Nitartha Digital Library
Tibetan
 
previousཉིན་ཉེར་དྲུག་པའི་ཆོས་ཁྲིད། next

ཉིན་ཉེར་དྲུག་པའི་ཆོས་ཁྲིད།

ནམ་མཁའི་མཐའ་དང་མཉམ་པའི་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད། རྒྱུ་ཀུན་འབྱུང་ལས་ཉོན་སྣ་ཚོགས་ཀྱི་དབང་གིས། འབྲས་བུ་ཁམས་གསུམ་མམ་རིགས་དྲུག འགྲོ་བ་རྒྱུད་ལྔས་བསྡུས་པའི་སྡུག་བསྔལ་རྣམ་པ་སྣ་ཚོགས་འདི་མྱངས་དང་། འདི་མ་མྱངས་ཟེར་རྒྱུ་མེད་པ་ཞིག་མྱོང་བཞིན་ཡོད་པ་དེ་ཐམས་ཅད་སྡུག་བསྔལ་མི་འདོད་པ་དང་། བདེ་བ་འདོད་པ་ལ་ཁྱད་མེད་པ་ཡིན། འོན་ཀྱང་དེ་དག་གིས་བདེ་བ་འདོད་ཀྱང་བདེ་བའི་རྒྱུ་སྒྲུབ་མི་ཤེས། སྡུག་བསྔལ་མི་འདོད་ཀྱང་དེའི་རྒྱུ་སྤང་མི་ཤེས་པར། འཁོར་བ་སྡུག་བསྔལ་གྱི་གནས་འདིར་ཨ་འཁོར་ཡང་འཁོར་བྱས་ནས་འཁོར་རྒྱུན་ཆད་དུ་མེད་པའི་གནས་འདི་ནས་ཕྱོགས་གར་འགྲོ་ངོ་མི་ཤེས། ཐར་ལམ་གང་ནས་འཚོལ་དགོས་ངོས་མི་ཟིན་པར། རྨོངས་པ་མ་རིག་པའི་གཞན་དབང་དུ་འཁྱམ་བཞིན་ཡོད་ཅིང་རང་ཅི་འདྲ་རོགས་ཀྱང་དེ་འདྲ་ཡིན་པའི་སེམས་ཅན་འདི་དག་སྙིང་རེ་རྗེ། ད་རེས་ངས་གཏན་བདེ་ཐར་བའི་ལམ་ཞིག་རྙེད་པ་བྱར་ཡོད་པའི་སྐབས་འདིར། ང་ཟེར་ན་སེམས་ཅན་ཁེ་རུ་མ་ཞིག་རེད་དེའི་རང་དོན་དེ་མི་བསྒྲུབ། གཞན་ཟེར་ན་ནམ་མཁའི་གར་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ལ་ཟེར་བས་གཞན་དོན་གྱིས་གནད་ཆེ་བར་འདུག ད་རང་དོན་གཞན་དོན་གང་བསྒྲུབ་བསམ་ན་ཡང་སྒྲུབ་ལུགས་ཤེས་པའི་ལམ་གྱི་འདུས་མདོ་ལ་ཐོན་དུས། གཞན་དེ་འདྲའི་མང་པོ་ཞིག་ཕ་མ་བྱེད་མ་མྱངས་ཡང་བློས་གཏང་ཕོད་པར་མི་འདུག དེ་ཐམས་ཅད་སྡུག་མྱོང་དུ་ཆུག་ང་ཁེ་རུ་མ་བདེ་དགོས་ཟེར་ན། མ་རབས་ཐ་ཤལ་གྱི་བསམ་སྤྱོད་ཅན་གྲུབ་མཐས་བློ་མ་བསྒྱུར་རུང་ཡ་རབས་མི་ཆོས་ལ་རྩི་མཁན་ཞིག་གིས་མི་བྱེད་རྒྱུ་ཞིག་རེད། དེས་ན་ཁམས་གསུམ་རིགས་དྲུག་གི་འགྲོ་བ་དེ་འདྲའི་མང་པོ་ཞིག་གི་དོན་མི་དགོས་དང་། ཆོས་ར་གཅིག་གི་ནང་གི་མི་བརྒྱ་ཚོ་སྟོང་ཚོ་དུ་ཡོད་པ་དེ་ཐམས་ཅད་སྐྱིད་པ་དང་ཁྱོད་རང་ཁེ་རུ་མ་སྐྱིད་པ་གཉིས་གང་འདོམས་པ་ཡིན་ཟེར་ན། འདི་འདྲའི་མང་པོ་ཞིག་སྐྱིད་པ་ལ་ཕན་ཞིག་ཐོགས་ན་ང་སྡུག་པ་དེས་སྡུག་གོ་ཆོད་སོང་བ་རེད། དེ་སྡུག་ཅིག་མ་རེད་སྐྱིད་ཅིག་རེད་བསམ་དགོས་པ་ཡིན། དེ་ལྟར་དུ་ད་རེས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐེག་པ་ཆེན་པོའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཡིན་པས། སེམས་མཆོག་བསྐྱེད་པ་མི་གཙོ། སྐྱེས་པ་གཙོ། །གསུངས་པ་ཡིན་པས་སྨོན་འཇུག་གི་བསླབ་བྱ་ལ་ཚུལ་བཞིན་དུ་བསླབ་པ་ནི་གལ་ཆེ་བ་ཡིན། དེ་ཡང་སྨོན་འཇུག་གི་བསླབ་བྱ་ལ་ཚུལ་བཞིན་དུ་བསླབས་ནས་འཇུག་དགོས་པས། འཇུག་པའི་བསླབ་བྱ་ཕ་རོལ་ཕྱིན་དྲུག་གི་ནང་ནས་སྦྱིན་ཚུལ་གཉིས་ཀ་རགས་ཙམ་ཞིག་ཁ་སང་གླེངས་ནས། དེ་རིང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི། གང་ཞིག་སྦྱིན་པ་ཚུལ་ཁྲིམས་གཉིས་དང་ལྡན་ཡང་བཟོད་པ་དང་མི་ལྡན་ན། དེ་ལ་ཁོང་ཁྲོ་སྐྱེའོ། །ཁོང་ཁྲོ་སྐྱེས་ན་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་སྔར་བྱས་ཀྱི་དགེ་བ་ཐམས་ཅད་དུས་གཅིག་ལ་ཟད་པར་འགྱུར་རོ། །དེ་ལྟར་ཡང་སྤྱོད་འཇུག་ལས། བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང་། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཅེས་གསུངས་སོ། །ཡང་བཟོད་པ་དང་མི་ལྡན་ན། ཞེ་སྡང་ཁོང་དུ་ཞུགས་པས། མདའ་དུག་ཅན་ཁོང་དུ་ཞུགས་པ་དང་འདྲ་སྟེ། ཡིད་ལ་ཟུག་རྔུ་ལངས་ནས་དགའ་བདེ་དང་ཞི་བ་མི་མྱོང་སྟེ། ཐ་མ་གཉིད་ཀྱང་མི་ཕེབས་པའོ། །ཡང་བཟོད་པ་དང་མི་ལྡན་ན། ཁོང་དུ་ཞེ་སྡང་ཞུགས་པས་ཕྱི་རོལ་དུ་ཁྲོ་གཏུམ་འབྱུང་སྟེ། དེས་མཛའ་བཤེས་དང་གཡོག་འཁོར་ཐམས་ཅད་སྐྱོ་ཞིང་སུན་ནས། ནོར་ཟས་བྱིན་ཡང་འཁོར་དུ་མི་བཏུབ་བོ། །ཡང་བཟོད་པ་དང་མི་ལྡན་ན། བདུད་ཀྱིས་གླགས་རྙེད་ནས་བར་ཆད་འཇུག་གོ །ཡང་བཟོད་པ་དང་མི་ལྡན་ན། སངས་རྒྱས་ཀྱི་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་མ་ལོངས་པས་བླ་མེད་ཀྱི་བྱང་ཆུབ་མི་ཐོབ་བོ། །དེ་ལས་བཟློག་སྟེ་བཟོད་པ་དང་ལྡན་ན། དེ་ཉིད་དགེ་བའི་རྩ་བ་རྣམས་ཀྱི་ནང་ན་མཆོག་ཡིན་ནོ། །དེ་ལྟར་ཡང་། ཞེ་སྡང་ལྟ་བུའི་སྡིག་པ་མེད། །བཟོད་པ་ལྟ་བུའི་དཀའ་ཐུབ་མེད། །དེ་བས་བཟོད་ལ་ནན་ཏན་དུ། །སྣ་ཚོགས་ཚུལ་གྱིས་བསྒོམ་པར་བྱ། །ཞེས་གསུངས་སོ། །ཡང་བཟོད་པ་དང་ལྡན་ན། གནས་སྐབས་སུ་ཡང་བདེ་ལེགས་ཐམས་ཅད་ཐོབ་པ་དང་། ཡང་བཟོད་པ་དང་ལྡན་ན་བླ་མེད་ཀྱི་བྱང་ཆུབ་ཐོབ་པ་ཡིན་ནོ། །བཟོད་པའི་ངོ་བོ་ནི། ཇི་མི་སྙམ་པ་སྟེ། དེ་ལ་དབྱེ་ན་གསུམ་སྟེ། གཞན་གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པ་དང་། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང་། ཆོས་ལ་ངེས་པར་སེམས་པ་ལ་མོས་པའི་བཟོད་པའོ། །དེ་ལས་དང་པོ་ནི། གནོད་པ་བྱེད་པའི་སེམས་ཅན་གྱི་རང་བཞིན་ལ་དཔྱད་ནས་བཟོད་པར་བྱེད་པའོ། །གཉིས་པ་ནི། སྡུག་བསྔལ་གྱི་ངོ་བོ་ལ་དཔྱད་ནས་བཟོད་པར་བྱེད་པའོ། །གསུམ་པ་ནི། ཆོས་རྣམས་ཀྱི་ཕྱིན་ཅི་མ་ལོག་པ་ཉིད་ལ་སོ་སོར་བརྟགས་པའི་སྒོ་ནས་བཟོད་པར་བྱེད་པའོ། །ཡང་དང་པོ་གཉིས་ཀུན་རྫོབ་ཀྱི་དབང་དུ་བྱས་ནས་བཟོད་པ་སྒོམ་པ་ཡིན། ཕྱི་མ་དོན་དམ་གྱི་དབང་དུ་བྱས་པའོ། །དེ་དག་སོ་སོའི་མཚན་ཉིད་བཤད་ན། དེ་ལ་དང་པོ་ནི། བདག་གམ་བདག་གི་བ་ལ་བརྡེག་པ་དང་། གཤེ་བ་དང་། ཁྲོ་བ་དང་། མཚང་འབྲུ་བ་ལ་སོགས་པ་མི་འདོད་པ་བྱེད་པ་དང་། འདོད་པའི་བགེགས་བྱེད་པར་བདག་གིས་བཟོད་པར་བྱེད་པའོ། །དེ་ཡང་། གཞན་དག་བདག་ལ་གནོད་པར་བྱེད་པ་དེ། ཁོ་ལ་རང་དབང་མེད་པར་བརྟག་པ་དང་། རང་གི་ལས་ཀྱི་ཉེས་པ་བརྟག་པ་དང་། ལུས་ཀྱི་ཉེས་པར་བརྟག་པ་དང་། སེམས་ཀྱི་ཉེས་པར་བརྟག་པ་དང་། སྐྱོན་ཅན་ཁྱད་མེད་དུ་འགྱུར་བར་བརྟག་པ་དང་། ཕན་འདོགས་པར་བརྟག་པ་དང་། དྲིན་ཆེ་བར་བརྟག་པ་དང་། སངས་རྒྱས་མཉེས་པར་བརྟག་པ་དང་། ཕན་ཡོན་ཆེ་བར་བརྟག་ལ་བཟོད་པར་བྱ་བ་གསུངས་སོ། །དེ་ལ་དང་པོ་ནི། ལྷ་སྦྱིན་ལྟ་བུ་བདག་ལ་གནོད་པར་བྱེད་པ་དེ་ནི་ཞེ་སྡང་གིས་རང་དབང་མེད་ལ། ཞེ་སྡང་ནི་ཡུལ་ཡིད་དུ་མི་འོང་བས་དབང་མེད་དེ། དེས་ན་ཁོ་ལ་རང་དབང་མེད་པ་ཡིན་པས། བདག་གིས་ལན་བྱ་བར་མི་རིགས་པ་དང་། རང་གི་ལས་ཀྱི་ཉེས་པར་བརྟག་པ་ནི། བདག་གིས་ད་ལྟ་མྱོང་བའི་གནོད་པ་འདི་ཁོ་ན་འདྲ་བ་གཅིག་སྐྱེ་བ་སྔ་མ་ལ་བྱས་པས་གནོད་པ་འདི་བྱུང་བ་ཡིན། དེས་ན་རང་གི་ལས་ངན་གྱིས་ཉེས་པས་ན་གཞན་ལ་ལན་བྱ་བར་མི་རིགས་པ་དང་། རང་གི་ལུས་ཀྱི་ཉེས་པར་བརྟག་པ་ནི། རང་ལུས་འདི་མེད་ན་ཕ་རོལ་པོས་མཚོན་ཆ་ལ་སོགས་པ་བརྡེག་ས་མི་རྙེད་དེ། དེས་ན་ལུས་འདི་ཡོད་པས་གནོད་པ་དེ་བྱུང་བ་ཡིན་ལ། གཞན་ལ་ལན་བྱ་བར་མི་རིགས་པ་དང་། སེམས་ཀྱི་ཉེས་པར་བརྟག་པ་ནི། རང་སེམས་འདིས་ལུས་བཟང་པོ་གཞན་གྱིས་གནོད་པ་བྱ་བ་མི་འཛིན་པར། ལུས་ངན་པ་གཟེ་རེ་ཅན་བཟུང་བས་གནོད་པས་ཚུགས་པ་ཡིན། དེས་ན་རང་གི་སེམས་ཀྱིས་ལན་པས། གཞན་ལ་ལན་བྱ་བར་མི་རིགས་པ་དང་། སྐྱོན་ཅན་ཁྱད་མེད་དུ་འགྱུར་བར་བརྟག་པ་ནི། ཇི་སྐད་དུ། ལ་ལ་རྨོངས་ཏེ་ཉེས་པ་བྱེད། །ལ་ལ་རྨོངས་ཏེ་ཁྲོས་གྱུར་ན། །དེ་ལ་སྐྱོན་མེད་གང་གིས་བྱ། །སྐྱོན་དང་བཅས་དེ་གང་ཞིག་ཡིན། །ཅེས་གསུངས་ཏེ། དེས་ན་སྐྱོན་ལ་འཛེམས་ཏེ་བཟོད་པར་བྱའོ། །ཕན་འདོགས་པར་བརྟག་པ་ནི། གནོད་བྱེད་ལ་བརྟེན་ནས་བཟོད་པ་སྒོམས། བཟོད་པ་བསྒོམས་པས་སྡིག་པ་བྱང་། སྡིག་པ་བྱང་བས་ཚོགས་རྫོགས། ཚོགས་རྫོགས་པས་འཚང་རྒྱ་སྟེ། དེས་ན་གནོད་བྱེད་འདི་དོན་གྱིས་ཕན་འདོགས་ཆེན་པོ་ཡིན་པས་བཟོད་པར་བྱའོ། །དྲིན་ཆེ་བར་བརྟག་པ་ནི། བྱང་ཆུབ་བསྒྲུབ་པ་ལ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མེད་དུ་མི་བཏུབ་ལ། བཟོད་པ་སྒོམ་པ་ལ་གནོད་བྱེད་མེད་དུ་མི་བཏུབ་སྟེ། དེས་ན་གནོད་བྱེད་འདི་ཆོས་ཀྱི་གྲོགས་པོ་དྲིན་ཅན་ཡིན་པས་གནོད་པ་ལ་བཟོད་པར་བྱའོ། །སངས་རྒྱས་མཉེས་པ་ནི། རྒྱལ་བའི་མཛད་པ་ནི་སེམས་ཅན་མགུ་བར་བྱ་བ་ཡིན་པས་བཟོད་པ་བསྒོམས་ན་སངས་རྒྱས་ཀྱི་འཕྲིན་ལས་བསྒྲུབས་པ་ཏེ་རྒྱལ་བ་རྣམས་མཉེས་པར་བྱས་པ་ཡིན་ནོ། །གཉིས་པ་སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་ནི། བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པའི་སྡུག་བསྔལ་རྣམས་ཀྱིས་མི་སྐྱོ་བར་དགའ་བའི་སེམས་ཀྱིས་དང་དུ་བླང་བའོ། །དེ་ཡང་དོན་གྱིས་འདི་རྣམས་ཡིན་ཏེ། རབ་ཏུ་བྱུང་ནས་ཆོས་གོས་དང་བསོད་སྙོམས་ལ་སོགས་པའི་རྩོལ་བའི་སྡུག་བསྔལ་དང་། དཀོན་མཆོག་དང་བླ་མ་མཆོད་ཅིང་བསྙེན་བཀུར་བ་དང་། ཆོས་ཉན་པ་དང་། བཤད་པ་དང་། ཁ་ཏོན་དང་། བསྒོམ་པ་དང་། ནམ་གྱི་ཆ་སྟོད་ཆ་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པ་དང་། སེམས་ཅན་གྱི་དོན་བྱེད་པ་ལ་སོགས་པ་རྩོལ་བ་ལས་བྱུང་བའི་སྡུག་བསྔལ་ཏེ། ངལ་བ་དང་། དུབ་པ་དང་། ཚ་བ་དང་། གྲང་བ་དང་། བཀྲེས་པ་དང་། སྐོམ་པ་དང་། སེམས་ཀྱི་འཁྲུག་པ་ལ་སོགས་པ་ཐམས་ཅད་ཀྱིས་མི་སྐྱོ་བར་དང་དུ་ལེན་པའོ། །དེ་ཡང་དཔེར་ན། ནད་དྲག་པོའི་སྡུག་བསྔལ་ཞི་བར་བྱ་བའི་ཆེད་དུ་གཏར་སོགས་ཀྱིས་ནད་འཆོས་པ་ལ་སོགས་པའི་སྡུག་བསྔལ་དང་དུ་ལེན་པ་བཞིན་ནོ། །གསུམ་པ་ཆོས་ལ་ངེས་པར་སེམས་པ་ལ་མོས་པའི་བཟོད་པ་ནི། དཀོན་མཆོག་གི་ཡོན་ཏན་ལ་སོགས་པ་གནས་བརྒྱད་ལ་མོས་པ་དང་། དེ་ཁོ་ན་ཉིད་ཀྱི་དོན་བདག་རྣམ་པ་གཉིས་ཀྱིས་སྟོངས་པའི་རང་བཞིན་ལ་མོས་ཤིང་བཟོད་པའོ། །བཟོད་པ་སྤེལ་བ་ནི། ཡེ་ཤེས་དང་། ཤེས་རབ་དང་། བསྔོ་བ་གསུམ་གྱིས་སྤེལ་བ་སྟེ། གོང་དུ་བསྟན་པ་ལྟར་རོ། །བཟོད་པ་དག་པར་བྱེད་པ་ནི། སྟོང་པ་དང་། སྙིང་རྗེས་ཟིན་པ་སྟེ། གོང་དུ་བསྟན་པ་ལྟར་རོ། །བཟོད་པའི་འབྲས་བུ་ནི། མཐར་ཐུག་དང་གནས་སྐབས་གཉིས་སུ་ཤེས་པར་བྱའོ། །དེ་ལ་མཐར་ཐུག་ནི་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་དང་། གནས་སྐབས་སུ་ནི་དེ་ལ་མ་དམིགས་ཀྱང་། ཚེ་རབས་ཐམས་ཅད་དུ་གཟུགས་མཛེས་པ་དང་། ནད་མེད་པ་དང་། སྙན་གྲགས་དང་། ཚེ་རིང་བ་དང་། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཐོབ་པ་ཡིན་ནོ། །དེ་ཡིས་རང་རེས་བཟོད་པ་རགས་རིམ་ཞིག་བཤད་དེ། ད་བརྩོན་འགྲུས་ཀྱི་ཕར་ཕྱིན་ནི། གང་ཞིག་སྦྱིན་པ་ལ་སོགས་པ་དེ་དག་དང་ལྡན་ཡང་། བརྩོན་འགྲུས་མེད་ན་ལེ་ལོ་ཅན་ཡིན་ཏེ། ལེ་ལོ་ཡོད་ན་དགེ་བ་མི་འགྲུབ། གཞན་དོན་མི་ནུས། བྱང་ཆུབ་མི་ཐོབ་པ་ཡིན། དེ་ལས་བཟློག་སྟེ། བརྩོན་འགྲུས་དང་ལྡན་ན། དཀར་པོའི་ཡོན་ཏན་ཐམས་ཅད་མི་འགྲིབ་ཅིང་འཕེལ་བར་འགྱུར་ནས་བླ་མེད་ཀྱི་བྱང་ཆུབ་མྱུར་དུ་ཐོབ་པ་ཡིན་ནོ། །བརྩོན་འགྲུས་ཀྱི་ངོ་བོ་ནི། དགེ་བ་ལ་སྤྲོ་བའོ། །དེ་ཡང་མི་མཐུན་པའི་ཕྱོགས་ལེ་ལོའི་གཉེན་པོ་ཡིན་ལ། ལེ་ལོ་ལ་གསུམ་སྟེ། སྙོམ་ལས་ཀྱི་ལེ་ལོ་དང་། སྒྱིད་ལུག་པའི་ལེ་ལོ་དང་། སྨད་པའི་ལེ་ལོའོ། །དེ་ལ་སྙོམ་ལས་ཀྱི་ལེ་ལོ་ནི། ཉལ་བ་དང་། གཉིད་པ་དང་། གཡེང་བ་དང་། འཁྱར་བ་དང་། ལྡོམ་པ་ལ་སོགས་པ་ཡིད་དལ་གྱི་བདེ་བ་ལ་ཆགས་ནས་མི་ཚེ་གཡེང་མ་ལམ་ལ་འཛད་དུ་འཇུག་པ་སྟེ། དེ་དག་སྤང་བར་བྱའོ། །འོ་ན་སྙོམ་ལས་ཀྱི་ལེ་ལོ་དེ་ཇི་ལྟར་སྤང་ན། ཚེ་ལོང་མེད་ལ་བསམས་ནས་སྡར་མའི་པང་དུ་སྦྲུལ་འོང་བ་ལྟར་འདོར་བའམ། སྒེག་མོའི་མགོ་ལ་མེ་ཤོར་བ་གསོད་པ་ལྟར་སྤངས་ནས་ཆོས་བསྒྲུབ་དགོས་སོ། །སྒྱིད་ལུག་པའི་ལེ་ལོ་ནི། བདག་ལྟ་བུ་ངན་པས་འབད་པ་བྱས་ཀྱང་བྱང་ཆུབ་ག་ལ་ཐོབ་སྙམ་ནས་སེམས་ཞུམ་པ་ཡིན་ཏེ། དེ་ལྟར་དུ་ཞུམ་མི་དགོས་པས་སྒྱིད་ལུག་དེ་སྤང་བར་བྱའོ། །ཇི་ལྟར་ཞུམ་མི་དགོས་སྙམ་ན། འབུ་དང་དང་སྦྲང་མ་བྱ་དང་རི་དྭགས་ཚོས་རང་རང་གིས་འབད་པའི་ལས་འགྲུབ་པ་ཡིན་ན། མི་ཞིག་ཡིན་དུས་དེའི་དྲག་ཅིག་དགོས་པ་ཡིན། དེ་ཡང་མི་གཅིག་གིས་འགྲུབ་རྒྱུ་དེ་ཐམས་ཅད་ཀྱིས་མི་འགྲུབ་རྒྱུ་ཅི་ཡོད། ད་ངོ་མས་བསམ་བློ་བཏང་ནས་བཤད་སོང་ན་བསྐལ་བ་བཟང་པོའི་སངས་རྒྱས་སྟོང་དང་། རང་རེ་དང་པོ་སེམས་ཅན་ཡིན་ལུགས་འདྲ་འདྲ་རེད། ང་ལ་བརྩོན་པ་མེད་པས་དེ་རྣམ་པས་སངས་རྒྱས་ཐོབ་དུས་ང་ད་རུང་སེམས་ཅན་བྱས་ནས་ལུས་ཡོད་པ་ནི་མཚང་ཆེ་བ་ལ་བསམས་ནས། ངས་ཀྱང་ཕན་དང་གནོད་པའི་བྱ་བ་དེ་ཉིད་ཧ་གོ་བ་ཞིག་བྱེད་ནས་སྤང་བླང་ངོས་ཟིན་པའི་བྱང་ཆུབ་མཆོག་གི་སྤྱོད་པ་མ་བཏང་ན་བྱང་ཆུབ་དམ་པ་ཐོབ་ངེས་བསམས་ནས་བརྩོན་པ་བསྐྱེད་དགོས་སོ། །བྱ་བ་ངན་ཞེན་ནམ་སྨད་པའི་ལེ་ལོ་ནི། དགྲ་འདུལ་བ་དང་རྫས་བསགས་པ་དང་། གཉེན་སྐྱོང་བ་ལ་སོགས་པ་འཇིག་རྟེན་གྱི་བྱ་བ་མི་དགེ་བ་ལ་ཆགས་པ་དག་ཡིན་ཏེ། །དེ་དག་སྡུག་བསྔལ་གྱི་དངོས་ཀྱི་རྒྱུ་ཡིན་པས་སྤངས་བར་བྱས་ནས་ཆོས་ཕྱིར་བརྩོན་འགྲུས་བརྩམ་དགོས་པ་ཡིན། བརྩོན་འགྲུས་དེ་ལ་དབྱེ་ན་གསུམ་སྟེ། གོ་ཆའི་བརྩོན་འགྲུས་དང་། སྦྱོར་བའི་བརྩོན་འགྲུས་དང་། ཆོག་པར་མི་འཛིན་པའི་བརྩོན་འགྲུས་སོ། །དེ་ལ་དང་པོ་ནི། བསམ་པ་ཕུན་སུམ་ཚོགས་པའོ། །གཉིས་པ་ནི། སྦྱོར་བ་ཕུན་སུམ་ཚོགས་པའོ། །གསུམ་པ་ནི། དེ་གཉིས་མཐར་ཕྱིན་པའི་ཡན་ལག་གོ །དེ་དག་སོ་སོའི་མཚན་ཉིད་བཤད་ན། གོ་ཆའི་བརྩོན་འགྲུས་ནི། དུས་འདི་ནས་བཟུང་སྟེ་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལ་མ་བཀོད་ཀྱི་བར་དུ། བདག་གིས་དགེ་བའི་བརྩོན་འགྲུས་མི་འདོར་རོ་སྙམ་དུ་ལེ་ལོའི་རིགས་ཀྱིས་མི་ཚུགས་པའི་གོ་ཆ་གྱོན་པ་དང་། སྦྱོར་བའི་བརྩོན་འགྲུས་ལ་གསུམ་སྟེ། ཉོན་མོངས་པ་སྤང་པ་ལ་བརྩོན་འགྲུས་བྱ་བ་དང་། དགེ་བ་བསྒྲུབ་པ་ལ་བརྩོན་འགྲུས་བྱ་བ་དང་། སེམས་ཅན་གྱི་དོན་བྱ་བ་ལ་བརྩོན་འགྲུས་བྱ་བའོ། །དེ་ལ་དང་པོ་ནི། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དང་། དེ་དག་གིས་ཀུན་ནས་བསླངས་པའི་ལས་རྣམས་ནི་སྡུག་བསྔལ་གྱི་རྩ་བ་ཡིན་པས་དེ་དག་གིས་མི་ཚུགས་པར་ཝ་སྐྱེས་སེངྒེ་དང་འཕྲད་པ་ལྟ་བུར་བྱེད་པ་དང་། དགེ་བ་བསྒྲུབ་པ་ལ་བརྩོན་པར་བྱ་བ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ལུས་དང་སྲོག་ལ་ཡང་མི་ལྟ་བར་འབད་པར་བྱེད་པའོ། །དེ་ཡང་ཇི་ལྟར་འབད་ན། བརྩོན་འགྲུས་རྣམ་པ་ལྔས་འབད་པར་བྱ་སྟེ། རྟག་ཏུ་བྱེད་པའི་བརྩོན་འགྲུས་དང་། གུས་པ་བྱེད་པའི་བརྩོན་འགྲུས་དང་། མི་གཡོ་བའི་བརྩོན་འགྲུས་དང་། མི་ལྡོག་པའི་བརྩོན་འགྲུས་དང་། ང་རྒྱལ་མེད་པའི་བརྩོན་འགྲུས་རྣམས་བརྩམ་དགོས་སོ། །ཆོག་པར་མི་འཛིན་པའི་བརྩོན་འགྲུས་ནི། བྱང་ཆུབ་མ་ཐོབ་ཀྱི་བར་དུ་དགེ་བ་ལ་ངོམས་ཆོག་མེད་པར་འབད་པ་ཡིན་ལ། བརྩོན་འགྲུས་སྤེལ་བ་ནི། ཡེ་ཤེས་དང་། ཤེས་རབ་དང་། བསྔོ་བ་གསུམ་གྱིས་སྤེལ་བ་སྟེ། གོང་དུ་བཤད་པ་ལྟར་རོ། །བརྩོན་འགྲུས་དག་པར་བྱེད་པ་ནི། སྟོང་པ་ཉིད་དང་སྙིང་རྗེས་ཟིན་པ་སྟེ་གོང་དུ་བསྟན་པ་ལྟར་རོ། །བརྩོན་འགྲུས་ཀྱི་འབྲས་བུ་ནི། མཐར་ཐུག་དང་གནས་སྐབས་གཉིས་སུ་ཤེས་པར་བྱའོ། །དེ་ལ་མཐར་ཐུག་ནི་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་དང་། གནས་སྐབས་ཀྱི་འབྲས་བུ་ནི། འཁོར་བ་ན་གནས་པའི་ཚེ་ཡང་སྲིད་པའི་བདེ་བ་མཆོག་རྣམས་ཐོབ་བོ། །དེ་ལྟ་བུའི་སྨོན་འཇུག་གི་བསླབ་བྱ་རིམ་པ་བཞིན་དུ་ཐུགས་ལ་ངེས་པར་བྱ་བ་དང་མཉམ་དུ་། སྐབས་དོན་གང་ཞིག་གསན་པར་བྱ་བའི་ཆོས་རྒྱལ་བའི་ཆོས་མཛོད་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ཀྱི་གནད་འདུས་པ་ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་བ་ཊཱིཀ་ཆེན་པདྨ་དཀར་པོ་འདི་ཉིད་འཆད་ཉན་བྱེད་བཞིན་པ་ལས། གསུམ་པ་དུད་འགྲོ་ལ་དངོས་དང་། ཚེ་ཚད་གཉིས། དང་པོ།

