Nitartha Digital Library
Tibetan
 
previousཉིན་ཉེར་བརྒྱད་པའི་ཆོས་ཁྲིད། no next

ཉིན་ཉེར་བརྒྱད་པའི་ཆོས་ཁྲིད།

དེ་ཡང། ཇི་སྐད་དུ་ཀུན་མཁྱེན་དྲི་མེད་འོད་ཟེར་གྱིས། ནུབ་ཀའི་བྱ་རྣམས་ཤིང་ལ་བསྙེགས་པ་དང་། །རི་དྭགས་རང་གི་གནས་ལ་འགྲོ་མཐོང་ནས། །སྐྱེས་པའི་ཐ་མ་འཆི་བ་དྲན་པར་བྱེད། །ཡོན་ཏན་འབྱུང་གནས་དབེན་པ་བསྟེན་པར་མཛོད། །ཅེས་གསུངས་པ་ལྟར། ཉིན་མོར་ཟས་འཚོལ་གྱི་བྱ་བས་གཡེངས་པའི་འདབ་ཆགས་བྱ་ཡི་རིགས་རྣམས་ཉི་མ་ནུབ་ཀའི་དུས་སུ་ཕྱིར་ཤིང་རྩེའི་རང་རང་གི་ཚང་ལ་བསྙེགས་པ་དང་། དེ་དང་དུས་མཉམ་པར་ལ་ཁའི་རི་དྭགས་རྣམས་ཀྱང་རང་གནས་གང་ན་ཡིན་པ་དེར་འགྲོ་བར་མཐོང་བ་དེ་དང་ཆོས་མཚུངས་པར་རང་རེ་ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་ཆོས་མཐུན་གྱི་གྲོགས་པོ་རྣམས་ཀྱང་ཚོང་འདུས་ཀྱི་མགྲོན་པོ་བཞིན་དུ་ད་ལྟའི་ཆོས་ཁྲིད་འདི་གྲོལ་བ་དང་མཉམ་དུ་སོ་སོའི་གནས་སུ་འགྲོ་རྒྱུ་ཡིན་པ་འདི་ཚོས་ཀྱང་། སྐྱེས་པའི་མཐའ་མར་འཆི་བ་ཡོང་བའི་བརྡ་སྟོན་གྱི་ཆོས་སུ་གོ་བར་བྱས་ཏེ། ཡོན་ཏན་འབྱུང་གནས་དབེན་པར་བསྟེན་ནས་དལ་འབྱོར་དོན་ལྡན་འདི་ཕྱི་གཉིས་དོན་འགྲུབ་པ་ཞིག་མཛོད་ཅེས་གོ་དོན་གང་ལ་ཡང་སྦྱར་ཆོག་པའི་ཚིག་གིས་གསུངས་པ་ལྟར་དུ། ཐེག་ཆེན་མདོ་སྔགས་ཀྱི་ལམ་ནས་ཡེངས་མེད་རྩེ་གཅིག་གིས་སྒྲུབ་ལ་སྦྱོར་བ་ནི་མ་ནོར་དམ་པའི་ལམ་ཡིན་ལ། དེའི་ལམ་གྱི་གཞུང་རྟ་གང་ཡིན་ན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཡིན་པས། སྨོན་འཇུག་གི་བསླབ་བྱ་ཚུལ་བཞིན་དུ་ཉམས་སུ་ལེན་དགོས་པའི་ཚུལ་རྣམས་འཆད་བཞིན་པ་ལས། འཇུག་པའི་བསླབ་བྱ་ཕ་རོལ་དུ་ཕྱིན་པ་དྲུག་གི་ནང་ནས་དེ་རིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བློ་ཁ་ཕྱོགས་ན། བྱང་ཆུབ་སེམས་དཔའ་གང་ཞིག་སྦྱིན་པ་ལ་གནས་པ་ནས། བསམ་གཏན་གྱི་བར་དུ་ལྡན་ཡང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ན། དེས་ཐམས་ཅད་མཁྱེན་པའི་གོ་འཕང་མི་ཐོབ་བོ། །དེ་ཅིའི་ཕྱིར་ཞེ་ན། ལོང་ཁྲིད་མེད་པའི་ལོང་བའི་ཚོགས་ཀྱིས་ཡིད་ལ་འདོད་པའི་གྲོང་ཁྱེར་དུ་བགྲོད་པར་མི་ནུས་པ་དང་འདྲའོ། །དེ་ལྟར་ཡང་འཕགས་པ་སྡུད་པ་ལས། དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཁྲག་ཁྲིག་རྣམས། །ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་ནུས། །ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་ཡིས། །དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན། །ཞེས་གསུངས་སོ། །དེ་ལས་ལྡོག་སྟེ་ཤེས་རབ་དང་ལྡན་ན། ལོང་ཁྲིད་ཀྱིས་ལོང་བའི་ཚོགས་གྲོང་ཁྱེར་དུ་ཁྲིད་པ་ལྟར་སྦྱིན་པ་ལ་སོགས་པ་དགེ་བའི་ཚོགས་ཐམས་ཅད་སངས་རྒྱས་ཀྱི་ལམ་དུ་བསྒྱུར་ནས། ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་བོ། །དེ་ལྟར་ཡང་དབུ་མ་འཇུག་པ་ལས། ཇི་ལྟར་ལོང་བའི་ཚོགས་ཀུན་བདེ་བླག་ཏུ། །མིག་ལྡན་སྐྱེས་བུ་གཅིག་གིས་འདོད་པ་ཡི། །ཡུལ་དུ་ཁྲིད་པ་དེ་བཞིན་ཤེས་རབ་ཀྱིས། །མིག་ཉམས་ཡོན་ཏན་བླངས་ཏེ་རྒྱལ་བར་ཁྲིད། །ཅེས་གསུངས་སོ། །འོ་ན་ཤེས་རབ་ཁོ་ནས་ཆོག་མོད། སྦྱིན་པ་ལ་སོགས་པའི་ཐབས་རྣམས་ཅི་དགོས་ཤེ་ན། ཐབས་ཤེས་ཡ་བྲལ་དུ་ཉམས་སུ་བླངས་ན་འཆིང་བར་འགྲོ་བ་ཡིན་པའི་ཕྱིར། གང་དུ་འཆིང་བ་ཡིན་ཞེ་ན། བྱང་ཆུབ་སེམས་དཔས་ཐབས་དང་བྲལ་བའི་ཤེས་རབ་བརྟེན་ན། ཉན་ཐོས་ཀྱི་འདོད་པའི་ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས་འདས་པ་དེར་ལྷུང་ནས་བཅིངས་པ་བཞིན་དུ་འགྱུར་ཏེ། མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་མི་འགྱུར་རོ། །ཤེས་རབ་དང་བྲལ་བའི་ཐབས་བརྟེན་ན་ཡང་བྱིས་པ་སོ་སོའི་སྐྱེ་བོའི་ས་ལས་མི་འདའ་བས། འཁོར་བ་ཉིད་དུ་བཅིངས་པ་ཁོ་ནར་འགྱུར་བའོ། །དེས་ན་སྲིད་ཞི་གཉིས་ལ་མི་གནས་པའི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་དགོས་ན་ཤེས་རབ་ཀྱི་མིག་དང་ཐབས་ཀྱི་རྐང་པ་གཉིས་ཀ་ཡོད་དགོས་སོ། །འོ་ན་ཤེས་རབ་དེ་གང་ལས་འབྱུང་བ་དང་ཇི་ལྟར་འབྱུང་ཞེ་ན། དཔེར་ན་ཤིང་ཉུང་ཟད་ཙམ་ལ་མེ་སྦར་ཡང་། མེ་ཆེ་ལ་ཡུན་རིང་བ་མི་འབྱུང་ལ། ཤིང་ཤིན་ཏུ་སྐམ་ཞིང་མང་བ་བསགས་ནས་མེ་སྦར་ན། མེ་ཆེ་ལ་ཡུན་རིང་བ་བསད་ཀྱང་མི་སོད་པ་འབྱུང་ངོ་། །དེ་བཞིན་དུ་བསོད་ནམས་ཉུང་ཟད་ཙམ་ལས་མ་བསགས་པ་ལ་ཤེས་རབ་ཆེན་པོ་མི་སྐྱེ་ལ། སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་བསོད་ནམས་ཆེན་པོ་བསགས་པ་ལ་ཤེས་རབ་ཆེན་པོ་འབྱུང་སྟེ། སྒྲིབ་པ་ཐམས་ཅད་སྲེག་གོ །དེས་ན་ཤེས་རབ་ཉིད་ཀྱི་ཆེད་དུ་སྦྱིན་པ་ལ་སོགས་པ་བརྟེན་དགོས་སོ། །དེ་ལྟར་ཡང་སྤྱོད་འཇུག་ལས། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །ཞེས་འབྱུང་ངོ་། །ཤེས་རབ་ཀྱི་ངོ་བོ་ནི། ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡིན་ལ། ཤེས་རབ་ལ་དབྱེ་ན། འཇིག་རྟེན་པའི་ཤེས་རབ་དང་། འཇིག་རྟེན་ལས་འདས་པ་དམན་པའི་ཤེས་རབ་དང་། འཇིག་རྟེན་ལས་འདས་པ་ཆེན་པོའི་ཤེས་རབ་དང་གསུམ་ཡོད་ལ། དེ་ལས་གསུམ་པ་འཇིག་རྟེན་ལས་འདས་པ་ཆེན་པོའི་ཤེས་རབ་ནི། ཐེག་པ་ཆེན་པོའི་ཐོས་བསམ་སྒོམ་གསུམ་ལས་བྱུང་བའི་ཤེས་རབ་སྟེ། བདག་གཉིས་ཀྱིས་སྟོང་པའི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ཞིང་སྐྱེ་བ་མེད་པ་ཤེས་དང་ཤེས་བྱ་གཉིས་ཀས་སྟོང་པའི་གཞི་མེད་རྩ་བྲལ་དུ་ཤེས་པ་དེ་ཉིད་ཡིན་ལ། འོན་ཀྱང་སྟོང་པ་ཉིད་ལ་ལྟ་ཉེས་སོང་ན། རྩ་བ་ཤེས་རབ་ལས། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཞེས་གསུངས་སོ། །ཅི་ལྟར་ཕུང་ཞེ་ན། དཔེར་ན་ནད་པ་ལ་འཁྲུ་སྨན་བཏང་བས། ནད་དང་འཁྲུ་སྨན་གཉིས་ཆར་འཁྲུས་ན་ནད་སོས་པ་ཡིན་ལ། ནད་འཁྲུས་ནས་འཁྲུ་སྨན་མ་ཞུ་ན། ནད་པ་གསོར་མི་རུང་སྟེ་འཆི་བར་འགྱུར་རོ། །དེ་བཞིན་དུ་དངོས་པོར་བལྟ་བ་དེ་སྟོང་ཉིད་བསྒོམས་པས་བུད་ཀྱང་། སྟོང་ཉིད་ལ་ཞེན་ཅིང་བལྟ་ན། སྟོང་པའི་བདག་པོ་སྟོང་པར་འགྲོ་སྟེ། ངན་འགྲོར་ཕྱོགས་པར་འགྱུར་བའོ། །རིན་ཆེན་ཕྲེང་བ་ལས་ཀྱང་། ཡོད་པ་པོ་ནི་བདེ་འགྲོར་འགྲོ །མེད་པ་པོ་ནི་ངན་འགྲོར་འགྲོ །ཞེས་གསུངས་སོ། །དེ་ལ་སྔ་མ་བས་ཕྱི་མ་སྐྱོན་ཆེའོ། །དོན་ལ་ཡོད་པར་འཛིན་པ་དང་། མེད་པར་འཛིན་པ་གཉིས་ཆར་སྐྱོན་ཅན་ཡིན་ཏེ། རྟག་ཆད་གཉིས་ཀྱི་མཐར་ལྟུང་བའི་ཕྱིར། །རྟག་ཆད་ཀྱི་མཐར་ལྟུང་བ་ནི་རྨོངས་པའོ། །རྨོངས་པ་ནི་འཁོར་བ་ལས་གྲོལ་བར་མི་འགྱུར་བའོ། །འོ་ན་གང་གིས་གྲོལ་ཞེ་ན། མཐའ་ལ་མི་གནས་པ་དབུ་མའི་ལམ་གྱིས་གྲོལ་བར་འགྱུར་རོ། །དེ་ལྟར་ཡང་རིན་ཆེན་ཕྲེང་བ་ལས། ཡང་དག་ཇི་བཞིན་ཡོངས་ཤེས་པ། །གཉིས་ལ་མི་བརྟེན་ཐར་བར་འགྱུར། །ཞེས་པ་སྟེ། ཡོངས་དག་ཇི་བཞིན་ཆོས་ཐམས་ཅད་སྐྱེ་མེད་དུ་ཡོངས་སུ་ཤེས་པ་གང་ཡིན་པ་དེ་རྟག་དང་ཆད་པའི་མཐའ་གཉིས་ལ་མི་བརྟེན་པར་འཁོར་བ་ལས་ཐར་བའི་ཐར་བར་གྲོལ་བར་འགྱུར་ཞེས་པའི་དོན་དང་། མགོན་པོ་བྱམས་པས་ཀྱང་དེ་བཞིན་དུ། ཚུལ་རོལ་ཕ་རོལ་མཐའ་ལ་མིན། །དེ་དག་བར་ན་མི་གནས་པ། །དུས་རྣམ་མཉམ་པ་ཉིད་ཤེས་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་པར་འདོད། །ཅེས་དང་། ཡང་ནམ་མཁའ་རིན་པོ་ཆེའི་མདོ་ལས། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་གསུངས་སོ། །དེ་ལྟར་ཤེས་རབ་བམ། རང་སེམས་ཤེས་པར་བྱ་བའི་ཚིག་དེ་དག་ཀྱང་། རྟོག་པས་བཅད་པའི་ངོས་ནས་ཡིན་ལ། ཤེས་རབ་བམ། སེམས་ཀྱི་དོན་ནི་ཤེས་པར་བྱ་བའམ། བརྗོད་པར་བྱ་བ་ལས་འདས་པ་ཡིན་ནོ། །དེ་ལྟར་ཡང་། སྒྲ་གཅན་འཛིན་གྱིས་ཡུམ་ལ་བསྟོད་པ་ལས་ཀྱང་། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་པར་ལྟར་རོ། །འོ་ན་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་ན། ཤེས་པ་དེ་ལ་གོམས་པར་བྱ་བ་ཅང་དགོས་སམ་ཞེ་ན་དགོས་ཏེ། དཔེར་ན་དངུལ་རྡོ་དེ་དངུལ་གྱི་རང་བཞིན་ཡིན་ཡང་། བཞུ་བཏུལ་མ་བྱས་ཀྱི་བར་དུ་དངུལ་མི་སྣང་། དངུལ་ཆུ་འདོད་ན་དངུལ་རྡོ་དེ་བཞུ་བཏུལ་བྱ་དགོས་སོ། །དེ་བཞིན་དུ་ཆོས་ཐམས་ཅད་ཡེ་ནས་རང་བཞིན་སྟོང་པ་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་ཡིན་ཡང་། སེམས་ཅན་རྣམས་ལ་དངོས་པོ་སྣ་ཚོགས་སུ་སྣང་ཞིང་སྡུག་བསྔལ་སྣ་ཚོགས་མྱང་བས་ཤེས་པ་དང་གོམས་པར་བྱ་དགོས། གོམས་པར་བྱ་བའི་ཚུལ་ནི། གཞི་དབུ་མ་ཆེན་པོ། ལམ་ཕྱག་རྒྱ་ཆེན་པོ། འབྲས་བུ་རྫོགས་པ་ཆེན་པོའི་རང་ལམ་ནས། སྔོན་འགྲོ་དངོས་གཞི་རྗེས་ལ་སོགས་པའི་རིམ་པས་འབྲས་བུ་མཐར་མ་ཕྱིན་གྱི་བར་དུ་བསྒོམ་པར་བྱ་བའོ། །སྟོང་ཉིད་ཅེས་པ་དེ་མེད་པ་ཕྱང་ཆད་ཅིག་མ་ཡིན་ཏེ། སྟོང་ཉིད་ཀྱིས་སྟོང་དང་མི་སྟོང་གཉིས་ཀ་མི་མཐོང་། གང་བལྟ་བྱ་མཐོང་བྱེད་དང་བྲལ་བའི་སྟོང་བའི་རང་མདངས་ཅིར་ཡང་སྣང་ཞིང་སྣང་དུས་ཉིད་ནས་ཀྱང་སྟོང་པ་ནི་སྣང་སྟོང་ཟུང་འཇུག་ཏུ་འདོད་པའི་ཕྱིར། དེ་ཡང་ཁ་ནང་ལ་འཁོར་ནས་རང་གིས་རིག་པར་བྱ་བ་ལས་གཞན་མ་ཡིན་པས་ན་སོ་སོར་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་ཤར་བ་ཞིག་གོ །དེ་ལྟར་དོན་དམ་སྟོང་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེའི་ངང་ལ་དར་ཅིག་ཙམ་གནས་ན་བསྐལ་པའི་བར་དུ་ཉན་པའམ། ཀློག་པའམ་དགེ་བའི་རྩ་བ་སྦྱིན་པ་ལ་སོགས་པ་བྱས་པ་པས་བསོད་ནམས་དཔག་ཏུ་མེད་པར་ཆེ་བ་ཡིན་ནོ། །དེ་ཡིན་པའི་སྒྲུབ་བྱེད་ནི། དེས་སྐྱེ་འཆིའི་ལམ་དང་རིང་དུ་འབྲལ་བར་བྱེད་པར་ཡིན་པས་བསྐལ་བ་མང་པོའི་ཚོགས་སྐད་ཅིག་ལ་འདུམ་ཞིང་ཆོད་ཆེ་བ་ཡིན་པས་སོ། །ལུང་ནི་དེ་ཁོ་ན་ཉིད་བསྟན་པའི་མདོ་ལས། ཤཱ་རིའི་བུ། གང་གིས་བསྐལ་པ་གཅིག་གི་བར་དུ་ཉན་པ་བས། གང་གིས་སེ་གོལ་གཏོགས་ཙམ་ཅིག་ཏུ་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམས་ན་བསོད་ནམས་འཕེལ་ལོ། །ཤཱ་རིའི་བུ་དེ་ལྟ་བས་ན། དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་གཞན་ལ་ནན་ཏན་གྱིས་གདམས་པར་བྱའོ། །ཤཱ་རིའི་བུ་གང་སངས་རྒྱས་སུ་ལུང་བསྟན་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་ཏིང་ངེ་འཛིན་འདི་ལ་གནས་པ་ཤ་སྟག་གོ །ཞེས་གསུངས་སོ། །གཙུག་ཏོར་ཆེན་པོའི་མདོ་ལས་ཀྱང་། བསྐལ་པ་མང་པོའི་བར་དུ་ཐོས་དང་བསམ་པ་བས་ནི། ཉིན་གཅིག་ཆོས་ཀྱི་དོན་བསྒོམས་པས་བསོད་ནམས་ཆེའོ། །དེ་ཅིའི་ཕྱིར་ཞེ་ན། དེས་སྐྱེ་འཆིའི་ལམ་དང་རིང་དུ་འབྲལ་བར་བྱེད་པའི་ཕྱིར་རོ། །ཞེས་གསུངས་སོ། །དེ་ལ་སོགས་པ་མདོ་ཤིན་ཏུ་མང་པོའི་ལུང་གིས་ཤེས་པར་བྱའོ། །གཞན་ཡང་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་འདི་ཉིད་ལ་ཚང་བའི་ཚུལ། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས། མི་འཛིན་པ་ནི་སྦྱིན་པའོ། །མི་བསྲུང་པ་ནི་ཚུལ་ཁྲིམས་སོ། །མི་གནས་པ་ནི་བཟོད་པའོ། །མི་བརྩོན་པ་ནི་བརྩོན་འགྲུས་སོ། །མི་སེམས་པ་ནི་བསམ་གཏན་ནོ། །མི་དམིགས་པ་ནི་ཤེས་རབ་བོ། །ཞེས་ཡེ་ཤེས་བླ་མར་ལུང་དྲངས་པ་ལྟར་རོ། །ཐབས་སྟོབས་སྨོན་ལམ་ཡེ་ཤེས་ཀྱི་ཕར་ཕྱིན་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་འདུས་སོ། །ཤེས་རབ་གོམས་པའི་རྟགས་ནི། དགེ་བ་ལ་བག་ཡོད་པར་འགྱུར། ཉོན་མོངས་པ་ཤས་ཆུང་བར་འགྱུར། སེམས་ཅན་ལ་སྙིང་རྗེ་སྐྱེ་བར་འགྱུར། སྒྲུབ་པ་ལ་ནན་ཏན་བྱེད་པར་འགྱུར། གཡེང་བ་ཐམས་ཅད་སྤང་བར་འགྱུར། ཚེ་འདི་ལ་མི་ཆགས་ཤིང་ཞེན་པ་མེད་པར་འགྱུར་རོ། །ཤེས་རབ་ཀྱི་འབྲས་བུ་ནི། མཐར་ཐུག་དང་། གནས་སྐབས་གཉིས་སུ་ཤེས་པར་བྱའོ། །དེ་ལ་མཐར་ཐུག་ནི་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་དང་། གནས་སྐབས་སུ་ནི། བདེ་ལེགས་ཐམས་ཅད་འབྱུང་བའོ། །རྒྱལ་སྲས་ཞི་བ་ལྷས་ཀྱང་། གང་གིས་ཆོས་ཀྱི་གཙོ་བོ་མཆོག །སེམས་ཀྱི་གསང་འདི་མ་ཤེས་ན། །བདེ་ཐོབ་སྡུག་བསྔལ་གཞོམ་འདོད་ཀྱང་། །དེ་དག་དོན་མེད་ཀྱི་ནར་འཁྱམས། །གསུངས་པར་ལྟར་དུ། སེམས་ཀྱི་གསང་བ་སེམས་ཉིད་རང་བཞིན་གྱིས་འོད་གསལ་བའི་གནད་མ་ཤེས་ན་ཆོས་གཞན་མང་པོ་ཅི་ཞིག་ཤེས་ཀྱང་གྲོལ་མི་ནུས་པ་ཡིན་ལ། སེམས་ཀྱི་གསང་དེ་ཉིད་ཤེས་པ་ནི་ཤེས་རབ་ཀྱི་ཕར་རོལ་ཏུ་ཕྱིན་པ་ཡིན་པས། མདོར་བསྡུ་ན་ཕར་ཕྱིན་དྲུག་པོ་དེ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ལ་འདུས་པའོ། །དེ་ལྟར་བུའི་འཇུག་པའི་བསླབ་བྱ་ལ་འབད་པ་ནན་ཏན་དུ་བགྱི་བའི་ཐུགས་བསྐྱེད་དང་བཅས་ཏེ། གང་ཞིག་གསན་པར་བྱ་བའི་ཆོས་ཚུལ་ཉི་མ་འཕྲད་པ་ཙམ་གྱིས་བསྐལ་བ་བརྒྱ་ཕྲག་དུ་སྙིང་ལ་ཉལ་བའི་རྨོངས་པའི་སྨག་ཆེན་བཅོམ་ནས་ཤེས་རབ་ཀྱི་སྣང་བའི་འོད་ཆེན་འགྱེད་པར་བྱེད་པ། རྒྱལ་གསུང་བཀའ་དང་དེ་ཡི་དགོངས་འགྲེལ་གྱི་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ཀྱི་སྙིང་པོ་གནད་དུ་བསྡུས་ཏེ་བཅུད་དྲིལ་བ། ཀློང་ཆེན་དགོངས་པའི་གསང་མཛོད་ལས་བྱུང་བའི་མཛོད་ཆེན་རིན་པོ་ཆེ་རྣམ་པ་བདུན་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ལས། ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་བ་ཊཱིཀ་ཆེན་པདྨ་དཀར་པོ་འདི་ཉིད་འཆད་ཉན་ཐེངས་ཤིག་ཡོངས་སུ་འགྲུབ་ལ་ཉེ་བའི་སྐབས་ཏེ། དེ་ཡང་འདི་ཉིད་ཐོག་མཐའ་བར་གསུམ་དུ་དགེ་བའི་ཆིངས་ཆེན་པོ་གསུམ་གྱིས་བཅིངས་ནས་བཤད་པའི་སྐབས་ལས། ཐོག་མ་དགེ་བ་ཀླད་ཀྱི་དོན་བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག་དང་བཅས་པ་སྔོན་དུ་སོང་ནས། བར་དུ་དགེ་བ་གཞུང་གི་དོན་ལ་འཁོར་བའི་སྤང་བྱར་བསྟན་པ་དང་། མྱ་ངན་ལས་འདས་པའི་རང་བཞིན་བླང་བྱར་བསྟན་པ་གཉིས་ཀྱི་ཚོམས་སུ་བཅད་པའི་ནང་ནས། དང་པོ་འཁོར་བའི་རང་བཞིན་སྤང་བྱར་བསྟན་པ་དེ་ཉིད། སྣང་ཚོད་འཇིག་རྟེན་གྱི་བཀོད་པ་དང་། དེ་དག་གི་བདེ་སྡུག་སྣང་ཚུལ་དང་བཅས་པ་གཉིས་ཀྱིས་བསྟན་པ་སྟེ། དེ་ཡང་གཞི་གང་ལས་སྣང་བའི་ཆོས་ཉིད་ངོས་བཟུང་བ་དང་། དེ་ལས་སྣང་པའི་འཇིག་རྟེན་ཇི་ལྟར་སྣང་ཚུལ་ནས་བརྩམས་ཏེ། ལེའུ་དང་པོ་དང་གཉིས་པ་གཉིས་ཀྱིས་གང་སྦྱང་བྱ་ཁམས་ཀྱི་དྲི་མའི་སྦྱང་གཞི་འཕྲོས་དོན་དང་བཅས་པ་བསྟན་ཞིང་། ལེའུ་གསུམ་པ་ནས་བདུན་པའི་བར་གྱི་ལེའུ་ལྔས་སྦྱང་བྱའི་ཁམས་ཀྱི་དྲི་མ་བསྟན་ནས། སྤང་བྱ་འཁོར་བའི་མཚན་ཉིད་ཤེས་པའི་ཐོག་དེ་ནས་མྱང་འདས་ཀྱི་རང་བཞིན་བླང་བྱར་བསྟན་པ་དེ་ཉིད་ལེའུ་བརྒྱད་པས་བཤེས་གཉེན་བསྟན་ཚུལ། དགུ་བས་སྡིག་གྲོགས་སྤང་ཚུལ་ནས་གང་འཆད་ཉན་བྱེད་པའི་སློབ་དཔོན་དང་སློབ་མའི་མཚན་ཉིད་བཤད་བྱ་ཆོས་ཀྱི་རྣམ་གྲངས་ནས་བརྩམས་ཏེ་ལེའུ་རྗེས་མ་རྣམས་སུ་སྔོན་འགྲོའི་སྐྱབས་སེམས་བསྐྱེད་རྫོགས་སོགས་སྔོན་དུ་འགྲོ་བས་གནས་ལུགས་གཏན་ལ་ཕབ་པ་འོད་གསལ་མཆོག་གི་སྒོམ་པ་བསྟན་ནས། ལམ་བགྲོད་པའི་ས་མཚམས་དང་། སྒོམ་པར་མཐར་ཕྱིན་འབྲས་བུའི་རྣམ་བཞག་དང་བཅས་པས་ཐུན་མོང་དང་ཁྱད་པར་གྱི་བསྟན་པའི་སྒྲོམ་གཞི་ཆ་ཚང་ཞིག་གཞུང་ཆེན་པོ་ཡིད་བཞིན་རིན་པོ་ཆེ་འདི་ཉིད་ཀྱིས་རྫོགས་པར་བཤད་བཞིན་པའི་སྐབས་ལས། ལམ་ཇི་ལྟར་བགྲོད་པའི་ས་མཚམས་བཤད་སྐབས་ལས། ཁ་སང་ཚོགས་སྦྱོར་མཐོང་སྒོམ་བཞིའི་ལམ་དངོས་ཀྱི་སྤྱིར་བཤད་པ་སོང་ནས། དེ་རིང་གཉིས་པ་བྱེ་བྲག་ཏུ་བཤད་པ་ལ། ཚོགས་ལམ་ཆུང་ངུ་། འབྲིང་། ཆེན་པོ་གསུམ། དང་པོ།

