Nitartha Digital Library
Tibetan
 
previousཉིན་དགུ་བའི་ཆོས་ཁྲིད། next

ཉིན་དགུ་བའི་ཆོས་ཁྲིད།

སྤྱིར་ན་ནང་པ་སངས་རྒྱས་པའི་བསྟན་པའི་ཆོས་སྒོ་ལ་ཞུགས་ནས། ཆོས་བརྒྱུད་སོ་སོའི་བསྟན་དོན་ཚུལ་བཞིན་དུ་བསྒྲུབས་པར་བྱས་ན། མཐོ་རིས་དང་ཐར་བའི་རྒྱུར་གྱུར་ནས་ཕན་བདེའི་གོ་འཕང་ཐོབ་པ་ཡིན་ཕྱིར་རྒྱལ་བའི་འཕྲིན་ལས་གཅིག་ཏུ་འདུས་པར་ཡིན་པ་དང་། ཁྱད་པར་དུ་གངས་ཅན་གྱི་ལྗོངས་སུ་དར་བའི་ཐེག་ཆེན་མདོ་སྔགས་གཉིས་ལྡན་གྱི་རིང་ལུགས་ཅན། ས་དགེ་བཀའ་རྙིང་ལ་སོགས་པའི་ཆོས་བརྒྱུད་གང་ལ་ཞུགས་ནའང་། བརྩོན་འགྲུས་ཅན་ཚེ་གཅིག་ལ་སོགས་པར་འཚང་རྒྱ་བར་འགྱུར་བའི་ཟབ་ཆོས་དང་གདམས་པ། བརྒྱུད་པའིི་བྱིན་རླབས་མ་ཉམས་པར་བཞུགས་བཞིན་པ་ད་ལྟའི་ཆར་མཇལ་དུ་ཡོད་པ་འདི་ལྟར་ཡོད་ཅིང་། འོ་ན་དེ་དག་ལས་ཆོས་བརྒྱུད་གང་ལ་ཞུགས་ན་བཟང་། དྲག་ཤོས་དེ་གང་ཡིན། གདམས་ངག་གང་གིས་ཟབ་པ་ཡིན་ཞེ་ན། ཆོས་བརྒྱུད་བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས། དམ་ཚིག་གི་སེལ་མ་ཞུགས། དངོས་གྲུབ་ཀྱི་སྣ་ཁ་མ་ལོག་པ་ཐམས་ཅད། གཅིག་ལས་གཅིག་གིས་ལྷག་པ་ནི་རང་རང་གི་ཁྱད་ཆོས་ཀྱི་ངོས་ནས་རང་རང་ལྷག་ཅིང་། གདམས་ངག་ཟབ་ཞན་གྱི་ཐད་ནས་ཀྱང་རང་ཉིད་གང་ལ་ལས་འབྲེལ་ཡོད་པ་དེ་ཉིད་ཟབ་པ་ཡིན། ལས་འབྲེལ་གང་ལ་ཡོད་མི་ཤེས་སོ་སྙམ་ན། ཆོས་བརྒྱུད་དེ་དང་། གདམས་པ་དེ་དང་། བླ་མ་དེའི་མཚན་ཐོས་པ་ཙམ་གྱིས་ཀྱང་གཞན་དང་མི་འདྲ་བའི་དད་པ་དང་དང་བ་རང་ཤུགས་ཀྱིས་སྐྱེས་པ་དེ་ལ་ལས་འབྲེལ་ཡོད་པའི་རྟགས་ཡིན། འོན་ཀྱང་གཙོ་བོའི་གཙོ་བོ་དེ་གང་ཡིན་ཟེར་ན། ཆོས་དང་བླ་མ་གཉིས་ཀ་གནད་ཆེ་བ་ཡིན། ཆོས་དང་བླ་མ་བརྟག་པ་དང་བསྟེན་ནོར་དུ་སོང་ན། ཚེ་གཅིག་གི་ཇུས་དོན་ནོར་བ་ཞིག་གི་ག་ལ་ཚད། སྐྱེ་བ་མང་པོར་བརྒྱུད་མར་ཐར་ཐབས་མེད་པའི་ངམ་གྲོག་གི་གཡང་ས་ཆེན་པོ་ལ་འཕེན་པ་ཡིན། འོན་ཀྱང་བླ་མ་བཟང་བ་དང་། ཆོས་སངས་རྒྱས་ལག་བཅངས་ཡིན་ཡང་རང་གིས་འབད་པ་མ་བྱས་ན། བླ་མ་དེའི་ཡན་དུ་མེད་པ་དེ་སངས་རྒྱས་བཅོམ་ལྡན་འདས་ཡིན་ན་ཡང་། ལས་མེད་བསོད་དམན་གྱི་སེམས་ཅན་རྒྱུད་མ་རུང་བ་སྨིན་པར་བྱར་མེད་པ་དག