དུད་འགྲོའི་སྡུག་བསྔལ་དངོས་བསྟན་པ།

ངན་སོང་གི་གནས་གསུམ་པ་ཞེས་མཚམས་སྦྱར་ནས། དུད་འགྲོ་རྣམས་ལའང་གཅིག་གིས་གཅིག་ཟ་ཞིང་། འཚེ་དང་བཀོལ་སྤྱད་གསོད་གཅོད་སྡུག་བསྔལ་མང་། །ཞེས་གསུངས་ཏེ། དུད་འགྲོ་བྱིངས་ན་གནས་པ་རྒྱ་མཚོ་ན་གཟུགས་དང་རྣམ་པ་མི་འདྲ་བ་ཆང་དར་མའི་སྦང་མ་ཙམ་དང་། ཁ་འཐོར་བ་ལྷ་མིའི་གནས་ན་བྱ་དང་རི་དྭགས་རྟ་གླང་ཕྱུགས་ལུག་ལ་སོགས་པ་འདི་དག་གཅིག་གིས་གཅིག་ཟ་བ་དང་། འཚེ་བ་དང་། པགས་པ་དང་རུས་པ་དང་ཤའི་ཕྱིར་གསོད་པ་དང་། རྨོ་དང་ཞོ་དང་བལ་ལ་སོགས་པ་སྤྱོད་ཅིང་ཁལ་མི་ཐེག་བཞིན་དུ་འགེལ་བ་ལ་སོགས་པ་སྡུག་བསྔལ་མཐའ་མེད་དོ། །གཉིས་པ།

ཚེ་ཚད་བསྟན་པ།

ཚེ་ལོ་མ་ངེས་བསྐལ་པ་ལ་སོགས་སོ། །ཞེས་གསུངས་ཏེ། ཚེ་ཡང་ཀླུ་ཁ་ཅིག་ལ་བསྐལ་པ་རེ་ཙམ་དང་། གཞན་རྣམས་སྐད་ཅིག་ཙམ་གྱིས་མ་ངེས་པ་ཡིན་ནོ། །བཞི་པ་མཐོ་རིས་རྣམ་གསུམ་གྱི་ནང་ནས་མིའི་སྡུག་བསྔལ་བཤད་པ།

མིའི་སྡུག་བསྔལ་བསྟན་པ།

མཐོ་རིས་ནའང་བདེ་བ་མེད་དེ་རེ་ཞིག་གླིང་བཞི་སོ་སོའི། མི་རྣམས་ལ་ཡང་བདེ་བའི་སྐབས་མེད་དེ། །སྐྱེ་རྒ་ན་འཆི་དགྲ་དང་འཚེ་བ་མང་། །བཤེས་བྲལ་འདོད་པས་ཕོངས་དང་མི་འདོད་མྱོང་། །འདོད་པ་མ་གྲུབ་ཚ་གྲང་ངལ་དུབ་དང་། །ཕན་པའི་ལན་དུ་གནོད་དང་དྲིན་མི་གཟོ། །འཁོར་གྱིས་ལོག་སྒྲུབ་དོན་མེད་ཕྲག་དོག་དང་། །མི་བསྔགས་དོན་མེད་སྒྲོ་སྐུར་དཔག་ཏུ་མེད། །ཅེས་གསུངས་ཏེ། མིའི་གནས་ནའང་དབང་དང་གོ་གནས་འབྱོར་བ་ལ་སོགས་པའི་ཆེ་ཆུང་ཐམས་ཅད་ལ་རང་རང་གི་བོངས་དང་སྦྱར་བའི་ཞེས་མཐའ་གཅིག་ཏུ་ལུས་བོངས་ལ་མ་ངེས་པར་དབང་འབྱོར་ལ་སོགས་པའི་ཚོད་དང་བསྟུན་པའི་འཚེ་བ་ཐུག་པ་མེད་ཅིང་། ཁྱད་པར་དུ་སྤྱི་མཐུན་ལ་སྐྱེ་བ་དང་། རྒས་པ་དང་། ནད་དྲག་པོས་བཏབ་པ་དང་། འཆི་བ་སྟེ་བདུད་ཀྱི་ཆུ་བོ་བཞི་དང་། དགྲ་སྡང་བ་དང་ཕྲད་ནས་བཅོམ་ཕྲོག་དང་སྲོག་ལ་རྒོལ་བ་དང་། འཚེ་བ་དང་། གཉེན་བྱམས་པ་དང་བྲལ་བ་དང་། ཡོ་བྱད་དང་བུ་ལ་སོགས་པ་འདོད་པས་མི་འབྱོར་ཞིང་ཕོངས་པ་དང་། ནད་དང་གདོན་ལ་སོགས་པ་མི་འདོད་པ་ཐོག་ཏུ་བབ་པ་དང་། ཡོ་བྱད་དང་གནས་དང་རྙེད་གྲགས་ལ་སོགས་འདོད་པ་མ་གྲུབ་པ་དང་། ལས་དང་ལམ་ལ་སོགས་པར་ཚ་གྲང་དང་ཁུར་དང་བྱ་བས་ངལ་ཞིང་དུབ་པ་དང་། རང་གི་ཕན་བཏགས་པ་དེས་གནོད་པ་བྱེད་ཅིང་བྱས་པ་དྲིན་དུ་མི་གཟོ་བ་དང་། མི་ཆེ་བ་དང་དགེ་བའི་བཤེས་གཉེན་རྣམས་ལ་འཁོར་སློབ་ཀྱིས་ཀྱང་མི་མཐུན་པ་སྣ་ཚོགས་བྱེད་པས་ཐུགས་དཀྲུགས་པ་དང་། དོན་མེད་པར་གཞན་ཕྲག་དོག་ཅན་གྱིས་ངན་དུ་སྒྲོགས་པས་སྐུར་པ་གྲགས་པའི་སེམས་ཁྲལ་ལ་སོགས་པ་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་དོ། །མིའི་འགྲོ་བའི་ཚེ་ཡང་གཅིག་ཏུ་མ་ངེས་ཏེ། སྒྲ་མི་སྙན་ན་ལོ་སྟོང་། གླིང་གཞན་གསུམ་ན་ཕལ་ཆེར་དུས་མ་ཡིན་པར་འཆི་བ་དང་། ཁྱད་པར་དུ་འཛམ་བུ་གླིང་པ་ལ་གློ་བུར་དུ་འཆི་བ་གྲངས་མང་བས་ནམ་འཆི་ཆ་མེད་པ་ཡིན་ནོ། །མིའི་འགྲོ་བ་འདི་མཐོ་རིས་རྣམ་གསུམ་གྱི་ནང་ནས་གཅིག་ཡིན་ལ། ད་ལྟའི་སྐབས་སུ་རང་རེའི་བལྟས་ཀྱང་འདིའི་ནང་ནས་སྡུག་དུས་སྡུག་གསར་བ་ཐོག་ཏུ་ཡོང་བ་ཡོད་ཀྱང་། སྐྱིད་དུས་སྐྱིད་པོ་མིན་རྒྱུ་མེད་བསམ་པ་ལྟ་བུའི་ངན་སོང་གསུམ་གྱི་སྡུག་བསྔལ་ལྟ་བུའི་རགས་པའི་ཚོར་སྣང་མེད་ཀྱང་། སྡུག་བསྔལ་རྣམ་གསུམ་གྱི་བཏང་མེད་པས་སྐྱིད་ཅེས་པ་མེད་དེ། སྤྱིར་སྐྱེ་རྒ་ན་འཆི། དགོས་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག བྱེ་བྲག་མི་རེ་རེ་དང་རེ་རེའི་མི་འདྲ་བའི་སྡུག་བསྔལ་ལ་བཤད་ཚོད་དང་བགྲང་ཚོད་མེད་པ་ཡོད་དོ། །ལྔ་པ།

ལྷ་མིན་གྱི་སྡུག་བསྔལ་བསྟན་པ།

རི་རབ་ཀྱི་ཁོང་གསེང་ན་གནས་པའི། ལྷ་མིན་རྣམས་ལའང་ཁྲོ་དང་འཁྲུགས་པ་དང་། །མི་འདོད་ཐོག་ཏུ་བབ་དང་འཆི་ལ་སོགས། །སྣ་ཚོགས་སྡུག་བསྔལ་མང་ལྡན་བདེ་བ་མེད། །ཅེས་གསུངས་ཏེ། ལྷ་མ་ཡིན་རྩོད་པ་དང་ཕན་ཚུན་འཁྲུག་པ་དང་། ཕྲག་དོག་གི་རླུང་འཚུབ་ཅིང་ཞེ་སྡང་གི་མེ་འབར་བས་ཟུག་རྔུ་སྣ་ཚོགས་པ་དང་། འཆི་བ་དང་། འདོད་པ་མ་གྲུབ་ལ་མི་འདོད་པ་ཐོག་ཏུ་བྱུང་བ་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་དོ། །ཚེ་ལ་མ་ངེས་ཏེ་འདོད་པའི་ཁམས་ཡིན་པའི་ཕྱིར་དང་། སྟོབས་ཆེན་གནོད་སྦྱིན་གྱི་རིགས་ལ་སོགས་པ་ཁ་ཅིག་སྟོབས་དང་ཚེ་ཐམས་ཅད་རྒྱལ་ཆེན་བཞི་དང་མཉམ་ལ། མཐུ་དཔལ་ལྷའི་རིགས་ལ་སོགས་པ་ཁ་ཅིག་འབྱོར་བ་དང་ཚེ་ཐམས་ཅད་སུམ་ཅུ་རྩ་གསུམ་དང་མཉམ་ལ། གསོད་བྱེད་སྲིན་པོའི་རིགས་ལ་སོགས་པ་ཁ་ཅིག་ནི་ཚེ་ཡི་དྭགས་དང་མཉམ་པས་མ་ངེས་ལ། རྨོངས་བྱེད་དུད་འགྲོའི་རིགས་ལ་སོགས་པ་ཁ་ཅིག་ཡང་ཚེ་དུད་འགྲོ་དང་མཉམ་པ་དེས་ཀྱང་མ་ངེས་པའི་ཕྱིར་རོ། །དྲུག་པ།

ལྷའི་སྡུག་བསྔལ་བསྟན་པ།

མཐོ་རིས་ཀྱི། ལྷ་རྣམས་ལ་ཡང་འཆི་འཕོ་ལྟུང་ལ་སོགས། །སྡུག་བསྔལ་ཆུ་མཚོ་མཐའ་ཡས་དཔག་ཏུ་མེད། །ཅེས་གསུངས་ཏེ། སུམ་ཅུ་རྩ་གསུམ་ལ་སོགས་པ་འདོད་ལྷ་དྲུག་ན་འདོད་པས་མྱོས་ཤིང་བག་མེད་པས་འཆི་བའི་ཚེ་གང་དུ་སྐྱེ་བའི་ས་ལ་འཇིགས་པའི་སྡུག་བསྔལ་ཉ་བྱེ་ཚན་ལ་བསྒྲེས་པ་ལྟ་བུའི་ལྷའི་ཞག་བདུན་མྱོང་ནས་འཕོ་བ་དང་། འཐབ་རྩོད་དང་། མྱ་ངན་ལ་སོགས་པ་མང་ཞིང་། ཁམས་གོང་མ་གཉིས་ནའང་སྲིད་པ་ཉིང་མཚམས་སྦྱོར་བའི་སྡུག་བསྔལ་དཔག་ཏུ་མེད་དོ། །ཚེ་ཚད་ནི་སྔར་བཤད་ཟིན་ཏོ། །དེ་ཡན་གྱིས་འགྲོ་བ་རིགས་དྲུག་གི་སྡུག་བསྔལ་བཤད་ནས། གསུམ་པ།

དོན་བསྡུ་བ།

ད་ནི་མཇུག་བསྡུ་བས་སྤང་བྱ་འཁོར་བའི་རང་བཞིན་ལ་སྐྱོ་བར་གདམས་པ་ནི། དེ་ལྟར་འཁོར་བ་མེ་ཡི་འོབས་འདྲ་སྟེ། །བདེ་བའི་སྐབས་མེད་ཟོ་ཆུའི་འཁྱུད་མོ་བཞིན། །གཅིག་ནས་གཅིག་བརྒྱུད་ཐོག་མཐའ་མེད་པ་ལས། །བློ་བཟང་རྣམས་ཀྱིས་ཐར་ཕྱིར་སྤྲོ་བ་བསྐྱེད། །ཅེས་གསུངས་ཏེ། ཁམས་གསུམ་རིགས་དྲུག་གང་ནའང་བདེ་བ་མེད་དེ་མེའི་འོབས་ན་བསིལ་བ་མེད་པ་བཞིན་ནོ། །དེ་ཡང་ལྷའི་དགའ་བ་སྤྱད་ནས་དམྱལ་བར་ཁྲོ་ཆུ་ལ་སོགས་པར་སྤྱོད་ཅིང་། གཅིག་ནས་གཅིག་ཏུ་བརྒྱུད་པའི་ཚེ་རབས་སུ་བདེ་སྡུག་འདི་ལ་བདག་གིས་མ་སྤྱད་པ་དང་། གནས་འདིར་མ་བསྡད་པ་དང་། འདིའི་མངལ་དུ་མ་བསྡད་པ་དང་། ནུ་ཞོ་རྒྱ་མཚོ་བས་ལྷག་པ་མ་འཐུངས་ཞེས་བསམ་དུ་མི་རུང་བ་སྙེད་དུ་འཁོར་ཡང་ད་དུང་འདི་ཙམ་ན་ཐར་མེད་པས་སྔ་མ་བཞིན་འཁོར་བའི་ཕྱིར་སྐྱོ་བ་བསྐྱེད་དགོས་ཏེ། སློབ་སྤྲིངས་ལས། ཡུལ་ཕྱོགས་གང་དུ་གནས་མ་བཅས་པའི་གནས་དེ་མེད། །གང་དུ་མ་སོང་ནམ་མཁའི་ཕྱོགས་དེའང་ཡོད་མ་ཡིན། །འོན་ཀྱང་འདོད་ཆགས་སྲེད་པ་འཕེལ་བར་འགྱུར་བ་ཉིད། །སྔོན་ཆད་ལན་མང་མ་མྱོང་སྡུག་བསྔལ་དེ་ཡོད་མིན། །འགྲོ་བ་གང་གིས་ཚིམ་གྱུར་འདོད་པ་དེ་དག་མེད། །གང་གི་ལྟོ་བར་མ་ཉལ་སེམས་ཅན་དེ་མེད་ན། །འོན་ཀྱང་ཇི་ལྟར་འཁོར་བ་ཅན་ལ་ཆགས་བྲལ་མེད། །འགྲོ་བར་ལན་བརྒྱར་མ་སོང་འགྲོ་དེ་གང་ཞིག་ཡོད། །སྔོན་ཆད་ལན་མང་མ་མྱོང་བདེ་བ་དེ་གང་ཞིག །ཅེས་པ་དང་། བཤེས་སྤྲིངས་ལས། རེ་རེས་རྒྱ་མཚོ་བཞི་བས་ལྷག་པ་ཡི། །འོ་མ་འཐུང་སྟེ་ད་དུང་སོ་སོ་ཡི། །སྐྱེ་བོའི་རྗེས་སུ་འབྲངས་པའི་འཁོར་བ་བས། །དེ་བས་ཆེས་མང་སྙེད་ཅིག་བཏུང་འཚལ་ལོ། །ཞེས་སོ། །ཐུན་མིན་ངེས་ལེགས་འགྲུབ་པའི་བསམ་བྱ་ལས་འཁོར་བ་སྡུག་བསྔལ་ཅན་གྱི་རང་བཞིན་དུ་བསམ་པ་སོང་ནས། གཉིས་པ།

མྱང་འདས་ཞི་བདེར་བསམ་པ།

ཐར་པའི་ཕན་ཡོན་ལ་བསམས་ཏེ་འཁོར་བ་ལས་ངེས་པར་འབྱུང་དགོས་པར་གདམས་པ་ནི། སྙིང་པོ་མེད་པ་དེ་འདྲའི་འཁོར་བ་ལས། །ཐར་པའི་ཕྱོགས་ནི་མྱ་ངན་འདས་པ་སྟེ། །ཞི་བདེ་བསིལ་བའི་བདུད་རྩི་བླ་ན་མེད། །རྟག་བརྟན་འཕོ་འགྱུར་མེད་ཅིང་སྤྲོས་དང་བྲལ། །ཡོན་ཏན་རང་བཞིན་ལུས་རྫོགས་རྒ་ཤི་མེད། །སྒྲིབ་བྲལ་རྙོག་པ་མེད་ཅིང་ཕན་བདེའི་གནས། །འགྲོ་བའི་སྐྱབས་དང་དཔུང་གཉེན་གྱུར་པ་དེར། །བློ་བཟང་རྣམས་ཀྱིས་བགྲོད་ཕྱིར་བརྩོན་པར་བྱ། །ཞེས་གསུངས་ཏེ། འཁོར་བ་མངོན་པར་སྐྱོ་ཞིང་སྐྱོན་དང་བཅས་པའི་མེ་འོབས་བརྒལ་དཀའ་བ་ལས། མྱ་ངན་ལས་འདས་པ་ཞི་བདེ་བསིལ་བའི་ནགས་ཚལ་ཡིད་དུ་འོང་བ་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་གྱིས་འབྱོར་ཞིང་། རྒ་ཤི་མེད་པས་རྟག་པ་བརྟན་པ་སྒྲིབ་པ་མེད་པའི་གནས་བཟང་དམ་པ་དེར་རང་ཉིད་བགྲོད་ནས། གཞན་ཡང་དྲང་བའི་ཐབས་ལ་བརྩོན་པས་སྤྲོ་བར་གདམས་པའོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། འཁོར་བ་སྡུག་བསྔལ་དུ་རྟོགས་ཤིང་མྱ་ངན་ལས་འདས་པ་བདེ་བར་བསམ་པའི་ལེའུ་སྟེ་བཅུ་བདུན་པའི་རྒྱ་ཆེར་འགྲེལ་པའོ།། །།དེ་ཡན་གྱིས་བསམ་པའི་ཤེས་རབ་བསྟན་པའི་སྐབས་ཀྱི་ལེའུ་ལྔ་པོ་སོང་ནས། ད་ནི་གནས་ལུགས་བསྟན་ལ་ཕབ་པའི་ལེའུ་བཅོ་བརྒྱད་པར་འཇུག་པ་ནི། གསུམ་པ་སྒོམ་པའི་ཤེས་རབ་ལ། མདོར་བསྟན། རྒྱས་བཤད་གཉིས། དང་པོ།

སྒོམ་པའི་ཤེས་རབ་མདོར་བསྟན་པ།

དེ་ལྟར་བསམ་པ་དག་པའི་དོན་ལ་དཔྱོད་པ་རྫོགས་ནས། དེ་ཉིད་ཀྱི་དོན་མངོན་དུ་བྱ་བའི་ཕྱིར་གནས་གསུམ་པ་སྒོམ་པ་ལས་བྱུང་བའི་ཤེས་རབ་རྒྱུད་ལ་བསྐྱེད་པ་ལ་གཏན་ལ་དབབ་བྱ་དོན་གྱི་གཞི་རྟོགས་པར་བྱ་བ། དོན་བསྒོམ་པའི་སྔོན་དུ་འགྲོ་བ། དངོས་གཞི་འོད་གསལ་གྱི་ངང་ལ་བཞག་པ། རྗེས་ལ་ལམ་དང་དྲོད་ཚད་གཟུང་བ། མཐར་ཐུག་གྲུབ་པའི་འབྲས་བུ་དང་ལྔ་ལས། དང་པོ་གཏན་ལ་དབབ་བྱ་དོན་གྱི་གཞིའང་ཐུན་མོང་བ་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱི་སྐབས་སུ་གྲུབ་པའི་མཐའ་ཤེས་པར་བྱ་བའི་ཚུལ་གྱིས་གཏན་ལ་ཕབ་ཟིན་ལ། ད་ནི་ཐུན་མོང་མ་ཡིན་པ་འོད་གསལ་བསམ་གྱིས་མི་ཁྱབ་པའི་རང་བཞིན་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་གཞི་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་བདེ་བར་གཤེགས་པའི་སྙིང་པོ་བསྟན་པ་ནི། དེ་ལྟར་བསམ་བྱ་ཡོངས་སུ་རྫོགས་པ་ན། །སྒོམ་བྱུང་ཤེས་རབ་རྒྱུད་ལ་བསྐྱེད་པར་བྱ། །ཐེག་གསུམ་ངེས་པར་འབྱུང་བའི་ལམ་གསུམ་ལས། །འདིར་ནི་བླ་མེད་སྙིང་པོའི་དོན་ལ་འཇུག །ཅེས་གསུངས་ཏེ། བསམ་པའི་ཤེས་རབ་རྫོགས་པའི་གང་ཟག་དེ་ལ། ཐེག་པ་གསུམ་གྱི་དབྱེ་བས། ཉན་ཐོས་གྱི་ལམ་དང་། རང་སངས་རྒྱས་ཀྱི་ལམ་དང་། བླ་ན་མེད་པ་སངས་རྒྱས་ཀྱི་ལམ་གསུམ་ཡོད་ཀྱང་། སྐབས་འདིར་ཐེག་པ་ཆེན་པོ་བླ་ན་མེད་པའི་ལམ་དུ་འཇུག་གོ །བསམ་པའི་ཤེས་རབ་རྫོགས་པའི་གང་ཟག་དེ་སྒོམ་པ་ལ་འཇུག་དགོས་ན། བསྒོམ་བྱ་ཐེག་གསུམ་གྱིས་དབྱེ་བའི་རང་འབྲས་སོ་སོ་རུ། ངེས་པར་འབྱུང་ཞིང་འཇུག་པའི་ལམ་གསུམ་ཡོད་པའི་ནང་གི་སྐབས་འདིའི་གདུལ་བྱ་དབང་རྣོན་གྱི་དབང་དུ་བཏང་དུས། ཐེག་པ་ཆེན་པོ། དེ་ལའང་རྒྱུ་འབྲས་ཀྱི་དབྱེ་བས་རྣམ་པ་གཉིས་སུ་བཤད་ཀྱང་། གང་བསྒོམ་པར་བྱ་བ་གསང་སྔགས་བླ་མེད་འབྲས་བུ་རྡོ་རྗེ་ཐེག་པར་འཇུག་གོ །གཉིས་པ་ལ། གནས་ལུགས་གཏན་ལ་དབབ་པ་དང་། སྒོམ་པས་ཉམས་སུ་བླང་བ་གཉིས། དང་པོ་ལ། དགོས་པ་དང་བཅས་ཏེ་མདོར་བསྟན། དེའི་རང་བཞིན་རྒྱས་པར་བཤད། དེ་ལྟར་རྟོགས་པའི་ཕན་ཡོན་གསུམ། དང་པོ།

