Nitartha Digital Library
Tibetan
 
previousཉིན་ཉེར་བདུན་པའི་ཆོས་ཁྲིད། next

ཉིན་ཉེར་བདུན་པའི་ཆོས་ཁྲིད།

ད་ཆོས་ནམ་བཤད་ཀྱི་ཐོག་མ་ཉིད་ནས་ཚིག་གི་འགོ་དང་པོ་ལེན་དུས་ནས་ནམ་མཁའི་མཐའ་དང་མཉམ་པའི་འགྲོ་བ་སེམས་ཅན་གྱི་དོན་དུ་ཟེར་དགོས་བསམ་པ་ནི། རང་གཞན་ཚང་མ་ལ་ཁ་བྱང་རྣ་འཇགས་གཉིས་ཀ་ཡོད་པ་རེད། དེ་འདོན་གྲངས་བཤད་གྲངས་རྐྱང་པ་བྱས་ནས་དེའི་དོན་ལ་མ་བསམ་ན། བྱིས་པ་ཆུང་ཆུང་ལ་ཡི་གེ་སློབ་སྐབས་ཀ་ཁ་བློ་འདོན་བྱས་སོང་དུས་འབྲུ་རེ་རེ་བཞིན་བསྟན་བཞག་ན་ཡིག་ངོ་མི་ཤེས་པ་ལྟ་བུ་རེད་འགྲོ་རྒྱུ་ཡོད་པ་རེད། དེས་ན་སྦྱོར་བ་སེམས་བསྐྱེད་དམ་པ་དེ། བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་དང་འབྲེལ་དགོས་པས། མགོན་པོ་བྱམས་པས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་པ་ལྟར་དུ་སྙིང་རྗེས་སེམས་ཅན་ལ་དམིགས་པ་དང་ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པའི་དོན་གཉིས་སམ་ཟུར་གཉིས་ངེས་པར་ཚང་དགོས་པ་ཡིན། འདི་གསལ་མོར་བྱས་ནས་བཤད་ན། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ཆོས་འཆད་ཉན་པ་ལ་སོགས་པའི་དགེ་བ་འདི་དང་འདི་དག་སྒྲུབ་པ་ཡིན་སྙམ་པའི་སེམས་ཅན་གྱི་དོན་ལ་བསམ་པ་དེ་དང་། དེའི་ཆེད་དུ་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་ཐོབ་པར་བྱ་སྙམ་པ་དེ་གཉིས་ངེས་པར་དུ་ཚང་དགོས་པ་ཡིན། དེ་གཉིས་ཀ་མ་ཚང་པའི་བྱམས་སྙིང་རྗེ་ཙམ་ཞིག་གིས་སེམས་བསྐྱེད་ཀྱི་གོ་ཆོད་པ་མ་རེད། དེས་ན་སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་ཐོབ་ལ་མ་ཉམས་པའི་གང་ཟག་དེས་སྨོན་འཇུག་གི་བསླབ་བྱ་ཇི་བཞིན་སྲུང་དགོས་པ་ཡིན་པས། འཇུག་པའི་བསླབ་བྱ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ནང་ནས་དེ་རིང་བསམ་གཏན་གྱི་སྐོར་ནས་ཅུང་གླེང་ན། གང་ཞིག་སྦྱིན་པ་ལ་སོགས་པ་དང་ལྡན་ཡང་། བསམ་གཏན་དང་མི་ལྡན་ན། དེ་རྣམ་པར་གཡེང་བའི་དབང་དུ་གྱུར་ནས་སེམས་ཉོན་མོངས་པའི་མཆེ་བས་རྨས་པར་འགྱུར་བ་རྒྱལ་པོའི་གླང་ཆེན་འདུལ་སྦྱང་མཁན་གྱིས་གླང་པོའི་ལུས་ཐུལ་ཡང་སེམས་མ་ཐུལ་བའི་སྟབས་ཀྱིས་ཉེས་སྤྱོད་ཀྱི་གཡང་ལ་ལྕེབས་པའི་ཉེན་ཡོད་པ་ཡིན། ཡང་བསམ་གཏན་དང་མི་ལྡན་ན་མངོན་ཤེས་མི་སྐྱེ་ལ། མངོན་ཤེས་མ་སྐྱེས་ན་སེམས་ཅན་གྱི་དོན་མི་ནུས་ཏེ། ཕ་རོལ་པོའི་སེམས་རྒྱུད་མ་དཔོག་དུས། དེའི་རྒྱུད་དང་དབང་པོ་དང་མཐུན་པའི་ཆོས་སྟོན་མི་ནུས་པ་ཡིན་པའི་ཕྱིར། ཡང་བསམ་གཏན་དང་མི་ལྡན་ན། ཤེས་རབ་མི་སྐྱེ། ཤེས་རབ་མ་སྐྱེས་ན་བྱང་ཆུབ་མི་ཐོབ་བོ། །དེ་ལྟར་ཡང་བཤེས་སྤྲིངས་ལས། བསམ་གཏན་མེད་པར་ཡང་ནི་ཤེས་རབ་མེད། །ཅེས་གསུངས་སོ། །དེ་ལས་བཟློག་སྟེ་བསམ་གཏན་དང་ལྡན་ན་ཚུལ་མིན་ཡིད་བྱེད་ཀྱིས་ཀུན་ནས་བསླངས་པའི་འདོད་ཡོན་སོགས་ལ་ཆགས་པའི་དངོས་པོ་དམན་པ་ལ་ཞེན་པ་འདོར། མངོན་པར་ཤེས་པ་འབྱུང་། ཏིང་ངེ་འཛིན་གྱི་སྒོ་མང་པོ་རྒྱུད་ལ་སྐྱེ་བའོ། །ཡང་བསམ་གཏན་དང་ལྡན་ན་དེས་ཤེས་རབ་བསྐྱེད་ནས་རང་གི་ཉོན་མོངས་པ་ཐམས་ཅད་འཇོམས་པ་ཡིན་ནོ། །དེ་ལྟར་སྤྱོད་འཇུག་ལས། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས། །ཞེས་གསུངས་སོ། །ཡང་བསམ་གཏན་དང་ལྡན་ན་ཡང་དག་པའི་དོན་མཐོང་ཞིང་སེམས་ཅན་ལ་སྙིང་རྗེ་སྐྱེ་བ་དང་། ཡང་བསམ་གཏན་དང་ལྡན་ན། གདུལ་བྱ་ཐམས་ཅད་བྱང་ཆུབ་ལ་འགོད་ནུས་པ་ཡིན་ནོ། །བསམ་གཏན་གྱི་ངོ་བོ་ནི། ཞི་གནས་ཀྱི་རང་བཞིན་སེམས་ནང་དུ་དགེ་བ་ལ་རྩེ་གཅིག་ཏུ་གནས་པའོ། །དེ་ལྟ་བུའི་བསམ་གཏན་དེ་ཡང་མི་མཐུན་པའི་ཕྱོགས་རྣམ་པར་གཡེང་བ་སྤངས་པ་ལས་ཐོབ་པ་ཡིན་པས། དང་པོ་རྣམ་པར་གཡེང་བ་སྤང་བར་བྱའོ། །དེ་ཡང་རྣམ་པར་གཡེང་བ་སྤང་བ་ནི་དབེན་པ་ཡིན་པས་དབེན་གསུམ་ཞི་བའི་རྒྱལ་ས་ལ་བསྙེག་དགོས་པ་ཡིན། དེ་ཡང་ལུས་དབེན་སེམས་དབེན་གཉིས་ཀྱི་ཞོར་དུ་ངག་དབེན་རང་ཤུགས་ཀྱིས་འབྱུང་ཞིང་། ལུས་འདུ་འཛིས་དབེན་པས་མ་ཚད་སེམས་རྣམ་རྟོག་གིས་དབེན་དགོས་པ་ཡིན་པས། དམ་པས་བསྔགས་པའི་དབེན་གནས། ཉམས་དགའ་རིག་པ་དྭངས་པའི་ས་ཕྱོགས། གྲོང་དང་འདུ་འཛི་ལས་རྒྱང་རིང་དུ་སོང་པའི་དགོན་པ། མི་མེད་དབེན་པའི་རི་ཁྲོད། བྱ་དང་རི་དྭགས་ཁྲོ་བ་མེད་པ་ཤ་སྟག་བག་ཡངས་སུ་རྒྱུ་བའི་གནས་དེ་ནས། ཞི་བའི་ཏིང་འཛིན་བསྒོམས་པ་ཙམ་གྱིས་ཀྱང་འཁོར་བ་ལས་ཡིད་འབྱུང་། འཇིག་རྟེན་ཆོས་བརྒྱད་དང་རང་ཤུགས་ཀྱིས་བྲལ་བ་དང་ནི། དབེན་གནས་དེ་ཉིད་བསྟེན་པ་ཙམ་གྱིས་ཀྱང་སངས་རྒྱས་ཐམས་ཅད་ལ་བསྙེན་བཀུར་གྱི་མཆོག་ཏུ་འགྱུར་བ་དང་། ཉོན་མོངས་པ་མི་འཕེལ། ཏིང་འཛིན་རྒྱུད་ལ་རང་ཤུགས་ཀྱིས་སྐྱེ་བ་ཡིན། དེ་ནས་རང་གི་སེམས་སྦྱང་བར་བྱ་སྟེ། དེ་ཡང་རང་ཉོན་མོངས་པ་ཤས་གང་ཆེ་བརྟགས་ལ་དེའི་གཉེན་པོ་བསམ་པར་བྱ་བ་དང་། དེ་ཡང་འདོད་ཆགས་ཀྱི་གཉེན་པོ་ནི་མི་སྡུག་པ་སྒོམ་པར་བྱེད་པ་དང་། ཞེ་སྡང་གི་གཉེན་པོ་ནི་བྱམས་པ་སྒོམ་པ་དང་། གཏི་མུག་གི་གཉེན་པོ་ནི་རྟེན་འབྲེལ་སྒོམ་པ་པ་དང་། ཕྲག་དོག་གི་གཉེན་པོ་ནི་བདག་གཞན་མཉམ་པ་སྒོམ་པ་དང་། ང་རྒྱལ་གྱིས་གཉེན་པོ་ནི་བདག་གཞན་རྗེ་བ་སྒོམ་པ་དང་། ཉོན་མོངས་པ་ཆ་མཉམ་དུ་རགས་པའམ་རྣམ་རྟོག་མང་ན་རླུང་སྒོམ་པ་རྣམས་གནད་ཟབ་པ་ཡིན་ནོ། །དེ་ལས་རང་ཕྲག་དོག་ཤས་ཆེ་ན་དེའི་གཉེན་པོར་བདག་གཞན་མཉམ་པར་སྒོམ་པ་ནི། བདག་བདེ་བ་འདོད་པ་བཞིན་དུ་སེམས་ཅན་གཞན་ཡང་བདེ་བ་འདོད་ལ། བདག་སྡུག་བསྔལ་མི་འདོད་པ་བཞིན་དུ་སེམས་ཅན་གཞན་ཡང་སྡུག་བསྔལ་མི་འདོད་པས་ན། བདག་དང་གཞན་སེམས་ཅན་གྱི་གཅེས་སེམས་མཉམ་པར་བསྒོམ་དགོས་པ་ཡིན། རང་ང་རྒྱལ་ཤས་ཆེ་ན་དེའི་གཉེན་པོར་བདག་གཞན་རྗེ་བ་སྒོམ་པ་ནི། གོང་དུ་བཤད་པ་ལྟར་དུ་བདག་ཅེས་པ་ནི་ཁེ་རུ་མ་ཞིག་དང་། གཞན་ནི་ཤིན་ཏུ་མང་པོ་གྲངས་ཀྱིས་བགྲང་རྒྱུ་མེད་པ་ཞིག་རེད། དེས་ན་བདག་གཅེས་འཛིན་བྱས་ནས་གཞན་བློས་གཏོང་བ་ནི་ངོ་ཚ་དགོས་པའི་ཁྲེལ་མེད་ཀྱི་སྐྱོན་དེ་བས་ཆེ་མེད་པ་ཞིག་རེད་བསམས་ནས། བདག་བས་གཞན་གཅེས་སྒོམ་པ་དང་། བྱིས་པ་སེམས་ཅན་རྣམས་ཀྱིས་རང་ཁོ་ན་གཅེས་པར་བཟུང་ནས་རང་དོན་བྱས་པས་འཁོར་བ་ན་སྡུག་བསྔལ་ལ། སངས་རྒྱས་རྣམས་ཀྱིས་གཞན་གཅེས་པར་བཟུང་ནས་གཞན་དོན་ཁོ་ན་མཛད་པས་སངས་རྒྱས་ཐོབ་བོ། །དེས་ན་བདག་གཅེས་པར་འཛིན་པ་དེ་ནི་སྐྱོན་ཅན་དུ་ཤེས་པར་བྱས་ལ་བདག་འཛིན་དོར། གཞན་གཅེས་པར་འཛིན་པ་དེ་ཡོན་ཏན་དུ་ཤེས་པར་བྱས་ལ་གཞན་བདག་ཏུ་བྱའོ། །བྱང་ཆུབ་སེམས་བསྐྱེད་བླངས་པ་ཞིག་ཡིན་ན་བསམ་གཏན་སྒོམ་པའི་སྐབས་སུ་དབེན་པའི་རི་ནས་མིན་ཀྱང་བདག་མཉམ་བརྗེ། དུས་རྒྱུན་དུ་སྒོམ་དགོས་པ་ཡིན། དེ་ལྟར་སེམས་སྦྱངས་ནས། བསམ་གཏན་དངོས་ལ་དབྱེ་ན་གསུམ་སྟེ། བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་ནམ་མཐོང་བའི་ཆོས་ལ་བདེ་བར་གནས་པའི་བསམ་གཏན་དང་། དོན་རབ་འབྱེད་པའི་བསམ་གཏན་ནམ་ཡོན་ཏན་སྒྲུབ་པའི་བསམ་གཏན་དང་། དེ་བཞིན་གཤེགས་དགེས་བསམ་གཏན་ནམ་སེམས་ཅན་གྱི་དོན་བྱེད་པའི་བསམ་གཏན་ནོ། །དེ་ཡང་དང་པོ་ནི་རང་གི་རྒྱུད་སྣོད་དུ་རུང་བར་བྱེད་པའོ། །གཉིས་པ་ནི་རང་སྣོད་དུ་རུང་ནས་སངས་རྒྱས་ཀྱི་ཆོས་སྒྲུབ་པའོ། །གསུམ་པ་ནི་སེམས་ཅན་གྱི་དོན་བྱེད་པའོ། །དེ་དག་སོ་སོའི་མཚན་ཉིད་བཤད་ན། དང་པོར་མཐོང་བའི་ཆོས་ལ་བདེ་བར་གནས་པའི་བསམ་གཏན་ནི། ཡོད་མེད་ལ་སོགས་པར་རྟོག་པའི་ཡིད་ཀྱིས་གྱ་གྱུ་མེད་པར་རྩེ་གཅིག་ཏུ་གནས་པ་དང་། ལུས་དང་སེམས་ཀྱི་གནས་ངན་ལེན་ཐམས་ཅད་འཇིག་པ་དང་། ངང་གིས་འཇུག་པ་དང་། ལྟ་བའི་ཉོན་མོངས་པ་དང་བྲལ་བ་དང་། སྲིད་པའི་ཉོན་མོངས་པ་མེད་པ་དང་། གཟུགས་ལ་སོགས་པའི་ལོངས་སྤྱོད་དང་བྲལ་བའོ། །དེ་དང་མཉམ་དུ་བསམ་གཏན་བཞི་སྒོམ་པ་སྟེ། དེ་ཡང་བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པའོ། །དེ་ལ་བསམ་གཏན་དང་པོ་ནི། རྟོག་པ་དང་བཅས་པ་དང་དཔྱོད་པ་དང་བཅས་པའོ། །བསམ་གཏན་གཉིས་པ་ནི། དགའ་བ་དང་ལྡན་པའོ། །བསམ་གཏན་གསུམ་པ་ནི། སིམ་པའི་བདེ་བ་དང་ལྡན་པའོ། །བསམ་གཏན་བཞི་པ་ནི། བཏང་སྙོམས་དང་ལྡན་པའོ། །འདི་དག་གི་སྐབས་སུ་ནི་བདེ་གསལ་མི་རྟོག་པའི་ཉམས་ཞེན་དང་བཅས་པའོ། །གཉིས་པ་ཡོན་ཏན་སྒྲུབ་པའི་བསམ་གཏན་ལ་གཉིས་ཏེ། ཐུན་མོང་མ་ཡིན་པ་དང་། ཐུན་མོང་པའོ། །དེ་ལ་དང་པོ་ནི། སྟོབས་བཅུའི་རིགས་ཀྱིས་བསྡུས་པའི་ཏིང་ངེ་འཛིན་རྣམ་པ་སྣ་ཚོགས་བསམ་གྱིས་མི་ཁྱབ་པ་ཚད་མེད་པ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་མིང་ཙམ་ཡང་མི་ཤེས་ན། སྙོམས་པར་འཇུག་པར་ལྟ་ག་ལ་འགྱུར་བ་རྣམས་སོ། །ཐུན་མོང་བ་ནི། རྣམ་པར་ཐར་པ་དང་། ཟིལ་གྱིས་གནོན་པ་དང་། ཟད་པར་གྱི་སྐྱེ་མཆེད་དང་། སོ་སོ་ཡང་དག་པར་རིག་པ་ལ་སོགས་པ་ཉན་ཐོས་དང་ཐུན་མོང་པ་རྣམས་སོ། །དེ་ཡང་མིང་ཐུན་མོང་པ་ཡིན་གྱི་རང་གི་ངོ་བོ་མཚུངས་པ་ནི་མ་ཡིན་ནོ། །འདི་ལ་ཉམས་ཞེན་མེད་ཀྱང་། སྟོང་འཛིན་གཉེན་པོའི་ཕྱོགས་ལ་ཞེན་པ་ཡོད་བཞིན་སྒོམ་པའི་སྐབས་སོ། །གསུམ་པ་དེ་བཞིན་གཤེགས་པ་དགྱེས་པའི་བསམ་གཏན་ནམ་སེམས་ཅན་གྱི་དོན་བྱེད་པའི་བསམ་གཏན་ནི། བསམ་གཏན་གང་ལ་བརྟེན་ནས་ལུས་དཔག་ཏུ་མེད་པ་སྤྲུལ་ཏེ། སེམས་ཅན་གྱི་དགོས་པའི་གྲོགས་བྱེད་པ་ལ་སོགས་པ་བཅུ་གཅིག་པོ་བྱེད་པའི་བསམ་གཏན་ནོ། །དེ་ཡང་སྟོང་འཛིན་གཉེན་པོའི་བློ་དང་བྲལ་ནས། ཆོས་ཉིད་རྣམ་པར་མི་རྟོག་པའི་ངང་ལ་གནས་པའོ། །འོ་ན་ཞི་གནས་དང་ལྷག་མཐོང་ཞེས་གྲགས་པ་ལ། ཞི་གནས་ནི་ཅི་ཙམ། ལྷག་མཐོང་ནི་ཅི་ཙམ་ཞེ་ན། དེ་ལ་ཞི་གནས་ནི་ཡང་དག་པའི་ཏིང་ངེ་འཛིན་ལ་བརྟེན་ནས་སེམས་ལ་སེམས་འཇོག་པ་དེའོ། །ལྷག་མཐོང་ནི་དེའི་རྗེས་ལ་བྱ་བ་དང་བྱ་བ་མ་ཡིན་པར་ཤེས་པའི་ཆོས་རབ་ཏུ་རྣམ་པར་འབྱེད་པ་དེའོ། །དེ་ཡང་ཞི་གནས་ནི་བསམ་གཏན་དངོས་སོ། །ལྷག་མཐོང་ནི་ཤེས་རབ་ཀྱི་ཆའོ། །བསམ་གཏན་སྤེལ་བ་ནི། ཡེ་ཤེས་དང་། ཤེས་རབ་དང་། བསྔོ་བ་གསུམ་གྱིས་སྤེལ་བ་སྟེ། གོང་དུ་བསྟན་པ་ལྟར་རོ། །བསམ་གཏན་དག་པར་བྱེད་པ་ནི། སྟོང་པ་དང་སྙིང་རྗེས་ཟིན་པ་སྟེ། གོང་དུ་བསྟན་པ་ལྟར་རོ། །བསམ་གཏན་གྱི་འབྲས་བུ་ནི། མཐར་ཐུག་དང་། གནས་སྐབས་གཉིས་སུ་ཤེས་པར་བྱའོ། །དེ་ལ་མཐར་ཐུག་ནི། བླ་ན་མེད་པའི་བྱང་ཆུབ་ཐོབ་པ་དང་། གནས་སྐབས་སུ་འདོད་ཆགས་དང་བྲལ་བའི་ལྷའི་ལུས་ཐོབ་པ་ཡིན་ནོ། །དེ་ལྟ་བུའི་འཇུག་པའི་བསླབ་བྱ་དག་ལ་རིམ་པར་བཞིན་དུ་བསླབས་ཏེ། ལམ་ལྔ་ས་བཅུའི་སྤངས་རྟོགས་ཀྱི་ཡོན་ཏན་མཐར་ཕྱིན་པར་བྱས་ནས་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་རང་དོན་དུ་ཆོས་སྐུ་དང་། གཞན་དོན་དུ་གཟུགས་སྐུ་རྣམ་གཉིས་མངོན་དུ་བྱས་ཏེ། མཐའ་ཡས་མ་གྱུར་ཀྱི་སེམས་ཐམས་ཅད་དགྲོལ་བ་ལ་ཐོག་མར་ཐོས་བསམ་སྒོམ་པའི་ཤེས་རབ་ཀྱི་མིག་བསྒྲུབ་དགོས་པ་ཡིན་པས་ན། གང་ཞིག་ཐོས་ན་འཁོར་བའི་སྲིད་པ་དྲུངས་ནས་འབྱིན་པའི་ཐེག་ཆེན་མདོ་སྔགས་ཀྱི་ལམ་ནི་བྱང་ཆུབ་ཆེན་པོ་སྒྲུབ་པའི་ཉེ་ལམ་དང་མྱུར་ལམ་ཡིན་པའི་ཕྱིར། སྐབས་སུ་བབ་པ་གང་འཆད་ཉན་ལ་ཞུགས་པའི་དམ་པའི་ཆོས་ནི། ཀུན་མཁྱེན་རྒྱལ་བ་ཀློང་ཆེན་པའི་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པའི་ཆོས་སྐུའི་རིང་བསྲེལ་གྱི་ཕུང་པོ་ལས། ཐུབ་པའི་ཆོས་ཚུལ་རྒྱ་མཚོའི་མཛོད། ཐོས་བསམ་སྒོམ་པས་ཉེ་བར་གཞལ་བའི་ཚུལ་ཚང་ལ་མ་ནོར་བའི་རྒྱ་སྲང་། མདོ་རྒྱུད་བཀའ་དང་བསྟན་བཅོས་ཀྱི་བཅུད་འདུས། ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོའི་མཛོད་ཀྱི་འགྲེལ་བ་ཊཱིཀ་ཆེན་པདྨ་དཀར་པོ་ཞེས་བྱ་བའི་རྨད་དུ་བྱུང་བའི་ཆོས་ཚུལ་འདི་ཉིད་འཆད་པ་ལ། འདིའི་ཐོག་མར་དགེ་བ་ཀླད་ཀྱི་དོན་སོང་ནས། བར་དུ་དགེ་བ་གཞུང་གི་དོན་ལའང་འཁོར་བའི་རང་བཞིན་སྤང་བྱར་བསྟན་པ་དང་། མྱང་འདས་ཀྱི་རང་བཞིན་བླང་བྱར་བསྟན་པ་གཉིས་ལས། དང་པོ་སོང་ནས། རྡོ་རྗེའི་གནས་གཉིས་པ་མྱང་འདས་ཀྱི་རང་བཞིན་བླང་བྱར་བསྟན་པའི་སྐབས་ལས། སྦྱོང་བྱེད་ལམ་དང་། སྦྱངས་བའི་འབྲས་བུ་བཤད་པ་གཉིས་ཀྱི་ནང་ནས་སྔ་བའི་སྐབས། ལམ་དེའང་ཐོས་བསམ་སྒོམ་པའི་ཤེབ་རབ་ལ་བརྟེན་ནས་བགྲོད་པའི་ཚུལ་ལས། སྒོམ་པའི་ཤེས་རབ་བསྐྱེད་པ་དེ་ཉིད་བཤད་པའི་སྐབས་སོ། །དེ་ལས་ཀྱང་སྒོམ་པས་ཉམས་སུ་ལེན་པ་ལ། སྔོན་འགྲོ་དང་དངོས་གཞིའི་རིམ་པ་ཡོད་པའི་ནང་གི་སྔོན་འགྲོའི་སྐབས། དེའང་ལམ་གྱི་གཞི་སྐྱབས་འགྲོ། ལམ་གྱི་རྩ་བ་སེམས་བསྐྱེད། ལམ་གྱི་རྟེན་བསྐྱེད་རིམ་སྒོམ་པ་བཅས་ཀྱི་རྣམ་གྲངས་ཡོད་པའི་ནང་ནས། སྐྱབས་འགྲོ་བཤད་མ་ཐག་པའི་མཚམས་ནས། གཉིས་པ་སེམས་བསྐྱེད་ལ། ངོ་བོ། དབྱེ་བ། བསྐྱེད་ཚུལ། ཕན་ཡོན་བཞི། དང་པོ་ལ། མཚན་ཉིད། རང་བཞིན། གང་ལྟར་བསྐྱེད་པའི་ཁྱད་པར་དཔྱད་པ་གསུམ། དང་པོ།

སེམས་བསྐྱེད་ཀྱི་མཚན་ཉིད་བསྟན་པ།

ཐེག་པ་ཆེན་པོའི་སེམས་བསྐྱེད་པ་ནི། དེ་ནས་བྱང་ཆུབ་སེམས་མཆོག་བསྐྱེད་པ་ནི། །གཞན་གྱི་དོན་ཕྱིར་སངས་རྒྱས་འདོད་པ་སྟེ། །ཞེས་པས་བསྟན་ཏོ། །ཐེག་ཆེན་སེམས་བསྐྱེད་ཀྱི་ངོ་བོ་ནི། གཞན་དོན་དུ་སངས་རྒྱས་ཐོབ་པར་འདོད་པ་སྟེ། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་སངས་རྒྱས་འདོད། །ཅེས་སོ། །སེམས་བསྐྱེད་ཅེས་པའི་སྐབས་འདིར་སེམས་དང་སེམས་བྱུང་གི་ཁྱད་པར་གྱིས་བཤད་ན། སེམས་དོན་གྱི་ངོ་བོ་རིག་པ་དང་། སེམས་བྱུང་དེའི་ཁྱད་པར་ལ་དཔྱོད་པ་ཅན་ཡིན་པས། འདི་ནས་ངོ་བོ་བསྐྱེད་པས་ཁྱད་པར་ཞར་དུ་ཐོབ་པའི་གོ་བའོ། །གཉིས་པ།

སེམས་བསྐྱེད་ཀྱི་དབྱེ་བ་བསྟན་པ།

སྨོན་དང་འཇུག་པའི་རང་བཞིན་གཉིས་ཡིན་ནོ། །ཞེས་གསུངས་ཏེ། དབྱེ་ན་གང་ཟག་ཅིག་ས་ཆ་གང་ཞིག་ཏུ་འགྲོ་བར་འདོད་པའི་ཀུན་སློང་གིས་དྲངས་ཏེ་དེར་འགྲོ་བར་ཆས་པ་ལྟར། སངས་རྒྱས་ཐོབ་པར་འདོད་པ་ནི་སྨོན་པ་ལ། འགྲོ་བཞིན་པ་ལྟར་སྦྱོར་བས་ཁྱབ་པར་བྱེད་པ་ནི་འཇུག་པ་སྟེ། སྤྱོད་འཇུག་ལས། བྱང་ཆུབ་སེམས་དེ་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་སོ། །གསུམ་པ། སེམས་སེམས་བྱུང་གང་ལྟར་བསྐྱེད། རྣམ་ཤེས་ཡེ་ཤེས་གང་ལྟར་བསྐྱེད་པའི་ཁྱད་པར་གཉིས། དང་པོ།

སེམས་སེམས་བྱུང་གང་ལྟར་བསྐྱེད་པའི་ཁྱད་པར་བསྟན་པ།

འདིར་སེམས་དང་སེམས་བྱུང་གི་ཁྱད་པར་བསྟན་པ་ནི། སེམས་བསྐྱེད་པས་ནི་སེམས་བྱུང་ཞར་ལ་སྐྱེད། །སེམས་ནི་དོན་གྱི་ངོ་བོ་རང་སྟོབས་རིག །སེམས་བྱུང་དོན་གྱི་ཁྱད་པར་རང་སྟོབས་རིག །ཅེས་གསུངས་ཏེ། གོང་ནས་བཤད་པ་ལྟར་དུ་སེམས་ནི་དོན་གྱི་ངོ་བོ་ཀ་བ་ལྟ་བུ་རང་སྟོབས་ཀྱིས་རིག་ལ། སེམས་བྱུང་གིས་དོན་གྱི་ཁྱད་པར་སྦོམ་ཕྲ་ལ་སོགས་པ་རང་སྟོབས་ཀྱིས་རིག་སྟེ། དབུས་མཐའ་ལས། དེ་ལ་དོན་མཐོང་རྣམ་པར་ཤེས། །དེ་ཡི་ཁྱད་པར་སེམས་ལས་བྱུང་། །ཞེས་སོ། །དེའང་ཉི་མ་དང་ཟེར་བཞིན་སེམས་དང་སེམས་བྱུང་མཚུངས་པར་འཇུག་པས་ན། སེམས་བསྐྱེད་པས་སེམས་བྱུང་ཡང་བསྐྱེད་པར་འགྱུར་བའི་ཕྱིར་རོ། །སེམས་བསྐྱེད་རྟིང་སེམས་བྱུང་གདོད་སྐྱེད་མི་དགོས་པར་དགོངས་སོ། །གཉིས་པ།