སྐབས་ཤིག་གི་རིང་ལ་མ་བསྐྱུར་ཐབས་མེད་དུ་གྱུར་པའི་རང་རེ་སོ་སོའི་སྐྱེ་བོ་ས་ཆེན་གྱི་རྡུལ་གྲངས་ཀྱིས་གཞལ་དུ་མེད་པའི་གྲངས་མེད་ཚད་མེད་པ་ཞིག་ད་རུང་འཁོར་བའི་གནས་ནས་འཁོར་བཞིན་པ་འདི་བཞིན་ཡིན་ལ། དེ་ཡང་ངས་ནི་ཁྱོད་ལ་ཐར་བའི་ཐབས་བསྟན་གྱིས། །ཐར་བ་རང་ལ་རག་ལས་བརྩོན་པར་གྱིས། །གསུངས་ནས་འགན་མ་བཞེས་པར་ཐུགས་བློས་བཏང་བཞག་པ་ཞིག་མ་ཡིན་པར། སྨན་བྱིན་ཀྱང་ནད་པས་ཟ་རོགས་མ་བྱས་པས་སྨན་དང་སྨན་པའི་བྱེད་ནུས་མ་ཐོན་པ་ལྟ་བུར་གྱུར་པ་ལ། ཁག་ཕར་འགེལ་ས་རུ་འགྲོ་བ་མ་ཡིན། དེས་ན་རྫོགས་པའི་སངས་རྒྱས་ཀྱིས་གདུལ་བྱ་སྐྱེས་བུ་གསུམ་གྱི་བློ་རིམ་དང་བསྟུན་ཏེ་ཟབ་རྒྱས་ཀྱི་ཆོས་ཚུལ་གསུངས་པ་ནི། གང་དགོས་ན་ཕྱུག་པོའི་བང་མཛོད་དང་འདྲ་བར་ལེན་ཆོག་ཆོག་ཏུ་ཡོད་པ་ཡིན། འོན་ཀྱང་གཅིག་བླངས་ནས་མ་བསྒྲུབ། གཉིས་བླངས་ནས་མ་འགྲུབ། ཤེས་དགོས་བསམས་ནས་མདོ་ཞུ་མདོག་དང་། ཟབ་དགོས་བསམས་ནས་སྔགས་ཞུ་མདོག་བྱས། དེ་ལས་མཐོ་མེད་པའི་སྔ་འགྱུར་ཐེག་དགུའི་རྩེ་མོ་རྫོགས་ཆེན་ལའང་བསྙབས་ནའང་ཞུས་ཚད་རང་རྒྱུད་ལ་ཁེ་རུ་ཞིག་ཁེལ་མེད་ན། ཐར་བ་མ་དགོས་མཐོ་རིས་ཀྱི་རྒྱུ་ལ་འགྱུར་ཡོད་མེད་འཕྱང་མོ་ཉུག་གི་གནས་སུ་གྱུར་ཅིང་། མདོར་ན་ཡར་ཀའི་རྫོགས་པ་ཆེན་པོ་མན་ཆད་ནས་མར་ཀའི་ཉན་ཐོས་ཐེག་པ་ཡན་ཆད་ཀྱི་ཆོས་གང་ཞུས་ཡོད་ཀྱང་། གལ་ཏེ་བྱང་ཆུབ་སེམས་བསྐྱེད་ཀྱིས་ཟིན་མེད་ན་ཐེག་ཆེན་ཙམ་དུ་ཡང་མི་འགྲོ་ཞིང་། ངེས་འབྱུང་རྣམ་དག་གིས་ཟིན་མེད་ན་ཐེག་དམན་གྱི་ཆོས་ལ་ཡང་འགྱུར་མེད་པ་ཡིན། ད་རུང་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་བསྲུངས་པ་དང་། དགེ་