དགོས་པ་དང་བཅས་ཏེ་མདོར་བསྟན་པ།

ཐེག་པ། དེ་ལ་དང་པོ་གནས་ལུགས་ཤེས་པ་གཅེས། །ཐེག་པའི་དབང་གིས་རྣམ་པ་མང་ན་ཡང་། །ངེས་པའི་སྙིང་པོ་བདེན་པ་དབྱེར་མེད་དེ། །སངས་རྒྱས་རྣམས་ཀྱི་གསང་བའི་མཛོད་ཁང་ཡིན། །ཅེས་གསུངས་ཏེ། སྒོམ་པར་བྱ་བའི་སྔོན་དུ་གང་བསྒོམ་རྒྱུའི་གནས་ལུགས་ཤེས་དགོས་པས། རྡོ་རྗེ་ཐེག་པ་ལའང་། ཕྱི་རྒྱུད་གསུམ་དང་། ནང་རྒྱུད་གསུམ་ཡོད་པ་ལས། ཕྱིའི་རྒྱུད་གསུམ་ནི། ལྟ་བ་མཚན་ཉིད་ཐེག་པ་ཆེན་པོ་དང་ཆ་འདྲ་བར། དོན་དམ་པར་གང་ཡང་མ་གྲུབ་པའི་རང་བཞིན་དུ་གཏན་ལ་འབེབས་ལ། དེང་སང་གི་སྔགས་པ་ཕལ་ཆེ་བ་རྣམས་དེའི་རྗེས་སུ་འབྲང་ངོ་། །དེ་ལྟར་ན་མིང་ལ་སྔགས་པ་ཐོགས་པ་དང་། དོན་གསང་སྔགས་ཉམས་ལེན་པ་ཡིན་ཀྱང་། སྔགས་བླ་མེད་ཀྱི་སྒོར་མ་ཚུད་པས་ཅུང་དམན་ཞིང་། དེ་ལས་ཁྱད་པར་དུ་གྱུར་བའི་སྔགས་ནང་པ་གསུམ་གྱིས་ཀུན་རྫོབ་ལྷའི་རང་བཞིན་དུ་སྣང་བ་ཉིད་ནས་བདེན་པ་དབྱེར་མེད་དུ་འཇོག་པས། བདེན་པ་ཐ་དད་དུ་འཛིན་པ་དོར་ནས། ཆོས་ཐམས་ཅད་ངེས་པའི་དོན་འབའ་ཞིག་གི་སྙིང་པོར་གཏན་ལ་འབེབས་པས། ལྷུན་གྲུབ་སྙིང་པོའི་ཁམས་ཀྱི་སྒྲིབ་པ་སེལ་བ་ཙམ་ལས། ངོ་བོ་རྒྱུ་འབྲས་ཐ་དད་དུ་མི་འདོད་པས། འདུས་མ་བྱས་རང་སྣང་བའི་དཀྱིལ་འཁོར་དུ་ཤེས་པར་བྱེད་དོ། །ཞེས་པ་སྟེ། བསྒོམ་བྱ་ཐེག་གསུམ་གྱི་རང་འབྲས་ལ་ངེས་པར་འབྱུང་བའི་ལམ་གསུམ་ཡོད་པ་ལས་འདིར་སྔགས་བླ་མེད། དེ་ལའང་བསྐྱེད་རྫོགས་གཉིས་ལས་འདིར་རྫོགས་རིམ་སྟོན་ཅིང་དེ་ནི་རྒྱུད་ཀུན་གྱི་ཟབ་གནད་སྙིང་པོའོ། །བསྒོམ་བྱའི་སྔོན་དུ་གནས་ལུགས་ཤེས་དགོས། དེ་ལ་ཡང་གྲུབ་མཐའི་བློས་བཞག་པའི་རིམ་པ་མང་ན་ཡང་། འདིར་མདོ་རྒྱུད་ཀུན་གྱི་གནད་མཐུན་ངེས་པའི་སྙིང་པོ་ནི། བདེན་གཉིས་དབྱེར་མེད་པ་ཁོ་ན་ཡིན་ཞིང་། དེ་ནི་སངས་རྒྱས་རྣམས་ཀྱི་ཐུན་མིན་གྱི་སྤྱོད་ཡུལ་ཡིན་པས་གསང་བ། ཆོས་ཐམས་ཅད་ཀྱི་འབྱུང་གནས་ཡིན་པས་མཛོད་ཁང་ཡིན་ནོ། །དེ་ཡང་ལམ་དུ་བྱེད་ཚུལ་ཕ་རྒྱུད་དང་མ་རྒྱུད་དང་གཉིས་སུ་མེད་པའི་རྒྱུད་སྡེའི་རིམ་པས་ཐ་དད་པ་ཡིན་ཀྱང་། མཐར་ཐུག་གི་ངོ་བོ་གྲུབ་པའི་དོན་དེ་གཅིག་པར་ཁས་ལེན་ཏོ། །འདི་ལྟ་བུའི་གནས་ལུགས་གོ་བ་ནི་དེང་སང་ཤིན་ཏུ་ཉུང་བར་སྣང་ངོ་། །སྣང་སྟོང་ཕྱོགས་རེ་བཅད་ནས། ཕྱོགས་རེ་ལྟ་གྲུབ་ཀྱི་ཁ་འཛིན་རེ་བྱེད་པ་ལས་ཟུང་འཇུག་མཉམ་ཉིད་ཀྱི་དགོངས་པ་གཅིག་ཏུ་དྲིལ་ཤེས་པ་དཀོན་ནོ་ཞེས་སོ། །དེའང་བུམ་འཛིན་དགག་པ་ལ་དགོངས་ནས། བུམ་པའི་རྡུལ་ཕྲན་དང་དུས་ལ་སོགས་པའི་བརྟགས་པ་བརྗོད་ནས་མ་གྲུབ་པར་གཏན་ལ་ཕབ་པ་དེ་དྲང་དོན་ཡིན་ལ། བུམ་འཛིན་ལོག་ནས། བུམ་པ་རྣམ་པར་གཞག་པ་སྟེ། སྣམ་བུ་ལ་སོགས་པ་རྣམ་པར་བཅད་ནས། ཆུ་ལེན་པ་ལ་སོགས་པ་ཉིད་ངེས་དོན་དུ་གནས་པ་ལྟ་བུར་གོ་དགོས་པ་ལ། དེ་མ་གོ་བར་རྟག་ཏུ་བུམ་འཛིན་དགག་པའི་རྗེས་སུ་འབྲངས་ནས་ཅི་ཡང་མེད་པར་འཛིན་པ་ནི། ཕྱང་ཆད་ཐེག་ཆེན་གྱི་ལམ་དང་རིང་བ་ཞེས་བྱ་ལ། སྒོས་སུ་རྡོ་རྗེ་ཐེག་པའི་སྐལ་བ་མེད་པ་ཞེས་བྱའོ། །རྡུལ་ཕྲན་མེད་པར་རྟོགས་ཀྱང་འཇོག་ཚོད་དུ་རགས་པ་ཇེ་རགས་སུ་བློས་འཇོག་ཅིང་རྟོགས་ན་ཅིས་གནོད། རྣལ་དོན་ལ་དེ་གཉིས་མཚུངས་པར་གནས་པའི་ཕྱིར་ཏེ། རྟོག་པ་གོམས་རྗེས་ཙམ་དུ་འདྲ་ལ། རྣལ་དོན་དུ་རྡུལ་དང་རགས་པ་དང་དུས་ལ་སོགས་པའི་རིགས་པར་བརྗོད་ཚོད་རྟོག་གེའི་ཚུལ་ཡིན་གྱིས། ངེས་པའི་དོན་སངས་རྒྱས་ཀྱི་དགོངས་པ་ཟབ་པ་ཞི་བ། སྤྲོས་བྲལ་ཉག་གཅིག་ཏུ་སྟོན་པ་ནི་མ་ཡིན་ནོ། །དེས་ན་རྣམ་གཞག་འདིའི་ཚེ། རྟོག་གེ་རྣམ་པར་འཁྱམས་པའི་ལུང་རིགས་ཀྱིས་གཏན་ལ་མི་ཕེབས་པས། རྒྱུད་ཀྱི་གནས་ཇི་ལྟ་བ་བཞིན་ངེས་པ་ཉིད་དུ་བཟུང་ངོ་། །འདི་ནི་རྡོ་རྗེ་རྩེ་མོའི་ལུགས་ཏེ། དཔལ་མགོན་བླ་མ་དམ་པ་མཉེས་པར་བྱས་ཤིང་། བྱིན་རླབས་ཞུགས་ལ། བློ་གྲོས་ཀྱི་མིག་དང་ལྡན་པ་བློ་ཆེན་མངའ་བ་རྣམས་ཀྱི་སྤྱོད་ཡུལ་ཡིན་གྱི། བྱིས་པ་ཐ་སྙད་རྟོག་གེའི་དཔྱོད་པ་ཅན། ཕྱོགས་རེའི་མིག་ཅན་དག་གིས། གནས་འདི་ལ་ལྟ་བའི་མིག་ཟུམ་སྟེ། ཉི་མ་ཤར་བ་ན་འབྱུང་པོའི་བྱ་རྣམས་མིག་ལོང་བ་བཞིན་ནོ། །དེ་ཡང་བདེན་འཛིན་གཞིག་པའི་ཕྱིར་རིགས་པས་དཔྱད་ནས་བཀག་ཀྱང་། དོན་ལ་དགག་པ་རྐྱང་པ་ཙམ་ཞིག་ཏུ་མ་གྲུབ་སྟེ་སྣང་སྟོང་འདུ་འབྲལ་མེད་པ་ཉིད་གནས་ལུགས་ཡིན་གྱི་ཕྱོགས་སུ་ལྷུང་བ་མ་ཡིན་ནོ། །དེ་ཡང་བུམ་པའི་བདེན་འཛིན་ལོག་ནས་ཀྱང་སྣང་ཙམ་གྱི་བུམ་པར་རྣམ་པར་འཇོག་སྟེ། དཔེར་ན་བུམ་པ་མིན་པ་སྣམ་བུ་སོགས་རྣམ་བཅད་ལ་ཁེགས་པས། ཆུ་ལེན་པའི་བུམ་པ་ཉིད་ཡོངས་གཅོད་དུ་གྲུབ་པ་ལྟར། དགག་བྱ་རྣམ་པར་ཆོད་ཚེ་བདེན་མེད་ཀྱི་རྟེན་འབྱུང་ཤུགས་ལ་གྲུབ་པས་སྣང་སྟོང་དབྱེར་མེད་ཆེན་པོར་ངེས་དོན་དུ་བཞུགས་པ་མ་ཤེས་ནས་དགག་རྐྱང་ཙམ་ལ་གནས་ལུགས་སུ་རློམ་པ་ལ། རགས་པ་ཇེ་ཕྲར་བཏང་སྟེ་རྡུལ་ཕྲན་དུ་དཔྱད་ན་མ་གྲུབ་པ་བཞིན་དུ། རྡུལ་ཕྲན་མེད་པར་རྟོགས་ཀྱང་སྣང་ཚོད་དམ་ཐ་སྙད་འཇོག་ཚོད་དུ། རྡུལ་ཕྲ་བ་བསྒྲུབ་པ་ལ་དེ་བས་རགས་པར་སྣང་བས་བསྒྲུབ་ཅིང་རགས་པའང་ཇེ་རགས་ཀྱིས་བསྒྲུབ་སྟེ་མཐར་མངོན་སུམ་སྣང་བ་འདིས་བསྒྲུབ་ན་ཅི་གནོད་དེ་མགོ་མཚུངས་སོ། །མི་མཚུངས་ཏེ་བདེན་མེད་སྒྲུབ་པའི་རིགས་པ་སྟོབས་དང་ལྡན་ནོ་སྙམ་ན། སྣང་བའང་སྟོབས་དང་ལྡན་ཏེ། མདོ་ལས་འཇིག་རྟེན་ན་གང་ཡོད་པར་འདོད་པ་དེ་ང་ཡང་འདོད་དོ། །ཞེས་སོགས་དང་། འཇུག་པ་ལས། ཁྱོད་དང་འཇིག་རྟེན་འདིར་ནི་རྩོད་ཀྱིས་དང་། །ཞེས་སོགས་བཞིན་ནོ། །འོ་ན་བདེན་གྲུབ་མི་བཤིག་གམ་སྙམ་ན་མིན་ཏེ། རྣལ་དོན་ལ་བདེན་གྲུབ་དང་དགག་རྐྱང་འཛིན་པ་གཉིས་ཀ་བློས་ཕར་ཀུན་ཏུ་བཏགས་པ་ཙམ་དུ་ཟད་ལ། ཆོས་ཉིད་གཤིས་ལ་གང་ཡང་མ་གྲུབ་སྟེ་སྣང་སྟོང་མཉམ་པ་ཉིད་དུ་གནས་པས་ན་སྣང་སྟོང་འདི་གཉིས་གཅིག་སྤངས་ནས་གཅིག་ལ་མཆོག་ཏུ་ཞེན་པར་མི་བྱའོ། །ཞེས་པའི་དོན་ཏེ་གཞན་ཡང་དགོངས་པའི་དོན་ཟབ་པ་དུ་མ་ཡོད་པས་བློ་ལྡན་རྣམས་ཀྱིས་ཞིབ་མོར་ཕྱེ་བར་བྱའོ། །དེས་ན་ལྟ་བ་ཐམས་ཅད་ཀྱི་ཡང་རྩེ། གྲུབ་མཐའ་ཐམས་ཅད་ཀྱི་མཐར་ཐུག ལམ་ཐམས་ཅད་ཀྱི་སྐྱེལ་སོ། ཐེག་པ་བླ་ན་མེད་པ་འདིའི་ལུགས་ཀྱི་ཐུན་མོང་མིན་པའི་ལྟ་བ་ལྷག་པའི་བདེན་གཉིས་དབྱེར་མེད། སྣང་སྟོང་མཉམ་པ་ཆེན་པོ། དག་མཉམ་གྱི་དགོངས་པ་རྟོག་གེའི་བློས་གཏན་ལ་མི་ཕེབས་པས། འདི་ནི་དགོངས་བརྒྱུད་ཀྱི་བྱིན་རླབས་སྙིང་ལ་ཞུགས། བློ་གྲོས་ཀྱི་སྤོབས་པ་ནང་ནས་རྒྱས་པ་ཁོ་ནའི་སྤྱོད་ཡུལ་ལོ། །གཉིས་པ་ལ། གཞི་བདེན་གཉིས་དབྱེར་མེད་དུ་གཏན་ལ་ཕབ་པ། ལམ་འཁོར་འདས་དབྱེར་མེད་དུ་ཉམས་སུ་ལེན་པ། ཐོབ་བྱ་གཞི་འབྲས་དབྱེར་མེད་དུ་ལ་བཟླ་བ་གསུམ། དང་པོ་ལ། བདེན་གཉིས་དབྱེར་མེད་ཀྱི་ངོ་བོ། དབྱེར་མེད་པའི་རྒྱུ་མཚན་གཉིས། དང་པོ།

བདེན་གཉིས་དབྱེར་མེད་ཀྱི་ངོ་བོ་བསྟན་པ།

ད་ནི་བླ་ན་མེད་པ་རྡོ་རྗེའི་ཐེག་པའི་རང་བཞིན་དེ་དག་གི་སྙིང་པོའི་དོན་ཀུན་གཅིག་ཏུ་དྲིལ་ནས་ཉམས་སུ་ལེན་པའི་ཚུལ་ལ་འཇུག་པ་སྟེ། ཕའི་རྒྱུད་ཀྱི་སྙིང་པོའི་རྫོགས་རིམ་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་ཐབས་རླུང་རྣལ་འབྱོར་དུ་བྱ་བ་དང་། མའི་རྒྱུད་ཀྱི་སྙིང་པོའི་རྫོགས་རིམ་བདེ་གསལ་བསམ་གྱིས་མི་ཁྱབ་པ་ཐབས་ཐིག་ལེ་རྣལ་འབྱོར་དུ་བྱ་བ་དང་། གཉིས་སུ་མེད་པའི་རྒྱུད་ཀྱི་རྫོགས་རིམ་གྱི་སྙིང་པོ་འོད་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐབས་ཕྲ་མོ་རྣལ་འབྱོར་དུ་བྱ་བ་གསུམ་ཆར། མན་ངག་འདིར་ཆ་མཉམ་དུ་སྟོན་ལ། དེ་དག་གི་གཞི་མ་ཤེས་ན་མི་འབྱུང་བས་དེ་ལྟ་བུའི་རང་རིག་པའི་ཡེ་ཤེས་བདེན་པ་དབྱེར་མེད་དེ་ཉིད་བཤད་པར། དེ་ཡི་རང་བཞིན་འོད་གསལ་ཡེ་ཤེས་ཏེ། །ཐོག་མ་མེད་ནས་རབ་ཞི་སྤྲོས་མེད་བདག །ཉི་མཁའ་བཞིན་དུ་ལྷུན་གྲུབ་འདུས་མ་བྱས། །རང་བཞིན་རྣམ་དག་ཆེན་པོར་ཡེ་གནས་པས། །སྣང་སྟོང་དབྱེར་མེད་གྲུབ་བསལ་འགྲོ་འོང་མེད། །ཅེས་གསུངས་ཏེ། རང་བྱུང་གི་རིག་པ་ལྷན་ཅིག་སྐྱེས་པའི་ངོ་བོ་ནི། རང་བཞིན་གྱིས་དག་ལ་འོད་གསལ་བ། ཐོག་མ་མེད་པ་ནས་སྤྲོས་པ་མེད་པའི་བདག་ཉིད་དམ་པ། དེ་ཉིད་ཡོན་ཏན་གྱི་དཀྱིལ་འཁོར་གང་བས་མཛེས་པ་ནི། ཉི་མ་སྒྲིབ་པ་མེད་པ་ལྟར་དབྱིངས་ཆོས་ཉིད་ནམ་མཁའ་ལྟ་བུའི་རང་བཞིན་ལས་མི་གཡོ་བ་ཉིད། འདུས་མ་བྱས་ལྷུན་གྲུབ་ཆེན་པོར་ཡེ་ནས་གནས་པའི་རང་བཞིན་རྣམ་དག་སྣང་སྟོང་དབྱེར་མེད་ཆེན་པོར་གནས་པ་ཉིད། མཚན་བརྗོད་ལས། རང་བཞིན་གྱིས་ནི་དག་པའི་བདག །ཐོག་མ་མེད་ནས་སྤྲོས་མེད་བདག །ཅེས་པ་དང་། དྲི་མ་མེད་པས་གཙང་བ་དང་། །ཀུན་ལ་ཁྱབ་པས་བདག་དམ་པ། །འཕོ་འགྱུར་མེད་པས་རྟག་པ་སྟེ། །ཚུ་རོལ་མཐོང་བའི་བློ་ལས་བསྐལ་དོན་ཕ་རོལ་ཏུ་གྱུར་པའི་དབང་དུ་བྱས་ནས། མདོ་སྡེ་རྒྱན་ལས། གཙང་བདག་བདེ་དང་རྟག་ཉིད་ཀྱི། །ཡོན་ཏན་ཕ་རོལ་ཕྱིན་པ་འབྲས། །ཞེས་སོ། །དེའང་སྔར་མེད་པའི་ཡོན་ཏན་སོ་མ་དེའི་སྟེང་དུ་གྲུབ་པའམ་བཞག་ཏུ་མེད་ལ། གློ་བུར་བ་ཙམ་ལས་རང་བཞིན་པའི་སྐྱོན་ནམ་དྲི་མ་ཕྱིར་བསལ་དུ་མེད་པས། སྐྱོན་སྤངས་པ་ཕྱིར་འགྲོ་བ་དང་། ཡོན་ཏན་ནང་དུ་འོང་བ་མེད་པ་ཉིད་ནི་གནས་ལུགས་ཡང་དག་གི་དོན་ཏེ། རྟོགས་པའམ་མཐོང་བས་གྲོལ་ནུས་པར། མངོན་རྟོགས་རྒྱན་ལས། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་སོ། །དེ་ཡང་བདེན་པ་དབྱེར་མེད་ཅེས་མིང་དུ་བཏགས་པའི་གནས་ལུགས་དེ་ཡི་རང་བཞིན་ཇི་ལྟ་བུ་ཞེ་ན། གདོད་ནས་འོད་གསལ་བའི་ཡེ་ཤེས་སམ་བདེ་བར་གཤེགས་པའི་སྙིང་པོ་ཞེས་བྱ་སྟེ། འོད་གསལ་ཞེས་པའི་མིང་གིས་ནི། མུན་པ་དང་བྲལ་བ། སྣང་བ་དང་ལྡན་པ་གཉིས་མཚོན་པ་ལྟར། སྒྲིབ་པས་མ་གོས་པ་དང་། ཡེ་ཤེས་ཀྱི་མཁྱེན་ཆ་དང་ལྡན་པའི་མིང་སྟེ། དེས་ན་སྒྲིབ་བྲལ་གྱི་ཡེ་ཤེས་ཞེས་བྱའོ། །འདི་ནི་མཁྱེན་ཆ་རིག་པའི་ངོས་ནས་བསྟན། དེ་ཡང་ཐོག་མ་མེད་པའི་དུས་སམ་ཡེ་ནས། མཐའ་གང་དུའང་མི་གནས་པས་ན་རབ་ཏུ་ཞི་བ་སྟེ་སྤྲོས་པ་མེད་པའི་བདག་ཉིད་དམ། རང་བཞིན་ཅན་དུ་བཞུགས་པའོ། །འདིས་ནི་སྟོང་ཆ་བསྟན། རིག་པ་དང་སྟོང་པ་དེ་གཉིས་པོའི་དཔེ་ནི་ཉི་མའི་སྙིང་པོ་འོད་གསལ་བ་དང་ནམ་མཁའ་སྒྲིབ་པ་མེད་པ་ལྟ་བུ་དེ། མཁྱེན་ཆ་ལྷུན་གྱིས་གྲུབ་པ་དང་རང་བཞིན་འདུས་མ་བྱས་པས་སོ། །དེ་ལྟ་བུའི་རིག་སྟོང་ཟུང་དུ་འཇུག་པའི་དབྱིངས་དེ་ནི་ལམ་གྱི་བྱེད་རྩོལ་ལྟ་བུ་ལ་མི་ལྟོས་པར་རང་བཞིན་གྱིས་རྣམ་པར་དག་པ་སྟེ། དེ་ཡང་འདུས་བྱས་འཁོར་བ་དང་འདུས་མ་བྱས་ཕྱོགས་གཅིག་པ་ཞི་བའི་སྐྱོན་གཉིས་ཀས་ཀྱང་མ་རེག་པས་ན་རྣམ་པར་དག་པ་ཆེན་པོའོ། །དེ་ལྟ་བུའི་ངང་ཚུལ་ཅན་དུ་ཡེ་ནས་གནས་པས་ན། ངོ་བོ་ལ་སྣང་སྟོང་སོ་སོར་དབྱེར་མེད་ཅིང་མྱང་འདས་བདེན་པར་བསྒྲུབ་པ་དང་། འཁོར་བ་བདེན་པ་བསལ་བྱའང་མེད་ཅིང་། དེའི་དབང་གིས་སྐྱོན་ཕར་འགྲོ་བ་དང་ཡོན་ཏན་ཚུར་འོང་བའང་མེད་དོ། །གཉིས་པ་ལ་བསྟན་བཤད་གཉིས། དང་པོ།

དབྱེར་མེད་པའི་རྒྱུ་མཚན་མདོར་བསྟན་པ།

དེ་ལྟ་བུའི་རང་བཞིན་ལ། ཀུན་རྫོབ་རྣམ་ཆད་རྣམ་དབྱེའི་ཡུལ་འདས་པས། །བཏགས་པའི་བདེན་གཉིས་འདས་ཕྱིར་སྤྲོས་ཀུན་ཞི། །བདེན་པ་དབྱེར་མེད་གྲུབ་དང་མ་གྲུབ་མེད། །དབྱིངས་ལ་སྣང་སྟོང་རང་བཞིན་གཉིས་མེད་པས། །བདེན་པ་དེ་ཡང་དབྱེར་མེད་ཅེས་སུ་བརྗོད། །ཅེས་གསུངས་ཏེ། འོད་གསལ་བའི་ཡེ་ཤེས་དེ་ལ་འཁོར་བ་ཀུན་རྫོབ་པའི་སྣང་བ་སྤྲིན་དང་འདྲ་བས་རེག་པ་མེད་པས་འཁྲུལ་པར་སྣང་བ་ཙམ་དུའང་མ་གྲུབ། དེ་མ་གྲུབ་པ་ན། སྣང་ཚོད་སྟོང་ཉིད་དུ་གཞལ་བའི་དོན་དམ་མ་གྲུབ། དེ་གཉིས་མ་གྲུབ་པས་གྲུབ་མཐས་གཞལ་བའི་བདེན་གཉིས་ཀྱི་དབྱེ་བ་གང་དུའང་གྲུབ་པ་མེད། དེ་མེད་པས་བློས་བདེན་རྫུན་དུ་སྒྲོ་བཏགས་པའི་བདེན་གཉིས་ལས་འདས་ཏེ་སྤྲོས་པ་ཐམས་ཅད་ཞི་བ་འདི་ནི། བཏགས་པའི་བདེན་པ་མ་གྲུབ་པས་ཀྱང་བདེན་པ་དབྱེར་མེད་ཅེས་བརྗོད་ལ། ཀུན་རྫོབ་ཏུ་གྲུབ་པ་དང་དོན་དམ་དུ་མ་གྲུབ་པར་བརྗོད་དུ་མེད་པས། དབྱིངས་འོད་གསལ་བའི་ཡེ་ཤེས་ནི། ལྷུན་གྲུབ་རྣམ་དག་ཆེན་པོ་ཞེས་བརྗོད་ཀྱང་། གྲུབ་མཐར་གྲགས་པའི་སྣང་སྟོང་བདེན་གཉིས་ལྟ་བུར་མེད་པས་ཀྱང་བདེན་པ་དབྱེར་མེད་ཅེས་བྱ་བར་བརྗོད་པ་ཡིན་ཏེ། སྒྱུ་འཕྲུལ་བླ་མ་ལས། དོན་དམ་ཀུན་རྫོབ་དབྱེར་མེད་པ། །མཉམ་པའི་དཀྱིལ་འཁོར་ཆེན་པོ་རུ། །ཞེས་པ་བཞིན་ནོ། །ཐ་སྙད་དུ་བཏགས་པའི་བདེན་གཉིས་སྣང་ཚོད་འདི་ལའང་དབྱེར་མེད་ན་གཤིས་འོད་གསལ་ལ་ལྟ་ཅི་སྨོས། དེའང་ཉི་མ་འདི་སྣང་བ་ན་རྡུལ་ཆར་ཕྱེ་ཡང་འགྲིབ་པའམ། མ་ཕྱེ་བས་གསལ་བ་མེད་པར་མངོན་སུམ་ན་གསལ་བས་ཉི་མ་ལ་དེ་ལྟ་བུའི་རྣམ་དབྱེ་མེད་ཀྱིས་རང་གི་བློས་སྒྲོ་བཏགས་པར་ཟད་དོ། །ཡོད་ན་འཇིག་རྟེན་པས་ཀྱང་མཐོང་བར་འགྱུར་ཏེ། ཉི་མ་མཐོང་བ་དེ་ལ་ཡོད་པའི་བདེན་གཉིས་མཐོང་བར་རིགས་ཏེ་ཉི་མ་མཐོང་དུས་དེ་ལ་ཡོད་པའི་འོད་མཐོང་བར་གསལ་བ་བཞིན་ནོ། །དེ་ལྟ་བུའི་བསལ་བཞག་བྲལ་བའི་རང་བཞིན་ལ་ཀུན་རྫོབ་སྒྲ་དང་རྟོག་པའི་འཇུག་པ་མི་རྒྱུ་བས་ན་ཀུན་རྫོབ་ཀྱི་སྤྲོས་པ་རྣམ་པར་ཆད་པ་སྟེ། འཁོར་འདས་སྣང་སྟོང་སྐྱོན་ཡོན་སོགས་སུ་སྒྲ་རྟོག་གིས་གང་གཞལ་བ་ཐམས་ཅད་དཔྱད་བཟོད་དུ་མི་འགྲུབ་པའི་ཕྱིར་ཀུན་རྫོབ་པ་ཡིན་ཞིང་དེའི་རྒྱུ་བ་ཐམས་ཅད་ཉེ་བར་ཞི་བའོ། །དེས་ན་འདི་ནི་ཀུན་རྫོབ་དང་འདི་ནི་དོན་དམ་ཞེས་རྣམ་པར་དབྱེ་བའི་སྤྱོད་ཡུལ་ལས་འདས་པས་ན། གྲུབ་མཐའི་བློས་སྐྱེ་བར་སྣང་བ་ཀུན་རྫོབ། སྐྱེ་བ་མེད་པར་གནས་པ་དོན་དམ་མོ་ཞེས་པ་ལྟ་བུར་བཏགས་ཤིང་ཞེན་པའི་བདེན་པ་གཉིས་སུའང་བཞག་པ་མེད་པའི་ཕྱིར་དེ་ལས་འདས་ཏེ་ཡོད་མེད་དུ་འཛིན་པ་ལ་སོགས་པའི་སྤྲོས་ཀུན་ཉེ་བར་ཞི་བ་ཡིན་ཏེ། དེའི་རྒྱུ་མཚན་གནས་ལུགས་ལ་བདེན་པ་གཉིས་སོ་སོར་དབྱེར་མེད་པས་ན་ཀུན་རྫོབ་ཏུ་ནི་གྲུབ་ཅེས་སམ། དོན་དམ་པར་མ་གྲུབ་ཅེས་སོ་སོར་དབྱེར་མེད་པའི་གནད་ཀྱིས་སོ། །དེའི་མཇུག་བསྡུ་བ་ནི། དེ་ལྟར་ཆོས་ཀྱི་དབྱིངས་ལ་སྣང་བ་དང་སྟོང་པའི་རང་བཞིན་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པས་ན། ཀུན་རྫོབ་དང་དོན་དམ་གྱི་བདེན་པ་དེ་ཡང་དབྱེར་མེད་ཅེས་སུ་སྒྲ་དང་ཚིག་གིས་བརྗོད་པ་ཙམ་མོ། །གཉིས་པ་རྒྱས་བཤད་ལ། སྣང་ཚུལ་ཐ་སྙད་ལ་བདེན་པ་གཉིས་སུ་དབྱེ་བ། གནས་ཚུལ་དོན་དམ་པར་དབྱེར་མེད་གཅིག་ཏུ་བསྟན་པ་གཉིས། དང་པོ།

སྣང་ཚུལ་ཐ་སྙད་ལ་བདེན་པ་གཉིས་སུ་དབྱེ་བ།

འོ་ན་ཐ་སྙད་དུ་གྲགས་པའི་བདེན་གཉིས་དེ་འདི་དང་སྦྱར་ན་བདེན་གཉིས་ཇི་ལྟར་འཇོག་ཅེས་པའི་ལན་དུ། བརྡ་ཙམ་དང་སྒོ་བསྟུན་ནས་བརྡ་ཤེས་པའི་ཡན་ལག་ཏུ་བཞག་ན། ཐ་སྙད་བདེན་གཉིས་ཚུལ་གྱིས་རབ་དབྱེ་ན། །འདི་ལྟར་འཁྲུལ་སྣང་འཁོར་བའི་ཆོས་རྣམས་ཀུན། །མི་བདེན་བསླུ་ཕྱིར་ཀུན་རྫོབ་བདེན་པ་ལ། །ཟབ་ཞི་འོད་གསལ་མྱ་ངན་འདས་པའི་ཆོས། །འགྱུར་མེད་རང་བཞིན་དོན་དམ་བདེན་པར་འདོད། །ཅེས་གསུངས་ཏེ། འདི་ལྟར་དོན་གྱི་སྙིང་པོ་འོད་གསལ་སྒྲིབ་པའི། བག་ཆགས་སྣ་ཚོགས་པའི་ཀུན་གཞི་ཚོགས་བརྒྱད། བག་ཆགས་ཀྱི་སྣང་བ་ཕྱི་གཟུགས་སོགས་ཡུལ་གྱི་སྣང་བ་སྣ་ཚོགས་དང་། ནང་སེམས་ཀྱི་རྣམ་པ་ཐམས་ཅད་འཁོར་བ་ཡིན་པའི་ཕྱིར་བསླུ་བ་སྙིང་པོ་མེད་པས་ཀུན་རྫོབ་ཀྱི་བདེན་པར་བཞག་ལ། གཞི་འོད་གསལ་ལྷུན་གྲུབ་ནི་དོན་དམ་བདེན་པར་བཞག་པ་ཡིན་ནོ། །དཔེར་ན་སྤྲིིན་དང་ཉི་མ་ལྟར་སྒྲིབ་ཡུལ་འོད་གསལ་དེ་དོན་དམ་བདེན་པ། སྒྲིབ་བྱེད་འཁོར་བའི་ཆོས་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ཀུན་རྫོབ་བདེན་པའོ། །དེ་ཡང་དབྱིངས་དེ་ལྟ་བུ་ཡིན་དུ་ཟིན་ཀྱང་སྣང་ཚུལ་ལ་བརྟེན་ནས་ཐ་སྙད་ཙམ་གྱི་ཚུལ་གྱིས་སོ་སོར་རབ་ཏུ་དབྱེ་ན། འདི་ལྟར་འཁྲུལ་སྣང་གིས་བསྡུས་པ་གཟུང་འཛིན་གྱི་རྟོག་པའི་དབང་གིས་སྣང་བ་འཁོར་བའི་ཆོས་སུ་གཏོགས་པ་ཐམས་ཅད། བརྟགས་ན་མི་བདེན་ཞིང་གཡོ་ཞིང་མི་རྟག་པས་ན་བསླུ་བའི་ཆོས་ཅན་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ། རྟོགས་དཀའ་བས་ཟབ་པ་དང་སྤྲོས་ཀུན་ཉེ་བར་ཞི་བ་དང་། མཁྱེན་པའི་ཡེ་ཤེས་འོད་གསལ་ཞིང་སྡུག་བསྔལ་མཐའ་དག་སྤངས་བས་ན་མྱ་ངན་ལས་འདས་པ་ཆེན་པོས་བསྡུས་པའི་ཆོས་རྣམས་ནི། རྡུལ་དང་སྐད་ཅིག་མའི་ཆོས་ལས་འདས་པས་ན། འགྱུར་བའི་ཟུག་རྔུ་དང་བྲལ་བ་འགྱུར་བ་མེད་པའི་རང་བཞིན་ཅན་དོན་དམ་པའི་བདེན་པར་འདོད་དོ། །ཀུན་རྫོབ་དོན་དམ་གྱི་འཇོག་ཚུལ་འདི་ལ་སྣང་ཚུལ་དང་གནས་ཚུལ་གྱིས་བཞག་པ་ནི་སྣང་ཆ་དང་སྟོང་ཆ་ལ་འཇོག་པས་དེ་ནི་འཁོར་འདས་གཉིས་ཀར་འདྲ་ཞིང་མཉམ་ལ། འདིར་གནས་ཚུལ་དང་སྣང་ཚུལ་མཐུན་པ་དང་མི་མཐུན་པ་ལ་དོན་དམ་དང་ཀུན་རྫོབ་ཏུ་འཇོག་པའི་ལུགས་ཏེ། དེ་ལྟ་བུའི་སྲོལ་ཆེན་པོ་གཉིས་སུ་གནས་པ་ནི་མདོ་རྣམས་ནའང་མང་དུ་འབྱུང་བ་ཡིན་པས་ཕན་ཚུན་ཤན་ཤོར་བར་མི་བྱ་ལ། ཕྱི་མའི་འཇོག་ཚུལ་འདི་ནི་ཐ་སྙད་དཔྱོད་པའི་ཚད་མས་ཡང་དག་དང་ཡང་དག་མིན་པར་ཕྱེས་ནས་བདེན་གཉིས་འཇོག་ཚུལ་ཡིན་པས། གཞུང་འདིར་ཡང་། ཐ་སྙད་བདེན་གཉིས་ཚུལ་གྱིས་རབ་དབྱེ་ན། །ཞེས་གསུངས་པ་ལྟར་རྟོགས་པར་བྱ་སྟེ། དོན་དམ་དཔྱོད་བྱེད་ཀྱི་ཚད་མས། མྱང་འདས་དཔྱད་བཟོད་དམ་བདེན་གྲུབ་ཏུ་བསྒྲུབ་པ་མིན་པར་ཤན་ཕྱེད་པ་གལ་ཆེའོ། །གཉིས་པ།