ཚོགས་ལམ་ཆུང་ངུ་བསྟན་པ།

ད་ནི་ཆ་ཤས་རྒྱས་པར་བཤད་པ་ནི། ཞེས་མཚམས་སྦྱར་ནས་ཚོགས་ལམ་ཆུང་ངུའི་མངོན་རྟོགས་གསུང་པར། ཚོགས་ལམ་ཆུང་ངུར་དྲན་པ་ཉེར་གཞག་སྟེ། །ལུས་ལྷར་བསྐྱེད་པ་ལུས་དྲན་ཉེ་བར་གཞག །བྱུང་ཚོར་རྣམ་རྟོག་ཡེ་ཤེས་བསྒྱུར་བ་ནི། །ཚོར་བ་དྲན་པ་ཉེ་བར་གཞག་པ་སྟེ། །སེམས་དང་སེམས་བྱུང་སྤྲོས་པ་ཉེར་ཞིའི་བསྒོམ། །སེམས་དྲན་ཉེར་གཞག་རྫོགས་པའི་རིམ་པ་སྟེ། །སྣང་བརྟགས་ཆོས་ཀུན་སྒྱུ་མར་ཤེས་པ་ན། །ཆོས་དྲན་ཉེར་གཞག་ལགས་པར་རྒྱུད་ལས་གསུངས། །ཞེས་གསུངས་ཏེ། ཇི་སྐད་དུ། སྒྱུ་འཕྲུལ་དམ་པ་ལས། སྔགས་པ་གང་ཞིག་རྣལ་འབྱོར་ལ་བརྩོན་པས། བདག་བྱིན་གྱིས་བརླབ་པ་ནི། ལུས་དྲན་པ་ཉེ་བར་གཞག་པ་སྟེ། ལྷའི་ངོ་བོ་ཉིད་དུ་སྣང་བ་གཟུགས་བརྙན་ལྟ་བུའོ། །ཀུན་ཏུ་རྟོག་པ་ཡེ་ཤེས་ཆེན་པོའི་གནས་སྐབས་ནི། ཚོར་བའི་ངོ་བོ་ཉིད་དེ་བདེ་བ་ཆེན་པོའོ། །སྤྲོས་པའི་ཕྱོགས་ལས་རྣམ་པར་རྒྱལ་བ་ནི། འདིར་སེམས་མི་དམིགས་པ་ཉིད་དོ། །གཟུགས་བརྙན་གྱི་ངོ་བོ་ཉིད་དུ་སྒྱུ་མར་སྦྱོང་བ་ནི་ཆོས་ཀྱི་རང་བཞིན་ནོ་ཞེས་སོ། །རྣམ་གྲོལ་གྱི་འཇུག་ངོགས་རྣམ་པར་མིི་རྟོག་པ་དོན་སྤྱིའི་ཚུལ་གྱིས་ཐོག་མར་སྒོམ་པ་སྤྱིར་ཚོགས་ལམ་གྱི་མཚན་ཉིད་ཡིན་ཅིང་། ཚོགས་ལམ་ཆུང་ངུར་དྲན་པ་ཉེ་བར་གཞག་པ་བཞི་ནི། ལུས་སུ་རྟོག་པ་ལྷར་བསྒོམ་པས་ལུས་དྲན་པ་ཉེ་བར་གཞག་པ། བྱུང་ཚོར་ཡེ་ཤེས་སུ་བསྒྱུར་བས་ཚོར་བ། སེམས་དང་སེམས་བྱུང་གི་སྤྲོས་པ་ཉེ་བར་ཞི་བས་སེམས། སྣང་བཏགས་ཀྱི་ཆོས་ཐམས་ཅད་སྒྱུ་མར་ཤེས་པས་ཆོས་དྲན་པ་ཉེ་བར་གཞག་པའོ། །རྣལ་འབྱོར་བ་ལམ་པ་རང་ཉིད་ཀྱིས་རྟོག་ཚད་དང་འདི་གཉིས་ཀ་བསྡུར་ནས་གཤིབས་ན། སྤྱིར་ཐེག་པ་ཐུན་མོང་དང་། ཁྱད་པར་དུ་གསང་སྔགས་དང་འབྲེལ་བའི་ཚོགས་ལམ་ཆུང་ངུའི་ཡོན་ཏན་ཐོབ་ཡོད་མེད་དང་། ཐོབ་མེད་ན་ཇི་ལྟར་ཐོབ་དགོས་ཚུལ་ཡང་འདིའི་སྟེང་ནས་གོ་ཐུབ་ལ། སྦྱོར་ལམ་ལ་འཇུག་པ་མི་ངེས་པ་ནི་ཚོགས་ལམ་ཆུང་ངུའོ། །གཉིས་པ།

ཚོགས་ལམ་འབྲིང་བསྟན་པ།

དེ་ནས་ཚོགས་ཀྱི་ལམ། འབྲིང་དུ་ཡང་དག་སྤོང་བཞིའི་རིམ་པ་ནི། །དེ་ལྟར་བསྒོམས་པས་དགེ་དང་མི་དགེ་ཡི། །ཞེན་པ་བཞི་པོ་ཡང་དག་སྤོང་བ་སྟེ། །མི་དགེའི་ཆོས་རྣམས་མ་སྐྱེས་མི་སྐྱེད་ཅིང་། །སྐྱེས་པ་གཞོམ་ཕྱིར་འབད་རྩོལ་བརྩོན་འགྲུས་རྩོམ། །དགེ་བའི་ཆོས་རྣམས་མ་སྐྱེས་བསྐྱེད་པ་སྟེ། །སྐྱེས་པ་སྤེལ་ཕྱིར་འབད་རྩོལ་བརྩོན་འགྲུས་རྩོམ། །ཞེས་གསུངས་ཏེ། བསྐྱེད་རྫོགས་ལ་གནས་པ་དེ། མི་དགེ་བ་རྣམས་མ་སྐྱེས་པ་མི་འབྱུང་བར་བྱ་བའི་ཕྱིར་དང་། བྱུང་ན་དག་པར་སྦྱོང་བ་དང་། དགེ་བ་མ་སྐྱེས་ན་བསྐྱེད་པ་དང་། སྐྱེས་པ་གོང་དུ་སྤེལ་བ་བཞི་པོའི་སྤང་གཉེན་བདེན་པར་འཛིན་པའི་ཞེན་པ་བཞི་སྤངས་ནས་ལུས་ཀྱིས་འབད། ངག་གི་རྩོལ་བས་སྤྱོད། སེམས་ཀྱི་སྤྲོ་བའི་བརྩོན་པས་སེམས་རབ་ཏུ་མ་ཡེངས་པར་འཛིན་པར་བྱེད་དོ། །མདོ་ལས། མི་དགེ་བའི་ཕྱོགས་མ་སྐྱེས་པ་མི་བསྐྱེད་པའི་ཕྱིར་འབད་རྩོལ་བརྩོན་འགྲུས་རྩོམ་ཞིང་སེམས་རབ་ཏུ་འཛིན་ཏོ། །ཞེས་སོ། །ཚོགས་ལམ་འབྲིང་ལ་བྱང་ཕྱོགས་སོ་བདུན་ལས་ཡང་དག་སྤོང་བ་བཞི་ནི། ཡང་དག་སྤངས་བཞི་སྒོམ་པའི་སྐབས་ཡིན་ཅིང་། མི་དགེ་བའི་ཆོས་མ་སྐྱེས་པ་མི་བསྐྱེད། སྐྱེས་པ་རྒྱུན་གཅོད། དགེ་བ་མ་སྐྱེས་པ་བསྐྱེད། སྐྱེས་པ་གོང་ནས་གོང་དུ་འཕེལ་བ་དེ་བཞི་ཡིན་ལ། དེ་བསྐྱེད་རྫོགས་ལ་གནས་པ་དང་སྦྱར་ནས་སྤང་གཉེན་བདེན་ཞེན་འགོག་པར་འདུན་པ་དང་འབད་པ་བསྐྱེད། བརྩོན་འགྲུས་རྩོམ། སེམས་རབ་ཏུ་འཛིན། རབ་ཏུ་འཇོག་པ་དེ་ལྟར་དགོས་པས། སྐབས་འདིར་བསྐྱེད་རྫོགས་ལ་གནས་པ་དེས་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་གསར་དུ་མི་བསྐྱེད། སྐྱེས་ན་བསྐྱེད་རིམ་གྱི་ལྷར་སྣང་དང་རྫོགས་རིམ་གྱིས་བདེ་གསལ་དུ་སྦྱང་། དགེ་བའི་ཆོས་མ་སྐྱེས་པ་དག་བསྐྱེད་རྫོགས་ཀྱི་ཡན་ལག་མང་པོས་གསར་དུ་བསྐྱེད། སྐྱེས་པ་གོང་དུ་སྤེལ་བའི་ཐབས་ཀྱང་བདག་འཇུག་དང་། སྦྱིན་སྲེག་དང་། ཕྱི་ནང་གི་ཚོགས་ཀྱི་འཁོར་ལོ་དང་། ཞུ་བདེའི་རྣལ་འབྱོར་དང་ཉེ་བར་ལེན་པའི་ལྷ་བཞི་མཆོད་པ་ལ་སོགས་བསོད་ནམས་ཀྱི་ཚོགས་མཐའ་མ་འགགས་པས་སྤང་གཉེན་དང་བདེན་འཛིན་གྱི་ཞེན་པ་སྦྱང་ངོ་། །དེ་ལ་ཉེ་བར་ལེན་པའི་ལྷ་བཞི་གང་ཞེ་ན། བསོད་ནམས་ཉེ་བར་ལེན་པའི་ལྷ་དཀོན་མཆོག་གསུམ། དངོས་གྲུབ་ཉེ་བར་ལེན་པའི་ལྷ་ཡི་དམ་གྱི་ལྷ། ཡང་དག་པར་འབྲས་བུ་ཉེ་བར་ལེན་པའི་ལྷ་རྡོ་རྗེ་སློབ་དཔོན་དང་མཆེད་ལྕམ། ལུས་ཉེ་བར་ལེན་པའི་ལྷ་དུས་གསུམ་གྱི་ཕ་མའོ། །སྦྱོར་ལམ་ལ་འཇུག་པའི་དུས་ངེས་པ་ཚོགས་ལམ་འབྲིང་པོའོ། །གསུམ་པ།

ཚོགས་ལམ་ཆེན་པོ་བསྟན་པ།

ཚོགས་ལམ། ཆེན་པོར་རྫུ་འཕྲུལ་རྐང་བཞི་བསྒོམ་པ་ཡང་། །བསྐྱེད་རྫོགས་དོན་ལ་མ་ཡེངས་རྩེ་གཅིག་ཏུ། །དྲན་དང་འདུན་དང་དཔྱོད་དང་སེམས་རྣམས་ཀྱིས། །ཏིང་འཛིན་སྐྱོན་མེད་ཞི་བ་བསྒོམས་པ་ལས། །རླུང་སེམས་ལས་རུང་རྫུ་འཕྲུལ་ལེགས་གྲུབ་ནས། །དག་པའི་ཞིང་བགྲོད་སྤྲུལ་སྐུར་ཆོས་རབ་ཉན། །ཞེས་གསུངས་ཏེ། བསྐྱེད་རྫོགས་ལ་ཉིན་མཚན་དུ་བརྩོན་པ་ན། དྲན་པས་དོན་མ་ཉམས་པར་འཛིན། འདུན་པས་བསྒོམ། དཔྱོད་པས་གོལ་ས་དང་གོལ་ས་མ་ཡིན་པ་རྟོག སེམས་པས་རྩེ་གཅིག་ཏུ་མ་ཡེངས་པར་བསྒོམས་པས་ན། ཏིང་ངེ་འཛིན་གྲུབ་ནས་རླུང་སེམས་ལས་སུ་རུང་བའི་རྫུ་འཕྲུལ་ལ་བརྟེན་ཏེ། པདྨ་ཅན་ལ་སོགས་པའི་སངས་རྒྱས་སྤྲུལ་སྐུའི་ཞིང་དག་པར་བགྲོད་དེ། སངས་རྒྱས་ལ་ཆོས་ཉན་པས་ཁམས་ཀྱི་དྲི་མ་སྦྱོང་ཞིང་། ཡི་དམ་ལྷའི་ཞལ་མཐོང་བས་ལུང་སྟོན་པའོ། །ཞེས་ན་འདིའི་སྐབས་སུ་འདུན་བརྩོན་དྲན་པ་ཏིང་འཛིན་བཞི་རྫུ་འཕྲུལ་གྱི་རྐང་པ་བཞི་ཡིན་ཅིང་། ཚོགས་ལམ་ཆེན་པོའི་སྐབས་འདི་སྦྱོར་ལམ་དྲོད་སྐྱེ་བ་ངེས་པ་ཡིན་ཅིང་། བསྐྱེད་རྫོགས་ཀྱི་དོན་དྲན་ཅིང་འདུན་པས་ན་བརྩོན་འགྲུས་དྲག་པོས་ཏིང་ངེ་འཛིན་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ཅིང་བསྒོམས་པས་ན། ལྟེ་བར་སྤྲུལ་བའི་འཁོར་ལོ་རུ་རླུང་སེམས་ཞུགས་ནས་རླུང་སེམས་ལས་རུང་གི་ཏིང་ངེ་འཛིན་དང་སྤྲུལ་སྒྱུར་ཐོབ། རྨི་ལམ་སྤྲུལ་སྒྱུར་ལ་སོགས་པའི་ཞིང་ཁམས་སྦྱོང་ནས་ཁམས་ཀྱི་དྲི་མ་དག་སྟོབས་དང་ཆབས་ཅིག་ཏུ་ཡི་དམ་ལྷས་ཞལ་མཐོང་ལུང་བསྟན་དབུགས་དབྱུངས་དང་བཅས་པ་ཐོབ་པ་ཡིན་ནོ། །གཉིས་པ་སྦྱོར་ལམ། སྤྱི་བྱེ་བྲག་གཉིས། དང་པོ།

སྦྱོར་ལམ་སྤྱིར་བསྟན་པ།

དེ་ནས། ཆོས་ཀྱི་འཁོར་ལོའི་རླུང་སེམས་ལས་རུང་བས། །སྦྱོར་བའི་ལམ་གྱི་ཡོན་ཏན་འཆར་བ་ནི། །ཞེས་སྤྱིར་བསྟན་ནས། གཉིས་པ་ལ། དྲོད་རྩེ་གཉིས་དང་། བཟོད་མཆོག་གཉིས་བཤད་པ་གཉིས། དང་པོ།

དྲོད་རྩེ་གཉིས་བསྟན་པ།

དད་བརྩོན་དྲན་པ་ཏིང་འཛིན་ཤེས་རབ་ཀྱིས། །དབང་པོ་ལྔ་ཉིད་དྲོད་རྩེར་བསྒོམས་པ་ཡིས། །རྨི་ལམ་སྒྱུ་མའི་རང་བཞིན་འབྱོངས་པ་དང་། །བདེན་པའི་ཚིག་འགྲུབ་སྦྱངས་པའི་ཡོན་ཏན་ལྡན། །ལུས་ཀྱི་ཤིག་སྲོ་འབུ་སྲིན་མེད་པ་ཡིན། །ཅེས་གསུངས་ཏེ། སྔར་གྱི་བསྐྱེད་རྫོགས་ཟུང་འཇུག་གི་དོན་ལ་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་རྣམ་པས་བསྒོམས་པས་རང་དབང་དུ་གྱུར་ཏེ། སྤང་བྱ་འཇོམས་པ་ལ་ནུས་ལྡན་དུ་གྱུར་པ་ནི་དབང་པོའོ། །དེ་ལྔས་དྲོད་སྣང་བའི་ཡེ་ཤེས་མི་རྟོག་པ། ཐེ་ཚོམ་དང་མི་ཁོམ་པ་ཟད་པ་ལ་སོགས་པའི་རྟགས་ཀྱིས་མཚོན་པ་དང་། རྩེ་མོ་མཆེད་པའི་ཡེ་ཤེས་དགེ་རྩ་བརྟན་པ་ལ་སོགས་པ་ཐོབ་ཅིང་། ཆོས་ཐམས་ཅད་རྨི་ལམ་འདྲ་བར་རྟོགས་པ་སྟེ། མངོན་རྟོགས་རྒྱན་ལས། རྨི་ལམ་ན་ཡང་ཆོས་རྣམས་ཀུན། །རྨི་ལམ་ལྟ་བུར་ལྟ་ལ་སོགས། །རྩེ་མོར་ཕྱིན་པའི་སྦྱོར་བའི་རྟགས། །རྣམ་པ་བཅུ་གཉིས་དག་ཏུ་བཞེད། །འཛམ་བུ་གླིང་གི་སྐྱེ་བོ་སྙེད། །སངས་རྒྱས་མཆོད་པའི་དགེ་ལ་སོགས། །རྣམ་མང་དུ་ནི་དཔེར་མཛད་ནས། །བསོད་ནམས་མང་པོ་ཉིད་ཀྱིས་ནི། །རྣམ་འཕེལ་བཅུ་དྲུག་བདག་ཉིད་དོ། །ཞེས་པ་དང་། བདེན་པའི་ཚིག་གྲུབ་པས་གང་བརྗོད་པ་དེ་གྲུབ་ཅིང་། སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་རྟག་ཏུ་གནས་པ་དང་། ཤིག་སྲོ་མེད་པ་ལ་སོགས་པའོ། །རྣམ་གྲོལ་གྱི་འཇུག་ངོགས་ཚོགས་ལམ་གྱིས་གྲུབ་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྤྱིའི་ཚུལ་གྱི་སྒོམ་པ་སྦྱོར་ལམ་གྱི་མཚན་ཉིད། འདིའི་དབྱེ་བ་ནི་སྦྱོར་ལམ་ངེས་འབྱེད་ཆ་བཞི་དྲོད་རྩེ་བཟོད་མཆོག་བཞི་ཡིན་ལ། དཔེར་ན་རྩུབ་ཤིང་གིས་གཙུབ་པས་མེ་འབྱུང་བའི་སྔར་ལྟས་སུ་དྲོད་འབྱུང་བ་ལྟར་དུ་མཐོང་ལམ་གྱི་ཡེ་ཤེས་སྐྱེ་བའི་སྔར་ལྟས་ཤར་བ་ནི་དྲོད་དང་། དགེ་བ་གཡོ་བ་ཐམས་ཅད་ཀྱི་རྩེ་མོར་གྱུར་བས་རྩེ་མོ་དང་། སྙིང་ཁ་ཆོས་ཀྱི་འཁོར་ལོ་ན་རླུང་སེམས་ཞུགས་ནས་ལས་སུ་རུང་ནས་དད་བརྩོན་དྲན་པ་ཏིང་འཛིན་ཤེས་རབ་ཀྱི་དབང་པོ་ལྔ་བསྒོམས་པས། དྲོད་སྣང་བའི་ཡེ་ཤེས་དང་རྩེ་མོ་འཆེད་པའི་ཡེ་ཤེས་ཐོབ་ནས་ཐེ་ཚོམ་ཟད་པ་དང་མི་ཁོམ་པ་མེད་པ་དགེ་རྩ་བརྟན་ཤིང་མངོན་རྟོགས་རྒྱན་གྱི་ལུང་དོན་ལྟར་དུ་ལམ་རྟགས་ཀྱི་ཡོན་ཏན་དེ་ལྟར་འབྱུང་ངོ་། །གཉིས་པ།

བཟོད་མཆོག་གཉིས་བསྟན་པ།

དེ་ནས། སྟོབས་ལྔའི་རང་བཞིན་བཟོད་པ་ཆོས་མཆོག་བསྒོམ། །ངན་སོང་རྣམས་ཆད་དགེ་རྩ་བརྟན་པ་དང་། །ཏིང་འཛིན་རྫུ་འཕྲུལ་སྔོན་ལས་མཆོག་ཏུ་འཕགས། །ཞེས་གསུངས་ཏེ། དད་པ་ལ་སོགས་པ་ལྔ་ནུས་པ་ལྷག་པས་སྤང་བྱ་འཇོམས་ནུས་པའི་ཕྱིར་སྟོབས་ལྔ་པོ་ཐོབ་དུས་བཟོད་པ་དེ་ཁོ་ན་ཉིད་ཀྱི་ཕྱོགས་ལ་ཞུགས་པ་ཐོབ་པའི་ཡེ་ཤེས་ངན་སོང་ཆད་པ་དང་། ཆོས་མཆོག་དེ་མ་ཐག་པའི་ཏིང་ངེ་འཛིན་ཉེ་བར་ཐོབ་པའི་ཡེ་ཤེས་ཐོབ་སྟེ། དགེ་རྩ་ཐར་པ་བྱང་ཆུབ་ལས་མི་འགྱུར་བ་དང་། ཏིང་ངེ་འཛིན་དང་རྫུ་འཕྲུལ་ལ་སོགས་པ་སྔོན་ལས་ལྷག་པ་ཐོབ་པའོ། །ཞེས་ན། དད་བརྩོན་དྲན་པ་ཏིང་འཛིན་ཤེས་རབ་ཀྱི་དབང་པོ་ལྔ་ལྷག་པོར་གྱུར་ནས། སྤང་བྱ་འཇོམས་པར་བྱེད་པ་ལ་སྟོབས་ཆེན་གྱི་སྟོབས་ལྔར་གྱུར་དུས། སྦྱོར་ལམ་བཟོད་པ་དང་ཆོས་མཆོག་གཉིས་ཡིན་ནོ། །སྤྱིར་བཏང་གི་སྟོང་ཉིད་ལ་མི་སྐྲག་པའི་བཟོད་པ་དང་། འཇིག་རྟེན་པའི་ཆོས་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཡིན་པས་ཆོས་མཆོག་གསུངས་ལ། སྐབས་འདིར་དེ་ཁོ་ན་ཉིད་ལ་ཞུགས་པའི་ཡེ་ཤེས་ཐོབ་པས། བཟོད་ཐོབ་ངན་སོང་མི་འགྲོའོ། །ཞེས་པ་ལྟར་དུ་ངན་སོང་གི་རྒྱུན་ཆད། ལོངས་སྤྱོད་འཁོར་ལོར་རླུང་སེམས་ཞུགས་ནས་དེའི་རྩ་མདུད་གྲོལ་ཏེ་ཆོས་མཆོག་དེ་མ་ཐག་པའི་ཏིང་ངེ་འཛིན་དེར་ཞུགས་ནས་མཐོང་ལམ་ཐོབ་པའི་བདག་རྐྱེན་བྱེད་དོ། །གསུམ་པ།

མཐོང་ལམ་བསྟན་པ།

དེ་ནས། ལོངས་སྤྱོད་འཁོར་ལོའི་རླུང་སེམས་ལས་རུང་བས། །རྣམ་པར་མི་རྟོག་བདེན་མཐོང་མཐོང་ལམ་གྱི། །ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་དབང་བསྒྱུར་ཞིང་། །ལོངས་སྐུའི་ཞིང་བགྲོད་རིགས་ལྔའི་སངས་རྒྱས་མཐོང་། །ཞེས་གསུངས་ཏེ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་རླུང་སེམས་ལས་སུ་རུང་བས། འཕགས་པའི་ས་དང་པོ་མཐོང་ལམ་དང་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ལ་དབང་ཐོབ། ལོངས་སྐུ་རིགས་ལྔའི་སངས་རྒྱས་ཀྱི་ཞིང་བགྲོད་ཅིང་ཆོས་ཉན་པ་རྙེད་དོ། །ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ནི་དུས་སྐད་ཅིག་སྔ་ཕྱི་མེད་པ་གཅིག་ལ་ཏིང་ངེ་འཛིན་བརྒྱ་ཐོབ་པ། སངས་རྒྱས་བརྒྱ་མཐོང་བ། སངས་རྒྱས་བརྒྱས་བྱིན་གྱིས་བརླབས་པར་ཤེས་པ། འཇིག་རྟེན་གྱི་ཁམས་བརྒྱ་བསྐྱོད་པ། །ཞིང་བརྒྱར་འགྲོ་བ། ཞིང་བརྒྱ་སྣང་བར་འོད་ཟེར་འགྱེད་པ། སེམས་ཅན་བརྒྱ་སྨིན་པ། བསྐལ་པ་བརྒྱར་གནས་པ། སྔོན་དང་ཕྱི་མའི་མཐའ་བརྒྱ་ལ་ཡེ་ཤེས་འཇུག་པ། ཆོས་ཀྱི་སྒོ་བརྒྱ་འབྱེད་པ། ལུས་བརྒྱར་སྟོན་པ། ལུས་རེ་རེ་ལ་འཁོར་ཕུན་སུམ་ཚོགས་པ་བརྒྱ་བརྒྱས་བསྐོར་བར་སྟོན་པའོ། །ཡང་དེའི་ཚེ། དྲན་དང་ཏིང་འཛིན་དད་བརྩོན་བཏང་སྙོམས་དགའ། །ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི། །ཡན་ལག་བདུན་པོ་དག་ཀྱང་རྫོགས་པར་འགྱུར། །ཞེས་གསུངས་ཏེ། དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ལམ་བདུན་པོ་རྫོགས་པར་ཐོབ་པའོ། །ཆོས་ཀྱི་དབྱིངས་ཀྱི་འཇུག་ངོགས་ལ་གསར་སྣང་དང་པོར་སྐྱེས་པ་མཐོང་ལམ་གྱི་མཚན་ཉིད་དོ། །དྲན་དང་ཆོས་རབ་རྣམ་འབྱེད་དང་། །བརྩོན་འགྲུས་དགའ་དང་ཤིན་ཏུ་སྦྱངས། །ཏིང་ངེ་འཛིན་དང་བཏང་སྙོམས་ནི། །བྱང་ཆུབ་ཡན་ལག་བདུན་ཡིན་ནོ། །ཞེས་སོ། །མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རུ་རླུང་སེམས་ཞུགས་ནས་དེའི་རྩ་མདུད་གྲོལ་བ་དང་མཉམ་དུ་བསྐྱེད་རྫོགས་ལ་མོས་པས་སྤྱོད་པ་ཙམ་མིན་པའི་དྲན་པ་དང་། དེའི་ངོ་བོ་ཆོས་རབ་ཏུ་རྣམ་པར་འབྱེད་པ་དང་། བརྩོན་འགྲུབ་བརྟན་པོ་ཡིན་པ་དང་། དགའ་བ་རྒྱ་ཆེན་པོ་དང་ལྡན་པ་དང་། བསྐྱེད་རིམ་གྱི་སྟོབས་ཀྱིས་ལུས་ཤིན་སྦྱངས་བརྟན་པ་དང་། རྫོགས་རིམ་གྱི་སྟོབས་ཀྱིས་སེམས་ཤིན་སྦྱངས་ཐོབ་ནས། ལུས་སེམས་ཀྱི་ཤིན་སྦྱངས་གཉིས་པོ་ཐོབ་ནས་ཏིང་ངེ་འཛིན་གྱི་སྒོ་དུ་མ་ལ་དབང་ནས། བྱང་ཆུབ་ཀྱི་ཡན་ལག་བདུན་རྫོགས་པ་ལས་ས་དང་པོ་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པའོ། །དེ་དུས་དུས་སྐད་ཅིག་སྔ་ཕྱི་མེད་པར་ཏིང་འཛིན་བརྒྱ་ཐོབ་པ་དང་། སངས་རྒྱས་བརྒྱའི་ཞལ་མཐོང་སོགས་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་འདི་ནས་གསུངས་པ་བཞིན་དུ་འབྱུང་ངོ་། །བཞི་པ་སྒོམ་ལམ་ལ། སྤྱི། བྱེ་བྲག་གཉིས། དང་པོ།

སྒོམ་ལམ་སྤྱིར་བསྟན་པ།

དེ་ནས། བདེ་ཆེན་འཁོར་ལོའི་རླུང་སེམས་ལས་རུང་བས། །བསྒོམ་ལམ་ས་དགུའི་ཡོན་ཏན་འཆར་བ་སྟེ། །ཞེས་གསུངས་ཏེ། སྤྱི་བོ་བདེ་ཆེན་འཁོར་ལོའི་རླུང་སེམས་ལས་སུ་རུང་བས་བསྒོམ་ལམ་དགུའི་ས་ཐོབ་སྟེ། ཆུང་ངུའི་ཆུང་ངུས་གཉིས་པ་དྲི་མ་མེད་པ་ལ་སོགས་པ་གསུམ་ནས་ཆེན་པོའི་ཆེན་པོ་བཅུ་པ་ཆོས་ཀྱི་སྤྲིན་གྱི་བར་རོ། །གཉིས་པ་ལ། སའི་ངོ་བོ། ཡོན་ཏན། ནང་དུ་སྦྱར་བ་གསུམ། དང་པོ།