རྣམ་ཤེས་ཡེ་ཤེས་གང་ལྟར་བསྐྱེད་པའི་ཁྱད་པར་བསྟན་པ།

སེམས་ཡོད་མེད་ངེས་པས་བསྐྱེད་ཚུལ་ཡོད་མེད་བསམ་པ་ནི། འཁོར་བའི་དུས་ན་སེམས་དང་སེམས་བྱུང་གི། བྱ་དང་བྱེད་པ་རྣམ་པར་གཡོ་བས་ན། །ཡེ་ཤེས་མི་སྣང་ཕྱིར་ན་སེམས་བསྐྱེད་དེ། །ཡེ་ཤེས་རབ་གསལ་དོན་ལ་ནུས་པ་འཇོག །ཅེས་གསུངས་ཏེ། དང་པོ་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྐྱེད་པས་ཆོག་མོད། ཉེས་པའི་ཆ་ཅན་སེམས་ཅིའི་ཕྱིར་བསྐྱེད་ཅེ་ན། བདེན་ཏེ་འོན་ཀྱང་འཁོར་བའི་ས་འདིར་ཡེ་ཤེས་དེ་དངོས་སུ་དུས་ཐམས་ཅད་པར་མི་སྣང་བས། སེམས་གང་ལའང་རྣམ་པར་རྟོག་འཇུག་བྱེད་པ་འདི་བསྐྱེད་དགོས་པར་བྱུང་སྟེ། དེ་བསྐྱེད་པས་ཡེ་ཤེས་ལ་ནུས་པ་འཇོག་པའི་ཕྱིར་ཡེ་ཤེས་བསྐྱེད་པའི་སྔོན་དུ་སེམས་བསྐྱེད་པ་ལ་ཉེས་པ་མེད་དོ། །གཅིག་ཏུ་ན་སྨོན་པ་སྦྱོར་རྗེས་ཀྱི་ཡུལ་ཅན་ནི་སེམས་བསྐྱེད་པ་ཡིན་ལ། འཇུག་པ་མཉམ་གཞག་གི་དུས་ན་སེམས་ཡེ་ཤེས་སུ་བསྐྱེད་པའང་དོན་གྱིས་ཐོབ་པ་ཡིན་ཏེ། སྒྱུ་འཕྲུལ་ལས། སེམས་ཡེ་ཤེས་སུ་བསྐྱེད་པ་འདི་གསུངས་སོ། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ནས་སྐྱེ་བ་མེད། །ཅེས་སོ། །ཡུལ་ཉིད་ཡུལ་ཅན་གྱི་ངོ་བོ་དང་རིག་པའི་ཡེ་ཤེས་སུ་རྣམ་པར་དག་སོང་བས་རིག་སྟོང་གཉིས་སུ་མེད་པའི་བདག་ཉིད་ཆེན་པོར་འཁོར་འདས་ཡེ་ནས་མཉམ་པ་ཉིད་དུ་སངས་རྒྱས་པའི་ཕྱིར་ན། སེམས་ཀྱང་རང་བྱུང་གི་ཡེ་ཤེས་ཡེ་ནས་ཡིན་པ་ལ། ཡིན་པའི་བདག་ཉིད་དུ་དེ་ལྟར་གསུངས་སོ། །ས་བཅུའི། རྒྱུན་མཐར་སེམས་འགགས་དེས་བསྐྱེད་ཆོ་ག་ལས། །ཉེ་བར་ཐོབ་པའི་སེམས་བསྐྱེད་ལྡོག་ན་ཡང་། །དེ་ཡི་ནུས་ལྡན་ཡེ་ཤེས་ལ་བགོས་པས། །སངས་རྒྱས་སར་རྒྱས་ཐུགས་རྗེས་དོན་མཛད་ལ། །སྒྲིབ་པ་སྤངས་པའི་སེམས་བསྐྱེད་ཅེས་བྱར་བརྗོད། །ཅེས་གསུངས་ཏེ། དེ་ཡང་ས་བཅུ་རྒྱུན་མཐའི་སྐད་ཅིག་ཕྱི་ལོག་སངས་རྒྱས་ཀྱི་ཡེ་ཤེས་དང་པོ་ཤར་དུས་སེམས་སེམས་བྱུང་འགགས་པས། དེས་བསྐྱེད་པའི་སེམས་བསྐྱེད་ཆོ་གས་ཐོབ་པ་དང་བཅས་པ་འགགས་ཀྱང་། སྔར་དོན་དམ་པའི་ཡེ་ཤེས་སུ་བསྐྱེད་པ་དང་། ནུས་པ་བཞག་པའི་ཡེ་ཤེས་དེ་ཉིད་མ་འགགས་པར་ཡོད་པས། ཁམས་དེའི་སྒྲིབ་པ་བྲལ་སྟོབས་ཀྱིས་གསལ་དུ་སོང་ནས། སེམས་ཅན་གྱི་དོན་མཛད་པ་ལ་སྒྲིབ་པ་སྤངས་པའི་སེམས་བསྐྱེད་ཅེས་བྱ་སྟེ། མདོ་སྡེ་རྒྱན་ལས། སེམས་བསྐྱེད་དེ་ནི་ས་རྣམས་ལ། །མོས་དང་ལྷག་བསམ་དག་པ་དང་། །དེ་བཞིན་སྒྲིབ་པ་སྤངས་པ་སྟེ། །རྣམ་པར་སྨིན་པ་གཞན་དུ་འདོད། །ཅེས་སོ། །སེམས་བསྐྱེད་ཀྱི་དབྱེ་བ་འདི་ལ་བདེན་གཉིས་ཀྱིས་དབྱེ་བ་དང་། སོ་འཕགས་ཀྱི་དབྱེ་བའི་ཐད་ནས་གཉིས་སུ་དབྱེ་བ་དང་། ཚུལ་ཁྲིམས་གསུམ་མམ་བསླབ་པ་གསུམ་ལ་ལྟོས་ནས་གསུམ་དུ་དབྱེ་བ་དང་། སས་དབྱེ་བས་བཞིར་དབྱེ་བ། ལམ་ལྔའི་དབྱེ་བས་ལྔར་དབྱེ་བ། ཕར་ཕྱིན་དྲུག་ལ་ལྟོས་ནས་དྲུག་ཏུ་དབྱེ་བ། སྟོབས་བཅུ་ལ་ལྟོས་ནས་བཅུ་རུ་དབྱེ་བའང་ཡོད་པ་དང་། ས་མཚམས་ཀྱི་སྒོ་ནས་ཉི་ཤུ་རྩ་གཉིས་སུ་དབྱེ་བ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོའི་དགོངས་པ་མངོན་རྟོགས་རྒྱན་ལས། དེ་ཡང་ས་གསེར་ཟླ་བ་མེ། །ལ་སོགས་པས་བསྟན་པ་ལྟར་ཡིན་ཅིང་། འདི་ལ་སྨོན་འཇུག་གི་དབྱེ་བ་ཐ་དད་པ་རེ་རེ་ཡོད་པ་ཡིན་པས། ཀུན་མཁྱེན་ཆེན་པོའི་རང་ལུགས་ལ་དེ་རེ་རེའི་སྐབས་སུ་སྨོན་འཇུག་གཉིས་གཉིས་ཡོད་པར་བཞེད་ཅིང་། སྨོན་པ་བྱང་ཆུབ་དོན་གཉེར་གྱི་ཆ་དང་། འཇུག་པ་སྦྱོར་བས་ལག་ལེན་ལ་ཁྱབ་པར་བྱེད་པའི་ཆ་གཉིས་ཀ་ཚང་དགོས་ཤིང་། མདོར་ན་དབྱེ་བསྡུས་རིམ་པ་མཐའ་དག་ཆུའི་རྒྱུན་གཅིག་ཉིད་ལུང་པ་སོ་སོའི་མདར་མིང་འགྱུར་བ་ལྟར། སྨོན་འཇུག་གི་སེམས་བསྐྱེད་གཅིག་པུ་དེ་ཡང་། ཚོགས་སྦྱོར་གྱི་དུས་ན་མོས་པ་ལས་བྱུང་བའི་སེམས་བསྐྱེད། ས་དང་པོ་ནས་བདུན་པའི་བར་དུ་ལྷག་བསམ་དག་པའི་སེམས་བསྐྱེད། དག་པ་ས་གསུམ་དུ་རྣམ་པར་སྨིན་པའི་སེམས་བསྐྱེད། སངས་རྒྱས་ཀྱི་སར་སྒྲིབ་པ་སྤངས་པའི་སེམས་བསྐྱེད་དོ། །དེའང་སངས་རྒྱས་ཀྱི་ས་ན་ཆོ་ག་ལས་བྱུང་བ་དང་། ད་གཟོད་ཐོབ་བྱའི་སེམས་བསྐྱེད་དུ་མེད་ཀྱང་། ཐུགས་རྗེ་ཆེན་པོས་དོན་མཛད་པ་དུས་ལས་མི་ཡོལ་བའི་སེམས་བསྐྱེད་པ་དང་། དོན་དམ་སེམས་བསྐྱེད་ཡོད་དེ། དོར་བ་མེད་པ་སྟོང་པ་ཉིད་ཡོད་པའི་ཕྱིར་དང་། དོན་དམ་སེམས་བསྐྱེད་ཐོབ་ལ་ཉམས་བྱེད་ཀྱི་རྒྱུ་མེད་པའི་ཕྱིར་རོ། །དེས་ན་སངས་རྒྱས་ཀྱི་ས་ན་སེམས་བསྐྱེད་ཡོད་མེད་ནི་ཚུལ་འདིས་ཤེས་པར་བྱའོ། །ཞེས་འགག་བསྡོམས་པའོ། །གཉིས་པ་

དབྱེ་བ་བསྟན་པ།

ཅིའི་ཕྱིར་གནས་སྐབས་བཞིར་མིང་འགྱུར་ཞེ་ན་ཞེས་དྲི་བ་བཀོད་ནས། ཆའི་སྒོ་ནས་བཞག་པ་ཡིན་ནོ་ཞེས་ལན་རྒྱས་པར་བཤད་པ་ནི། ཚོགས་དང་སྦྱོར་བར་ཁམས་དེའི་རང་བཞིན་ཉིད། །མོས་པས་དོན་སྤྱིའི་ཚུལ་དུ་འཇལ་བས་ན། །སེམས་བསྐྱེད་དེ་ཡང་མོས་པས་བྱུང་ཞེས་བརྗོད། །དང་པོའི་ས་ནས་བདུན་པའི་བར་ཉིད་དུ། །ཁམས་ཀྱི་སྒྲིབ་པ་ཕྱོགས་རེ་རྣམ་དག་པས། །ཡེ་ཤེས་རྒྱ་ཆེ་ལྷག་བསམ་དག་ཅེས་བརྗོད། །དག་པའི་སར་ནི་སྒོ་ལྔ་ཀུན་གཞིའི་ཤེས། །རྣམ་དག་སྨོན་ལམ་ཡོན་ཏན་རྒྱ་ཆེ་བས། །རྣམ་པར་སྨིན་པའི་སེམས་བསྐྱེད་ཅེས་སུ་བརྗོད། །ཁམས་ལ་སྒྲིབ་བྲལ་སངས་རྒྱས་ས་དེ་ནི། །སྒྲིབ་པ་སངས་པའི་སེམས་བསྐྱེད་ཅེས་བྱར་བརྗོད། །ཅེས་གསུངས་ཏེ། ཁམས་ལ་སྒྲིབ་པ་ཡོད་མེད་ཀྱི་ཆ་ནས་གནས་སྐབས་བཞིར་གཞག་གོ །དེའང་ཚོགས་སྦྱོར་དུ་ཀུན་གཞི་དང་། ཚོགས་བརྒྱད་བག་ཆགས་དང་བཅས་པས། ཁམས་ཉི་མ་ལྟ་བུ་བསྒྲིབས་ནས་མི་མཐོང་སྟེ། བཤད་པ་ལ་ཡིད་ཆེས་སུ་འཛིན་པས་ན། དད་པས་མོས་པས་སྤྱི་ཡུལ་དུ་བྱེད་པའི་ཕྱིར་མོས་པ་ལས་བྱུང་བའི་སེམས་བསྐྱེད་ཅེས་མིང་བཏགས་པ་སྟེ། རྒྱུད་བླ་མ་ལས། རང་བྱུང་ཉིད་ཀྱི་དོན་དམ་ནི། །དད་པ་ཉིད་ཀྱིས་རྟོགས་བྱ་བ། །ཞེས་བཤད་དོ། །ས་དང་པོ་ནས་བདུན་པའི་བར་དུ་ཉོན་མོངས་པ་ཅན་གྱི་ཡིད་ལོག་པས། ཞིང་དང་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ལ་སོགས་པ་གཟིགས་ཏེ། ཁམས་དེའི་སྒྲིབ་པ་ཕྱོགས་གཅིག་དག་པས་སྤྲིན་བར་གྱི་ཉི་ཟེར་གྱི་སྣང་བ་བཞིན་ནོ། །དེ་ལྟར་ཡིན་པས་ལྷག་བསམ་དག་པའི་སེམས་བསྐྱེད་ཅེས་གསུངས་སོ། །ས་བརྒྱད་པར་ཡིད་ཤེས་ལོག་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། དགུ་པ་སྒོ་ལྔའི་རྣམ་ཤེས་ལོག་པས་ཞིང་ཁམས་དག་པ་དང་། བཅུ་པར་ཀུན་གཞིའི་རྣམ་ཤེས་ལོག་པས་ཡེ་ཤེས་ཕུན་སུམ་ཚོགས་པ་ལ་དབང་ཐོབ་པའི་ཕྱིར་རྣམ་པར་སྨིན་པའི་སེམས་བསྐྱེད་པ་ཞེས་བྱའོ། །རྒྱུན་མཐར་སེམས་སེམས་བྱུང་གི་བག་ཆགས་ཀུན་གཞི་དང་བཅས་པ་ལོག་པས་སངས་རྒྱས་ཀྱི་ཡེ་ཤེས་སྐྱེ་སྟེ། སངས་རྒྱས་ཀྱི་སར་འཁོར་བའི་ཤེས་པ་གང་ཡང་མེད་པས། སྤྲིན་ཐམས་ཅད་ལས་གྲོལ་བའི་ཉི་མ་འདྲ་བ་སྟེ། ཁམས་དེའི་ཡོན་ཏན་ཅི་ཡོད་པ་ཐམས་ཅད་མངོན་དུ་གྱུར་པས་སྒྲིབ་པ་སྤངས་པའི་སེམས་བསྐྱེད་དེ། དག་པའི་སེམས་དཔའ་རྣམས་ཀྱིའང་། སྤྱོད་ཡུལ་ལས་འདས་པ་ནི། རྒྱུད་བླ་མ་ལས། སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ་དང་། །སངས་རྒྱས་ཡོན་ཏན་སངས་རྒྱས་འཕྲིན་ལས་ནི། །དག་པའི་སེམས་ཅན་གྱི་ཡང་བསམ་བྱ་མིན། །ཞེས་སོ། །གསུམ་པ།

བསྐྱེད་ཚུལ་བསྟན་པ།

ད་ནི་སེམས་བསྐྱེད་པའི་ཚུལ་ནི། ཇི་ལྟར་བསྐྱེད་ཚུལ་རྣམ་པ་གཉིས་ཡིན་ཏེ། །བླ་མ་མཆོག་དང་དཀོན་མཆོག་དྲུང་དུ་ལེན། །བླ་མར་ལེན་ཚེ་དེ་ཡིས་ཆོས་བཤད་དེ། །སྔོན་འགྲོ་ཡན་ལག་བདུན་པ་སྐྱབས་འགྲོར་བཅས། །དངོས་གཞི་རྒྱལ་དང་རྒྱལ་སྲས་བླ་མ་མཆོག །དགོངས་སུ་གསོལ་ཞེས་ལེགས་པར་བརྗོད་རྗེས་སུ། །ཇི་ལྟར་སྔོན་གྱི་རྒྱལ་བ་སྲས་བཅས་ཀྱིས། །བྱང་ཆུབ་ཐུགས་བསྐྱེད་བསླབ་ལ་གནས་པ་ལྟར། །དེ་བཞིན་བདག་གིས་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་བསྐྱེད་བསླབ་ལ་གནས་པར་བགྱི། །དེ་སྐད་ཅེས་ནི་ལན་གསུམ་བརྗོད་པར་བྱ། །ཞེས་གསུངས་ཏེ། སེམས་བསྐྱེད་པའི་ཚུལ་ཡང་། གང་ཟག་དམ་པ་ཁ་ཅིག་དཀོན་མཆོག་དྲུང་དུ་རང་གིས་ལེན་པ་ཡིན་ལ། ཕལ་པ་དག་བླ་མ་ལས་ལེན་ཏོ། །ལེན་ཚུལ་གྱི་ཆོ་ག་འདྲའོ། །ཕལ་པ་དག་ཀྱང་དང་པོ་བླ་མ་ལས་བླངས་པས། ཕྱིས་གསོ་དུས་སམ་ཡང་ནས་ཡང་དུ་བསྐྱེད་དུས་བླ་མ་ལས་གཞན་དཀོན་མཆོག་གི་དྲུང་དུ་བྱེད་པའང་རུང་བ་ཡིན་ནོ། །བླ་མ་ལས་ལེན་ན་འཁོར་བའི་ཉེས་དམིགས་ཐར་པའི་ཕན་ཡོན་སེམས་བསྐྱེད་ཀྱི་རང་བཞིན་སོགས་བརྗོད་ནས་བློ་བཅོས་ལ། སྔོན་འགྲོ་ཡན་ལག་བདུན་པ་རྒྱས་པའམ། བཟང་པོ་སྤྱོད་པའི་ཇི་སྙེད་སུ་དག་ཙམ་བྱས་ནས། ཕྱོགས་བཅུ་ན་བཞུགས་པའི་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དགོངས་སུ་གསོལ། ཞེས་དགོངས་སུ་གསོལ་བ་གསུམ་སྔོན་དུ་འགྲོ་བས་ཚོགས་ཞིང་སྤྲུལ་བའི་ལྷ་ཚོགས་སེམས་བསྐྱེད་ཀྱི་དཔང་པོར་སླར་ཡང་སད་པར་མོས་ན། གང་ཞིག་ཐུབ་དབང་ཡིད་བྱེད་པ། །དེ་ཡི་མདུན་ན་དེ་བཞུགས་ཏེ། །རྟག་པར་བྱིན་གྱིས་རློབ་པ་དང་། །ཉེས་པ་ཀུན་ལས་རྣམ་པར་དགྲོལ། །ཞེས་གསུངས་པ་ལྟར་དུ། སངས་རྒྱས་ལ་མཁྱེན་པའི་ཡེ་ཤེས་ཡོད་པས་སྤྱན་འདྲེན་བྱེད་པར་དགོངས་ཤིང་། བརྩེ་བའི་ཐུགས་རྗེ་ཡོད་པས་ཐུགས་རྗེས་གཟིགས་ནས། མཛད་པའི་ཕྲིན་ལས་མངའ་བས་རྫུ་འཕྲུལ་ཆེན་པོས་སྐད་ཅིག་གིས་བྱོན་པ་ཡིན་ནོ། །དེ་ནས་སྐྱབས་སུ་འགྲོ་བ་གསུམ་གྱི་གཞི་བཟུང་ནས། བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་མཛད་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་སེམས་དཔའི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་དགྲོལ་བར་བགྱི། །དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་པ་ལན་གསུམ་བརྗོད་དོ། །ལན་གསུམ་དུ་བརྗོད་དགོས་པའི་རྒྱུ་མཚན་ཅི་ཞིག་ཡོད་ཅེ་ན། དང་པོས་སྨོན་པ་སེམས་བསྐྱེད། གཉིས་པས་འཇུག་པ་སེམས་བསྐྱེད། གསུམ་པས་གཉིས་ཀ་བརྟན་ཅིང་དག་པར་ཐོབ་པའི་ཆེད་དོ། །སྨོན་འཇུག་གཉིས་ངོ་བོ་གཅིག་ཏུ་སྐྱེ་བ་མ་གཏོགས་དངོས་པོ་ཐ་དད་པར་ཡོད་པ་མིན་ལ། རང་ལུགས་ཀུན་མཁྱེན་ཆེན་པོས་བཞེད་པ་ལྟར་ན་བློ་རྫས་གཅིག་དུས་གཅིག་ལ་བྱེད་པ་གཅིག་པའི་བདག་ཉིད་དུ་འདོད་ཅིང་། ཆོ་ག་ལས་ཐ་དད་ལྟར་སྦྱར་བ་ཡོད་ཀྱང་། ལྡོག་པ་ཐ་དད་པ་གསུམ་བརྗོད་པ་ཐ་དད་པ་གསུམ་གྱིས་བསྐྱེད་པ་ལས་ངོ་བོ་ཐ་དད་མིན་པ་བཤད་མ་ཐག་པ་ལྟར་རོ། །མཇུག་ཏུ་རང་གཞན་དགའ་བ་བསྒོམ་པ་ལ་སོགས་པས་མཐའ་བསྡུ་བར་བྱ་བའོ། །དེས་ནི་སེམས་བསྐྱེད་ཚུལ་དང་ཆོ་གས་ཇི་ལྟར་ལེན་པའི་ཆོ་གའི་རྣམ་བཞག་དང་བཅས་པ་བསྟན་ནས། བཞི་པ།

ཕན་ཡོན་བསྟན་པ།

དེ་ལྟར་སེམས་བསྐྱེད་པའི་ཕན་ཡོན་ནི། དེ་ཡི་ཕན་ཡོན་དམ་པ་ཚད་མེད་དེ། །རྒྱལ་སྲས་བྱང་ཆུབ་སེམས་དཔའི་མིང་ཐོབ་ཅིང་། །ལྷར་བཅས་འཇིག་རྟེན་ཀུན་གྱིས་མཆོད་སྡོང་འགྱུར། །དགེ་བ་ཐམས་ཅད་ཐར་པའི་ལམ་འགྱུར་ཞིང་། །སྡིག་པ་མཐའ་ཡས་ཉེས་ཟད་བསོད་ནམས་འཕེལ། །ཐར་ལམ་རྙེད་ཅིང་མངོན་མཐོ་ངེས་ལེགས་འགྲུབ། །ཅེས་གསུངས་ཏེ། སེམས་བསྐྱེད་ཐོབ་མ་ཐག་ནས་མ་ཉམས་པར་ཡོད་རིང་ཐམས་ཅད་དུ། རྒྱལ་སྲས་བྱང་ཆུབ་སེམས་དཔའི་མིང་ཐོབ་ཅིང་། ལྷ་མི་ཐམས་ཅད་ཀྱི་མཆོད་སྡོང་དུ་གྱུར་པ་ནི། སྤྱོད་འཇུག་ལས། བྱང་ཆུབ་སེམས་སྐྱེས་གྱུར་པའི་སྐད་ཅིག་ལ། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་སོ། །དགེ་བ་ཐམས་ཅད་ཐར་པའི་ཆ་མཐུན་དུ་འགྱུར་བ་དང་། ལུང་མ་བསྟན་ཆད་ནས་རྟག་ཏུ་བསོད་ནམས་རྒྱ་ཆེན་པོ་ཐོབ་པར་ཡང་། དེ་ཉིད་ལས། དེང་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །ནམ་མཁའ་མཉམ་པ་དུ་མ་ཞིག །རྒྱུན་མི་འཆད་པར་རབ་ཏུ་འབྱུང་། །ཞེས་སོ། །སྡིག་པ་མཐའ་ཡས་ཟད་པ་ནི། དེ་ཉིད་ལས། དེས་ནི་དུས་མཐའི་མེ་བཞིན་སྡིག་ཆེན་རྣམས། །སྐད་ཅིག་གཅིག་གིས་ངེས་པར་སྲེག་པར་བྱེད། །ཅེས་སོ། །བསོད་ནམས་ཚད་མེད་པ་ཐོབ་སྟེ། དེ་ཉིད་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །དེ་ལ་ཇི་ལྟར་གཞལ་གྱིས་ལང་། །ཕན་པར་བསམས་པ་ཙམ་གྱིས་ཀྱང་། །སངས་རྒྱས་མཆོད་ལས་ཁྱད་འཕགས་ན། །སེམས་ཅན་རེ་རེའི་མི་བདེ་བ། །དཔག་ཏུ་མེད་པ་བསལ་འདོད་ཅིང་། །རེ་རེའང་ཡོན་ཏན་དཔག་ཏུ་མེད། །སྒྲུབ་པར་འདོད་པ་སྨོས་ཅི་དགོས། །ཞེས་པ་དང་། གསང་བ་བསམ་གྱིས་མི་ཁྱབ་པ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །དེ་ལ་གལ་ཏེ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ཡང་། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་སོ། །ཐར་པའི་ལམ་སྣ་ཟིན་ཅིང་བདེ་བ་ནས་བདེ་བར་འགྲོ་སྟེ། བྱང་ཆུབ་སེམས་ཀྱི་རྟ་ཞོན་ནས། །བདེ་ནས་བདེ་བར་འགྲོ་བ་ལ། །ཞེས་སོ། །དེ་ཡན་གྱིས་ཐུན་མོང་གི་ལམ་ལས་ལམ་གྱི་གཞི་སྐྱབས་འགྲོ་དང་། ལམ་གྱི་རྩ་བ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་བསྟན་པ་སོང་ནས། གསུམ་པ་བསྐྱེད་རིམ་ལ། བསྟན་བཤད་གཉིས། དང་པོ།

བསྐྱེད་རིམ་མདོར་བསྟན་པ།

ཐུན་མོང་གི་ལམ་བྱང་ཆུབ་ཏུ་སེམས་བསྐྱེད་ནས། གསང་སྔགས་ཀྱི་ལམ་དུ་འཇུག་པའི་ཕྱིར་སྔོན་དུ་འགྲོ་བ་ནི། དེ་ལྟར་སེམས་མཆོག་བསྐྱེད་པར་གྱུར་མ་ཐག །གསང་སྔགས་རྗེས་ཞུགས་སྐལ་བཟང་འགྲོ་མཆོག་གིས། །རང་རང་མོས་པའི་ཡི་དམ་ལྷར་བསྒོམ་མོ། །ཞེས་མདོར་བསྟན་ནས། གཉིས་པ་ལ། སྔོན་དུ་འགྲོ་བའི་ཆོས་དང་། དངོས་གཞི་གཉིས། དང་པོ།

སྔོན་དུ་འགྲོ་བའི་ཆོས་བསྟན་པ།

སྔོན་དུ་རིག་གཏད་རྗེས་གནང་དབང་ལ་སོགས། །རྒྱུད་སྡེ་མཆོག་ནས་གསུངས་བཞིན་སྨིན་བྱས་ལ། །ཞེས་གསུངས་ཏེ། སྔགས་ལ་དད་པས་རང་གང་ལ་མོས་པའི་ལྷའི་རིག་གཏད་དང་། རྗེས་སུ་གནང་བ་དབང་ལ་སོགས་པས་རྒྱུད་མ་སྨིན་པ་སྨིན་པར་བྱས་ནས་ལམ་བསྐྱེད་རྫོགས་བསྒོམ་པར་བྱའོ། །གཉིས་པ་ལ་བསྟན་བཤད་གཉིས། དང་པོ།

བསྐྱེད་རིམ་གྱི་དངོས་གཞི་མདོར་བསྟན་པ།

གྲོལ་བྱེད་བསྐྱེད་རྫོགས་དོན་ལ་བསྒོམ་པར་བྱ། །ཞེས་གསུངས་ཏེ། སྨིན་ཟིན་ན་གྲོལ་ཅི་དགོས་ཤེ་ན། སྨིན་ཞེས་པ་ནི་རྒྱུད་ལ་ཐར་པའི་མྱུ་གུ་སྐྱེ་ངེས་ཀྱིས་ནུས་རུང་དུ་བྱས་པ་ལ་བཏགས་ཏེ། ཆུ་ལུད་དྲོད་གཤེར་འཛོམས་དུས་ས་བོན་བཏབ་པ་འདྲ་ལ། གྲོལ་བྱེད་བསྐྱེད་རྫོགས་ནི། དེ་རྗེས་ཡུར་ཁུགས་ལ་སོགས་དང་འདྲའོ་ཞེས་བྱ་བ་ཡིན་ནོ། །གཉིས་པ་ལ། དངོས་གཞི་བསྐྱེད་རིམ་དང་། ཞར་བྱུང་རྫོགས་རིམ་བསྟན་པ་གཉིས། དང་པོ་ལ་དངོས་དང་། དེའི་ཕན་ཡོན་གཉིས། དང་པོ།

དངོས་གཞི་བསྐྱེད་རིམ་དངོས་བསྟན་པ།

ཇི་ལྟར་བསྐྱེད་རྫོགས་བསྒོམ་ཞེ་ན། འདི་ལྟར་ཕྱི་སྣོད་ཞིང་དང་སེམས་ཅན་ལྷ། །རང་ལུས་གཞལ་ཡས་ཁང་མཛེས་ངག་སྔགས་ཏེ། །སེམས་ནི་ལྷར་གསལ། ཞེས་པས་བསྟན་ལ། དང་པོ་བསྐྱེད་པའི་རིམ་པ་ནི་འདིར་རྣལ་འབྱོར་ཆེན་པོ་རྒྱུད་མ་ཧཱ་ཡོ་གའི་དབང་དུ་བྱས་ནས། ཕྱི་སྣོད་འོག་མིན་གྱི་ཞིང་ཁམས། ནང་བཅུད་ལྷ་དང་ལྷ་མོ། རང་ལུས་འོད་གསལ་གྱི་དཀྱིལ་འཁོར། ངག་གསང་སྔགས་ཀྱི་རང་བཞིན། སེམས་ཀྱི་རྣམ་པ་རིགས་ལྔ་ཡེ་ཤེས་ཀྱི་ལྷར་གསལ་བས། གཉིས་པ།