གནས་ཚུལ་དོན་དམ་པར་དབྱེར་མེད་གཅིག་ཏུ་བསྟན་པ།

དེ་ལྟ་བུའི་སྒྲིབ་པ་སྣང་ལ་མ་གྲུབ་པས་འོད་གསལ་ལ་གོས་སུ་མེད་པའི་ཕྱིར། དབྱེ་བ་ལ་འདྲེ་དགོས་པ་ལས་གཅིག་དང་ཐ་དད་དུ་འདྲེས་པ་མེད་པས། ཞེས་པ་ནི་སོ་སོར་དབྱེ་བའམ་དབྱེར་མེད་པ་ཞེས་པའང་དང་པོ་འདྲེས་པ་སླད་ཀྱིས་དབྱེ་བའམ། དང་པོ་སོ་སོར་གཉིས་སུ་ཡོད་པ་ལ་སླད་ཀྱིས་འདྲེས་པ་ལྟ་བུ་ལ་བརྟེན་ནས་འཇུག་པ་ཡིན་ན་ཡང་། གཅིག་ཏུ་འདྲེས་པ་མེད་དེ་དྲི་མ་གློ་བུར་བ་དང་འོད་གསལ་རང་བཞིན་གྱིས་གནས་པ་ཡིན་པ་དང་། ཐ་དད་པ་འདྲེས་པ་མེད་དེ་མཚན་ཉིད་མི་མཐུན་པའི་ཕྱིར་རོ། །དེས་ན་གཉིས་ཆོས་ཀྱི་དབྱེ་བ་རང་བཞིན་གྱིས་ཟད་པའི་དོན་ལ་དབྱེ་བ་ཡེ་ནས་མེད་པའི་དོན་ཏོ། །བདེན་པ་དབྱེར་མེད་དུ་བཏགས་པ་ནི། ཀུན་རྫོབ་འདི་ལྟར་སྣ་ཚོགས་སྣང་བ་འདི། །སྒྱུ་མ་ཆུ་ཟླ་སྤྲུལ་པ་གཟུགས་བརྙན་བཞིན། །རང་བཞིན་མེད་ལ་སྣང་བ་གང་ཡིན་པ། །ཤིན་ཏུ་བརྟགས་ན་གཞི་རྩ་དངོས་མེད་པས། །མཁའ་འདྲ་སྟོང་ཞིང་མཚན་ཉིད་ཆད་པ་སྟེ། །མ་བརྟགས་ཉམས་དགའ་སྣ་ཚོགས་སྒྱུ་མ་བཞིན། །བག་ཆགས་འཁྲུལ་པའི་རྟེན་འབྲེལ་ལས་བྱུང་བ། །ཇི་ལྟར་དྷ་དུ་ར་ཡི་སྣང་བ་བཞིན། །ཞེས་གསུངས་ཏེ། ཀུན་རྫོབ་སྣ་ཚོགས་སུ་སྣང་བ་འདི་དོན་དངོས་པོ་ལ་གྲུབ་པ་མེད་དེ་རང་གི་མཚན་ཉིད་ཆད་པ་ཆུ་ཟླ་དང་འདྲའོ། །བརྟགས་ན་མེད་ལ་མ་བརྟགས་ན་ཡོད་པ་འདྲ་བས་འཁྲུལ་སྣང་ཞེས་བྱ་སྟེ། དྷ་དུ་རས་འཁྲུལ་པ་ལ་སྣ་ཚོགས་སྣང་བ་བཞིན་ནོ། །དེ་ཡང་གཉིས་སྣང་དང་བཅས་པའི་སྤྱོད་ཡུལ་དུ་མི་བརྟན་གཡོ་བའི་ངང་ཚུལ་ཅན་གྱི་ཀུན་རྫོབ་འདི་ལྟར་སྣང་བ་སྣ་ཚོགས་པ་འདི་ཡང་། སྒྱུ་མ་ཆུ་ཟླ་སྤྲུལ་པ་གཟུགས་བརྙན་བཞིན་དུ་བརྟགས་ན་རང་བཞིན་དུ་གྲུབ་པ་རྡུལ་ཙམ་མེད་ལ། མེད་ཀྱང་སྣང་བ་ནི་སྣང་བ་གང་ཡིན་པ་འདི་དག་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་ཤིན་ཏུ་བརྟགས་ན་རགས་པའི་གཞི་དང་ཕྲ་བའི་རྩ་བར་གྱུར་པའི་དངོས་པོ་རྡུལ་ཕྲ་རབ་ཙམ་ཡང་གྲུབ་པ་མེད་པས་ན། ནམ་མཁའ་དང་འདྲ་བར་སྟོང་ཞིང་། ཆོས་རང་རང་གི་མཚན་ཉིད་ཀྱིས་གྲུབ་པ་རྣམ་པར་ཆད་པས་བརྟགས་པར་མི་བཟོད་ཀྱང་། མ་བརྟགས་མ་དཔྱད་པར་བག་ཡངས་སམ་ཉམས་དགའ་བ་ཙམ་གྱི་སྤྱོད་ཡུལ་དུ་ནི་རྣམ་པ་སྣ་ཚོགས་པའི་རང་བཞིན་དུ་སྣང་བ་ནི་དཔེར་ན་མེད་བཞིན་སྣང་བ་སྒྱུ་མའི་རྟ་གླང་ལ་སོགས་པ་བཞིན་ནོ། །མེད་བཞིན་དུ་ཡང་སྣང་བའི་རྒྱུ་ཅི་ཞིག་ཡིན་ཅེ་ན། ཐོག་མེད་ནས་གོམས་པའི་བག་ཆགས་གང་ཞིག་འཁྲུལ་པའི་རང་བཞིན་ཅན་གྱི་རྟེན་ཅིང་འབྲེལ་བ་ལས་བྱུང་བ་ཡིན་ཏེ། དཔེ་ཅི་ལྟར་ན་དྷ་དུ་ར་ཟོས་པ་ཡི་གང་ཟག་གི་མིག་ལམ་དུ་གླང་པོ་ལ་སོགས་པར་སྣང་བ་བཞིན་ནོ། །འཁྲུལ་སྣང་ཀུན་རྫོབ་ཀྱི་ཆོས། འདི་དག་རང་བཞིན་སྟོང་ལ་བདག་མེད་པ། །དེ་ཉིད་དེ་ཡི་གནས་ལུགས་ཡིན་པའི་ཕྱིར། །དོན་དམ་ཞེས་བྱ་སྣང་ཆ་ཀུན་རྫོབ་སྟེ། །སྣང་དུས་ཉིད་ནས་སྐྱེ་སོགས་གྲུབ་མེད་པས། །རང་བཞིན་དེ་ཡིན་བདེན་པ་དབྱེར་མེད་དོ། །ཞེས་གསུངས་ཏེ། ཀུན་རྫོབ་ཆུ་ཟླ་འདྲ་བ་འདིའི་རང་བཞིན་སྟོང་པ་དེ་ནི་དོན་དམ་ལ་སྣང་ཆ་ཀུན་རྫོབ་ཏུ། ཐ་སྙད་པའི་བདེན་པ་གཉིས་སུའང་གྲགས་ཏེ། དེ་གཉིས་ཀྱང་ངོ་བོ་ལ་དབྱེ་བ་ཐ་དད་སོ་སོ་བ་མ་གྲུབ་སྟེ། གཉིས་ཆར་གཞི་མེད་ཡིན་པའི་ཕྱིར། ཞེས་པ་ནི་ཐུན་མོང་དུ་གྲགས་པའི་བདེན་པ་དབྱེར་མེད་དོ། །སེམས་འགྲེལ་ལས། དེ་ཕྱིར་ཆོས་རྣམས་ཀུན་གྱི་གཞི། །གནས་མེད་སྒྱུ་མ་དང་མཚུངས་ཤིང་། །ཞི་བ་སྲིད་པ་གཉིས་མེད་པ། །སྟོང་པ་ཉིད་ནི་རྟག་ཏུ་སྒོམ། །ཞེས་པ་དང་། མངོན་རྟོགས་རྒྱན་ལས། དེ་གཞི་མེད་པའི་ཚུལ་དང་ནི། །གཞི་མེད་འགྲོ་མེད་སྐྱེ་མེད་དང་། །ཞེས་སོ། །དེ་ལྟར་ཐ་སྙད་པའི་བདེན་པ་གཉིས་རིལ་པོ། འདིར་ཀུན་རྫོབ་ཏུ་བཞག་ནས་མ་གྲུབ་པ་ཉིད་དུ་གཏན་ལ་འབེབས་ཏེ། མདོ་སྡེ་རྒྱན་ལས། གཞན་གྱི་མར་ནི་གང་འདོད་པ། །དེ་ནི་གཞན་གྱི་ཆུང་མ་ཉིད། །གཞན་གྱི་དོན་དམ་གང་ཡིན་པ། །དེ་ནི་གཞན་གྱི་ཀུན་རྫོབ་ཉིད། །ཅེས་སོ། །དེས་ན་ཐ་སྙད་པས་དོན་དམ་དུ་འདོད་ཀྱང་བློས་དཔྱད་པ་ལ་དངོས་པོ་དང་དོན་སྤྱི་དངོས་མེད་འཛིན་པ་ལས་མེད་པས་ན། ཀུན་རྫོབ་ཉིད་དུ་འགྱུར་བའི་ཕྱིར་རོ། །དེ་ལྟར་འཁྲུལ་པའི་སྣང་བ་འདི་དག་རང་བཞིན་གྱིས་ཆོས་བདག་གིས་སྟོང་ཞིང་གང་ཟག་གི་བདག་མེད་པ་དེ་ཉིད། སྣང་བ་དེ་ཡི་ཡིན་ལུགས་སམ་གནས་ལུགས་ཡིན་པའི་ཕྱིར་སྟོང་པའི་ཆ་དེ་ལ་དོན་དམ་ཞེས་བྱ་ཞིང་དེའི་སྣང་ཆ་ལ་ཀུན་རྫོབ་ཅེས་སུ་བཞག་པ་ཡིན་ཏེ། དེ་ལྟར་སྣང་བའི་དུས་ཉིད་ནས་ཀྱང་སྐྱེ་བ་དང་གནས་པ་སོགས་སུ་གྲུབ་པ་མེད་པས་ན། ཆོས་དེ་དང་དེའི་རང་བཞིན་ནམ་གནས་ལུགས་ནི་སྣང་སྟོང་འདུ་འབྲལ་མེད་པར་གནས་པ་དེ་ཡིན་པའི་ཕྱིར་བདེན་པ་དབྱེར་མེད་པའི་བདག་ཉིད་དོ། །གཉིས་པ་ལམ་འཁོར་འདས་དབྱེར་མེད་ལ། དངོས་དང་། དེ་ལ་ལོག་རྟོག་དགག་པ་གཉིས། དང་པོ་ལ། གནས་ལུགས་ལ་འཁོར་འདས་དབྱེར་མེད་དུ་བསྟན་པ་དང་། སྣང་ཚུལ་གྱིས་མི་གནོད་པར་བསྟན་པ་གཉིས། དང་པོ།

གནས་ལུགས་ལ་འཁོར་འདས་དབྱེར་མེད་དུ་བསྟན་པ།

སྐབས་འདིར་ཐ་སྙད་པའི་བདེན་པ་རྨི་ལམ་དང་འདྲ་བ་གཞི་མ་གྲུབ་ཀྱི་རྣམ་དབྱེ་ལ་ཞེན་པ་དེ་ཡང་མ་གྲུབ་པའི་ཆོས་ཉིད་གཤིས་ནམ་མཁའ་འདྲ་བ། དེ་ཡི་རང་བཞིན་གདོད་ནས་དག་པ་དང་། །འོད་གསལ་དོན་དམ་གཉིས་སུ་དབྱེར་མེད་པས། །འཁོར་འདས་དབྱེར་མེད་བདེན་པ་གཉིས་མེད་དོ། །ཞེས་གསུངས་ཏེ། འཁོར་བ་ཀུན་རྫོབ་པ་ཐ་སྙད་པའི་བདེན་གཉིས་ཀྱི་རང་བཞིན་གདོད་མ་ནས་མ་གྲུབ་པའི། མ་གྲུབ་པའི་ཆ་དེ་དང་ལྷུན་གྲུབ་ཀྱི་འོད་གསལ་ཐ་དད་དུ་དབྱེ་བ་མེད་དེ་དབྱེ་ཆོས་འཁོར་བ་མ་གྲུབ་པས་མ་གྲུབ་ཆ་ལ་གང་དུའང་གཞག་ཏུ་མེད་པའི་ཕྱིར་རོ། །དེས་ན་འོད་གསལ་དོན་དམ་མྱ་ངན་ལས་འདས་པའི་རང་བཞིན་དང་། འཁོར་བ་གདོད་ནས་དག་པ་གཉིས་གྲུབ་མ་གྲུབ་ཆོས་འགལ་བས་དབྱེ་བ་མེད་པས་དབྱེར་མེད་དུ་ཤེས་པར་བྱའོ། །འོ་ན་མྱང་འདས་མ་གྲུབ་པར་བཤད་མོད་ཅེ་ན། བཏགས་པའི་ཞེན་པ་འགོག་པ་ལ་དགོངས་ཀྱི། མཚན་ཉིད་ཆད་པའི་མ་གྲུབ་པ་མ་ཡིན་ནོ། །དེ་ཡང་འཁོར་བ་དེ་ཡི་རང་བཞིན་གདོད་ནས་སྐྱེ་བ་མེད་པའི་བདག་ཉིད་རྣམ་པར་དག་པ་སྟོང་པའི་ཆ་དབྱིངས་ཀྱི་དོན་དམ་དང་། མཁྱེན་ཆ་འོད་གསལ་བའི་དོན་དམ་ཞེས་ཡེ་ཤེས་དང་འབྲས་བུའི་དོན་དམ་བསྟན་པའོ། །དེ་ཡང་རིག་པ་རང་བྱུང་གི་ཡེ་ཤེས་ཉིད་ལ་ལྡོག་ཆས་དབྱེ་བ་ལྔ་དང་། དེ་ལ་བརྟེན་ནས་སྐུ་ལྔ་འབྱུང་བས་ན་འབྲས་བུ་དང་ཡེ་ཤེས་ཀྱི་དོན་དམ་ནི་འོད་གསལ་བ་ཉིད་ལ་འདུས་པ་བཞིན་ནོ། །དེ་ལྟར་ན་སྟོང་པ་དབྱིངས་དང་གསལ་བ་ཡེ་ཤེས་གཉིས་པོ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པས་ན། སྣང་ཚུལ་འཁོར་བ་ལྟར་སྣང་བ་ཉིད་གནས་ཚུལ་ལ་རང་བཞིན་གྱིས་མྱ་ངན་ལས་འདས་པར་གནས་པ་སྟེ་གཤིས་ལ་འཁོར་འདས་གཉིས་སུ་མེད་ཅིང་བདེན་པ་གཉིས་སུ་དབྱེར་མེད་དོ། །གཉིས་པ།

སྣང་ཚུལ་གྱིས་མི་གནོད་པར་བསྟན་པ།

དེའི་དོན་བསྡུ་བ་ནི། འདི་ལྟར་སྣང་ཡང་འཁོར་བ་མ་གྲུབ་པས། །རང་བཞིན་མེད་དེ་དབྱིངས་ཀྱི་དོན་དམ་དང་། །ཐ་དད་སོ་སོར་དབྱེ་བའི་ཆོས་མེད་པས། །འཁོར་འདས་དབྱེར་མེད་མཉམ་པ་ཉིད་དུ་བསྟན། །ཞེས་གསུངས་ཏེ། འཁོར་བ་སྣང་ལ་མ་གྲུབ་པའི་མ་གྲུབ་ཆ་དེ་དང་། དབྱིངས་ངོ་བོ་ཉིད་ཀྱི་དག་པའི་དོན་དམ་ལ་གཅིག་ཆོས་འགལ་བས་ཀྱང་འདྲེར་མེད་དོ། །འཁོར་བས་གོས་པ་མེད་པའི་ཕྱིར་ངོ་བོ་ཉིད་ཀྱིས་རྣམ་དག་ཏུ་བསྟན་པས་དེ་ཉིད་དབྱེར་མེད་དེ། སྣང་མུན་འདྲེས་པའི་དབྱེར་མེད་ཅེས་བྱ་བ་མེད་པ་བཞིན་ནོ། །འཁོར་བ་མ་གྲུབ་པས་དབྱེ་ཆོས་མེད་པ་དེའི་ཕྱིར་ཡང་འོད་གསལ་དང་དབྱེར་མེད་ཅེས་བརྗོད་དེ། ཉིན་མཚན་གྱི་དབྱེར་མེད་དམ། དངོས་པོ་དང་རི་བོང་གི་རྭ་བཞིན་ནོ། །དབྱིངས་དོན་དམ་དང་འོད་གསལ་བའི་དོན་དམ་དབྱེར་མེད་དུ་ཆུག་ཀྱང་དྲི་མར་ལྡན་པའི་འཁོར་བ་ཉིད་དྲི་མ་མེད་པའི་མྱང་འདས་སུ་ཅི་ལྟར་རུང་སྙམ་ན། འདི་ལྟར་མ་དག་པའི་བློ་ཅན་རྣམས་ཀྱི་ངོར་སྡུག་ཀུན་གྱིས་བསྡུས་པ་དྲི་མར་ལྡན་པ་འཁོར་བའི་ཆོས་སུ་སྣང་ན་ཡང་། སྣང་བ་ལྟར་འཁོར་བ་ཉིད་གྲུབ་ན་མྱང་འདས་སུ་མི་རུང་ཡང་། འཁོར་བ་ཉིད་རིགས་པས་བརྟགས་ན་མ་གྲུབ་པས་ན་དྲི་མར་ལྡན་པ་འཁོར་བའི་རང་བཞིན་ཅུང་ཟད་ཀྱང་མེད་དེ་གདོད་ནས་དག་པ་དབྱིངས་ཀྱི་དོན་དམ་པ་དང་། གཞི་ཐ་དད་པ་དང་རྣམ་པ་སོ་སོར་དབྱེ་བའི་ཆོས་ཡང་དག་པའི་དོན་ལ་མ་གྲུབ་པས་དོན་དམ་པར་འཁོར་འདས་དབྱེར་མེད་དེ་སྲིད་ཞི་མཉམ་པ་ཉིད་དུ་བསྟན་པ་ཡིན་ནོ། །གཉིས་པ།

དེ་ལ་ལོག་རྟོག་དགག་པ།

དེས་ན་བདེན་པར་དབྱེར་མེད་དམ། །འཁོར་འདས་དབྱེར་མེད་ཅེས་པའི་དོན། །འདི་ལས་གཞན་དུ་རྟོག་པ་ལོག་པའི་བློ། །གནས་ལུགས་དོན་ལ་རབ་ཏུ་རྨོངས་པ་ཡིན། །ཅེས་གསུངས་ཏེ། འཁོར་འདས་གཉིས་ཀ་སྣང་ཙམ་དུ་གྲུབ་པ་ཡང་། ངོ་བོ་རང་བཞིན་མེད་པ་དབྱེར་བྱེད་ལ། དོན་དམ་པར་གཉིས་ཀ་གཞི་མ་གྲུབ་པས་དབྱེ་བའི་ཡུལ་མེད་དོ་ཞེས་པའི་དོན་དུ་འདོད་པའང་། ཐེག་པ་བླ་ན་མེད་པའི་དོན་ལ་རྨོངས་ཤིང་གཏི་མུག་པ་ཞེས་བྱ་སྟེ། ཞེས་གསུངས་པ་རང་བཞིན་མ་གྲུབ་པར་འདྲ་བ་ཙམ་དང་སྟོང་རྐྱང་ཕྱལ་ཆད་ལ་བདེན་པ་དབྱེར་མེད་ཀྱི་དོན་རྫོགས་པར་གཟུང་བ་མི་འཐད་ཅེས་སོ། །སྣང་དུས་དབྱེར་སྣང་བཞིན་དུ་དབྱེར་མེད་མི་འཐད་དོ། །རང་བཞིན་མེད་པའི་ཆ་གཉིས་ཞེས་པའང་། འཁོར་འདས་དེ་ཉིད་ལས་གཞན་དུ་མེད་པས་ན། འཁོར་འདས་དབྱེར་སྣང་ན། རང་བཞིན་མེད་པའང་དབྱེར་ཡོད་པ་ཁོ་ན་སྟེ། ཀ་བ་བུམ་པ་བཞིན་ནོ། །ཞེས་པ་སྟེ་འདི་ཐད་གོ་བའི་བབས་ལ་ཐ་སྙད་དུ་འཁོར་འདས་སྣང་ཙམ་གྱི་ཐ་དད་ལ། དོན་དམ་རང་བཞིན་མ་གྲུབ་པའི་དགག་ཆ་ཙམ་དུ་དབྱེར་མེད་པ་ཙམ་ཞིག་གིས་འཁོར་འདས་དབྱེར་མེད་ཆེན་པོ་རྟོགས་པ་མིན་ཚུལ་གསུངས་ཤིང་། འཁོར་འདས་དབྱེར་མེད་ཆེན་པོ་ནི་རང་བཞིན་གཉུག་མ་གྲུབ་བསལ་མེད་པ་ཙམ་ཆོས་ཀུན་གྱི་རང་བཞིན་ནམ་གནས་ལུགས་སུ་གྲུབ་པ་དེ་ལ་མྱང་འདས་ཆེན་པོ་ཞེས་ཐ་སྙད་གདགས་པ་ཡིན་ལ། དེའི་དོན་ཇི་ལྟ་བ་བཞིན་བློ་ཡུལ་ལས་འདས་ཤིང་། གཉིས་ཆོས་འཁོར་འདས་ཀྱི་ཟླས་ཕྱེ་བའི་མྱང་འདས་མིན་པར་གསུངས་པས་ན། སྣང་ཆ་ནས་སོ་སོར་དབྱེ་ཞིང་སྟོང་ཆ་ནས་དབྱེར་མེད་ཅེས་པ་དེ་ལ་བརྟག་ན། འཁོར་འདས་སྣང་དུས་སོ་སོར་དབྱེ་བར་སྣང་བཞིན་དུ་དབྱེར་མེད་མི་འཐད་དེ། ཀ་བུམ་སོ་སོར་སྣང་བཞིན་ཀ་བུམ་དབྱེར་མེད་པ་མི་འཐད་པ་བཞིན། སྟོང་པར་འདྲ་བ་ཙམ་གྱིས་དབྱེར་མེད་དོ་སྙམ་ན་མ་ཡིན་ཏེ། འཁོར་འདས་དབྱེར་སྣང་ན་སྣང་བ་ཐ་དད་ལ་ལྟོས་པའི་སྟོང་པའམ་རང་བཞིན་མེད་པའང་དབྱེར་ཡོད་ཁོ་ནའམ་ཐ་དད་དེ་ཀ་བའི་སྟེང་གི་དངོས་པོ་དང་། བུམ་པའི་སྟེང་གི་དངོས་པོ་བཞིན་ནོ། །གལ་ཏེ་འདྲ་བ་ཙམ་གྱིས་དབྱེར་མེད་ཡིན་ན་ཆོས་ཐམས་ཅད་ཤེས་བྱར་མཚུངས་པས་རང་བཞིན་དབྱེར་མེད་ཀྱི་གཅིག་པར་འགྱུར་བས་གཅེར་བུ་པའི་ལུགས་རྣལ་མ་ཁས་བླངས་པ་ཡིན་ནོ། །དེས་ན་རང་བཞིན་མ་གྲུབ་ཙམ་གྱི་ཆ་ཁོ་ན་བཟུང་བའི་སྟོང་རྐྱང་ནི་འཁོར་བ་མིན་ལ་མྱང་འདས་ཀྱང་མིན་ཞིང་། དེ་གཉིས་ཀའི་རང་བཞིན་ནམ་གནས་ལུགས་མཐར་ཐུག་ཀྱང་མིན་ཏེ་སྟོང་པ་ཚིག་རྐྱང་གི་ཕྱོགས་སུ་ལྷུང་བའི་ཕྱིར་རོ། །དགག་པ་དེ་རང་ལའང་མཚུངས་ཏེ་འཁོར་འདས་གཉིས་སྣང་ཙམ་དུ་དབྱེར་མེད་པ་སུས་ཀྱང་ཁས་བླང་མི་ནུས་པའི་ཕྱིར་སྙམ་ན་མི་མཚུངས་ཏེ། འཁོར་འདས་ཞེས་སོ་སོར་སྣང་བའི་གཉིས་ཆོས་ཀྱི་རྣམ་པར་དབྱེ་བ། མཐར་ཐུག་གི་དོན་ལ་ཡེ་ནས་མ་གྲུབ་པའི་ཕྱིར་ན། གཉིས་སུ་སྣང་བའང་མེད་ཅིང་དེ་ལྟར་ན་སོ་སོའི་ཆོས་ཉིད་ཅེས་བློས་རྣམ་པར་གཞག་པའི་ཡུལ་ཀྱང་ཡེ་ནས་མེད་པས་ན་བདེན་པ་དབྱེར་མེད་བློའི་སྤྱོད་ཡུལ་དང་བྲལ་བ་ཞེས་གསུངས་ཏེ། རྣམ་གྲངས་མིན་པའི་མྱང་འདས་ཡིན་ནོ། །འདི་སྐབས་དཔེ་རྙིང་བཞིན་དུ་དབྱེར་སྣང་ཞེས་བཞག་པ་ཡིན་ལ། དོན་གྱི་དགོངས་པ་འདི་ལྟར་གཞུང་ན་གསལ་ཀྱང་། སྐབས་ཀྱི་ཚིག་ཕྲད་ལ་རང་བློའི་ནུས་པ་འདི་ཙམ་དུ་ཟད་ཀྱི། བདག་ཉིད་ཆེན་པོ་འདིའི་དགོངས་པ་ཤིན་ཏུ་ཟབ་པས་སླར་ཡང་རྟོགས་ཤིག་ཅེས་འཇམ་མགོན་བླ་མས་གསུངས་ཡོད་དོ། །དོན་དམ་དུ་འཁོར་བ་མེད་ཀྱང་གྲོལ་བ་མེད་ན་འབད་པ་དོན་མེད་པ་དང་། ཡང་འཁོར་བ་ལ་སོགས་པ་སྐྱོན་མང་ངོ་། །གཤིས་ལ་འཁོར་བ་མ་གྲུབ་ལ་སྣང་། དོན་དམ་གྲུབ་ལ་ད་ལྟ་མི་སྣང་། སངས་རྒྱས་དུས་སྣང་བ་ཞེས་བྱ་བར་བཞག་གོ །ཞེས་པ་ནི་ཐ་སྙད་ཀྱིས་གཞལ་ནས་དངོས་པོའི་ཡིན་ལུགས། སྣང་སྟོང་གཉིས་མེད་འོད་གསལ་གཉུག་མའི་གཤིས་དེ་ཉིད་ཆོས་ཀུན་གྱི་གནས་ལུགས་མཐར་ཐུག་པ་ཡིན་པས་དཔེར་ན་དུང་གི་དཀར་པོ་ལྟར་ཡིན་ལུགས་ཡིན་ལ། འཁོར་འདས་སྣ་ཚོགས་སུ་སྣང་བ་དང་བཏགས་པའི་ཀུན་རྫོབ་དང་དོན་དམ་སོགས་གཉིས་ཆོས་ཐམས་ཅད་དུང་གི་སེར་པོ་ལྟར་ཡིན་ལུགས་མིན་པས་ན། གཅིག་དོན་ལ་གནས་གཅིག་དོན་ལ་མི་གནས་པར་མ་ཤེས་ན་དངོས་པོའི་ཡིན་ལུགས་དང་དེ་མ་ཡིན་པའི་ཁྱད་མི་ཕྱེད་པས་ཐ་སྙད་ཀྱི་འཇོག་ཚུལ་ཡིན་གྱི། མྱང་འདས་དོན་དམ་དཔྱད་བཟོད་དམ་བདེན་གྲུབ་ཏུ་མི་སྒྲུབ་པར་མ་ཟད་མཐའ་ཡི་སྤྲོས་པ་ཕྲ་མོ་ཡང་འདིར་དགག་པས་ན་གངས་ཅན་ན་ཕྱོགས་རེར་ཞེན་པའི་གཞུང་རྣམས་དང་གནམ་ས་བཞིན་དུ་རིང་མོད་ཀྱང་སོ་སོའི་ཞེ་འདོད་ཀྱིས་ཕྱོགས་སུ་འཐེན་པར་སྣང་སྟེ་ཕན་པར་མི་སྣང་ངོ་། །འོ་ན་འདིར་ཡང་མྱང་འདས་ཞེས་ཐ་སྙད་གདགས་ལ་འཁོར་བ་མ་གྲུབ་མྱང་འདས་གྲུབ་ཅེས་འདོད་པས་གཉིས་སུ་ཕྱེ་བ་ཅི་སྟེ་མིན་སྙམ་ན། དོན་དམ་ལ་རྣམ་གྲངས་དང་རྣམ་གྲངས་མིན་པ་གཉིས་སུ་ཕྱེ་བ་དང་འདི་ཚུལ་གཅིག་སྟེ། འཁོར་འདས་གཉིས་སུ་ཕྱེ་བའི་བཏགས་པའི་མྱང་འདས་རྣམ་གྲངས་པ་དང་། འཁོར་འདས་གཉིས་ཀྱི་སྤྲོས་པ་ཡེ་ནས་ཆད་པ་རང་བཞིན་གཉུག་མ་རྣམ་གྲངས་མིན་པའི་མྱང་འདས་གཉིས་སུ་ཡོད་པ་ལས། འདིར་ཕྱི་མ་ལྟར་མྱང་འདས་ཆེན་པོའི་དབང་དུ་བྱས་པ་སྟེ། རྩ་བ་ཤེས་རབ་ལས་ཀྱང་། དངོས་དང་དངོས་མེད་འདུས་བྱས་ཡིན། །མྱ་ངན་འདས་པ་འདུས་མ་བྱས། །ཞེས་དང་། བརྗོད་པར་བྱ་བ་ལྡོག་པ་སྟེ། །སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །མ་སྐྱེས་པ་དང་མ་འགགས་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །ཞེས་པ་བཞིན་ནོ། །འདི་ལྟ་བུའི་དགོངས་པ་དྲང་དོན་དུ་བྱེད་པས་སྟོང་པ་སྤྲོས་བྲལ་དོན་དམ་དུ་འདོད་པ་དག་ཆད་པའི་མཐར་ལྟུང་ངོ་། །ད་ལྟ་ཡིད་དཔྱོད་ཀྱི་རྣམ་པས་གང་ཡང་མེད་པར་འཛིན་པ་དེ་ཉིད་ཆད་པར་ལྟ་བ་ཡིན་པས། ཐར་པ་འདོད་པས་བརྟེན་པར་མི་བྱའོ། །གཤིས་ལ་སྒྲོ་བཏགས་པའི་གྲུབ་མ་གྲུབ་མེད་ཀྱང་། དོན་ལ་གནས་པའི་གྲུབ་པ་ཉིད་ཡོད་པར་རྒྱུད་སྡེ་ཟབ་མོར་གསུངས་པ་ཡིན་ནོ། །རྟོག་གེའི་རིག་པ་ངན་སྐྱུགས་དང་འདྲ་བས་དགོངས་པ་ཟབ་མོ་སུན་འབྱིན་པར་མི་བྱ་སྟེ། རྣམ་གཞག་གཞན་ལས་འཕགས་པ་ཚུ་རོལ་མཐོང་བའི་བློས་བསམ་གྱིས་མི་ཁྱབ་པ་ཡིན་པའི་ཕྱིར་རོ། །འགྲེལ་ཆུང་ལས། འདི་ནི་རྣམ་པར་གཞག་པ་གཞན་ཁོ་ན་སྟེ། ནམ་དུ་ཡང་གཞན་གྱི་ལུགས་ལ་བརྟེན་ནས་སུན་འབྱིན་པ་བརྗོད་པར་མི་བྱའོ་ཞེས་པ་བཞིན་ནོ། །འཁོར་བ་མ་གྲུབ་ལ་སྣང་བ་འདི་གློ་བུར་དུ་རྒྱུ་རྐྱེན་འཁྲུལ་པའི་དབང་གིས་སྣང་བའི་ཕྱིར། འཁྲུལ་སྣང་མ་ལོག་གི་རིང་ལ་ལས་འབྲས་བླང་དོར་གཅེས་ཏེ། འཁྲུལ་ངོར་ཇི་ལྟར་སྣང་བཞིན་རྒྱུ་འབྲས་ཡོད། །དེ་ཕྱིར་དགེ་སྡིག་བླང་དོར་ཤེས་པ་གཅེས། །ཞེས་གསུངས་ཏེ། སྒྱུ་མར་སྣང་རིང་ལ་རིག་སྔགས་དང་ཤིང་བུ་རྡེའུ་ལ་བརྟེན་དགོས་ཤིང་། དེ་ལས་སྒྱུ་མ་འགྲུབ་པ་ལྟར། མ་དག་པ་སྣང་བ་ཡོད་རིང་ལ་དགེ་སྡིག་གཉིས་ལ་བླང་དོར་བྱེད་པ་གཅེས་ཏེ། རིན་ཆེན་ཕྲེང་བ་ལས། ཇི་སྲིད་བདག་ཏུ་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་དེ། །དེ་ལས་ཀྱང་ནི་སྐྱེ་བར་འགྱུར། །ལམ་གསུམ་ཐོག་མཐའ་དབུས་མེད་པ། །འཁོར་བའི་དཀྱིལ་འཁོར་མགལ་མེ་ཡི། །འཁོར་ལོ་ལྟ་བུར་ཕན་ཚུན་དུ། །རྒྱུ་ཅན་འདི་ནི་འཁོར་བར་འདོད། །ཅེས་སོ། །ཞེས་དེ་དག་གི་དོན་ནི་འདི་ལས་གཞན་དུ་གནས་ལུགས་ཡང་དག་པའི་དོན་དུ་ན། འཁོར་འདས་ཐ་དད་དུ་རྟོག་པ་ནི་ལོག་པའི་བློ་ཡིན་ཏེ། དངོས་པོའི་དེ་ཁོ་ན་ཉིད་ཀྱི་དོན་ལ་རབ་ཏུ་རྨོངས་ཤིང་ངེས་དོན་གྱི་མདོ་སྡེའི་དགོངས་པ་ཟབ་མོ་ཁོང་དུ་མ་ཆུད་པ་ཞེས་བྱའོ། །དེ་ལྟར་མ་རྟོགས་བཞིན་དུ་ཐ་སྙད་འཁྲུལ་པའི་སྣང་ཚུལ་ཙམ་དུའང་འཁོར་འདས་དབྱེར་མེད་ཅེས་ཁ་འབྱམས་ཚིག་གི་ལྟ་བས་དགེ་སྡིག་སྐྱོན་ཡོན་འདྲ་བར་འཛིན་པ་ནི་མི་རུང་སྟེ། འཁྲུལ་པ་ཅན་གྱི་ངོར་ནི་ཇི་ལྟར་སྣང་བ་བཞིན་ཏུ་རྒྱུ་དང་འབྲས་བུ་བསླུ་མེད་དུ་ཡོད་པའི་ཕྱིར་ན། དགེ་སྡིག་གི་བླང་དོར་ཕྲ་མོ་ཡང་མ་ནོར་བར་ཤེས་པ་གཅེས་སོ། །གསུམ་པ་ཐོབ་བྱ་གཞི་འབྲས་དབྱེར་མེད་ལ། ངོ་བོ་མདོར་བསྟན། རང་བཞིན་རྒྱས་པར་བཤད། དེ་དག་གི་མཇུག་བསྡུ་བ་གསུམ། དང་པོ།

