིས་མི་ཁྱབ་པ་ལས། དེས་ནི་ཉེས་པར་སྤྱོད་པ་རྣམས་ལ་མི་འཇུག་ཅིང་། འཕགས་པ་རྣམས་ཀྱིས་བསྔགས་པའི་ལས་བྱེད་པའི་ཕྱིར་རོ་ཞེས་སོ། །དེ་ལྟར་ཐམས་ཅད་རེ་རེའི་སྒོ་ནས་ཉིན་རེ་བས་ཉིན་རེ་གོང་དུ་སྤེལ་དགོས་སོ། །གཉིས་པ།

འགྲིབ་རྐྱེན་བསྟན་པ།

དད་པ་འགྲིབ་པའི་རྐྱེན་ཤེས་པར་བྱས་ལ་སྤང་བ་ནི་ཞེས་མཚམས་སྦྱར་ཏེ། འགྲིབ་པའི་རྐྱེན་ནི་བླ་མའི་སྐྱོན་ལ་རྟོག །ཐ་མལ་དང་འགྲོགས་འདོད་ཡོན་རང་དགར་སྤྱོད། །ལེ་ལོ་སྙོམ་ལས་འཇིག་རྟེན་བྱ་བ་མང་། །དེ་དག་ལ་སོགས་ཆོས་མིན་ལས་རྣམས་ཏེ། །བདུད་ཀྱིས་བྱིན་བརླབས་དུས་སུ་འགྲིབ་པར་གསུངས། །ཞེས་གསུངས་ཏེ། དམ་པའི་ཆོས་ལ་ཞུགས་དུས་བདུད་རྣམས་བར་དུ་གཅོད་པས། དེས་བྱིན་གྱིས་བརླབས་པའི་དུས་སུ་དད་པ་འགྲིབ་པར་གསུངས་ཏེ། རང་ལ་བདུད་ཞུགས་ནས་བྱིན་གྱིས་བརླབས་པའི་རྟགས་སུ་བླ་མ་དགེ་བའི་བཤེས་གཉེན་གྱི་སྐྱོན་ལ་རྟོག་པ་དང་། ཆོས་བྱེད་སྤྱིའི་ངན་སྐྱོན་ལ་རྟོག་པ་དང་། ཐ་མལ་གྱི་གྲོགས་དང་འགྲོགས་པ་དང་། ཉམས་ལེན་གྱི་བརྩོན་འགྲུས་འགྲིབ་པ་དང་། འདོད་ཡོན་རང་དགར་སྤྱོད་པ་དང་། དཀོན་མཆོག་ལ་མོས་གུས་མེད་པ་སྟེ། འདིའི་དུས་སུ་བཟློག་པའི་ཐབས་ནི། བླ་མ་དཀོན་མཆོག་ཆོས་གྲོགས་དང་བཅས་པའི་ཡོན་ཏན་བསམ་ཞིང་། ཆོས་བྱེད་ཐམས་ཅད་ལ་དག་སྣང་དང་མོས་གུས་བསྐྱེད། ཕ་རོལ་ངན་པར་མཐོང་བ་དེ་རང་མ་དག་པའི་རྟགས་ཏེ་དུང་སེར་པོར་འཛིན་པ་བཞིན་ནོ་སྙམ་དུ་རང་ལ་གྲོས་གདབ། ཐ་མལ་པ་དང་མི་འགྲོགས། འདོད་ཡོན་གྱི་ཉེས་དམིགས་དྲན་པར་བྱས་ལ། དད་པ་འགྲིབ་པའི་རྐྱེན་དེ་བདུད་དུ་ཤེས་པར་བྱའོ། །ཡུམ་ལས། བདུད་སྡིག་ཏོ་ཅན་ནི་ལས་དང་པོ་པ་དག་གི་མདུན་དུ་འོངས་ནས་མོས་པ་དག་ཀྱང་ཟློག་པར་བྱེད། བྱང་ཆུབ་སེམས་དཔའི་སྤྱོད་པ་དག་ཀྱང་ཕྱིར་ཕྱོགས་པར་བྱེད་དོ་ཞེས་སོ། །བདུད་ཁོག་ལ་ཞུགས་པ་ནི་ཆོས་པའི་བར་ཆད་ཆེ་ཤོས་ཡིན། དེ་ཡང་ཆོས་པ་སྐྱོན་མེད་ཅིག་ཡོང་བར་འདུག་ན་བདུད་ཀྱིས་བར་ཆད་ལྷག་པར་བྱེད་པ་ཡིན་ཏེ། འདིས་བསྟན་པའི་རྒྱལ་མཚན་སྒྲེང་བ་དང་། མི་མཐུན་བདུད་ཀྱི་རུ་མཚོན་སྙིལ་བ་དང་། ཁྱད་པར་དུ་དམ་པའི་ཆོས་འཛིན་ནས་རྒྱལ་བའི་གདུང་འཚོབ་པར་འདུག་སྙམ་ནས་བར་ཆད་བྱེད་ལ། གཞན་ཐ་མལ་པ་དང་། ཁྱད་པར་དུ་དང་པོ་ཉིད་ནས་བདུད་ལས་ལ་དགའ་བ་ཞིག་ལ་བདུད་དང་བདུད་ཀྱི་བར་ཆད་མི་འཇུག་སྟེ། སར་འགྱེལ་བ་སླར་འགྱེལ་དུ་མེད་པ་བཞིན་ནོ། །དེས་ན་རང་གིས་རང་ལ་བརྟགས་ནས། སྔར་དང་མ་འདྲ་བའི་དད་པ་མར་འགྲིབ་པ་དང་། བླ་མ་དང་ཆོས་གྲོགས་ཀྱི་སྐྱོན་ཞིག་རིག་ན་དགའ་སྣང་ཤར་བ་དང་། ཆོས་པ་ཞིག་ལ་མི་འདོད་པ་ཡོང་ན་དགའ་བ་སྐྱེ་བ་དང་། ཆོས་པའི་སྐྱོན་འཚོལ་བ་དང་། སྐྱོན་འབའ་ཞིག་བཤད་པར་དགའ་བར་འདུག་ན་བདུད་ཀྱི་བར་ཆད་ཡིན་པས་ཟློག་ཐབས་ལ་འབད་དགོས་སོ། །གཉིས་པ།