སའི་ངོ་བོ་བསྟན་པ།

དྲི་མེད་འོད་འཕྲོ་འོད་བྱེད་ཆུང་ངུ་གསུམ། །སྦྱང་དཀའ་མངོན་གྱུར་རིང་སོང་འབྲིང་པོ་གསུམ། །མི་གཡོ་ལེགས་བློ་ཆོས་སྤྲིན་ཆེན་པོ་གསུམ། །ཞེས་གསུངས་ཏེ། ས་དང་པོ་ནས་བཅུ་པའི་བར་ལ་སྦྱིན་པ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ། ཐབས། སྟོབས། སྨོན་ལམ། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་རེ་རེ་གཙོ་བོར་ལྡན་ལ། གཞན་དགུ་དགུ་འཁོར་དུ་ལྡན་ཏེ། དབུས་མཐའ་ལས། ཁྱད་པར་ཅན་དང་ཁྱད་མེད་ནི། །ས་བཅུ་དག་དང་ཤེས་པར་བྱ། །ཞེས་པ་དང་། ཕལ་ཆེན་ལས། ས་བཅུ་ཕ་རོལ་ཕྱིན་བཅུ་ལྷག་པར་ཆེ་བ་ཡིན། །ཞེས་སོ། །དེའང་ས་དང་པོའི་སྐད་ཅིག་བཅུ་དྲུག་པ་ནས། བསྒོམ་ལམ་དུ་གཏོགས་པར་འདོད་པས། སྐད་ཅིག་བཅོ་ལྔ་པོ་དེ་ལ། རབ་ཏུ་དགའ་བ་ཞེས་བྱ་བ་སྟེ། མདོ་སྡེ་རྒྱན་ལས། རང་གི་སེམས་ནི་ཡོངས་སྨིན་ཅིང་། །སེམས་ཅན་དོན་གྲུབ་མཐོང་བ་ལས། །རབ་ཏུ་དགའ་བ་སྐྱེ་བར་འགྱུར། །དེ་ཕྱིར་རབ་དགའ་ཞེས་བརྗོད་དོ། །ཞེས་སོ། །བྱང་ཆུབ་གྱི་ཡན་ལག་བདུན་དང་ལྡན་པའི་མཐོང་ལམ་རབ་དགའི་ས་ཐོབ་ནས། མཐོང་ལམ་གྱི་ཡོན་ཏན་སྐྱེས་ནས་འཕགས་ལམ་ཡན་ལག་བརྒྱད་དང་ལྡན་པའི་སྒོམ་ལམ་ས་དགུའི་སྐབས་སུ་རྫོགས་རིམ་གྱི་བྱེད་ལས་གཙོ་ཆེ་བ་ཡིན་པས་ན། སྤྱི་བོ་བདེ་ཆེན་གྱི་འཁོར་ལོར་རླུང་སེམས་ཞུགས་གནས་ཐིམ་གསུམ་གྱི་ཡོན་ཏན་རྫོགས་དུས་ས་སོ་སོའི་ཡོན་ཏན་མངོན་དུ་བརྙེས་པ་ཡིན་ཅིང་། ཞུགས་གནས་ཐིམ་གསུམ་གྱི་རྟགས་ནི། ཞུགས་པའི་རྟགས་སུ་སྣ་བུག་ནས་རླུང་མཉམ་རྒྱུ་ཐེངས། གནས་པའི་རྟགས་སུ་སྣ་བུག་གི་རླུང་གི་རྒྱུ་བ་ཆད་པ་འབྱུང་། ཐིམ་པའི་རྟགས་སུ་མཁའ་སྣང་ལ་སོགས་པའི་སྟོང་གཟུགས་རྣམས་འཆར་བ་ཡིན་ནོ། །སྤྱིར་བཏང་གིས་སྟོང་གཟུགས་འཆར་བ་ཙམ་དང་ཁྱད་པར་ཆེ་ཡང་། རྫོགས་ཆེན་གྱི་ཆོས་ཉིད་མངོན་སུམ་ལ་སྦྱར་ན། གོ་བའི་གདིང་ལེན་རྒྱུ་ཡོད་པ་ཡིན། འོན་ཀྱང་དབྱེ་འབྱེད་ཕྲ་བ་མང་ངོ་། །ས་བཅུ་ཕ་རོལ་ཏུ་ཕྱིན་བཅུར་སྦྱར་བ་འདི་བཞིན་ཡིན་པས་ཡང་ཟེར་མི་དགོས་སོ། །ས་གཉིས་པ་དྲི་མ་མེད་པ་ནི། དེ་ལས། འཆལ་ཚུལ་རྩོལ་བའི་དྲི་བྲལ་ཕྱིར། །དྲི་མ་མེད་པའི་སར་འདོད་དོ། །ཞེས་སོ། །གསུམ་པ་འོད་བྱེད་པ་ནི། ཆོས་ཀྱི་སྣང་བ་ཆེན་པོ་ནི། །བྱེད་པའི་ཕྱིར་ན་འོད་བྱེད་པ། །ཞེས་སོ། །བཞི་པ་འོད་འཕྲོ་བ་ནི། འདི་ལྟར་བྱང་ཆུབ་ཕྱོགས་མཐུན་ཆོས། །རབ་ཏུ་སྲེག་བྱེད་འོད་ལྟ་བུ། །དེ་དང་ལྡན་ཕྱིར་ས་དེ་ནི། །གཉིས་པོ་བསྲེགས་པས་འོད་འཕྲོ་ཅན། །ཞེས་སོ། །ལྔ་པ་སྦྱང་དཀའ་བ་ནི། རིག་དང་བཟོ་གནས་སྒྱུ་རྩལ་ཀུན། །རྣམ་པ་སྣ་ཚོགས་སྦྱང་དཀའ་བས། །དེ་ཕྱིར་སྦྱང་དཀའ་ཞེས་བརྗོད་དོ། །ཞེས་སོ། །དྲུག་པ་མངོན་དུ་གྱུར་པ་ནི། འཁོར་བ་དང་ནི་མྱ་ངན་འདས། །གཉིས་འདིར་མངོན་དུ་གྱུར་པའི་ཕྱིར། །མངོན་དུ་གྱུར་པའི་ས་ཞེས་བྱ། །ཞེས་སོ། །བདུན་པ་རིང་དུ་སོང་བ་ནི། འཁོར་བ་མཚོ་ཡི་འདམ་བརྒལ་བས། །དེ་ལ་རིང་དུ་སོང་ཞེས་བྱ། །ཞེས་སོ། །བརྒྱད་པ་མི་གཡོ་བ་ནི། འདུ་ཤེས་གཉིས་ཀྱིས་མི་གཡོ་ཕྱིར། །མི་གཡོ་བ་ཡི་སར་འདོད་དོ། །ཞེས་སོ། །དགུ་པ་ལེགས་པའི་བློ་གྲོས་ནི། སོ་སོ་ཡང་དག་རིགས་བློ་བཟང་། །ས་དེ་ལེགས་པའི་བློ་གྲོས་ཡིན། །ཞེས་སོ། །བཅུ་པ་ཆོས་ཀྱི་སྤྲིན་ནི། སྤྲིན་བཞིན་གཉིས་ཀྱིས་ནམ་མཁའི་ཁམས། །ཁྱབ་པའི་ཕྱིར་ན་ཆོས་ཀྱི་སྤྲིན། །ཞེས་སོ། །དེ་ཡན་གྱིས་སའི་ངོ་བོ་བཤད་ནས། གཉིས་པ་སྒོམ་པའི་ལམ་གྱི་སའི་ཡོན་ཏན་བཤད་པ་ནི།

ཡོན་ཏན་བསྟན་པ།

བསྒོམ་པའི་ལམ། དེ་དག་སོ་སོའི་ཡོན་ཏན་རླབས་ཆེ་བ། །སྟོང་ཕྲག་བཅུ་གཉིས་ལ་སོགས་རྒྱ་ཆེན་ཏེ། །ཞེས་པས་བསྟན་ནས་གསུམ་པ་ལ། སྤྱི། བྱེ་བྲག་གཉིས། དང་པོ།

ནང་དུ་སྦྱར་བ་སྤྱིར་བསྟན་པ།

རྩ་འདབ་ཕྲ་མོའི་མདུད་པ་རབ་གྲོལ་བས། །འཁོར་བའི་རང་བཞིན་ཉོན་མོངས་རླུང་སེམས་ནུབ། །མྱ་ངན་འདས་ཞི་ཡེ་ཤེས་རླུང་མཆོག་གྲུབ། །ཅེས་གསུངས་ཏེ། ས་དེ་དག་གི་དུས་ན་འཁོར་ལོ་སོ་སོའི་རྩ་མདུད་ཕྲ་མོ་གྲོལ་བར་ཡེ་ཤེས་ཀྱི་རླུང་ཆུད་པ་དང་། འཁོར་བའི་རླུང་སེམས་ཉོན་མོངས་ཅན་གྱི་རྟེན་རྩ་དང་བཅས་པ་བསྐམས་པའམ་ཞ་བ་ཞེས་བྱ་བར་དུས་མཚུངས་པར་གྲུབ་པ་དེ་གཅིིག་པས་ན། སྔར་བཤད་པའི་བརྒྱ་ཕྲག་བཅུ་གཉིས་པོ་ས་འདི་དག་ཏུ་སྐད་ཅིག་རེ་རེ་ལ། དུས་མཉམ་པར་གོང་དུ་འཕེལ་བ་ནི། ས་གཉིས་པར་སྟོང་ཕྲག་བཅུ་གཉིས་དང་། གསུམ་པར་འབུམ་ཕྲག་བཅུ་གཉིས་དང་། བཞི་པར་ཁྲག་ཁྲིག་ཕྲག་བརྒྱ་དང་། ལྔ་པར་ཁྲག་ཁྲིག་ཕྲག་སྟོང་དང་། དྲུག་པར་ཁྲག་ཁྲིག་ཕྲག་འབུམ་དང་། བདུན་པར་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་དང་། བརྒྱད་པར་སྟོང་གསུམ་འཇིག་རྟེན་འབུམ་གྱི་རྡུལ་ཕྲན་གྱི་གྲངས་སྙེད་པ་དང་། དགུ་པར་སངས་རྒྱས་ཀྱི་ཞིང་ཁམས་གྲངས་མེད་འབུམ་ཕྲག་བཅུའི་རྡུལ་ཕྲན་གྱི་གྲངས་དང་མཉམ་པའི་སངས་རྒྱས་ཀྱི་ཞལ་ལྟ་བ་ལ་སོགས་པ་དང་། བཅུ་པར་ཞིང་ཁམས་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་མཉམ་པའི་སངས་རྒྱས་ཀྱི་ཞལ་ལྟ་བ་ལ་སོགས་པ་བཅུ་གཉིས་སྐད་ཅིག་གཅིག་ལ་བྱེད་པའོ། །དེའང་ཞིང་གཞན་དུ་འགྲོ་བ་དང་། ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ་དུས་མཚུངས་པར་མི་འགལ་ཏེ། དག་པའི་ས་གསུམ་པོར་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་དབང་ཐོབ་པའི་ཕྱིར་རོ། །རྒྱུད་བླ་མ་ལས། བྱ་བ་སྒྲུབ་ལ་རྟག་ཏུ་བློ། །མེ་བཞིན་དུ་ནི་འབར་བ་དང་། །ཞི་བའི་བསམ་གཏན་སྙོམས་འཇུག་ལ། །རྟག་ཏུ་སྙོམས་པར་འཇུག་པའང་ཡིན། །ཞེས་སོ། །གཞན་ཡང་ས་བརྒྱད་པར་ཡིད་ཤེས་གནས་གྱུར་པས་རྣམ་པར་མི་རྟོག་པ་ལ་དབང་ཐོབ། དགུ་པར་འཛིན་བཅས་སྒོ་ལྔའི་རྣམ་ཤེས་གནས་གྱུར། ཞིང་དག་པ་ལ་དབང་ཐོབ། བཅུ་པར་ཀུན་གཞིའི་རྣམ་པར་ཤེས་པ་གནས་གྱུར་འཕྲིན་ལས་ཕུན་སུམ་ཚོགས་པ་ལ་དབང་ཐོབ་སྟེ། མདོ་སྡེ་རྒྱན་ལས། ཡིད་དང་འཛིན་དང་རྣམ་པར་རྟོག །གྱུར་ཕྱིར་རྣམ་པར་མི་རྟོག་དང་། །ཞིང་དང་ཡེ་ཤེས་ལས་དག་ལ། །དབང་ནི་རྣམ་པ་བཞི་ཡི་གནས། །དབང་དེ་མི་གཡོ་ལ་སོགས་པའི། །ས་གསུམ་ལ་ནི་རྣམ་བཞི་སྟེ། །གཅིག་ལ་རྣམ་གཉིས་དེ་ལས་གཞན། །དབང་ནི་རེ་རེར་འདོད་པ་ཡིན། །ཞེས་སོ། །དེའང་ས་བཅུ་པ་ལ་ཡེ་ཤེས་དང་། འཕྲིན་ལས་གཉིས་ཀའི་དབང་ཐོབ་ལ། བརྒྱད་པར་མི་རྟོག་པ། དགུ་པར་ཞིང་དག་པ་རེ་རེ་ཡིན་ནོ། །རང་བཞིན་དུ་བརྒྱད་པར་ཡང་ཞིང་དག་པའི་སྣང་བར་མཐོང་བས། ཞིང་ལ་དབང་བར་མདོ་ལས་བཤད་ཀྱང་། དགུ་པ་ལྟར་སྒོ་ལྔའི་རྣམ་ཤེས་གནས་མ་གྱུར་པས་མ་དག་པའང་མཐོང་བའི་ཕྱིར་དེ་གཉིས་མི་འདྲ་བ་ཡིན་ནོ། །གཞན་ཡང་ས་བརྒྱད་པ་ནས་དབང་བཅུ་ཕུལ་བྱུང་གི་མགོ་རྩོམ་པ་ཡིན་ཏེ། ཞེས་དབང་བཅུ་ནི། ཚེ་དང་སེམས་དང་ཡོ་བྱད་དང་། །ལས་དང་སྐྱེ་བ་མོས་པ་དང་། །སྨོན་ལམ་རྫུ་འཕྲུལ་ཡེ་ཤེས་དང་། །ཆོས་ལ་དབང་བ་དབང་བཅུའོ། །ཞེས་པས་སངས་རྒྱས་ཁོ་ནའི་ཁྱད་ཆོས་ཟག་མེད་ཀྱི་སྡེ་ཚན་ཉེར་གཅིག་གི་ནང་ཚན་ཡིན་ཀྱང་། རྗེས་མཐུན་པ་ས་དང་པོ་ནས་ཡོད་ཆོག་པས་མ་ཚད། ས་བརྒྱད་པ་ནས་དབང་བཅུ་ཕུལ་བྱུང་གི་མགོ་བརྩམས་པ་ཡིན་ཅེས་པ་འདིའོ། །དེའི་སྒྲུབ་བྱེད་རྒྱབ་རྟེན་གྱི་ལུང་རྟོག་གེ་འབར་བའི་འགྲེལ་པར་དྲངས་པ། གང་ཚེ་མར་མེ་མཛད་ཀྱིས་ང་། །ལུང་བསྟན་གྱུར་པ་དེ་ཡི་ཚེ། །ས་བརྒྱད་པ་ནི་ཐོབ་གྱུར་ཅིང་། །དབང་བཅུ་དག་ཀྱང་ཐོབ་པར་གྱུར། །ཞེས་སོ། །དབང་བཅུའི་དང་པོ་ཚེ་ལ་དབང་བ་ནི། །བསྐལ་པ་ཇི་ཙམ་འདོད་པར་གནས་པའོ། །སེམས་ལ་དབང་བ་ནི། ཏིང་ངེ་འཛིན་དཔག་ཏུ་མེད་པ་ལ་སྐད་ཅིག་རེ་རེས་མཉམ་པར་འཇོག་ཅིང་ལྡང་ནུས་པའོ། །ཡོ་བྱད་ལ་དབང་བ་ནི། བསམས་པ་ཙམ་གྱིས་འཇིག་རྟེན་དུ་ཟས་ནོར་སྣ་ཚོགས་པས་གང་བར་ནུས་པའོ། །ལས་ལ་དབང་བ་ནི། བཟོ་དང་ལས་ཀྱི་གནས་ཐམས་ཅད་ལ་ཇི་ལྟར་འདོད་པ་བཞིན་དུ་སྤྱོད་པའོ། །སྐྱེ་བ་ལ་དབང་བ་ནི། ལྷ་དང་མི་ལ་སོགས་པ་གང་འདོད་དུ་སྐྱེ་བའོ། །མོས་པ་ལ་དབང་བ་ནི། ས་གཞི་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་སུ་བསྒྱུར་བ་ལ་སོགས་པ་དངོས་པོ་ཐམས་ཅད་ཇི་ལྟར་འདོད་པར་བསྒྱུར་བ་སེམས་ཅན་གྱིས་མཐོང་ནས་སྤྱད་དུ་རུང་བའོ། །སྨོན་ལམ་ལ་དབང་བ་ནི། འཇིག་རྟེན་ཐམས་ཅད་སངས་རྒྱས་ཀྱིས་གང་བ་ལ་སོགས་པ་ཇི་ལྟར་སྨོན་པ་ལྟར་འགྲུབ་པའོ། །རྫུ་འཕྲུལ་ལ་དབང་བ་ནི། ཞིང་ཁམས་དཔག་ཏུ་མེད་པ་སྐྲ་རྩེ་གཅིག་གིས་ནམ་མཁར་འཛིན་པ་ལ་སོགས་པ་ཇི་ལྟར་འདོད་པ་ལྟར་སྤྲུལ་ནུས་པའོ། །ཡེ་ཤེས་ལ་དབང་བ་ནི། ཤེས་བྱ་གང་ཤེས་པར་འདོད་པ་དེ་ཤེས་པའོ། །ཆོས་ལ་དབང་བ་ནི། ཆོས་ཐམས་ཅད་ཀྱི་མིང་ཚིག་གི་རྣམ་པར་གཞག་པ་ལ་མཁས་པའོ། །སྤྱིར་དབང་བཅུ་ཐོབ་པ་ཙམ་ནི། མ་དག་ས་བདུན་ནས་ཡོད་ལ། དབང་བཅུ་ཕུལ་བྱུང་ནི། དག་པ་ས་གསུམ་ནས་ཡོད་ལ། དབང་བཅུ་ཤིན་ཏུ་རྣམ་དག་ནི། སངས་རྒྱས་ཀྱི་ས་ན་ཡོད་པའོ། །འཕགས་ལམ་ཡན་ལག་བརྒྱད་ལྡན་སྒོམ་པས་ས་གཉིས་པ་དྲི་མ་མེད་པ་ནས་བཅུ་བ་ཆོས་ཀྱི་སྤྲིན་གྱི་བར་སློབ་པའི་ས་བཅུ་བོ་ལ། སྒྲིབ་གཉིས་རིམ་གྱིས་སྤངས་ནས། ཇི་ལྟར་ཇི་སྙེད་ཀྱི་ཡེ་ཤེས་གོང་དུ་འཕེལ་བའི་ས་བཅུའི་རྒྱུན་མཐར་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཡོངས་སུ་བཅོམ་ནས། མི་སློབ་ལམ་ས་བཅུ་གཅིག་པ་ཀུན་ཏུ་འོད་ཐོབ་ཏེ། དེ་བཞིན་ཉིད་དུ་ཆོས་ཐམས་ཅད་གནས་གྱུར་གྱི་ཡོན་ཏན་མཐར་ཐུག་ཐོབ་ནས་སངས་རྒྱས་པ་ཐེག་ཆེན་སྤྱི་ཡིས་བཞེད་པ་དེ་ལྟར་རོ། །གཉིས་པ།

ནང་དུ་སྦྱར་བ་བྱེ་བྲག་ཏུ་བསྟན་པ།

ཚུལ་དེ་ལྟར་ས་བཅུའི་བགྲོད་པ་དེ་དག་ལས། །དབུ་མར་རོ་རྐྱང་མདུད་པ་ཉི་ཤུ་གཅིག །གཉིས་གཉིས་གྲོལ་བས་ས་བཅུ་རེ་རེ་ཐོབ། །ཐ་མས་གཙུག་ཏོར་རྩེ་མོའི་ས་མཆོག་འགྲུབ། །ཅེས་གསུངས་ཏེ། རྩ་གསུམ་མདུད་པ་དང་པོ་གཉིས་གྲོལ་བས་ས་དང་པོ་ཐོབ་པ་ནས་བཅུ་པའི་བར་དང་། ཐ་མ་གྲོལ་བས་གཙུག་ཏོར་རྩེ་མོའི་ས་མཆོག་རྡོ་རྗེ་འཆང་འགྲུབ་པའོ། །ངེས་བརྗོད་རྩེ་མོ་ལས། རོ་མ་རྐྱང་མ་ཀུན་འདར་མ། །མདུད་པས་འཁོར་བའི་འཁྲུལ་སྣང་སྟེ། །གྲོལ་བས་ཡེ་ཤེས་མྱ་ངན་འདས། །ཞེས་སོ། །གཉིས་པ་ཡོན་ཏན་གྱི་ཚུལ་ལ་དཔྱད་པ་ལ། སྤྱི། བྱེ་བྲག་གཉིས། དང་པོ།

ཡོན་ཏན་གྱི་ཚུལ་ལ་དཔྱད་པ་སྤྱིར་བསྟན་པ།

དེ་ལྟར་ས་རྣམས་རིམ་པས་ཐོབ་པའི་དུས། །གང་ཚེ་གོང་མའི་རྟོགས་པར་ཕྱིན་གྱུར་ཅིང་། །སངས་རྒྱས་བར་དུ་བགྲོད་པ་དེ་དག་ལ། །ཡོན་ཏན་འདི་དག་ཉི་དང་ཟེར་བཞིན་ནོ། །ཞེས་གསུངས་ཏེ། ཉི་མ་ཤར་བ་ན་དེའི་འོད་ཟེར་ལྷན་ཅིག་འབྱུང་བ་ལྟར། ས་ལམ་གྱི་རྟོགས་པ་ཐོབ་ན་དེའི་སྤངས་རྟོགས་ཀྱི་ཡོན་ཏན་སྤྱན་དང་མངོན་པར་ཤེས་པ་བསླུ་བ་མེད་པར་འབྱུང་བ་འདི་ནི་ཆོས་ཉིད་དོ། །གཉིས་པ་ལ། གཞན་ལུགས་དགག་པ། རང་ལུགས་བཞག་པ་གཉིས། དང་པོ།

གཞན་ལུགས་དགག་པ།

ད་ནི་ཚུལ་གཞན་གྱི་ལོག་རྟོག་དགག་པ་ནི། ཁ་ཅིག་ས་ལམ་ཡོན་ཏན་དྲང་དོན་ཟེར། །ལ་ལ་རྟོགས་པ་ཐོབ་ཀྱང་ཡོན་ཏན་མེད། །ཡོད་མེད་ཆ་གཉིས་འདོད་པ་རྨོངས་པའི་བློ། །རང་གི་ལྟ་ལ་ཆགས་ཤིང་ཞེན་བྱས་ནས། །མ་ནོར་ཆོས་ལ་སྐུར་བ་འདེབས་འདི་སྤང་། །ཞེས་གསུངས་ཏེ། ཡང་དག་པའི་ཆོས་དང་དེ་སྟོན་པ་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་རྣམས་དང་མ་མཇལ་ཞིང་། ཐོས་བསམ་གྱི་སྣང་བ་མེད་པས། བླུན་པོའི་ཆོས་དང་སློབ་དཔོན་ལ་བསྟེན་ནས་གང་ཡང་མ་གྲུབ་པ་ཙམ་ལ་གདེང་བཅས་ཏེ། ད་ལྟའི་ཤེས་པ་ཟེར་ཞིང་འཁྲུལ་སྣང་སེམས་སུ་འདོད་པས་ལམ་དུ་ཁྱེར་ནས་སྟོང་ལྟའི་ཕྱོགས་ལ་ཞེན་པ་ཁ་ཅིག་ན་རེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ས་ལམ་གྱི་ཡོན་ཏན་རྣམས་བྱིས་པ་འབྲིད་པའི་དྲང་དོན་ཡིན་གྱིས། དོན་ལ་མེད་ཟེར་བ་དང་། ལ་ལ་ན་རེ་རྟོགས་པ་ས་དང་པོ་ནས་བཅུ་པའི་བར་དུ་མཉམ་པའི་རྣལ་འབྱོར་བཞིའི་བསྒོམ་མེད་ཆུ་བོའི་རྒྱུན་རྩེ་གཅིག་སྤྲོས་བྲལ་རོ་ཅིག་ལ་སོགས་པ་ལྟ་བུ་ཐོབ་ཀྱང་། ཡོན་ཏན་ས་ལམ་ནས་བཤད་པ་དེ་དག་ཡོད་པ་དང་མེད་པ་གཉིས་ཀའི་མུ་ཡོད་དོ་ཞེས་འདོད་པའང་། འཇིག་རྟེན་ན་ཉི་མ་མེད་ཅེས་པའམ། ཉི་མ་ཡོད་ཀྱང་འོད་ཡོད་པ་དང་མེད་པའི་ཉི་མ་གཉིས་ཆར་ཡོད་ཅེས་སྨྲ་བ་དང་མཚུངས་སོ། །འདི་དག་གི་ལུགས་བརྗོད་པ་ཙམ་གྱིས་རྣམ་དཔྱོད་ཡོད་ན་གོ་བས། བརྒལ་ལན་བྱ་མི་དགོས་ཏེ། རྣམ་ངེས་ལས། ལོག་པའི་ལམ་ལ་མཐའ་མེད་ཕྱིར། །དེ་དག་འདིར་ནི་སྤྲོ་བྱ་མིན། །ཞེས་པ་བཞིན་ནོ། །འཇིག་རྟེན་ན་ངན་པ་ལོག་པར་སྨྲ་བ་ཅི་ཙམ་མེད་དེ་བཤད་ཚོད་ཡོད་པ་མིན་ལ། བཤད་ནས་དེ་ཚོས་གོ་བའང་མིན་པས་སྐྱུར་འོས་ཞེས་དང་། རྣམ་དཔྱོད་ཅན་གྱིས་ནི་ལུགས་འདི་ཚོ་དཔྱད་པ་ཙམ་གྱིས་ཀྱང་ཇི་ལྟར་ཡིན་མིན་ཧ་གོ་བས་ཀྱང་རེ་ཞིག་བསྐྱུར་བ་ལས་ཐབས་མེད་ཅེས་སོ། །ལུགས་དེ་ལྟ་བུ་ནི་ལྟ་བ་ངན་པ་ལ་ཆགས་ནས་དམ་པའི་ཆོས་ལ་སྐུར་པ་འདེབས་པའི་ཕྱིར། དེ་དང་མི་མཐུན་པ་ཡང་དག་གི་ཆོས་ཐོས་ན་ཁྲོ་བས་ལོག་པར་ལྟ་བ་དང་། མཐར་འཛིན་པའི་ལྟ་བ་དང་། འཇིག་ཚོགས་ལ་ལྟ་བའི་རང་བཞིན་ཅན་ཆགས་སྡང་གི་མེས། དགེ་བའི་ས་བོན་བསྲེགས་ནས་ངན་འགྲོར་ཡུན་རིང་དུ་འཁྱམས་པའི་ཕྱིར་ཏེ། བཞི་བརྒྱ་པ་ལས། རང་གི་ཕྱོགས་ལ་ཆགས་ཡོད་ཅིང་། །གཞན་གྱི་ཕྱོགས་ལ་མི་དགའ་ན། །མྱ་ངན་འདས་པ་མི་ཐོབ་ཅིང་། །གཉིས་སྤྱོད་ཞི་བར་ཡོང་མི་འགྱུར། །ཞེས་སོ། །བཟང་ངན་དང་ལེགས་ཉེས་དེའང་རང་བཞིན་དུ་ནོར་མ་ནོར་དཔྱད་ནས་འདོར་ལེན་བྱེད་པ་ཙམ་ལས། མ་ནོར་བ་ལ་ཆགས་ཤིང་ནོར་བ་ལ་སྡང་བློ་མི་བྱ་སྟེ། སྡང་སེམས་ཡོད་ན་ཁྲོ་བའི་རྒྱུས་སྡིག་པ་འཕེལ་བའི་ཕྱིར་རོ། །ཆོས་རྣམ་པར་གཏན་ལ་འབེབས་དུས་ནོར་མ་ནོར་ཤེས་ནས་འཇུག་གི གཞན་ལུགས་ལ་གཤེ་བས་བྱས་ན་སྒྲིབ་པ་ཆེ་བའི་ཕྱིར་ཏེ། རྩ་ལྟུང་བཅུ་བཞི་པ་ལས། རང་ངམ་གཞན་གྱི་གྲུབ་པའི་མཐའ། །ཆོས་ལ་སྨོད་པ་དྲུག་པ་ཡིན། །ཞེས་པ་དང་། ཏིང་ངེ་འཛིན་རྒྱལ་པོ་ལས། གང་ཞིག་ཆོས་འདི་ཐོས་ནས་ཆགས་བྱེད་ཅིང་། །ཆོས་མ་ཡིན་པ་ཐོས་ནས་ཁོང་ཁྲོ་བ། །ང་རྒྱལ་རྒྱགས་པས་བཅོམ་ནས་ལོག་པ་ཡི། །ང་རྒྱལ་དབང་གིས་སྡུག་བསྔལ་རྗེས་སུ་མྱོང་། །ཞེས་སོ། །དེས་ན་ལམ་ངན་པར་ཞུགས་པ་ཇི་སྐད་བཤད་པ་དེ་དག་ཀུན་ལའང་། སྙིང་རྗེའི་སེམས་ཀྱིས་བཟློག་ཐུབ་ན་བཟློག མི་ཐུབ་ན་མི་རྩོད་པར་ནམ་ཞིག་ལམ་ངན་འདི་ལས་ལོག་པར་གྱུར་ཅིག་སྙམ་དུ་བྱ་ཞིང་། ཆོས་ཐམས་ཅད་མཉམ་པ་ཉིད་ཕྱོགས་ཞེན་མེད་པ་ལ་སེམས་བཞག་གོ །བཞི་བརྒྱ་པ་ལས། རྩོད་མེད་ཆེ་བའི་བདག་ཉིད་ཅན། །དེ་དག་ལ་ནི་ཕྱོགས་ཉིད་མེད། །གང་ལ་ཕྱོགས་ཉིད་ཡོད་མིན་པ། །དེ་ལ་གཞན་ཕྱོགས་ག་ལ་ཡོད། །ཅེས་པ་བཞིན་ནོ། །གཉིས་པ།