བཅུ་ཚུལ་བཞིན་དུ་བསྒྲུབས་པ་དང་། བསམ་གཟུགས་ཀྱི་ཏིང་འཛིན་བསྒོམས་མེད་ན་སྐྱེས་བུ་ཆུང་ངུ་འཇིག་རྟེན་པའི་ཕྱི་མ་མངོན་མཐོའི་བདེ་འབྲས་ཐོབ་བྱེད་ཀྱི་ཡང་དག་པའི་ལམ་གྱི་གྲལ་དུའང་མེད་པ་ཡིན། དེ་ལྟར་དུ་གནད་དེ་དག་ལ་བསམ་བློ་ངེས་པར་དུ་གཏོང་དགོས། ལོ་མང་པོ་ཞིག་གི་རིང་ལ་ཁྱེད་མང་དག་ཅིག་གིས་འདི་བཞིན་དུ་ངའི་ཁ་ལ་བལྟས་པ་རེད། ད་ནི་རང་རོགས་གཉིས་ཀས་མ་ཡིན་ཡིན་མདོག་བྱེད་པ་དང་། མིན་ན་ཡིན་མདོག་སྟོན་རྒྱུ་ཡོད་པ་མ་རེད། དོ་ཞག་ཅིག་ལ་ཞུས་པའི་དཔང་པོ་གཉིས་ཀྱི་ནང་ནས་གཙོ་བོ་རང་ཉིད་བཟུང་བའི་ཐོག་ནས། ཐོག་མར་བློ་སྦྱོང་གི་ཆོས་འདི་ལ་ཡང་གཟབ་བྱེད་པ་ནི་གནད་ཆེན་ནང་གི་གལ་ཆེན་ཡིན་པས། ཐེངས་མ་བརྒྱ་ལ་ཡང་ཡང་བཤད་བྱས་པ་ཡིན། ཨ་ལེ་ང་ནི་འཁོར་བ་འདི་ལ་སྐྱོ་ཤས་ཆུང་བས་མ་ཟད་བློ་ངན་གོམས་ཀྱི་བག་ཆགས་འདི་ལྡོག་སླ་མོ་ཞིག་རེད་མི་འདུག་སྙམ་པ་ཞིག་བྱུང་ན། འཁོར་བའི་ཉེས་དམིགས་ཀྱི་ཕྱོགས་ནས་གང་བྱས་སྡུག་བསྔལ་གྱི་གཞི་རྩ་མ་གཏོགས་མེད་པ་དེ་ཁ་ཚིག་ཙམ་ལ་མ་སོང་བར་ཉམས་ལེན་ཐུན་དུ་བཅད་ནས་སྒོམ་རྒྱུ་དང་། སྒྲུབ་པ་ཉམས་ལེན་གྱི་བརྩོན་འགྲུས་དང་སྤྲོ་བའི་ཤུགས་ཀྱིས་འདངས་མི་འདུག་སྙམ་པར་བྱུང་ན། དལ་འབྱོར་གྱི་ལུས་འདི་རྙེད་དཀའ་རིན་ཐང་ཅན་ཡིན་པའི་ཕྱོགས་ལ་སྦྱོང་བ་བྱེད་པ་དང་། ལམ་ཁྲིད་དགེ་བའི་བཤེས་གཉེན་ལ་གུས་པ་ཆུང་བས་ལན་འདུག་སྙམ་པར་བྱུང་ན། ལེགས་ཚོགས་ཐམས་ཅད་ཀྱིི་རྩ་བ་བཤེས་གཉེན་ཚུལ་བཞིན་དུ་བསྟེན་པའི་ཕྱོགས་ལ་འབད་པ་དྲག་པོ་བྱེད་པ་དང་། མ་སེམས་ཅན་གྱི་དོན་ལ་ཞེས་པ་དེ་ཁ་ཟེར་ཙམ་ཞིག་མ་གཏོགས་དོན་གྱི་བློ་ཤུགས་ཆུང་བར་འདུག་ན། ཐེག་ཆེན་གྱི་རྩ་བ་ཆད་པ་ལ་ཕྱོགས་པ་ཡིན་པས་སྨོན་སེམས་རྒྱུ་དང་བཅས་པ་ལ་ཡང་སློབ་ཅིག་བྱེད་པ་དང་། ཡང་བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་བླངས་ན་ཡང་། སྤྱོད་པ་ཕར་ཕྱིན་དྲུག་ལ་