དེའི་ཕན་ཡོན་བསྟན་པ།

ཐ་མལ་ཞེན་པ་འགོག །དབྱིངས་ཀྱི་རྗེས་འགྲོ་སྒྲིབ་པའི་དྲི་མ་སེལ། །ཞེས་གསུངས་ཏེ། ཐ་མལ་གྱི་ཞེན་པ་འགོག བསྐྱེད་རིམ་ལྷར་སྣང་རྣམ་བཅས་ཀྱི་གསལ་འདེབས་འདི་རྣམ་མེད་ཆོས་ཉིད་དབྱིངས་ཀྱི་ངོ་བོ་དངོས་མ་ཡིན་ཡང་དེ་དང་རྣམ་པ་ཆ་འདྲ་ཡུལ་དུ་བྱས་པས། མཐར་ཐུག་འབྲས་བུ་དེ་འདྲ་འགྲུབ་པ་ལ་མི་བསླུ་ཞིང་། ལོངས་སྤྱོད་རྫོགས་པའི་སྐུ་ལ་སྒྲིབ་པའི་དྲི་མ་སེལ་བའི་དགོས་པ་ཡོད་དོ། །གཉིས་པ།

ཞར་བྱུང་རྫོགས་རིམ་བསྟན་པ།

བསྐྱེད་རིམ་གྱི་ངང་དེ་ཉིད་དམ། དེ་རྗེས་སེམས་ཉིད་མི་དམིགས་ཆོས་ཉིད་ངང་། །སེམས་ཉིད་འོད་གསལ་རྫོགས་པའི་རིམ་པ་བསྒོམ། །འདི་ནི་ངེས་དོན་རྒྱུད་སྡེའི་དགོངས་པ་ཡིན། །ཅེས་གསུངས་ཏེ། ལས་དང་པོ་པས་བསྐྱེད་རིམ་གྱི་རྣམ་པ་རིམ་གྱིས་བསྡུས་ནས་རྗེས་ལ་རྫོགས་རིམ་བསྒོམས་པས་བསྐྱེད་རིམ་སྒྱུ་མར་ཞེན་པ་འགོག་ལ། རྫོགས་ཞེས་པ་ཚང་བའམ་འདུས་པ་དེའི་ངང་ལས་གཞན་དུ་མི་གཡོ་བའི་དོན་ཡིན་ཅིང་། རྫོགས་པའི་སྒོ་ནས་བསྐྱེད་རིམ་ཉིད་ཀྱི་ངང་དུ་རྫོགས་རིམ་བསྒོམས་པས། སྟོང་པར་ཞེན་པ་འགོག་གོ །སྔར་བསྐྱེད་རིམ་རྐྱང་བའི་སྐབས་སེམས་ལྷར་གསལ་ནས། འདིར་སེམས་ཉིད་རྫོགས་རིམ་དུ་བསྒོམ་པ་ནི། གཟུགས་སྐུ་དང་ཆོས་སྐུ་སྣང་བ་དང་སྟོང་པ་ལམ་དུ་བྱེད་པ་ཡིན་ནོ། །དེ་ལྟ་བུའི་གནད་མི་ཤེས་པ་དག་སེམས་ཀྱི་འཕྲོ་འདུ་དང་། རྣམ་པ་ལམ་བྱེད་ཙམ་ལ་རྫོགས་རིམ་དུ་འདོད་པ་འཁྲུལ་ཏེ། སྣང་བ་དང་། རྣམ་པ་གཉིས་ཀ་གང་ཡིན་རུང་ཆོས་ཅན་ཡུལ་དུ་བྱེད་པའི་ཕྱིར་རོ། །རྫོགས་པ་ནི་སྟོང་པ་དང་། རྣམ་མེད་ཆོས་ཉིད་ཡུལ་དུ་བྱེད་པ་ཡིན་ནོ། །བསྐྱེད་རྫོགས་ལ་བརྟན་པ་ཐོབ་ནས་རིམ་གཉིས་དབྱེར་མེད་དུ་ཟུང་དུ་འཇུག་དུས་ཀྱང་བསྐྱེད་རྫོགས་སོ་སོའི་ལྡོག་པ་དེ་བཞིན་དུ་གནས་སོ། །བསྐྱེད་རྫོགས་ཞེས་པ་སོ་སོར་བྱས་ནས་གསུངས་པ་ནི་དང་པོའི་ལས་ཅན་དང་། རྫོགས་རིམ་འགྲུབ་པའི་རྒྱུ་ཡིན་པས་ཀྱང་བསྐྱེད་རྫོགས་སོ་སོར་བསྟན་ལ། ངོ་མས་བཤད་ན། བསྐྱེད་རིམ་ཏིང་འཛིན་རྣམ་གསུམ་གྱིས་ཁོག་འབུབ་དགོས་དུས། བསྐྱེད་གཞི་དེ་བཞིན་ཉིད་ཀྱི་ཤེས་རབ་དེ་སོ་སོའི་སྐྱེ་བོའི་ས་རུ་རྗེས་དཔག་ཙམ་མ་གཏོགས་ཡོད་པ་མིན་ལ། དེ་མེད་དུས་ཆོས་ཐམས་ཅད་བསམ་དུ་མེད་པའི་དེ་ཁོ་ན་ཉིད་ཀྱི་གཟུགས་བརྙན་ཙམ་དུ་སྣང་བའི་ཀུན་སྣང་གི་ཏིང་ངེ་འཛིན་ལྟར་དུ་གྱུར་བའི་དེ་བཞིན་ཉིད་དེའི་གདངས་སྙིང་རྗེ་ཆེན་པོར་ཤར་བའི་ མོས་པས་སྤྱོད་པའི་སེམས་བསྐྱེད་ལ། ཀུན་སྣང་གི་ཏིང་ངེ་འཛིན་དུ་བཏགས་ནས། དེས་འཕེན་པའི་བསྐྱེད་རིམ་གྱི་རྒྱུ་ཚོགས་བསྒྲུབ་པའོ། །དེའང་ཐབས་ཀྱི་ལམ་མ་ནོར་བ་ཡིན་པ་སྟེ། སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་གསལ་སྣང་ལྷའི་མཚན་མར་ཤར་ཀྱང་། ཤར་དུས་ཉིད་ནས་རང་བཞིན་གྱིས་མ་གྲུབ་པར་སྣང་སྟོང་གི་རང་བཞིན་ཐབས་དང་ཤེས་རབ་འབྲེལ་བ་བསྐྱེད་རྫོགས་ཟུང་འཇུག་གི་དོན་ཡིན་ནོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། བསམ་གཏན་གྱི་སྔོན་དུ་འགྲོ་བའི་ལེའུ་སྟེ་བཅུ་དགུ་པའི་རྒྱ་ཆེར་འགྲེལ་པའོ།། །།དེ་ཡིན་གྱིས་སྒོམ་པས་ཉམས་སུ་ལེན་པ་ལ་སྔོན་དུ་འགྲོ་བའི་ཆོས། སྐྱབས་འགྲོ། སེམས་བསྐྱེད། བསྐྱེད་རིམ་ད་དུང་ཞོར་དུ་རྫོགས་རིམ་གྱིི་འགྲོས་དང་བཅས་པ་སོང་ནས། གཉིས་པ་དངོས་གཞི་ལ། བསྟན་བཤད་གཉིས། དང་པོ།

བསམ་གཏན་གྱི་དངོས་གཞི་མདོར་བསྟན་པ།

དེ་ལྟར་སྔོན་འགྲོ་རྫོགས་པའི་རྗེས་ལ། དེ་ནས་དངོས་གཞི་ཇི་ལྟར་བསྒོམ་པ་ནི། །དང་པོར་དབེན་ཞིང་ཡིད་འོང་གནས་དག་ཏུ། །སྔོན་འགྲོའི་ཆོས་རྣམས་རིམ་པར་རྫོགས་མ་ཐག །དངོས་གཞི་འོད་གསལ་ཡེ་ཤེས་བསྒོམ་པར་བྱ། །ཞེས་གསུངས་ཏེ། སྔོན་འགྲོའི་ཆོས་སྔོན་དུ་འགྲོ་དགོས་ཤིང་། སྔོན་འགྲོ་མེད་པའི་དངོས་གཞི་དེ་རྨང་མེད་པའི་མཁར་ལྟ་བུ་ཡིན་ཅིང་། སྔོན་འགྲོའི་ཆོས་རྣམ་རྫོགས་པའི་རྗེས་སུ་དངོས་གཞི་ཡོད་དགོས་ཤིང་། དངོས་གཞི་མེད་ན་དགོས་དོན་མཁར་གྱི་ངོ་བོ་མ་ཡོད་པ་ལྟ་བུ་ཡིན་དུས། སྔོན་འགྲོ་ཐོས་བསམ་བྱེད་པའི་རིམ་པ་སོང་ནས། དངོས་གཞི་འོད་གསལ་སྒོམ་པས་གཏན་ལ་དབབ་དགོས་སོ། །གནས་དབེན་ཞིང་ཡིད་དུ་འོང་བར་སྟན་བདེ་བ་ལ་འདུག་ནས། སེམས་བསྐྱེད་པ་དང་བསྐྱེད་པའི་རིམ་པ་རྒྱས་བསྡུས་གང་རུང་ཅིག་བསྒོམས་ནས་རྫོགས་རིམ་འོད་གསལ་གྱི་དོན་ལ་མཉམ་པར་གཞག་གོ །གནས་དབེན་པ་འདུ་འཛི་བྲེལ་ཟིང་གི་ཅ་ཅོ་མེད་ས་རང་བཞིན་གྱིས་ཁམས་དྭངས་ཤིང་དབང་པོ་གསལ་བས་ཏིང་འཛིན་རང་ཤུགས་ཀྱིས་སྐྱེ་བའི་གནས། གྲོགས་བྱ་དང་རི་དྭགས་མཐོང་ན་མི་མཐུན་པ་མེད་པ་དག རང་བྱུང་གི་རྩྭ་ཆུ་ལ་སྤྱོད་ཅིང་བག་ཕེབས་པར་རྒྱུ་བའི་རྩྭ་གཙང་ཆུ་གཙང་གི་འཁོར་ཡུག་འགལ་རྐྱེན་གྱི་འཚེ་བ་མེད་པའི་དམ་པས་ཞབས་ཀྱིས་བཅགས་པའི་སྒྲུབ་གནས་ཤིག་ཏུ། དེ་ལྟ་བུ་ཕྱི་གནས་ཀྱིས་དབེན་པས་མ་ཚད་ནང་སེམས་ཀྱིས་དབེན་པ། འཁོར་བ་ངེས་འབྱུང་གི་ཞེན་པ་གཏིང་ནས་ལོག་སྟེ་ བསམ་རྒྱུ་ཆོས་མིན་པར་མེད་པ། གསང་བ་སེམས་ཉིད་ཀྱི་དབེན་པ་མ་བཅོས་རྣལ་བཞག་ཆོས་ཉིད་ཀྱི་རང་ངོའི་ངང་ལས་མི་འདའ་བར། སྒྲུབ་ཁང་དེའི་ནང་གི་བསམ་གཏན་སྒོམ་པའི་སྟན་བདེ་བ་ལ་བསྡད་ནས། ཐུན་གྱི་སྔོན་དུ་འགྲོ་བའི་རྗེས་སུ་རྫོགས་རིམ་དོན་གྱི་འོད་གསལ་ལ་རྩེ་གཅིག་ཏུ་མཉམ་པར་བཞག་ནས་སྒོམས་ཤིག་ཅེས་པའོ། །བསྐྱེད་རིམ་ནི་ལྷའི་གསལ་སྣང་སྒོམ་པ་ཡིན་ན། རྫོགས་རིམ་ཞེས་པ་ཅི་ཞེ་ན། རྫོགས་རིམ་གྱི་ངོ་བོ་ནི་རྣམ་རྟོག་གི་རང་བཞིན་ཤེས་ནས་དེ་ཉིད་མི་རྟོག་པའི་ལམ་དུ་དམིགས་བཅས་ཀྱི་ཐབས་ལ་བརྟེན་པའམ། དམིགས་མེད་ཀྱི་ཤེས་རབ་ཀྱིས་འགོག་པ་སྟེ། དེ་ཡང་རྣམ་རྟོག་གི་རང་བཞིན་ཤེས་ནས་མི་རྟོག་པར་འཇོག་པར་ཞིག་ཏུ་དང་པོའི་ལས་ཅན་གྱིས་གོ་ན་ཆོག་གོ །གཉིས་པ་ལ་ཐབས་ཞི་གནས་བསྒྲུབ་པ་དང་། ཐབས་བྱུང་ལྷག་མཐོང་བསྒོམ་པ་གཉིས། དང་པོ་ལ། སྤྱི་དང་ཁྱད་པར་གཉིས། དང་པོ།

ཐབས་ཞི་གནས་བསྒྲུབ་པ་སྤྱིར་བསྟན་པ།

འོད་གསལ། དེ་ཡང་ཐབས་མེད་ཤེས་རབ་མི་སྐྱེ་བས། །ཐོག་མར་སྣ་ཚོགས་ཐབས་ཀྱིས་བསམ་གཏན་བཙལ། །ཅེས་གསུངས་ཏེ། ལྷག་མཐོང་གི་ཤེས་རབ་རང་ལ་ཡོད་ཀྱང་ཐབས་མེད་ན་ཤེས་རབ་དེ་ཉིད་མངོན་དུ་མི་འགྱུར་བས། མྱུ་གུའང་རྒྱུ་རྐྱེན་དུ་མ་ལས་འབྱུང་བ་ལྟར། ཡེ་ཤེས་དེ་སྐྱེ་བའང་རང་ལ་ཡོད་པ་ཙམ་གྱིས་མི་འཆར་བས་ཐོག་མར་ཐབས་དུ་མ་ལ་བརྟེན་དགོས་སོ། །དེ་ལྟ་བུའི་ཐབས་དེ་ཡང་གང་ཞེ་ན། དམིགས་པའི་རྟེན་ལས་མི་དམིགས་སྐྱེ་བ་སྟེ། །དེ་ལས་ཆོས་ཉིད་ཡེ་ཤེས་འཆར་བས་ན། །དང་པོ་ཞི་གནས་བསྐྱེད་པའི་རིམ་པ་ཡང་། །རང་རང་རྒྱུད་ལས་ཇི་སྐད་གསུངས་བཞིན་བསྒོམ། །ཞེས་གསུངས་ཏེ། དེའང་དམིགས་པ་ལ་བརྟེན་ནས་མི་དམིགས་པ་སྐྱེ་སྟེ། མདོ་སྡེ་རྒྱན་ལས། དམིགས་པ་ལ་ནི་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ། །ཞེས་སོ། །ཐབས་ཞི་གནས་ལ་བརྟེན་ཏེ་ཐབས་བྱུང་ལྷག་མཐོང་སྐྱེ་དགོས་པས་ཐབས་ཞི་གནས་དེ་ཉིད་ཀྱང་རྒྱུད་སྡེ་སོ་སོར་རྣམ་པ་མི་འདྲ་བ་གང་ཟག་གི་དབང་པོ་དང་ཁམས་དང་མོས་པ་དང་བསྟུན་ཏེ་བསྟན་པ་བཞིན་དུ་རང་ཉིད་གང་མོས་སུ་བསྒོམ་པར་བྱའོ། །གཉིས་པ་ལ། མདོར་བསྟན། རྒྱས་བཤད། དེ་ཐབས་ཡིན་ཚུལ་གསུམ། དང་པོ།

མདོར་བསྟན་པ།

སྐབས། འདིར་ནི་མདོར་བསྡུས་ཅུང་ཟད་བསྟན་པ་ནི། །ལུས་ལ་རྩ་གནས་དེ་ལ་རླུང་དང་ཁམས། །རང་བཞིན་བརྟེན་ཕྱིར་དེ་དག་གནད་བསྣུན་གཅེས། །ཞེས་གསུངས་ཏེ། སྤྱིར་གོང་ནས་བཤད་པ་ལྟར་དུ་མདོ་རྒྱུད་སོ་སོའི་སྐབས་སུ་ཞི་གནས་སྒྲུབ་ཚུལ་གསུངས་པ་མང་པ་ཡིན་ཀྱང་། བླ་མེད་ཕ་རྒྱུད་མ་རྒྱུད་གཉིས་སུ་མེད་པའི་རྒྱུད་སྡེ་དང་གསུམ་ཆར་དྲིལ་ནས་ཉམས་སུ་ལེན་པའི་སྐབས་འདིར་རྩ་རླུང་ཐིག་ལེ་གསུམ་གྱི་ཐབས་ལས་ཡེ་ཤེས་འཆར་བ་ངོས་བཟུང་ནས་བསྒོམ་པའི་ཕྱིར་རྩ་རླུང་ཐིག་ལེ་དེ་གསུམ་གནད་དུ་བསྣུན་པ་གཅེས་སོ། །དེའང་རྩ་གནད་དུ་འགྲོ་བ་ལ་ལུས་གནད་གལ་ཆེ་སྟེ་རྩ་ལུས་ལ་གནས་པས་སོ། །རླུང་གནད་དུ་འགྲོ་བ་ལ་སྲོག་གནད་ཆེ་སྟེ་རླུང་ལྔའི་དྭངས་མ་སྟོབས་སུ་གྱུར་བ་སྲོག་ལ་རག་ལས་པས་སོ། །ཐིག་ལེ་གནད་དུ་འགྲོ་བ་ལ་རྩོལ་བ་གལ་ཆེ་སྟེ་སྲོག་རྩོལ་གྱི་ཤིང་རྟས་དབུ་མ་སྒྲ་གཅན་གྱི་དབྱིངས་སུ་ཨེ་ཝཾ་ཟུང་འཇུག་གི་ཉམས་སྐྱོང་དགོས་པ་ཡིན་པའོ། །རྫོགས་རིམ་གྱི་སྐབས་འདིར་གསང་སྔགས་ཕ་རྒྱུད་ཁ་ཅིག་རླུང་ཁོ་ནའི་ཐབས་ལས་སྐྱེས་པའི་ཤེས་པ་གསལ་བདེ་ཙམ་དོན་དམ་དུ་འདོད་པ་དང་། མ་རྒྱུད་པ་ཁ་ཅིག་ཐིག་ལེ་ལས་སྐྱེས་པའི་བདེ་གསལ་རྟོག་མེད་ཙམ་དོན་དམ་དུ་འདོད་ཅིང་དེ་དག་གི་ཐབས་ཁོ་ན་ལ་ལྟ་བ་མཆོག་ཏུ་འཛིན་པའང་ཐར་པའི་ལམ་མ་ཡིན་ཏེ། ཡེ་ཤེས་གྲུབ་པ་ལས། ལུས་ཀྱི་སྦུད་པ་གང་ཡིན་དང་། །སྦུད་པ་འབུད་པར་བྱེད་པ་དག །དེ་དག་ཁྱད་པར་མ་མཐོང་སྟེ། །དེ་ཉིད་མཐོང་བའི་རྣལ་འབྱོར་བས། །སྦུད་པ་ཡི་ནི་བྱ་བ་ནོན། །ཞེས་པ་དང་། དབང་པོ་གཉིས་བྱུང་བདེ་བ་ནི། །དེ་ཉིད་ཡེ་ཤེས་སྐྱེད་ན་སྨྲ། །དེ་ནི་བདེ་བ་ཆེ་ཡིན་ཞེས། །རྒྱལ་བ་མཆོག་གིས་མ་གསུངས་སོ། །བདེ་ཆེན་མི་རྟག་མ་ཡིན་ཏེ། །བདེ་བ་ཆེན་པོ་རྟག་ཏུ་རྟག །འགྱུ་བདེ་བདེ་བ་ཆེན་པོ་ཡིན་ན་མཆན་ཁུང་གཡའ་འཕྲུག་ལས་བྱུང་བ། །ཅི་ཡི་ཕྱིར་ན་བདེ་ཆེན་མིན། །ཞེས་སོ། །དེས་ན་དེ་དག་རྐྱང་པ་ལམ་དངོས་མ་ཡིན་པས་ཞེན་པར་མི་བྱ་ལ། ལམ་གྱི་ཆ་རྐྱེན་ཡིན་པས་ལམ་མ་རྫོགས་རིང་ལ་དེ་དག་དོར་བར་ཡང་མི་བྱ་བར་འབད་དོ། །དེ་ཡང་ཕ་རྒྱུད་ཀྱིས་རླུང་ལ་གནད་དུ་བསྣུན་ཞིང་། མ་རྒྱུད་ཀྱིས་ཐིག་ལེ་གནད་དུ་སྣུན། གཉིས་མེད་རྒྱུད་ཀྱིས་འོད་གསལ་ལ་གནད་དུ་སྣུན་པ་ཡིན། ཁྱད་པར་དུ་སྔགས་གསར་མའི་ཕྱོགས་སུ་དེང་སང་གྲགས་ཆེ་བའི་སྦྱོར་དྲུག་དང་། རིམ་ལྔ། ལམ་འབྲས་སོགས་རྙིང་མ་རང་ལུགས་ཀྱི་ཧེ་རུ་ཀ་གལ་པོའི་རྒྱུད་ལ་སོགས་པ་ལས་གསལ་བར་གསུངས་ཡོད་ཀྱང་། དེང་སྐབས་ཕྱག་ལེན་དུ་འདེབས་པ་ཉུང་ངོ་། །སྦྱོར་དྲུག་ལྟ་བུ་ཞིག་ལ་མཚོན་ན། བསྒྲུབ་བྱ་དེ་བཞིན་གཤེགས་པའི་གསང་གསུམ་ལ། སྒྲུབ་བྱེད་སྦྱོར་དྲུག་ཡན་ལག་དྲུག་སྟེ། སོར་སྡུད་དང་བསམ་གཏན་གཉིས་ཀྱིས་ལུས་དང་རྩ་དབུ་མར་སྦྱངས་ནས། སྐུ་རྡོ་རྗེ་རྣམ་པ་ཐམས་ཅད་པ་དང་སྤྲུལ་སྐུ་སྒྲུབ་པ་དང་། སྲོག་དང་རྩོལ་བ་གཉིས་ཀས་དེར་རོ་རྐྱང་གི་རླུང་བཙུད་དེ་ངག་དང་རླུང་སྦྱངས་ནས། གསུང་རྡོ་རྗེ་རྣམ་པ་ཐམས་ཅད་པ་དང་ལོངས་སྐུ་སྒྲུབ་པ་དང་། རྗེས་དྲན་དང་ཏིང་འཛིན་གཉིས་ཀས་ཡིད་དང་ཐིག་ལེ་སྦྱངས་ནས་ཐུགས་རྡོ་རྗེ་རྣམ་པ་ཐམས་ཅད་པ་དང་ཆོས་སྐུ་སྒྲུབ་པ་བྱེད་པའོ། །རིམ་ལྔ་ནི་དབེན་གསུམ་དང་ཟུང་འཇུག་འོད་གསལ་ལྔ་པོ་ཡིན་ཅིང་། དེ་ཡང་རླུང་དབུ་མར་དང་པོར་ཞུགས། བར་དུ་གནས། ཐ་མར་ཐིམ་པའི་སྐབས་སུ་སྟོང་པ་བཞི་དང་། དགའ་བ་བཞི་ཡི་ཡེ་ཤེས་བཞི་དེ་སད་རྨི་གཉིད་སྟུག་སྙོམས་འཇུག་གི་གནས་སྐབས་བཞིའི་སྲེ་བ་གསུམ་གྱིས་རླུང་སེམས་ཙམ་ལས་གྲུབ་པའི་སྒྱུ་མའི་ལྷ་སྐུ་དེ་ཉིད་དག་པའི་སྒྱུ་ལུས་སུ་སྒྲུབ་པའོ། །གཞན་ཡང་དགྱེས་རྡོར་གྱི་སྣང་གསུམ་རྒྱུད་གསུམ་ལ་སོགས་པ་གསར་རྙིང་ཐུན་མོང་གི་རྫོགས་རིམ་གྱི་ཆོས་ཡིན་ནོ། །དེས་ན་འདི་ཐམས་ཅད་ལམ་གྱི་ཆ་རྐྱེན་ཡིན་པས་ན་ལམ་མ་རྫོགས་ཀྱི་རིང་ལ་དོར་བར་མི་བྱ་བར་འབད་པའི་གནས་ཡིན་ནོ། །འོན་ཀྱང་སྔ་འགྱུར་རྫོགས་ཆེན་སྡེ་གསུམ་གྱི་ཁྱད་ཆོས་རྩལ་འདོན་མཛད་དུས། སེམས་སྡེས་ལམ་སྣེ་ཁྲིད་ཚུལ་ཕྱག་ཆེན་དང་འདྲ་བ་ལས་མི་འདྲ་བའི་ཁྱད་པར། རྒྱས་འདེབས་མི་བྱེད་པར་ཡུལ་ཅན་སེམས་ཉིད་རིག་སྟོང་ཀ་དག་ཏུ་གཏན་ལ་འབེབས་པ་དང་། ཀློང་སྡེས་འོད་གསལ་དེ་རིམ་ལྔ་དང་ཆ་འདྲ་བ་ལས་མི་འདྲ་བ་བྱ་རྩོལ་དང་བཅས་པའི་རླུང་ལྔའི་བྱེད་བཅིང་གི་གནད་ལ་བརྟེན་ནས་སྒྱུ་ལུས་སྟོང་གཟུགས་ཀྱི་སྣང་བརྙན་དུ་རིལ་འཛིན་རྗེས་གཞིག་གིས་འོད་གསལ་དྭངས་སུ་བཅུགས་པ་དེ་ལྟར་མིན་པར། དམིགས་གཏད་བྲལ་བའི་གནད་ཟབ་མོས་བྱ་རྩོལ་མེད་པའི་ངང་ལ་བཞག་སྟེ། ཟབ་གསལ་གྱི་ཡེ་ཤེས་ཟུང་འཇུག་གི་སྒོ་ནས་འཇའ་ལུས་རྡོ་རྗེའི་སྐུ་སྒྲུབ་པའོ། །མན་ངག་གི་སྡེས་ཐོད་རྒལ་གྱི་སྣང་བ་གཙོ་བོར་མཛད་ཅིང་། གསར་མའི་སྦྱོར་དྲུག་དང་ཕྱོགས་ཀྱི་འདྲ་ས་ཡོད་ཀྱང་། རླུང་ལྔ་དབུ་མར་བཅིང་བའི་གནད་ལ་བརྟེན་པའི་སྟོང་གཟུགས་ཀྱི་སྣང་བ་བྱ་རྩོལ་བདེ་བ་ཆེན་པོའི་ལམ་ལ་གཙིགས་སུ་མི་འཛིན་པས། རགས་པའི་སྒོ་གསུམ་ཕྲ་བ་དྭངས་མའི་སྐུར་བསྒྱུར་བ་ཙམ་མིན་པར། གནས་ལུགས་རང་གསལ་མངོན་སུམ་དུ་གཏན་ལ་ཕབ་ནས། ཆོས་ཉིད་ཟད་པའི་སྣང་བ་མཐར་ཕྱིན་ཏེ་སྒོ་གསུམ་ཕྲ་རགས་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་ངང་དུ་གཞི་མེད་དུ་དང་བར་བྱེད་པའོ། །གཉིས་པ་ལ། རྟེན་རྩ་རླུང་གི་རྣལ་འབྱོར་དང་། བརྟེན་པ་ཁམས་ལ་བསླབ་པའི་རྣལ་འབྱོར་གཉིས། དང་པོ།

རྟེན་རྩ་རླུང་གི་རྣལ་འབྱོར་བསྟན་པ།

དེ་ལ་དང་པོ་སྲོག་གི་སྦྱོར་བ་རླུང་ལ་མ་བསླབས་ན། ཁམས་ལས་སུ་མི་རུང་བའི་ཕྱིར་རླུང་བསྒོམ་པ་ནི། ལུས་ཀྱི་ཆ་བསྲང་རྡོ་རྗེ་སྐྱིལ་ཀྲུང་ལ། །ལག་པ་པུས་བཀབ་མཇིང་བ་ཅུང་དགྱེ་བས། །དབུགས་ནི་ཐད་སོ་མིག་ནི་འགུལ་མི་བྱ། །རླུང་རོ་ཕྱིར་འདོན་འཇམ་རླུང་ནང་དུ་བཟུང་། །རླུང་ནི་ཁ་སྦྱར་རྩ་གསུམ་འཁོར་ལོ་གསལ། །ཁ་དོག་གྲངས་དང་རེག་བྱ་དབྱིབས་བསྒོམས་པས། །རྣམ་རྟོག་རང་འགགས་གསལ་དངས་ཕྱེད་པར་གནས། །མི་རྟོག་ཡེ་ཤེས་ངོ་སྤྲོད་ལྷག་མཐོང་བསྒོམ། །ཅེས་གསུངས་ཏེ། ལུས་གནད་སྐྱིལ་ཀྲུང་བཅའ་བ་ལས་ལག་པ་པུས་མོའི་སྟེང་གཉིས་སུ་བཀབ་པ་ལུགས་འདིའི་སེམས་ཉིད་ངལ་གསོའི་ཕྱག་སྟབས་ཡིན་ལ། མཇིང་པ་དགྱེ་ཞིང་མིག་མི་འགུལ་བར་ཧ་རེ། རླུང་ཐད་སོར་དར་ཅིག་བཞག་ནས། རླུང་རོ་གསུམ་མམ་དྲུག་ཕྱིར་སངས་ཀྱིས་ཕུལ། རྩ་གསུམ་ཀ་བ་ལྟར་ཡོད་པའི་སྤྱི་བོ་མགྲིན་པ། སྙིང་ག་ལྟེ་བ་བཞིར་འཁོར་ལོ་བཞི་གདུགས་ལྟར་གསལ་ཞིང་། རོ་རྐྱང་གཉིས་ཀྱི་མར་སྣ་སྤུ་ནག་གུ་ལ་ཐུག་པ་ནི་དབུ་མར་འདུད་ནས་ཡོད་པ། ཡར་སྣ་སྣ་བུག་གཉིས་ན་ཡོད་པ་ནས་རླུང་ཞུགས་ནས་དབུ་མར་སོང་ནས་གསལ་བདེ་མི་རྟོག་པའི་ཡེ་ཤེས་སྐྱེ་བར་བསྒོམ་ཞིང་། སྟེང་འོག་གི་རླུང་ཁ་སྦྱར་ལ་མ་ཡེངས་པར་རླུང་གི་དབྱིབས་དང་ཁ་དོག་ལ་སེམས་གཟུང་ངོ་། །དེ་ཡང་དབྱར་མེ། སྟོན་རླུང་། དགུན་ཆུ། དཔྱིད་སའི་རླུང་རྒྱུ་བས། དེའི་གཉེན་པོར་གོ་བཟློག་པའམ། ནམ་མཁའི་རླུང་འབའ་ཞིག་གམ། ནད་ཁམས་དང་བསྟུན་ནས་གང་འཕྲོད་བསྒོམ་པའོ། །སའི་རླུང་སེར། ཆུའི་དཀར། མེའི་དམར། རླུང་གི་ལྗང་། ནམ་མཁའི་རླུང་མཐིང་ག་རྣམས་ཀྱི་དབྱིབས་ཀྱང་། གྲུ་བཞི་དང་། ཟླ་གམ་དང་། གྲུ་གསུམ་དང་། གཞུ་བདུངས་པ་ལྟ་བུ་དང་། ཀུན་ནས་ཟླུམ་པོར་བསྒོམ་པ་ཡིན་ནོ། །དེའང་རླུང་ཁ་སྦྱར་ནས། ཐུབ་ཐང་བཟུང་ནས་དལ་གྱིས་ཕྱིར་སོང་དུས། ལྷག་ཅུང་ཟད་བཟུང་ལ་སྔ་མ་བཞིན་ཁ་དོག་དང་དབྱིབས་དབུ་མའི་ནང་སྙིང་གི་ཐད་སོར་བསྒོམས་ནས་འཁོར་ལོ་བཞིའི་དབུས་སུ་ཡང་དེ་ལྟར་བསྒོམ་མོ། །རྩ་དབུ་རྐྱང་རོ་གསུམ་ཀ་བ་ལྟར་དུ་ཡོད་བའི་གཡས་གཡོན་རོ་རྐྱང་གཉིས་ཀྱི་དཀྱིལ་དབུས་དྲང་པོར་ཡོད་པས་དབུ་མ་ཞེས་བྱ་ལ། རྩ་དབུ་མ་འདི་ལ་ངོས་འཛིན་ཚུལ་སྣ་ཚོགས་པ་ཡོད་ཀྱང་། དབུ་མ་ནི་བསྒོམས་པ་ལས་བྱུང་བའི་རྩ་ཡིན་པས་མཚན་ཉིད་བཞི་དང་ལྡན་པར་བཤད་ལ། འོན་ཀྱང་ཀུན་གཞི་སྲོག་རླུང་དང་བཅས་པའི་རྟེན་ནི་དེ་ཉིད་ཡིན་པས་འདོར་དུའང་མི་རུང་སྟེ། སྲོག་པ་རྩ་བཅད་ན་གནད་འཆད་པ་ཤིན་ཏུ་སླ་བའི་ཕྱིར་རོ། །དེ་བས་ན་གནས་པ་དང་། ཆོས་ཉིད་དང་། དོན་དམ་པའི་དབུ་མ་གསུམ་དུ་འདོད་པའི་ཕྱོགས་ནི་རིགས་པ་དང་བཅས་པ་ཡིན་ཏེ་རྡོ་རྗེ་གདན་བཞི་ལས། ལུས་སེམས་སྲོག་གི་དབྱུག་པ་ལ། །སྦྱོར་བ་དྲུག་གི་མན་ངག་གནས། །ཐབས་དང་ལྡན་ན་ཤིན་ཏུ་འབར། །ཞེས་པས་ཐབས་ནི་དེའི་ནང་དུ་ཆོས་ཉིད་ཀྱི་དབུ་མ་བསྒོམས་ནས་དེ་ལ་གནད་དུ་བསྣུན་པའི་དོན་ཡིན་ལ། དེའི་ནང་དུ་བསྒོམ་དགོས་པའི་རྒྱུ་མཚན་ནི་ཀུན་གཞི་སྲོག་རླུང་དང་བཅས་པ་དེ་ལ་བརྟེན་པས་སྲོག་གི་རླུང་སྦྱོང་བའི་དོན་དུ་སྟེ། ཡེ་ཤེས་ཐིག་ལེ་ལས། སྲོག་པ་དབྱུག་གུའི་ནང་ན་གནས། །སུམ་ཅུ་རྩ་གཉིས་མདུད་དང་བཅས། །ཕྲ་བའི་ཕྲ་བ་ཡང་དག་མཆོག །ཕྱི་རོལ་མ་ཡིན་ནང་མ་ཡིན། །ཞེས་པས་གནས་ཚུལ་གྱི་ངོས་ནས་སྲོག་གི་དབྱུག་གུའམ་སྲོག་འཛིན་པའི་རྩའི་ནང་ན་ཆོས་ཉིད་ཀྱི་རྩ། མཐིང་གི་ཤུན་པ་ལྟར་སྔོ་བ། པདྨའི་འདབ་མ་ལྟར་སྲབ་པ། ཏིལ་གྱི་མར་མེ་ལྟར་གསལ་བ། ཆུ་ཤིང་གི་ལྡེམ་བུ་ལྟར་དྲང་བ་སྟེ། མཚན་ཉིད་བཞི་དང་ལྡན་པ། འོད་གསལ་བའི་རང་བཞིན་ཐོགས་རེག་དང་བྲལ་བ་ཇི་སྲིད་དུ་ལུས་སེམས་དབུགས་གསུམ་གྱི་ཚོགས་པ་ཡོད་པ་དེ་སྲིད་རྩ་དེ་ཉིད་ཡོད་པས་མེད་པའང་མ་ཡིན་ལ། དེ་གསུམ་སོ་སོར་འགྱེས་པའི་ཚེ་རྩ་དེའང་དབུགས་དང་ལྷན་ཅིག་བལྟར་མི་མངོན་པས་དངོས་པོ་ལྟར་ཡོད་པའང་མ་ཡིན་པ་ཅན་གྱི་དབུ་མ་ཡོད་དོ། །དོན་དམ་པའི་དབུ་མ་ནི་གང་ལ་གནད་དུ་བསྣུན་པའི་འབྲས་བུའི་ངོ་བོ་ཉིད་ཡིན་ཏེ། ངོ་བོ་ཉིད་དེ་ཡང་མཐར་གྱི་ཚིག་བླ་དྭགས་ཙམ་དུ་ཟད་པས་ངོ་བོ་ཉིད་མེད་པ་ཞེས་བྱའོ། །དེ་ལྟ་བུའི་རྩ་དབུ་མ་དེ་ཉིད་ཀྱི་ལྟེ་འོག་ཙམ་ནས་རོ་རྐྱང་གཉིས་དང་འབྲེལ་བས་མ་ཚད་རྩ་མདུད་ཉི་ཤུ་རྩ་གཅིག་དང་བཅས་པ་དང་། རོ་རྐྱང་གཉིས་ཀ་སྣ་བུག་ཏུ་ཟུག་ཡོད་ཅིང་། རྩ་དབུ་མ་རོ་རྐྱང་གི་ཡན་ལག་ཅན་དེ་ལ་རྩ་འཁོར་ཆགས་ལུགས་ཇི་ལྟར་ཞེ་ན། དེ་ལས་གནས་པ་སྲོག་གི་དབྱུག་གུ་དང་བཅས་པའི་རྩ་དབུ་མ་རོ་རྐྱང་གི་ཡན་ལག་ཅན་ལ་རྩའི་འཁོར་ལོ་ཡང་སྐུ་གསུང་ཐུགས་བདེ་བ་ཆེན་པོ་ལྟར་ན་གསུམ་དུ་ཡོད་དེ། ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་དོ། །སྐུ་བཞིའི་ཡེ་ཤེས་ཀྱི་རིམ་པ་དང་སྦྱར་བའི་དབང་དུ་བྱས་ན་དེའི་སྟེང་དུ་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ན་རྩ་འདབ་སུམ་ཅུ་རྩ་གཉིས་ཡོད་དོ། །སྐུ་ལྔ་ལྷུན་གྲུབ་ཀྱི་དག་པ་དང་བསྟུན་ན་དེའི་སྟེང་དུ་གསང་གནས་བདེ་སྐྱོང་གི་འཁོར་ལོ་རྩ་འདབ་སུམ་ཅུ་རྩ་གཉིས་སོ། །སྦྱང་གཞི་སྦྱོང་བྱེད་ཀྱི་དབང་དུ་བྱས་ན་སྔ་མའི་སྟེང་དུ་གཙུག་ཏོར་ནམ་མཁའི་ཁམས་ཀྱི་འཁོར་ལོ་བསྣན་པའོ། །དེ་བས་ན་རྩ་འཁོར་མང་ཉུང་དང་། དེ་ལ་ཡི་གེ་དགོད་པ་ལ་སོགས་པའི་རྣམ་གྲངས་ལ་རྒྱུད་སྡེ་སོ་སོའི་ལུགས་མི་མཐུན་པ་ནི་སེམས་ཅན་གྱི་རྒྱུད་ཀྱི་ཉོན་མོངས་པ་དང་། རྩ་དང་། དབང་པོ་ཐ་དད་པའི་རིམ་པ་ལྟར་འདུལ་བྱེད་ཀྱི་མན་ངག་ཀྱང་དེ་བཞིན་དུ་བསྟན་པའོ། །འདི་ནས་སྐུ་བཞིའི་ཡེ་ཤེས་ཀྱི་རིམ་པ་དང་སྦྱར་ནས་འཁོར་ལོ་བཞི་གདུགས་རྩུབས་ལྟར་དུ་གསལ་ཞེས་པས། སྤྱིར་རྫོགས་ཆེན་དངོས་མའི་སྐབས་སུ་རླུང་སྣ་ནས་མི་གཏོང་བར་ཁ་ནས་གཏོང་བ་ཡིན་ཀྱང་། འདི་ནི་ཐུན་མོང་གི་རླུང་སྦྱོར་དང་བསྟུན་ཏེ། སྣ་བུག་གཉིས་ནས་རོ་རྐྱང་གི་རླུང་དབུ་མར་སོང་ནས། གསལ་བ་བདེ་བ་མི་རྟོག་པའི་ཡེ་ཤེས་སྐྱེ་བ་བསྒོམ་དགོས་ལ། དེ་ལྟར་སྒོམ་ནས་སྟེང་འོག་གི་རླུང་ཁ་སྦྱར་ནས་གཟུང་བ་ནི་འཇམ་རླུང་བུམ་པ་ཅན་ཡིན་ཅིང་། རླུང་འདི་ལ་ཕྱི་ནང་གསང་བའི་རླུང་གི་དབྱེ་བ་ཡོད་ཅིང་། ཕྱིའི་རླུང་སྲོག་འཛིན་མེ་ཉམས་ཁྱབ་བྱེད་ལ་སོགས་པ་དང་། ནང་གི་རླུང་འབྱུང་ལྔའི་རླུང་དང་། གསང་བའི་རླུང་གསང་འབྱུང་ཡེ་ཤེས་ཀྱི་རླུང་ལྔ་ཡིན་ཅིང་། འབྱུང་ལྔའི་རླུང་ལ་དབྱིབས་དང་ཁ་དོག་ཡོད་པར་བསྒོམ་པ་ནི། དུས་བཞིའི་རླུང་གི་རྒྱུ་བ་དང་གོ་ལྡོག་ནས་སྒོམ་པའམ་ཡང་ན་ནམ་མཁའི་རླུང་མཐིང་ཁ་རྐྱང་པ་སྒོམ་ནའང་ཆོག་ཅེས་གསུང་ལ། གང་ལྟར་ལྷག་རླུང་དབུ་མར་སྙིང་ཁའི་ཐད་སོར་བསྒོམ་པ་དང་། འཁོར་ལོ་བཞིའི་དབུས་སུ་ཡང་དེ་བཞིན་དུ་སྒོམ་དགོས་སོ། །དེ་ལྟར་གཅིག་བརྟན་དུས། བདེ་ཆེན་འཁོར་ལོར་ཆུ་རླུང་། ལོངས་སྤྱོད་དུ་ས་རླུང་། སྙིང་ནང་དུ་ནམ་མཁའི་རླུང་། ལྟེ་བ་མེ་རླུང་རྣམས་ཀྱི་ཁ་དོག་དང་དབྱིབས་བསྒོམ་པར་བྱའོ། །དེས་ནི་རླུང་ལྔ་ལས་སུ་རུང་བའི་རྟགས་སུ། ནང་གི་ཤེས་པ་གསལ་ལ་རྟོག་པ་མེད་པ་དང་། སྣང་བ་སྣ་ཚོགས་ཀྱི་སྟོང་གཟུགས་མཐོང་བར་འགྱུར་རོ། །དེ་ཡང་གཡས་རླུང་དབུ་མར་ཚུད་པའི་རྟགས་སུ་སྟོང་གཟུགས་ཀྱི་སྣང་བ་དུ་བ་ལྟ་བུ་འབྱུང་བའོ། །གཡོན་རླུང་ཚུད་པས་སྨིག་རྒྱུ་ལྟ་བུའོ། །མེ་རླུང་ལ་མར་མེ་དང་འོད་འབར་བའོ། །ཆུ་རླུང་ལ་སྤྲིན་དང་། མཐོངས་ཁུངས་ཀྱི་ཟླ་བའི་འོད་ཟེར་ལྟ་བུའོ། །ས་རླུང་ལ་གསེར་གྱི་མདོག་དང་། གློག་ལྟ་བུའོ། །ནམ་མཁའི་རླུང་ལ་དང་པོར་མཐིང་ག་ལས་འོད་ལྔའི་ཐིག་ལེའོ། །ཐམས་ཅད་དབུ་མར་སྲོག་དང་ཐུར་སེལ་གཉིས་ཀ་ཁ་སྦྱར་ནས་ནང་དུ་ཐུབ་ཐང་དུ་བཟུང་བའི་མཐའ་མར་དལ་མོ་བྱས་ནས་ཕྱིར་མངགས་པས་ཕྱི་ནང་གི་འབྱུང་བ་གཉིས་མེད་དལ་ཅིག་ལ་བཟུང་སྟེ་བརྟན་དུས་རླུང་སེམས་བྱེད་པ་གཅིག་པ་ཡིན་པས། རླུང་ལྔ་ལས་སུ་རུང་བའི་རྟགས་སུ་འོད་ལྔའི་འཇའ་ཚོན་དང་། ཐིག་ལེ་དང་། ལྷ་སྐུ་དང་། མཆོད་རྟེན་དང་། གཞལ་མེད་ཁང་དང་། དྲ་བ་དྲ་ཕྱེད་དང་། པདྨ་ལ་སོགས་པ་འོང་ངོ་། །དེའི་དུས་སུ་འགྲོ་དྲུག་གི་འཁོར་ལོ་དྲུག་ཏུ་རླུང་སེམས་འདུས་པའི་རྟགས་སུ་ལྷ་དང་མི་དང་དམྱལ་བ་ཡི་དྭགས་ལྷ་མ་ཡིན་དང་། དུད་འགྲོ་ལ་སོགས་པའི་ཡུལ་དང་སྣང་བ་འཆར་ཞིང་། རང་ཡང་དེར་གྱུར་པའམ་ཕྱིན་པ་ལྟ་བུ་འབྱུང་སྟེ། གནས་སྦྱོངས་ཀྱི་གདམས་ངག་གིས་ཐམས་ཅད་འཁྲུལ་པར་ཤེས་ནས་སེམས་ཅན་ལ་སྙིང་རྗེ་བསྐྱེད་ཅིང་སྒྱུ་མ་རྨི་ལམ་ལྟ་བུར་ཐག་བཅད། དེ་ནས་གནས་འབྱམས་ལ་འགྲོ་བས། ལུས་གནད་དང་དམིགས་གནད་བསྒྱུར་ལ་བསྒོམ་མོ། །ལུས་གནད་ཀྱི་ཁྱད་པར་དང་རླུང་སེམས་ཀྱི་འདུ་བ་ངན་པ་འཕྲོ་ལུགས་ཤིག་གིས་དྷ་དུ་ར་ཟོས་པས་སྲོག་རླུང་འདུས་པའི་འཁྲུལ་སྣང་ཤར་བ་ལྟར་དུ། འགྲོ་དྲུག་གི་འཁོར་ལོ་དྲུག་ཏུ་རླུང་སེམས་འདུས་ན། འགྲོ་དྲུག་གི་བདེ་སྡུག་སྣ་ཚོགས་ཤར་བ་ཡིན་ལ། དེ་དུས་སེམས་ཅན་ལ་སྙིང་རྗེ་བསྒོམས་ནས་གནས་དེ་ནས་འདྲེན་ཐུབ་པའི་སེམས་བསྐྱེད་པ་དང་། གནས་སྦྱོང་གི་གདམས་ངག་དྲན་ཞོར་དུ་འཁྲུལ་བའི་གཞི་རྩ་གཅད་དགོས། ཟད་པ་ས་ཆུ་མེ་རླུང་ལ་སོགས་པའི་ཏིང་ངེ་འཛིན་ལ་དབང་ཐོབ་དུས། གཞན་སྣང་ལ་ལུས་དེ་དང་དེར་སྣང་བའི་རྫུ་འཕྲུལ་གྱི་བཀོད་པ་ཡང་འགྲུབ་པ་ཡིན་ལ། དེ་དུས་འབྱུང་ལྔའི་ནང་གི་ས་ལྟ་བུ་ཞིག་ལ་མཚོན་ན། སའི་རླུང་གི་དྭངས་མ་དབུ་མར་ཚུད་པས་ཟད་པ་སའི་ཏིང་ངེ་འཛིན་ལ་དབང་བསྒྱུར། ནང་ནས་སེམས་གནས་ཁྱད་པར་ཅན་དང་། ཕྱི་རོལ་ཏུ་རིན་འབྱུང་གི་ངོ་བོར་འོད་སེར་བོ་གསལ་བ་དང་། ང་རྒྱལ་གནས་སུ་དག མཉམ་ཉིད་ཡེ་ཤེས་ལ་སྤྱོད། ལྷོ་ཕྱོགས་རིན་ཆེན་བརྩེགས་པའི་ཞིང་ཁམས་སུ་བཀོད་པ་ལ་སོགས་པའི་ཡོན་ཏན་སྣ་ཚོགས་པ་འགྲུབ་པའོ། །དེ་ལྟར་དུ་འབྱུང་བ་སོ་སོར་དང་སྐུ་ལྔ་ཡེ་ཤེས་ལྔ་ཞིང་ཁམས་ལྔ་ལ་སོགས་པར་རིགས་འགྲེའོ། །དེ་ལྟར་རླུང་གི་རྣལ་འབྱོར་གྱི་ཐབས་དེས་ཤེས་པ་གསལ་དངས་ཕྱེད་དུས། དེ་ཉིད་ཀྱི་ངོ་བོ་ཡོད་མེད་སྤྲོས་བྲལ་ནམ་མཁའ་ལྟ་བུར་ངོ་སྤྲད་ནས། གང་དུ་ཡང་དམིགས་པ་མེད་པ་བསྒོམས་ན་ཆོས་ཉིད་དོན་གྱི་ཡེ་ཤེས་ལྷག་མཐོང་གི་ངོ་བོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡིན་ནོ། །དེ་ལྟ་མ་ཡིན་པར་མཐོང་སྣང་ལ་དགག་སྒྲུབ་ཏུ་ཞེན་ན། ཕྱི་རོལ་པའི་ལམ་དང་ཁྱད་མེད་པས་སྣང་བ་འཛིན་མེད་ཀྱི་ཤེས་རབ་དང་མ་བྲལ་བ་གལ་ཆེ་སྟེ། ལང་ཀར་གཤེགས་པ་ལས། སངས་རྒྱས་དང་ནི་བྱང་ཆུབ་ལ། །ཡང་དང་ཡང་དུ་ཕྱག་འཚལ་ཏེ། །བདག་མེད་པ་ལ་རྣམ་པར་བསྒོམ། །འོད་དང་པདྨོ་ལྟ་བུ་དང་། །རི་མོ་ནམ་མཁའི་འཇའ་འདྲ་མཐོང་། །མཚན་མ་སྣ་ཚོགས་དེ་དག་ནི། །མུ་སྟེགས་ཅན་ལམ་འཁྲིད་པར་བྱེད། །ཉན་ཐོས་དག་དང་རང་རྒྱལ་གྱི། །སྤྱོད་ཡུལ་དུ་ཡང་ལྟུང་བར་བྱེད། །རྣལ་འབྱོར་སྣང་བ་མེད་གྱུར་པ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །དེ་ཚེ་སངས་རྒྱས་ལྷ་ཡི་ཕྱག །སངས་རྒྱས་ཞིང་ནས་བྱུང་བ་ཡིས། །དེ་ཡི་མགོ་ལ་བྱུག་མཛད་དེ། །ཡང་དག་རྗེས་སུ་འགྲོ་བའི་ལྟས། །ཞེས་སོ། །རླུང་གི་རེག་བྱ་དང་གྲངས་ལ་བསླབ་པར་བསྟན་པ་ནི། དེ་ལྟར་གནད་དུ་བསྣུན་པས་རླུང་གི་རེག་བྱ་དང་གྲངས་ལ་ཡང་བསླབ་བོ། །རེག་བྱ་ནི་འབྱུང་བ་སོ་སོའི་མཚན་ཉིད་བཞིན་བསྒོམས་ལ་གྲངས་ཕྲེང་བ་ལ་བགྲངས་པས་རླུང་འགག་སྟོབས་ཀྱི་རིམ་པ་སྔར་བས་དབུགས་ཀྱི་རྒྱུ་བ་ཇེ་ཉུང་དུ་འགྲོ་སྟེ། ཇི་ཞིག་ན་ད་ལྟའི་རླུང་ཉིས་བརྒྱ་ལྔ་བཅུ་རྩ་བརྒྱད་ཀྱི་རིང་ལ། དེ་དུས་དབུགས་གཅིག་ལས་མི་རྒྱུ་ཞིང་དབུགས་གཅིག་གིས་ཆོག་པར་རེད་ནས། མཐར་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཐམས་ཅད་དབུགས་གཅིག་གི་རིང་ལ་འགག་སྟེ། རླུང་ལས་སུ་རུང་བའི་ཡོན་ཏན། ལུས་ཡང་བ་དང་། འཇག་མའི་རྩེ་ལ་སྐྱིལ་ཀྲུང་བཅའ་ནུས་པ་དང་། མངོན་ཤེས་དང་། རྫུ་འཕྲུལ་གྲུབ་པ་དང་། རྐང་མགྱོགས་ལ་སོགས་པའི་ཐུན་མོང་གི་དངོས་གྲུབ་ཕྲན་ཚེགས་འགྲུབ་བོ། །དེའི་དུས་སུ་རང་བཞིན་གྱི་རླུང་ལྔ་དང་། དབང་པོ་ལྔ་ལ་རྒྱུ་བའི་རླུང་ཡང་དབང་དུ་འདུས་པའོ། །རང་བཞིན་གྱི་རླུང་ལྔ་ནི། སྲོག་རླུང་། མེ་མཉམ། ཁྱབ་བྱེད། གྱེན་རྒྱུ། ཐུར་སེལ་ལོ། །གནས་ནི་སྙིང་ག ལྟེ་བ། ལུས་བྱིངས། རོ་སྟོད། རོ་སྨད་ན་གནས་སོ། །དབང་པོ་ལྔའི་རླུང་ནི། མིག རྣ་བ། སྣ། ལྕེ། ལུས་ཀྱི་དབང་པོ་སོ་སོ་ལ་རྒྱུ་བའོ། །གཉིས་པ།