རང་ལུགས་བཞག་པ།

ད་ནི་ས་ལམ་གྱི་ཡོན་ཏན་ཡོད་པའི་ཕྱོགས་མཐུན་པ་དང་བཅས་པར་བསྟན་པས་དོན་བསྡུ་བ་ནི། འདིར་ནི་ལམ་བསྒོམས་པ་ལས་ཡོན་ཏན་ཚོགས། །དབྱར་ཀའི་ལོ་ཐོག་བཞིན་དུ་རྣམ་འཕེལ་ཞིང་། །ས་ལམ་བགྲོད་ནས་སངས་རྒྱས་འདོད་དེའི་ཕྱིར། །སྐུ་དང་ཡེ་ཤེས་ནོར་བུ་དང་འདྲ་ཡང་། །བེམ་པོའི་དཔེ་མིན་རྟོག་མེད་ལྷུན་གྲུབ་ལས། །མཐའ་ཡས་འགྲོ་བ་སྲིད་རྩེའི་བར་དུ་ཁྱབ། །འདི་ནི་མདོ་རྒྱུད་དགོངས་པ་མཐུན་པར་གསུངས། །ཞེས་གསུངས་ཏེ། ས་ལམ་གོང་དུ་བགྲོད་པ་ལྟར། ཡོན་ཏན་ཡང་གོང་དུ་འཕེལ་ཏེ། དབྱར་གྱི་རྩྭ་ཤིང་ནགས་ཚལ་དང་ལོ་ཐོག་བཞིན་ནོ། །མཐར་ཐུག་སངས་རྒྱས་དུས། ནོར་བུ་བུམ་པ་དཔག་བསམ་ཤིང་གི་དཔེ་ཡང་རྟོག་པ་མེད་ལ། ལྷུན་གྱིས་གྲུབ་པའི་སྐུ་དང་ཡེ་ཤེས་འཕྲིན་ལས་ཀྱི་ནམ་མཁས་ཁྱབ་པའི་སེམས་ཅན་གྱི་དོན་འབྱུང་བའི་དཔེར་བཤད་ཀྱིས། སོ་སོ་རང་གི་རིག་པའི་ཡེ་ཤེས་ལ་སྟོབས་བཅུ་དང་། དམིགས་པ་མེད་པའི་ཐུགས་རྗེ་དང་། བྱམས་པ་ལ་སོགས་པ་མེད་པའི་དཔེར་གསུངས་པ་ནི་མ་ཡིན་ནོ། །དེས་ན་སེམས་སེམས་བྱུང་དབྱིངས་སུ་ཞི་ཡང་། སྐུ་དང་སོ་སོ་རིག་པའི་ཡེ་ཤེས་ཉི་ཟླ་ལྟར་ལྷུན་གྲུབ་འོད་གསལ་གྱི་ངོ་བོར་རྟག་ཏུ་བཞུགས་པར་ཤེས་པར་བྱའོ། །འདི་ནི་ངེས་པ་དོན་གྱི་མདོ་རྒྱུད་ཀུན་ལས་གསུངས་པས་ཤེས་རབ་ཅན་རྣམས་ཀྱིས་རིག་པར་བྱའོ། །འདིར་མདོ་སྔགས་ཐམས་ཅད་འགལ་མེད་གནད་གཅིག་ཏུ་བསྡུས་ཏེ་བཤད་པའི་སྐབས་ཡིན་པས། ཤེས་རབ་ཀྱིས་ལྟ་བ་རྣམ་པར་དག་པ་དང་། ཐབས་ཀྱིས་སྤྱོད་པ་རྣམ་པར་དག སྟོབས་ཀྱིས་ས་ལམ་གྱི་རིམ་པར་བགྲོད་པ་ལྟར་དུ་ཡོན་ཏན་གྱི་ཚོགས་ཀྱང་དེ་བཞིན་དུ་གོང་དུ་འཕེལ་བ་ཡིན་ཕྱིར། མཐར་ཐུག་དང་འབྲས་བུའི་སྐབས་སུ་ཡིད་བཞིན་གྱི་ནོར་བུ་དང་དཔག་བསམ་གྱི་ཤིང་བཞིན་དུ་རྟོག་པ་མེད་པར་འདོད། ལྷུན་གྱིས་གྲུབ་ཅེས་པའི་ཚིག་ཅིག་ཡོད་པ་དེའང་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས་ཟད་པ་མེད་པ་མི་བཟད་རྒྱན་འཁོར་དང་བཅས་ཏེ་མཐའ་ཡས་སེམས་ཅན་གྱི་དོན་མཛད་པར་གསུངས་ཀྱི། སོ་སོར་རང་རིག་གི་ཡེ་ཤེས་དམིགས་མེད་ཀྱི་ཐུགས་རྗེ་ལ་སོགས་པ་རྒྱུན་ཆད་ནས། དེ་བཞིན་གཤེགས་པའི་ཁམས་སུ་སྐུ་དང་ཡེ་ཤེས་མེད་པར་ངེས་དོན་གྱི་མདོ་རྒྱུད་ཐམས་ཅད་ནས་གསུངས་མེད་པས། དེ་བཞིན་དུ་ཕྱི་རབས་ཀྱི་རྗེས་འཇུག་ཤེས་རབ་ཅན་ཚོས་ཤེས་པར་གྱིས་ལ། མ་ནོར་ཡང་དག་གི་དོན་རིག་པར་གྱིས་ཤིག ཅེས་པའོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། ལམ་བགྲོད་པའི་ས་མཚམས་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའི་རྒྱ་ཆེར་འགྲེལ་པ་ཉི་མའི་འོད་ཀྱི་སྣང་བའོ།། །།གཉིས་པ་འབྲས་བུ་ལ། བསྟན། བཤད། བསྡུ་གསུམ། དང་པོ།

འབྲས་བུ་མདོར་བསྟན་པ།

དེ་ལྟར་བསྒོམས་པས་ཉམས་སུ་བླངས་པ་བསྟན་པའི་རྗེས་ལ། ལམ་མཐར་ཕྱིན་པའི་འབྲས་བུ་བཤད་པ་ནི། ཞེས་མཚམས་སྦྱར་ཏེ། དེ་ལྟར་བསྒོམས་པ་དག་པའི་འབྲས་བུ་ནི། །སྤངས་རྟོགས་མཐར་ཕྱིན་སྐུ་དང་ཡེ་ཤེས་ཏེ། །ཇི་ལྟར་ཉི་ཟླ་སྤྲིན་དང་བྲལ་བ་བཞིན། །ཁམས་ཀྱི་སྒྲིབ་པ་ཀུན་དང་བྲལ་བས་ན། །བྱང་ཆུབ་ཅེས་བྱ་ལྷུན་གྲུབ་ཡོན་ཏན་སྣང་། །ཞེས་གསུངས་ཏེ། དེ་ཡང་མདོ་སྡེ་རྒྱན་ལས། བསྒོམ་པ་ཐ་མ་རྫོགས་ནས་ནི། །འོད་ཟེར་ཆེན་པོས་དབང་བསྐུར་བ། །ཞེས་པའི་ཚུལ་གྱིས་ས་བཅུ་རྒྱུན་གྱི་ཐ་མར་བྱང་ཆུབ་སེམས་དཔའ་དེ་ལ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་འོད་ཟེར་ཆེན་པོས་དབང་བསྐུར་མ་ཐག རྡོ་རྗེ་ལྟ་བུ་ལ་སོགས་པའི་ཏིང་ངེ་འཛིན། སྔར་མ་ཐོབ་པ་གྲངས་མེད་བརྗོད་དུ་མེད་པ་སྙེད་ཐོབ་ནས་སངས་རྒྱས་ཏེ། ཁམས་གསུམ་ཆོས་ཀྱི་རྒྱལ་པོར་ལྷུན་གྱིས་གྲུབ་པ་ན། ཀུན་གཞི་དང་། དེ་ལ་ཡོད་པའི་བག་ཆགས། སེམས་དང་སེམས་ལས་བྱུང་བའི་འཇུག་པ་ཐམས་ཅད་འགགས་ཏེ། དྲི་མ་སྤྲིན་དང་འདྲ་བ་མཐའ་དག་སངས་པ་དང་མཉམ་དུ། རང་ལ་ལྷུན་གྲུབ་ཀྱི་ཡོན་ཏན་འོད་གསལ་སྙིང་པོའི་རང་བཞིན་ཅི་ཡིན་པ་མཐའ་དག་རྒྱས་པས། ཉི་ཟླ་སྤྲིན་དང་བྲལ་བའི་ནམ་མཁར་དཀྱིལ་འཁོར་གང་བ་རྒྱས་པ་བཞིན་ཏེ། རྒྱུད་བླ་མ་ལས། སྒྲ་གཅན་ཁ་ནས་ཐར་པའི་ཟླ་བ་ཉ་བ་ལྟ་བུ་དང་། །ཞེས་པ་དང་། འཇུག་པ་ལས། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་ནས་ཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །སེམས་འགགས་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་སོ། །དེ་ཡང་ཁམས་གསུམ་གྱིས་བསྡུས་པའི་སེམས་སེམས་བྱུང་འགགས་པ་ཡིན་གྱི། སོ་སོ་རང་རིག་ལ་སེམས་ཆེན་པོར་བརྗོད་པ་དེ་གཏན་འགགས་པ་ནི་མ་ཡིན་ནོ། །བདེན་གཉིས་ལས། སེམས་དང་སེམས་བྱུང་ཁམས་གསུམ་པའི། །སྒྲོ་བཏགས་རྣམ་པ་ཅན་རྟོག་ཡིན། །ཞེས་པ་དག་གོ །དེའི་ཚེ་སྤྲོས་པ་ཞི་བའི་ཆོས་སྐུ་དང་དེའི་ངང་ལས་ཤར་བའམ། རང་ཆས་ལྷུན་གྲུབ་ཀྱི་ལོངས་སྐུ་ནོར་བུ་ལྟ་བུ་བརྙེས་ནས། ལྷུན་གྱིས་གྲུབ་ལ་མི་རྟོག་པའི་ཡེ་ཤེས་དང་འཕྲིན་ལས་གདུལ་བྱའི་ཁམས་ཀུན་ཁྱབ་པར་སྤྲུལ་པ་ཟད་མི་ཤེས་པ་འགྲོ་བ་སོ་སོའི་ངོ་ཁ་ལ་སྣང་བ་ཡིན་ཏེ། འཇུག་པ་ལས། ཞིང་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ལ། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བ་ཡིན། །ཞེས་སོ། །སེམས་འགགས་པས་རྣམ་པར་མི་རྟོག་ཀྱང་། ཆོས་ཀྱི་དབྱིངས་མི་འགག་པས་ན་ཐུགས་རྗེའི་འཇུག་པ་ཡིད་བཞིན་གྱི་ནོར་བུ་ལྟར་དུ་སྨོན་ལམ་གྱི་རྗེས་སུ་འགྲོ་བ་དང་། ཆུ་སྣོད་ལ་ཟླ་གཟུགས་ཤར་བ་ལྟར་དུ་གཟུགས་སྐུ་གཉིས་ཀྱི་གཞན་དོན་རྒྱུན་མི་ཆད་པར་སྣང་བ་ཡིན་པའི་གོ་དོན་ནོ། །གཉིས་པ་ལ་སྤྱི་བྱེ་བྲག་གཉིས། དང་པོ།

འབྲས་བུ་བྱེ་བྲག་ཏུ་བསྟན་པ།

དེ་ཡང་སྔར་འཁོར་བ་པའི་དུས་ན། ལུས་དང་དོན་དང་ཡུལ་དུ་སྣང་བ་ཡི། །སྒྲིབ་པའི་བག་ཆགས་གསུམ་པོ་རབ་གྲོལ་ཏེ། །བུམ་ཆག་མར་མེ་པདྨ་ཁ་བྱེའི་སྐུ། །ལྷུན་གྲུབ་ཡོན་ཏན་རྫོགས་ཏེ་མངོན་སུམ་སྣང་། །ཞེས་གསུངས་ཏེ། ཁམས་གསུམ་སོ་སོའི་ལུས་སུ་སྣང་བའི་སྒྲིབ་པ་གྲོལ་བས་སྐུ་རྡོ་རྗེ་རྣམ་སྣང་མི་བསྐྱོད་ལ་སོགས་པ་རིགས་ལྔར་སྣང་བ་དང་། དོན་རྣམ་ཤེས་ཚོགས་བརྒྱད་གྲོལ་བ་ལས། ཡེ་ཤེས་ལྔའི་ངོ་བོར་སྣང་སྟེ། ཀུན་གཞི་དབྱིངས་སུ་ནུབ་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་། ཀུན་གཞིའི་རྣམ་ཤེས་ནུབ་པས་མེ་ལོང་ལྟ་བུའི་ཡེ་ཤེས་དང་། ཉོན་ཡིད་ནུབ་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། ཡིད་ཤེས་ནུབ་པས་སོ་སོར་རྟོག་པའི་ཡེ་ཤེས་དང་། སྒོ་ལྔའི་རྣམ་ཤེས་ནུབ་པས་བྱ་བ་གྲུབ་པའི་ཡེ་ཤེས་སུ་རང་སྣང་བའོ། །དེ་ཡང་རང་མཚན་གྱི་ཐོག་ནས་བཤད་ན་ཉོན་མོངས་དང་ཡེ་ཤེས་གཉིས་ཀ་དངོས་འགལ་ཡིན་པས་གནས་འགྱུར་མི་སྲིད་ཀྱང་། དག་བྱ་དག་འབྲས་ཀྱི་ཆ་ནས་དབྱིངས་སུ་ནུབ་པའི་བརྡ་ཆད་ཀྱིས། དེ་རྣམས་མ་དག་ན་རང་གི་ཆས་བཞག་པའི་ཡོན་ཏན་ཡང་སྣང་ཐབས་མེད་ཅིང་། ལུས་སུ་སྣང་བའི་སྒྲིབ་པ་གྲོལ་ནས་སྐུ་རྡོ་རྗེ་རིགས་ལྔར་སྣང་བ་དང་། དོན་དུ་སྣང་བའི་ཚོགས་བརྒྱད་གྲོལ་ནས་ཡེ་ཤེས་ལྔར་སྣང་བ་བཞིན་དུ། ཡུལ་དུ་སྣང་བའི་བག་ཆགས་གྲོལ་བས། འོག་མིན་གྱི་ཞིང་ཁམས་མཐའ་དང་དབུས་དང་ཕྱོགས་བཅུར་རྒྱ་མ་ཆད་པ་ཡེ་ཤེས་ལྔའི་རང་བཞིན་དུ་རང་གསལ་བ། འོད་ཟེར་འཁྱིལ་པས་ཀུན་ཏུ་ཁྱབ་པའི་ཞིང་ན། གཞལ་ཡས་ཁང་བསམ་གྱིས་མི་ཁྱབ་པ་བརྗོད་ལས་འདས་པར་རང་སྣང་བའོ། །དེའང་འོད་གསལ་བའི་སྙིང་པོ་ལ་སྒྲིབ་པའི་བུམ་པ་དང་། པདྨ་ཁ་བྱེ་ཞིང་དེངས་པ་ལས་བྱུང་བ་ལྟར་སྣང་བའོ། །དེ་དག་ཀྱང་། སྒྲིབ་གསུམ་བག་ཆགས་སོ་སོར་གྲོལ་བ་ལས། །ཞིང་དང་ཡེ་ཤེས་རྒྱལ་བའི་སྐུར་སྣང་སྟེ། །ཇི་སྙེད་ཇི་བཞིན་གཟིགས་པ་རྣམ་དག་ཡིན། །ཅེས་གསུངས་ཏེ། ལུས་སུ་སྣང་བའི་བག་ཆགས་གྲོལ་བས་སྐུ་དང་། དོན་དུ་སྣང་བའི་བག་ཆགས་གྲོལ་བས་ཡེ་ཤེས་དང་། ཡུལ་དུ་སྣང་བའི་བག་ཆགས་གྲོལ་བས་ཞིང་ཁམས་མི་ཟད་པ་རྒྱན་གྱི་འཁོར་ལོར་སྣང་བ་སྟེ། བསྡུ་ན་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ནང་དུ་ལྟ་བ་དང་། ཕྱིར་ལྟ་བ་གཉིས་སོ། །ནང་དུ་ལྟ་བ་ནི་ཆོས་ཉིད་ངོ་བོ་ཉིད་ཀྱི་སྐུ་བདེ་བ་ཆེན་པོ་ནི། གཅིག་དང་དུ་མའི་སྤྲོས་པ་མེད་པས། ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཡིན་ལ། ཆོས་ཅན་སྣང་བ་ལོངས་སྤྱོད་རྫོགས་པ་དང་། ཡེ་ཤེས་ལྔ་སོ་སོར་མ་འདྲེས་པའི་ཆ་ནི། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཡིན་ཏེ། གཉིས་ཀ་ཡང་སོ་སོ་མ་ཡིན་ངོ་བོ་གཅིག་པས་ལྷུན་གྱིས་གྲུབ་པ་ཉིད་དོ། །དེ་ནི་ནང་དུ་ལྟ་བའི་མཁྱེན་གཉིས་ཀྱི་ཡེ་ཤེས་ཆོས་ཉིད་བདེ་བ་ཆེན་པོའི་ངོ་ཁ་ནས་བཞག་པ་གཅིག་དང་དུ་མ་མེད་པའི་བདག་ཉིད་དོ། །ཕྱིར་གདུལ་བྱ་ལ་ལྟ་བའི་ཡེ་ཤེས་གཉིས་ལ། ཇི་སྙེད་པས་འགྲོ་བའི་ཁམས་དང་། མོས་པ་དང་དབང་པོའི་རིམ་པ་སྣང་བའི་རྣམ་གཞག་རྒྱུ་འབྲས་རྡུལ་ཕྲན་གྱི་གྲངས་ལ་སོགས་པ་མ་འདྲེས་པར་འགྲོ་བ་ཇི་ལྟར་སྣང་བ་དེ་ལྟར་ཡེ་ཤེས་སྐད་ཅིག་གཅིག་པོ་དེས་མཁྱེན་དུས། ཇི་ལྟ་བས་ངོ་བོ་ཉིད་མེད་པ་ནམ་མཁའ་ལྟ་བུ་གཞི་མེད་གདོད་ནས་དག་པར་གཟིགས་ཏེ། གཟིགས་པ་གཅིག་པོ་དེའི་ཐོག་ནས་དེ་གཉིས་ངོ་བོ་མི་འགལ་བར་བདེན་པ་གཉིས་ཀྱི་རིམ་པའི་ཆོས་སྤང་བླང་ཀུན་རྫོབ་པ་ཇི་སྙེད་མཁྱེན་པ་དང་། སྤང་བླང་མེད་པ་དོན་དམ་ཇི་ལྟ་བ་ཇི་ལྟར་མཁྱེན་པའི་ཡེ་ཤེས་ལས་བརྩམས་ཏེ། སྡེ་སྣོད་གསུམ་རྒྱུད་སྡེ་བཞི། རྒྱས་པར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་བཞི་སྟོང་གི་བར་དུ་གསུངས་ཤིང་། ཞིང་ལ་ལར་བལྟམས་པ་དང་། ལ་ལར་མྱ་ངན་ལས་འདས་པ་ལ་སོགས་པ་རྣམ་པ་སྣ་ཚོགས་ཞི་བ་དང་། ཁྲོ་བོ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པ། བཟོ་དང་སྐྱེ་བ་དང་། གྲུ་ཟམ་ལ་སོགས་པར་སྤྲུལ་ནས། འཁོར་བ་ཇི་སྲིད་བར་སྟོན་ཏེ། སྒྱུ་འཕྲུལ་བླ་མ་ལས། ཞི་བ་བྱང་ཆུབ་ཆེ་མཆོག་ཉིད། །སྣ་ཚོགས་སྤྲུལ་པ་རྒྱུན་མི་འཆད། །རྔོན་དང་སྨད་འཚོང་ལ་སོགས་པར། །བསྒྱུར་ནས་སེམས་ཅན་དོན་མཛད་དོ། །ཞེས་པ་དང་། དྲི་མ་མེད་པས་བསྟན་པ་ལས། བསམ་ཡས་ཞིང་དུ་སྨད་འཚོང་གྱུར། །སྐྱེས་པ་རྣམས་ནི་བསྡུ་བའི་ཕྱིར། །འདོད་ཆགས་ལྕགས་ཀྱུས་དྲངས་ནས་སུ། །དེ་དག་སངས་རྒྱས་ཡེ་ཤེས་འགོད། །ཅེས་པ་དང་། བདེ་མཆོག་རྩ་རྒྱུད་ལས། ཤིན་ཏུ་ཁྲོ་ཞིང་གཏུམ་པ་ལས། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་སྦྱོར་བ་ཡིས། །ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། །ཅེས་སོ། །གཉིས་པ་ལ། རྟེན་སྐུ། བརྟེན་པ་ཡེ་ཤེས། མཛད་པ་ཕྲིན་ལས་གསུམ། དང་པོ་ལ། སྐུ་ལྔ་སོ་སོར་བཤད་པ་དང་། རང་བཞིན་གཅིག་ཏུ་བསྟན་པ་གཉིས། དང་པོ་ལ། སྐུ་གསུམ་བཤད་པ། བདེ་ཆེན་གྱི་སྐུ་བཤད་པ། མངོན་བྱང་རྡོ་རྗེའི་སྐུ་བཤད་པ་གསུམ། དང་པོ།

སྐུ་གསུམ་བཤད་པ།

ད་ནི་རྒྱས་པར་བཤད་པ་ལ་རྟེན་སྐུ། བརྟེན་པ་ཡེ་ཤེས། མཛད་པ་འཕྲིན་ལས་ཀྱི་རང་བཞིན་དང་གསུམ་ལས། དང་པོ་ལའང་གཉིས་དང་གསུམ་དང་བཞི་དང་ལྔ་ལ་སོགས་པར་དབྱེ་བ་མང་ཡང་། འདིར་སྒྱུ་འཕྲུལ་དྲ་བ་གཉིས་སུ་མེད་པའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་ལྔར་འདོད་དེ། མཚན་བརྗོད་ལས། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ཅེས་པ་དང་། སྒྱུ་འཕྲུལ་གསང་བ་སྙིང་པོ་ལས། དེ་ཚེ་སྐུ་ལྔ་ཀུན་ཀྱང་རྫོགས། །ཞེས་པས། སྐུ་དང་པོ་གསུམ་གྱི་རང་བཞིན་མདོར་བསྟན་པའམ་བསྡུས་ཏེ་བསྟན་པ་ནི། ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་པ་དང་། །སྤྲུལ་པའི་སྐུ་རྣམས་མཁའ་དང་ཉི་བཞིན་དང་། །དེ་ཡི་གཟུགས་བརྙན་དངས་པའི་མཚོར་སྣང་བཞིན། །ཞེས་གསུངས་ཏེ། དེ་ཡང་ཆོས་ཀྱི་སྐུ་ནི་ནམ་མཁའ་ལྟར་སྤྲོས་པ་མེད་ཅིང་། ཡོན་ཏན་གྱི་གོ་སྐབས་ཡངས་པའི་འབྱུང་གནས་དམ་པའི་ནང་གསལ་སྐུ་གསུམ་གཅིག་ཏུ་འདུས་པའི་ངང་ལས། ལོངས་སྤྱོད་རྫོགས་པའི་སྐུ་ཉིད་ལས་ཐ་མི་དད་པ་ཉི་ཟླ་ལྟར་རིགས་ལྔའི་སངས་རྒྱས་སུ་གསལ་བའི་སྣང་བ་དེ་ཉིད་ནི། གཞན་སྣང་དག་པའི་གདུལ་བྱ་ས་བཅུའི་བྱང་ཆུབ་སེམས་དཔའ་ལ་དངོས་དང་གཟུགས་བརྙན་ལྟར་དུ་དེ་དང་ཆ་འདྲ་བའི་རིགས་ལྔ་ཞིང་ལྔར་སྣང་བ་དང་། མ་དག་པའི་འགྲོ་བ་ལ་བྱང་ཆུབ་མཆོག་གི་སྤྲུལ་པ་ལ་སོགས་པ་སྤྲུལ་བའི་སྐུ་གསུམ་དུ་སྣང་བ་ནི། ཆུ་དངས་པར་ཉི་ཟླའི་གཟུགས་བརྙན་ཤར་བ་ལྟ་བུ་སྟེ། ཡེ་ཤེས་དྲི་མ་མེད་པ་ལས། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །ཞེས་སོ། །དེ་ལྟ་བུའི་ཆོས་སྐུ་ལས་ལོངས་སྐུ། ལོངས་སྐུ་ལས་དག་པའི་གདུལ་བྱར་ཕྱེད་སྣང་ལོངས་སྐུ། དེ་ལས་ཐུན་མོང་གི་གདུལ་བྱར་སྣང་བའི་སྤྲུལ་སྐུ་གསུམ་ནི། མདོ་སྡེ་རྒྱན་ལས། བཟོ་དང་སྐྱེ་དང་བྱང་ཆུབ་ཆེ། །བྱང་ཆུབ་མཆོག་གི་སྤྲུལ་པ་སྟེ། །ཞེས་སོ། །བཟོ་སྤྲུལ་པ་ནི་རིས་སུ་བྲིས་པ་ལ་སོགས་པ་སྐུ་གསུང་ཐུགས་ཀྱི་རྟེན་འགྲོ་བའི་དཀར་པོ་རྣམ་པར་འཕེལ་བ་རང་བྱོན་དང་བཞེངས་པ་ཐམས་ཅད་དོ། །མདོར་ན་སེམས་ཅན་ལ་ཕན་པའི་དངོས་པོ་ཐམས་ཅད་དོ། །སྐྱེ་བ་སྤྲུལ་བའི་སྐུ་ནི། དེས་ས་ལ་སོགས་པར་སྤྲུལ་ནས། མུ་གེ་དང་ནད་ལ་སོགས་པ་སྐྱོབ་པའོ། །ཞེས་སྣ་ཚོགས་གཟུགས་ཀྱིས་འགྲོ་བ་འདུལ་བ་མཛད་པ་དེའོ། །མཆོག་གི་སྤྲུལ་པ་ནི་མཛད་པ་བཅུ་གཉིས་སུ་སྤྲུལ་ནས་སེམས་ཅན་གྱི་དོན་བྱེད་པ་སྟེ། རྒྱུད་བླ་མ་ལས། ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་ཞུགས་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་གྱིས་རོལ་པ་དང་། །ངེས་འབྱུང་དཀའ་བ་སྤྱོད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་འཇོམས་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདའ་བར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་སོ། །བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་ལྟ་བུའོ། །གཉིས་པ།