ཐོབ་བྱ་གཞི་འབྲས་དབྱེར་མེད་ཀྱི་ངོ་བོ་མདོར་བསྟན་པ།

ད་ནི་ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་ཐམས་ཅད་ལས་འདས་པ། དབྱིངས་རང་བཞིན་རྣམ་དག་གི་ངོ་བོ་རྒྱས་པར་བཤད་པ་ནི། རྒྱུ་དང་རྐྱེན་གང་གིས་ཀྱང་། འགྱུར་མེད་དོན་དམ་བདེན་པའི་རང་བཞིན་ནི། །འོད་གསལ་བདེ་གཤེགས་སྙིང་པོ་ལྷུན་གྲུབ་སྟེ། །སྟོང་གསལ་རིག་པ་དབྱེར་མེད་ཆོས་ཉིད་དོ། །ཞེས་གསུངས་ཏེ། ཡེ་ནས་འདུས་མ་བྱས་པའི་སོ་སོ་རང་གི་རིག་པའི་ཡེ་ཤེས་སྟོང་གསལ་སྤྲོས་པ་དང་བྲལ་བ་ནི་བདེ་བར་གཤེགས་པའི་སྙིང་པོ་སྟེ། རྒྱུད་བླ་མ་ལས། ཇི་ལྟར་སྔོན་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་པ་བཞིན་ནོ། །དུས་གསུམ་ཀུན་ཏུ་ཡང་ཆོས་ཉིད་རང་གི་ངང་ཚུལ་ལས་འགྱུར་བ་མེད་པ་གང་ཞིག་འཕགས་པ་རྣམས་ཀྱི་གཟིགས་ངོར་བདེན་པར་གྱུར་པ་དོན་དམ་བདེན་པའི་རང་བཞིན་ནི། རང་བཞིན་གྱིས་འོད་གསལ་བ་བདེ་བར་གཤེགས་པའི་སྙིང་པོ་རྒྱུ་རྐྱེན་ལ་མ་ལྟོས་པར་ཡེ་ནས་གནས་པའམ་ལྷུན་གྱིས་གྲུབ་པ་སྟེ། དེའི་ཁྱད་པར་ནི་ཇི་ལྟ་བུ་ཞེ་ན། ངོ་བོ་སྟོང་ཞིང་རང་བཞིན་གསལ་བ། དེ་ཡང་མི་ཤེས་པ་ལས་ལོག་པའི་རིག་པ་ཡེ་ཤེས་གང་ཞིག་གསལ་སྟོང་དབྱེར་མེད་ཡུལ་དང་བྲལ་བའི་ཚུལ་གྱིས་རང་གསལ་བའི་རང་བཞིན་ཅན་སྟེ་གསལ་སྟོང་རིག་པ་དེ་གསུམ་དབྱེར་མེད་པའི་ཆོས་ཉིད་དོ། །གཉིས་པ་ལ། རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ངོས་བཟུང་བ། དེ་མ་རྟོགས་པའི་ཕྱོགས་གཞན་དགག་པ་གཉིས། དང་པོ་ལ། དངོས་དང་། དེ་ཡི་མིང་གི་རྣམ་གྲངས་གཉིས། དང་པོ་ལ། དོན་གྱི་ངོ་བོ་མདོར་བསྟན། དེ་དཔེས་རྒྱས་པར་བཤད། དེ་དག་གི་མཇུག་བསྡུ་བ་དང་གསུམ། དང་པོ།

དོན་གྱི་ངོ་བོ་མདོར་བསྟན་པ།

གསང་སྔགས་སུ་གཞི་ཡི་རྒྱུད་རང་བཞིན་གྱིས་དག་པར་འདོད་པས་ན་དོན། འདི་ཉིད་རང་བཞིན་ལྷུན་གྲུབ་དཀྱིལ་འཁོར་ཏེ། །ཡེ་ནས་ལྷུན་རྫོགས་བྱང་ཆུབ་སྙིང་པོ་ཅན། །རྣམ་དག་སྤྲོས་བྲལ་ཕྱོགས་ལྷུང་ཀུན་དང་བྲལ། །ཟབ་ཞི་སྐུ་དང་ཡེ་ཤེས་འདུ་འབྲལ་མེད། །ཅེས་གསུངས་ཏེ། འགྲོ་བ་ཀུན་ལ་གནས་པའི་རང་རིག་འོད་གསལ་ལྷུན་གྲུབ་སྤྲོས་བརྗོད་ལས་འདས་པའི་ངོ་བོ་ལ་སྐུ་དང་ཡེ་ཤེས་ཀྱི་ཡོན་ཏན་ཡེ་ནས་རྫོགས་པ་ནི། རང་ལ་ཡོད་པའི་བྱང་ཆུབ་སྙིང་པོ་གཞི་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཏེ། སྒྱུ་འཕྲུལ་ལས། རང་བྱུང་ཡེ་ཤེས་བྱང་ཆུབ་སེམས། །བྱང་ཆུབ་སྙིང་པོ་འདུས་མ་བྱས། །ཀུན་རྫོགས་ཡོན་ཏན་འབར་བས་བརྒྱན། །ལྷུན་གྲུབ་དཀྱིལ་འཁོར་བླ་མེད་པའོ། །ཞེས་སོ། །དེའང་བརྟག་གཉིས་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་པ་དང་། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་སོ། །འདི་ཉིད་ལམ་རྐྱེན་ལ་མ་ལྟོས་པར་འཁོར་འདས་ཐམས་ཅད་ལ་ཁྱབ་པར་བཞུགས་པས་ན་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཡིན་ནོ། །ཅིའི་ཕྱིར་དཀྱིལ་འཁོར་ཡིན་ཞེ་ན་རྒྱུ་རྐྱེན་གྱི་རྩོལ་བས་མ་བསྐྱེད་པར་ཡེ་ནས་ལྷུན་གྱིས་རྫོགས་པའི་བླ་ན་མེད་པའི་བྱང་ཆུབ་ཀྱི་སྙིང་པོ་ཅན་ཏེ་བཅུད་དང་ལྡན་པའི་ཕྱིར་རོ། །དེའི་ཚུལ་རྒྱས་པར་བཤད་ན། སྒྲིབ་པའི་དྲི་མ་ཀུན་ཡེ་ནས་མི་གནས་པའི་ཚུལ་གྱིས་རྣམ་པར་དག་ཅིང་། དྲི་མ་དེའི་རྒྱུ་རྣམ་པར་རྟོག་པའི་སྤྲོས་པ་མ་ལུས་པ་དང་བྲལ་བས་ན་མཐའ་འམ་ཕྱོགས་སུ་ལྷུང་བ་ཀུན་དང་བྲལ་བ་ནི་སྤང་བ་ཆེན་པོ་དང་། དབྱིངས་དེ་ཉིད་ཟབ་མོ་སྐུ་དང་རྣམ་རྟོག་ཞི་བའི་ཡེ་ཤེས་དང་གདོད་ནས་འདུ་འབྲལ་མེད་པའི་རྟོགས་པ་ཆེན་པོ་དང་ལྡན་པའི་ཕྱིར་རོ། །སྐུ་ལྔ་དང་འདུ་འབྲལ་མེད་ཀྱང་མན་ཤེལ་གྱི་རང་མདངས་རྐྱེན་དང་མ་ཕྲད་པ་ལྟར་སོ་སྐྱེའི་ངོར་མི་སྣང་ཞིང་བློས་བརྟགས་དཔྱད་ཀྱིས་ཇི་བཞིན་རྟོགས་པར་མི་ནུས་པས་ཟབ་པའོ། །འོད་གསལ་བའི་རང་གདངས་མཁྱེན་ཆ་ཡེ་ཤེས་མ་འགགས་པར་ཡོད་ཀྱང་། མཐའ་བཞིའི་རྣམ་པར་རྟོག་པའི་གཟེབ་ཏུ་མ་ཚུད་པར་སྤྲོས་པ་ཀུན་རྣམ་པར་ཞི་བའི་ངང་ཚུལ་ཅན་དུ་གནས་པས་ན་ཤིན་ཏུ་རྟོགས་པར་དཀའ་སྟེ། དེ་ལྟར་བདེ་གཤེགས་སྙིང་པོའི་ཚུལ་ནི་ས་བཅུའི་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་མཚན་མོའི་གཟུགས་མཐོང་བ་ལྟར་ཡོད་པར་ཤེས་ཀྱི་ཇི་བཞིན་རྟོགས་པར་མི་ནུས་པར་མདོ་ལས་གསུངས་སོ། །དེ་ལྟ་ནའང་བླ་མའི་མན་ངག་སྙིང་པོར་བྱས་ན་སོ་སྐྱེའི་ས་ནའང་ཡིད་ཆེས་ཤིང་དེ་ལ་རྣལ་འབྱོར་དུ་བྱེད་པ་ཡོད་པ་ནི་སྔགས་ཀྱི་ཁྱད་ཆོས་ཏེ་ཚུལ་དེས་སྔགས་ལམ་ཟབ་ཅིང་མྱུར་བར་གྲུབ་པ་ཡིན་ནོ། །གཉིས་པ་དཔེ་ལ་བསྟན་བཤད་བསྡུ་གསུམ། དང་པོ།

དཔེས་རྒྱས་པར་བཤད་པ་མདོར་བསྟན་པ།

དོན་འདི་ནི་མདོ་སྡེའི་ཡང་བཀའ་ཐ་མ། དོན་དམ་རྣམ་པར་ངེས་པའི་ཆོས་ཀྱི་རྣམ་གྲངས་སུ་གཙོ་བོར་གསུངས་ལ། རྒྱུད་ཀྱི་དངོས་གཞི་ཡིན་པས། འདིར་དེའི་རང་བཞིན་རྟོགས་པར་བྱེད་པ་ནི། རྒྱུད་བླ་མ་དང་། མྱ་ངན་ལས་འདས་པ་དང་། སྒྱུ་འཕྲུལ་ཆེན་པོ་ལ་སོགས་པའི་གནས་ཇི་ལྟ་བ་བཞིན་བཤད་པ་ལས། དང་པོ་སྡོམ་རྣམ་པར་གཞག་པས་མདོར་བསྟན་པ་ནི། གཞི་ལྷུན་གྲུབ་ཀྱི་དཀྱིལ་འཁོར་བདེ་བར་གཤེགས་པའི་སྙིང་པོའི་ཁམས། འདི་ཉིད་འགྲོ་བ་ཀུན་ལ་ཡོད་པའི་དཔེ། །ས་འོག་གཏེར་དང་བུམ་ནང་མར་མེ་དང་། །པད་ནང་སྐུ་འདྲར་མཁས་པས་ཤེས་པར་བྱ། །ཞེས་གསུངས་ཏེ། འདི་ཉིད་སེམས་ཅན་གྱི་ཁམས་ན་རང་བཞིན་གྱིས་བཞུགས་ཀྱང་མངོན་དུ་མ་གྱུར་པའི་དཔེ་ནི་གཏེར་ལ་སོགས་པ་གསུམ་གྱིས་བསྟན་ཏོ། །གཉིས་པ་ལ། གཞི་སོ་སྐྱེའི་གནས་སྐབས་ཀྱི་དཔེ། འཕགས་པའི་སའི་གནས་སྐབས། མཐར་ཐུག་དག་པའི་སྐབས་ན་ཡོད་ཚུལ་གྱི་དཔེ་གསུམ། དང་པོ།

གཞི་སོ་སྐྱེའི་གནས་སྐབས་ཀྱི་དཔེ་བསྟན་པ།

དེ་ལ་དང་པོ་གཏེར་གྱི་དཔེ་ནི། ཇི་ལྟར་དབུལ་པོའི་ས་འོག་རིན་ཆེན་གཏེར། །རང་ལ་ཡོད་ཀྱང་མ་ཤེས་ཕོངས་པ་ལྟར། །ལྷུན་གྲུབ་སངས་རྒྱས་རང་ལ་ཡོད་གྱུར་ཀྱང་། །ལུས་ངག་སེམས་ཏེ་ཚོགས་བརྒྱད་སས་སྒྲིབ་པས། །སྲིད་པའི་ཉེས་ཚོགས་དབུལ་བས་རྒྱུན་དུ་ཕོངས། །ཞེས་གསུངས་ཏེ། དབུལ་པོའི་གཏེར། ཁང་ནང་གི་སས་བསྒྲིབས་པ་ལྟར། སྙིང་པོ་རང་ལ་ཡོད་ཀྱང་ཀུན་གཞིའི་བག་ཆགས་ཀྱི་ས་པས་བསྒྲིབས་ཏེ་མ་མཐོང་བས། འཁོར་བར་དབུལ་ཕོངས་སུ་གྱུར་པ་ནི། རྒྱུད་བླ་མ་ལས། ཇི་ལྟར་མི་དབུལ་ཁྱིམ་ནང་ས་འོག་ན། །མི་ཟད་པ་ཡི་གཏེར་ནི་ཡོད་གྱུར་ལ། །མི་དེས་དེ་མ་ཤེས་ཤིང་གཏེར་དེ་ཡང་། །དེ་ལ་ང་འདིར་ཡོད་ཅེས་མི་སྨྲ་ལྟར། །དེ་བཞིན་ཡིད་ཀྱི་ནང་ཆུད་རིན་ཆེན་གཏེར། །དྲི་མེད་བསལ་དང་བཞག་མེད་ཆོས་ཉིད་ཀྱང་། །མ་རྟོགས་པས་ན་དབུལ་བའི་སྡུག་བསྔལ་ནི། །རྣམ་མང་རྒྱུན་དུ་སྐྱེ་དགུ་འདིས་མྱོང་ངོ་། །ཞེས་སོ། །ཡོད་པ་རྟོགས་པས་སངས་རྒྱས་འགྲུབ་པའི་དཔེ་ནི། དེ་ལས་ལྷ་ཡི་མིག་ལྡན་མིས་མཐོང་ནས། །གཏེར་དེ་འབྱིན་པའི་ཐབས་བསྟན་དེ་ཕྱུང་བས། །རང་གཞན་འབྱོར་པ་ཕུན་སུམ་ཚོགས་པ་ལྟར། །དམ་པ་རྣམས་ཀྱིས་གནས་ལུགས་དེ་བསྟན་པ། །ཇི་བཞིན་བསྒྲུབས་པས་སངས་རྒྱས་རང་ལས་རྙེད། །དོན་གཉིས་ཕུན་ཚོགས་ཡིད་བཞིན་ནོར་བུར་གྱུར། །ཅེས་གསུངས་ཏེ། གཏེར་ལྷ་མིག་ཡོད་པས་མཐོང་ནས་འདོན་ཐབས་བསྟན་པས་ཐོན་ཏེ་ཕུན་སུམ་ཚོགས་པ་ལྟར། རང་ལ་སྙིང་པོ་ཡོད་པ་བླ་མས་ངོ་སྤྲད་པ་བཞིན་ཉམས་སུ་བླངས་པས་སངས་རྒྱས་འགྲུབ་པ་ཡིན་ནོ། །གཉིས་པ།

འཕགས་པའི་སའི་གནས་སྐབས་ཀྱི་དཔེ།

དཔེ་གཉིས་པ་ནི། ཇི་ལྟར་བུམ་ནང་སྒྲོན་མེ་འོད་གསལ་ཡང་། །བུམ་པས་བསྒྲིབས་ཏེ་ཕྱི་རོལ་མི་མངོན་ལྟར། །སྙིང་པོའི་ཆོས་སྐུ་རང་ལ་གནས་ན་ཡང་། །སྒྲིབ་པའི་བུམ་པས་བསྒྲིབས་ཕྱིར་ཡོངས་མི་སྣང་། །དེ་ལས་བུམ་པ་བཅག་ན་སྣང་བ་ལྟར། །ས་རྣམས་སྒྲིབ་པ་གང་ཡིན་བྲལ་བ་ན། །འཇིག་རྟེན་སྒྲོན་མ་ཀུན་ཏུ་སྣང་བར་བྱེད། །ཅེས་གསུངས་ཏེ། བུམ་ནང་གི་མར་མེ་བུམ་པས་བསྒྲིབས་པས། ཕྱི་རོལ་དུ་མི་སྣང་བ་བུམ་པ་བཅག་ན་སྣང་བ་ལྟར། འོད་གསལ་གྱི་སྒྲོན་མེ་རང་ལ་ཡོད་པའང་། ཉོན་མོངས་པ་ས་དང་སའི་སྒྲིབ་པས་བསྒྲིབས་པས་ད་ལྟ་མི་སྣང་ན་ཡང་། ལམ་གྱིས་སའི་དྲི་མ་དག་དུས་འཇིག་རྟེན་དུ་སྒྲོན་མེ་བཀོད་པས་འགྲོ་བའི་མུན་པ་སེལ་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། ཇི་ལྟར་བུམ་ནང་མར་མེ་ནི། །ཕྱི་རོལ་ཀུན་ཏུ་མི་སྣང་ལྟར། །དེ་བཞིན་ཆོས་ཀྱི་དབྱིངས་འདི་ཡང་། །འཁོར་བར་འོད་ནི་གསལ་མ་ཡིན། །བུམ་པ་དེ་ཉིད་བཅག་གྱུར་ན། །ཐམས་ཅད་ཀུན་ཏུ་སྣང་བ་ལྟར། །གང་ཚེ་ཏིང་འཛིན་རྡོ་རྗེ་ཡིས། །སྒྲིབ་པ་ཀུན་ཏུ་བཅོམ་གྱུར་པ། །དེ་ཚེ་ནམ་མཁའི་མཐར་ཐུག་གསལ། །ཞེས་སོ། །གསུམ་པ།

མཐར་ཐུག་དག་པའི་སྐབས་ན་ཡོད་ཚུལ་གྱི་དཔེ།

དཔེ་གསུམ་པ་ནི། ཇི་ལྟར་པད་ནང་བདེ་གཤེགས་སྐུ་ཡོད་ཀྱང་། །པད་མས་བཏུམས་ཕྱིར་ཕྱི་རོལ་སྣང་བ་མེད། །དེ་བཞིན་གཟུང་འཛིན་འདབ་སྟོང་གིས་བསྒྲིབས་པས། །རང་གསལ་རྒྱལ་བའི་དབང་པོ་མཐོང་མི་ནུས། །ནམ་ཞིག་འདབ་མ་ཁ་བྱེ་གསལ་བ་ལྟར། །གཟུང་འཛིན་འཁྲུལ་སྣང་འདབ་མ་ལས་གྲོལ་ཚེ། །བྱང་ཆུབ་སྐུ་གསུམ་རང་ལ་སྣང་བར་འགྱུར། །ཞེས་གསུངས་ཏེ། པདྨའི་ཁོང་ན་སྐུ་གཟུགས་ཡོད་པ་པདྨའི་འདབ་མ་ཁ་བྱེ་བ་ན་མཐོང་བ་ལྟར། རང་བྱུང་གི་སྙིང་པོ་སྒྲིབ་པ་ཐམས་ཅད་གྲོལ་དུས་སྣང་བ་ཡིན་ཏེ། རྒྱུད་བླ་མ་ལས། ཇི་ལྟར་པད་ནང་བདེ་གཤེགས་དབང་པོ་ནི། །ལྷ་མིག་དག་པའི་མི་ཡིས་དེ་མཐོང་ནས། །ཆུ་སྐྱེས་འདབ་མའི་སྦུབས་ནས་འབྱིན་པ་ལྟར། །དེ་ཡི་སྒྲིབ་པ་རབ་ཏུ་སེལ་བ་ཡིན། །ཞེས་སོ། །གསུམ་པ།