བརྟེན་པ་ཁམས་ལ་བསླབ་པའི་རྣལ་འབྱོར།

དེ་ནས་རྩོལ་བའི་སྦྱོར་བས་ཁམས་ལ་མ་བསླབས་ན། ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་མི་འགྲུབ་པས། འདིར་དེ་བཤད་པ་ནི། དེ་ནས་ཁམས་ལ་བསླབ་པའི་རིམ་པ་ཡང་། །ཨ་ཤད་མེ་ཡིས་རི་བོང་ཅན་བཞུ་བས། །བདེ་ཆེན་ངང་ལ་མི་རྟོག་སྦྱངས་རྗེས་སུ། །འཁོར་ལོ་བཞི་དབུས་རྩ་གསུམ་སྟེང་འོག་ལས། །ཉི་ཟླའི་འགྲོས་ཅན་དབུ་མར་མཉམ་ཞུགས་ཏེ། །དབུས་སུ་རྣམ་འདྲེས་ཨེ་ཝཾ་ཟུང་འཇུག་ནི། །ལྔ་ལྡན་ཆེས་ཕྲ་འོད་གསལ་ངང་ཉིད་ལས། །མཆོག་རབ་རྣམས་ལ་ནམ་མཁའི་གཟུགས་ཅན་ཏེ། །གཞན་ལ་མི་རྟོག་ཞི་གནས་འགྲུབ་པ་ཡིན། །ཅེས་གསུངས་ཏེ། ཁམས་བྱང་ཆུབ་ཀྱི་སེམས་ལ་བསླབ་པ་འདི་ལ་ནང་གསེས་སུ་གཏུམ་མོ་ཡེ་ཤེས་ཀྱི་འཁོར་ལོ། བདེ་ཆེན་ཆོས་ཉིད་ཀྱི་འཁོར་ལོ། རྩལ་སྦྱོངས་བོགས་འབྱིན་གྱི་འཁོར་ལོ་དང་གསུམ་དུ་གནས་པ་ལས། དང་པོ་དང་སྦྱར་ཏེ་བཤད་པ་ནི། ལུས་གནད་དང་རྩ་གསུམ་འཁོར་ལོ་བཞི་སྔར་དང་འདྲ་བ་ལས། ལྟེ་བའི་ཐད་ཀྱི་དབུ་མའི་ནང་ན། ཨ་ཤད་རེག་བྱ་ཚ་བ་རྟ་རྔ་ཙམ་ལས་མེ་འབར་བ་སྤྱི་བོ་བདེ་ཆེན་འཁོར་ལོ་ནས་ཧཾ་ཐུར་དུ་བལྟ་བ་ལ་རེག་པས། བྱང་ཆུབ་ཀྱི་སེམས་བབས་ཏེ། དབུ་མ་གང་བས་བདེ་བ་རྒྱས་པའི་ངང་ལ་དར་ཅིག་བསྒོམས་པས། རོ་མའི་དངས་མ་དཀར་པོ་དང་། རྐྱང་མའི་དམར་པོ་གཉིས་དབུ་མའི་ཡར་སྣ་མར་སྣ་ནས་ཞུགས་པ་སྙིང་གར་འདྲེས་ཏེ། འདི་ཕོ་མོ་ལ་འབབ་ལུགས་ཀྱི་ཁྱད་པར་ཡོད་ལ། བདེ་བ་དང་གསལ་བའི་ཨེ་ཝཾ་ཟུང་འཇུག་གི་ཉམས་སྐྱེའོ། །རྟ་གདོང་རྒོད་མ་ཁའི་མེས་རྒྱ་མཚོ་ཟ་བ་ལྟར་ཉི་མའི་རང་བཞིན་ཡུམ་གྱི་བདག་ཉིད་ཅན་ཨ་ཤད་ལས་བྱུང་བའི་མེས་ཕུང་ཁམས་མ་ལུས་པ་ཟ་བར་བྱེད་པས་གཏུམ་མོ་ཞེས་བྱ་སྟེ། དེ་ཉིད་འཁོར་ལོ་དྲུག་དུ་བརྩེགས་པའི་སྲོག་ཤིང་ལྟ་བུའི་དབུ་མ་སྒྲ་གཅན་གྱི་དབྱིངས་སུ་སྲོག་རྩོལ་གྱི་ཤིང་རྟས་འཁོར་ལོ་སོ་སོའི་གནས་ནས་རིམ་གྱིས་དྲངས་པ་ལས་སྤྱི་བོར་རི་བོང་འཛིན་པའམ་ཡབ་ཀྱི་བདག་ཉིད་ཀྱི་ཧཾ་ཐུར་བསྟན་དང་རེག་པ་འཕྲོད་པ་ལས་དངས་མ་དཀར་པོར་བབ་པས་དབུ་མ་དང་། བདེ་བ་སྐྱེས་པའི་ངང་ལ་དར་ཅིག་གློད། དེ་ནས་རོ་མའི་དངས་མ་དཀར་པོ་དང་། རྐྱང་མའི་དམར་པོ་གཉིས་དབུ་མའི་ཡར་སྣ་མར་སྣ་ནས་ཞུགས་པ་སྙིང་གར་འདྲེས་པའི་བདེ་གསལ་ཟུང་འཇུག་གི་ཨེ་ཝཾ་ཆེན་པོའི་ཉམས་བསྐྱང་བ་ཡིན་ནོ། །དེ་ནས་ཐིག་ལེ་གོང་བུ་འོད་ལྔའི་སྣང་བ་ལས་ཇེ་ཕྲར་གྱུར་པ་ལ་སེམས་གཏད་ནས་བསྒོམ་པ་ནི། བདེ་མཆོག་ལས། རྟག་ཏུ་སྙིང་ལ་གནས་པ་ཡི། །ཐིག་ལེ་གཅིག་ལ་འགྱུར་བ་མེད། །དེ་སྒོམ་བྱེད་པའི་སྐྱེ་བོ་ལ། །ངེས་པར་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་སོ། །དེ་ནས་མཐར་ཅི་ཡང་དམིགས་སུ་མེད་པར་བཞག་པས་དབང་པོ་ཡང་རབ་ཁ་ཅིག་དེ་ཉིད་དུ་འོད་གསལ་ནམ་མཁའ་ལྟ་བུའི་དོན་སྐྱེས་ནས། ཉིན་མཚན་འཁོར་ཡུག་གི་ཏིང་ངེ་འཛིན་ལ་གནས་པས་རྡོ་རྗེ་འཆང་གི་ས་འགྲུབ་བོ། །དོན་དམ་ཆོས་ཉིད་ཀྱི་དབུ་མ་ནི་ཡོད་ལ་རྫས་སུ་གྲུབ་པ་མ་ཡིན་པས་སྒྲ་གཅན་ཏེ། ཕྱི་ལྟར་དུ་དེའི་གདོང་མཇུག་གཉིས་ཀྱིས་ཉི་ཟླ་བཟའ་བར་བྱེད་པས་ནང་ལྟར་དུ་ཁམས་དཀར་དམར་གྱི་རང་བཞིན་ཨ་ཧཾ་གཉིས་དབུ་མའི་ཡས་མར་གྱི་སྣ་རྩེར་གནས་པའི་འབར་འཛག་གི་ཏིང་ངེ་འཛིན་གོམས་པ་ལས་དབུ་མར་རླུང་ཞུགས་གནས་ཐིམ་གསུམ་གྱི་བྱ་བ་བྱེད་ཅིང་། ཉི་མ་དང་ཟླ་བའི་རང་བཞིན་ཁམས་དཀར་དམར་གཉིས་དབུ་མའི་ནང་དུ་རྒྱུན་མི་ཆད་དུ་འབབ་པར་བསྒོམ་པའི་བྱེད་པ་འཆིང་བ་ལ་ནུས་པ་ཐོབ་ན་ཕྱི་རོལ་དུ་ཉི་ཟླ་གཟས་འཛིན་པར་མི་ནུས་ཤིང་། གཏོད་ལ་གནོན་པ་སོགས་ནུས་པའོ། །དེ་ལྟ་བུའི་ནུས་པ་མི་ཐོན་པའི་གང་ཟག་གཞན་རྣམས་ལའང་ཞི་གནས་ཀྱི་ཏིང་ངེ་འཛིན་སྐྱེ་བ་ཡིན་ནོ། །གཉིས་པ་དང་སྦྱར་ཏེ་བཤད་པ་ནི། ལྟེ་བར་གཏུམ་མོ་ལས་མེ་བྱུང་སྟེ། སྤྱི་བོར་བཾ་གྱི་དབྱིབས་ཅན་གྱི་ཐིག་ལེ་ཟླུམ་པོ་ལ་ཕོག་པ་ལས། དངས་མ་དཀར་པོ་བབ། མི་རྟོག་པའི་བདེ་བ་སྐྱེས་ནས་སྙིང་གའི་དབུས་ན་ཨེ་མཐིང་ག་དང་སྤྱི་བོའི་བཾ་གཅིག་ཏུ་འདྲེས་པའི་གོང་བུ་སྲན་མ་ཙམ་ལ་སེམས་བཟུང་བ་དེ་ཡང་ཇེ་ཕྲར་གྱུར་ནས་མཐར་ཡིད་ལ་མི་བྱེད་པའི་ངང་ལ་གཞག་གོ །ཐབས་འདིས་རིག་པ་འོད་གསལ་དུ་སོང་ནས་སྟོང་གསལ་སྤྲོས་བྲལ་ནང་དུ་སྐྱེ་ཞིང་། སྣང་བ་འོད་ལྔར་གསལ་བ་དང་། རིག་པ་ལས་གཞན་པའི་སེམས་སེམས་བྱུང་འགགས་ཏེ། ཞི་གནས་སུ་སོང་བ་དག་དུས་མཉམ་དུ་འབྱུང་བ་ཡིན་ནོ། །འདི་ནི་གཏུམ་མོ་འབར་ཚུལ་སྔར་དང་འདྲ་བ་ལས་ཨེ་ཝཾ་ཟུང་དུ་འཇུག་པའི་ཚུལ་སྙིང་གར་ཨ་ཡིག་དང་སྤྱི་བོའི་བཾ་འདྲེས་པའི་གོང་བུ་སྲན་མ་ཙམ་ལ་སེམས་གཟུང་ངོ་། །གསུམ་པ་དང་སྦྱར་ཏེ་བཤད་པ་ནི། ཆགས་བྲལ་རྣམས། རླུང་དང་ཁམས་གཉིས་དུས་མཉམ་ཟུང་འཇུག་ཏུ་བྱེད་པས། ལྟེ་བར་མེ་རླུང་ཨེའི་རྣམ་པ་ལས་ཧཾ་ཡིག་དེ་ཉིད་ཞུ་ནས། དབུ་མ་དང་འཁོར་ལོ་བཞི་ལ་ཁྱབ་པར་རླུང་སེམས་ཀྱི་ཐིག་ལེ་དཀར་པོ་ཐུར་འབབ་དང་དམར་པོ་གྱེན་འགྲོ་གཉིས་སྙིང་གར་འདྲེས་པས། ཡེ་ཤེས་ལྔའི་ངོ་བོ་སྤྲོས་བྲལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འཆར་བ་ཉིད་དུ་བསྒོམ་ཞིང་། བསྒོམ་པ་ཙམ་གྱིས་མ་ཟད་དེའི་ངང་ལ་བློ་དེས་བསྒོམ་པ་དེ་ཡང་ཡིད་ལ་མི་བྱེད་པར། ནམ་མཁའི་གཟུགས་ཅན་གཉུག་མ་ལྷན་ཅིག་སྐྱེས་པ་ནང་དུ་ཤར་དུས། རྟོག་པ་ཆོས་ཉིད་དུ་ཞི་བར་གནས་པ་ཡིན་ནོ། །ཆགས་ཅན་ལས་ཀྱི་ཕྱག་རྒྱ་དང་སྦྱོར་ཏེ་བཤད་པ་ནི། ལྷན་ཅིག་རོལ་པ་ལས། ལྷ་མོའི་པདྨོའི་ཁོང་གསེང་ཨེའི་དབྱིབས་ཅན་ནས་དགའ་བའི་མེ་གཡོས་པས། ཡབ་ཀྱི་རི་བོང་ཅན་ཧཾ་འཛག་པའི་ངང་ལ་དར་ཅིག་བློ་གནས་པ་ནི་དགའ་བའོ། །དེ་ནས་སྤྱི་བོ་ནས་མགྲིན་པར་གཡོས་པ་ཉིད་སྙིང་གར་བབས་པ་ནི་མཆོག་དགའ་འོ། །ལྟེ་བའི་བར་ནི་དགའ་བྲལ་ལོ། །གསང་བར་བབ་པ་ནི་ལྷན་ཅིག་སྐྱེས་དགའ་འོ། །རྡོ་རྗེ་ནོར་བུའི་བུམ་པར་བརྟན་པ་ལ། ཇི་སྲིད་འདོད་པར་མཉམ་པར་གཞག་པ་ནི་ཟླ་བའི་འགྲོས་ཅན་སྟེང་ནས་འོག་ཏུ་འགྲོ་བ་ཡས་བརྟན་གྱི་དགའ་བ་བཞིའོ། །སླར་ཡང་ཡུམ་གྱི་དངས་མ་དྲངས་ཏེ། གསང་བ་ནས་ལྟེ་བའི་བར་སླེབ་པ་དགའ་བའོ། །སྙིང་གའི་བར་མཆོག་དགའ་འོ། །དེ་ནས་མགྲིན་པའི་བར་ལྷན་ཅིག་དགའ་བྲལ་ཞེས་བྱའོ། །དེ་ནས་སྤྱི་བོའི་བར་ལྷན་ཅིག་སྐྱེས་དགའ་འོ། །དེ་ནས་གཅིག་དང་དུ་མ་མེད་པའི་ངང་དུ་བློ་གནས་པ་ནི། ཆོས་ཉིད་ནམ་མཁའི་གཟུགས་ཅན་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ལ་གནས་པའོ། །དེའི་ཚེ་ཡབ་ལ་འོད་གསལ་ཤར་བ་ལས་གཞན་ཡུམ་ལ་མི་རྟོག་པའི་བདེ་བ་དར་གཅིག་གནས་སོ། །འདི་ནི་གསང་སྔགས་ཆེན་པོ་ཡོངས་སུ་གྲུབ་པ་དག་གིས་ཐབས་ཀྱི་སྙིང་པོར་གསུངས་ཏེ། སྐལ་བ་ཅན་འགའ་ཡི་ལམ་ཡིན་གྱིས། ཐམས་ཅད་ཀྱི་ནི་མ་ཡིན་ཏེ། རླུང་སེམས་འཛག་མེད་ལ་དབང་མ་ཐོབ་པའི་ཕྱིར་རོ། །དེ་གསུམ་གའང་མཐར་སེམས་དང་སེམས་བྱུང་ཞི་བའི་མི་རྟོག་པ་ལ་མཉམ་པར་འཇོག་པ་ནི་མཐུན་ཏེ། ཐབས་དེས་འགྲུབ་པའི་རང་འབྲས་ནི་ལྷག་མཐོང་གི་རྟོགས་པ་བདེ་གསལ་མི་རྟོག་པའི་ཉམས་ལས་འདས་པའི་ཡེ་ཤེས་དངོས་པོ་དང་དངོས་མེད་དང་། བསྒོམ་པ་ལས་འདས་པ་ཉིད་དུ་ཤེས་དགོས་པའི་ཕྱིར་ཏེ་གསང་བ་འདུས་པ་ལས། བསྒོམ་པ་མེད་པ་བསྒོམ་པའི་དངོས། །བསྒོམས་པ་ཉིད་ནི་བསྒོམས་པ་མིན། །དེ་ལྟར་དངོས་དང་དངོས་མེད་པས། །བསྒོམ་པ་དམིགས་སུ་མེད་པའོ། །ཞེས་སོ། །དེ་ཡང་རྩ་གནས་སྤྱི་དང་བྱེ་བྲག་པའི་འཁོར་ལོ་སོ་སོར་རླུང་ཟིན་པས་ཐིག་ལེ་ཟིན། ཐིག་ལེ་ཟིན་པས་མི་འགྱུར་བའི་བདེ་བ་ཟིན་ཞིང་འཕེལ་བ་ལས་འཁོར་ལོ་སོ་སོར་རླུང་སེམས་ལས་སུ་རུང་། དུས་སྦྱོར་བཅུ་གཉིས་ཀྱི་རླུང་དག་པ་ལས་ཚོགས་དང་། སྦྱོར་བ་དང་། མཐོང་བ་དང་། བསྒོམ་པའི་ལམ་བཞི་རྫོགས་པའི་ཡོན་ཏན་འཐོབ་པ་ཡང་། དབུ་མ་ལ་རོ་རྐྱང་གི་མདུད་པ་ཉི་ཤུ་རྩ་གཅིག་ཏུ་བྱས་པའི་གཉིས་གཉིས་གྲོལ་པ་ལས་ས་བཅུ་པོ་རེ་རེ་བགྲོད་པའང་ཁམས་དངས་མ་རེ་དང་རླུང་དངས་མ་རེ་དེར་ཆུད་པའི་ཡོན་ཏན་དུ་ཤེས་པར་བྱའོ། །དེ་ཡང་རྩ་གནད་དུ་འགྲོ་བ་ལ་ལུས་གནད། རླུང་གནད་དུ་འགྲོ་བ་ལ་འཁྲུལ་འཁོར། ཐིག་ལེ་གནད་དུ་འགྲོ་བ་ལ་རྩོལ་བ་གལ་ཆེ་བ་ནི་སྤྱིར་གཅེས་ལ། བྱེ་བྲག་ཏུ་ལུས་ཀྱི་རྟེན་རྩ་ནི་ཡུར་བ་དང་འདྲ་སྟེ་རླུང་རྒྱུ་བའི་ལམ་ཡིན་པས་སྲོག་རྩོལ་ལ་བརྟེན་ནས་རྩ་ལམ་སྦྱང་བར་བྱའོ། །ངག་གི་རྟེན་རླུང་ནི་འཁོར་འདས་གཉིས་ཀར་འགྲོ་བའི་ཁ་ལོ་པ་ལྟ་བུ་ཡིན་པས་འཁོར་བའི་བྱེད་པ་བཅིང་བའི་གནད་ལ་མཁས་པར་བྱའོ། །ཡིད་ཀྱི་རྟེན་ཐིག་ལེ་ནི་དོན་དམ་པའི་བྱང་ཆུབ་སེམས་ཀྱི་ཡང་རྟེན་ཡིན་པས་རླུང་གི་གནད་ལ་བརྟེན་ནས་ཁྲིད་སར་འདུ་བར་བྱས་ཏེ་རྣམ་པར་འགྱུར་བ་མེད་པ་ཡེ་ཤེས་ཀྱི་རླུང་དང་ལྷན་ཅིག་གཙུག་ཏོར་གྱི་རྩེ་མོར་བཅིང་བར་བྱའོ། །དེ་ལྟ་བུའི་རྩ་རླུང་ཐེག་ལེའི་འགྲོས་ཇི་ལྟར་དག་དགོས་པའི་སྤྱིའི་གོ་དོན་རགས་རིམ་གྱིས་ཞུས་ནས། གོང་ནས་གསུངས་མ་ཐག་པའི་ཐབས་ལམ་འདི་ནི་རླུང་སེམས་ལ་རང་དབང་ཐོབ་པའི་སྐལ་ལྡན་འགའ་ཡི་ཡུལ་ཡིན་པ་སྟེ། མཚན་གཞི་བཞག་ན་སློབ་དཔོན་པདྨ་དང་། ཌོམྦྷི་ཧེ་རུ་ཀ་ལྟ་བུ་ལས་གཞན་ཐམས་ཅད་ཀྱི་སྤྱོད་ཡུལ་མ་ཡིན་ཅིང་། ཁྱད་པར་དུ་ཚངས་པར་སྤྱོད་པས་མི་བྱ་སྟེ། ཕས་ཕམ་པས་གོས་པར་འགྱུར་ཏེ་ལམ་སྒྲོན་ལས། གསང་བ་ཤེས་རབ་དབང་བསྐུར་ནི། །ཚངས་པར་སྤྱོད་པས་བླང་མི་བྱ། །ཞེས་སོ། །ལེའུ་ཉི་ཤུ་པ་འོད་གསལ་མཆོག་གི་བསམ་གཏན་བསྒོམ་པའི་རིམ་པ་འདི་ལ་ཐབས་ཞི་གནས་སྒྲུབ་པ་དང་། ཐབས་བྱུང་ལྷག་མཐོང་སྒོམ་པ་གཉིས་ཀྱི་ཆིངས་ཀྱིས་བཅིངས་ནས། དེའི་ནང་གི་ཞིི་གནས་དེ་ལའང་སྤྱི་བྱེ་བྲག་གཉིས་ཀྱིས་བཤད་པ་དང་། བྱེ་བྲག་དེ་ཉིད་ཀྱང་མདོར་བསྟན་རྒྱས་བཤད། དེ་ཐབས་ཡིན་ཚུལ་དང་གསུམ་གྱིས་བཤད་པ་ལས། རྒྱས་བཤད་ཡན་སོང་ནས། གསུམ་པ།

དེ་ཐབས་ཡིན་ཚུལ་བསྟན་པ།

མདོ་རྒྱུད་ཐབས་མཐུན་པར་སྦྱར་བ་ནི། མདོ་དང་བསྟན་བཅོས་དག་ལས་རླུང་དང་ནི། །ཕྱི་རོལ་དམིགས་པའི་རྟེན་ལ་སེམས་བཟུང་བས། །ཞི་གནས་སྒྲུབ་དང་འདི་ནི་མཚུངས་པར་བསྟན། །ཞེས་གསུངས་ཏེ། ཁ་ཅིག་རྩ་རླུང་ཕྱི་རོལ་པ་ལའང་ཡོད་པའི་ཕྱིར་ལམ་དམན་པའོ་སྙམ་ན། ཉི་མའི་སྙིང་པོའི་མདོ་དང་། མཛོད་ལ་སོགས་པ་ཐེག་པ་ཆེ་ཆུང་གི་མདོ་དང་བསྟན་བཅོས་དག་ལས། རྣམ་རྟོག་གི་གཉེན་པོར་རླུང་བསྒོམས་པས། ཏིང་ངེ་འཛིན་སྐྱེ་བར་གསུངས་པ་དེ་ཡང་དམན་པར་འགྱུར་རོ། །དེས་ན་ཏིང་ངེ་འཛིན་སྐྱེ་བའི་ཐབས་སུ་མདོ་རྒྱུད་ཀུན་མཐུན་པས་འགལ་བ་མེད་པ་ཡིན་ནོ། །ཞེས་ཐེ་ཚོམ་བཅད་པ་དང་ཆབས་ཅིག་ཏུ་ལོག་རྟོག་ཀྱང་བཀག་པའོ། །གཉིས་པ་ཐབས་བྱུང་ལ། རང་བྱུང་འོད་གསལ་གྱི་ལྷག་མཐོང་ངོས་བཟུང་བ་དང་། ལོག་པར་རྟོག་པ་གཞན་གྱི་ལུགས་དགག་པ་གཉིས། དང་པོ་ལ། ཐོག་མར་ངོ་སྤྲོད་པའི་ཚུལ། བར་དུ་ངང་སྐྱོང་བའི་ཚུལ། མཐར་དེ་ལས་ཡོན་ཏན་འབྱུང་བའི་ཚུལ་གསུམ། དང་པོ།

ཐོག་མར་ངོ་སྤྲོད་པའི་ཚུལ།

ད་ནི་ཐབས་དེས་འགྲུབ་པའི་རང་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་ལ་ཡོད་པ་ཤར་བ་ཉིད་ངོ་སྤྲད་པ་ནི། ཐབས་དེས་འགྲུབ་པའི་ལྷག་མཐོང་ཡེ་ཤེས་ནི། །གསལ་བདེའི་ངང་དེར་གནས་དང་མི་གནས་དང་། །ཡོད་མེད་ཡིན་མིན་མཚོན་བརྗོད་འདས་པའི་མདངས། །རང་རིག་སྤྲོས་བྲལ་དངས་གསལ་ལྷག་གེ་བ། །རྒྱ་ཆད་ཕྱོགས་མེད་ནམ་མཁའ་ལྟ་བུ་ལ། །དངས་གསལ་མི་གཡོ་ཉི་ཟླའི་དཀྱིལ་འཁོར་བཞིན། །ཀུན་རྟོག་རྙོག་བྲལ་རྒྱ་མཚོ་ལྟ་བུ་སྟེ། །རང་བྱུང་ཡེ་ཤེས་སེམས་ཉིད་འོད་གསལ་དུ། །དམ་པ་རྣམས་ཀྱིས་ངོ་སྤྲད་ཆོས་ཀྱི་སྐུ། །ལྷན་ཅིག་སྐྱེས་ཏེ་རྟག་ཏུ་བསྒོམ་པར་བྱ། །ཞེས་གསུངས་ཏེ། བདག་ཅག་གི་བླ་མ་དམ་པ། དཔལ་ལྡན་ཆོས་ཀྱི་རྗེ་རིན་པོ་ཆེ་བ་ནི་ཕྱག་རྒྱ་ཆེན་པོ་བཞི་པའི་ཡེ་ཤེས་འདི་ལྟར་བཞེད་དེ། སྔར་རླུང་གི་དུས་གསལ་བའི་རིག་པ་རྟོག་མེད་དང་ཐིག་ལེའི་དུས་བདེ་བའི་རིག་པ་གསལ་བ་གཉིས་ཀྱི་ངང་དེ་ན། རང་གི་རིག་ངོ་དེ་ལ་ཆེར་གྱིས་བལྟས་པས། བདེ་གསལ་མི་རྟོག་ཙམ་དུའང་གནས་མི་གནས་སུ་མི་འདུག གསལ་སྟོང་རང་རིག་གི་ངོ་བོར་ཡིན་མིན་དང་ཡོད་མེད་དུ་མི་འདུག དཔེས་མི་མཚོན་བསམ་བརྗོད་ལས་འདས་པའི་དོན་རང་སངས་རང་རིག་དྭངས་ལ་མི་གཡོ་བ་རྒྱ་མཚོ་ལྟ་བུ། གསལ་ལ་རྟོག་པ་མེད་པ་ཉི་ཟླའི་དཀྱིལ་འཁོར་ལྟ་བུ། རྒྱ་ཆད་དང་ཕྱོགས་ལྷུང་མེད་པ་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ལྟ་བུ། སེམས་དང་སེམས་བྱུང་གི་སྤྲོས་པ་ཞི་བའི་རང་རིག་དེ་ཉིད་ཆོས་སྐུ་ཕྱག་རྒྱ་ཆེན་པོ་རང་བྱུང་གི་ཡེ་ཤེས་སུ་ངོ་སྤྲོད་མཛད་ཅིང་རྫོགས་པ་ཆེན་པོ་དང་། དབུ་མ་ཆེན་པོ་དང་། སྦྱོར་བ་ཡན་ལག་དྲུག་གི་སྙིང་པོ་དང་། ལམ་འབྲས་བུ་དང་བཅས་པའི་ངོ་བོ་དང་། སྤྲོས་པ་མ་ལུས་ཞི་བའི་ཞི་བྱེད་དང་། གནས་ལུགས་དོན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དེ་ཡིན་ནོ་གསུང་། ཁོ་བོས་ཀྱང་ཉམས་སུ་མྱོང་བ་ཅུང་ཟད་སྐྱེས་པའི་དོན། མདོ་རྒྱུད་ན་དེ་ལྟར་བཞུགས་པ་ལེགས་པར་མཐོང་སྟེ། ཕྱག་རྒྱ་ཆེན་པོ་དབང་བཞི་བའི་དོན་གྱི་ཡེ་ཤེས། གསལ་སྟོང་བདེ་སྟོང་གཉིས་སུ་མ་ཡིན་གཉིས་མིན་ལས་འདས་པ། རིག་སྟོང་སྤྲོས་པ་དང་བྲལ་བའི་རྣམ་མེད་སྟོང་བ་ཆེན་པོ། འོད་གསལ་འདུས་མ་བྱས་པའི་བདག་ཉིད་གདོད་མའི་སེམས་ཉིད་དེ་ནི་སྟོང་པ་ཆོས་སྐུའི་སྙིང་པོ་ཅན་ཡིན་པས་ནམ་མཁའ་ལྟར་གོ་ཕྱེད་པ། གསལ་བ་ལོངས་སྐུའི་རང་བཞིན་ཅན་ཡིན་པས་ཉི་ཟླ་ལྟར་རང་འོད་གསལ་བ། འཆར་ཚུལ་སྤྲུལ་སྐུའི་བདག་ཉིད་ཅན་ཡིན་པས་ཡིད་བཞིན་གྱི་ནོར་བུ་ལྟར་འདོད་དགུ་ལྷུན་གྱིས་གྲུབ་པས་བདེ་བར་གཤེགས་པའི་སྙིང་པོ་ཅན་ནམ། རྒྱལ་བའི་སྐུ་གསུམ་གྱི་འཆར་གཞིར་ཡེ་ནས་རང་ཆས་སུ་ཡོད་པ། དམིགས་པ་མེད་པ། མཚན་མ་མེད་པ། རྣམ་རྟོག་གི་སྤྲོས་པ་ལས་འདས་པ། རབ་ཏུ་མི་གནས་པའི་སྐྱེ་མེད་དེ་བཞིན་ཉིད་དོ། །གསང་བ་འདུས་པ་ལས། བསྒོམ་པ་མེད་པ་བསྒོམ་པ་དངོས། །བསྒོམས་པ་ཉིད་ནི་སྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མེད་པས། །སྒོམ་པ་དམིགས་སུ་མེད་པའོ། །ཞེས་པ་དང་། བསམ་གྱིས་མི་ཁྱབ་པའི་རིམ་པ་ལས། རྟག་དང་ཆད་པའི་བྱེ་བྲག་རྣམས། །ཡང་དག་དོན་དུ་གཉིས་མེད་གཟིགས། །དངོས་པོ་དང་ནི་སྟོང་པ་ཉིད། །གཉིས་སུ་མེད་པར་མཉམ་པར་བསྒོམ། །ཀུན་རྫོབ་དོན་དམ་ཐ་དད་དང་། །གཉིས་དང་གཉིས་མིན་ལས་འདས་པ། །ཐབས་དང་ཤེས་རབ་རྣལ་འབྱོར་ཆེ། །རོ་གཅིག་གཉིས་སུ་མེད་པར་བརྗོད། །རང་བཞིན་མེད་པའི་རང་བཞིན་གྱི། །ཤེས་རབ་ཆར་ནི་ཡང་དག་གནས། །ཞེས་པ་དང་། གསང་བ་གྲུབ་པ་ལས། ཤེས་རབ་ལྷ་མོ་བླ་ན་མེད། །འདི་ནི་ཕ་རོལ་ཕྱིན་ཞེས་བརྗོད། །གལ་ཏེ་ཤེས་ནས་བསྒོམ་གྱུར་ན། །སེམས་ཅན་ཀུན་ལས་རྣམ་གྲོལ་འགྱུར། །ཞེས་པ་དང་། བསམ་གྱིས་མི་ཁྱབ་པའི་རིམ་པ་ལས། རང་བཞིན་རྣམ་དག་མ་གོས་པ། །གཉིས་མེད་དོན་ནི་དམ་པ་གང་། །མ་སྐྱེས་པ་དང་མི་འཇིགས་པ། །དེ་ནི་ཕྱག་རྒྱ་ཆེན་པོ་ཉིད། །ཅེས་པ་དང་། ཡེ་ཤེས་གྲུབ་པ་ལས། ཀུན་ཏུ་བཟང་པོ་ཞེས་བཤད་ཅིང་། །ཕྱག་རྒྱ་ཆེན་པོ་ཞེས་ཀྱང་བྱ། །མེ་ལོང་ཡེ་ཤེས་ཞེས་བྱ་སྟེ། །འདི་ནི་ཆོས་སྐུར་ཤེས་པར་བྱ། །ཞེས་པ་དང་། རིན་པོ་ཆེའི་འཁོར་ལོ་ལས། གཞི་རྩ་མེད་པའི་ཡེ་ཤེས་ནི། །རང་བཞིན་དག་པའི་ལྟ་བ་ཡིན། །ཞེས་པ་དང་། བདེ་མཆོག་ལས། གང་ཕྱིར་དངོས་དང་དངོས་མེད་པ། །འོད་གསལ་སྤྲོས་དང་བྲལ་བའི་དོན། །ལྷན་ཅིག་སྐྱེས་གང་ཤེས་པར་བྱ། །ཞེས་པ་དང་། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། ཀུན་ཏུ་རྟོག་པས་མ་བརྟགས་པ། །རབ་ཏུ་མི་གནས་པ་ཡི་ཡིད། །དྲན་པ་མེད་ཅིང་ཡིད་བྱེད་མེད། །དམིགས་པ་མེད་ལ་ཕྱག་འཚལ་འདུད། །ཅེས་པ་དང་། ཏིང་ངེ་འཛིན་རྒྱལ་པོ་ལས། དམིགས་པ་མེད་ཅིང་མཚན་མ་མེད། །རྣམ་རྟོག་མེད་ཅིང་སྤྲོས་པ་མེད། །སྐྱེ་མེད་དེ་ནི་དེ་བཞིན་ཉིད། །ཅེས་པ་དང་། ཡུམ་ལས། རབ་འབྱོར་ཆོས་ཐམས་ཅད་རང་བཞིན་གྱིས་ཟབ་ཅིང་སྤྲོས་པ་མེད་པའོ། །ཞེས་པ་ལ་སོགས་པའི་བཀའ་ལུང་གིས་ཡིད་ཆེས་པ་ཡིན་པས། ཐར་པ་འདོད་པའི་མཁས་པ་དག་གིས་རྟག་ཏུ་བསྒོམ་པར་བྱའོ། །གཉིས་པ།