བདེ་ཆེན་གྱི་སྐུ་བཤད་པ།

དེ་ལྟར་སྐུ་གསུམ་པོ་དང་ངོ་བོ་གཅིག་པ་ཡིན་པ་ལས། ཡོན་ཏན་གྱི་ལྡོག་པའི་ཆ་ནས་ལྔར་བགྲངས་པའི་སྐབས་ཀྱི་སྐུ་ལྷག་མ་གཉིས་ཀྱི་རང་བཞིན་རྒྱས་པར་བཤད་ན། ཟག་མེད་བདེ་བ་ཆེན་པོའི་སྐུའམ་ངོ་བོ་ཉིད་སྐུ་ནི། སྐུ་རྣམས་ཀྱི་ཁྱབ་བདག་གམ་ཁྱབ་བྱེད་དུ་ངོ་བོ་ཉིད་དུ་ཡོད་པས་འདིར་བདེ་ཆེན་གྱི་སྐུ་དང་ངོ་བོ་ཉིད་སྐུ་གཉིས་མཚན་གྱི་རྣམ་གྲངས་སུ་གང་བདེར་བརྗོད་ལ། མངོན་པར་བྱང་ཆུབ་པ་ཉིད་འཇིག་འདྲལ་མེད་པས་མི་འགྱུར་རྡོ་རྗེའི་སྐུ་རུ་བསྡུས་པ་སྟེ། རྣམ་གྲངས་སུ་བརྗོད་ནས་འདིར་བདེ་ཆེན་གྱི་སྐུ་དེ་ཉིད་བཤད་པ་ནི། བསམ་གྱིས་མི་ཁྱབ་བདེ་ཆེན་ཡེ་ཤེས་སྐུ། །ཀུན་གྱི་བདག་དེ་ཟག་མེད་མཚོན་བརྗོད་འདས། །ངོ་བོ་ཉིད་སྐུ་ཁྱབ་བདག་ཆོས་ཉིད་དེ། །བདེ་ཆེན་ཉིད་ལས་གཞན་ཞིག་ཡོད་མ་ཡིན། །ཅེས་གསུངས་ཏེ། སྐུ་གསུམ་གྱི་རང་བཞིན་གཅིག་དང་དུ་མ་མེད་པའི་ངོ་བོ་ཉིད་ནི་བསམ་གྱིས་མི་ཁྱབ་པའི་བདེ་བ་ཆེན་པོ་ཟག་པ་མེད་པའི་ངོ་བོ་ཉིད་ནི་སྐུ་དང་ཡེ་ཤེས་ཀུན་ལ་ཁྱབ་ཅིང་། དབྱེར་མེད་པས་ན་བདེ་བ་ཆེན་པོ་ཉིད་ཡིན་གྱིས་གཞན་མ་ཡིན་ནོ། །ར་ལི་ལས། བདེ་ཆེན་བྱང་ཆུབ་བླ་ན་མེད། །ཡེ་ཤེས་ཆོས་ཀྱི་སྐུར་བརྗོད་དོ། །ཞེས་སོ། །དབྱིངས་དག་མཉམ་ཆེན་པོ་ནམ་མཁའ་བཞིན་དུ་ཤིན་ཏུ་རྣམ་པར་མི་རྟོག་པར་སྐུ་ཐམས་ཅད་ཀྱི་ཆོས་ཉིད་བྱེད་པའི་ཆ་ནས་བདེ་ཆེན་ཡེ་ཤེས་ཀྱི་སྐུའམ་ངོ་བོ་ཉིད་སྐུ་ཞེས་སོ། །གསུམ་པ།

མངོན་བྱང་རྡོ་རྗེའི་སྐུ་བཤད་པ།

ཡང་སྤངས་རྟོགས་མི་འགྱུར་བ་དེ་ནི། མངོན་བྱང་མི་འགྱུར་རྡོ་རྗེའི་བདག་ཉིད་སྐུ། །སྤངས་རྟོགས་མཐར་ཕྱིན་འཕོ་འགྱུར་མེད་པ་ཡིན། །ཅེས་གསུངས་ཏེ། སྒྲིབ་གཉིས་མཐའ་དག་སྤངས་ཤིང་ཡོན་ཏན་ཐམས་ཅད་རྒྱས་པས་མངོན་པར་བྱང་ཆུབ་པའི་སྐུ་སྟེ། དེ་ཉིད་རྣམ་གྲོལ་ལས་ཉམས་པ་མི་མངའ་ཞིང་། འཕོ་འགྱུར་མེད་པས་རྡོ་རྗེའི་སྐུ་ཞེས་བྱ་སྟེ། པདྨ་ཅོད་པན་ལས། མངོན་པར་བྱང་ཆུབ་རྫོགས་སངས་རྒྱས། །རྡོ་རྗེ་རྩེ་མོ་བླ་ན་མེད། །དབྱེར་མེད་ཡེ་ཤེས་ཉིད་ཀྱི་སྐུ། །རྟག་པ་ཞི་བ་མཐར་ཕྱིན་བདག །ཅེས་སོ། །གློ་བུར་གྱི་དྲི་མ་ཆ་དང་བཅས་པ་སྤངས་ནས་དག་པ་གཉིས་ལྡན་ཀུན་ཏུ་མི་ལྡོག་པ་འཕོ་འགྱུར་མེད་པའི་དབྱིངས་སུ་འཆར་བ་སྤངས་རྟོགས་ཀྱི་ཆ་ནས་བཅལ་བའི་མངོན་པ་བྱང་ཆུབ་པ་མི་འགྱུར་རྡོ་རྗེའི་སྐུའོ། །གཉིས་པ།

རང་བཞིན་གཅིག་ཏུ་བསྟན་པ།

སྐུ་ལྔ་པོ་དེ་དག་རྫས་ཐ་དད་དུ་གནས་པ་མ་ཡིན་ཏེ། དབྱིངས་གཅིག་སངས་རྒྱས་གཅིག་གི་སོ་སོ་རང་གི་ཡེ་ཤེས་སུ་བསྟན་པ་ནི། དེ་ལྟར་སྐུ་རྣམས་དབྱེར་མེད་དབྱིངས་གཅིག་སྟེ། །འོད་གསལ་སྙིང་པོ་སྒྲིབ་ཀུན་བྲལ་བ་ཉིད། །སྟོང་དང་སྣང་དང་འཕྲོ་དང་དབྱེར་མེད་པས། །ཐ་དད་བརྗོད་ཀྱང་བརྡ་ཙམ་བཏགས་པ་ཉིད། །ཅེས་གསུངས་ཏེ། ལྡོག་པ་སོ་སོའི་ཡོན་ཏན་དང་རྣམ་པ་ལ་ལྟོས་ནས། འོད་གསལ་བའི་སྙིང་པོ་མངོན་དུ་གྱུར་པ་དེ་ཉིད་ཀྱི་ངོ་བོ་སྟོང་པའི་ཆ་ཆོས་སྐུ། རང་བཞིན་སྣང་བའི་ཆ་ལོངས་སྐུ། སྣ་ཚོགས་འཕྲོ་བའི་ཆ་སྤྲུལ་སྐུ། སྤངས་རྟོགས་དབྱེར་མེད་ཀྱི་ཆ་མངོན་བྱང་རྡོ་རྗེའི་སྐུ། དབྱེར་མེད་བདེ་བ་ཆེན་པོར་རོ་གཅིག་པའི་ཆ་བདེ་ཆེན་ངོ་བོ་ཉིད་ཀྱི་སྐུའོ་ཞེས་བརྡ་ཤེས་པའི་དགོས་པ་ཙམ་དུ་སོ་སོར་བཏགས་ཀྱང་བརྗོད་པའི་རྣམ་གྲངས་ཙམ་དུ་ཟད་པའོ། །པདྨ་ཅོད་པན་གྱི་རྒྱུད་དེ་ཉིད་ལས། ཐ་དད་མིན་ཡང་ཐ་དད་དུ། །བརྗོད་པ་རང་བཞིན་ཟབ་པ་ཉིད། །ལྷུན་གྱིས་གྲུབ་དང་ཡེ་ཤེས་སྐུ། །རྣམ་ལྔ་བྱང་ཆུབ་ཆེ་མཆོག་ཉིད། །ཅེས་སོ། །དོན་རང་བཞིན་སྤྲོས་བྲལ་གྱི་དབྱིངས་ན་དགོངས་ཀློང་གཅིག་པ་ཡིན་ཀྱང་། ལྡོག་པ་སོ་སོའི་རྣམ་པ་དང་ཡོན་ཏན་གྱི་ཆ་ནས་གཞལ་བའི་སྐུ་ལྔར་བཤད་པ་འདིས་རང་བཞིན་ཟབ་ཅིང་ལྷུན་གྲུབ་རྒྱ་ཆེ་བའི་རྒྱལ་བའི་གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོའི་ཕྱོགས་ཙམ་ཚིག་གིས་མཚོན་པར་མཛད་པའོ། །གཉིས་པ།

བརྟེན་པ་ཡེ་ཤེས་བཤད་པ།

སྐུ་ལྔ་པོ། དེ་ལ་བརྟེན་པའི་ཡེ་ཤེས་རྣམ་ལྔ་ཡང་། །ཆོས་དབྱིངས་མེ་ལོང་མཉམ་ཉིད་སོ་སོར་རྟོག །བྱ་གྲུབ་ཡེ་ཤེས་རང་བཞིན་ལྷུན་གྲུབ་སྟེ། །དང་པོ་ཆོས་སྐུ་གཉིས་པ་ལོངས་སྐུའི་བདག །གསུམ་པ་བདེ་ཆེན་ལྷག་མ་སྤྲུལ་སྐུ་སྟེ། །ངོ་བོ་དབྱེར་མེད་ལྡོག་པ་ཐ་དད་ཉིད། །ཅེས་གསུངས་ཏེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི་ཆོས་སྐུའི་ཡེ་ཤེས་ལ། མེ་ལོང་ལྟ་བུ་ནི་ལོངས་སྐུའི་ཡེ་ཤེས་ཏེ། མཉམ་ཉིད་ཡེ་ཤེས་ནི་བདེ་བ་ཆེན་པོའི་སྐུའི་ཡེ་ཤེས་སུ་བཞག་ཅིང་། སོ་སོར་རྟོག་པ་དང་། བྱ་བ་གྲུབ་པ་གཉིས་ནི་སྤྲུལ་པ་སྐུའི་ཡེ་ཤེས་ཏེ། མངོན་པར་བྱང་ཆུབ་པའི་སྐུའི་རྣམ་པ་ཅན་ནོ། །ཡེ་ཤེས་འདི་ལྔ་ཡང་ངོ་བོ་ལྷུན་གྲུབ་ཀྱི་རིག་པ་དང་དབྱེར་མེད་དུ་ཡེ་ནས་ཡོད་ཀྱང་། སློབ་ལམ་དུ་སྒྲིབ་པས་བསྒྲིབས་ནས་མི་མངོན་པའོ། །དེ་ལ་སྒྲིབ་པའི་ཆ་ལྔ་དག་པ་ལས་བྱུང་བ་དང་། དེ་སེལ་བྱེད་ལྔས་བསལ་བའི་རྐྱེན་ལས་སྣང་བ་གཉིས་ལས། དང་པོ་སྒྲིབ་པའི་ཆ་ལྔ་དག་པ་ལས་བྱུང་བ་ནི་ཀུན་གཞི་ནུབ་པ་ལ་སོགས་པ་སྟེ། སྐུ་གསུམ་ལ་འཇུག་པའི་མདོ་ལས། ཀུན་གཞི་དབྱིངས་སུ་ནུབ་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །ཀུན་གཞིའི་རྣམ་པར་ཤེས་པ་དབྱིངས་སུ་ནུབ་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཡིད་ཀྱི་རྣམ་ཤེས་དབྱིངས་སུ་ནུབ་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཉོན་མོངས་པ་ཅན་གྱི་ཡིད་དབྱིངས་སུ་ནུབ་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །སྒོ་ལྔའི་རྣམ་པར་ཤེས་པ་དབྱིངས་སུ་ནུབ་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ་ཞེས་སོ། །ཡང་ཉོན་མོངས་པ་ལྔ་དག་པ་ལས། ཡེ་ཤེས་ལྔར་སྣང་བ་ཡང་། སྒྱུ་འཕྲུལ་བརྒྱད་ཅུ་པ་ལས། འདོད་ཆགས་ལ་སོགས་ཉོན་མོངས་ལྔ། །རྣམ་དག་ཡེ་ཤེས་ལྔར་བཤད་དོ། །ཞེས་སོ། །དེའང་འདོད་ཆགས་དག་པ་སོ་སོར་རྟོག་པ། ཞེ་སྡང་དག་པ་མེ་ལོང་ཡེ་ཤེས། གཏི་མུག་དག་པ་ཆོས་དབྱིངས་ཡེ་ཤེས། ང་རྒྱལ་དག་པ་མཉམ་ཉིད་ཡེ་ཤེས། ཕྲག་དོག་དག་པ་བྱ་གྲུབ་ཡེ་ཤེས་སོ། །དག་བྱ་གནས་གྱུར་རྒྱུའི་ཆ་རྣམས་སྤྲིན་དང་འདྲ་བ་ཡིན་ནོ། །དེས་སེལ་བྱེད་ནི་མདོ་སྡེ་རྒྱན་ལས། འཛིན་པའི་ཕྱིར་དང་སེམས་མཉམ་ཕྱིར། །ཡང་དག་ཆོས་རབ་སྟོན་ཕྱིར་དང་། །བྱ་བ་གྲུབ་པའི་ཕྱིར་ཡང་སྟེ། །ཡེ་ཤེས་བཞི་པོ་ཡང་དག་འབྱུང་། །ཞེས་པས། ཆོས་ཀྱི་ཚིག་དོན་འཛིན་པས་མེ་ལོང་ཡེ་ཤེས་མཐོང་བའི་སྒྲིབ་པ་སེལ་ལོ། །དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་བྱང་ཆུབ་ཀྱི་སེམས་བསྒོམས་པས་མཉམ་ཉིད་ཡེ་ཤེས་སོ། །གཞན་ལ་ཆོས་བསྟན་པས་སོ་སོར་རྟོག་པའོ། །གཞན་དོན་བྱས་པས་བྱ་གྲུབ་ཡེ་ཤེས་སོ། །དེ་ཁོ་ན་ཉིད་བསྒོམས་པས་ཆོས་དབྱིངས་ཡེ་ཤེས་ལ་སྒྲིབ་པ་བསལ་ནས་སྣང་བ་ཡིན་ནོ། །དེ་ལྟར་སྒྲིབ་པའི་ཆ་ལྔ་དག་པ་ལས་བྱུང་བའམ་དེ་སེལ་བྱེད་ལྔས་བསལ་བའི་རྐྱེན་ལས་སྣང་བའི་ཡེ་ཤེས་དེ་དག་གི་ངོ་བོ་ནི། ཆོས་ཉིད་སྤྲོས་པ་ཞི་བའི་ངོ་བོ་མཁྱེན་པ་ནི། ཆོས་དབྱིངས་ཡེ་ཤེས་སོ། །ཆོས་རྣམས་ཀྱི་རང་བཞིན་ངང་གིས་འོད་གསལ་བར་མཁྱེན་པ་ནི། མེ་ལོང་ཡེ་ཤེས་སོ། །ཐམས་ཅད་མཉམ་པ་ཉིད་རོ་གཅིག་པར་མཁྱེན་པ་ནི་མཉམ་ཉིད་ཡེ་ཤེས་སོ། །ཆོས་རྣམས་ཀྱི་ཁྱད་པར་མ་འདྲེས་པར་མཁྱེན་པ་ནི། སོ་སོར་རྟོག་པའི་ཡེ་ཤེས་སོ། །ཤེས་བྱ་ཐོགས་མེད་དུ་མཁྱེན་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །མདོ་སྡེ་རྒྱན་ལས། མེ་ལོང་ཡེ་ཤེས་མི་གཡོ་སྟེ། །ཡེ་ཤེས་གསུམ་ནི་དེ་ལ་བརྟེན། །མཉམ་པ་ཉིད་དང་སོ་སོར་རྟོག །བྱ་བ་གྲུབ་པ་ཁོ་ནའོ། །ཞེས་པ་དང་། མཉམ་ཉིད་ཡེ་ཤེས་མི་གཡོ་སྟེ། །ཡེ་ཤེས་གསུམ་གྱི་བདག་ཉིད་དོ། །ཞེས་པ་དང་། སོ་སོར་རྟོག་པའི་ཡེ་ཤེས་ནི། །ཤེས་བྱ་མ་འདྲེས་བསམ་ཡས་མཁྱེན། །ཞེས་པ་དང་། བྱ་བ་གྲུབ་པའི་ཡེ་ཤེས་ནི། །སེམས་ཅན་དོན་ཀུན་སྒྲུབ་པ་པོ། །ཞེས་སོ། །དེ་ལྟར་ལོངས་སྐུའི་མཚན་ཉིད་འཛིན་པའི་ཡེ་ཤེ་ལྔ་པོ་སྤྲུལ་སྐུའི་ཡུལ་ལ་ཁྱབ་པའི་ཡེ་ཤེས་གཉིས་སུ་བསྡུས་ན་དེ་དག་ཀྱང་ཆོས་ཀྱི་དབྱིངས་དང་། མཉམ་པ་ཉིད་ནི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་སུ་འདུ་བས་འཁོར་བ་དང་། མྱ་ངན་ལས་འདས་པའི་ཆོས་ཞེས་ཐ་དད་པ་དང་། ཐ་དད་མ་ཡིན་པའི་ཆར་མི་དམིགས་པས། མཁའ་མཉམ་སྤྲོས་པ་དང་བྲལ་བ་ཆོས་ཀྱི་སྐུའི་ངང་ལ་དབྱེར་མེད་པར་བཞུགས་བཞིན་དུ། མེ་ལོང་ལྟ་བུ། བྱ་བ་གྲུབ་པ། སོ་སོར་རྟོག་པ་གསུམ་ཇི་སྙེད་པ་མཁྱེན་པར་འདུ་བས་ཤེས་བྱ་མཐའ་མེད་པ་མཁྱེན་པས་ཐམས་ཅད་གཟིགས་ཤིང་། ཐུགས་རྗེ་མཐའ་མེད་པས་འཇིག་རྟེན་ཀུན་ལ་གཟིགས་པ་ན། ཡུངས་འབྲུ་གཅིག་གི་གོ་ནའང་། སྣོད་བཅུད་ཀྱི་འཇིག་རྟེན་ཚད་མེད་པར་སྣང་བས་དོན་མཛད་ཅིང་། འགྲོ་བ་ཐམས་ཅད་ལ་རྣམ་པར་གྲོལ་བའི་ཆོས་བསྟན་པས། སོ་སོའི་སྐལ་པ་ཇི་ལྟ་བ་བཞིན་བྱང་ཆུབ་གསུམ་ལ་བཀོད་ནས་མྱ་ངན་ལས་འདས་པ་ལ་སོགས་པའི་ཕྲིན་ལས་འཇུག་སྟེ། སྤྱིར་བཏང་གིས་བཤད་ན་ཆོས་སྐུའི་ཡེ་ཤེས་སྨྲ་བསམ་བརྗོད་འདས་ཆེན་པོ་དང་། ལོངས་སྐུའི་ཡེ་ཤེས་མཚན་ཉིད་ལྔ་དང་ལྡན་པ། སྤྲུལ་སྐུའི་ཡེ་ཤེས་ནི་ཇི་ལྟར་ཇི་སྙེད་མཁྱེན་པའི་ཡེ་ཤེས་རྣམས་ཡིན་ལ། དེ་ཡང་རང་ཆས་སུ་དབྱིངས་ལ་ཡེ་ནས་ཡོད་པ་ཞིག་ཡིན་ཅིང་། དེ་མ་དག་པའི་སྐབས་སུ་དྲི་མས་བསྒྲིབས་ནས་མ་སྣང་ཡང་། དྲི་མ་གློ་བུར་པ་དེ་ཉིད་དག་པས་རིག་པ་གཅིག་གི་ངོར་མངོན་པར་འགྱུར་ཞིང་། དེ་ཡང་རིག་པ་གཅིག་ལ་ཐམས་ཅད་ཚང་པ་ཡིན་པའི་གོ་བའོ། །ཚང་ལུགས་ཀྱང་རིག་སྟོང་སོ་སོར་རང་རིག་པ་དུག་ལྔ་རང་གྲོལ་རྗེས་མེད་ཀྱི་ངོ་བོ་དང་ཁྱད་པར་གྱི་སྟེང་ནས་སམ་ཆོས་ཅན་དང་ཆོས་ཉིད་ཀྱི་ཆ་ནས་ཚང་པའོ། །ཉོན་མོངས་པ་གཏི་མུག་ལྟ་བུ་ཞིག་ལ་མཚོན་ན། གཏི་མུག་ཉིད་གང་ཡིན་ཅི་ཡིན་མི་ཤེས་པའི་ཐོམ་ཐོམ་ཞིག་ཡིན་པ་ལ། དེ་ཉིད་ངོས་ཟིན་ནས་རྟོག་མེད་རང་གསལ་དུ་ཤར་བ་ཆོས་དབྱིངས་ཡེ་ཤེས་སོ། །ཞེ་སྡང་ལ་མཚོན་ན། ཞེ་སྡང་ནི་ཡུལ་ལ་སྡང་སེམས་སྐྱེས་པ་ཞིག་ཡིན་ལ། དེ་ངོས་ཟིན་ནས་དྭངས་གསལ་སྤྲོས་པ་དང་བྲལ་བའི་དྭངས་ཤིག་ཤར་བ་དེ་མེ་ལོང་ཡེ་ཤེས་སོ། །དེ་ལ་སོགས་པ་དུག་ལྔ་ཡེ་ཤེས་ལྔར་རང་དག་བྱེད་པ་དང་། སངས་རྒྱས་ཀྱི་ཕྲིན་ལས་རྒྱུན་ཆད་མེད་པའི་ཐད་ནས་འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། སྐྲ་རྩེའི་ཁྱོན་ལ་སངས་རྒྱས་མང་པོ་ནི། །གངྒཱའི་ཀླུང་གི་བྱེ་མ་ཅི་ཡོད་སྙེད། །རྒྱལ་བ་དེ་དག་ཞིང་ཡང་དེ་སྙེད་དེ། །དེ་དག་མཚན་ཉིད་མི་འདྲ་སྐལ་མི་མཉམ། །སྐྲ་རྩེའི་ཁྱོན་ལ་འགྲོ་བ་ལྔ་རྣམས་ཏེ། །སེམས་ཅན་དམྱལ་དང་དུད་འགྲོའི་འགྲོ་བ་དང་། །གཤིན་རྗེའི་འཇིག་རྟེན་ལྷ་དང་མི་རྣམས་ཞུགས། །འདྲེས་པ་མེད་ཅིང་གནོད་པར་གྱུར་པ་མེད། །དེ་དག་གནས་སུ་མཚོ་དང་རྒྱ་མཚོར་བཅས། །ཆུ་ཀླུང་དེ་བཞིན་མཚེའུ་དང་ལྟེང་ཀ་རྣམས། །འདྲེས་པ་མེད་ཅིང་གནོད་པར་གྱུར་མེད་དེ། །དེ་ལྟར་རྒྱལ་བའི་ཆོས་ནི་བསམ་མི་ཁྱབ། །དེ་ཡི་གནས་སུ་རི་བོ་དུ་མ་སྟེ། །ཁོ་ར་ཁོར་ཡུག་ལྷུན་པོ་རབ་ལྷུན་དང་། །བཏང་བཟུང་དང་ནི་བཏང་བཟུང་ཆེན་པོ་དང་། །འབིགས་བྱེད་བྱ་རྒོད་ཕུང་པོ་གངས་ཀྱི་རི། །གནས་དེར་སེམས་ཅན་དམྱལ་བ་མི་བཟད་པ། །ཚ་དང་རབ་ཏུ་ཚ་བ་ཉམས་མི་དགའ། །དེ་ན་སེམས་ཅན་དམྱལ་བའི་ཚོར་བ་ནི། །སྡུག་བསྔལ་དེ་དག་རྗེས་སུ་མྱོང་བར་བྱེད། །དེ་ཡི་གནས་ན་ལྷ་ཡི་གཞལ་མེད་ཁང་། །དེ་དག་དཔག་ཚད་བཅུ་གཉིས་དབྱིངས་དགའ་བ། །ལྷ་རྣམས་སྟོང་ཕྲག་མང་པོ་དག་གིས་ཀྱང་། །ལྷ་ཡི་དགའ་བས་ཤིན་ཏུ་བདེ་བ་མྱོང་། །དེ་ཡི་གནས་སུ་སངས་རྒྱས་རྣམས་སྐྱེ་ཞིང་། །འཇིག་རྟེན་རིག་པའི་བསྟན་པ་འབར་བ་སྣང་། །དེ་ཡི་གནས་ཉིད་ན་ཡང་ཆོས་ནུབ་ཅིང་། །འདྲེན་པ་མྱ་ངན་འདས་པའི་སྒྲ་ཡང་ཐོས། །མི་དག་བདག་གི་ཁྱིམ་ན་རྨི་ལམ་བཞིན། །འདོད་པའི་ཡོན་ཏན་དག་ལ་དགའ་མྱོང་ནས། །ཕྱིར་སད་ནས་ཀྱང་དེ་ཡི་འདོད་མ་མཐོང་། །དེ་ནི་རྨི་ལམ་ཡིན་པ་དེ་ཡིས་ཤེས། །དེ་བཞིན་མཐོང་ཐོས་རིག་དང་བྱེ་བྲག་ཕྱེད། །འདི་དག་ཐམས་ཅད་མི་བདེན་རྨི་ལམ་བཞིན། །ཞེས་སོ། །དེ་ལྟར་སའི་རྡུལ་དང་། ཆུ་དང་། མེ་དང་། རླུང་གི་རྡུལ་དང་། ནམ་མཁའི་གོ་ཁབ་ཀྱི་མིག་ཙམ་ནའང་ལས་མཐུན་པར་བསགས་པའི་སེམས་ཅན་སྣོད་བཅུད་ཀྱི་འཇིག་རྟེན་གྲངས་མེད་པ་སྣང་བ་ཐམས་ཅད་དུ་ཡེ་ཤེས་ཀྱི་གཟིགས་པ་འཇུག་ཅིང་དོན་མཛད་པ་ཡིན་ནོ། །འདི་ནི་དངོས་པོ་ལ་མེད་ཀྱང་འཁྲུལ་སྣང་དུ་ཤར་བས་རྡུལ་ཕྲན་རེ་རེའི་གོ་ན་མང་པོ་གནས་པར་རུང་ལ། དེ་དག་ཕྱི་རོལ་པའི་དྲང་སྲོང་དང་། ཉན་རང་དགྲ་བཅོམ་དང་། བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་རྣམས་ཀྱིས་གོང་ནས་གོང་དུ་མང་བར་མཐོང་བ་ཡིན་ཏེ། སངས་རྒྱས་ཀྱི་ཡུལ་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་མདོ་ལས། སྟོང་གསུམ་གྱི་ལྷ་དང་མི་རྣམས་ནི་ཆེས་ཉུང་གིས། ཕྱི་རོལ་པའི་དྲང་སྲོང་མངོན་པར་ཤེས་པ་དང་ལྡན་པ་གཅིག་གིས་ཤིང་རྟའི་ཕང་ལོ་ཙམ་གྱི་སའི་ཁྱོན་ལ་སེམས་ཅན་མཐོང་བ་ནི་དེ་བས་ཆེས་མང་ངོ་། །དེ་དག་གིས་སྟོང་གསུམ་དུ་མཐོང་བ་བས་ནི། ཉན་ཐོས་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པའི་གང་ཟག་གཅིག་གིས་ཤིང་རྟའི་ཕང་ལོ་ཙམ་ལ་མཐོང་བ་ཆེས་མང་ངོ་། །དེ་དག་གིས་སྟོང་གསུམ་དུ་མཐོང་བ་བས་ནི། བྱང་ཆུབ་སེམས་དཔའ་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་གཅིག་གིས་ཤིང་རྟའི་ཕང་ལོ་ཙམ་ལ་མཐོང་བ་ཆེས་མང་ངོ་། །དེ་དག་གིས་སྟོང་གསུམ་དུ་མཐོང་བ་བས་ནི་དེ་བཞིན་གཤེགས་པའི་སྤྱན་གྱིས་ཤིང་རྟའི་ཕང་ལོ་ཙམ་གྱི་སའི་ཁྱོན་ལ་གཟིགས་པ་ཆེས་མང་ངོ་ཞེས་སོ། །བདག་ཅག་གི་འཇིག་རྟེན་འདི་ཡང་རྡུལ་ཕྲ་རབ་གཅིག་གི་ནང་ན་ཡོད་དེ། ཕལ་པོ་ཆེ་ལས། བཅོམ་ལྡན་འདས་ཡེ་ཤེས་གངས་ཆེན་མཚོ་རྣམ་པར་སྣང་མཛད་ཀྱི་ཕྱག་ན་རྡུལ་ཤིན་ཏུ་ཕྲ་བའི་སྙིང་པོ་ཞེས་བྱ་བ་ཡོད་དེ། དེའི་ནང་ན་རྣམ་པར་ཤེས་པའི་ཁམས་རྒྱ་མཚོའི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཡོད་དེ། དེའི་སྟེང་ན་ཆོས་ཀྱི་དབྱིངས་ཀྱི་རྒྱ་མཚོའི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཡོད་དོ། །དེའི་སྟེང་ན་ནམ་མཁའི་དབྱིངས་རྒྱ་མཚོའི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་ཉིད་ཡོད་དེ། དེའི་སྟེང་ན་མེའི་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཡོད་དོ། །དེའི་སྟེང་ན་ཆུའི་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཕྲ་རབ་སྙེད་ཡོད་དོ། །དེའི་སྟེང་ན་སའི་ཁམས་རྒྱ་མཚོ་བཅུའི་རྡུལ་ཕྲ་བ་སྙེད་ཡོད་དོ། །དེའི་སྟེང་ན་མེ་ཏོག་མཚན་མ་མེད་པ་ལས་སྐྱེས་པའི་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཡོད་དོ། །དེའི་སྟེང་ན་འཇིག་རྟེན་གྱི་ཁམས་རྒྱ་མཚོ་འདི་གནས་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པའི་ཕྱག་གི་མཐིལ་ལ་རབ་ཏུ་གནས་པའི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཞེས་བྱའོ་ཞེས་སོ། །སྤྱིར་ཆུང་ངུའི་གོར། ཆེན་པོ་ཆུད་པར་སྣང་ཚད་མེད་པ་གསལ་སྣང་ཡིན་ལ། དེའང་སེམས་ཅན་གྱི་འཁྲུལ་སྣང་སྣ་ཚོགས་པ་མཐའ་མེད་དང་། དབང་ཐོབ་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་གྱི་སྣང་བ་རྣམས་ཏེ། འཇུག་པ་ལས། དག་པ་དེ་ནི་བཞེད་པས་འཇུག་པ་ཡིས། །རྡུལ་གཅིག་ཡུལ་ལ་མཁས་གཏུགས་འཇིག་རྟེན་དང་། །འཇིག་རྟེན་མཐའ་ཡས་ཕྱོགས་ཁྱབ་རྡུལ་སྟོན་མོད། །རྡུལ་རགས་མི་འགྱུར་འཇིག་རྟེན་ཕྲ་མི་འགྱུར། །ཞེས་པ་བཞིན་ནོ། །དེ་ལྟར་རྡུལ་ནི་འཇིག་རྟེན་ཇི་ལྟ་བ་བཞིན། འཁྲུལ་སྣང་གི་དུས་ནའང་མ་ངེས་པ་ཡོད་དེ། རྡོ་རྗེ་བཀོད་པའི་རྒྱུད་ལས། དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ལ། །དུས་གསུམ་དུས་བཞིར་མི་དམིགས་ཀྱང་། །ཡེ་ཤེས་རིག་པའི་ཁྱད་པར་ལས། །སྐད་ཅིག་བསྐལ་པ་དེ་སྐད་ཅིག །ཅེས་པ་དང་། ཤཱཀྱ་ཐུབ་པའི་མི་མཇེད་འཇིག་རྟེན་དང་། འོད་དཔག་མེད་ཀྱི་བདེ་བ་ཅན་དང་། རྡོ་རྗེ་རབ་ཏུ་འཇོམས་པའི་ངུར་སྨྲིག་གི་རྒྱལ་མཚན་དང་། སྐུ་པདྨས་རབ་ཏུ་བརྒྱན་པའི་ཕྱིར་མི་ལྡོག་པའི་འཁོར་ལོ་རབ་ཏུ་སྒྲོགས་པ་དང་། ཆོས་ཀྱི་རྒྱལ་མཚན་གྱི་རྡུལ་དང་བྲལ་བ་དང་། སེང་གེའི་སྒྲོལ་མ་བཟང་པོ་དང་། རྣམ་པར་སྣང་བའི་སྙིང་པོའི་འོད་བཟང་པོ་དང་། ཆོས་ཀྱི་འོད་ཟེར་གྱི་སྐུ་པདྨས་ཤིན་ཏུ་རྒྱས་པའི་འདའ་བར་དཀའ་བ་དང་། མངོན་པར་མཁྱེན་པའི་གཟི་བརྗིད་ཀྱི་རྒྱན་དམ་པ་དང་། ཐུགས་ཟླ་བའི་མེ་ལོང་གི་དཀྱིལ་འཁོར་མདོག་འདུལ་བའི་བཟོད་པ་དང་། དཔལ་བཟང་པོའི་པདྨའི་དཔལ་གྱི་འཇིག་རྟེན་རྣམས། སྔ་མ་སྔ་མའི་བསྐལ་པ་ལ། ཕྱི་མ་ཕྱི་མའི་ཞག་རེར་གསུངས་སོ། །དེས་ན་འགྲོ་བའི་འཁྲུལ་སྣང་ལ་ཚད་མེད་པ་སྙེད། སངས་རྒྱས་ཀྱི་ཡེ་ཤེས་ལ་སྒྲིབ་པ་མེད་པས། སྐད་ཅིག་སྔ་ཕྱི་མེད་པར་གཟིགས་ཏེ། ཤེས་བྱ་ཐམས་ཅད་སྐད་ཅིག་ལ་མཁྱེན་པའི་ཕྱིར་རོ། །མདོ་སྡེ་རྒྱན་ལས། མཁྱེན་པའི་སྐད་ཅིག་གཅིག་གིས་ཀྱང་། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅན། །ཞེས་སོ། །སངས་རྒྱས་ཀྱི་ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་དེ་ཉིད་ཟབ་ཞི་སྤྲོས་པ་དང་བྲལ་བས་ན། མཚན་འཛིན་ཆ་དང་བཅས་པ་ལས་འདས་པའི་ཆོས་ཉིད་ཀུན་ཏུ་འགྲོ་བ་སོ་སོར་རང་རིག་པའི་ཡེ་ཤེས་ཀྱིས་ཆོས་ཉིད་མངོན་སུམ་དུ་ཐུགས་སུ་ཆུད་པ་དང་། ཇི་སྙེད་མཁྱེན་པའི་ཡེ་ཤེས་མཉམ་བཞག་ལས་གཡོ་བ་མེད་བཞིན་དུ་དམིགས་པ་མེད་པའི་ཤེས་རབ་ཀྱིས་ཤེས་བྱ་མཐའ་དག་གི་དོན་དེ་ཇི་ལྟ་བ་བཞིན་མ་འདྲེས་པར་མཁྱེན་པ་ཡིན་ལ། དེ་ཡང་ཡུལ་སོ་སོར་འཛིན་པ་དབང་ཤེས་འབྲེལ་བ་ལྟ་བུ་མིན་ཅིང་། གཟིགས་ཡུལ་མ་དག་རང་མཚན་ཅན་སྲིད་པ་མིན་ཀྱང་། བདེན་པར་སྣང་བ་མེད་ཀྱང་རྫུན་པར་སྣང་བ་ཤེས་བྱར་སྲིད་པ་མཁྱེན་པའོ། །དེ་མ་མཁྱེན་ཚེ་ཐམས་ཅད་མཁྱེན་པ་མིན་རྟགས་སོ། །དེས་ན་སངས་རྒྱས་ཀྱི་བླ་ན་མེད་པའི་ཡེ་ཤེས་དང་རྫས་གཅིག་པའི་ཤེས་པས་དུས་སྐད་ཅིག་གཅིག་ལ་ཤེས་བྱ་ཐམས་ཅད་མཁྱེན་ཞེས་སྨྲའོ། །གསུམ་པ།