དོན་བསྡུ་བ།

ད་ནི་དོན་བསྡུ་བ། དེ་ཕྱིར་ཆོས་དབྱིངས་དོན་དམ་འོད་གསལ་ནི། །རང་ལ་ཡོད་པའི་གནས་ལུགས་མཁྱེན་པར་མཛོད། །ཅེས་གསུངས་ཏེ། སེམས་ཅན་དང་སངས་རྒྱས་ཀུན་ལ་ཁྱད་པར་མེད་པར། སངས་རྒྱས་ཀྱི་སྙིང་པོས། དབྲི་བསྣན་མེད་པར་ཁྱབ་པས་གྲོལ་གཞི་ལྷུན་གྱིས་གྲུབ་པའི་ཆོས་ཉིད་འདི་ཡོད་པར་ཤེས་པར་བྱའོ། །འདི་ལྟ་བུའི་དགོངས་པ་དྲང་དོན་དུ་བྱེད་པས་སྟོང་པ་སྤྲོས་བྲལ་དོན་དམ་དུ་འདོད་པ་དག་ཆད་པའི་མཐར་ལྷུང་ངོ་། །བྲལ་གཞི་མེད་ན་གང་གི་སྟེང་དུ་སངས་པ་དང་རྒྱས་པ་དང་། གྲོལ་བ་དང་འདས་པའི་ཐ་སྙད་གདགས། གཞི་མེད་ནི་གང་གིའང་གཞིར་མི་རུང་བས། སྤྲོས་དང་བྲལ་བའི་དོན་དམ་གྱི་ཆ་བྲལ་གཞིར་མེད་དོ། །ཞེས་པ་སྟེ། འདིར་བྲལ་གཞི་ཡེ་ནས་གནས་པའི་ཆོས་ཉིད་ཟུང་འཇུག་སྤྲོས་བྲལ་ཆེན་པོ་མ་ཤེས་པར། སྤྲོས་པའི་རྒྱུན་ཆད་པའི་མཐར་དབྱིངས་སྒྲིབ་བྲལ་འབའ་ཞིག་དོན་དམ་དུ་འདོད་པ་ན། སྔ་རབས་པ་འགའ་ཞིག་གི་ལུགས་དེ་ནི། ཐེག་དམན་མྱང་འདས་དང་འདྲ་ཞིང་མར་མེ་འགགས་པ་ལྟར་མེད་པ་ཙམ་གྱིས་རབ་ཏུ་ཕྱེ་བ་ཡིན་པས་དངོས་པོའི་གནས་ཚུལ་མ་ཡིན་པས་རིགས་པའི་ལམ་གྱིས་ཤིན་ཏུ་ཡང་དགག་བྱར་གྱུར་པའོ། །བྲལ་གཞི་ཆོས་ཀུན་གྱི་གནས་ལུགས་ཟུང་འཇུག་འོད་གསལ་ཆེན་པོ་གློ་བུར་གྱི་དྲི་མ་མཐའ་དག་དང་བྲལ་བ་ན། བྲལ་འབྲས་རང་བྱུང་ཡེ་ཤེས་ཀྱི་སྐུ་ཞེས་བྱ་ལ། ངོ་བོའི་ཆ་ནས་གཞི་འབྲས་དབྱེར་མེད་དུ་བཞུགས་པའི་གནད་འདི་ངེས་དོན་གྱི་མདོ་སྡེ་རྣམས་དང་། ཟབ་མོའི་སྔགས་རྒྱུད་རྣམས་ཀྱི་བསྟན་བྱའི་སྙིང་པོ་དྲི་མ་མེད་པ་ཡིན་པས་དེའི་ཚུལ་ཇི་ལྟ་བ་བཞིན་དུ་གཏན་ལ་དབབ་པར་བྱའོ། །གཉིས་པ།

དེ་ཡི་མིང་གི་རྣམ་གྲངས་བསྟན་པ།

དེས་ན་དོན་འདི་ནི་ངེས་པའི་སྙིང་པོ་ཡིན་པས། ཐར་པ་འདོད་པ་དག་གིས་རྟོགས་བྱའི་གཞི་དང་ལྟ་བ་རྣམས་ཀྱི་རྩེ་མོར་ཟུངས་ཤིག ད་ནི་ཐ་སྙད་ལ་རྨོངས་པ་བཟློག་པའི་ཕྱིར་མིང་གི་དབྱེ་བ་བསྟན་པ་ནི། འདི་ལ་མིང་གི་རྣམ་གྲངས་མང་ཡོད་དེ། །འཁོར་འདས་འབྱུང་བས་དབྱིངས་ཞེས་རབ་བརྗོད་ཅིང་། །ཡེ་ནས་ཡོད་པས་རང་བཞིན་ལྷུན་གྲུབ་ཅེས། །དྲི་མས་བསྒྲིབས་ཕྱིར་སྙིང་པོའི་ཁམས་དང་ནི། །གནས་ལུགས་ཡིན་ཕྱིར་དོན་དམ་བདེན་པ་དང་། །གདོད་ནས་དག་ཕྱིར་འོད་གསལ་དྲི་མེད་ཉིད། །མཐའ་གཉིས་གནས་བསལ་དབུ་མའི་རང་བཞིན་དང་། །སྤྲོས་ལས་འདས་ཕྱིར་ཤེས་རབ་ཕ་རོལ་ཕྱིན། །སྟོང་གསལ་རྣམ་དག་བདེན་པ་དབྱེར་མེད་དང་། །འཕོ་འགྱུར་མེད་པས་ཆོས་ཉིད་དེ་བཞིན་ཉིད། །ལ་སོགས་མིག་ལྡན་མཁས་པ་རྣམས་བཞེད་དོ། །ཞེས་གསུངས་ཏེ། དབྱིངས་ལྷུན་གྱིས་གྲུབ་པའི་རང་རིག་རང་བྱུང་གི་ཡེ་ཤེས་འདི་ལ་མིང་གི་རྣམ་གྲངས་ངེས་པ་ནི། རྟོགས་ན་མྱ་ངན་ལས་འདའ་ཞིང་མ་རྟོགས་ན་འཁོར་བ་འབྱུང་བའི་ཆ་ནས་དབྱིངས་ཞེས་བྱ་ཞིང་། སེམས་ཀྱི་དམ་པ་ཞེས་བྱ་སྟེ། དོ་ཧ་ལས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་སོ། །ཡེ་ནས་འདུས་མ་བྱས་སུ་རང་ལ་རང་ཆས་སུ་ཡོད་པའི་ཆ་ནས། རང་བཞིན་ལྷུན་གྲུབ་ཀྱི་སངས་རྒྱས་ཞེས་བྱའོ། །སངས་རྒྱས་ཀྱི་ཆོས་ཀུན་ཚང་བར་ཡོད་པས། བདེ་བར་གཤེགས་པའི་སྙིང་པོ་ཞེས་བྱའོ། །དྲི་མས་བསྒྲིབས་པའི་ཆ་ནས་དོན་གྱི་ཀུན་གཞི་དང་ཁམས་ཞེས་བྱའོ། །གནས་ལུགས་ཡིན་པས་དོན་དམ་བདེན་པ་ཞེས་བྱའོ། །གདོད་མ་ནས་དག་པས་འོད་གསལ་བའི་ཡེ་ཤེས་ཞེས་བྱའོ། །ཡོད་མེད་སྒྲོ་སྐུར་གྱི་མཐའ་ལས་འདས་པས། ཟབ་མོ་སྟོང་པ་ཉིད་དབུ་མའི་རང་བཞིན་ཞེས་བྱའོ། །མངོན་རྟོགས་རྒྱན་ལས། ཟབ་པ་དེ་ནི་སྒྲོ་འདོགས་དང་། །སྐུར་བའི་མཐའ་ལས་གྲོལ་བ་ཉིད། །ཅེས་པའི་ཚུལ་གྱིས་སོ། །སྤྲོས་པ་ཐམས་ཅད་ཀྱི་མཐའ་ལས་གྲོལ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེ་ཉིད་ལས། ཚུ་རོལ་ཕ་རོལ་མཐའ་ལ་མིན། །དེ་དག་བར་ན་མི་གནས་པ། །དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་པར་བརྗོད། །ཅེས་པ་དང་། ཡུམ་ལས། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྤྲོས་པ་ཐམས་ཅད་དང་བྲལ་བ་ལགས་སོ་ཞེས་སོ། །སྟོང་གསལ་གཉིས་སུ་མེད་པས་བདེན་པ་དབྱེར་མེད་ཅེས་བྱའོ། །འཕོ་འགྱུར་མེད་པས་ཆོས་ཉིད་དེ་བཞིན་ཉིད་ཅེས་བྱའོ། །དེ་ཡང་ནམ་མཁའི་ངང་དུ་འབྱུང་བཞིའི་འཕོ་འགྱུར་སྣང་ཡང་ནམ་མཁའ་མི་འགྱུར་བ་ལྟར་རང་བྱུང་གི་ངང་དུ་ཕུང་པོ་ཁམས་དང་སྐྱེ་མཆེད་སྐྱེ་འཆིར་སྣང་ཡང་དེ་ཉིད་མི་འགྱུར་རོ། །འདི་ལ་སྐྱོན་རྣམས་སྦྱང་དུ་ཡོད་ལ་བྲལ་ཤེས་པས་སྟོང་ལ། ཡོན་ཏན་དབྱེར་མེད་པས་མི་སྟོང་སྟེ། རྒྱུད་བླ་མ་ལས། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གིས། །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་སོ། །ཚུལ་འདི་ནི་བློ་གྲོས་ཀྱི་མིག་མདོ་རྒྱུད་ཀྱི་སྙིང་པོའི་དོན་ལ་རྒྱས་པ་དག་གི་མཁས་པ་རྣམས་བཞེད་དོ། །གཉིས་པ།

ཚུལ་དེ་མི་ཤེས་པའི་ཕྱོགས་བཀག་པ།

ད་ནི་ཕྱིན་ཅི་ལོག་གི་ལོག་རྟོག་དགག་པ་ནི། ཚུལ་འདི་མི་ཤེས་སྟོང་པ་ཕྱང་ཆད་པ། །ཚིག་ཏུ་ཡོད་མེད་མཐའ་བྲལ་ཞེས་སྨྲ་ཡང་། །བྲལ་གཞི་མི་ཤེས་སྲིད་རྩེའི་ལྟ་བ་ཅན། །བསྟན་པ་འདི་ལས་ཕྱི་རོལ་གྱུར་པས་ན། །ནམ་མཁའི་ཡིད་ཅན་ཐལ་བས་བྱུག་པར་རུང་། །ཞེས་གསུངས་ཏེ། ཆོས་ཉིད་དོན་དམ་པའི་བདེན་པ་ཟབ་པ་ཞི་བ་བདུད་རྩིའི་སྒོ་འདི་ལ་སྐུར་པ་འདེབས་ཤིང་། ཚིག་ཏུ་ཡོད་མེད་ཀྱི་མཐའ་ལས་འདས་པས་སྤྲོས་པ་ཐམས་ཅད་དང་བྲལ་ཞེས་སྨྲ་ཡང་། བྲལ་བ་ལ་གང་བྲལ་རྒྱུའི་དྲི་མ་གང་གི་སྟེང་དུ་བྲལ་བའི་གཞི་དགོས་པ་ལས། འདིར་དེ་གཉིས་ཀ་མེད་པའི་ཕྱང་ཆད་ནམ་མཁའི་ཡིད་ཅན་པ་ཁྱེད་ཅག་ཤཱཀྱའི་བསྟན་པ་ལས་ཕྱི་རོལ་དུ་གྱུར་པས་ན། ལེགས་ནའང་སྲིད་རྩེའི་ལྟ་བ་དེས་འཁོར་བའི་ས་བོན་འདེབས་ཤིང་། ཕལ་ཆེར་ངན་སོང་དུ་བགྲོད་པའི་ཕྱིར། ལོག་པར་ལྟ་བ་འཛིན་པ་ཕུར་བུ་པའི་ཁོངས་སུ་གཏོགས་པ་ལ། ཆ་ལུགས་མ་འཛོམས་པ་ཙམ་དུ་ཟད་དེ། ད་ནི་གོས་ངུར་སྨྲིག་སྤངས་ནས་ཐལ་བའི་སྐྱོ་མས་ལུས་ལ་བྱུགས་ན་ཐམས་ཅད་མཚུངས་པས་རྒྱང་འཕན་པར་ཕྱོགས་ཀུན་མཚུངས་པར་རུང་བ་ཡིན་ནོ། །གསུམ་པ།

མཇུག་བསྡུ་བ།

སྙིང་པོ་ངེས་པའི་དོན་བསྡུ་བ་ནི། གང་འདིར་སྟོན་པས་ཆོས་ཀྱི་མཛོད་གསུངས་པ། །ཀུན་གྱི་སྙིང་པོ་འོད་གསལ་རྩེ་མོའི་ལམ། །ལྷུན་གྲུབ་གཞི་ཡི་གནས་ལུགས་འདི་ཞེས་བྱ། །ཞེས་གསུངས་ཏེ། སངས་རྒྱས་ཀྱི་བཀའ་ཐ་མ་དང་། གསང་སྔགས་སུ་ལྷུན་གྲུབ་གཞིའི་གནས་ལུགས་འདི་མཆོག་ཏུ་བསྔགས་པས་ཤེས་པར་བྱའོ། །གསུམ་པ།

དེ་ལྟར་རྟོགས་པའི་ཕན་ཡོན།

ཤེས་པའི་དགོས་པ་དང་ཕན་ཡོན་ནི། ཡང་ཟབ་ལྟ་བའི་མཐར་ཐུག་འདི་ཤེས་པས། །གོལ་སྒྲིབ་ལས་གྲོལ་རྟག་ཆད་ཀུན་དང་བྲལ། །སྒྲུབ་པ་དོན་ཡོད་མྱུར་དུ་འཚང་རྒྱ་ཞིང་། །མདོ་རྒྱུད་ཀུན་ལ་ལྟ་བའི་མིག་དང་ལྡན། །དེ་ཕྱིར་གནས་ལུགས་འོད་གསལ་མཁྱེན་པར་མཛོད། །ཅེས་གསུངས་ཏེ། ཤིན་ཏུ་ཟབ་པ་དབྱིངས་བདེ་བར་གཤེགས་པའི་སྙིང་པོ་གནས་ལུགས་འོད་གསལ་གྱི་དགོངས་པ་ཕྱིན་ཅི་མ་ལོག་པར་ཤེས་ན། ལམ་ངན་པ་ཉན་རང་དང་། སྲིད་རྩེའི་ཏིང་ངེ་འཛིན་དུ་མི་གོལ་བ་དང་། རྟག་ཆད་ཀྱི་མཐའ་ལས་གྲོལ་བ་དང་། ཐར་པ་སྒྲུབ་པ་དོན་ཡོད་པ་དང་། མྱུར་དུ་བྱང་ཆུབ་ཐོབ་པ་དང་། ངེས་པ་དོན་གྱི་མདོ་རྒྱུད་ཀུན་ལ་ལྟ་བའི་མིག་དང་ལྡན་པས། དེ་དག་གི་དོན་ལ་མཁས་པར་འགྱུར་བ་ཡིན་ནོ། །འདིར་བོད་ཀྱི་སྟོན་སྒོམ་གཟུ་ལུམ་པ་དག་ན་རེ། གསང་སྔགས་འདི་སེམས་ཙམ་པ་དང་ལྟ་བ་གཅིག་སྟེ། རྩེ་མོ་དབུ་མའོ་ཞེས་ཟེར་རོ། །ཅིའི་ཕྱིར་ན་དོན་གྱི་གཞི་འགྱུར་མེད་དང་། གནས་འགྱུར་འདོད་པའི་ཕྱིར་རོ་ཞེས་སྨྲ་བ་ནི། ཕྱོགས་མ་གོ་བར་སྣང་སྟེ། སེམས་ཙམ་འགྱུར་མེད་རྟག་པ། རིག་ཙམ་རང་གསལ་དུ་འདོད་ལ། འདིར་ལྷུན་གྲུབ་འདུས་མ་བྱས་རྟག་ཆད་ལས་འདས་པ། ཡོན་ཏན་ལྷུན་གྱིས་གྲུབ་པའི་ཁམས་འདོད་པས་འོག་མ་དང་རྣམ་པར་ཀུན་ཏུ་མི་མཚུངས་ལ། སེམས་ཙམ་པས་ཀུན་གཞི་ཚོགས་བརྒྱད་དང་བཅས་པ་དེ་ཉིད་གནས་འགྱུར་བས་ཡེ་ཤེས་སུ་འདོད་ལ། འདིར་དེ་དག་བསལ་བས་རང་བྱུང་གི་ཡེ་ཤེས་མངོན་པ་ཙམ་ལ་གནས་གྱུར་དུ་བཏགས་པ་གཉིས་ཁྱད་པར་ཤིན་ཏུ་ཆེའོ། །དེས་ན་མཁས་པར་ཤེས་པར་བྱ་བ་གཞུང་དང་གདམས་ངག་གཞན་ལ་ཉོན་ལ་ཞེས་ཞལ་འཕངས་ནས། དེ་ལྟར་ཤེས་པའི་རྗེས་སུ་གདོད་དམ་པའི་ཆོས་ལ་གླེང་བར་གྱིས་ཤིག་ཅེས་པ་ནི་གདམས་ངག་ཡིན་ནོ། །ཤིན་ཏུ་ཟབ་ཅིང་རྟོགས་པར་དཀའ་བ་དབྱིངས་བདེ་བར་གཤེགས་པའི་སྙིང་པོ་དེ་ངེས་དོན་གྱི་མདོ་སྡེ་དང་གསང་སྔགས་ཀྱི་རྒྱུད་སྡེ་མང་པོ་ནས་མཚན་གྱི་རྣམ་གྲངས་དུ་མས་བསྟན་ཅིང་། འདི་ཉིད་ཟབ་པའི་མཐར་ཐུག གནས་ལུགས་འོད་གསལ་གྱི་དགོངས་པ་ཕྱིན་ཅི་མ་ལོག་པ་ཡིན་པས་ན། ཇི་བཞིན་རྟོགས་པའི་དབང་རྣོན་སྐལ་ལྡན་ཉུང་བ་ཡིན་པས་ན། མ་རྟོགས་པའི་གོལ་ས་བསལ་ནས་ཚུལ་བཞིན་དུ་ངེས་པ་རྙེད་ན། མདོ་རྒྱུད་ཟབ་མོའི་དོན་ལ་ངེས་པ་རྙེད་པའི་ཡིད་ཆེས་ཀྱི་གདེང་ཐོབ་སྟེ་ས་ལམ་ཡོངས་སུ་རྫོགས་པར་འགྱུར་བ་ཡིན་པས། ལེའུ་འདིར་ཚུལ་དེ་ལེགས་པར་གཏན་ལ་ཕབ་པའོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། གནས་ལུགས་གཏན་ལ་དབབ་པའི་ལེའུ་སྟེ་བཅོ་བརྒྱད་པའི་རྒྱ་ཆེར་འགྲེལ་པའོ།། །།གཉིས་པ་སྒོམ་པས་ཉམས་སུ་ལེན་པ་ལ། སྔོན་འགྲོ། དངོས་གཞི། རྗེས་གསུམ། དང་པོ་ལ་མདོར་བསྟན། རྒྱས་བཤད་གཉིས། དང་པོ།

སྒོམ་པས་ཉམས་སུ་ལེན་པའི་སྔོན་འགྲོ་མདོར་བསྟན་པ།

ལེའུ་བཅུ་དགུ་པ་འདི་བསམ་གཏན་གྱི་སྔོན་དུ་འགྲོ་བའི་ལེའུ་ཡིན་ཅིང་། གོང་དུ་གནས་ལུགས་ཡང་དག་པའི་བཞུགས་ཚུལ་གཏན་ཕབ་པ་དེ་ལྟར་རྟོགས་བྱའི་གཞི་ཤེས་ནས། དེའི་དོན་ཉམས་སུ་བླང་བའི་དང་པོ་དོན་བསྒོམ་པའི་སྔོན་འགྲོའི་ཆོས་བསྟན་པ་ནི། དེ་ལྟར་གནས་ལུགས་ཤེས་ནས་བསྒོམ་པར་བྱ། །དེ་ལ་ཐོག་མར་སྔོན་དུ་འགྲོ་བ་ནི། །སྐྱབས་སུ་འགྲོ་ཞིང་བྱང་ཆུབ་སེམས་བསྐྱེད་ནས། །གསང་སྔགས་ཕྱི་ནང་བསྐྱེད་པའི་རིམ་པ་བསྒོམ། །ཞེས་གསུངས་ཏེ། ཐེག་པ་ཆེན་པོ་གསང་སྔགས་ཀྱི་རྣལ་འབྱོར་པས། བསྐྱེད་རྫོགས་ཟུང་འབྲེལ་དུ་ཉམས་སུ་ལེན་པས། དང་པོ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་ནས། རྒྱུད་སྡེ་གང་མོས་ཀྱི་ལྷ་དཔའ་བོ་གཅིག་པའམ། ཡབ་ཡུམ་ཟུང་འཇུག་གཅིག་གམ། དཀྱིལ་འཁོར་རྒྱས་བསྡུས་གང་རུང་ཅིག་བསྒོམ་པ་སྔོན་དུ་འགྲོ་བར་བྱའོ། །དེ་ལ་ཕྱོགས་དང་པོ་སྐྱབས་སུ་འགྲོ་བ་ལ། སྐྱབས་འགྲོ་འདི་ལ་སྐྱབས་སུ་འགྲོ་བའི་རྒྱུ་ཤེས་པ་དང་། སྐྱབས་འགྲོ་དངོས་གཉིས་ལས། སྐྱབས་སུ་འགྲོ་བའི་རྒྱུ་ནི་ཐ་མ་པས་ངན་སོང་ལ་འཇིགས་ནས་མཐོ་རིས་སོགས་ཀྱི་ཡོན་ཏན་འདོད་དེ་སྐྱབས་སུ་འགྲོ་བ་ཡིན་ཅིང་། ཉན་རང་གིས་དེའི་སྟེང་དུ་སྲིད་པས་འཇིགས་ནས་འཇིགས་དད་གཉིས་ཀྱི་སྒོ་ནས་སྐྱབས་སུ་འགྲོ་ཞིང་། ཐེག་པ་ཆེན་པོས་གཞན་སེམས་ཅན་འཁོར་བ་ལས་སྐྱོབ་པའི་ཆེད་དུ་སྐྱབས་སུ་འགྲོ་བའོ། །དེ་ལྟ་བུའི་རྒྱུ་བསམ་པ་སྔོན་སོང་གི་སྐྱབས་འགྲོ་དངོས་དེ་ལ། སྐྱབས་ཡུལ་ངོས་ཟིན་པར་བྱ་དགོས་པས། དེ་ལ་རྒྱུ་དང་འབྲས་བུའི་སྐྱབས་ཡུལ་རྣམ་པ་གཉིས་དང་། སྐྱབས་སུ་འགྲོ་ཚུལ་ཡང་རྣམ་པ་གཉིས་སོ། །རྒྱུའི་ཡུལ་ནི་གཞན་རྒྱུད་ཀྱི་བསྡུས་པའི་དཀོན་མཆོག་གསུམ་ཡིན་ལ། སྐྱབས་སུ་འགྲོ་ཚུལ་ནི་འབྲས་བུ་གྲུབ་པར་བྱ་བའི་དོན་དུ། སྟོན་པ་ལམ་གྲོགས་ཀྱི་ཚུལ་གྱིས་སྐྱབས་སུ་འགྲོའོ། །འབྲས་བུའི་ཡུལ་ནི་མ་འོངས་པ་ན་རང་རྒྱུད་ལ་འཁྲུངས་པའི་དཀོན་མཆོག་གསུམ་ཡིན་ལ། སྐྱབས་འགྲོ་ནི་དེ་འགྲུབ་པར་བྱ་བའི་སྨོན་པས་དགེ་བ་བྱེད་ཅིང་རྒྱུ་ལ་འཇུག་པའོ། །སྐབས་འདིར་གསང་སྔགས་ཀྱི་ལམ་ནས་བསྐྱེད་རྫོགས་ལྷའི་དཀྱིར་འཁོར་དུ་སྒྲུབ་པ་ནི་འབྲས་བུའི་དོན་ལ། བསོད་ནམས་ཀྱི་ཞིང་ལ་ཚོགས་སོག་པ་ནི་རྒྱུའི་དོན་ནོ། །དེ་ལྟར་ན་སྐྱབས་སུ་འགྲོ་བར་ཆོས་ཉམས་སུ་ལེན་པ་ཀུན་འདུས་སོ། །གཉིས་པ་ལ། ལམ་གྱི་གཞི་སྐྱབས་འགྲོ། ལམ་གྱི་རྩ་བ་སེམས་བསྐྱེད། ལམ་གྱི་རྟེན་བསྐྱེད་རིམ་བསྒོམ་པ་གཉིས། དང་པོ་ལ། སྐྱབས་སུ་འགྲོ་བའི་ཡུལ། སྐྱབས་སུ་འགྲོ་བའི་ཚུལ། སྐྱབས་སུ་སོང་བའི་ཕན་ཡོན་གསུམ། དང་པོ་ལ་བསྟན་བཤད་གཉིས། དང་པོ།

སྐྱབས་སུ་འགྲོ་བའི་ཡུལ་མདོར་བསྟན་པ།

ད་ནི་དེ་དག་སོ་སོར་དབྱེ་བ་ལས། དང་པོ། སྐྱབས་འགྲོའི་ཡུལ་ནི་དཀོན་མཆོག་གསུམ་ཉིད་དེ། །ཞེས་མདོར་བསྟན་ནས། གཉིས་པ་ལ། རྒྱུའི་སྐྱབས་འགྲོ་དང་། འབྲས་བུའི་སྐྱབས་འགྲོ་གཉིས། དང་པོ་ལ། གནས་སྐབས་སྐྱབས་གསུམ་གྱི་རྣམ་པར་གཞག་པ་དང་། མཐར་ཐུག་སྐྱབས་གཅིག་ཏུ་སྒྲུབ་པ་གཉིས། དང་པོ།

གནས་སྐབས་སྐྱབས་གསུམ་གྱི་རྣམ་པར་གཞག་པ།

རྒྱུ་ཡི་ཡུལ་གྱུར་གཞན་རྒྱུད་བྱོན་ཟིན་པའི། །སངས་རྒྱས་སྐུ་གསུམ་སྤངས་རྟོགས་འཕྲིན་ལས་ལྡན། །ཆོས་ནི་འགོག་ལམ་བདེན་པ་རྣམ་པ་གཉིས། །དགེ་འདུན་སར་ཞུགས་རྒྱལ་སྲས་འཕགས་རྣམས་ཏེ། །གནས་སྐབས་དེ་གསུམ་མཚུངས་པར་སྐྱབས་སུ་འགྲོ། །ཞེས་གསུངས་ཏེ། རང་ཉིད་སངས་རྒྱས་སྒྲུབ་པ་ལ་ཕན་འདོགས་པའི་རྒྱུའི་ཡུལ་གཞན་རྒྱུད་ལ་བྱོན་ཟིན་པའི་དཀོན་མཆོག་གསུམ་གྱི་སངས་རྒྱས་སྐུ་གསུམ་འཕྲིན་ལས་རྫོགས་པའི་བདག་ཉིད་ལ་སྟོན་པ། འགོག་ལམ་གཉིས་ལ་ལམ། འཕགས་པའི་ས་ལ་ཞུགས་པའི་དགེ་འདུན་ལ་གྲོགས་ཞུ་བས་ན་དཀོན་མཆོག་གསུམ་མོ། །གཉིས་པ།

མཐར་ཐུག་སྐྱབས་གཅིག་ཏུ་སྒྲུབ་པ།

མཐར་ཐུག་གི་དབང་དུ་བྱས་པའི་ཡུལ་ནི་སྤངས་རྟོགས། མཐར་ཐུག་སངས་རྒྱས་ཆོས་སྐུ་ཉག་གཅིག་སྟེ། །དཀོན་མཆོག་མཐར་ཐུག་སྐྱབས་ཀྱི་དམ་པ་ཉིད། །ལམ་བདེན་ཀུན་རྫོབ་རྒྱལ་སྲས་སྒྲིབ་བཅས་ཕྱིར། །སངས་རྒྱས་ཉིད་ལས་མཐར་ཐུག་སྐྱབས་གང་ཞིག །ཅེས་གསུངས་ཏེ། སངས་རྒྱས་ཀྱང་གཟུགས་སྐུ་ཀུན་རྫོབ་པ་འཕོ་འགྱུར་ཅན་མ་ཡིན་པར་ཆོས་སྐུ་ཉག་གཅིག་དོན་དམ་པའི་བདེན་པ་མཐར་ཐུག་པ་དེ་ཉིད་ལ་སངས་རྒྱས་སུ་ངོས་བཟུང་བ་ཡིན་ལ། ཆོས་ཀྱང་ལམ་བདེན་རྣམས་ས་གོང་དུ་ཐོབ་དུས་འདོར་བས་ཀུན་རྫོབ་ཀྱི་བདེན་པ་ཡིན་ཞིང་། བྱང་ཆུབ་སེམས་དཔའ་ཡང་སྒྲིབ་པ་དང་བཅས་པས་ད་དུང་སངས་རྒྱས་ཉིད་ལ་སྐྱབས་སུ་འགྲོ་དགོས་པའི་ཕྱིར། མཐར་ཐུག་གི་སྐྱབས་གནས་མ་ཡིན་པར། རྒྱུད་བླ་མ་ལས། ཆོས་རྣམས་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། །དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཉིད། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །ཞེས་སོ། །དེ་ཡང་འོག་མིན་ན་བཞུགས་པའི་སངས་རྒྱས་དེའི་སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་ཆོས་སྐུ་ཡིན་པས་སྐྱབས་ཡིན་ནོ་ཞེས་མཁས་པ་དག་བཞེད་དོ། །འོག་མིན་གྱི་སྐོར་སྔར་ནས་ཞུས་ཟིན་པ་ལྟར་དུ་ཆོས་སྐུའི་བཞུགས་གནས་ཆོས་དབྱིངས་དོན་གྱི་འོག་མིན་ཡིན་པས་མཐར་ཐུག་གི་སྐྱབས་གནས་ཉག་གཅིག་ཆོས་སྐུ་དེ་རང་གི་སེམས་ཉིད་སྤྲོས་བའི་མཐའ་ཐམས་ཅད་དང་བྲལ་བ་ཉིད་དཀོན་མཆོག་གསུམ་གྱི་རང་བཞིན་དུ་གནས་པ་དེར་ཐུག་གོ །གཉིས་པ་འབྲས་སྐྱབས་ལ། དངོས་དང་། རྒྱུ་འབྲས་ཀྱི་འབྲེལ་བ་བསྟན་པ་གཉིས། དང་པོ།