དད་པ་སྐྱེ་བའི་རྐྱེན་བསྟན་པ།

དད་པ་སྐྱེ་བའི་རྐྱེན་ལ་བློ་རྒྱུན་མཐུད་པར་གདམས་པ་ནི། རྐྱེན་ལས་སྐྱེ་བའི་དུས་སུ་བསྐྱེད་པ་ནི། །སྐྱེ་ཤིའི་འཕོ་འགྱུར་མཐོང་དང་ནད་གདོན་གཙེས། །སྡུག་བསྔལ་ཐོག་ཏུ་བབ་དང་ཆོས་ཐོས་དང་། །གོང་མའི་རྣམ་ཐར་ཐོས་དང་སྐྱེས་རབས་ཐོས། །དེ་དག་རྐྱེན་ལས་སྐྱེས་ཚེ་འཕྲོ་མཐུད་ལ། །དད་པའི་མཆོག་རབ་རྟག་ཏུ་བསྒོམ་པར་བྱ། །ཞེས་གསུངས་ཏེ། སྐྱེ་ཤིའི་འཕོ་འགྱུར་མཐོང་དུས་དད་པ་སྐྱེ་བའི་རྐྱེན་ཡིན་པས་གཞན་དག་ཤི་བ་སེམས་ལ་བླང་ཞིང་བགྲངས་ལ་མི་རྟག་པའི་རང་གཤིས་ལ་སྐྱོ་བ་བསྐྱེད་ནས་དད་པ་སྐྱེད་དགོས། ནད་གདོན་གྱི་བར་ཆད་བྱུང་དུས་རྐྱེན་ངན་དགེ་བསྐུལ་དུ་ལོག་ནས་དད་པ་སྐྱེ་བའི་རྐྱེན་ཡིན་པས་དགེ་བསྐུལ་གྱི་སློབ་དཔོན་དུ་ཤེས་པར་བྱས་ལ་སྐྱེད་དགོས། རྐྱེན་ངན་གྱི་སྡུག་བསྔལ་བྱུང་དུས་འཁོར་བའི་སྡུག་བསྔལ་ནི་འདི་ལྟར་རོ་སྙམ་པ་དད་པ་སྐྱེ་བའི་རྐྱེན་ཡིན་པས་བྱང་ཆུབ་ཀྱི་འདྲེན་པར་ཤེས་པས་དད་པ་སྐྱེད་དགོས། དམ་པའི་ཆོས་ཐོས་དུས་དད་པ་སྐྱེ་བའི་རྐྱེན་ཡིན་པས་དེའི་སྐབས་སུ་ཡང་དག་པའི་འཇུག་ལྡོག་ལ་དམིགས་པའི་དད་པ་སྐྱེད་དགོས། གོང་མའི་རྣམ་ཐར་ཐོས་དུས་དད་པ་སྐྱེ་བའི་རྐྱེན་ཡིན་པས་དཀའ་སྤྱད་ཆོས་ལ་སྤྱོད་པས་དད་པ་སྐྱེད་དགོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེའི་མདོ་སྡེ་སྐྱེས་རབས་ལྟ་བུ་ཐོས་དུས་དད་པ་སྐྱེ་བས། ཐེག་ཆེན་གྱི་བྱང་ཆུབ་ལ་དམིགས་ནས་དད་པ་སྐྱེད་དགོས་སོ། །དེའང་ཉིན་རེ་བཞིན་དེ་ཐམས་ཅད་དམ་གང་རུང་རེ་རེའི་སྒོ་ནས་རང་གི་བློ་དང་བསྟུན་པའི་སྒོ་ནས་གང་གིས་ཕན་ཐོགས་པ་དེའི་སྒོ་ནས་དད་པ་བསྐྱེད་པ་ལ་འབད་པ་གལ་ཆེ་བས། ཐང་ལྷོད་མེད་པར་དུས་རྒྱུན་དུ་དད་པ་མར་མི་འགྲིབ་པའི་སྟེང་དུ་ཡར་འཕེལ་ཐབས་བྱས་ནས་གང་ལའང་སྣུམ་དྲེད་མ་ཁྱེར་བ་གཅེས་སོ། །ད་དེ་ཡན་ཆོད་ཀྱིས་སེམས་ཆོས་ལ་སྣང་བའི་བསམ་བྱ་དད་པ་བཤད་པའི་སྐབས་ནས། དད་པའི་རང་བཞིན། དད་པ་དེ་ཉིད་བསྐྱེད་དགོས་པའི་རྒྱུ་མཚན། ཇི་ལྟར་བསྐྱེད་པའི་ཚུལ་ལ་སོགས་པ་བཤད་ནས། གང་ལའང་སྣུམ་དྲེད་མ་ཁྱེར་བ་གཅེས་སོ་ཞེས་པའི་མཚམས་འདིར་འཇོག་རྒྱུ་བྱེད། འཇོག་སའི་མཚམས་ཀྱི་ཚིག་འདི། མན་ངག་གོ་བདེ་ལ་དོན་ཟབ་པ། གནད་ལ་ཁེལ་བ་ངོ་མ་ཞིག་སྟེ། སྣུམ་དྲེད་ཅེས་པ་ནི་མར་ནག་མང་པོ་རྒྱ་ལམ་གཟར་ས་ཞིག་ཏུ་བླུགས་ཡོད་ན་རྡོག་མི་ཆགས་པར་བྱིད་སོང་བ་ལྟར་ཏེ། འུ་ཚོ་ས་མཐོ་སྒང་གི་ས་ཆ་ལ་མཚོན་ན་དར་བྱིད་འཐེན་སོང་བ་ལྟ་བུ་རེད་མ་ཤོར་བར་གཅེས་སོ་ཞེས་པ་སྟེ། དར་ཐོག་ནས་བསམ་ལོང་དྲན་ལོང་མེད་པར་བྱིད་སོང་བ་དང་མཚུངས་པར་ཆོས་ཚིག་རེ་རེ་བཞིན་དུ་ཉན་ན་ཡང་འདི་གོ་དེ་གོ་མེད་པ་དེ་འདྲ་མ་བྱེད་པར་གདམས་ངག་སྣ་རེ་ཡིན་ཀྱང་ཉམས་སུ་ཨེ་ལོན་ལྟ་བ་ནི་ཤིན་ཏུ་གཅེས་སོ་ཞེས་པའི་དོན་ཏོ། །འདི་ནས་དམིགས་ཀྱིས་བཀལ་ནས་གསུངས་རྒྱུ་བོ་དད་པ་སྟེ། དད་པ་ནི་འཕགས་ནོར་བདུན་གྱི་དང་པོ་ཡིན་པས་དེའི་ནོར་དེ་མེད་ན་དབུལ་པོ་ཡིན། གལ་ཏེ་སེམས་ཅན་ཡིན་པའི་སྐབས་སུ་དད་པ་འདི་རྒྱུད་ལ་སྐྱེས་ན་དེའི་སེམས་ཅན་དེ་རིང་པོར་མི་ཐོགས་པར་འཕགས་པར་འགྱུར་བའི་རྟགས་ཡིན། དད་པ་ཡོད་པས་དགེ་བའི་ལས་ལམ་བཅུ་ལ་སྤྱོད་ནས་ཡོན་ཏན་གོང་དུ་འཕེལ་བ་ཡིན། མདོར་ན་ཉམས་ལེན་གྱི་གནད་ཐམས་ཅད་སྣུམ་དྲེད་མི་ཁུར་བར་རང་གི་རྒྱུད་ལ་ལོངས་ཞེས་ཕྱི་རབས་རྣམས་ལ་ཞལ་ཆེམས་ཀྱི་ཚུལ་དུ་གདམས་པའོ། །དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱིས་དུས་གསུམ་བསག་དང་ཡོད་པའི་དགེ་བའི་རྩ་བ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས་ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས། བསྟན་འཛིན་གྱི་སྐྱེས་བུ་གང་ན་སུ་བཞུགས་ཐམས་ཅད་ཀྱི་སྐུ་ཚེའི་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཐམས་ཅད་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་སྤྱོད་དེ་མཐར་ཐུག་སེམས་ཅན་ཐམས་ཅད་བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་རིན་པོ་ཆེར་འགོད་པའི་ཕྱིར་དུ། རྗེ་བཙུན་འཇམ་པའི་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་ཟབ་མོ་གནང་བར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆི་རྦ་བརླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་གྲོལ་བར་ཤོག།


previousཉིན་ཉེར་བཞི་པའི་ཆོས་ཁྲིད། next