མཛད་པ་ཕྲིན་ལས་བསྟན་པ།

ད་ནི་དོན་གསུམ་པ། མཛད་པའི་འཕྲིན་ལས་སྤྲུལ་སྐུའི་རོལ་པ་སྟེ། །གང་ལ་གང་འདུལ་དེ་ལ་དེ་སྣང་ཞིང་། །མོས་པའི་རྗེས་འགྲོ་བློ་དང་འཚམས་པར་འབྱུང་། །ཞེས་གསུངས་ཏེ། མཛད་པའི་ཕྲིན་ལས་ནི་སྤྲུལ་སྐུ་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རོལ་པ་སེམས་ཅན་གྱིས་གར་ཁྱབ་ཐམས་ཅད་དུ་གང་ལ་གང་འདུལ་གྱི་ཆོས་དང་སྐུ་ལ་སོགས་པར་སྣང་བ་སྐད་ཅིག་སྔ་ཕྱི་མེད་པར་འབྱུང་སྟེ། རྒྱུད་བླ་མ་ལས། གདུལ་བྱའི་ཁམས་དང་འདུལ་བའི་བྱ་བ་དང་། །གདུལ་བའི་ཐབས་དང་དེ་ཡི་རང་བཞིན་ལ། །ཁྱབ་བདག་རྟག་ཏུ་ལྷུན་གྱིས་གྲུབ་པར་འཇུག །ཅེས་སོ། །འཕྲིན་ལས་དེ་ཡང་། སྲིད་པ་ཇི་སྲིད་ཕན་བདེ་མཛད་པ་སྟེ། །ལམ་གྱི་རྟེན་དང་ལམ་དང་འབྲས་བུ་ལ། །འགོད་མཛད་འགྲོ་ཀུན་ཐར་གླིང་འདྲེན་མཛད་ཡིན། །ཅེས་གསུངས་ཏེ། སངས་རྒྱས་ཀྱི་ཕྲིན་ལས་དེས་འགྲོ་བ་ངན་སོང་པ་དག་ལམ་གྱི་རྟེན་མཐོ་རིས་ཀྱི་བདེ་བ་ལ་འགོད་པའོ། །མཐོ་རིས་ལ་སོགས་པའི་འགྲོ་བ་རྣམས་བྱང་ཆུབ་གསུམ་གྱི་ལམ་ལ་འགོད་པའོ། །མཐར་དེ་ཐམས་ཅད་སངས་རྒྱས་ཀྱི་བྱང་ཆུབ་ལ་འགོད་པའོ། །མདོར་བསྡུ་ན་འཕྲིན་ལས་རྒྱ་ཆེ་བ། གཅིག་ཏུ་ཕན་པ་རྒྱུན་མི་འཆད་པ། མཛད་པ་དུས་ལས་མི་ཡོལ་བ་སྟེ་གསུམ་དུ་འདུས་སོ། །རྒྱ་ཆེ་བ་ནི་ནམ་མཁས་གར་ཁྱབ་སེམས་ཅན་གྱི་གནས་རིས་ཀྱིས་ཁྱབ་པར་འཇུག་པའོ། །གཅིག་ཏུ་ཕན་པ་ནི་ཐར་པ་ཁོ་ན་ལ་འགོད་པའི་ཀུན་ཏུ་སྤྱོད་པ་སྣ་ཚོགས་འཁོར་བ་མ་སྟོངས་ཀྱི་བར་དུ་རྒྱུན་མི་འཆད་པར་འབྱུང་བའོ། །དེའང་བཞི་བརྒྱ་པ་ལས། སངས་རྒྱས་རྣམས་ཀྱི་མཛད་པ་ནི། །རྒྱུ་མེད་འགའ་ཡང་ཡོད་མ་ཡིན། །དབུགས་ཀྱང་སེམས་ཅན་རྣམས་ལ་ནི། །སྨན་སླད་ཁོ་ནར་ཡང་དག་འབྱུང་། །ཞེས་སོ། །དུས་ལས་མི་ཡོལ་བ་ནི་ནམ་མཁས་ཁྱབ་པའི་སེམས་ཅན་གདུལ་བྱར་གྱུར་པའི་གནས་རིས་སོ་སོར་སེམས་ཅན་རེ་རེའི་རྒྱུད་ལ་དགེ་བ་སྐད་ཅིག་འཕེལ་བ་ཡན་ཆོད་སྐད་ཅིག་མི་ཡོལ་བར་དུས་མཉམ་དུ་མཛད་དེ། མཛད་པ་རྒྱ་ཆེ་བ་ནམ་མཁའི་གར་ཁྱབ་ཀྱི་སེམས་ཅན་ལ་ཁྱབ་པ་དང་། གཅིག་ཏུ་ཕན་པ་རྣམ་མཁྱེན་ཐར་བ་ཁོ་ནར་སྦྱོར་བ་དང་། དུས་ལས་མི་གཡོ་བར་སེམས་ཅན་རེ་རེའི་ཕྱིར་ཡང་གཏན་དུ་གཟིགས་པ་རྒྱུན་མི་ཆད་པ་སྟེ། འདི་དག་གི་དཔེ་དང་བཅས་པ། གང་ཞིག་བརྒྱ་བྱིན་རྔ་དང་སྤྲིན་བཞིན་དང་། །ཚངས་ཉི་ཡིད་བཞིན་རིན་ཆེན་ནོར་རྒྱལ་བཞིན། །ཞེས་བསྟན་པ་དང་། ལས་བརྒྱ་པ་ལས། རྒྱ་མཚོ་ཆུ་སྲིན་གནས་ཀྱི་རླབས། །དུས་ལས་ཡོལ་བར་གྱུར་སྲིད་ཀྱི། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་མི་མངའ། །ཞེས་སོ། །གསུམ་པ།

དོན་བསྡུ་བ།

མདོར་ན་སངས་རྒྱས་ཀྱི་སའི་སྤངས་རྟོགས་ཀྱི་ཡོན་ཏན་མངོན་པར་བྱང་ཆུབ་པ་ཞི་བ་ཆོས་ཀྱི་སྐུའི་ངང་ན་ལྷུན་གྲུབ་རང་ཆས་སུ་ཡེ་རྫོགས་སུ་བཞུགས་པ་དང་། ཁྱད་པར་དུ་དག་པའི་གདུལ་བྱར་སྣང་བའི་གཟུགས་སྐུ་མཐར་ཐུག་པ་ལོངས་སྤྱོད་རྫོགས་སྐུ་དང་། དེ་ལས་སྣང་བའི་མཆོག་གི་སྤྲུལ་བའི་སྐུར་སྣང་བ་ཕྱག་ཞབས་འཁོར་ལོས་མཚན་པ་ལ་སོགས་པ་མཚན་བཟང་པོ་སུམ་ཅུ་རྩ་གཉིས། ཐུབ་པའི་སེན་མོ་ཟངས་མདོག་ལ་སོགས་པ་དཔེ་བྱད་བཟང་པོ་བརྒྱད་ཅུ། ཟག་མེད་ཀྱི་ཆོས་ལུས་དང་དམིགས་པ་སེམས་ལ་སོགས་པ་ཡོངས་སུ་དག་པ་བཞི། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ལ་སོགས་པ་སྟོབས་བཅུ། རྟོགས་དང་སྤངས་བ་ལམ་སོགས་ལ་མི་འཇིགས་པའི་མི་འཇིགས་པ་བཞི། ཆོས་སོ་སོར་ཡང་དག་པའི་རིག་པ་དང་། དོན་སོ་སོར་ཡང་དག་པའི་རིག་པ་ལ་སོགས་པའི་སོ་སོ་ཡང་དག་པར་རིག་པ་བཞི། ལུས་དྲན་པ་ཉེར་བཞག་ལ་སོགས་པ་དྲན་པ་ཉེ་བར་གཞག་པ་བཞི། སྐུ་གསུང་ཐུགས་ཀྱི་ཉེས་པ་སྤངས་པས་བསྲུང་བ་མེད་པ་གསུམ། ཐུགས་རྗེ་ཆེན་པོ། བསྙེལ་བ་མི་མངའ་བའི་ཆོས་ཉིད། བག་ཆགས་ཡང་དག་པར་བཅོམ་པ། སྤྱོད་ལམ་རྟོགས་པ་ཡེ་ཤེས་ཕྲིན་ལས་རྣམས་མ་འདྲེས་པས་བསྡུས་པའི་ཆོས་མ་འདྲེས་པ་བཅོ་བརྒྱད། བསྡོམས་པས་སྡེ་ཚན་བཅུ་གཉིས་རྣམ་གྲངས་བརྒྱ་དྲུག་ཅུ་རྩ་བཞིར་བསྟན་པ། འདི་དག་རྣམ་གྲོལ་འབྲས་བུའི་མཆོག་རབ་སྟེ། །འོད་གསལ་མཐར་ཐུག་མངོན་དུ་གྱུར་པ་ཡིན། །ཅེས་གསུངས་ཏེ། བླ་ན་མེད་པའི་ཡོན་ཏན་གྱི་མེ་ཏོག་རབ་ཏུ་རྒྱས་པ་ནི་བྱང་ཆུབ་དམ་པ་སྟེ། སྔོན་རང་ལ་ཡོད་པའི་འོད་གསལ་བླ་མས་ངོ་སྤྲད་པའི་དོན་ཉམས་སུ་བླངས་པས་སྒྲིབ་པ་མཐའ་དག་དང་བྲལ་བའི། ཡེ་ཤེས་འདི་ཉིད་དུ་ཅི་ཡིན་པ་མངོན་དུ་གྱུར་པས། འཇིག་རྟེན་གསུམ་གྱི་མགོན་པོ་ཆོས་ཀྱི་རྗེ་དོན་གཉིས་ལྷུན་གྱིས་གྲུབ་པའི་གོ་འཕང་ཐོབ་པ་ཡིན་ནོ། །དེ་ལྟ་བུའི་བྱང་ཆུབ་དམ་པ་དེ་ཡང་དབྱིངས་དོན་དམ་པའི་བདེན་པ། རྟོགས་བྱ་ཐམས་ཅད་ཀྱི་མཐར་ཐུག ཟབ་པ་ཐམས་ཅད་ཀྱི་གཞི། ཐུག་ས་ཐམས་ཅད་ཀྱི་ཕྱི་མོ། གདོད་མའི་ཆོས་དབྱིངས་ཆེན་པོ་ཡིན་ལ། དེ་ཉིད་ཀྱང་སོ་སོར་རང་རིག་པའི་རང་བྱུང་གི་ཡེ་ཤེས་ལས་མེད་དོ། །དེའང་བླ་མས་དབང་ཁྲིད་ཀྱི་སྐབས་སུ་ངོ་སྤྲད་པའི་རིག་པ་སྟོང་གསལ་སྤྲོས་པ་དང་བྲལ་བ་དེ་ཉིད་ཡིན་པས་ན་སངས་རྒྱས་རང་ལ་བཞག་ནས་གཞན་དུ་བཙལ་དུ་མེད་དེ། སྒྱུ་འཕྲུལ་གསང་སྙིང་ལས། སེམས་ཉིད་རྫོགས་པའི་སངས་རྒྱས་ལས། །སངས་རྒྱས་གཞན་དུ་མ་ཚོལ་ཅིག །བཙལ་ཀྱང་རྒྱལ་བས་མི་རྙེད་དོ། །ཞེས་གསུངས་ལ། སངས་རྒྱས་ཀྱི་དབྱིངས་སམ་ཆོས་ཀྱི་དབྱིངས་དེ་གློ་བུར་བས་བསྒྲིབས་པའི་རྐྱེན་གྱིས་རང་བཞིན་རྣམ་དག་ཏུ་བཞག་པ་ཙམ་ལས། ངོ་བོ་ལ་བཟང་ངན་མེད་པར་མཁྱེན་པའི་ཐོག་ནས། དེ་ལྟ་བུའི་དོན་གཉིས་ལྷུན་གྲུབ་ཀྱི་གོ་འཕང་དམ་པར་གཞོལ་བར་མཛོད་ཅེས་གདམས་པ་མན་ངག་གི་གནད་ཀྱི་གོ་དོན་དང་བཅས་མཇུག་ལེའུ་མཚན་གྱིས་དོན་བསྡུ་བ་ནི། ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། སྒོམ་པ་མཐར་ཕྱིན་པ་འབྲས་བུའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའི་འགྲེལ་པ་ཉི་ཟླ་རིན་པོ་ཆེའི་སྣང་བ་རྒྱ་ཆེར་བསྟན་པའོ།། །།གསུམ་པ་མཇུག་ཡོངས་སུ་རྫོགས་པའི་བྱ་བ་ལ། ཚུལ་ཇི་ལྟར་བརྩམས་པ་དང་། དེ་ལྟར་བརྩམས་པའི་དགེ་བ་བསྔོ་བ་གཉིས། དང་པོ་ལ། དགོས་པ་དང་བཅས་པའི་གཞུང་ཇི་ལྟར་བརྩམས་ཚུལ་དང་། རྩོམ་པ་པོ་ཇི་ལྟ་བུས་བརྩམས་ཚུལ་གཉིས། དང་པོ།

དགོས་པ་དང་བཅས་པའི་གཞུང་ཇི་ལྟར་བརྩམས་ཚུལ།

དེ་ལྟར་ལུས་དངོས་ཀྱི་དོན་རྒྱ་ཆེར་བཤད་ནས། ད་ནི་བསྟན་བཅོས་ཡོངས་སུ་རྫོགས་པ་མཇུག་གི་དོན་ལ། རྣམ་གྲངས་ལེགས་པར་བསྟན་པར་བྱ་བའི། དང་པོ་དགོས་ཆེད་གང་གི་དོན་དུ་བརྩམས་པ་ནི་ཞེས་མཚམས་སྦྱར་ནས། དེ་ལྟར་མདོ་རྒྱུད་མན་ངག་སྙིང་པོའི་དོན། །སྐལ་བཟང་རྣམས་ཀྱིས་རབ་ཏུ་རྟོགས་བྱའི་ཕྱིར། །ཐོས་བསམ་སྒོམ་པའི་རིམ་པ་མ་ནོར་བ། །འཁོར་འདས་སྤང་བླང་ཚུལ་གྱིས་ལེགས་པར་བཤད། །ཅེས་གསུངས་ཏེ། བསྟན་བཅོས་འདི་ནི་འཁོར་བ་སྤང་བ་དང་། མྱ་ངན་འདས་པ་ལ་བླང་བྱ་ཐོས་པ་དང་བསམ་པ་དང་། སྒོམ་པའི་ཤེས་རབ་གསུམ་དུ་ལེགས་པར་བསྡུས་ནས། ཕྱི་རབས་ཀྱི་གང་ཟག་མདོ་རྒྱུད་ཀྱི་དོན་མ་ནོར་བར་ཤེས་ནས་ཉམས་སུ་བླང་བར་འདོད་པ་རྣམས་དང་། ད་ལྟར་བདག་གི་རྗེས་སུ་ཞུགས་པའི་སྐལ་བཟང་ཐར་པ་འདོད་པ་རྣམས་ཀྱི་དོན་དུ། བདེ་བར་གཤེགས་པའི་བཀའ་མདོ་སྡེ་དང་། རྒྱུད་སྡེ་དམ་པ་རྣམས་དང་། དེ་དག་གི་འགྲེལ་ཆེན་དྲི་མ་མེད་པ་རྣམས་དང་། བླ་མ་དམ་པ་ལས་བརྒྱུད་པའི་མན་ངག་གི་སྙིང་པོའི་དོན་རྣམས་གཅིག་ཏུ་བསྡོམས་ཏེ། ཐོས་པ་དང་། བསམ་པ་དང་། སྒོམ་པ་དང་། སྐྱེ་བས་ཐོབ་པའི་ཤེས་རབ་དྲི་མ་མེད་པས་ལེགས་པར་སྦྱར་བ་ཡིན་ནོ། །གཉིས་པ།

རྩོམ་པ་པོ་ཇི་ལྟ་བུས་བརྩམས་ཚུལ།

གང་གིས། བཀོད་པའི་བསྟན་བཅོས་མཁན་པོའི་ངེས་པ་ནི། །ཚུལ་འདི་བློ་གྲོས་ཡངས་པའི་ནམ་མཁའ་ལ། །ཐོས་བསམ་སྒོམ་པའི་ཆུ་འཛིན་རབ་འཁྲིགས་ཏེ། །ཕན་བདེའི་གློག་ཕྲེང་འབྲུག་སྒྲ་སྒྲོགས་པ་དེས། །རིན་ཆེན་ཆོས་ཆར་འཇིག་རྟེན་རྒྱན་གྱུར་བརྩམས། །ཞེས་གསུངས་ཏེ། ཐེག་པ་མཐའ་དག་གི་དོན་ལ་བློ་གྲོས་ཡངས་པ་ནམ་མཁའི་ཁམས་ཅན་དུ་ཐོས་པ་དང་། བསམ་པ་དང་། སྒོམ་པའི་ཤེས་རབ་སྤྲིན་ཚོགས་འཐུག་པོ་འཁྲིགས་ཏེ། འགྲོ་བའི་ཁམས་ལ་དམིགས་པའི་བྱང་ཆུབ་ཀྱི་སེམས་དྲི་མ་མེད་པ་ནི། གནས་སྐབས་ཕན་པ་དང་། མཐར་ཐུག་བདེ་བར་འདོད་པའི་གློག་གི་འོད་ཟེར་གསལ་ཞིང་། སྐལ་བཟང་ཐར་པ་འདོད་པའི་ཁམས་སུ། ཆོས་ཀྱི་དབྱིངས་རབ་ཏུ་དགའ་བའི་འབྲུག་སྒྲ་སྒྲོགས་པ་ལས་འཐོན་པའི་ཆར་རབ་ཏུ་བཟང་པོ་རང་གི་མོས་པ་དང་འཚམས་པར་འབབ་པ་ནི། ལྷ་དང་བཅས་པའི་འཇིག་རྟེན་ན་བསྟན་པ་གསལ་ཞིང་ཡུན་རིང་དུ་གནས་པར་བྱེད་པའི་རྒྱན་དུ་གྱུར་པས་ན། གྲགས་ལྡན་པདྨ་དཀར་པོ་ཞེས་བྱ་བའི་རབས་ལས་འོངས་པའི་གཟུགས་ཅན་གྱི་རྒྱན་གྱིས་བསྔགས་པ་དེས་སྦྱོར་བའོ། །གཉིས་པ་ལ། གཞུང་བརྩམས་པའི་དགེ་བ་བསྔོ་བ་དང་། བསྔོ་བ་དེའི་དོན་བསྡུས་ཏེ་བསྔོ་བ་གཉིས། དང་པོ་ལ། རིགས་ལྔ་ལས་དང་པོ།

རྣམ་སྣང་གངས་ཆེན་མཚོ་ཐོབ་པར་བསྔོ་བ།

དེ་ལྟར་བརྩམས་པ་ལས་བྱུང་བའི་དགེ་བ་བསྔོ་བ་ལ་དྲུག་ལས། དང་པོ་རིགས་ལྔའི་མགོན་པོ་གངས་ཆེན་མཚོ་ཐོབ་པར་བསྔོ་བ་ནི། བསོད་ནམས་སྟོན་ཀའི་ཟླ་རྒྱས་དང་འདྲ་བས། །འགྲོ་ཀུན་ཆོས་དབྱིངས་དག་པའི་ནམ་མཁའ་ལ། །ཤིན་ཏུ་མི་གཡོ་ཟག་མེད་ཐུགས་རྗེའི་ལྷ། །མགོན་པོ་གངས་ཆེན་མཚོར་གྱུར་ཐོབ་པར་ཤོག །ཅེས་གསུངས་ཏེ། བསོད་ནམས་བྱ་བའི་དངོས་པོ་རྣམས་ལས་ཆོས་ཀྱི་སྦྱིན་པ་ཀུན་ནས་དཀར་བ་སྟོན་ཀའི་ཟླ་བ་ལྟ་བུ་དེས། འགྲོ་བ་ཐམས་ཅད་འོག་མིན་ན་མགོན་པོ་རྣམ་པར་སྣང་མཛད་གངས་ཆེན་མཚོ་མཚན་དཔེའི་གཟི་འོད་གསལ་བས། བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ཀྱི་དོན་མཛད་ཅིང་། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མི་གཡོ་བ་དེའི་གོ་འཕང་ཐོབ་པར་ཤོག་ཅིག་ཅེས་པའོ། །གཉིས་པ།

རྡོ་རྗེ་མི་བསྐྱོད་པར་ཐོབ་པར་བསྔོ་བ།

རྡོ་རྗེ་མི་བསྐྱོད་པར་ཐོབ་པར་བསྔོ་བ་ནི། རབ་དགེ་དྲི་མེད་གང་དེས་སྐྱེ་དགུའི་ཚོགས། །ཉོན་མོངས་རྙོག་བྲལ་ཡེ་ཤེས་ཀླུ་དབང་གནས། །ཟབ་ཡངས་བརྩེ་སྤྲིན་སྙིང་པོ་དང་ལྡན་པ། །མགོན་པོ་མི་འཁྲུགས་མཚོ་ཆེན་ཐོབ་པར་ཤོག །ཅེས་གསུངས་ཏེ། ཆོས་དཀར་དགེ་བ་བདུད་རྩིའི་ཆུ་ཀླུང་བཀོད་པ་དེའི་འབྲས་བུས་སེམས་ཅན་ཐམས་ཅད་ཤར་ཕྱོགས་མངོན་པར་དགའ་བའི་མགོན་པོ་མི་འཁྲུགས་པ་མེ་ལོང་ལྟ་བུའི་ཡེ་ཤེས་ལས་མི་གཡོ་བའི་གོ་འཕང་ཐོབ་པར་ཤོག་ཅིག་ཅེས་པའོ། །གསུམ་པ།