འབྲས་སྐྱབས་དངོས་བསྟན་པ།

ཐུན་མོང་མ་ཡིན་པ། འབྲས་བུའི་སྐྱབས་འགྲོ་དཀོན་མཆོག་རྣམ་པ་གསུམ། །རང་ལ་གྲུབ་འདོད་སླད་དུ་སྨོན་པ་ཡིན། །ཅེས་གསུངས་ཏེ། མ་འོངས་པ་ན་འོད་གསལ་ལྷུན་གྲུབ་ཀྱི་སངས་རྒྱས་མངོན་དུ་གྱུར་པ་ལ་དམིགས་ཏེ། སྨོན་པའི་ཆ་ནི་འབྲས་བུའི་སྐྱབས་འགྲོ་དང་དེའི་ཡུལ་ལོ། །སྨོན་པ་སེམས་བསྐྱེད་དང་གཅིག་གམ་ཞེ་ན། དེའང་སྨོན་པ་སེམས་བསྐྱེད་དང་མི་འདྲ་སྟེ། སེམས་བསྐྱེད་གཞན་དོན་དང་། འདི་རང་དོན་ལ་དམིགས་པ་ལ་སོགས་པའི་ཁྱད་པར་ཡོད་དོ། །གཉིས་པ།

རྒྱུ་འབྲས་ཀྱི་འབྲེལ་བ་བསྟན་པ།

སྐྱབས་སུ་འགྲོ་བ་དེ་དག་གི་ཚུལ་སོ་སོའི་ཁྱད་པར་ངེས་པ་ནི། དེ་ཡང་རྒྱུ་ཡི་སྐྱབས་འགྲོས་རྒྱུ་བྱས་ཏེ། །རང་རྒྱུད་དཀོན་མཆོག་འབྲས་བུའི་སྐྱབས་གྲུབ་འདོད། །ཅེས་གསུངས་ཏེ། ཐུན་མོང་པ་རྒྱུའི་སྐྱབས་འགྲོས། ཐུན་མོང་མ་ཡིན་པ་འབྲས་བུའི་སྐྱབས་འགྲོ་འགྲུབ་པ་ལ་གེགས་མེད་པར་འགྲུབ་པའི་རྒྱུ་བྱེད་ལ། གཉིས་པ་ཇི་ལྟར་སྐྱབས་སུ་འགྲོ་བའི་ཚུལ་ལ། འདུན་པ་དང་། ཆོ་གའི་ཚུལ་གཉིས། དང་པོ།

འདུན་པ་བསྟན་པ།

སངས་རྒྱས་སྟོན་པ་ཆོས་ལ་ལམ་དང་ནི། །དགེ་འདུན་གྲོགས་ཀྱི་ཚུལ་དུ་སྐྱབས་སུ་འགྲོ། །ཞེས་གསུངས་ཏེ། དེ་ཡང་སངས་རྒྱས་ལ་སྟོན་པ། ཆོས་ལ་ལམ། དགེ་འདུན་ལ་གྲོགས་སུ་བྱེད་པས་མགོན་སྐྱབས་སུ་ཁས་ལེན་པ་ཡིན་ནོ། །གཉིས་པ།

ཆོ་གའི་ཚུལ་བསྟན་པ།

དེ་ལྟར་ཡུལ་ངོས་བཟུང་ནས། ཇི་ལྟར་སྐྱབས་སུ་འགྲོ་བའི་ཚུལ་ནི། དེ་ལྟར་སྐྱབས་ཡུལ་ཤེས་ནས་སྐྱབས་འགྲོ་བ། །མདུན་གྱི་ནམ་མཁར་དཀོན་མཆོག་རབ་བསམས་ལ། །དངོས་དང་ཡིད་ཀྱི་མཆོད་སྤྲིན་རྒྱ་མཚོས་མཆོད། །བདག་དང་སེམས་ཅན་ཐམས་ཅད་ཐལ་སྦྱར་ཏེ། །གསུམ་ལ་ཕྱོགས་པར་སྐྱབས་སུ་འགྲོ་བར་བསམ། །བླ་མ་སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །ལན་གསུམ་བར་དུ་སྐྱབས་སུ་འགྲོ་བར་བྱ། །ཞེས་གསུངས་ཏེ། མདུན་གྱི་ནམ་མཁར་པད་སྡོང་ཉི་ཟླ་སེང་གེས་སྤྲས་པའི་དབུས་སུ། རྩ་བའི་བླ་མ་མཚན་རྫོགས་རྡོ་རྗེ་འཆང་དུ་བཞུགས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྤྲིན་ཕུང་འཁྲིགས་པ་ཙམ་གྱིས་བསྐོར་བར་བསམས་ཏེ་སྐྱབས་ཡུལ་གྱི་ཚོགས་ཞིང་གསལ་བཏབ་ནས་དངོས་དང་ཡིད་ཀྱི་མཆོད་པས་མཆོད་ཅིང་། ཕྱག་འཚལ་བ་དང་། སྡིག་པ་བཤགས་པ་དང་། གསོལ་བ་གདབ་པ་རྣམས་བྱས་ལ། བདག་དང་སེམས་ཅན་ཐམས་ཅད་ས་གཞིའི་ངོས་བར་སྣང་གི་མཐའ་ཁྱབ་པར་ཐལ་མོ་སྦྱར་བ་རྣམས་བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བསམས་ལ་སྐྱབས་སུ་འགྲོ་བའི་ཚིག་སྙན་པོའི་ངག་བརྗོད་ནས་ཡིད་ཀྱིས་བདག་དེང་ནས་བླ་མ་དཀོན་མཆོག་གསུམ་ཁྱེད་ཀྱི་སྐྱབས་འོག་ཏུ་མཆིས་ནས་ཁྱེད་ཀྱི་འབངས་སུ་ཁས་ལེན་པ་ཡིན་པས། མཐོ་རུ་བཏང་ངམ། དམའ་རུ་བཏང་ངམ། བཟང་ངན་ལེགས་ཉེས་སྐྱིད་སྡུག་གང་བྱུང་ཡང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ཁྱེད་མཁྱེན་སྙམ་པའི་སྐྱབས་འགྲོའི་ཚིག་ལན་གསུམ་གྱིས་སྐྱབས་འགྲོ་བྱེད་པ་བརྡ་ལས་ཐོབ་པ་ཡིན་ཅིང་། དེའི་རྗེས་ནས་གང་ལ་ཡང་དམིགས་པ་མེད་པའི་ངང་ལ་མཉམ་པར་བཞག་པས་སྐྱེ་བ་མེད་པ་ཁོང་དུ་ཆུད་པ་དོན་དམ་པའི་སྐྱབས་འགྲོ་ཆོས་ཉིད་ཐོབ་པ་དེ་ལྟར་རོ། །དེ་ལྟར་སྐྱབས་སུ་སོང་བ། གསུམ་པ།