བར་དུ་ངང་སྐྱོང་བའི་ཚུལ།

དེ་ལྟར་བསྒོམས་པའི་རྣལ་འབྱོར་པ་ལ་རོལ་པ་སེམས་ཀྱི་རྒྱན་དུ་ངོ་སྤྲོད་པ་ནི། མཚན་མའི་རྣམ་རྟོག་གང་དང་གང་ཤར་ཡང་། །གནས་ལུགས་ངང་དེར་ཆུ་ལ་རླབས་བཞིན་གྲོལ། །གློད་པས་རང་བཞིན་ངང་དངས་མ་ཤོར་གཅེས། །ཞེས་གསུངས་ཏེ། དེ་ལྟར་ཟབ་ཞི་སྤྲོ་བསྡུ་མེད་པ་རྒྱ་མཚོ་དང་འདྲ་བའི་ངང་ལ་བསྒོམ་དུས་ཡུལ་ལ་འཕྲོ་བའི་རྟོག་པ་ཤར་ན། ཤར་བ་ངོས་བཟུང་ལ་རྗེས་མི་འབྲང་། ངོ་བོ་མི་དགག རང་ཞི་ལ་གློད་ནས། བསྒོམ་པ་སྔ་མའི་ངང་དངས་མ་ཤོར་བར་བྱས་པས། རྣམ་རྟོག་རྦ་རླབས་འདྲ་བ་འོད་གསལ་གྱི་ངང་དེར་རང་ཞིར་འགྲོ་སྟེ། སེམས་ཉིད་ལས་བྱུང་ཞིང་དེའི་ངང་དུ་གྲོལ་བའི་ཕྱིར་ཐ་དད་མེད་པའོ། །ཆོས་ཐམས་ཅད་དང་པོ་དབྱིངས་སྐྱེ་མེད་ཀྱི་ངང་ལས་བྱུང་ཞིང་། ད་ལྟ་ཡང་དེའི་ངང་དུ་གནས། མཐའ་མ་ཡང་དེའི་ངང་དུ་གྲོལ་བ་ཡིན་པས། དེ་ལྟ་བུའི་ཟབ་ཞི་སྤྲོས་པ་མེད་པ་རྒྱ་མཚོ་ལྟ་བུའི་ངང་བསྒོམས་ནས་བཞག་པས། གང་ཤར་གྱི་ཤེས་པ་དེའང་དང་པོ་སེམས་ཉིད་སྟོང་བའི་ངང་ལས་བྱུང་། ད་ལྟ་ཡང་དེའི་ངང་དུ་གནས། མཐའ་མ་ཡང་དེའི་ཐོག་ཏུ་འགག་པས། གང་ཤར་ཤར་བ་ངོས་བཟུང་ནས་རང་ཞིར་གློད་པས་རྗེས་མེད་རང་དག་འོད་གསལ་གྱི་ངང་དེར་སེམས་ཉིད་ལས་བྱུང་བས་སེམས་ཉིད་ཀྱི་ངང་དེར་གྲོལ་བ་ཡིན་ཏེ། བྲམ་ཟེ་ཆེན་པོས་གཉུག་མ་རྡོ་རྗེའི་མགུར་བཞེངས་པ། ཇི་སྲིད་སེམས་ལས་རྣམ་འཕྲོས་པ། །དེ་སྲིད་མགོན་པོའི་བདག་ཉིད་དེ། །ཆུ་དང་རླབས་དག་གཞན་ཡིན་ནམ། །ཞེས་པ་དང་། ཆུ་དང་མར་མེ་རང་གསལ་གཅིག་པུར་ཞོག །འགྲོ་འོང་ང་ཡིས་མི་ལེན་མི་འདོར་རོ། །ཞེས་པ་དང་། ཀུན་བྱེད་རྒྱལ་པོ་ལས། བསྒོམ་དུ་མེད་པའི་ཆོས་ཉིད་བྱང་ཆུབ་དང་། །མ་ཡེངས་རེ་དོགས་ཆད་ན་སྒོམ་པ་ཡིན། །ཞེས་པ་དང་། སྐྱེ་བ་མེད་པའི་ཆོས་ཉིད་བྱང་ཆུབ་ལ། །སེམས་དང་སེམས་བྱུང་མཚན་མ་ཅི་སྐྱེས་ཀྱང་། །གང་ལྟར་འདི་ལྟར་གཞག་ཅེས་མི་དམིགས་པར། །གཞི་གཞག་དེ་ལྟར་བཞག་ན་ཡེང་བ་མེད། །ཅེས་སོ། །དེའང་ལས་དང་པོ་པ་ཡེངས་ན་དེ་མ་ཐག་རྟོགས་པ་སྔ་མའི་ངང་ལ་བཞག་སྟེ། མདོ་སྡེ་རྒྱན་ལས། དམིགས་པ་ཉིད་ལ་སེམས་གཏད་ནས། །དེ་རྒྱུན་རྣམ་པར་གཡེང་མི་བྱ། །རྣམ་གཡེང་མྱུར་དུ་རྟོགས་བྱས་ནས། །སླར་ཡང་དེ་ལ་བླན་པར་བྱ། །ཞེས་སོ། །ཇི་ལྟར་བསྒོམ་པ་ཡང་། མ་བྱིང་མ་རྨུགས་རྒོད་པར་མ་གྱུར་ཅིང་། །མ་ཆགས་མི་གཡོ་རྒྱུ་བ་ཀུན་དང་བྲལ། །བསམ་གཏན་དངས་པས་ཤེས་རབ་རྒྱུན་ཆད་མེད། །རང་བྱུང་ཡེ་ཤེས་ལྷན་ཅིག་སྐྱེས་པ་བསྒོམ། །འདི་ནི་ཡང་ཟབ་སྙིང་པོའི་གདམས་པ་ཡིན། །ཅེས་གསུངས་ཏེ། རླུང་ངམ། ཁམས་སམ། རིག་པ་གང་བདེ་རང་བབས་སུ་བསྒོམ་པ་གང་གི་དུས་ནའང་། ཤེས་པ་མ་བྱིང་བ་མ་རྨུགས་པ། རྟོག་པ་མི་རྒོད་པ། སྒོམ་ཉམས་ལ་མ་ཆགས་པ། ངང་ལས་མི་གཡོ་བ། དབུགས་འབྱུང་རྔུབ་ཀྱི་རྒྱུ་བ་མི་ཚོར་བ། དངས་གསལ་ཕྱེད་ལ་རྟོག་པས་མ་བསླད་པར་བསྒོམ་མོ། །དེའང་རྟོག་དཔྱོད། དགའ་བདེ་ལ་ཆགས་པ། དབུགས་འབྱུང་རྔུབ་རྣམས་བསམ་གཏན་གྱི་སྐྱོན་ཡིན་ནོ། །དབུགས་ནི་རྒོད་པའི་ཕྱིར། རྣམ་རྟོག་གི་རྟ་ཡིན་པས་སྐྱོན་དུ་གཞག་གོ །དེ་ལྟར་གཏིང་གསལ་གྱི་ངང་ལ་གནས་དུས། རང་བྱུང་འོད་གསལ་གྱི་ཤེས་རབ་དང་དབྱེར་མེད་པས་ཤེས་རབ་རྒྱུན་ཆད་མེད་དེ་དོན་འདི་རྟག་ཏུ་བསྒོམ་མོ། །སྒོམ་པ་བ་རབ་འབྲིང་ཐ་གསུམ་ཡོད་པ་ལས། རབ་ཡིན་ན་གང་ཤར་སེམས་ཉིད་ཀྱི་ངོ་བོར་གྲོལ་ཏེ་གཉེན་པོ་དབྱིངས་སུ་དག་ཅིང་། སྒོམ་བསམ་གཏན་གྱི་ཐོག་ཏུ་རྩོལ་བས་ལྷག་པོར་འཇོག་དགོས་པ་མིན་པ་དང་། འབྲིང་གིས་ནི་བྱིང་རྒོད་དང་བྲལ་བའི་དྭངས་འཚོལ་ཤེས་ནས་རྫིང་བུ་རྙོག་པ་དང་བྲལ་བ་ལྟར་དུ་མི་གཡོ་བར་བཞག་པས། རྣམ་རྟོག་དབྱིངས་སུ་ནུབ་ནས་ནམ་མཁའ་ལྟ་བུའི་རྟོག་པ་འཆར་རོ། །ཐ་མ་ཡིན་ན་བསམ་གཏན་གྱིས་སྐྱོན་འབྱུང་ཡང་བྱིང་རྒོད་ཀྱི་དབང་དུ་མི་ཤོར། རྟོག་དཔྱོད་ཀྱི་གཟེར་བུ་མི་འཆང་། དགའ་བདེའི་རོ་ལ་མི་ཞེན། དབུགས་འབྱུང་རྔུབ་ཀྱི་འགྱུ་བ་ཚུན་ཆོད་དག་པར་བྱས་ན། རང་བྱུང་འོད་གསལ་གྱི་ཤེས་རབ་དང་ཆ་འདྲ་བ་སྐྱེ་བས་རྟག་ཏུ་བརྩོན་པས་བསྒོམ་པ་གནད་ཡིན་ནོ། །གསུམ་པ།

མཐར་དེ་ལས་ཡོན་ཏན་འབྱུང་བའི་ཚུལ།

དེ་ལྟར་བསྒོམ་པ་རྫོགས་པ། དེ་ལས་སྤྱན་དང་མངོན་ཤེས་སྐྱེ་འགྱུར་ཞིང་། །ཉིན་མཚན་ཏིང་འཛིན་ཕྱད་པར་འགྲོ་བ་དང་། །གཟུངས་སྤྲིན་ཡེ་ཤེས་ཉི་མ་ཁོང་ནས་འཆར། །ཞེས་གསུངས་ཏེ། མ་ནོར་བའི་ཏིང་ངེ་འཛིན་འདི་ཉིད་གོམས་པ་ལས། ཆུ་དངས་པར་གཟུགས་བརྙན་སྣང་བ་ལྟར། རིག་པ་དངས་པའི་ཆ་ལས་མངོན་པར་ཤེས་པ་དང་། རི་དང་ཁང་པས་བར་དུ་ཆོད་བཞིན་དུ་ཕ་རོལ་གྱི་ཡུལ་ལ་སོགས་པ་དངོས་སུ་མཐོང་བའི་རྫུ་འཕྲུལ་གྱི་སྤྱན་སྒྲིབ་པ་མེད་པ་དང་། ཉིན་མཚན་ཁོར་ཡུག་ཏིང་ངེ་འཛིན་གཅིག་གིས་འདའ་བ་དང་། ཚིག་དོན་རྒྱ་ཆེན་པོ་མི་བརྗེད་པའི་གཟུངས་དང་། ཞི་གནས་དང་ལྷག་མཐོང་གི་ཡེ་ཤེས་ཁོང་ནས་འཆར་རོ། །ཞི་ལྷག་གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད་ཁོང་ནས་འཆར་ཏེ། འོད་གསལ་བསམ་བརྗོད་དང་བྲལ་བ་བདེ་གསལ་མི་རྟོག་པའི་ཉམས་དང་བཅས་པ་དཔེ་དོན་མཚོན་འདས་ཆེན་པོའི་ཐོག་ཏུ་ཤར་བའི་ཏིང་ངེ་འཛིན་དེར་ཡུན་གྱིས་གོམས་པས། རིག་པའི་ཡོན་ཏན་གྱི་གསལ་གདངས་ཀྱི་ཆ་ནས་སྤྱན་དང་མངོན་ཤེས་འབྱུང་བ་དང་། ཉིན་མཚན་འོད་གསལ་གྱི་འཁོར་ལོས་འདའ་ཐུབ་པ་དང་། སྔར་མེད་པའི་གཟུངས་དང་སྤོབས་པ་འཆར་བ་ལ་སོགས་རྟགས་སྒོ་གསུམ་དུ་འཆར་བར་བསྟན་པའོ། །ཐབས་འདིས། རྩ་རླུང་ལས་རུང་ཡོན་ཏན་ཚོགས་འཕེལ་བས། །ས་རྣམས་གོང་བགྲོད་གྲུབ་པ་རྣམ་གཉིས་ཐོབ། །དེ་ཕྱིར་འདི་འདྲའི་གནད་ལ་གོམས་པར་མཛོད། །ཅེས་གསུངས་ཏེ། རྩ་དང་རླུང་ལས་སུ་རུང་བས། ལུས་སེམས་ལ་དགའ་བདེ་དང་། ཏིང་ངེ་འཛིན་དང་། སྤྲུལ་བསྒྱུར་ལ་སོགས་པའི་ཡོན་ཏན་མང་པོ་ཐོབ་ཅིང་། ས་དང་ལམ་གྱི་ཡོན་ཏན་དཔག་ཏུ་མེད་པ་དག་ཀྱང་ཐོབ་ལ། གནས་སྐབས་ཀྱི་གྲུབ་པ། ཐུན་མོང་གི་དངོས་གྲུབ་བརྒྱད་དང་། མཐར་ཐུག་མཆོག་གི་དངོས་གྲུབ་སངས་རྒྱས་ཀྱི་ས་འཐོབ་བོ། །གྲུབ་པ་བརྒྱད་ནི། མཁའ་སྤྱོད་རལ་གྲི་རི་ལུ་དང་། །རྐང་མགྱོགས་བུམ་པ་གནོད་སྦྱིན་ཁོལ། །བཅུད་ལེན་དང་ནི་མིག་སྨན་ནོ། །དེ་ལ་མཁའ་སྤྱོད་ནི་མི་འཆི་བར་ནམ་མཁའ་ལ་གནས་ནུས་པའོ། །རལ་གྲི་ནི། དེས་དགྲའི་དཔུང་དུ་མ་འཇོམས་ནུས་པའོ། །རི་ལུ་ནི་སྨན་འགའ་ཞིག་བསྒྲུབས་པ་དེ་ལག་ཏུ་ཐོགས་པས་ལུས་མི་སྣང་བའོ། །རྐང་མགྱོགས་ནི། མཆིལ་ལྷམ་གྲུབ་སྟེ་གྱོན་པས་ཡུད་ཙམ་ལ་རྒྱ་མཚོའི་མཐའ་འཁོར་བའོ། །བུམ་པ་ནི་དེའི་ནང་དུ་ཟས་ནོར་གོས་ལ་སོགས་པ་ཡོ་བྱད་ཟད་མི་ཤེས་པ་འབྱུང་ངོ་། །གནོད་སྦྱིན་ཁོལ་པོ་ནི། དེས་བྲན་བྱེད་པས་ཅི་བསྒོ་བ་སྒྲུབ་ཅིང་། མི་འབུམ་ཕྲག་གིས་བསྒྲུབ་དགོས་པའི་བྱ་བ་ཉིན་གཅིག་ལ་འགྲུབ་པའོ། །བཅུད་ལེན་ནི་ཚེ་ཉི་ཟླ་དང་མཉམ། སྟོབས་གླང་པོ་དང་མཉམ། མདངས་པདྨ་དང་མཉམ། ལྡང་བ་ཤིང་བལ་ལས་ཡང་བའོ། །མིག་སྨན་ནི་མིག་ལ་བྱུགས་པས་ས་འོག་གི་གཏེར་ལ་སོགས་པ་མཐོང་བའོ། །གཉིས་པ་ལོག་རྟོག་དགག་པ་ལ། ཕྱོགས་སྔ་གསུམ་སོ་སོའི་ལུགས་འབྲེལ་མེད་དུ་བསྟན་པ་དང་། དེ་འདྲའི་རིགས་ཅན་གཞན་དང་ཡང་ཐུན་མོང་དུ་དགག་པས་མཇུག་བསྡུ་བ་གཉིས། དང་པོ།

ཕྱོགས་སྔ་གསུམ་སོ་སོའི་ལུགས་འབྲེལ་མེད་དུ་བསྟན་པ།

ད་ནི་ཚུལ་གཞན་གྱི་ལོག་རྟོག་དགག་པ་ནི། གང་ལ་གནད་མེད་སྤྲོས་བྲལ་ཚིག་ཏུ་ཤོར། །རྟོག་པའི་བཟོ་རྒྱས་མཐའ་བྲལ་གདེང་བཅས་ཏེ། །རྣམ་རྟོག་ཅི་སྐྱེས་སྐྱེ་འགག་གྲངས་བཏབ་ཀྱང་། །གནས་ལུགས་དོན་དང་རྒྱང་རིང་གནམ་ས་བཞིན། །ཞེས་གསུངས་ཏེ། དེང་སང་གི་བསམ་གཏན་པ་ཁ་ཅིག་ད་ལྟའི་རིག་པ་འོལ་འགྱུ་འཕྲེང་གསུམ་པོ་འདི་སྤྲོས་བྲལ་ཡིན་པས། གང་ཤར་ཅི་འགྱུས་སེམས་སུ་ངོ་ཤེས་ན་དེས་ཆོག་ཅེས། སྐྱེ་འགག་གྲངས་སུ་འདེབས་པ་རྣམས་ཀྱང་། གནས་ལུགས་ཀྱི་དོན་དང་གནམ་ས་བས་ཀྱང་རིང་བ་ཡིན་ནོ། །སེམས་ལ་གང་ཤར་ཅི་འགྱུ་ཐམས་ཅད་ཀྱི་ཐོག་ཏུ་བཞག་ནས་གཡེང་མེད་དུ་ངོ་ཤེས་པར་བྱས་ན་སྤྲོས་བྲལ་ཡིན་ཅེས། རྣམ་རྟོག་དུ་ཤར་དུ་འགག་བརྩིས་ནས་བྱི་ལས་ཙི་གུ་སྒུག་པ་ལྟར་དུ་སྐྱེ་འགག་གྲངས་སུ་འདེབས་པ་དེ་སྒོམ་ཡང་དག་མིན་ལ། དེའི་མིང་ལ་སྐྱེ་འགག་གྲངས་སུ་འདེབས་པ་ཞེས་སྒོམ་གྱི་ནང་ནས་ཤིན་ཏུ་ཐ་ཆད་པའི་སྒོམ་གནས་ལུགས་ཀྱི་དོན་ལ་ཕྱོགས་ཙམ་མ་བཅར་བའི་སྒོམ་ཡིན་ནོ། །ཡང་མུན་པ་ཅན་ཁ་ཅིག ཟང་ཐལ་ཆིག་རྫོགས་འབྲེལ་ཐག་ཆོད་པ་ཡི། །ས་ལེ་ཧྲིག་གེ་བར་མཚམས་ངོས་བཟུང་ནས། །དོན་མཐོང་འདོད་པས་དོན་མེད་ཕྱིན་ཅི་ལོག །ཅེས་གསུངས་ཏེ། ཡང་ཁ་ཅིག་ད་ལྟའི་ཤེས་པ་ཟང་ཐལ་ཆིག་རྫོགས་ཀྱི་ངོ་བོ་རྗེན་པ་འདི་ལ། སྐད་ཅིག་གང་ཤར་འབྲེལ་ཐག་ཆད་དེ་བར་མེད་ཧ་རེ་བ་གང་དུའང་མ་གྲུབ་པ་དེ་དོན་རང་བྱུང་གི་ཡེ་ཤེས་ཡིན་པས། དེའི་ངང་ལ་འཕྲོ་གནས་ཅི་བྱུང་ཡང་ས་ལེ་ཧྲིག་གེ་ཉམས་སུ་ལེན་པ་ཡང་ཡིད་ཆེས་པའི་རྒྱུད་ལུང་དངོས་ནི་མེད། གཞན་དག་དེའི་ར་མདར་བློག་ནས་ངེས་ཤེས་བྱེད་དེ། སྙན་རྒྱུད་ཡིན་ཡང་དོན་དང་མ་འབྲེལ་བས་ཕྱིན་ཅི་ལོག་ཏུ་སྣང་ངོ་། །ཕྱིན་ཏུ་ལོག་ཏུ་སྣང་བ་ཅིའི་ཕྱིར་ཞེ་ན། སྐད་ཅིག་ཡུད་ཙམ་ངོས་གཟུང་འགྱུར་བའི་ཕྱིར། །སྔ་ཕྱི་བསྒོམ་མིན་བར་དེར་སུ་ཡིས་བཅུག །དེ་འདྲའི་ལམ་ངན་མདོ་རྒྱུད་དང་འགལ་བས། །ཐར་པ་འདོད་ན་རིང་དུ་སྤང་བར་བྱ། །ཞེས་གསུངས་ཏེ། མ་འགགས་མ་སྐྱེས་ངོས་བཟུང་བའི་བར་དེར་བསྒོམ་དུ་འགའ་ཞིག་གིས་བཅུག་པ་མེད་དེ། དེ་གསུམ་རིག་པར་མཚུངས་ན། བླང་དོར་གཉིས་བྱེད་པའང་མདོ་རྒྱུད་དང་འགལ་བས་སྤང་བྱ་ཁོ་ནའོ། །ཡང་འགའ་རེ་ཞིག་གིས་ད་ལྟའི་ཤེས་པ་ཟང་ཐལ་ཆིག་རྫོགས་ཀྱི་ངོ་བོ་རྗེན་པ་འདི་རང་བྱུང་གི་ཡེ་ཤེས་ཡིན་ཅིང་། སྐད་ཅིག་མ་དེའི་ངང་བསྐྱངས་པ་དང་། ས་ལེ་ཧྲིག་གེ་དེ་ལ་ཉམས་ལེན་གྱི་མཐིལ་བཅོལ་དགོས་ཟེར་བ་དང་། དེ་ལ་ཡང་འགའ་རེས་རྒྱབ་སྐྱོར་ནས་འདས་པ་མ་འགགས་མ་འོངས་མ་སྐྱེས་པའི་བར་དེར་སྤྲོས་བྲལ་གྱི་སྒོམ་ཟང་ཐལ་ས་ལེ་བ་ཞིག་ཡོད་པར་སྨྲ་ཡང་། དེ་སུ་ཞིག་གིས་དེའི་བར་དེར་བཅུགས་པ་ཡིན་ཏེ་མི་འཐད་དོ། །དུས་གསུམ་སྔ་ཕྱི་མེད་པ་རིག་པ་ལས་མ་འདས་པས་ན། བླང་དོར་གཉིས་སུ་བཟུང་ནས་གཉིས་འཛིན་གཙིགས་སུ་བཟུང་བ་དེ་ཡང་མདོ་རྒྱུད་དང་མི་མཐུན་པས་སྤང་བྱའི་གྲལ་དུ་འཕེན་རྒྱུ་ཡིན་ཅེས་པ་དང་། ཀུན་མཁྱེན་འཇིགས་གླིང་གིས། ཁྱེད་གསུམ་ཡང་རྫོགས་ཆེན་ཁྱུ་ནས་བུད། །ཅེས་གསུངས་ས་དེའོ། །ཡང་ཁ་ཅིག རབ་ཀྱིས་སོར་གཞག་འབྲིང་གིས་ངང་ལ་བསྐྱངས། །ཐ་མས་སོ་སོར་རྩལ་སྦྱངས་ཞེས་སྨྲ་བ། །མུན་པའི་བློ་ཅན་སྔོན་མེད་གླང་ཆེན་ཞིག །ཅེས་གསུངས་ཏེ། གང་ཡང་ཡིད་ལ་མི་བྱེད་པ་དེ་གཅིག་པུས་ཆོག་སྟེ། བྱས་པས་ལན་པ་ཡིན། དེས་ན་རབ་ཀྱིས་ད་ལྟའི་ཤེས་པ་རང་སོར་ཐ་མལ་དུ་བཞག འབྲིང་གིས་སྐྱོན་ཡོན་ཕྱེད་ནས་ས་ལེ་ཧྲིག་གེའི་ངང་ལ་བསྒོམས་པས་ཕྱིས་འཆར། ཐ་མས་འགྱུ་བའམ་གནས་པ་གང་རུང་གཅིག་ནས་བསྐྱངས་པས། ཕྱིས་འབྲིང་དང་རབ་ཏུ་འགྱུར་ཞེས་མུན་པ་ཅན་དག་སྨྲའོ། །འགའ་རེས་ཅི་ཡང་ཡིད་ལ་མི་བྱེད་ནས་བསྡད་ན་དེ་སྒོམ་ཡིན། ད་སྔོན་བྱས་པས་ལེན་པ་ཡིན་པས་ད་ནི་མ་བྱས་སོར་བཞག་གྱིས་དང་དེའི་ཐོག་ཏུ་འདུག་ཐུབ་ན་རབ་ཡིན་པར་སྨྲ་བ་དང་། འབྲིང་གིས་བྱ་བྱེད་ཀྱི་རྟོག་པ་ཤར་ན་དེའི་བཟང་ངན་སྐྱོན་དང་ཡོན་ཏན་ཁ་ཁར་ཕྱེས་ནས། ཡང་མི་རྟོག་ས་ལེ་ཧྲིག་གེར་ཞོག་དང་རིམ་གྱིས་རང་བཞག་སོར་གནས་ཤར་ཡོང་ཟེར་བ་དང་། ཐ་མ་རྣམས་ཀྱིས་ཀྱང་འགྱུ་གནས་གང་ཡིན་ཀྱང་གཅིག་གི་ཐོག་ཏུ་སྐྱོངས་དང་། རབ་ཏུ་མ་གྱུར་ཀྱང་འབྲིང་དུ་འགྱུར་ཞེས་ལོག་རྟོག་གི་འདོད་པ་བཀོད་པའོ། །དེའི་ལན་དུ་ཆོས་ཉིད་རྣལ་མིའི་གཤིས་ལ་དེ་གསུམ་གང་གནས་པ་ཡིན། མི་གནས་པ་བསྒོམས་ནས་གཟོད་གནས་སུ་རེ་ན་མི་སྲིད་དེ། སོལ་བ་ཆུར་ཇི་ཙམ་བཀྲུས་ཀྱང་ནག་པོ་ལས་གཞན་དུ་མི་འགྱུར་བ་བཞིན་ནོ། །སོར་གཞག་ཀྱང་རབ་མ་ཡིན་པར་སྒོམ་མིན་ཏེ། འཁོར་བ་བརྒྱུད་དུས་དེ་འབའ་ཞིག་ཡོད་པས་འཁོར་བ་དང་། ཁམས་གསུམ་འཁོར་བའི་སེམས་ཅན་ཐ་མལ་མ་བཅོས་པའི་ཐོག་ཏུ་སོར་བཞག་བྱས་ནས་སྔར་ནས་ད་བར་དུ་ཡོད་ཅིང་དེ་ཆེད་དུ་བསྒོམ་དགོས་པ་མིན་ལ་དེ་ལྟ་བུས་གྲོལ་ན། ཐ་མལ་པ་ཡང་གྲོལ་བར་རིགས་པ་དང་། གཞག་བྱ་འཇོག་བྱེད་འགལ་བས་བཞག་འཇོག་མ་གྲུབ་པ་དང་། གཏི་མུག་ལུང་མ་བསྟན་ནག་ཐིམ་མེའི་ངང་དུ་དུས་འདའ་བ་དེ་ལ་སྒོམ་དུ་རེ་བ་ཁྱོད་ལ་ཆོས་ཀྱི་སྐལ་བ་མེད་པ་ཞིག་སྟེ། ཕྱི་རོལ་པས་ཀྱང་དེ་སྐད་མི་སྨྲ་བས། ལུས་ཆེ་ཡང་སེམས་བླུན་པ། མིང་ཆེ་ཡང་དོན་ལ་རྨོངས་པ་ཁྱོད་སྔོན་མེད་པའི་གཉིས་འཐུངས་སམ་གླང་ཆེན་འགྱིང་བ་དུད་འགྲོ་ཞིག་གོ །ལམ་ཡང་དག་པར་ཅི་ཡང་མི་རྟོག་པར་སོར་བཞག་གིས་ཆོག་པ་མིན་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཐབས་དང་ཤེས་རབ་ཡེ་ཤེས་སུ་འབྲེལ་སྣང་ཆ་བསོད་ནམས་ཀྱི་ཚོགས། སྟོང་ཆ་ཡེ་ཤེས་ཀྱི་ཚོགས། དབྱེར་མེད་ཟུང་འཇུག་གི་ཚོགས་མཉམ་དུ་རྫོགས་དགོས་པ་ཡིན་ན། དེ་ཁྱོད་ལམེད་པས་བསྟན་པ་འདི་ལས་ཕྱི་རོལ་དུ་གྱུར་པ་སྟེ། བྱང་ཆུབ་འདོད་ན་དེ་ལས་བཟློག་དགོས་པར་ཤེས་པས། དེས་ན་རང་བཟོས་ཆོ་གས་བླུན་སྒོམ་ལས་སད་ནས་ཡང་དག་པའི་ལམ་དུ་ཇི་ལྟར་བསྒོམ་པའི་ཁུངས་ལུང་ཡོད་པའི་ངེས་དོན་གྱི་མདོ་དང་གསང་སྔགས་ཀྱི་རྒྱུད་རྣམས་ལ་གཟིགས་ལ་ལུགས་ངན་དེ་དག་སྤོངས་ཤིག་ཅེས་གདམས་པ་ཡིན་ནོ། །གཉིས་པ།