རིན་ཆེན་འབྱུང་གནས་སུ་བསྔོ་བ།

རིན་ཆེན་འབྱུང་གནས་སུ་བསྔོ་བ་ནི། ཡོན་ཏན་ཚོགས་མངའ་མཆོག་དགེ་དྲི་མེད་ཀྱིས། །ཚོགས་གཉིས་ལས་གྲུབ་ཡོན་ཏན་རྫོགས་པའི་གཙོ། །སྲིད་ཞིའི་བདེ་འབྱུང་ཕན་བདེའི་ཆར་འབབ་པ། །མགོན་པོ་རིན་ཆེན་འབྱོར་པ་མཐའ་ཡས་ཤོག །ཅེས་གསུངས་ཏེ། ལེགས་པར་སྦྱར་བ་ཕུལ་དུ་བྱུང་བའི་དགེ་བས་འགྲོ་བ་ཐམས་ཅད། ལྷོ་ཕྱོགས་དཔལ་དང་ལྡན་པའི་མགོན་པོ་རིན་ཆེན་འབྱུང་ལྡན། འདོད་དགུའི་རེ་བ་མཐའ་དག་རྫོགས་པ་དེའི་གོ་འཕང་ཐོབ་པར་ཤོག་ཅིག་ཅེས་པའོ། །བཞི་བ།

སྣང་བ་མཐའ་ཡས་སུ་བསྔོ་བ།

སྣང་བ་མཐའ་ཡས་སུ་བསྔོ་བ་ནི། དགེ་བ་དེ་ཡིས་བདག་དང་འགྲོ་བ་ཀུན། །འཆི་བདག་ལ་སོགས་བདུད་བཞི་རྣམ་བཅོམ་སྟེ། །སྐྱེ་རྒ་ན་འཆིའི་མཚོ་ཆེན་ལས་སྒྲོལ་བ། །མགོན་པོ་ཚེ་མཐའ་ཡས་པ་ཐོབ་པར་ཤོག །ཅེས་གསུངས་ཏེ། ཀུན་ཏུ་དགེ་བའི་མེ་ཏོག་གི་ཚོགས་བཀོད་ལེགས་པས་བདག་དང་འགྲོ་བ་ཐམས་ཅད་གནས་སྐབས་སུ་དུས་མ་ཡིན་པར་འཆི་བ་དང་། འཆི་བདག་ལ་སོགས་པའི་བགེགས་ཀྱི་འཚེ་བ་ཞི་ནས། ཇི་སྲིད་འདོད་པར་ཚེ་རིང་ནད་མེད་ལ། མཐར་ཐུག་སྐྱེ་རྒ་ན་འཆིའི་ཆུ་བོ་ཀུན་གྱི་ཕ་རོལ་ཏུ་རང་ཉིད་གཤེགས་ནས་གཞན་ཡང་སྒྲོལ་བ་བདུད་བཞིའི་དཔུང་ལས་རྣམ་པར་རྒྱལ་བའི་མགོན་པོ་ཚེ་དཔག་མེད་ཀྱི་གོ་འཕང་ཐོབ་པར་ཤོག་ཅིག་ཅེས་པའོ། །ལྔ་བ།

དོན་ཡོད་གྲུབ་པར་བསྔོ་བ།

དོན་ཡོད་གྲུབ་པར་བསྔོ་བ་ནི། ཡིད་བཞིན་དགེ་མཆོག་རྒྱ་ཆེན་ལྷུན་མཐོ་བས། །འགྲོ་ཀུན་འདོད་དགུའི་རེ་བ་རྫོགས་པའི་དཔལ། །འཕྲིན་ལས་མཐར་ཕྱིན་དངོས་གྲུབ་ཆར་འབབ་པའི། །མགོན་པོ་དོན་ཡོད་གྲུབ་པ་ཐོབ་པར་ཤོག །ཅེས་གསུངས་ཏེ། ཚིག་དོན་རྒྱན་གྱི་བཀོད་པ་རླབས་ཆེ་བའི་དགེ་བས་བདག་དང་འགྲོ་བ་ཐམས་ཅད་ལས་རབ་རྫོགས་པའི་ཞིང་དུ་གནས་སྐབས་རང་དང་གཞན་གྱི་དོན་གཉིས་འགྲུབ་ཅིང་། མཐར་ཐུག་བྱང་ཆུབ་འབྱོར་བས་རྫོགས་པའི་ཡིད་བཞིན་དངོས་གྲུབ་རྒྱ་མཚོའི་ཆར་གྱིས་འབབ་པ་མགོན་པོ་དོན་ཡོད་གྲུབ་པའི་གོ་འཕང་ཐོབ་པར་གྱུར་ཅིག་ཅེས་པའོ། །གཉིས་པ་ལ། གཏན་དང་སྐབས་ཀྱི་ཕན་བདེའི་རྒྱུར་བསྔོ་བ་དང་། ཕན་བདེའི་རྒྱུའི་གཙོ་བོ་ཆོས་ཚུལ་རྒྱས་པའི་ཆེད་དུ་བསྔོ་བ་གཉིས། དང་པོ།

གཏན་དང་སྐབས་ཀྱི་ཕན་བདེའི་རྒྱུར་བསྔོ་བ།

བསྔོ་བ་ལྔ་པོའི་དོན་བསྡུས་ནས་ལེགས་པར་བསྔོ་བ་ནི། ཡིད་བཞིན་བསྔོ་བ་རྒྱ་ཆེར་གྱུར་པ་དེས། །རང་གཞན་སྲིད་པའི་རྒྱ་མཚོ་ལས་བརྒལ་ནས། །ཚེ་རབས་ཀུན་ཏུ་གཞན་ལ་ཕན་བརྩོན་ཞིང་། །ཆོས་རྔ་བསྒྲགས་པས་འཇིག་རྟེན་གྲགས་པར་ཤོག །ཅེས་གསུངས་ཏེ། རིགས་ལྔའི་རྒྱལ་བར་ཡོངས་སུ་བསྔོས་པ་ལས་བྱུང་བའི་བསོད་ནམས་རྒྱ་ཆེ་བས། བདག་དང་འགྲོ་བ་ཐམས་ཅད་སྲིད་པའི་ཆུ་བོ་ལས་བརྒལ་ཏེ། དྲུག་པ་རྡོ་རྗེ་འཆང་ཆེན་ཀུན་ཏུ་བཟང་པོའི་གོ་འཕང་ལ་གནས་པས་མཐར་ཐུག་གི་རེ་བ་འགྲུབ་ཅིང་། གནས་སྐབས་སུ་སྐྱེ་བ་དང་སྲིད་པ་ཐམས་ཅད་དུ་ལུས་དང་ངག་དང་ཡིད་ཀྱི་རྩོམ་པ་གང་ཅི་བྱེད་པ་ཐམས་ཅད་གཞན་ལ་ཕན་ཞིང་། ཆོས་ཀྱི་རྔ་བོ་ཆེ་སྒྲོགས་པས་འཇིག་རྟེན་གསུམ་པོ་ཐམས་ཅད་དུ་གྲགས་ཏེ། མ་རིག་པའི་མུན་པ་ཐམས་ཅད་སངས་པར་བདག་ཁོ་ནས་བྱེད་པར་ཤོག་ཅིག་ཅེས་སྤྱོད་པ་རླབས་པོ་ཆེར་བསྔོ་བ་ཡིན་ནོ། །གཉིས་པ།

ཕན་བདེའི་རྒྱུའི་གཙོ་བོ་ཆོས་ཚུལ་རྒྱས་པའི་ཆེད་དུ་བསྔོ་བ།

ཡོངས་སུ་རྫོགས་པ་མཐར་ཐུག་པའི་མཇུག་ཕན་བདེའི་གཙོ་བོ་ཆོས་ཚུལ་རྒྱས་པའི་ཆེད་དུ་བསྟན་པ་ཡུན་རིང་དུ་གནས་པར་བསྔོ་བ་ནི། ཆོས་ཚུལ་འདི་ཡང་ཉི་ཟླའི་དཀྱིལ་འཁོར་བཞིན། །ཕྱོགས་ཀྱི་མཐའ་གྲུ་ཀུན་ཏུ་གྲགས་གྱུར་ཏེ། །བློ་གྲོས་པདྨ་རབ་ཏུ་རྒྱས་བྱེད་ཅིང་། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག །ཅེས་གསུངས་ཏེ། བདག་གིས་གཅིག་ཏུ་ཕན་པའི་བློས་ལེགས་པར་སྦྱར་བའི་བསྟན་བཅོས་འདི་ཉིད་ཕྱོགས་ཀྱི་མཐའ་གྲུའི་ཚད་ཀུན་ཏུ་དར་ཞིང་རྒྱས་ཏེ་གྲགས་པའི་འོད་སྟོང་འཕྲོ་བ། ཉི་ཟླའི་དཀྱིལ་འཁོར་ལྟར་གྱུར་ནས་འགྲོ་བ་ཐམས་ཅད་ཀྱི་བློའི་པདྨོ་རབ་ཏུ་རྒྱས་ཤིང་། སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པས་འགྲོ་བའི་བདེ་སྐྱིད་མངོན་པར་འཕེལ་བའི་དཔལ་དུ་འབར་བར་ཤོག་ཅིག་ཅེས་པའི་དཔེ་དོན་རབ་ཏུ་གསལ་བ་ནི། ཟླ་བའི་དཀྱིལ་འཁོར་ཤར་བ་ན་ཀུ་མུ་ཏའི་ཚོགས་རྒྱས་པ་བཞིན་ནོ། །མཇུག་གི་དོན་ལ་འགྲེལ་བའི་མཇུག་རྩོམ་མཛད་བྱང་དང་བཅས་པས་མཐའ་བརྒྱན་པ་སྟེ། དེ་ལའང་དང་པོ་རྒྱལ་བའི་ཆོས་ཚུལ་མི་བཟད་སྤྲིན་གྱི་སྙིང་པོ་འཁྲིགས་པ་ལས། ས་གསུམ་འཇིག་རྟེན་དགེ་བའི་ཞི་དང་བདེ་བའི་བདུད་རྩིའི་ཆར་རྒྱུན་དེ་ཉིད་ལུང་རིགས་འབྲུག་སྒྲའི་གད་རྒྱངས་དང་བཅས་པ་འཇོ་བ་ལས། རང་གཞན་དོན་གཉིས་ངང་གིས་འགྲུབ་པའི་གློག་རྒྱུན་འོད་ཀྱི་སྣང་ཆེན་གསལ་བ་ཅན་གྱིས་མན་ངག་གི་བསྟན་བཅོས་འདི་ཉིད་མ་ལུས་སྟོང་ཁམས་འཇིག་རྟེན་གྱི་རྒྱན་དུ་གྱུར་བ་བསྟན་པ་ནི། དེ་ལྟར་ཆོས་ཚུལ་སྤྲིན་གྱི་བླ་བྲེས་ཀུན་ནས་རྒྱས་པའི་སྙིང་པོ་ཅན། །ཚིག་དོན་རྣམ་བཀྲའི་སྣང་བ་རྒྱ་ཆེ་དཔག་ཡས་ནམ་མཁའི་དབྱིངས་ཁྱབ་པས། །ས་གསུམ་ཞི་བདེའི་ཆར་གྱི་ཚོགས་མང་ལུང་རིགས་འབྲུག་སྒྲའི་ང་རོ་མཛེས། །དོན་གཉིས་གློག་རྒྱུན་རབ་ཏུ་གསལ་བས་མ་ལུས་འཇིག་རྟེན་རྒྱན་གྱུར་ཉིད། །དེའི་མཚམས་ནས་མཆོག་ཏུ་ཞི་བ་སྤྲོས་བྲལ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་མངའ་བ་གང་དེའི་ཟབ་ཡངས་དགོངས་པའི་མཚོ་ཆེན་གྱི་རུམ་ན་ཟབ་དང་རྒྱ་ཆེའི་དོན་བཟང་པོའི་གེ་སར་བཞད་རུང་གི་པདྨོ་ཟུམ་པར་གནས་པ་གང་ཞིག བློ་གྲོས་གསལ་བའི་འཆར་ཁའི་ཉི་གཞོན་འོད་མདངས་མ་སྨིན་པ་དག་གིས་འདབ་བརྒྱ་ཕྱེ་བ་མ་གྱུར་པ་དེ་ལྟར་ན་ཡང་། ཕུན་ཚོགས་གྲུབ་པའི་རིན་ཆེན་གྱི་སྣང་བ་དེ་ཉིད་ཀུན་མཁྱེན་ཆེན་པོའི་མཁྱེན་རབ་གཞལ་མེད་ཀྱི་ཁང་བཟང་གི་རྒྱན་དུ་གསལ་བར་ཡོང་བ་དེ་ཉིད་བསྟན་པར། ཞི་བ་གང་དེའི་བློ་མཚོའི་དབྱིངས་ན་གེ་སར་གསལ་བའི་སྙིང་པོ་ཅན། །འཆར་ཀའི་ཉི་གཞོན་རབ་ཏུ་དམར་བས་གསལ་བར་མ་བྱེད་དེ་ལྟ་ནའང་། །མཐའ་ཡས་བརྒལ་དཀའི་ཕུན་ཚོགས་གྲུབ་པའི་རིན་ཆེན་སྣང་བ་རྒྱ་ཆེ་བ། །གང་ཡིན་དེ་ཀུན་བདག་བློའི་ཁང་བཟང་རབ་ཏུ་མཛེས་ཕྱིར་གསལ་བར་འོངས། །དེ་ནས་ལན་ཅིག་ཙམ་དུ་མིན་པར་སྐྱེ་བའི་ཕྲེང་བ་དུ་མར་རྣམ་པར་དཔྱོད་པའི་མཐུ་ལ་གོམས་པས་རང་གཞན་གྲུབ་མཐའི་སྐྱེ་ཚལ་མཐའ་དག་ལ་རང་དབང་དུ་བྱས་ཞིང་། གཞུང་ལུགས་རྒྱ་མཚོའི་ཕ་རོལ་ཏུ་སོན་པས་ན། འཇིགས་མེད་སྤོབས་པའི་གཏེར་ཆེན་གྲོལ་ཏེ་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་བ་ཊཱིཀ་ཆེན་པདྨ་དཀར་པོའི་རྣམ་བཤད་ལུང་དང་རིགས་པའི་འདབ་སྟོང་བཀྲ་བ་འདི་སྤྲོས་ནས་བློ་གསར་བུང་བའི་དགའ་སྟོན་ཏུ་བྱིན་པ་ཡིན་པར་བསྟན་པ་ནི། ལན་ཅིག་མ་ཡིན་སྐྱེ་བར་གོམས་པས་རང་གཞན་གྲུབ་མཐའི་སྐྱེད་མོས་ཚལ། །ཆེས་བཀྲའི་སྣང་བ་གང་ཡིན་ལེགས་མཐོང་གཞུང་ལུགས་རྒྱ་མཚོའི་ཕ་རོལ་ཕྱིན། །གང་ལ་འཇིགས་མེད་དེ་ཀུན་རྙེད་པས་པདྨ་དཀར་པོའི་རྣམ་བཤད་སྤྲོས། །ལུང་དང་རིགས་པའི་འདབ་སྟོང་རྒྱས་དེས་བློ་གསལ་བུང་བའི་ལོངས་སྤྱོད་མཛོད། །དེ་ནས་བསྟན་བཅོས་འདི་མདོ་དང་རྒྱུད་སྡེའི་སྙིང་དོན་འདུས་པའི་བློ་ཆེན་བློ་ཡི་འཇུག་སྒོ་དང་། ཐར་བའི་ལམ་སྟོན་གྱི་སྒྲོན་མེ་དང་། ཡེ་ཤེས་ནོར་བུའི་མཛོད་ཁང་ཡིན་པས་ན། འདི་ལ་མོས་པའི་འགྲོ་བ་ཀུན་གྱིས་མྱུར་དུ་ཞི་བ་བྱང་ཆུབ་མཆོག་གི་གོ་འཕང་བླ་མེད་བརྙེས་པར་གྱུར་ནས་རང་གཞན་དོན་གཉིས་འབད་མེད་ལྷུན་གྱིས་གྲུབ་པ་ཉིད་དུ་འབྱུང་བར་བསྟན་པ་ནི། འདི་ནི་མདོ་རྒྱུད་སྙིང་པོའི་དོན་ཏེ་བློ་ཆེན་ལྡན་རྣམས་འཇུག་པའི་སྒོ། །ཐར་གླིང་འདོད་པའི་སྒྲོན་མེ་ཡིན་ཏེ་མ་རིག་མུན་པའི་ཚོགས་དང་འགལ། །ཡེ་ཤེས་ནོར་བུའི་མཛོད་ཁང་མཆོག་འདིར་མངོན་དགའི་འགྲོ་བ་གང་ཡིན་ཀུན། །མྱུར་དུ་བྱང་ཆུབ་ཞི་བ་རྙེད་ནས་རང་གཞན་དོན་གཉིས་ལྷུན་གྲུབ་འགྱུར། །དེ་ཡན་གྱིས་ཊཱིཀ་ཆེན་བསྟན་བཅོས་འདི་ཇི་ལྟར་བརྩམས་པའི་ཚུལ་བསྟན་ནས། དེ་ནས་དགེ་བས་འགྲོ་བའི་ཚོགས་ཀུན་ཐར་བར་འགོད་པའི་བསྔོ་བའི་སྙིང་པོ་ཅན་གྱི་སྨོན་ལམ་མཛད་པ་སྟེ། དེ་ལ་བསྟན་བཅོས་རྩོམ་པ་པོས་མཚན་གྱིས་གསལ་བར་བྱས་པའི་བློ་གྲོས་ཀྱི་སྣང་བ་ཡོན་ཏན་གྱི་ཆ་ཤས་རྫོགས་པའི་དྲི་མ་མེད་པའི་ཉིན་བྱེད་འོད་ཟེར་ཤིན་ཏུ་གསལ་བའི་དཔལ་གྱི་ལེགས་བཤད་འདབ་སྟོང་པདྨ་པ་དཀར་པོ་ཞེས་པའི་བསྟན་བཅོས་ཀྱི་མཚན་ཡང་གསལ་བར་མཛད་ནས། འདི་ཡིས་འགྲོ་བ་མཐའ་དག་རྒྱལ་བའི་འབྱོར་བ་དང་ལྡན་པའི་ཐར་བའི་གྲོང་དུ་སྦྱོར་བར་བསྟན་པ་ནི། དེ་ལྟར་བདག་བློ་ཤིན་ཏུ་དྲི་མེད་འོད་ཟེར་གསལ་བའི་སྣང་བ་ཅན། །ཡོན་ཏན་ཆ་ཤས་དཀྱིལ་འཁོར་གང་བས་ཀུན་ནས་འོད་སྟོང་མཛེས་འབར་བའི། །དཔལ་རྣམས་བསྡུས་ཏེ་ལེགས་བཤད་འདབ་སྟོང་པདྨ་དཀར་པོ་རྒྱས་བྱས་པ། །དེ་ཡིས་འགྲོ་ཀུན་ཐར་པའི་གྲོང་དུ་རྒྱལ་བའི་འབྱོར་པས་མངོན་མཐོ་ཤོག །འདིའི་མཚམས་ནས་ཁོང་གི་སྐྱེས་རབས་ཀྱི་ཕྲེང་བ་ཀུན་ཏུ་དམ་པའི་ཆོས་མཛོད་འཛིན་ཅིང་ས་ལམ་གྱི་ཡོན་ཏན་མཐར་ཕྱིན་ནས། མ་གྱུར་འགྲོ་བའི་དཔང་གཉེན་དུ་སྨོན་པ་ནི། བདག་ཀྱང་དེང་ནས་ཚེ་རབས་ཀུན་ཏུ་དམ་ཆོས་རིན་ཆེན་མཛོད་འཛིན་ཅིང་། །མཆོག་ཏུ་གཞན་ཕན་སྙིང་པོ་ལྷུར་ལེན་ཐོས་བསམ་སྒོམ་པའི་ཁང་བཟང་དུ། །ས་དང་ལམ་གྱི་དགའ་བདེས་འབྱོར་ཞིང་རྫོགས་པའི་བྱང་ཆུབ་འགྲུབ་པ་དང་། །མཐོང་ཐོས་རེག་པའི་འགྲོ་བ་ཐམས་ཅད་རྣམ་གྲོལ་གོ་འཕང་ཐོབ་པར་ཤོག །ད་ནི་ཆོས་ཚུལ་འདི་ལ་ཐོས་བསམ་འཆད་ཉན་གྱིས་ཞུགས་པའི་སྐྱེ་བོ་ཐམས་ཅད་ཚེ་འདི་འཕོས་མ་ཐག་ཏུ་ཞིང་ཁམས་བདེ་བར་ཅན་དུ་སྐྱེ་ཞིང་། གནས་སྐབས་དང་མཐར་ཐུག་གི་རེ་བ་ཡོངས་སུ་རྫོགས་པ་དང་། ཐ་ན་བསྟན་བཅོས་འདིའི་མཚན་ཙམ་ཐོས་པའི་འགྲོ་བ་ཀུན་གྱིས་ཀྱང་ཐར་བའི་ལམ་སྣ་ཟིན་ཏེ། མདོར་ན་དམ་ཆོས་ཉི་མ་འཇིག་རྟེན་གྱི་ཁམས་སུ་ཤར་ནས། མཐའ་ཡས་སྐྱེ་དགུའི་བློ་གྲོས་པདྨ་དཀར་པོའི་འདབ་ཡངས་ཕྱོགས་བརྒྱར་རྒྱས་པར་སྨོན་པ་ནི། ཚུལ་འདིར་ཞུགས་པའི་སྐྱེ་བོ་ཐམས་ཅད་བདེ་བ་ཅན་གྱི་ཞིང་འདོངས་ཤིང་། །གནས་སྐབས་མཐར་ཐུག་རེ་བ་རྫོགས་ལྡན་བྱང་ཆུབ་སྙིང་པོར་འགྲུབ་པར་ཤོག །མིང་ཙམ་ཐོས་པའི་འགྲོ་བ་ཀུན་ཀྱང་ཐར་པའི་ལམ་སྣ་ཟིན་གྱུར་ཅིང་། །དམ་ཆོས་ཉི་མ་འཇིག་རྟེན་གསུམ་དུ་པདྨ་དཀར་པོའི་འདབ་རྒྱས་ཤོག །བཞི་པ།