སྐྱབས་སུ་སོང་བའི་ཕན་ཡོན་བསྟན་པ།

དེ་ཡི་ཕན་ཡོན་གནས་སྐབས་བསམ་པ་འགྲུབ། །ནང་པར་ཆུད་དང་ཆོས་ཀུན་རྟེན་དུ་འགྱུར། །གནོད་པས་མི་བརྫི་སངས་རྒྱས་ཞབས་དྲུང་སྐྱེ། །མཐར་ཐུག་དོན་གྱི་དཀོན་མཆོག་གསུམ་པོ་འགྲུབ། །དེ་ཕྱིར་ཐོག་མར་སྐྱབས་སུ་འགྲོ་བར་བྱ། །ཞེས་གསུངས་ཏེ། གང་འདོད་པའི་དོན་ཀུན་འགྲུབ་པ་དང་། ནང་པ་སངས་རྒྱས་པའི་ཁོངས་སུ་ཚུད་པ་དང་། ཡོན་ཏན་གྱི་རྟེན་དུ་རུང་བ་སྟེ། སྐྱབས་འགྲོ་བདུན་ཅུ་པ་ལས། སྡོམ་པ་ཀུན་ལ་ཡོད་མོད་ཀྱི། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་སོ། །མི་དང་མི་མ་ཡིན་གྱི་གནོད་པས་མི་བརྫི་ཞིང་སྲིད་པར་འཁོར་བ་འཇིག་ཚོགས་ལ་ལྟ་བ་དང་། ཞི་བ་ཕྱོགས་གཅིག་པའི་ལམ་དམན་པ་ལས་སྐྱོབ་པ་སྟེ། མདོ་རྒྱལ་མཚན་དམ་པ་ལས། འཚེ་བ་དག་ནི་ཐམས་ཅད་དང་། །འཇིག་ཚོགས་ཐེག་པ་དམན་དག་ལས། །སྐྱོབ་ཕྱིར་སྐྱབས་ཀྱི་དམ་པར་བཤད། །ཅེས་སོ། །གང་དུ་སྐྱེས་པ་ཐམས་ཅད་དུ་བླ་མ་དམ་པ་དང་། དཀོན་མཆོག་གི་ཞབས་དྲུང་དུ་སྐྱེ་ཞིང་། མཐར་ཐུག་སངས་རྒྱས་ཐོབ་སྟེ། དེ་ཉིད་ལས། གང་ཞིག་གསུམ་ལ་སྐྱབས་འགྲོ་བ། །དེ་ཡིས་མྱུར་དུ་སངས་རྒྱས་ཐོབ། །ཅེས་སོ། །སྐྱབས་སུ་སོང་བའི་ཕན་ཡོན་གསུངས་མ་ཐག་ཏུ་ཚེ་རབ་ཀུན་ཏུ་དཀོན་མཆོག་གིས་སྐྱོབ་པའི་ཕན་ཡོན། ཚོགས་གཉིས་རྫོགས་པའི་ཕན་ཡོན། ཡོན་ཏན་ཚད་མེད་པ་ཐོབ་པའི་ཕན་ཡོན། དཀར་ཕྱོགས་ཀྱི་ལྷས་སྲུང་བའི་ཕན་ཡོན། སྲིད་དང་ཞི་བའི་རྒུད་པ་སེལ་བའི་ཕན་ཡོན་ལ་སོགས་པ་བསམ་གྱིས་ཁྱབ་པ་མིན་ནོ། །འདི་སོགས་ཕན་ཡོན་རྣམ་པ་བརྒྱད་ཀྱི་ཐོག་ནས་གསུངས་པའང་ཡོད་དོ། །སྐྱབས་འགྲོའི་བསླབ་བྱ་ནི་ཞག་རེ་ཞིང་། ཉིན་མཚན་དུ་སྐྱབས་སུ་འགྲོ་བ་བརྒྱ་རྩ་རེ་བྱ་བ་དང་། བླ་མར་སྐྱབས་སུ་སོང་བས་དགེ་བའི་བཤེས་གཉེན་ལ་གུས་ཤིང་སྡིག་པའི་གྲོགས་ལ་མི་བསྟེན། སངས་རྒྱས་ལ་སྐྱབས་སུ་སོང་བས་ཕྱི་རོལ་པའི་ལྷ་དབང་ཕྱུག་ནས་འཇིག་རྟེན་པའི་ལྷའི་བར་དུ་ཕྱག་མི་འཚལ། ཆོས་ལ་སྐྱབས་སུ་སོང་བས་སེམས་ཅན་ལ་འཚེ་བ་མི་བྱ། དགེ་འདུན་ལ་སྐྱབས་སུ་སོང་བས་མུ་སྟེགས་བྱེད་དམ། རྒྱུ་འབྲས་ལ་སྐུར་པ་འདེབས་པ་དང་མི་འགྲོགས་ཏེ། དེ་ཉིད་ལས། གང་དག་སངས་རྒྱས་སྐྱབས་སོང་བས། །ནམ་དུའང་ལྷ་ནི་གཞན་དག་ལ། །བསྟེན་ཞིང་སྐྱབས་སུ་འགྲོ་མི་བྱ། །གང་དག་ཆོས་ལ་སྐྱབས་སོང་བས། །གནོད་ཅིང་འཚེ་བའི་སེམས་དང་བྲལ། །གང་དག་དགེ་འདུན་སྐྱབས་སོང་བས། །མུ་སྟེགས་ཅན་དང་འགྲོགས་མི་བྱ། །ཞེས་སོ། །དེ་དག་གི་སྐུ་གཟུགས་མཐོང་ནའང་དད་པས་ཕྱག་མཆོད་བྱ་ཞིང་འགོམ་པ་ལ་སོགས་མ་གུས་པ་མི་བྱའོ། །དེས་སྡེབ་གྲངས་ཚང་ཐལ་དེ་རིང་སྐྱབས་འགྲོའི་མཚམས་འདི་ནས་གཞག་སྟེ་སོང་ཉིན་སེམས་བསྐྱེད་ནས་བཤད་རྒྱུ་བྱེད། འདི་ཕན་ཆད་ཀྱི་ཉི་མ་གཉིས་ཀྱིས་ཐེངས་འདིའི་འཆད་ཉན་ཡོངས་སུ་གྲུབ་པར་འདུག འདིར་བཞུགས་ཀྱི་སྡོམ་བརྩོན་སྡེ་སྣོད་འཛིན་པ་མང་ཆེ་བ་ཞིག་ས་ཕྱོགས་གཞན་དང་དགོན་སྡེ་གཞན་ནས་ཆོས་དོན་གཉེར་མཛད་ནས་ཐོས་པ་ཕྱོགས་མེད་འཚོལ་བའི་ཆེད་དུ་ཕེབས་ཡོང་བ་རེད། འདི་ན་ཡོད་པའི་གཞིས་ཀྱི་གྲྭ་ཇོ་སེར་རྣམ་པ་ཡིན་ན་ཡང་དེ་བཞིན་དུ་དང་པོ་ལས་ཅན་ཞིག་ཡིན་པས་རབ་ཏུ་བྱུང་བ་དང་། བར་དུ་སྐལ་བ་བཟང་ནས་ཐོས་བསམ་འཆད་ཉན་ལ་ཞུགས་པ་རེད། གཞི་བྱེས་ལ་མ་ལྟོས་པའི་རྣམ་པ་ཚང་མ་ཕལ་ཆེ་བ་དེ་གཞོན་དར་གྱི་ན་ཚོད་ཅན་ཡིན་པས། དུས་རབས་གསར་བ་འདིའི་ནང་གི་སྔར་མའི་བསྟན་རྒྱུན་མཐུད། ད་ལྟའི་བསྟན་སྲོག་འཛིན། ཕྱི་མའི་བསྟན་རྒྱུན་སྤེལ་བའི་བྱེད་པོ་ཉག་གཅིག་ལ་བབ་པས་མི་ཚད། ལོ་རྒྱུས་ཀྱིས་སྤྲད་པའི་ལས་འགན་རང་ཤུགས་ཀྱིས་ཕྲག་ཏུ་བབ་པ་རེད། དེ་ཡིན་དུས་ཐམས་ཅད་ཀྱིས་ཐ་མ་ཚེ་ཆོས་གཉིས་ཀ་མཐར་ཕྱིན་ནས། རང་དོན་ཤི་ཆོས་འགྲུབ་པ་ཙམ་ཞིག་གིས་མི་འཚེང་བར་གཞན་དོན་མ་འོངས་པའི་བསྟན་དོན་ལ་ཕྱག་རྗེས་མི་དམན་པ་རེ་འཇོག་འོས་པ་ཡིན། རང་རེ་ཐམས་ཅད་སྟོན་པའི་རྗེས་འཇུག་གོས་ངུར་སྨིག་གི་རྒྱལ་མཚན་འཆང་མཁན་ཐམས་ཅད་ཀྱི་མཛད་པ་དེ་གང་ཡིན་པ་རེད་ཟེར་ན། དམ་པའི་ཆོས་འཛིན་རྒྱུ་དེ་ཉིད་ཡིན་པ་རེད། སྟོན་པའི་བསྟན་པ་ཡང་དེ་ཡིན། དེས་ན་བདག་ཅག་གི་སྟོན་པས་ཀྱང་གདུལ་བྱའི་ཁམས་དབང་མོས་པ་དང་བསྟུན་པའི་ཆོས་བསྟན་མཛད་པ་ཡིན་ལ། འུ་ཚོས་ཀྱང་གཅིག་གདུལ་བྱའི་ཁམས་དབང་དང་མཐུན་པ་དང་། གཉིས་དུས་རབས་དང་མཐུན་པའི་སྒོ་ནས་སེམས་ཅན་ལ་ཆོས་ཀྱི་སྦྱིན་པས་ཕན་གདགས་དགོས་པ་ཡིན། ཆོས་བཤད་ནས་གོ་བརྡ་འཕྲོད་ས་ནི་མིའི་འགྲོ་བ་ཡིན་ལ། དེ་ལས་མང་ཆེ་བ་དེ་མི་སྐྱ་ཕོ་མོ་ཁྱིམ་ན་གནས་པ་ཤ་སྟག་ཡིན་པ་རེད། ད་སྔའི་འདས་པའི་བོད་ཀྱི་ལོ་རྒྱུས་ཀྱི་ནང་ན་ཆོས་དེ་དགོན་པ་དང་། མི་དྲག་ཐམས་ཅད་ཀྱིས་བདག་ཏུ་བཟུང་ནས་ཆོས་འཁོར་གདན་ས་ཆེན་པོའི་འཁྲིས་ཀྱི་མི་སྐྱ་ཕོ་མོ་དག་ཀྱང་ཆོས་མེད་མ་ལུས་པ་ཙམ་ཡོད་ཀྱང་། ཆོས་ཡོད་དངོས་ཀྱི་གྲལ་དུ་འགྲོ་བ་ནི་དཀའ་བའི་གནས་སུ་ཕྱིན་ཡོད། བོད་ཀྱི་མི་གྲངས་བརྒྱ་ཆ་བརྒྱ་བོ་དེ་ཆོས་དད་པ་ཡིན་ཟེར་ཡང་། མང་ཆེ་བ་གནད་དང་ཧ་མ་གོ་པའི་རྨོངས་དད་ཅན་ཡིན་པར་ཆགས་ཡོད། དེ་ཡང་དཔེ་ཐག་རིང་ལ་མི་བཞག་པར་ས་ཆ་འདི་ལྟ་བུ་ཞིག་ལ་མཚོན་ན། སྔར་མི་ཕམ་ཚང་དང་། དཔལ་སྤྲུལ་ཚང་དང་། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་། མཁན་ཆེན་པདྨ་བཛྲ་རྣམ་པ་གནས་འདིར་མི་ལོ་ཉི་ཤུ་སུམ་ཅུའི་རིང་ལ་བཞུགས་ནས་ཆོས་གསུངས་སྐབས། ཆོས་ཞུ་མཁན་གྱི་མི་གྲངས་བརྒྱ་ཕྲག་ཙམ་རེ་འདུས་མྱོང་ཨེ་ཡོད་བསམ་པའི་ཚོད་ལ་ཐོན་ཡོད་པ་ཡིན། སྤྱིར་ན་མི་མང་ཆེ་བ་ལ་ཆོས་ཀྱི་ཤེས་བྱ་དང་། ཆོས་ཕྱོགས་ཀྱི་གོ་བ་མེད་ན་གཞན་ཞིག་གིས་སྟོན་པ་ཤཱཀྱ་ཐུབ་པ་རྫུན་པ་རེད། དེས་གསུངས་པའི་ཆོས་སྒྲུབ་ཀྱང་སྙིང་པོ་ཡོད་པ་མ་རེད་ཅེས་བཤད་ན་བདེན་སྣང་ཤར་བ་རེད། བདེན་སྣང་ལོས་ཤར་དང་པོ་ཆོས་བཤད་དུས་སུ་ཡང་དོན་མ་གོ་གོང་ནས་ཐུགས་རྗེ་མ་ཆུང་དཔྱད་པ་མེད་པར་ཐུགས་རྗེ་མ་ཆུང་ཞེས་སྨྲས་པ་རེད། ད་ཆོས་མིན་བཤད་པའི་གནས་སྐབས་སུ་ཡང་དེ་དང་དེའི་རང་བཞིན་ཡིན་པ་རེད། དཔེ་ཞིག་བཞག་ན་རང་རེས་ཆ་རྒྱུས་ཡོད་པའི་རྒྱ་ནག་ལ་མཚོན་ན། རྒྱ་ནག་ཏུ་རྒྱལ་རབས་མང་པོའི་ཚེ་ལ་ནང་ཆོས་དར་ས་ཞིག་ཡིན་པ་སྟེ། རྒྱ་གར་ནས་སངས་རྒྱས་ཀྱི་བསྟན་པ་ནུབ་རྗེས་སུ་འཛམ་གླིང་གི་ནང་ཆོས་དར་སའི་རྒྱལ་ཁབ་ཆེ་ཤོས་དེ་གང་རེད་ཟེར་ན། རྒྱ་ནག་རེད་ཟེར་ཆོག་རྒྱུ་ཞིག་ཆགས་ཡོད་པ་ཡིན། འོན་ཀྱང་དེའི་རྗེས་སུ་ནུབ་ནས་ལྷ་མེད་ཀྱི་སྲོལ་འདི་དར་སོང་བ་རེད། དེ་རིང་ཁ་རྩང་མི་འགའ་རེས་ཁོ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡན་དུ་ཡོད་པའི་ཁྱད་ཆོས་ཅན་ཞིག་ཡིན། སངས་རྒྱས་ཀྱི་ཆོས་ཀྱི་བྱིན་རླབས་རྙིང་ནས་ཡལ་འགྲོ་གིན་ཡོད་པས། ཁོའི་བྱིན་རླབས་གསར་བ་ཡིན་ཟེར་དུས་མི་བརྒྱ་སྟོང་ཁྲི་འབུམ་དེ་རྗེས་སུ་འཇུག་འགྲོ་བར་འདུག་པས། མཐར་དེ་འདྲ་བར་འགྱུར་ངེས་སྙམ། དུས་རབས་གསར་བ་འདིའི་ནང་ནས་བོད་རང་ཡུལ་དུ་དར་བའི་ཆོས་དང་རིག་གཞུང་། རིན་ཐང་སྒྲུན་དུ་མེད་པ་དངོས་པོ་གཟུགས་ཅན་དུ་མ་གྲུབ་པའི་ནོར་རྫས་རྩ་ཆེན་འདི་གཅེས་སྐྱོང་ཉར་ཚགས་དང་། ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་ད་ལྟའི་མི་རྣམས་ཀྱི་ལས་སྐལ་ཡིན་པ་རེད། དེ་ཡང་ཕྱིའི་རྟེན་གཞིའི་ཁང་པ་དང་ནི་དེའི་ནང་གི་རྟེན་བཞེང་རྒྱུ་ཡང་། དུས་སྐབས་དེའི་དགོས་མཁོའི་ཡན་ལག་གི་ཆ་ཤས་ཤིག་ལས་བསྟན་པའི་རྩ་བ་ངོ་མ་ཡིན་པ་མ་རེད། དེ་ཡིན་སྣང་ཤར་ན་ནོར་འཁྲུལ་དུ་སོང་བ་ཡིན། བསྟན་པ་གང་ཟག་གི་རྒྱུད་ལ་བཞུགས་པ་ཡིན་པས། ལུང་རྟོགས་ཀྱི་བསྟན་པ་བཤད་སྒྲུབ་གཉིས་ལས་གཞན་པས་འཛིན་ཐབས་མེད་ཕྱིར། ང་དགུའི་དུས་འགྱུར་དང་། རིག་གསར་གྱི་ཉམ་ཉེས་ཀྱི་སྐབས་སུ་སྐུ་སྲོག་མ་ཤོར་བའི་བསྟན་འཛིན་གྱི་སྐྱེས་བུ་འགའ་ཞིག་གིས་འདིའི་ཡང་དར་བསྟན་པའི་བླ་སྲོག་དེ་མཐུད་པ་ཡིན། སྐུ་འདྲ་མགར་བླུག་གང་ཡིན་ན་ཡང་གནའ་བས་ཡག་དང་ད་བས་མཛེས་ཤིག་བྱེད་ཆོག་འདུག་ལ། ལྷ་ཁང་ཡང་གནའ་བས་ཆེ་དང་མཛེས་བཟོ་ཆོག་འདུག དེས་ན་མི་ཐོག་སྔོན་མའི་ཉམས་མྱོང་བླངས་ནས། གཞོན་ནུའི་མི་རབས་ཀྱི་རྒྱུད་ན་སངས་རྒྱས་ཀྱི་བསྟན་པ་ཆ་ཚང་བཞུགས་པ་ཞིག་བྱས་ན། དེའི་རྒྱུན་ཕྱི་མས་ཕྱི་མའི་མི་རབས་ལ་བརྒྱུད་དེ་བོད་མི་ཚང་མས་ཆོས་ཀྱི་ནང་དོན་ཤེས་ཏེ། དེའི་རོ་བཅུད་མྱང་ཡོང་ན་ཆོས་དང་ཆོས་མིན་དབྱེ་བ་ཕྱེད་ནས། ཆོས་མི་ཤེས་པའི་མིང་ཆེན་པོ་ཅན་གྱི་བླུན་པོ་དབང་འབྱོར་ཅན་གྱི་ལག་ཏུ་ཆོས་ཁྲི་སྲིད་ཁྲི་གཉིས་ཀ་མཉམ་གཅིག་ཏུ་མ་ཤོར་པར་མཁས་མཛངས་ཅན་སུ་ཡིན་པ་དེས་ལམ་སྟོན་བྱས་ཏེ། མཁས་པ་ཡོན་ཏན་ཅན་གོང་དུ་བཀུར་ན་སྐྱེ་དགུའི་བདེ་སྐྱིད་ཀྱི་གཞི་རྩ་རྒྱལ་བསྟན་མི་ནུབ་འཇིག་རྟེན་གྱི་ཁམས་སུ་ཡུན་རིང་གནས་ཐུབ་པ་རེད་སྙམ། དེས་ན་རང་ས་རང་ཡུལ་ནས་རང་གི་ནུས་པས་ཐུབ་ཚོད་ཀྱིས་སྡེ་མང་ཚོགས་ཕོ་མོ་རྒན་གཞོན་ཐམས་ཅད་ལ་ཐུན་མོང་གི་ཤེས་བྱ་རིག་གནས་གང་འཚམས་རེ་སྟེར་བ་དང་མཉམ་དུ་ཐུན་མིན་ཆོས་ཀྱི་ཤེས་བྱ་ཤེས་ཐབས་བྱེད་དགོས་པ་ཡིན། ཐམས་ཅད་པོ་རྒྱ་ཆེན་པོའི་བཀའ་དང་དགོངས་འགྲེལ་གྱི་འཆད་ཉན་ཐུབ་མཁན་ཤ་སྟག་མིན་ན་ཡང་། ཆོས་ཀྱི་སྦྱིན་པ་སྟབས་བདེ་བྱེད་རྒྱུ་ཡོད་པ་ཡིན། མ་ཎི་ཡི་གེ་དྲུག་མ་ཞིག་གི་བསྐྱེད་བཟླས་རང་གིས་ཤེས་པར་བྱས་ནས་དེ་གཞན་ལ་བསླབ་ན་ཇི་ལྟར་མི་བཟང་། ཚེ་མི་རྟག་པ་རྐྱང་པ་སྒོམ་དུ་ཆུག་དང་དེ་ཡང་ཆོས་རེད། དེ་རིང་ཁ་རྩང་དེ་ཙམ་ཡང་བཤད་མཁན་དང་ཉམས་སུ་ལེན་མཁན་དཀོན་པོར་ཆགས་ཡོད། ཡིད་བཞིན་མཛོད་ཀྱི་ནང་ནས་སྐྱབས་འགྲོ་ད་ལྟར་གསུངས་མ་ཐག་པ་ཡིན། སང་ཉིན་སེམས་བསྐྱེད་བཤད་ས་ལ་ཐུག་པ་རེད། སྐྱབས་འགྲོ་རྐྱང་རྐྱང་གི་ཆོས་མི་ཚེ་གཅིག་ལ་གསུངས་བཞག་ན་འགྲོ་དོན་དེ་བས་ཆེ་ཞིག་ཅི་དགོས། བོད་མི་རང་སྡེ་རང་ཁོངས་ཀྱི་མི་སོ་སོ་ལས་མི་གྲངས་བརྒྱ་ཆ་ལྔ་བཅུ་དྲུག་ཅུ་ཙམ་རེ་སྐྱབས་འགྲོ་འགྲེལ་ཤེས་པ་དང་། སྐྱབས་འགྲོའི་དོན་གོ་མཁན་དུ་གྱུར་པ་དང་། བླ་གྲྭ་སེར་མོ་པ་ཡོད་ཚད་སྐྱབས་འགྲོ་ཤེས་མཁན་ཏག་ཏག་རེད་ན་བཟང་པོའི་ལག་རྗེས་ཞོགས་ནི་རེད་བསམ་ཁི། འཇིག་རྟེན་ལུགས་ཀྱི་དབང་དུ་བྱས་ཏེ་བཤད་ན་དམ་པའི་ཆོས་བསྒྲུབ་རྒྱུ་འདི་མིའི་འཚོ་བའི་ནང་གི་ཆ་ཤས་གལ་ཆེན་མེད་དུ་མི་རུང་བ་ཞིག་ཡིན་ཏེ། ཐ་ན་ལུས་ཀྱི་འཚོ་ཁམས་བརྟན་པའི་ཆེད་དུ་ཡིན་ན་ཡང་། ཟས་དང་གཉིད་དང་ལེགས་བྱ་བ། །ཏིང་འཛིན་ལུས་རྒྱས་རྒྱུ་བཞིའོ། །གསུངས་པ་ལྟར་དུ་ཏིང་འཛིན་ཡང་སེམས་བསྐྱེད་དང་འབྲེལ་ན་ཐར་བ་ཆ་མཐུན་གྱི་དགེ་རྩ་འདི་ཕྱི་རང་གཞན་ཐམས་ཅད་ལ་ཕན་བྱེད་དུ་འགྱུར་བ་ཡིན། ཚེ་ཕྱི་མ་ལ་བསམ་བློ་མ་བཏང་ཡང་ཚེ་འདིའི་བྱ་བ་མིས་སྒྲུབ་མི་ཐུབ་རྒྱུ་དཀོན་མཆོག་ལ་སྐྱབས་བཅོལ། བསོད་ནམས་ཀྱི་ཚོགས་བསགས། རྒྱབ་རྟེན་ལྷ་དང་སྲུང་མ་ལ་བཅོལ་ན་གང་འདོད་ཚེགས་མེད་དུ་གྲུབ་པ་ཡིན། དེང་སང་བོད་རང་གི་མི་འགའ་རེས་ཟེར་ན་བོད་ལ་ཆོས་དར་བ་འདིས་དུས་རབས་མང་པོའི་ཡར་རྒྱས་བཀག་སོང་བར་འཆད་མོད། ངས་བལྟས་ན་ཆོས་བསྒྲུབས་ནས་ཡར་རྒྱས་བཀག་སོང་བ་མ་ཡིན་པར་ཆོས་སྒྲུབ་ལུགས་མ་ཤེས་པ་དང་། ལེགས་པར་མ་བསྒྲུབས་པས་ཡར་རྒྱས་བཀག་ཡོད་ན་ཐང་བསམ་ཁི། དཔེ་ཆ་བས་དེང་དུས་ཀྱི་ཚན་རིག་ལ་རྒྱུས་ལོན་བྱེད་དགོས་པ་རེད། ཆོས་དང་རིག་གཞུང་གི་ལྟ་གྲུབ་ཀྱིས་ཚན་རིག་ལ་ཕར་དཔྱད་པར་བྱས། ཚན་རིག་གི་རིགས་པས་ཆོས་ལ་ཚུར་ཞིབ་དཔྱད་བྱས་ན། རྒྱལ་བ་བདེན་པ་སྨྲ་བའི་བཀའ་དེ་ཚད་མཐོའི་ཚན་རིག་གི་ཆུ་ཚད་མཐོ་ཤས་ཤིག་ཏུ་སྐྱེལ་ཐུབ་ན། དུས་རབས་དང་མཐུན་པའི་བསྟན་པའི་བྱི་དོར་གཙང་མ་ཞིག་ཏུ་འགྱུར་སྙམ། ནང་པའི་བསྟན་ལ་ཞུགས་པའི་དགེ་སྦྱོང་ཞིག་གིས་དགེ་སྦྱོང་གི་ཆོས་བཞི་ལག་ལེན་མི་བྱེད་ཐབས་མེད་ཕྱིར། མ་མཐའ་ཡང་མིའི་ཀུན་སྤྱོད་བཟང་པོའི་རྩེར་ཕྱིན་པ་ཞིག་ཏུ་འགྱུར་བ་ཡིན། དེའི་ཤན་དེ་མིའི་རིགས་ཡོངས་ལ་ཞུགས་ནས་ཐམས་ཅད་བསམ་སྤྱོད་བཟང་པོ་ཅན་ཏག་ཏག་རེད་ཐུབ་ན་ཆོས་ཀྱི་བྱེད་པ་དེ་ནས་འགྲུབ་ཐུབ་འདུག་བསམ་ཁི། དེ་ལྟ་བུའི་བསམ་སྤྱོད་བཟང་པོ་དེ་དངུལ་གྱིས་ཉོ་རྒྱུ་མི་ལོན་པའི་རིན་ཐང་ཅན་ཞིག་ཡིན་པ་རེད། བོད་མི་རྒྱ་ཆ་མང་ཤོས་ཤིག གཤེ་བ་ལ་སླར་མི་གཤེ། ཁྲོ་བ་ལ་སླར་མི་ཁྲོ། བརྡེག་པ་ལ་སླར་མི་བརྡེག མཚང་འབྲུ་བ་ལ་སླར་མི་འབྲུ་བ་ཞིག་རེད་སོང་ན་འཛམ་གླིང་གི་མིའི་ཁྱུ་མཆོག་བོད་ཀྱི་མི་རེད་འགྲོ་རྒྱུ་རེད་བསམ་ཁི། འགའ་རེས་གྲྭ་ཇོ་སེར་སྤྱི་ཚོགས་ཀྱི་ཐོག་གི་བེད་མེད་གནོད་པ་ཅན། ཡར་འདོགས་པའི་རྒྱན་ཞིག་མ་དགོས་མར་འདྲུད་ཀྱི་གདོས་ཤིག་རེད་བསམས་པས་མི་ཚད་བཤད་ཀྱིན་ཡོད་ཀྱང་། རིག་གསར་ལོ་བཅུ། དེའི་སྔོན་གྱི་ལོ་བདུན་བརྒྱད་ཅིག དེས་རྗེས་ཀྱི་ལོ་ཁ་ཤས་ཏེ་ཕར་ཚུར་མི་ལོ་ཉི་ཤུ་ལ་གྲྭ་ལུས་བླངས་པའི་དམར་མདོག་ཅན་ཕལ་ཆེར་རིག་རྒྱུ་མེད་པར་གྱུར་ཡོད་མོད། ཡར་རྒྱས་མར་འདྲུད་གང་ཡོང་ཡོད་ཉམས་མྱོང་གིས་བལྟས་ན་ཤེས་རྒྱུ་ཅན་ཞིག་ལ་ཆགས་ཡོད། མདོར་ན་ཁ་བཤད་རྐྱང་པས་ཕན་ཐོགས་ཡོད་པ་མ་རེད། ཁ་ནང་གི་རླངས་པ་ཇི་ལྟར་བྱས་ནས་མངགས་ཀྱང་ཆོག་པ་རེད། དོན་དངོས་པོ་ཁ་ཡོད་ལག་ཡོད་བླ་མ་གྲྭ་བས་སྡེ་དམངས་ལ་ཆོས་འཇིག་རྟེན་ཚེ་འདི་ཕྱི་གཉིས་ཀའི་ཐད་ནས་ཕན་ཐོགས་ཡོད་དགོས་པ་རེད། དེ་ཡོད་པ་ཞིག་རང་རང་ས་ཆའི་བླ་གྲྭས་རང་རང་གི་ཁོངས་ནས་བྱས་ན། རེ་རེ་ཚོགས་པའི་ཐུན་མོང་གི་བསྟན་པའི་གཟི་མདངས་དང་དཔལ་ཡོན་རང་ཤུགས་ཀྱིས་རྒྱས་ངེས་སྙམ། དེས་ན་མི་མཆོག་དམན་ལ་མ་ལྟོས་པར་ཐམས་ཅད་ཀྱི་རྒྱུད་ལ་སྙིང་རྗེ་དང་ཤེས་རབ་གཉིས་འཕེལ་ཐབས་རེ་ཐོན་ན་དེ་སངས་རྒྱས་ཀྱི་འཕྲིན་ལས་རེད་ལ་ཕ་མའི་དྲིན་ལས་ལེན་ཡང་རེད། བུ་སྐྱེས་བའི་དགོས་དོན། གངས་རི་དཀར་པོའི་ཆབ་རྒྱུན་གྱིས་སྙིང་གི་འཕར་རྩ་དང་པོ་གསོས་པའི་མ་ཡུམ་གངས་ལྗོངས་ལ་དྲིན་ལན་འཇལ་བའི་ཤོག་ལྷེ་ཞིག་མ་འོངས་རིགས་མཐུན་གྱི་སྤུན་ཟླར་བཞག་པས་མི་ཚད་མིའི་རིགས་ལ་ཕན་པའི་ལྷག་བསམ་ལྷད་མེད་ཀྱི་བྱ་བཞག་དེས་འགྲོ་བ་སེམས་ཅན་གྱི་དགོས་དོན་བསྒྲུབ་རྒྱུའི་དམ་བཅའ་སྨོན་པའི་རི་མོ་ཡང་གཟུགས་ཅན་ལ་བཞག་པ་ཞིག་མིན་ན་ཅི་ཡིན་བསམ་ཁི། གང་ལྟར་གཞོན་ནུའི་སེམས་ཁམས་དེ་ལུགས་ཟུང་བྱ་བ་གང་ལ་ཡང་མཁས་ཤིང་མཛངས་ལ་དུས་ལས་གཡོ་བ་མེད་པར་རྟག་ཏུ་གཞན་ཕན་གྱི་སྤོབས་སེམས་ཀྱིས་ཁེངས་ནི་ཞིག་དགོས་པ་ཡིན། དུས་སྐྱིད་སྡུག་ཡག་ཉེས་ཟེར་རྒྱུའི་འཕེལ་འགྲིབ་དེ་སུས་ཀྱང་ཚད་ཐེངས་ནི་མ་རེད། ད་ལྟའི་འཛམ་བུའི་གླིང་གི་ས་སྟེང་གི་དཔོན་ཆེན་རྣམས་ཀྱི་འཆར་གཞིའི་སྟེང་དུ་ཡང་འགྲོ་དཀའ་བ་རེད། དེ་མ་དགོས་མཉམ་འབྲེལ་རྒྱལ་འཚོགས་ཀྱི་འཆར་གཞིའི་སྟེང་དུ་ཡང་འགྲོ་བ་མ་རེད། ཅིས་ཕྱིར་ཞེ་ན་དེ་རྣམས་ལ་མངོན་ཤེས་མེད་པས་ཕྱིན་ཆད་ཀྱི་ཚོད་རིང་པོར་དཔོག་ནུས་པ་མ་རེད་མོད། ལོ་མང་པ་རེ་བརྒྱབ་དུས་ཐམས་ཅད་དུས་ཀྱི་ཆོས་ཉིད་དུ་འགྱུར་ནས་འདས་པའི་ལོ་རྒྱུས་ཐམས་ཅད་གནའ་བོའི་བཤད་སྲོལ་ཙམ་ཞིག་ཏུ་འགྱུར་འགྲོ་བ་རེད། སངས་རྒྱས་ཀྱི་བསྟན་པ་ཡང་དེ་བཞིན་དུ་ཆགས་གནས་འཇིག་པའི་དུས་ཡོད་པ་རེད། འོན་ཀྱང་མི་ཐོག་རེ་རེར་ཡིན་ཡང་སེམས་ཅན་ཐམས་ཅད་ཀྱི་བདེ་སྐྱིད་ཀྱི་ཆེད་དུ་ཆོས་བསྟན་པ་མི་ནུབ་དར་ཞིང་རྒྱས་པའི་དོན་ལ་ཅི་འདྲའི་མུན་ནག་བསྐལ་བ་ཡང་ལོ་ཁ་ཤས་ལ་ཚེས་ཀྱང་ང་གཅིག་པུའི་ལས་ལ་བབས་སོང་ཡང་། རང་རྒྱུད་ཀྱི་ལུང་རྟོགས་ཀྱི་བསྟན་པ་འདིས་མ་འོངས་པའི་བསྟན་རྒྱུན་སྤེལ་བའི་ས་བོན་ཞིག་འཇོག་ཐུབ་དགོས་བསམ་པའི་སྤོབས་སེམས་དང་དམ་བཅའ། དེ་དང་བསྟུན་ནས་ད་ལྟའི་སྐབས་ཡང་བརྩོན་པ་དྲག་པོས་ཐོས་བསམ་ཉམས་ལེན་ལ་འབད་རྒྱུ་དེ། བན་ཇོ་སེར་སུ་ཡིན་ན་ཡང་འདྲ། མདོར་ན་སྣལ་མ་སེར་བོས་སྐེད་རགས་བཅིངས་ཚད་པོས་ཐུགས་འགན་དུ། མ་བགོས་ཐུན་མོང་ལ་བབ་པ་ནི་སུ་ཞིག་གིས་བཀོལ་འདོམ་མ་བྱས་ཀྱང་། དེ་ནི་དུས་རབས་ཀྱིས་སྤྲད་པའི་འོས་འགན་རང་ཤུགས་ཀྱིས་བབ་པ་ཞིག་ཡིན་པ་རེད། དེས་ན་ཕྱིའི་ཀུན་སྤྱོད་གཙང་མ། ནང་གི་སྤོབས་སེམས་ཡོད་པ། ཐུན་མོང་ཐུན་མིན་གྱི་རིག་པའི་གནས་བཅུ་དང་། ཁྱད་པར་དུ་ནང་དོན་རིག་པ་དེ་ཉིད་དེང་གི་དུས་རབས་ཀྱི་ཚད་མཐོའི་རིག་གནས་སྤྱི་དང་བསྟུན་ནས་བཤད་ཤེས་ཤིང་སྤྱོད་ཤེས་པའི་མི་རབས་གསར་བའི་དཔུང་སྡེ་གཙང་བ་ཞིག་རིམ་པས་ས་ཆ་ཡུལ་ལུང་སོ་སོ་ནས་རང་ས་རང་ཡུལ་ནས་སྐྱེད་སྲིང་ཐུབ་སོང་ན། རིགས་རུས་པའི་མགོ་རྣ་ལ་རྒྱའི་ཉམས་ལ་རེམ་པ་ནི་དེ་རེད་བསམ་བཞིན་ཡོད། གནའ་སྲོལ་བཟང་པོ་ཐམས་ཅད་ཉམས་སུ་མི་འཇུག་པ་དང་། ཉམས་པ་བསྐྱར་གསོ་དགོས་ཀྱང་། གནའི་བླ་བྲང་དང་། ནང་ཆེན་སོགས་སྲེད་རྨོངས་སྒེར་སྤྱོད་ཀྱི་རིགས་དེ་ཚོ་བསྐྱར་གསོ་མ་ཐུབ་ཀྱང་སྐྱོན་ས་མི་འདུག་བསམ་ཁི། ད་རུང་དེ་ཚོ་མེད་ན་དུས་རབས་དང་མཐུན་འདུག་བསམ་ཁི། དགའ་ལྡན་ཕོ་བྲང་གི་སྲིད་དབང་མི་ལོ་བཞི་བརྒྱའི་མཇུག་སྒྲིལ་གྱིན་ཡོད་པ་ཡིན་པས། ས་ཁུག་རེའི་རྒྱལ་སྐྱོང་གི་བྱེད་ལས་དེ་བས་ཆེ་བ་མ་རེད་སྙམ། དེ་ཚོ་གནའ་སྲོལ་ངོ་མ་ཞིག་ཅང་མ་རེད། གནའ་སྲོལ་ངོ་མ་བཅོམ་ལྡན་འདས་ཀྱི་ཕྱག་སྲོལ་ལོ་ཉིས་སྟོང་སྔོན་གྱི་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས། འཚོ་བ་བསོད་སྙོམས་པ། གོས་ཕྱག་དར་ཁྲོད་པ་ལ་སོགས་པ་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་གནས་པ་དེ་ཚོ་རེད། དེ་ནི་ཐུབ་ས་མི་འདུག་ཀྱང་བསམ་དགོས་པ་མ་ཡིན་ཏེ། ཞེན་ཆགས་མ་སྐྱེས་ན་གོས་འབུམ་རུ་བ་ཡང་གོན་ཆོག་པ་དང་། ཁང་བུ་བརྩེགས་པ་སྟོང་ཕྲག་ལ་ཡང་འདུག་ཆོག་པར་གསུངསཡོད། འོན་ཀྱང་འཚོ་བ་བསོད་སྙོམས་ཀྱི་མཐའ་དང་། ངལ་ཞིང་དུད་པའི་མཐའ་གཉིས་ལ་མ་ལྷུང་པ་ཞིག་མཛད་ན་ཆོས་དང་མཐུན་ཞིང་སྟབས་མི་བདེ་བ་མེད་པ་ཡིན། དེས་ན་དགོན་པའི་བསྟན་པ་དར་དགོས་པ་རེད། དེའི་མཐུན་རྐྱེན་གྱི་རྟེན་གཞི་རྒྱས་དགོས་ཁི། ང་ནི་ཇི་ཙམ་རྒྱས་ཀྱང་དེ་ཙམ་བཟང་ཁི་བསམ་པའི་ལྟ་བ་འཛིན་མཁན་རེད། གང་ཟག་སྒེར་བ་དེ་བླ་སྤྲུལ་མཁན་གསུམ་སུ་ཡིན་ཀྱང་གྲྭ་རྐྱང་ཕལ་བ་དང་ཁྱད་མེད་དུ་འཚོ་དགོས་པ་ངས་ཟེར་གྱིན་ཡོད། གཙུག་ལག་ཁང་དང་ནང་རྟེན་མཆོད་པ་རྒྱས་སུ་ཆུགས། བླ་མ་རང་ཉིད་གྲྭ་ཤག་ཆུང་ཆུང་རེའི་ནང་དུ་བཞུགས་དང་ཐུགས་སོས་ལ་ཡང་དེས་དལ་པ་རེད་ཅེས་པ་ཡིན། ང་རང་ཉིད་ལ་མཚོན་ནའང་དེ་ཡིན་ཁང་ལུ་སྤྱོད་ལམ་བཞི་ཤོང་བརྩེགས་གཅིག་མ་དཔེ་ཆ་དུམ་རིས་ཁ་ཤས་ཤོང་ས་ཞིག་ཏུ་བསྡད་ཡོད། མིང་ཆེ་ཆེ་བྱེད་དུས་འདབ་དྲུག་པདྨའི་སྤྱིལ་ཆུང་ཟེར་ནས། ཉམས་སྤྲོ་དུས་སྙན་ངག་གི་ཚིག་རྒྱན་སྦྱར་ནས་བྲིས་པའང་ཡོད། ཟས་གོས་ཀྱི་ཐད་ནས་ཡིན་ནའང་སྔོན་མ་པདྨ་ཐང་གཞུང་ནས་མུ་ར་སྤྲུལ་སྐུ་དང་ངེད་གཉིས་ལ་མི་རེར་ཟླ་རེར་སྒོར་རྡོག་སུམ་བརྒྱའི་འགྲོ་གྲོན་གྱི་འཆར་གཞི་རེད། དེང་སང་ང་ལ་སྒྲོལ་མ་ཁང་ཚན་གྱི་ཉི་མ་ཚེ་རིང་དང་། ཨ་ལགས་མཛོ་དགེ་ཚང་གཉིས་ཀས་ཟླ་རེའི་ཟས་རིན་ཕུད་ཀྱིན་ཡོད་པ་རེད། དེང་ཞིག་ལ་ཟ་ཁ་གཉིས་མགོ་ལ་ཉི་མ་ཤར་ནས་བསྡད་ཡོད། ད་རུང་དེས་མི་ཚད་རྒྱ་ཞིག་དང་གསུམ་གྱིས་ཟ་མའི་ཡོན་སྦྱོར་བཞིན་ཡོད། ཟ་ལྷག་གིས་རི་དྭགས་གསོ་དགོས་བསམ་ཁི་ཡོད། ཁོང་རྣམ་པ་གཉིས་ཀ་ངོ་མས་བཤད་ན་ལོ་གསུམ་གྱི་མཚམས་པ་རེད། ཡང་སྒོས་ཨ་ལགས་མཛོ་ཚང་སྐུའི་ཡུལ་ཐག་རིང་ཡིན་པ་རེད། ངོ་མས་བཤད་ན་ངས་ཕར་ཁོང་གཉིས་ཀར་མཚམས་རྒྱག་སྤྲད་དགོས་རྒྱུ་ཞིག་ཡིན་པ་རེད། ཁ་རྩང་ཞིག་ལ་རྫོགས་ཆེན་གྱི་འབྲུག་ཆུ་སྡེ་བས་ངའི་འཚོ་བ་ཁོང་ཚང་གིས་སྦྱར་བ་ཡིན་ཟེར་ཡང་། སྡེ་བ་སྤྱིའི་ཡོན་སྦྱོར་དེ་ངས་དང་ལེན་བྱེད་པ་མིན་ཞེས་པ་ཡིན། མདོར་ན་ངས་ལག་འོག་ནས་སྐྱེད་སྲིང་བྱས་པའི་བླ་སྤྲུལ་མཁན་གསུམ་ཚང་མ་ལ་ཅི་ཡོད་རླུང་ཁྱེར་ཀྱི་རྫས་བཞིན་ཚོགས་བསགས་ལ་ཐོང་། རྟེན་བཞེངས་གྱིས། རང་ཉིད་གྲྭ་རྐྱང་གི་ཚུལ་གྱིས་གྲྭ་མང་དང་སྐྱིད་སྡུག་མཉམ་དུ་མྱོང་དགོས་ཞེས་བཤད་ཀྱིན་ཡོད། རབ་ན་ཆོས་ཤོད། དེ་མ་ཤེས་ཀྱང་རྟེན་བཞེངས་གྱིས། ཕ་མ་ཡོད་ན་དུས་སྡུག་པའི་དཀའ་ངལ་ཅན་གྱི་ནང་ནས་ཁྲག་དང་རྔུལ་ཆུའི་རིན་པས་གསོས་པ་ཡིན་པས་ཟས་རིན་གོས་རིན་རེ་སྐྱེད་ཀ་དང་བཅས་ཏེ་སྤྲད་དགོས་རྒྱུ་རེད། དེའི་ཕན་གྱི་འཁོར་བའི་བྱ་ལས་སྤེལ་བྱེད་ཀྱི་སྡིག་རྩ་ལ་དཀོར་རྒྱུ་མ་གཏོང་། ཕན་མེད་པའི་སྟེང་དུ་གནོད་རེད་འགྲོ་བ་རེད། མིང་བླ་མིང་འཛིན་དུས་སྙན་སྣང་ཤར་བ་རེད་ཀྱང་། དོན་མི་དང་རྒྱུ་དང་བྱ་བ་དང་བཅས་པ་མིང་ཐོག་སའི་བསྟན་དོན་ལ་མ་བཏང་དུས་ཚེ་འདི་ནས་སླ་རུང་། ཕྱི་མར་སླ་ནི་མ་རེད་ཅེས་ཟེར་བཞིན་ཡོད། བསྟན་འཛིན་གྱི་མིང་འཛིན་པའི་བསྟན་བཤིག་ཀྱང་ཡོད་སྲིད་པ་རེད། སྤྲུལ་སྐུའི་ནང་དུ་སྤྲུལ་རྫུན་གྱིས་མི་ཚད་སྤྲུལ་འདྲེ་ཡོད་པ་ཡིན། ཞེ་ས་སྤྲོད་དུས་ཐུགས་ལ་གདོན་གསོལ་ཟེར་སྲོལ་ཡོད་པ་རེད། གདོན་ཟེར་ན་འདྲེ་རེད་མོད་སྤྲུལ་འདྲེ་མིན་ན་ཅི་ཡིན། དེ་ངས་བརྗོད་འདོད་ཀྱི་རྒོལ་བའི་སྟོབས་ཀྱིས་སུན་འབྱིན་བྱས་པ་ཞིག་མ་རེད། དངོས་སྟོབས་རིགས་པས་གྲུབ་པའི་ཚད་གྲུབ་ཞིག་ཡིན་པ་རེད། ད་སྔའི་བོད་ཀྱི་སྲོལ་རྒྱུན་ལྟར་དུ་ཡིན་ན་གྲྭ་བ་བརྒྱ་མ་དགོས་སྟོང་ཞིག་གི་བསྟན་པ་བཤིག་པ་བས་སྤྲུལ་སྐུ་གཅིག་གིས་བསྟན་པ་བཤིག་པས་གནོད་ཚབས་ཆེ། འོན་ཀྱང་བསྟན་ལ་ཕན་པའི་མཛད་པ་སྒྲུབ་ནའང་དེ་བཞིན་ཡིན་པ་རེད། ང་རང་ཉིད་སྤྲུལ་སྐུ་ཡིན་པའི་དབང་གིས་དེའི་སྐོར་ལ་ཞིབ་འཇུག་བྱས་ཏེ་དཔྱད་པ་རྫོགས་པའི་སྐད་ཆ་ངོ་མ་ཡིན། ངའི་ཀློག་སློབ་པའི་སློབ་དཔོན་མཁན་པོ་ཚེ་རིང་ཆོས་འབྱོར་ཟེར་ནི་ཞིག་ཡོད། དེས་སྤྲུལ་སྐུ་བརྟག་པའི་བསྟན་བཅོས་ཚིག་བཅད་མ་ཞིག་བརྩམས་ཐལ། རྗེས་སུ་དེ་ལ་རང་འགྲེལ་ཞིག་བྲིས་ཐལ། དེའི་དཔེ་རྒྱུན་དེང་སོང་རིག་རྒྱུ་མེད་ཁི། ཁྱེད་རྣམ་པས་སྤྲུལ་སྐུ་བརྟག་པའི་བསྟན་བཅོས་རེ་བརྩམས་ཡོང་ན་ངས་ཤིས་བརྗོད་བྱེད། འུ་ཆ་གས་ཙིའུ་དམར་གྱི་གསོལ་ཀའི་ནང་ནས་ཚིག་ཁ་བསྒྱུར་ནས་ཁ་མཚར་བྱས་ཨུས་བསྡད། བཙན་རྒྱུད་སྤུ་གྲི་དམར་པོའི་ནང་ནས་བཀོལ་བའི་ཙིའུ་དམར་གྱི་མངོན་རྟོགས་ཀྱི་ནང་ན། ཁྱོད་ནི་སྔོན་གྱི་ལས་དང་བག་ཆགས་མཐུས། །རྒྱལ་རིགས་བསྟན་བཤིག་ཡོངས་ཀྱི་བདུད་དུ་ཆེ། །ཞེས་པ་དེའི་འདོན་པ་བསྒྱུར་ནས། ང་ནི་སྔོན་གྱི་ལས་དང་བག་ཆགས་མཐུས། །སྤྲུལ་རིགས་བསྟན་བཤིག་ཡོངས་ཀྱི་བདུད་དུ་ཆེ། །ཞེས་པ་ལྟར་དུ་སྤྲུལ་སྐུ་བསྟན་བཤིག་རྣམས་ལ་ལྷག་པར་སྡང་བ་རེད། དེང་སང་གི་དམིགས་བསལ་ལ་འགྲིམ་འགྲུལ་འཁོར་རིགས་ལ་མ་བརྟེན་པར་བགྲོད་ཐབས་མེད་དུས། རླངས་འཁོར་སྲ་མོ་རྡེག་རྡུང་སོང་ན་སྲོག་ཁེབས་པ་རེའི་ནང་དུ་བཞུགས་ཟེར་གྱིན་ཡོད། ང་རང་ཉིད་སྔོན་མར་རླངས་འཁོར་གྱིས་བརྡབ་སྐྱོན་འགྲོ་མྱངས་པས་མི་ཚད་དེ་དུས་ཅི་སྡུག་ན་རླངས་འཁོར་ཉེན་སྐྱོབ་ཀྱི་ཐག་པ་བཅིང་རྒྱུ་ཡོད་ནི་ཞིག་ཡིན་ན་དེ་འདྲ་འབྱུང་བ་མ་རེད། བསྟན་འཛིན་གྱི་སྐྱེས་བུ་རེ་རེའི་སྐུ་སྲོག་སྒོར་རྡོག་ཁྲི་ལི་བརྒྱ་ཚོ་ཆ་རེས་ཚད་པ་མ་རེད། རླངས་འཁོར་སྲ་མོ་རེས་ནང་དུ་བཞུགས་དང་རླངས་འཁོར་ཞེས་ཀྱང་ལྷམ་ཞིག་རེད། ཆེ་ཆེ་བྱས་ན་རྟ་རྒན་ཞིག་གི་ཚབ་རེད། དེ་ལ་ཆེན་པོར་འཛིན་པ་ནི་ཡུལ་ལུང་འབྱོར་བ་མེད་པའི་མིས་ལྟ་ཕྱོགས་ཙམ་ཞིག་རེད། གཙོ་བོ་ངོ་མའི་རྩ་བ་དེ་གང་ཡིན་པ་རེད་ཟེར་ན། སྤྱོད་པ་འདུལ་བ་དང་བསྟུན། སྒོམ་པ་མདོ་སྡེ་དང་བསྟུན། བཤད་པ་མངོན་པ་དང་བསྟུན། གསང་སྔགས་རྒྱུ་སྡེ་དང་བསྟུན་པར་གྱིས་དང་འཚོ་མཁོའི་ཡོ་བྱད་འགའ་ཞིག་ཡུལ་དུས་དང་བསྟུན་ཆོག་རྒྱུ་ནི་སྟོན་པའི་བཀའ་དང་མི་འགལ་ཞེས་པ་དེ་ཡིན། ཆོས་ཁྲིད་ཀྱི་ཞོར་དུ་རང་གར་ཁ་བརྡ་བྱས་པ་ཙམ་ཞིག་ཡིན། དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱིས་དུས་གསུམ་བསག་དང་ཡོད་པའི་དགེ་བའི་རྩ་བ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས་ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས། བསྟན་འཛིན་གྱི་སྐྱེས་བུ་གང་ན་སུ་བཞུགས་ཐམས་ཅད་ཀྱི་སྐུ་ཚེའི་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཐམས་ཅད་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་སྤྱོད་དེ་མཐར་ཐུག་སེམས་ཅན་ཐམས་ཅད་བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་རིན་པོ་ཆེར་འགོད་པའི་ཕྱིར་དུ། རྗེ་བཙུན་འཇམ་པའི་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་ཟབ་མོ་གནང་བར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆི་རྦ་བརླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་གྲོལ་བར་ཤོག།


previousཉིན་ཉེར་དྲུག་པའི་ཆོས་ཁྲིད། next