དེ་འདྲའི་རིགས་ཅན་གཞན་དང་ཡང་ཐུན་མོང་དུ་དགག་པས་མཇུག་བསྡུ་བ།

དེས་ན་ལམ་ངན་རྣམས་སྤང་བར་དོན་བསྡུ་བ་ནི། གཞུང་ལུགས་ཀུན་ལས་མི་རྟོག་ཡེ་ཤེས་མཆོག །ཟབ་ཞི་སྤྲོས་བྲལ་གནས་ལུགས་བསྒོམ་པར་གསུངས། །དེ་དང་འགལ་གྱུར་ལམ་ངན་ཇི་སྙེད་པ། །དེང་སང་དར་བས་ཐར་འདོད་རྣམས་གྱིས་སྤང་། །ཞེས་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་རྒྱུད་སྡེ་ཆེན་པོ་རྣམས་དང་། ཟབ་མོའི་མདོ་སྡེ་དག་ཏུ་དངོས་གཞིའི་བསྒོམ་པ་སེམས་དང་སེམས་བྱུང་རབ་ཏུ་ཞི་བའི་ངོ་བོ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་བསྒོམ་པར་གསུངས་ཏེ། རྒྱ་ཆེར་རོལ་པ་ལས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས། །མི་སྨྲ་གཅིག་པུར་ནགས་སུ་གནས་པར་བྱ། །ཞེས་པ་དང་། རྡོ་རྗེ་བཀོད་པ་ལས། འོད་གསལ་བ་ཡི་ཡེ་ཤེས་ནི། །སེམས་དང་སེམས་བྱུང་ཀུན་དང་བྲལ། །བསམ་མེད་བརྗོད་པ་ལས་འདས་པ། །མཐའ་བྲལ་ནམ་མཁའ་ལྟ་བུའོ། །ཞེས་པ་དང་། དཀོན་མཆོག་བརྩེགས་པ་ལས། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་ཐུགས་ཀྱི་གསང་བ་ནི། སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་ཡང་བྲལ་ལ། ཏིང་ངེ་འཛིན་གྱི་གནས་ཀྱང་མི་འདོར་བ་སྟེ། ཞེས་སོ། །སངས་རྒྱས་ཀྱི་དངོས་གཞིའི་ལམ་འོད་གསལ་སྤྲོས་བྲལ། རྣམ་པར་མི་རྟོག་པའི་ཡེ་ཤེས་བསྒོམ་པར་མདོ་དང་སྔགས་མཐུན་པས་ན། དེ་དང་འགལ་ན་ཐུབ་པའི་བསྟན་པ་དམ་པའི་ཆོས་ཟབ་མོའི་དགོངས་པ་མ་ཡིན་པར་ཤེས་པར་བྱའོ། །ཟབ་ཞི་སྤྲོས་བྲལ་འོད་གསལ་བའི་ཡེ་ཤེས་རྣམ་པར་མི་རྟོག་པའི་གནས་ལུགས་དེ་གཞག་བྱ་འཇོག་བྱེད་དང་བྲལ་བའི་ཆོས་ཉིད། སོ་སོའི་སྐྱེ་བོའི་བསམ་ཡུལ་ལས་འདས་པ་ཞིག་ཡིན་ལ། དེ་ནི་གནས་ལུགས་ཆོས་དབྱིངས་རྟོགས་པའི་ཡེ་ཤེས་ཡིན་པས་ཡིན་ལ། ཆོས་ཀྱི་དབྱིངས་དེ་ནི་དངོས་དངོས་མེད་དང་ཡོད་མེད་ཡིན་མིན་སོགས་ཀྱི་མཐར་ལྷུང་རྒྱུ་ཞིག་མིན་ལ། བདེན་གཉིས་དབྱེར་མེད་དེ་སོ་སོར་རང་གིས་རིག་པར་བྱ་བ་ལས། རྣམ་པར་རྟོག་པའི་སྤྱོད་ཡུལ་དང་ཐ་སྙད་ཐམས་ཅད་ལས་འདས་པ་ཞིག་ཡིན་པས། རྒྱལ་སྲས་ཞི་བ་ལྷས་ཀྱང་། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པ། །དམིགས་པ་མེད་པ་རབ་ཏུ་ཞི། །གསུངས་པས་སྤྲོས་པ་ཐམས་ཅད་ཁེགས་པས་སྤྲོས་པ་ཐམས་ཅད་དང་བྲལ་ལོ་སྙམ་དུ་འཛིན་པ་ཙམ་ཡང་མེད་དོ། །འདིར་གཞན་འདོད་ལ་དགག་པ་བྱས་པས་སྡིག་ཏོ་འབྱུང་ངོ་སྙམ་ན་མ་ཡིན་ཏེ། ལམ་ངན་ལས་འགྲོ་བ་བཟློག་པས་བསོད་ནམས་ཆེར་ཐོབ་པའི་ཕྱིར་ཏེ། ཕྱི་རོལ་པའི་ལམ་ནང་པས་བཀག་པ་བཞིན་ནོ། །རང་གཞན་གྱི་གྲུབ་མཐའ་སྨོད་པ་ནི། སྡང་སེམས་ཡོད་པས་ཡིན་རུང་མིན་རུང་སྨད་པ་ལ་ཟེར་ལ། འདིར་བཟང་སེམས་ཀྱིས་ཆོས་དང་ཆོས་མིན་ཤེས་ནས་བླང་དོར་ལ་བཀོད་པས་ཉེས་པ་མེད་དེ། རྩ་ལྟུང་གི་འགྲེལ་པ་ལས། ལྟ་བ་འོག་མ་དག་གོང་མ་ལ་གཟུད་པ་དང་། འདུལ་བའི་བསམ་པས་གཞན་དུ་གྲུབ་མཐའ་སྨོད་པ་ནི་ཉེས་པ་མེད་དེ། བསོད་ནམས་ཀྱང་མང་དུ་འཕེལ་ལོ་ཞེས་པ་དང་། བཞི་བརྒྱ་པ་ལས། ཆོས་འདི་དེ་བཞིན་གཤེགས་རྣམས་ཀྱིས། །རྩོད་པའི་དོན་དུ་གསུངས་པ་མིན། །འོན་ཀྱང་མེ་ཡིས་བུད་ཤིང་ལྟར། །འདི་ཡིས་ཕས་ཀྱི་རྒོལ་བ་བསྲེག །ཅེས་པ་དང་། འཇུག་པ་ལས། བསྟན་བཅོས་ལས་དཔྱད་རྩོད་ལ་ཆགས་པའི་ཕྱིར། །མ་མཛད་རྣམ་གྲོལ་ཕྱིར་ནི་དེ་ཉིད་བསྟན། །གལ་ཏེ་དེ་ཉིད་རྣམ་པར་བཤད་པ་ན། །གཞན་གཞུང་ཞིག་པར་གྱུར་ལ་ཉེས་པ་མེད། །ཅེས་པ་དང་། མདོ་སྡེ་རྒྱན་ལས། ཆོས་བཟང་རིགས་པས་རྣམ་དཔྱད་བསམ་པ་ཅན། །རྟག་ཏུ་བདུད་ཀྱིས་བར་ཆད་བྱེད་པ་མེད། །ཁྱད་པར་རྙེད་དང་གཞན་གྱི་ཕྱོགས་སུན་འབྱིན། །མི་འཕྲོགས་ཡོངས་སུ་སྨིན་པའི་མཚན་ཉིད་དོ། །ཞེས་སོ། །རྩ་བའི་ས་བཅད་གསུམ་པ།

རྗེས་ཀྱི་བྱ་བ་བསྟན་པ།

ད་ནི་ཏིང་ངེ་འཛིན་གྱི་བསྒོམ་པའི་རྗེས་ཐོབ་ཀྱི་ཆོས་ནི། མཉམ་གཞག་དངོས་གཞིའི་ངང་ལས་ལངས་མ་ཐག །སྒྱུ་མར་ཤེས་པས་གཞན་དོན་བསྔོ་བར་བྱ། །རྗེས་སྣང་སྣང་སྲིད་དཀྱིལ་འཁོར་ཤེས་བྱ་སྟེ། །སྒྱུ་མའི་དཔེ་བརྒྱད་ཚུལ་གྱིས་སྤྱད་པར་བྱ། །ཞེས་གསུངས་ཏེ། བསྐྱེད་རྫོགས་བསྒོམ་པའི་མཉམ་བཞག་ལས་ལངས་པའི་ཚེ། ཐམས་ཅད་སྒྱུ་མར་ཤེས་པས་བསྔོ་བར་བྱས་ལ། འགྲོ་ཉལ་ཟ་འཆག་ལ་སོགས་པའི་སྣང་བ་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་དུ་ཤེས་པས། དཀྱིལ་འཁོར་གྱི་སྣང་བ་དང་མི་འབྲལ་བར་བྱའོ། །སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས། ཆོས་ཚུལ་འདི་དག་སྒྱུ་མ་སྨིག་རྒྱུ་དང་། །གར་མཁན་མཚོན་འདྲར་གང་གིས་རྟོགས་གྱུར་པ། །བསོད་ནམས་ཞིང་རབ་དེ་ལ་ཕྱག་འཚལ་ལོ། །ཞེས་པ་དང་། དུས་འཁོར་རྩ་རྒྱུད་ལས། འདི་དག་འཁྲུལ་པའི་སྣང་བ་སྟེ། །རྨི་ལམ་ཉམས་སུ་མྱོང་བ་བཞིན། །ཞེས་སོ། །སྤྱིར་ཐེག་པ་ཆེ་ཆུང་གི་ལམ་གང་ལའང་བླ་མ་གལ་ཆེ་ལ། ཁྱད་པར་གསང་སྔགས་འདིར་བླ་མ་ཁོ་ན་གལ་ཆེ་བས། སངས་རྒྱས་ལས་ལྷག་པའི་མོས་གུས་དང་སྲི་ཞུ་བྱ་ཞིང་དམ་ཚིག་བསྲུང་བ་ལ་འབད་དོ། །དེ་ཡང་མཛོ་སྦྲེལ་གཡང་དུ་ལྷུང་བ་ལྟར། གང་རུང་གཅིག་དམ་ཚིག་ཉམས་ན་གཉིས་ཀ་ཉེས་པས་ངན་སོང་དུ་འགྲོ་བར་འདོད་པ་དེས་ནི་ཕྱོགས་མ་གོ་བར་ཟད་དེ། གཅིག་གིས་དུག་ཟོས་དུས་གཉིས་ཀ་ནའམ། དེ་ནི་རྒྱུད་སོ་སོ་ཡིན་པས་མི་འཐད་དོ་ཞེ་ན་འདིར་ཡང་མཚུངས་སོ། །དུས་འཁོར་གྱི་དོན་དམ་པའི་བསྙེན་པ་ལས། བླ་མ་ལྟུང་བ་ལས་ནི་སློབ་མ་མི་ལྟུང་སྟེ། །སློབ་མ་ལྟུང་བ་ལས་ནི་བླ་མ་ཡང་མི་ཉམས། །ཤིང་གི་ཡལ་ག་སོ་སོར་བཅད་པ་དག་དང་མཚུངས། །ཞེས་སོ། །དེས་ན་གཉིས་ཀས་རྩ་བ་དང་ཡན་ལག་གི་དམ་ཚིག་སྐྱོན་མེད་པར་བསྲུང་བ་ལ་འབད་པར་བྱའོ། །སྤྱིར་བསྐྱེད་རིམ་དང་རྫོགས་རིམ་གང་བསྒོམ་པའི་སྐབས་ཡིན་ནའང་། མཉམ་བཞག་ཐུན་ལས་ལངས་པའི་རྗེས་ཐོབ་ཏུ་ད་ལྟའི་མི་དེ་མིན་པ་ལྟ་བུའི་བག་མེད་སྤྱོད་འཆལ་གྱི་འགོ་མི་འཛུགས་པར་དངོས་གཞིའི་ཉམས་ལེན་གྱི་ངང་དང་མི་འབྲལ་བའི་སྤྱོད་ལམ་ལ་འཇུག་དགོས་པ་ནི། གཏེར་བདག་གླིང་པ་འདའ་ཁར། སྣང་གྲག་རིག་གསུམ་ལྷ་སྔགས་ཆོས་སྐུའི་ངང་། །སྐུ་དང་ཡེ་ཤེས་རོལ་བ་འབྱམས་ཀླས་ཤིང་། །ཟབ་གསང་རྣལ་ཆེན་པོའི་ཉམས་ལེན་ལ། །དབྱེར་མེད་ཐུགས་ཀྱི་ཐེག་ལེར་རོལ་ཅིག་ཤོག །ཅེས་གསུངས་ནས་དགོངས་པ་ཆོས་དབྱིངས་སུ་མཉམ་པར་བཞག་པ་ཡིན། འདི་ནས་དཀྱིལ་འཁོར་གྱི་སྣང་བ་དང་མི་འབྲལ་བར་གྱིས་གསུངས་པ་ནི་སྒོ་གསུམ་དཀྱིལ་འཁོར་གསུམ་གྱི་རང་བཞིན་ཡེ་ནས་ཡིན་པ་ལ་ཡིན་པར་ཤེས་པའི་ངེས་ཤེས་དང་མ་བྲལ་བར་གྱིས་གསུངས་པ་དང་། འདིར་སྣང་བ་སྒྱུ་མ་རྨི་ལམ་དང་འདྲ་བའི་ཐད་ནས་མདོ་རྒྱུད་ཀྱི་ལུང་མང་པོ་དྲངས་ཡོད་ལ། སྤྱིར་ཐེག་པ་ཆེ་ཆུང་ཐམས་ཅད་ལས་བླ་མ་གཙོ་ཆེ་བར་ཡང་ཡང་གསུངས་ལ། སྒོས་གསང་སྔགས་ཀྱི་སྐབས་སུ་བྱིན་རླབས་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་ཁུངས་བླ་མ་ཡིན་ལ། དེའང་དམ་ཚིག་གཙང་བའི་རྟེན་འབྲེལ་ལས་བྱིན་རླབས་ཐོབ་པ་ཡིན་ན། སྙིགས་མའི་དུས་ཀྱི་བླ་མ་དང་སློབ་མར་གྱུར་བ་ཆོས་འདི་འཛིན་པ་ཐམས་ཅད་ཀྱིས་དམ་ཚིག་བསྲུང་བ་ལ་གཟོབ་ཅེས་སོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། འོད་གསལ་མཆོག་གི་བསྒོམ་པ་བསྟན་པའི་ལེའུ་སྟེ་ཉི་ཤུ་པའི་རྒྱ་ཆེར་འགྲེལ་པའོ།། །།གཉིས་པ་ལམ་ཇི་ལྟར་བགྲོད་ཚུལ་ལ། མདོར་བསྟན། རྒྱས་བཤད་གཉིས། དང་པོ།

གཉིས་པ་ལམ་ཇི་ལྟར་བགྲོད་ཚུལ་མདོར་བསྟན་པ།

དེ་ལྟར་དངོས་གཞི་ཇི་ལྟར་བསྒོམ་པའི་དོན་བསྟན་ནས། དེ་བསྒོམས་པ་ལས་ས་དང་ལམ་དང་དྲོད་ཚད་འབྱུང་བར་ངེས་པས། དེའི་རྣམ་དབྱེ་བརྗོད་པ་ནི། དེ་ལྟར་བསྒོམས་པས་བགྲོད་པའི་ས་ལམ་ཡང་། །ཕྱི་ནང་སྦྱར་ཏེ་ལེགས་པར་བཤད་པ་ནི། །ཚོགས་དང་སྦྱོར་མཐོང་སྒོམ་པའི་ལམ་བཞི་པོ། །ཡོངས་སུ་རྫོགས་པས་སངས་རྒྱས་འགྲུབ་དེའི་ཕྱིར། །བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་རྩ་བདུན་ནི། །དཀྱིལ་འཁོར་དག་གིའང་རྣམ་དག་ཆོས་སུ་གསུངས། །ཞེས་གསུངས་ཏེ། འདིར་གསང་སྔགས་སུའང་དཀྱིལ་འཁོར་གྱི་རྣམ་དག་ཆོས་སུམ་ཅུ་སོ་བདུན་དུ་གསུངས་ལ། མཚན་ཉིད་དུ་བགྲོད་ལམ་མ་ནོར་བར་བསྟན་པ་གཉིས་གུང་མཐུན་པའི་ཕྱིར་སྐབས་འདིར་ཕྱི་ནང་སྦྱར་ཏེ་བཤད་པར་བྱའོ། །དེ་ཡང་། འཁོར་ལོ་བཞི་པོའི་རླུང་སེམས་ལས་རུང་ཚེ། །ལམ་བཞིའི་ཡོན་ཏན་རིམ་བཞིན་འཆར་བ་སྟེ། །དབུ་མའི་རྩ་མདུད་གཉིས་གཉིས་གྲོལ་བ་ལས། །ས་བཅུའི་ཡོན་ཏན་ནང་ནས་འཆར་བར་བཞེད། །ཅེས་གསུངས་ཏེ། གསང་སྔགས་གསར་རྙིང་གུང་མཐུན་པར་འབྱུང་སྟེ། འཁོར་ལོ་བཞིའི་རླུང་སེམས་རིམ་པ་བཞིན་ལས་སུ་རུང་བ་ལས། ཚོགས་དང་སྦྱོར་བ་དང་། མཐོང་བ་དང་། བསྒོམ་པའི་ལམ་བཞི་རྫོགས་པའི་ཡོན་ཏན་འཆར་ཞིང་དབུ་མ་ལ་རོ་རྐྱང་གཉིས་ཀྱི་མདུད་པ་ཉི་ཤུ་རྩ་གཅིག་ཡོད་པའི་གཉིས་གཉིས་གྲོལ་བ་ན། ས་བཅུ་པོ་རེ་རེའི་ཡོན་ཏན་འཆར་ལ། ཐ་མ་གྲོལ་བས་སངས་རྒྱས་ཀྱི་ས་འགྲུབ་པར་སློབ་དཔོན་ཆེན་པོ་བི་མ་མི་ཏྲ་དང་། པདྨ་འབྱུང་གནས་ལ་སོགས་པའི་མཁས་གྲུབ་རྣམས་བཞེད་དོ། །ལེའུ་ཉེར་གཅིག་པ་འདི་ལམ་བགྲོད་པའི་ས་མཚམས་བསྟན་པའི་ལེའུ་ཡིན་ཅིང་། གོང་དུ་མན་ངག་གི་གཞུང་འདིའི་ལེའུ་ཉི་ཤུ་ཐམ་པ་དེས་འཁོར་བའི་རང་བཞིན་སྤང་བྱར་བསྟན་པ་དང་། མྱང་འདས་ཀྱི་རང་བཞིན་བླང་བྱར་བསྟན་པའི་ཆིངས་ཀྱི་ནང་ནས། སྤང་བྱ་འཁོར་བའི་རང་བཞིན་ཤེས་པར་བྱས་ནས། ངེས་ལེགས་ཐར་བའི་འཇུག་ངོགས་བཟང་པོ་དེ་ཉིད་བསྟན་པ་ཡིན། སྦྱང་གཞི་བདེ་གཤེགས་སྙིང་པོ་ལ་བྲལ་འབྲས་མཐར་ཕྱིན་པའི་འབྲས་བུ་མངོན་དུ་འགྱུར་ཕྱིར་དུ་སྦྱོང་བྱེད་ཐབས་ཀྱི་རིམ་པ་སྦྱོར་དངོས་རྗེས་གསུམ་དང་འབྲེལ་བའི་ཐོག་ནས་གསུངས་པའི་རྗེས་ཐོག་འདི་ནས་ལམ་བགྲོད་པའི་ས་མཚམས་བསྟན་པ་ལ། ཕྱི་མཚན་ཉིད་ཐེག་པ་དང་། ནང་གསང་སྔགས་གཉིས་ཀ་ལྟོ་སྦྱར་ནས། ཚོགས་སྦྱོར་མཐོང་སྒོམ་གྱི་ལམ་བཞི་བོ་ཡོངས་སུ་རྫོགས་ནས་མཐར་ཐུག་གི་འབྲས་བུ་སངས་རྒྱས་འགྲུབ་པར་བསྟན་པ་སྟེ། དེའང་གསང་སྔགས་གསར་རྙིང་གཉིས་ཀ་གོང་མཐུན་པའི་ཐོག་ནས་འཁོར་ལོ་བཞིའི་རླུང་སེམས་ལས་སུ་རུང་དུས་ལམ་བཞི་རྫོགས་པའི་ཡོན་ཏན་འཆར་བ་དང་ཆབས་ཅིག་ཏུ་དབུ་མའི་རོ་རྐྱང་གི་མདུད་པ་གྲོལ་ལུགས་ལ་སོགས་པ་མཁས་གྲུབ་གོང་མའི་བཞེད་པ་དང་བསྟུན་ནས་གསུངས་པ་ཡིན་ཅེས་མདོར་བསྟན་པའོ། །གཉིས་པ་ལ་དངོས་དང་། ས་ལམ་གྱི་ཡོན་ཏན་ལྡན་ཚུལ་ལ་དཔྱད་པ་གཉིས། དང་པོ་ལ། ཚོགས། སྦྱོར། མཐོང་། བསྒོམ་བཞི། དང་པོ་ལ། སྤྱི་བྱེ་བྲག་གཉིས། དང་པོ།