མཇུག་གི་དོན་ལ་མཛད་བྱང་།

ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ཅེས་བྱ་བའི་འགྲེལ་པ་པདྨ་དཀར་པོ་ཞེས་བྱ་བ། རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པའི་དགེ་སློང་རྡོ་རྗེ་འཛིན་པ་ཚུལ་ཁྲིམས་བློ་གྲོས་ཀྱིས། གྲྭ་རི་རིན་པོ་ཆེ་པདྨ་བརྩེགས་པའི་འདབས། དཔལ་ལྡན་ལྷུན་གྱིས་གྲུབ་པའི་གླིང་དུ་ལེགས་པར་བཀོད་པ་འདི་ཡོངས་སུ་རྫོགས་སོ་ཞེས་པའམ་ཡོངས་སུ་ཆ་ཚང་བར་མི་ནུབ་ཆོས་སྐུའི་བསྟན་པ་མཁའ་དང་མཉམ་པའི་ཕྲིན་ལས་ཀྱི་དཔལ་འབར་དུ་འཆད་ཉན་གྱི་རྒྱུན་འདི་ཕྱོགས་མཐར་ཁྱབ་བའི་རྟེན་འབྲེལ་དང་བཅས་ཏེ། དགེའོ་དང་པོས་བསྟན་པ་དར་ཞིང་རྒྱས། དགེའོ་གཉིས་པས་བསྟན་འཛིན་སྐུ་ཚེ་བརྟན། དགེའོ་གསུམ་པས་བསྟན་པའི་མངའ་ཐང་རྒྱས་པའི་དགེ་ལེགས་སུམ་བརྩེགས་དང་བཅས་པའི་ཐེངས་འདིའི་འཆད་ཉན་ལ་བར་ཆད་དང་ཉེ་འཚེ་མེད་པར་ལེགས་པར་ཡོངས་སུ་གྲུབ་པའོ། །མངྒ་ལཾ། ད་འདུས་པ་ཐམས་ཅད་འབྲལ་བའི་ཆོས་ཅན་ཡིན་པ་ནི། རྒྱལ་བ་ཀློང་ཆེན་པས། གཉེན་འདུན་འཛའ་བཤེས་མགྲོན་པོ་གནས་མཐུན་འདྲ། །ལྷན་ཅིག་འདུས་ཀྱང་སོ་སོར་འབྲལ་དུ་ཉེ། །ཞེས་གསུངས་པ་ལྟར་དུ། ད་རང་རེ་དང་པོ་གཅིག་ངོ་གཅིག་གིས་མི་ཤེས་པ་ཏག་ཏག་ལས་སྨོན་བསོད་ནམས་ཀྱིས་སྦྲེལ་བ་དང་། ཆོས་གཅིག་གིས་བསྡུས་ནས། མགྲོན་པོ་གནས་མཐུན་འདུས་པ་ལྟར་དུ། དུས་ཐུང་ཐུང་ཞིག་ལ་མཉམ་དུ་ཚོགས་པར་ཡིན་ཀྱང་། འདུས་པ་ཡིན་པའི་ཕྱིར་ན་མཐར་སོ་སོར་འབྲལ་བ་དེ་ཆོས་ཉིད་ཡིན་པས། གོང་གི་གསུང་དེའི་འཕྲོ་ན། ཚེ་སྲོག་མི་རྟག་རྩྭ་ཁའི་ཟིལ་པ་འདྲ། །ད་ལྟར་ཡོད་ཀྱང་མེད་པ་མྱུར་དུ་འོང་། །ཅེས་གསུངས་པ་ལྟར་དུ། ངའི་ལུས་ཟེར་ནས་གཅེས་པར་འཛིན་རྒྱུ་འདི་ཡང་། །ནམ་ཞིག་ཚེ་སྲོག་མི་རྟག་པའི་རྐྱེན་དང་འཕྲད་དུས་བེམ་ཤེས་སོ་སོར་འབྲལ་ནས། ལུས་བེམ་གོག་འབྱུང་བཞིའི་རྡུལ་ཕྲན་དུ་དེངས་རྒྱུ་ཡིན་པས། འདི་ལ་རྟག་འཛིན་བྱས་ཀྱང་རྟག་བརྟན་མེད་པ་ནི་རྩྭ་ཁའི་ཟིལ་བ་ད་ཡོད་ཀྱང་ད་མེད་ལྟ་བུ་ཡིན་པར་གདམས་པ་དང་། རང་རེ་འབྲལ་བའི་དཔེ་འདིས་ཀྱང་འཁོར་བའི་ཆོས་ལ་སྙིང་པོ་མེད་པར་མཚོན་པ་དེས་ན་རྟག་ཏུ་བློ་གཏད་ཕེར་ཞིང་ཚེ་འདི་ཕྱི་རང་གཞན་ཐམས་ཅད་ལ་ཕན་ཐོགས་ཅན་དེ་དམ་པའི་ལྷ་ཆོས་ཡིན་པས། དེའི་བསྒྲུབས་འབྲས་མངོན་དུ་འགྱུར་རྒྱུ་དེ་ཡང་ཚུལ་བཞིན་བསྒྲུབས་པའི་ཐོས་བསམ་སྒོམ་པའི་ཤེས་རབ་སྐྱེད་དེ་བསྒྲུབ་ལ་བརྩོན་པར་ནན་ཏན་བྱེད་པ་ལ་རག་ལས་པ་ཡིན་པས། དམ་ཆོས་འབད་པས་སྒྲུབ་པ་ནི་གལ་ཆེན་ནང་གི་དོན་ཆེན་ཡིན་ལ། སྲིད་པ་གསུམ་པོ་ཉུལ་ནས་བཙལ་ཀྱང་ཀུན་མཁྱེན་བླ་མའི་གཞུང་བཟང་འདི་ཚོ་བས་ཡན་གྱི་རྒྱལ་བའི་ཉེ་ལམ་ཞིག་རྙེད་རྒྱུ་ཡོད་པ་མིན་པས། ད་སྔ་སྐྱེ་བ་མ་བླངས་ཅི་བླངས། འཁོར་བ་མ་བརྒྱུད་ཅི་བརྒྱུད་ཀྱང་། ད་རེས་མཇལ་བའི་ཐེག་མཆོག་རྡོ་རྗེའི་རྩེ་མོའི་སྙིང་བཅུད་འབུམ་ཕྲག་རྒྱུད་སྡེ་རྒྱ་མཚོའི་དགོངས་དོན། བརྗོད་བྱ་དོན་ཟབ། རྗོད་བྱེད་རྒྱ་ཆེ་བའི་སྲིད་ཞིའི་འཁོར་འདས་ཡོངས་ཀྱི་གནས་ལུགས་ཟབ་དང་རྒྱ་ཆེའི་དོན་རྣམས་མ་འདྲེས་སོ་སོར་འབྱེད་པའི་གཞུང་བཟང་འདི་འདྲ་ད་སྔོན་མཇལ་མ་མྱངས་ཤིང་། དེའི་དབང་གིས་སྲིད་རྩ་མ་ཆོད་པར་འདི་བཞིན་ལུས་པ་ཡིན། འདི་མཇལ་བ་ལས་ལྷག་ཅིག་རྒྱལ་བ་རྡོ་རྗེ་འཆང་དང་། གསང་འཛིན་དགའ་རབ་དཔའ་བོ་རྣམས་དངོས་སུ་མཇལ་ཡང་གསུང་དུ་མེད་པས། འཕྲད་པར་དཀའ་བའི་དམ་ཆོས་རིན་པོའི་ཆེའི་མཛོད་ཁང་འདི་ལྟ་བུ་རྙེད་དུས། དགྱེས་བཞིན་སྤྲོ་བཞིན་དུ་དེད་དཔོན་མཁས་པས་རྒྱ་མཚོའི་གླིང་ནས་ནོར་བུ་བླངས་ཏེ་རང་ཡུལ་ལ་སྐྱོད་པར་བཞིན་དུ་ཆོས་ཀྱི་ནོར་གྱིས་འཚེངས་ནས་ཕེབས་ཆོག་པ་ཡིན། རྒྱ་ཆེ་བ་པཎ་ཌི་ཏའི་ལུགས་ལྟར་གསུངས་པའི་གཞུང་ཆེན་པོ་འདི་དག་གི་རྡོ་རྗེའི་ཚིག་གི་དོན་ཟབ་མོ་ཐེངས་རེ་ཐེངས་གཉིས་ཐོས་པ་ཙམ་ཞིག་གིས་གོ་བ་གཏིང་ཟབ་མོ་ཞིག་ལེན་དགོས་ན་རང་གཞན་སུས་ཀྱང་དཀའ་བར་སྣང་ཡང་། ཇི་བཞིན་ཚིག་དོན་དགོངས་པ་མ་ཁྲོལ་ཡང་། །མོས་གུས་ཐོབ་ན་བྱིན་བརྒྱུད་ཡེ་ཤེས་འཕོ། །གསུངས་པ་ཡིན་པས་དད་པ་དག་སྣང་དང་མི་འབྲལ་བའི་ཐོག་ནས་གླེགས་བམ་བདུན་པོ་དེ་དབུ་སྔས་ལ་བཞུགས་སུ་གསོལ་ནས་རྒྱལ་བ་ཀློང་ཆེན་པ་དང་ཐུགས་ཡིད་དབྱེར་མེད་དུ་བསྲེས་ཏེ་མོས་གུས་དད་པའི་གདུང་དབྱངས་ཀྱིས་གསོལ་བ་ཐོབ་དང་། བྱིན་རླབས་རང་ཤུགས་ཀྱིས་འཇུག་ངེས་པ་ཡིན། དེས་ན་དགུན་གྲང་བའི་རེག་བྱས་ལུས་ལ་ཟུག་ངུ་འབྱིན་པའི་སྐབས་སུ་འདི་ལ་གཟིགས་དང་། འདིས་བདེ་དྲོད་ཡེ་ཤེས་ཀྱི་བྱིན་ཆེན་ནང་ནས་ཕབ་སྟེ་རྣལ་འབྱོར་བའི་ཉམས་དང་རྟོགས་པའི་རྩལ་ཤུགས་རང་བཞིན་གྱིས་རྒྱས་ཡོང་བ་ཡིན། རྣམ་རྟོག་འཐོར་རླུང་དྲག་པོའི་གཡེང་བ་ཡིས་ཁྱེར་ནས་མགོ་འཕང་མཐོ་ཆེ་དུས་སྐྱིད་ཀྱི་གོང་གནོན་འདི་ཉིད་ཀྱིས་གྱིས་དང་། ངེས་འབྱུང་གཏིང་ནས་ཤར་བའི་སྣང་བ་དབང་མེད་དུ་སྐྱེ་ནས་སྡུག་བསྔལ་འཁོར་བའི་ཆོས་ལས་འབྲོས་ཤེས་པ་ཞིག་ཡོང་བ་ཡིན། སྐྱོ་སེམས་འཇིགས་དང་ཉམ་ངས་གདུང་ནས་ཡིད་ཆད་སེམས་ཀྱི་ན་ཚ་འདོན་ཐབས་མེད་པར་གྱུར་ཚེ་ཉམ་ཆུང་སྡུག་གི་སྐྱོ་གྲོགས་འདི་ལ་འདི་བསྟེན་དང་། སྣང་བ་གུ་ཡངས་ལ་རིག་པ་དྭངས་སང་རྙེད་ནས་སྐྱིད་སྡུག་ལམ་ཁྱེར་གྱི་གདམས་པ་འདིས་བསྟན་ནས་རྐྱེན་ངན་གྲོགས་སུ་གྱུར་ནས་ལྟས་ངན་གཡང་དུ་ལེན་ཆོག་པ་ཡིན། རྒྱུན་གྱི་ཉམས་ལེན་རིག་པའི་གཏན་གྲོགས་འདི་ལ་བཅོལ་དང་གཞི་བདེའི་སྟེང་དུ་བློ་བདེ་རྒྱུན་མི་ཆད་པར་སྐྱིད་པའི་ཉི་མ་མགོ་ནས་མི་ནུབ་པའི་ཐར་བའི་རྒྱལ་ས་རིན་ཆེན་གྱི་ཁང་བཟང་ལ་དུས་རིང་མི་འགོར་བར་སྙེག་ཐུབ་པ་ཡིན། མཇུག་མཐར་ཆོས་འདི་འཛིན་པའི་ཁྱེད་རྡོ་རྗེའི་མཆེད་ལྕམ་ཐམས་ཅད་གཞི་བྱེས་ལམ་གསུམ་གར་འགྲོ་གར་འདུག་ལ་བཀའ་འདི་ཡི་སྲུང་མ་སྲིད་གསུམ་གསལ་བའི་སྤྱན་གཅིག་བགྲད་པའི་སྔགས་སྲུང་མ་མོ་ཨེ་ཀ་ཛ་ཊི་མ་དང་། སྤྱན་སྟོང་ལྡན་པའི་གཟའ་ཡི་དགེ་བསྙེན་ཆེན་པོ་རཱ་ཧུ་ལ་དང་། ཐེའུ་རང་སྟོང་སྡེའི་དམག་དཔོན་ཆེན་པོ་དམ་ཅན་རྡོ་རྗེ་ལེགས་པ་རྩལ་ཏེ་བཀའ་སྲུང་མ་གཟའ་རྡོར་གསུམ་གྱིས་མེལ་ཚེ་དང་སྲུང་སྐྱོབ་མཛད་ནས་ཆོས་འདི་དར་བའི་ས་ཕྱོགས་ཀུན་ན་བཀྲ་ཤིས་ལེགས་ཚོགས་རྒྱས་པའི་འཕྲིན་ལས་བཅོལ་བ་དང་བཅས་ཏེ། རྣམ་པ་ཐམས་ཅད་ལ་ཉེར་འཚེའི་འགལ་རྐྱེན་གྱི་བར་ཆད་ཞི། ཆོས་མཐུན་གྱི་བཞེད་དོན་ཡིད་བཞིན་དུ་འགྲུབ། ཚེ་ཆོས་གཉིས་ཀ་མཐར་ཕྱིན། ཚེ་དང་སྒྲུབ་པ་སྙོམ་པའི་ཐུགས་བསྐྱེད་སྨོན་ལམ་གེགས་མེད་དུ་འགྲུབ་པ་དང་མཉམ་དུ་གྲུབ་བརྙེས་རིག་འཛིན་གོང་མའི་གདན་ས། འཇའ་ལུས་འོད་སྐུར་གྲོལ་བའི་གཤེགས་ཤུལ་པདྨས་མཚོན་པའི་གནས་འདི་ནས་སླར་ཡང་དགྱེས་ཞལ་འཛོམ་པའི་སྨོན་འདུན་ཞུ་བ་དང་ཆབས་ཅིག་ཏུ། དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་རྣམས་ཀྱིས་དུས་གསུམ་བསགས་པ་དང་ཡོད་པའི་དགེ་བ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་ནས་སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལུང་དང་རྟོགས་པའི་བདག་ཉིད། བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱི་སྒོ་ནས་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་དམ་པ་སྔ་རབས་གཤེགས་པ་རྣམས་ཀྱི་དགོངས་པ་ཡོངས་སུ་རྫོགས། ད་ལྟར་བཞུགས་པ་རྣམས་ཀྱི་སྐུ་ཚེའི་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཀུན་ཏུ་ཆར་ཆུ་དུས་སུ་འབེབ་ལོ་ཕྱུགས་རྟག་ཏུ་ལེགས། མི་ནད་དང་ཕྱུགས་ནད་འཁྲུག་རྩོད་ཐམས་ཅད་རྒྱུན་ཆད། བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་པའི་ཕྱིར་དང་། ཁྱད་པར་དུ་བདག་ཅག་རྣམས་ཀྱི་ཚེ་འདིའི་ཕ་མ་གཉིས་དང་དགྲ་བགེགས་གཉིས་ཀྱི་གཙོར་བྱས་པའི་བཟང་འབྲེལ་ངན་འབྲེལ་ཐོགས་པའི་མཐའ་ཡས་པའི་སེམས་ཅན་ཐམས་ཅད་མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པ་ཡང་དག་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་དེ་མ་ཐོབ་ཀྱི་བར་དུ་མཐོ་རིས་ཀྱི་ཡོན་ཏན་བདུན་དང་ལྡན་པའི་ལུས་རྟེན་ཁྱད་པར་ཅན་རྙེད་ནས་ཐེག་པ་ཆེན་པོའི་ཆོས་ལ་ཚུལ་བཞིན་དུ་སྤྱོད་པའི་སྐལ་བ་དང་ལྡན་པའི་ཕྱིར་དུ་རྗེ་བཙུན་འཇམ་པའི་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་ཟབ་མོ་གནང་བར་ཞུ།། །། ༈ བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆི་རྦ་བརླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་གྲོལ་བར་ཤོག །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །ཆོས་ཚུལ་འདི་ཡང་ཉི་ཟླའི་དཀྱིལ་འཁོར་བཞིན། །ཕྱོགས་ཀྱི་མཐའ་གྲུ་ཀུན་ཏུ་གྲགས་གྱུར་ཏེ། །བློ་གྲོས་པདྨ་རབ་ཏུ་རྒྱས་བྱེད་ཅིང་། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག། ༈ འཕགས་པའི་རི་ངོགས་དབེན་ཞིང་ཉམས་དགའ་བར། །རིག་དང་མངོན་ཤེས་ཏིང་འཛིན་འགྲུབ་གྱུར་ནས། །དོན་གཉིས་ལྷུན་གྲུབ་བདེ་ཆེན་མཁའ་དབྱིངས་སུ། །ཚེ་འདི་ཉིད་ལ་ཕྱིན་པར་མཛད་དུ་གསོལ། །གཅིག་པུར་བསྲན་ཚུགས་སྒྲུབ་ལ་བརྩོན་པ་དང་། །ཚེ་འདིའི་ཕྱོགས་སུ་སྐད་ཅིག་མི་གཡེངས་ཤིང་། །གོང་མའི་རྗེས་སྙོགས་དངོས་གྲུབ་མཐར་ཕྱིན་ནས། །རྟག་ཏུ་བླ་མ་མཉེས་པར་མཛད་དུ་གསོལ། །དམ་ཚིག་སྡོམ་པ་ཉམས་ཆགས་མེད་པ་དང། །ལྟ་སྒོམ་སྤྱོད་འབྲས་མ་ནོར་དོན་རྟོགས་ནས། །ཉིན་མཚན་འོད་གསལ་ངང་ལས་མི་གཡོ་ཞིང་། །རང་གཞན་དོན་གཉིས་འགྲུབ་པར་མཛད་དུ་གསོལ། །སྣང་སྲིད་རྣམ་དག་བསྐྱེད་རྫོགས་མཐར་ཕྱིན་ནས། །མཁའ་འགྲོ་དམ་ཅན་སྤྲིན་བཞིན་འཐིབས་ནས་ཀྱང་། །དངོས་གྲུབ་རྣམ་གཉིས་ཆར་བཞིན་འབབ་པ་དང་། །འཕྲིན་ལས་རྣམ་བཞི་འགྲུབ་པར་མཛད་དུ་གསོལ། །དག་སྣང་མོས་གུས་ཕྱོགས་མེད་འཆར་བ་དང་། །བྱམས་དང་སྙིང་རྗེ་རྒྱུན་ཆད་མེད་པ་དང་། །ལྟ་སྒོམ་ཉམས་རྟོགས་ཡོན་ཏན་འབར་བ་དང་། །འགྲོ་དོན་ཕྱོགས་མེད་འགྲུབ་པར་མཛད་དུ་གསོལ། །བདག་གི་མོས་དགེ་ཕུན་ཚོགས་འདི་ཡིས་ནི། །འགྲོ་ཀུན་མ་ལུས་ཕྱམ་གཅིག་ཡོངས་གྲོལ་ནས། །བདེ་ཆེན་ལྷུན་གྲུབ་ཀུན་ཏུ་བཟང་པོའི་ཞིང་། །ཚེ་འདི་ཉིད་ལ་ཕྱིན་པར་མཛད་དུ་གསོལ། །འཇིགས་མེད་གླིང་པའི་གསུང་ལས་སོ།། ༈ དེང་ནས་བདག་ཀྱང་ནགས་ཚལ་མེ་ཏོག་ཅན། །སྐྱེ་བོས་སྟོང་ཞིང་འབབ་ཆུའི་སྒྲ་གྲགས་ལ། །དབེན་ཞིང་ཡིད་འོང་བྲག་རིའི་དྲུང་འདུག་སྟེ། །དུས་བཞིར་སྙིང་པོ་མེད་ཅེས་སེམས་པ་ཡི། །དགེ་བ་རྒྱན་གྱུར་འཇིག་རྟེན་མིས་བསྐྲུན་པ། །ཀུན་ལས་ཆེས་མཆོག་བདུད་རྩི་ཐོབ་གྱུར་ཅིང་། །མི་རྟག་སྟོང་པའི་སྒྲ་ཆེན་སྒྲོག་པར་ཤོག །སྨན་ཤིང་མེ་ཏོག་ཤང་ཤོང་མཛེས་པ་དེར། །ཆོས་ཚུལ་ཞི་བ་སྤྲིན་གྱི་བླ་བྲེ་ཅན། །རིག་འཛིན་རྒྱལ་བའི་གསེར་གྱི་གློག་འགྱུ་བས། །ཚེ་གཅིག་འོད་གསལ་སྙིང་པོ་འགྲུབ་པར་ཤོག །ཐར་བའི་ཁང་བཟང་རིན་ཆེན་ཕོ་བྲང་ནས། །ཆོས་ཚུལ་ཞི་བ་རྔ་སྒྲའི་དབྱངས་གྲགས་པས། །མ་ལུས་འགྲོ་ཀུན་མ་རིག་གཉིད་སངས་ཏེ། །གདོད་མའི་ས་ལ་མངོན་པར་བྱང་ཆུབ་ཤོག །སྐྱོ་བས་སེམས་པའི་རང་བཞིན་གསལ་བ་ཅན། །ཞི་བའི་ནགས་སུ་གཅིག་པུར་འགྲོ་འདོད་ནས། །སྙིང་ནས་སྨོན་པའི་ཚིག་གི་དབྱངས་སྨྲས་པ། །མོས་དགེ་དག་པས་མྱུར་དུ་འགྲུབ་པར་ཤོག །ཀློང་ཆེན་པའི་གསུང་ལས་སོ།། ༈ ན་མོ་གུ་རུ། །བསྐལ་མང་གོང་ནས་གཡོ་སྒྱུ་སྤངས་པའི་ཐུགས། །བཅོས་མའི་ཚུལ་སྤོང་དྲང་ཞིང་བདེན་པའི་གསུངས། །ཚུལ་འཆོས་མི་མངའ་ཚུལ་དང་མཐུན་པའི་སྐུ། །ཐུབ་པ་དྲང་སྲོང་ཆེན་པོ་ལ་ཕྱག་འཚལ། །ཐུབ་པ་དེ་སྲས་བདེན་པའི་དོན་གཟིགས་པའི། །བདེན་གསུངས་མངའ་བ་བདེན་ཚིག་གྲུབ་པའི་ཚོགས། །ཐེག་པ་གསུམ་གྱི་ཐར་པའི་ལམ་ཞུགས་པ། །དེ་དག་ཀུན་ལ་གུས་པས་ཕྱག་འཚལ་ལོ། །བདག་ནི་དེང་ནས་སྐྱེ་དང་ཚེ་རབས་སུ། །རྒྱལ་བ་སྲས་བཅས་ཁྱེད་དང་མི་འབྲལ་ཞིང་། །རྒྱལ་བ་སྲས་བཅས་ཁྱེད་ཀྱིས་རྗེས་བཟུང་ནས། །རྒྱལ་བ་སྲས་བཅས་ཁྱེད་བཞིན་འགྲུབ་པར་ཤོག །ལུས་སྤྱོད་ཚུལ་འཆོས་མེད་པར་དུལ་བ་དང་། །ངག་ཚིག་རྫུན་གཏམ་མེད་པར་བདེན་པ་དང་། །སེམས་སྤྱོད་གཡོ་སྒྱུ་མེད་པར་དྲང་བ་ཡིས། །ཆོས་མཐུན་གྲོགས་དང་བཤེས་གཉེན་བསྟེན་པར་ཤོག །ཐར་བའི་ལམ་ལ་དང་པོར་འཇུག་པའི་སྒོ། །འཁོར་བའི་གནས་ནས་དང་པོར་བྲོས་པའི་ལམ། །ཉམས་ལེན་ཆོས་རྣམས་ཀུན་གྱི་དང་པོའི་འགོ །བཅོས་མེད་ངེས་འབྱུང་རྒྱུད་ལ་སྐྱེ་བར་ཤོག །ཡོད་ན་སངས་རྒྱས་སྒྲུབ་ལ་དེས་ཆོག་ཅིང་། །མེད་ན་སངས་རྒྱས་སྒྲུབ་ལ་ཐབས་ཆགས་པ། །སངས་རྒྱས་འགྲུབ་པའི་ས་བོན་མ་ནོར་བ། །རྣམ་དག་བྱང་ཆུབ་སེམས་མཆོག་བསྐྱེད་པར་ཤོག །གོང་ནས་གོང་དུ་བྱང་ཆུབ་སེམས་མཆོག་འཕེལ། །ཚེ་རབས་ཀུན་ཏུ་བྱང་ཆུབ་སེམས་མི་བརྗེད། །ཡང་དང་ཡང་དུ་བྱང་ཆུབ་སེམས་བསྒོམ་ནས། །བྱང་ཆུབ་སེམས་དཔའི་སྤྱོད་ལ་འཇུག་པར་ཤོག །ཐུབ་པ་མཆོག་དང་འཇམ་དཔལ་དཔའ་བོ་དང་། །ཀུན་ཏུ་བཟང་པོའི་སྤྱོད་པ་གང་ཡིན་པ། །བདག་གི་ཚེ་རབས་སྤྱོད་ཀུན་དེ་འདྲ་བར། །གྱུར་ནས་དོན་གཉིས་སྤྱོད་པ་ལྷུན་གྲུབ་ཤོག །ཚེ་གཅིག་སངས་རྒྱས་སྒྲུབ་པའི་ལམ་བཟང་ཅན། །དུས་གཅིག་དོན་གཉིས་སྒྲུབ་པའི་ཐབས་མཁས་པོ། །ཚུལ་གཅིག་འཁོར་འདས་དབྱེར་མེད་ལྟ་བ་ཡིས། །ལམ་གཅིག་རྡོ་རྗེ་ཐེག་པར་འཇུག་པར་ཤོག །ལམ་འདིའི་ལམ་སྒོམ་རྡོ་རྗེ་འཛིན་པའི་ཚོགས། །ཀུན་ལ་བདེ་སྟོང་བསྐྱེད་པའི་གྲོགས་བགྱིད་ཅིང་། །ལྷན་ཅིག་སྐྱེས་པ་མཚོན་པའི་སྒོར་གྱུར་པའི། །ལམ་གཅིག་མཁའ་འགྲོའི་གླིང་དུ་རོལ་བར་ཤོག །བཅོས་མ་སྤང་བའི་སེམས་ཉིད་གཉུག་མའི་ཞལ། །བཅོས་མ་མིན་པར་རང་ངོ་རྗེན་པར་མཐོང་། །བཅོས་བསླད་བྲལ་བའི་མཉམ་གཞག་རྒྱུན་བསྐྱངས་ཏེ། །བཅོས་མེད་དོན་གྱི་འབྲས་བུ་ཐོབ་པར་ཤོག །གནས་སྐབས་སུ་ཡང་བསམ་པའི་དོན་ཀུན་འགྲུབ། །གསོན་པའི་ཚེ་ན་བསམ་པ་ངན་པ་མེད། །འཆི་བའི་ཚེ་ན་གནད་གཅོད་སྡུག་བསྔལ་མེད། །ཤི་ནས་འཁྲུལ་སྣང་འཇིགས་སྐྲག་མེད་པར་ཤོག །བདག་མཐོང་ཐོས་དང་དྲན་རེག་འགྲོ་བ་ཀུན། །ངེས་འབྱུང་བྱང་ཆུབ་སེམས་དང་ལྷན་ཅིག་སྐྱེས། །ཇི་ལྟར་རིག་པ་ཇི་བཞིན་རྒྱུད་སྐྱེས་ནས། །མྱུར་དུ་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཉི་མ་མཚན་དཔེའི་ཞལ་མཐོང་ཞིང་། །དམ་ཆོས་ཉི་མ་སྙིང་གི་བདུད་རྩིར་སྤྱོད། །དགེ་འདུན་ཉི་མ་ཐར་པའི་གྲོགས་གྱུར་ནས། །མཆོག་གསུམ་ཉི་མའི་འོད་དང་མི་འབྲལ་ཤོག །སྒྲུབ་པ་པོ་ཉི་མའི་ཐུགས་བཞེད་བཞིན་བཙུན་གཟུགས་དཔལ་དགེས་བྲིས་པའོ།། ༈ ཧྲཱིཿསྔོན་ཚེ་དེ་བཞིན་གཤེགས་པ་གཙུག་གཏོར་ཅན། །འཕགས་པའི་ཡུལ་དུ་གྲུབ་ཆེན་ཀུ་ཀུ་རི། །ཁ་བ་ཅན་དུ་དཔལ་ལྡན་ཐང་པ་ཞེས། །པདྨ་རིག་འཛིན་ཞབས་ལ་གསོལ་བར་འདེབས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག། ༈ ཐུབ་བསྟན་མཛེས་པའི་རྒྱན་གཅིག་ཀློང་ཆེན་པ། །བཤད་སྒྲུབ་བསྟན་པའི་མངའ་བདག་འཇིགས་མེད་གླིང་། །མཚུངས་མེད་བླ་མའི་བསྟན་པ་སྲིད་མཐའི་བར། །བཤད་སྒྲུབ་ཐོས་བསམ་སྒོམ་པས་འཛིན་གྱུར་ཅིག། ༈ དཔལ་ལྡན་མཁས་གྲུབ་བྱེ་བའི་གཙུག་གི་རྒྱན། །མདོ་སྔགས་ལུང་རྟོགས་བསྟན་པའི་ཤིང་རྟ་ཆེ། །འཇིགས་བྲལ་སྔ་འགྱུར་རྒྱལ་བ་རྫོགས་ཆེན་པ། །ཤྲཱི་སེང་ཆོས་གྲྭའི་བསྟན་པ་རྒྱས་གྱུར་ཅིག། ༈ གངས་རིའི་ར་བས་སོགས། ༈ སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་བ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུ། །འདུས་བྱས་ཆོས་རྣམས་དེ་ལྟར་བལྟ།།

དེ་ལྟར་ཕྱི་ནང་གྲུབ་མཐའི་ཁྱད་པར་དང་།།

སྔོན་འགྲོ་དངོས་གཞིའི་ལམ་གྱི་རིམ་པ་ཀུན།།

ཤེས་རབ་གསུམ་གྱི་སྲང་ལ་བཅལ་ནས་སུ།།

མ་འདྲེས་བསྟན་པའི་གཞུང་བཟང་རིན་པོ་ཆེ།།

རྟོག་གེའི་བློ་ཡིས་མ་ཡིན་རིག་པའི་ཀློང་ལས་ཤར།།

ཐ་མལ་ངག་གིས་མ་ཡིན་རྡོ་རྗེའི་ལྗགས་ཀྱིས་སྤྲོས།།

ཚིག་ལ་འཆེལ་བས་མ་ཡིན་དོན་གྱི་དགོངས་པ་གསལ།།

ཕལ་བའི་གཞུང་ཞིག་མ་ཡིན་གུས་པས་ལོངས་ཤིག་ཀྱེ།།

ཀ་དག་ཆོས་སྐུའི་དགོངས་པའི་གཞི་ཀློང་ཆེར།།

མཉམ་པར་འཇོག་བཞིན་འདི་ལ་ལྟོས་ཤིག་དང་།།

ཆོས་རྗེ་བླ་མ་སངས་རྒྱས་དངོས་དེ་ཡི།།

དགོངས་རྒྱུད་རྟོགས་པའི་བྱིན་རླབས་འཕོ་བར་ངེས།།

གནས་ལུགས་སྐལ་བ་ཕྲ་བའི་རྟོག་གེ་དང་།།

ཚོགས་གཉིས་འཇུ་ཐག་ཆད་པའི་མུན་སྒོམ་མཁན།།

དལ་འབྱོར་དོན་མེད་སྤྱོད་པའི་སྟོང་ལོག་པ།།

ཀུན་ལ་འཕྲོད་པའི་བདུད་རྩི་སྨན་བཟང་ཡིན།།

དེ་ལྟར་རྣམ་དཀར་ལས་ལ་ཅུང་བརྩོན་པའི།།

དགེ་བ་གང་དེས་སྐྱེ་བའི་རབས་ཀུན་ཏུ།།

ཆོས་འཛིན་ཆོས་ཀྱི་མཛོད་ཀྱིས་འགྲོ་བ་ཀུན།།

སྨིན་ཅིང་གྲོལ་ལ་སྤྱན་རས་གཟིགས་བཞིན་ཤོག།

དེ་ལྟ་བུའི་ཐོས་བསམ་སྒོམ་པའི་ཟབ་གནད་ཐམས་ཅད་གཏན་ལ་འབེབ་པར་བྱེད་པའི་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་སྐྱུད་བྱང་འདི་ཉིད། རྗེ་གང་གི་ཞལ་སློབ་ཡོངས་ཀྱི་ཐ་ཤལ་བ་བསྟན་འཛིན་དགྲ་ལྷ་ནས་རབ་བྱུང་བཅུ་བདུན་པའི་དགའ་བ་ཆུ་འབྲུག་ལོའི་གྲོ་བཞིན་ཟླ་བའི་དཀར་ཕྱོགས་བཟང་བ་གསུམ་པའི་དུས་ཚེས་དགེ་བར་རུ་དམ་ཡང་དབེན་རྫོགས་ཆེན་པདྨ་ཐང་ལུང་རྟོགས་པདྨའི་དགའ་ཚལ་གྱི་ཉེ་ཞོལ་རང་སྐྱིལ་སྤོང་ཁང་དུ་མཇུག་ཡོངས་སུ་རྫོགས་པར་བགྱིས་པ་དགེའོ།། དགེའོ།། དགེའོ།། །།


previousཉིན་ཉེར་བརྒྱད་པའི་ཆོས་ཁྲིད། no next