ཚོགས་ལམ་སྤྱིར་བསྟན་པ།

ཇི་ལྟ་ཞེ་ན། རྒྱས་པར་བཤད་པའི་དང་པོ། སྤྲུལ་པའི་འཁོར་ལོ་རླུང་སེམས་ལས་རུང་བས། །ཚོགས་ལམ་གསུམ་པོའི་དྲོད་རྟགས་འཆར་བ་སྟེ། །སངས་རྒྱས་སྤྲུལ་སྐུའི་ཞལ་མཐོང་སྤྲུལ་པ་འགྱེད། །ཅེས་གསུངས་ཏེ། དེ་ལ་རླུང་སེམས་ལས་སུ་རུང་བ་དང་། འབྱོངས་པ་གཉིས་ལས། དེར་ཚུད་དུས་ལས་སུ་རུང་བ་ཡིན་ལ། འབྱོངས་པ་ནི་དེ་དག་གི་ཕྲན་དང་བཅས་པའི་མདུད་པ་གྲོལ་དགོས་སོ། །དེའང་ལྟེ་བ་ན་སྐྱེད་པར་བྱེད་པའི་རྩ་འདབ་ཏུ་རླུང་སེམས་ལས་སུ་རུང་བས། ཚོགས་ལམ་ཆུང་འབྲིང་ཆེ་གསུམ་གྱི་དྲོད་རྟགས་འཆར་ཏེ། སངས་རྒྱས་སྤྲུལ་སྐུའི་ཞལ་མཐོང་ཞིང་། སྤྱན་དང་། མངོན་ཤེས་དང་། རྫུ་འཕྲུལ་ཕྲ་མོ་གྲུབ་པས་སྤྲུལ་པ་དང་བསྒྱུར་བར་ནུས་པ་ཡིན་ནོ། །དེའང་འདུན་པ་ལ་སོགས་པའི་ཏིང་ངེ་འཛིན་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམ་ཞིང་དབང་ཐོབ་པའི་ཕྱིར་རོ། །བློ་རྩིང་དག་སྦྱོར་ལམ་ནས་རྫུ་འཕྲུལ་ཐོབ་ཀྱི་ཚོགས་ལམ་ཆེན་པོར་མ་ཐོབ་སྙམ་དུ་འཛིན་ཏོ། །དེ་ནི་མ་ཡིན་ཏེ། མདོ་སྡེ་རྒྱན་ལས། ཆོས་ཀྱི་སྒོ་ལ་རྣམ་པར་གནས་པ་ལ། །དེ་བཞིན་གཤེགས་པས་དངོས་སུ་འདོམས་མཛད་ཅིང་། །ཅོ་ནས་འདྲེན་བཞིན་ཉེས་པའི་ཚང་ཚིང་ནས། །ཚན་གྱིས་དྲངས་ཏེ་བྱང་ཆུབ་ལ་འགོད་དོ། །ཅེས་པ་དང་། དེ་ཚེ་ཆོས་ཀྱི་རྒྱུན་ལས་ནི། །སངས་རྒྱས་རྣམས་ལ་ཞི་གནས་དང་། །ཡེ་ཤེས་ཡངས་པ་ཐོབ་བྱའི་ཕྱིར། །འཇིག་རྟེན་ཁམས་ནི་རྣམས་སུ་འགྲོ། །ཞེས་སོ། །ཆོས་ཀྱི་སྒོ་དང་། ཆོས་ཀྱི་རྒྱུན་ནི་ཚོགས་ལམ་ཆེན་པོ་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པའི་ལམ་མོ། །དེས་ན་ཚོགས་ལམ་ཆེན་པོ་ན། སྤྱན། མངོན་ཤེས། རྫུ་འཕྲུལ། རྒྱུན་གྱི་ཏིང་ངེ་འཛིན་རྣམས་ཡོད་དོ། །ལྟེ་བ་སྤྲུལ་བའི་འཁོར་ལོ་རླུང་སེམས་ལས་སུ་རུང་བས་གསུངས་ན། སྐུ་བཞིའི་ཡེ་ཤེས་དང་སྦྱར་ནས་རྩ་འཁོར་ལོ་བཞིར་བཤད་པའི་རྣམ་དབྱེ་དང་སྦྱར་དུས་རྩ་གསུམ་ལྟེ་བའི་རྒྱ་མདུད་ནས་སོ་སོར་གྱེས་ལ། ལྟེ་བའི་རྒྱ་མདུད་ནས་སོ་སོར་གྱེས་པའི་རོ་རྐྱང་ལས་དབུ་མར་རླུང་ཞུགས་ནས་ཡེ་རླུང་དུ་འཁྱིལ་དུས་རླུང་སེམས་ལས་རུང་དུ་སོང་བའི་ཞོར་དུ་རླུང་སེམས་འབྱོངས་དགོས་པ་ཡང་གོ་ལ། ཞུགས་པས་མ་ཚད་གནས་པ། གནས་པས་མ་ཚད་ཐིམ་པའི་འགྲོས་དང་སྦྱར་རྒྱུའི་གོ་བ་ཡང་རང་ཤུགས་ཀྱིས་ཡོད་པ་ཡིན། འདི་ནས་འགྲེལ་བའི་དངོས་བསྟན་ལ་དེར་ཚུད་དུས་ལས་སུ་རུང་བ་ཡིན་ལ། འབྱོངས་པ་ནི་དེ་དག་གི་རྩ་ཕྲན་དང་བཅས་པའི་མདུད་པ་གྲོལ་དགོས་ཞེས་རྩ་གཙོ་བོ་དེ་དག་རྩ་ཕྲན་དང་བཅས་པའི་མདུད་པ་གྲོལ་དགོས་གསུངས་པ་འདིས། ཞུགས་པ་ཙམ་རླུང་སེམས་ལས་སུ་རུང་བ་ཚོགས་ལམ་ཆུང་ངའི་དྲོད་རྟགས་འཆར་བ་དང་སྒོ་བསྟུན་པ་དང་། གནས་པ་དང་ཐིམ་པ་བརྒྱུད་ནས་ས་ལམ་རིམ་གྱིས་བགྲོད་པའི་སྤྱིའི་གོ་བའི་གཞི་བཏིང་ནས། སྐབས་དོན་བཤད་བྱ་ངོ་མ་རླུང་སེམས་ལས་རུང་ཚོགས་ལམ་ཆུང་ངུ་ནས་དྲོད་རྟགས་འཆར་རན་པ་ཡིན་ལ། ཁྱད་པར་ཚོགས་ལམ་ཆེན་པོ་ལ་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམས་ཤིང་དེ་ལ་དབང་ཐོབ་ནས། ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པ་ཡིན་པས་སྤྱན་དང་མངོན་ཤེས་རྫུ་འཕྲུལ་རང་ལམ་དང་བསྟུན་པར་གྲུབ་ཡོད་ཅིང་། སྦྱོར་ལམ་མ་གཏོགས་ཚོགས་ལམ་ལ་ཡོན་ཏན་དེ་ཚོ་མི་ཐོབ་སྣང་ཤར་བ་ནི་བློ་རྩིང་བ་ཡིན་པས། དོན་ཞིབ་མོར་དཔྱོད་པའི་རྣམ་དཔྱོད་མ་ཡོད་པ་ཡིན་ཅེས་གསུངས་པ་དང་། རྩ་གནས་སྤྱི་དང་བྱེ་བྲག་པའི་འཁོར་ལོ་ལ་རླུང་ཟིན་དུས་ཐིག་ལེ་ཟིན་པ་ཡིན་ཅིང་། ཐེག་ལེ་ཟིན་དུས་མི་འགྱུར་བའི་བདེ་བ་ཟིན། དེ་ཟིན་དུས་རླུང་སེམས་ལས་སུ་རུང་བ་ཡིན་པས། དུས་སྦྱོར་བཅུ་གཉིས་ཀྱི་རླུང་དག་པ་ལས་ཚོགས་སྦྱོར་མཐོང་སྒོམ་གྱི་ལམ་བཞི་རྫོགས་པའི་ཡོན་ཏན་ཐོབ་པ་ཡིན། ཚོགས་ལམ་ཆུང་ངུ་ནས་འགོ་བཟུང་སྟེ། ཆེན་པོའི་སྐབས་སུ་སྤྲུལ་བའི་འཁོར་ལོར་རླུང་སེམས་ཞུགས་པས་མ་ཚད་ལས་རུང་དུ་གྱུར་པ་ཡིན་པས་ན། ཚོགས་ལམ་ཆེན་པོའི་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ལ་ཁྱད་པར་དུ་གོང་གསལ་གྱི་ཡོན་ཏན་དེ་ཚོ་ཐོབ་ཡོད་དགོས་པ་ཡིན། དེའི་ཐོག་ནས་གནས་པ་ལ་འབྱོངས་བའི་ཡོན་ཏན་མངོན་དུ་གྱུར་ནས། དབུ་མའི་རྩ་མདུད་གྲོལ་བ་ལ་ཕྱོགས་དགོས་དུས་ཚོགས་ལམ་ལ་ཡོན་ཏན་དེ་དག་མེད་ན། ཕྱི་མའི་ཡོན་ཏན་གྱི་རྨང་གཞི་ཡང་མེད་པར་འགྱུར་བ་ཡིན་ཞེས་པའོ། །དེ་ཡན་གྱིས་ས་ལམ་གྱི་ཡོན་ཏན་དངོས་བཤད་པས་སྤྱི་བྱེ་བྲག་གཉིས་ཀའི་ནང་གི་སྤྱིར་བཤད་པ་སོང་སྟེ། སང་ཉིན་བྱེ་བྲག་བཤད་པ་ནས་བརྩམ་སྟེ་རྒྱལ་བའི་གཞུང་ལམ་ཐེག་པ་མཐའ་དག་གི་དོན་གསལ་བར་བྱེད་པ་གཞུང་བཟང་ཡིད་བཞིན་གྱི་ནོར་བུ་ལྟ་བུ་འདི་ཉིད་ཀྱི་འཆད་ཉན་ཐེངས་གཅིག་རེ་ཞིག་གྲུབ་པའི་གསན་ཡིག་འགོད་སར་ཐུག་པ་རེད། ད་དུས་ཟེར་རྒྱུ་འདི་སྲིད་གསུམ་རྔམ་ཟས་སུ་བྱེད་པའི་དབང་ཆེན་ཞིག་ཡིན་པ་རེད། འདིའི་དུས་ཟེར་བའི་དབང་ཆེན་འདིའི་དབང་འོག་ནས་ལོ་དང་ཟླ་བའི་འཁོར་ལོ་རིམ་པ་བཞིན་དུ་འཁོར་དུས། དབྱར་དགུན་སྟོན་དཔྱིད་ཀྱི་དུས་བཞིའི་རྣམ་འགྱུར་ཡང་གཅིག་རྗེས་སུ་གཅིག་ཡོང་བ་ཡིན་པས། དེ་ཉིན་དབྱར་གཞུང་གི་ཆོས་ཁྲིད་དང་པོ་འཚོགས་སྐོར་ལ་རྩི་མེ་ཏོག་བཀྲ་ཞིང་། བྱ་ཁུ་བྱུག་གི་སྐད་སྙན་སྒྲོག་གིན་ཡོད་པ་རེད། གང་དུ་བལྟས་ཀྱང་རི་ཐང་ཐམས་ཅད་སྤང་ལྗོངས་གཡུའི་གཞུང་པ་འདྲ་ཞིག་ཡིན་ན་ཡང་། ད་དེ་རིང་ཁ་རྩང་ཁ་བའི་འདབ་མ་ལྷུང་། སྟོན་སེར་གྱི་རླུང་བུ་ལྡང་ནས་ཡུན་མི་རིང་བར་དགུན་ཞེས་པའི་ངམ་ནག་དེ་ཐོན་ཚེ་སྔར་གྱི་ཡུལ་ལྗོངས་མཛེས་མོ་ཐམས་ཅད་དེ་དུས་ཀྱི་དེ་རེད་ཟེར་ན་བདེན་དུ་འཛིན་མི་ཐུབ་པ་ཞིག་ལ་འགྲོ་བ་རེད་མོད། དེ་ཕྱིའི་རྟེན་གཞིའི་འགྱུར་བ་རྐྱང་པ་ཞིག་ཡིན་ན་མི་སྐྱོན་ཏེ་ཡང་ཟླ་བ་ཁ་ཤས་སྒུག་པའི་རྗེས་སུ་དཔྱིད་ཀྱི་རྒྱལ་མོའི་འཛུམ་མདངས་ངོམ་ནས། སྣོད་བཅུད་ཀྱི་བྲུ་བ་ཡར་གོང་ཡོང་བ་རེད། འོན་ཀྱང་ཕྱི་སྣོད་རྟེན་གཞིའི་འགྱུར་བ་དང་འདྲ་བའི་ནང་སྐྱེ་འགྲོའི་ཚེ་སྲོག་མི་རྟག་པས་བྱིས་གཞོན་དར་མ་དང་རྒས་པའི་ན་ཚོད་དེ་རིམ་བཞིན་དུ་འགྱུར་བས། ཁ་དཀར་གཞོན་པའི་ལང་ཚོ་དབྱར་དུས་འདྲ་བོ་དེ་རྫོགས་ནས་རྒུད་པའི་གཉེར་མ་དགུན་ཀ་འདྲ་བོ་དེར་ཉིན་རེ་བཞིན་དུ་ཐག་ཇེ་ཉེར་བཅར་བ་ཡིན། མི་རྟག་པར་ཉིན་རེ་བཞིན་དུ་འགྱུར་ལུགས་སྣོད་བཅུད་གཉིས་ཀ་འདྲ་ཡང་། རྒ་བའི་རྒུད་པས་མནར་བའི་རྗེས་སུ་འཆི་བའི་ལམ་དེར་བསྐྱལ་ནས་འཆི་བའི་དུས་ཚོད་ལ་ཐུག་སྟེ་ཚེ་འཇུག་བསྡུ་རྒྱུ་བོས་ཐད་ནས་མི་འདྲ་བ་ཡིན། ཚེ་སྐྱེ་བ་གཅིག་ལ་སྐྱེ་རྒ་ན་འཆི་ཚར་གཅིག་པོའི་འཕྲོར་སྐྱིད་ཚུར་ལ་ཚེས་ནས་ན་ཚོད་གཞོན་དུས་ཀྱི་སྣང་བ་ད་ཚུར་ཡོང་རྒྱུ་ཡོད་པ་མ་རེད། ད་རུང་རྒས་ལོང་ཡོད་པ་ནི་རབ་ཡིན་ལ། དུས་བཞིའི་འགྱུར་ལྡོག་འདིས་དམ་པའི་ལྷ་ཆོས་ཀྱི་ཉམས་ལེན་ལ་ལོངས་མེད་རྒྱུད་ལ་སྐྱེ་བྱེད་ཀྱི་བསྐུལ་མ་འདེབས་ཀྱིན་ཡོད་པ་ལྟ་བུ་ཞིག་ཡིན། སྣོད་བཅུད་སྣང་གྲག་གི་ཆོས་ཀུན་བརྡ་དང་དཔེ་ཆོས་སུ་ཤེས་ན་ཉམས་ལེན་དཔེ་ཀློག་གི་ངལ་བ་ལ་ལྟོས་མི་དགོས་པ་ཞིག་ཡོང་རྒྱུ་ཡོད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་། ཇི་ལྟར་སྣང་ཞིང་དོན་ལ་གང་ལྟར་གྲུབ་པའི་ཆོས་ཐམས་ཅད་ཀྱི་གནས་ལུགས་ངོ་མ་དེ་ཐབས་སྣ་ཚོགས་ཀྱི་སྟེང་ནས་དེ་བཞིན་དུ་འགྲོ་བར་བསྟན་པ་དེའི་མིང་ལ་རྟོགས་པའི་ཆོས་དང་བསྟན་པའི་ཆོས་ཞེས་བཏགས་ཤིང་འགོག་ལམ་གྱིས་བསྡུས་པའི་ལམ་དང་འབྲས་བུའི་རྣམ་བཞག་མཛད་པ་ཡིན་པས། སྒྲ་ཚིག་ཡི་གེར་ཤར་བ་དེ་བརྗོད་མེད་བརྗོད་པས་མཚོན་བྱེད་ཀྱི་གོ་བརྡ་སྤྲོད་བྱེད་ཙམ་ཞིག་ཡིན་པ་ནི་འདི་ལྟར་གོ་བ་ཡིན། དེས་ན་ཕྱིའི་ཡུལ་གྱི་ལྟད་མོ་འཛམ་གླིང་གི་ཡུལ་གྲུ་ཐམས་ཅད་བསྐོར་བ་ནི། སྐྱོ་སེམས་ལྷག་པར་འཕེལ་བའི་ཡིད་ཆད་མྱོང་བྱེད་ཅིག་ལས་མེད་ལ། ནང་སེམས་ཀྱི་ལྟད་མོ་འཁོར་འདས་གཉིས་ཀྱི་སྐྱེ་ཚུལ་དང་ལྡོག་ཚུལ། གང་ཤར་རིག་པའི་རྩལ་མདངས་ལ་སྟོང་གསལ་ཡེ་ཤེས་ཀྱི་སྣང་ཆ་ནང་ནས་རྒྱས་ཚུལ་ལ་གཟིགས་དང་། འདོད་དགུ་འབྱུང་བའི་ཡིད་བཞིན་གྱི་གཏེར་མཛོད་ཕྱི་རུ་མེད་པར་ནང་དུ་ཡོད་འདུག་བསམ་པའི་རྟོགས་པའི་རང་ཞལ་མཇལ་བའི་འབད་པ་རང་གིས་བྱས་ན། དབུལ་བོས་ཁྱིམ་གྱི་རིན་ཆེན་གཏེར་རྙེད་པ་བཞིན་དུ། རང་བྱུང་གི་ཡེ་ཤེས་རང་ལས་རྙེད་དེ་རང་ངོ་ཤེས་ན། རྒས་ཨེ་འགྲོ། ན་ཨེ་ཡོང་། ཤི་ན་ཇི་ལྟར་བྱེད་སྙམ་པའི་སྡུག་བསྔལ་མཐའ་དག་སེལ་འགྲོ་བ་ཡིན། དེ་བཞིན་དུ་གཅེས་པའི་ཕ་མ་གཉེན་གྲོགས་སྤུན་སྲིང་བུ་དང་ཚ་བོ་ཉེ་འབྲེལ་ཁ་བྲལ་ན་སེམས་འཕྲེང་བྱེད་སའི་མི་དེ་དག་ལ་ལམ་དེ་བསྟན་པའམ་ལམ་དེར་འགྲོ་རྒྱུའི་བསྐུལ་མ་བྱས་ན། གཅིག་ཤི་དུས་གཅིག་གི་སྡུག་གཅིག་གིས་ཁུར་འདུག་དགོས་པའི་སེམས་ཁྲལ་དེ་མི་དགོས་པར་སེམས་ཀྱི་བདེ་སྐྱིད་མཉམ་དུ་རྙེད་པའི་ཐབས་སུ་འགྲོ་བ་ཡིན་པས་དེ་ལྟར་བྱེད་དགོས་པ་ཡིན། ཆོས་ཞུས་པའི་དོན་གོ་རྒྱ་ཆེན་འགག་མདོ་གཅིག་ཏུ་བསྡུས་ནས་འགྲོ་འདུག་ཟ་ཉལ་ལ་སོགས་པ་སྤྱོད་ལམ་རྣམ་བཞི་གང་གི་སྐབས་སུ་ཡང་ཉམས་ལེན་གྱི་གནད་ཁྱེར་བདེ་གཟུང་སླ་བརྒྱ་གོ་གཅིག་ཆོད་ཅིག་ལ་དྲིལ་ཤེས་པ་ཞིག་ལོན་དགོས་པ་དེ་མན་ངག་གནད་ཀྱི་གདམས་པ་ཡིན། རང་རེ་འདི་ནས་ཆོས་གཅིག་གིས་མཉམ་དུ་བསྡུས་ནས་ཀུན་མཁྱེན་རྒྱལ་བ་ཀློང་ཆེན་པའི་གསུང་གི་གསང་བ་ཟབ་མོ་ལ་འདི་ལྟ་བུའི་འཆད་ཉན་གྱི་ལོངས་སུ་སྤྱོད་རྒྱུ་དེ་སྐལ་བ་བཟང་ཐལ། ཁྱེད་རྣམ་པའི་གཞན་རྐྱེན་ལ་བརྟེན་ནས་ངས་ཀྱང་ཚར་གཅིག་མཇལ་ཐུབ་སོང་བ་རེད། འདིའི་གླེགས་བམ་གྱི་བམ་ག་མཐུག་ཀྱང་། ཉི་མ་ཉི་ཤུ་རྩ་བདུན་བརྒྱད་ཅིག་གིས་བཤད་ཟིན་པ་རེད། ངོ་མས་བྱས་ན་དེ་ཉིས་ལོག་བྱས་ནས་ཉིན་རེར་སྡེབ་བཅུ་གཅིག་བཅུ་གཉིས་ལས་མ་བཏོན་ན་ལེགས་མོད། འོན་ཀྱང་དེ་རིང་ཁ་རྩང་ཆོས་བཤད་མཁན་ལ་བཤད་ལོངས་ཡོད་ཀྱང་། ཉན་མཁན་ལ་ཉན་ལོངས་མེད་པའི་དུས་ཡིན་པ་རེད། ཁྱེད་འདིར་བཞུགས་རྣམ་པར་མཚོན་ན། ཁྱད་པར་དུ་ཕྱོགས་ནས་ཕེབས་པ་ཚོས་ས་ཆ་མེད་ཀྱི་མཐུན་རྐྱེན་མ་འཛོམས་པའི་སྐུ་ངལ་སྣ་ཚོགས་ལ་བཟོད་པར་མཛད་ནས་ཆོས་ཕྱིར་དཀའ་སྤྱད་གནང་བ་ལ་ངས་ཀྱང་ཡི་རང་ཞུས་པ་ཡིན། དེང་སང་མང་པོ་ཞིག་དམར་འབའ་ལ་ལ་ཡར་མར་རྒྱུག་འདུག་པ་ལས་ཨོང་སར་བཞག་ནས་འདུག་ཐུབ་པ་ནི་དཀོན་པོར་ཆགས་ཡོད་པས་དེ་ལྟར་བཤད་པ་ཡིན། ཡུན་རིང་པོ་ལ་ཆོས་ཁྲིད་ཀྱི་ཞོར་དུ་དོན་ཡོད་ལ་མེད་ཀྱི་ཁ་བརྡ་ཡང་མང་པོ་ཡོང་སོང་བ་རེད། ད་ནི་ལྷག་པོར་སྒེར་བ་ཟུར་ནས་ངོ་འཕྲད་བྱས་ནས་བཤད་དགོས་རྒྱུ་ཡང་ཅང་མི་འདུག སྤྱིར་ན་འདིའི་ལོ་ཁ་ཤས་ཚུན་ཆད་ལ་མི་དང་འབྲེལ་གཏུག་ཇེ་ཉུང་ལ་གཏོང་བཞིན་ཡོད། དུས་ཀྱི་མཐའ་འདིར་དམ་པ་གོང་མའི་ཞལ་ཆབ་གསུང་གི་བདུད་རྩིའི་ཆོས་རྒྱུན་རེ་སྤེལ་རྒྱུ་དང་། ཆོས་སྦྱིན་ཕྲ་ལ་ཕྲན་ཚེགས་ཙམ་རེ་བྱེད་རྒྱུ་ལས་དགོན་པའི་བསྟན་སྲིད་ལ་མ་བལྟས་པར་ལོ་བཅུ་ཁ་ཞིག་ལང་གིན་འདུག དེ་ལ་ཐེ་ཇུས་བྱེད་ཀྱིན་མེད། ང་ལ་མི་དང་འབྲེལ་དགོས་པའི་ལས་ཀ་བྱ་བ་བསྒྲུབ་རྒྱུ་མི་འདུག མི་གཞན་དག་གི་དགོས་དོན་ཡང་ངས་འགྲུབ་རྒྱུ་མ་རེད། དེ་བཞིན་དུ་ཁྱེད་རྣམ་པས་མི་གཞན་ལ་བཤད་པའི་གོ་སྐབས་ལ་ཁེལ་ན་དེ་བཞིན་དུ་ཤོད་དང་ཆོག ང་དང་མཉམ་དུ་འདྲ་པར་རེ་བརྒྱབ་རྒྱུའི་དོན་དུ་ཡར་བཤད་མར་བཤད་བྱས་ནས་ཡོང་བསམ་མཁན་ཡོད་ན། ང་དང་མཉམ་དུ་པར་ཞིག་བརྒྱབ་པས་ཁྱེད་ལ་ཡག་བྱེད་མཐོ་བྱེད་གཉིས་ཀ་མེད་ངེས། དེ་ཡང་སུན་པ་སྐྱེ་བྱེད་གཅིག་རེད་པས་པར་རྒྱག་འདོད་མེད་ཅེས་ཟློས། རྒྱུ་ཞིག་དགོས་པས་རྒྱ་ཞིག་དང་ཐོ་གཏུག་རྒྱུ་ཨེ་ཡོད་ཟེར་མཁན་ཡང་མང་བ་རེད་ཀྱང་། དེ་ཡང་གཞོགས་སློང་། ཁ་གསག ཐོབ་འཇལ་ལ་སོགས་པ་མང་པོ་ཞིག་འཛོམ་འདུག་དགོས་པས། དེའི་ལྡོམ་སྣ་ཡང་གཅིག་ལ་བྱས་ན་གཅིག་རེད་ཐབས་མེད་པས་དེ་ཡང་བྱེད་མི་ཐུབ་ཅེས་ཟློས། འགའ་རེ་བདེན་རྫུན་གང་ཡིན་མ་ཤེས་ཀྱང་། རྟེན་བཞེངས་ཅི་ཞིག་འདྲ་ཞིག་བྱེད་པ་དང་། སློབ་གྲྭ་ཅི་ཞིག་འདྲ་ཞིག་བཙུགས་རབས་བཤད་ནས་སྒོར་མོ་བྱིན་ཟེར་མཁན་ཡང་མང་འདུག སློང་བ་ཕྱིར་ལྡོག་གི་རེ་ཐག་བཅད་པ་མིན་ཀྱང་། བཅོམ་ལྡན་འདས་ཀྱི་བཀའ་གནང་བ་ལྟར་དུ་རབ་བྱུང་གི་ཆོས་སྦྱིན་རེ་བྱེད་རྒྱུ་ལས་ཟང་ཟིང་གི་སྦྱིན་པ་ལ་དོན་གཉེར་བྱེད་ཀྱིན་མེད་ཅེས་ཁྱེད་རྣམ་པས་གསུངས་ཤོག དེས་འཕྲོས་མོ་འདེབས་རོགས་ཟེར་བ་རེད། མོ་འདེབས་མཁན་རང་གི་མོ་ལ་ཡང་ཡིད་ཆེས་མེད་པས་ཁྱེད་རྣམས་ཀྱིས་ཀྱང་ངས་མོ་ལ་ཡིད་ཆེས་མ་བྱེད། མོ་འདེབས་སར་མ་ཡོང་ཞེས་ཤོད། དེ་མིན་མཆོག་གསུམ་ལ་བདེན་པ་བདར་ན་མཆོག་གསུམ་ལ་སླུ་བ་མེད་ཀྱང་། དེ་འདེབས་པའི་མིས་དཔྱད་པ་མི་ཐེངས་པས་རྫུན་དུ་འགྲོ་བར་འདུག ཡུན་རིང་ནས་འཁྲེབས་སོང་ན་མི་ཆོས་བླ་མའི་རྫུན་ཡང་རེད་སྲིད། མཁར་བརྩེགས་དགུ་ཡོད་པའི་རྩེ་ཞིག་ནས་ཕྱོགས་བཞི་གང་ནས་མཆོང་ན་ཡག་འདུག་ཟེར་ན་ཕྱོགས་འགའ་རེ་མི་ཡག་ཀྱང་ཕྱོགས་གཅིག་ཡག་འདུག་ཟེར་བ་ཞིག་བབ་སྲིད་ན་མི་ཤེས། དེ་བབ་དུས་མོ་རྐུབ་བུད་པ་རེད། ཚང་མ་བཙོག་པ་ཏག་ཏག་ཨེ་འབབ་ཅི་ཤེས། ལར་མ་གཞི་དངོས་ཡོད་མིག་གི་རིག་རྒྱུ་མོ་འདེབས་རྒྱུ་ཡོད་པ་མ་རེད་མངོན་སུམ་ཚད་མས་གཞལ་དགོས་པ་རེད་ཅེས་ཟློས། སྐྱེ་བརྟག་ནི་དེ་བས་ཀྱང་མི་ཤེས་པ་ནི་ད་ཞག་ཞིང་སྒྲུབ་སྐབས་ལ་བཤད་པ་དེ་རེད། སྐྱེ་བརྟག་ཟེར་ན་ཤི་བོས་སྐྱེ་བ་གང་ན་བླངས་ཡོད་རིག་ནས་བཤད་པ་དེ་རེད། སེམས་ཅན་གཅིག་གི་སྐྱེ་གནས་དང་། སྐྱེ་བའི་ཕྲེང་བའི་བརྒྱུད་རིམ་ལ་སོགས་པ་ཆ་ཚང་རིག་དུས། སེམས་ཅན་ཐམས་ཅད་ཀྱི་ལས་འབྲས་ཀྱང་རེ་རེ་བཞིན་དུ་མ་འདྲེས་པར་ལོས་རིག དེ་རིག་ན་སྲིད་གསུམ་འགྲོ་བའི་བདེ་སྡུག་སྐྱེ་འཆི་དང་། ལས་དང་ལས་ཀྱི་རྣམ་པར་སྨིན་པ་ཚང་མ་ཨ་རུ་ར་རློན་པ་ལག་མཐིལ་དུ་བཞག་པ་བཞིན་དུ་གཟིགས་དགོས་པ་ཡིན། དེ་རིག་དུས་ཐམས་ཅད་མཁྱེན་པ་ཡིན་པ་རེད། དེས་ན་རང་གི་བྱ་བ་འགའ་རེར་ཚོད་མི་ཐིག་པར་ལས་ལྡབ་བྱེད་འདུག་དགོས་ས་མི་འདུག དེ་རིང་གནམ་འབབ་པ་འདུག་གམ་ཟེར་ནས་གནམ་ལྟས་བྱེད་འདུག་དགོས་དོན་མི་འདུག དེས་ན་ཧོར་གྱི་མོ་མ་ཀུན་ཤེས་གཅིག་སྡུག་ཟེར་བ་ཞིག་གིས། ཀུན་ཤེས་སྲིད་པའི་སྐྱིད་སྡུག་ཤེས། །གཅིག་སྡུག་ནམ་ཤི་མི་ཤེས་སྡུག །ཅེས་པ་ལྟར་དུ་ཡིན། དགེ་བ་འདི་འདྲ་རེ་བསྒྲུབས་ན་ཨེ་མི་བཟང་ཞེས་པ་ནི། དགེ་སྡིག་གི་འགྲོས་དང་འགྱུར་ཁྱད་ཤེས་མཁན་ཚང་མས་ཤེས་ལུགས་འདྲ་འདྲ་རེད། ང་ཡིན་པས་ཆེ་རྒྱུ་མི་འདུག མི་དང་གཏུག་འབྲེལ་མི་བསམ་པ་ཅིས་ཞེ་ན། མིའི་ཁྱུ་ནས་བུད་དགོས་བསམ་པས་ཡིན། དེ་ཡང་མི་ཚང་མའི་ཡན་ལ་བུད་དགོས་བསམ་པ་མ་རེད། མིའི་ཚང་བའི་མན་ལ་བྱིད་དགོས་བསམ་པ་ཡིན། ངག་གཅད་དགོས་མི་དགོས་ཟེར་དོན་ཡང་དེས་ཡིན། ཡང་ཞབས་བརྟན་གསོལ་འདེབས་བྲིས་ཤོག་ཟེར་མཁན་ཡང་མང་པོ་རེད། དང་པོར་ཐུབ་སྣང་ཤར་ནས་ཟིན་ཐོ་རེ་བཀོད་ཀྱང་ད་ནི་མང་བའི་དབང་གིས་རེ་རེ་ལ་ལན་རེ་འཕྲོད་ས་མི་འདུག་སྙམ་པར་བྱུང་། དེ་ལྟ་བུའི་གནས་ཚུལ་ཆགས་འདུག རང་གཞན་ཚང་མ་དཀོན་མཆོག་གི་སྐྱབས་འོག་ནས་མ་ཤི་ཚེ་རིང་བྱུང་ནས་སླར་ཡང་མཇལ་འཛོམས་བྱུང་ནས་ཕྱི་ནང་གི་འགལ་རྐྱེན་དང་འཚེ་བ་འདྲ་མེད་ན། སང་ཕོད་དབྱར་ཀ་ཡེ་ཤེས་བླ་མའི་ཁྲིད་ཁྲིད་སྦྱོང་དང་བཅས་པ་དང་། བླ་མ་ཡང་ཏིག་ཅིག་འདི་ནས་འདོན་དགོས་བསམ་པ་ཡིན། གཞན་ཡང་གཞུང་ཆེན་བཅུ་གསུམ་གཞན་དགའི་མཆན་འགྲེལ་གྱི་ཁྲིད་རྒྱུན་ཡག་པ་ཞིག་ང་ལ་ཡོད་པ་རེད། གཞན་དགའ་ཚང་དང་ངའི་བར་ལ་མཁན་པོ་ཨ་པཎ་ཚེ་དབང་ཁོང་གཅིག་ལས་ཆོད་མེད་པ་རེད། དེའི་ནང་ནས་མངོན་པ་འོག་མ་ངས་ཐོབ་མེད། མེད་དོན་ཅི་རེད་ཟེར་ན་ངས་རྩ་བ་བློར་བླངས་ནས་ཞུ་མ་རག་བྱས་བཞག་ཡོད་ཀྱང་། དེ་ནས་ང་དགུའི་དུས་འགྱུར་ཚེས་སོང་བ་རེད། མཁན་པོ་ཚང་གིས་རྒྱན་འཇུག་གཉིས་མཛོད་ལ་སོགས་པའི་གཞུང་གནད་ཆེན་ཚང་མའི་རྩ་བ་བློ་ལ་ལེན་དུ་བཅུག་བྱུང་། དེ་ང་ལ་དམིགས་བསལ་མཛད་པ་ཞིག་རེད། གཞུང་ཆེན་རྣམས་ཀྱི་ལུང་ཞིག་ཡེ་ཤེས་བླ་མའི་ཆོས་ཁྲིད་དང་སྦྲགས་ནས་དེའི་ཞོར་དུ་བཏོན་ན་དཀའ་བ་མེད་ཀྱང་། ད་རུང་ཇི་ལྟར་དགོས་རིམ་པས་ལྟ་ཞོར་བྱེད་རྒྱུ་ཡིན། དེའི་འཕྲོས་སོས་ཀ་དགུ་རོང་གི་གདན་ས་ནས་བཀའ་བརྒྱད་ཀྱི་ལུང་ཞིག་འདོན་རྒྱུ་དང་། ཡིད་ལྷུང་ནས་གཅིག་འདོན་མི་འདོན་དེ་ཚོ་རིམ་པས་བལྟ་རྒྱུ་བྱེད། ད་རུང་འགའ་རེས་ཟེར་ན་ཁྲོས་མའི་བསྙེན་ཚད་འཇོག་རྒྱུའི་རེ་ཡོད་ཟེར་བ་ཡང་གོ་ཐོས་བྱུང་། ངས་བསམ་ན་སྙིང་ཐིག་གི་དཔལ་ཆེན་བཀའ་བརྒྱད་ཀྱི་བསྐྱེད་རྫོགས་ཀྱི་ཁྲིད་ཅིག་ལས་བྱང་གི་ཐོག་ནས་བཤད་དེ། དཔལ་ཆེན་བཀའ་བརྒྱད་ཀྱི་བསྙེན་ཚད་ཅིག་བཞག་ན་དཔལ་དགུ་བོའི་ལས་རུང་བསྙེན་པའི་དོད་ཅིག་རེད་ན་དེ་ལེགས་པ་དང་། རེད་ན་དེ་དང་མཉམ་དུ་བདུད་རྩི་ཡོན་ཏན་གྱི་དཀྱིལ་འཁོར་ལ་བརྟེན་པའི་སྨན་སྒྲུབ་ཅིག་བཙུགས་ན་ཡང་དགོས་པ་དང་ལྡན་པ་རེད་ཀྱང་། ད་རུང་འདོན་པའི་ངེས་པ་མེད། དེའི་འཕྲོས་ད་རུང་སྐད་བསྐུར་བྱེད་རྒྱུ་ཞིག་ལ་ཁྱེད་རྣམ་པ་ཕྱོགས་མང་པོའི་ས་ཆར་ཕེབས་འགྲོ་བ་རེད། ག་སར་གང་དུ་བྱོན་དུས་མི་འདྲ་དང་མི་འདྲ་ལ་ཁ་བརྡ་ཡོང་རྒྱུ་རེད། གསུང་དགོས་ས་ཚོར་འདི་འདྲ་གསུངས་ཤོག ང་པདྨ་སྐལ་བཟང་ཞེས་པའི་མི་ཞིག་ས་སྟེང་འཇིག་རྟེན་གྱི་ཁམས་སུ་ཡོད་བཞག་པ་རེད། ད་གློ་བུར་དུ་མེད་ཐབས་ཡོད་པ་མ་རེད་ཀྱང་། ང་ལ་བརྟེན་པ་དང་ངའི་གོས་ཀྱིས་ཁྲོས་འཁྲུགས་ཕྲག་དོག་ངན་སེམས་ཀྱི་ཚིག་བརླང་པོས་ངན་སྨོད་ལྐོག་ནས་བྱེད་པ་ཡང་ཡོད་སྲིད་རྒྱུ་རེད། བཅོམ་ལྡན་འདས་ལ་ངན་སྨོད་བྱེད་པ་ཡོད་ན་སོ་སོའི་སྐྱེ་བོ་ཞིག་ལ་ཅིས་མེད། དེ་ཡོད་རྒྱུ་ནི་ཆོས་ཉིད་རེད། དེ་ཅན་པོ་ལ་གན་འཇིག་རྟེན་ཁམས་ལ་མེད་པར་དང་འདྲ་ཐལ། མི་གྲལ་ནས་བུད་པ་ཡིན་ཟེར་འདུག བསྟོད་སྨད་དགའ་སྡུག་གང་ཡིན་ན་ཡང་ལེན་མི་འབྱུང་བའི་ཐད་ནས་སེམས་མེད་བེམ་པོ་ཞིག་གི་འདུ་ཤེས་འཛིན་ཆོག་ཐལ། དེའི་སྟེང་ལ་འབྲེལ་ཚད་ལ་སྨོན་ལམ་བཟང་པོ་རེས་རྒྱས་འདེབས་བྱེད་ཀྱིན་འདུག་ཟེར་འདུག་ཅེས་གསུངས་ཤོག དེ་རྣམས་སེམས་ལྷོད་ལ་བབ་ཏུ་ཆུག་དེ་ཡང་སེམས་ཅན་ལ་ཕན་པའི་མཛད་པ་ཞིག་ཡིན་པ་རེད། སང་ཉིན་ཆོས་ཁྲིད་ཀྱི་སྐབས་སུ་ཐེངས་གཅིག་མཇལ་ནས་དེ་དང་མཉམ་དུ་ཐེངས་འདིའི་གྱེས་ཕྱག་འབུལ་རྒྱུ་བྱེད། དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱིས་དུས་གསུམ་བསག་དང་ཡོད་པའི་དགེ་བའི་རྩ་བ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས་ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས། བསྟན་འཛིན་གྱི་སྐྱེས་བུ་གང་ན་སུ་བཞུགས་ཐམས་ཅད་ཀྱི་སྐུ་ཚེའི་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཐམས་ཅད་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་སྤྱོད་དེ་མཐར་ཐུག་སེམས་ཅན་ཐམས་ཅད་བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་རིན་པོ་ཆེར་འགོད་པའི་ཕྱིར་དུ། རྗེ་བཙུན་འཇམ་པའི་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་ཟབ་མོ་གནང་བར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆི་རྦ་བརླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་གྲོལ་བར་ཤོག།


previousཉིན་ཉེར་བདུན་པའི་ཆོས་ཁྲིད། next