བསླབ་དུས་མཚན་འཛིན་ཤུགས་དྲག་ཆེ་བར་འདུག་ན། མཚན་འཛིན་གྱི་དམིགས་གཏད་བཤིག་ནས་མཉམ་བཞག་ནམ་མཁའ་ལྟ་བུ་དང་རྗེས་ཐོབ་སྒྱུ་མ་ལྟ་བུའི་སྟོང་ཉིད་སྒོམ་པ་ལ་བློ་ཕྱོགས་དགོས་པ་ཡིན། གཞན་ཡང་སྔགས་ཀྱི་བསྐྱེད་རིམ་སྒོམ་དུས་བློས་བྱས་ཀུན་རྟོག་གི་བསྐྱེད་རིམ་རྐྱང་པ་ཞིག་རེད་ཤོར་འདུག་སྙམ་པ་ཞིག་བྱུང་ན། ཡུལ་སྣང་བདེན་མེད་དུ་ཤེས་པའི་བསྐྱེད་རིམ། ལྷུན་གྲུབ་སྣང་སྟོང་དུ་ཤར་བ་ཟབ་མོའི་རྫོགས་རིམ། ལྷ་སྐུ་ཞལ་ཕྱག་དང་བྲལ་བ་སྤྲུལ་བའི་བསྐྱེད་རིམ་སོགས་ལ་གོམས་པར་བྱས་ནས་བསྐྱེད་རྫོགས་དབྱེར་མེད་དུ་བློ་སྦྱོང་བར་བྱེད་དགོས། དེ་ཡང་ལྷ་དང་དཀྱིལ་འཁོར་སྔགས་དང་འོད་ཟེར་གང་སྒོམ་ནའང་བསྒོམ་བྱ་སྒོམ་མཁན་ཚང་མ་སེམས་ལ་ཐུག་པ་ཡིན། ཆོས་ཅན་སེམས་ཀྱི་ཆོས་ཉིད་གང་ཡིན་པ་ངོ་བོ་སྟོང་པར་མཐོང་བ་རྫོགས་རིམ་ཡིན་པ་དང་། གསལ་ཆ་ལྷ་སྐུར་སྣང་བ་བསྐྱེད་རིམ་ཡིན་པ་རེད། དེ་གཉིས་ཀ་གཅིག་ལ་ཚང་བ་ནི་བསྐྱེད་རྫོགས་དབྱེར་མེད་ཡིན་པས་དེ་བཞིན་དུ་ཉམས་ལེན་གྱི་རྒྱུན་སྐྱོང་བ་གལ་ཆེ་བ་ཡིན། དངོས་གཞི་རྫོགས་ཆེན་གྱི་ཉམས་ལེན་ལ་ཞུགས་པའི་སྐབས་སུ་ཡང་། ཡེངས་མེད་ཀྱི་དྲན་པའི་བྱ་ར་དྲན་དང་དྲན་བྱ་གཉིས་སུ་མེད་པ། དེ་མ་ཡིན་པར་འདི་རེད་དེ་རེད་ཅེས་མི་སེམས་པར། དམིགས་གཏད་འཛིན་པ་དང་བྲལ་ཞིང་ཡིད་དཔྱོད་ཀྱི་གོལ་ས་ལྡང་བ་མེད་པར་འཛིན་སྟངས་སྣ་ཚོགས་པ་ཐམས་ཅད་ཞིག་ནས་ཡོད་པའི་གུ་ཡངས་རང་བབས་ཀྱི་ཤེས་པ། ལྟ་སྒོམ་ལས་འདས་པའི་ངང་སྐྱོང་དགོས་པ་ཡིན། མདོར་ན་མཐོ་དམན་གང་ནས་བཤད་ཀྱང་ཚེ་འདིའི་མངོན་ཞེན་གྱི་ཤུགས་ལ་ཤོར་བ་ནི་ཆོས་པ་ལོག་ལམ་ལ་འཁྲིད་པའི་གེགས་ཆེ་ཤོས་ཡིན་པས། འདི་ལས་རྒྱལ་ཞིང་འཕྲང་དང་འགག་སྒོ་བརྒལ་ཐུབ་པར་བྱེད་པ་ལ་བློ་སྦྱོང་གང་དང་གང་ནས་བྱས་ན་དགའ་བའི་ཚུལ་རང་ཉམས་དང་སྦྱར་དགོས་པ་ཡིན། ཐུབ་པའི་དམ་ཆོས་དང་། བསྟན་པའི་གཞུང་ལམ་གཅིག་བླང་དུས་ཅིག་ཤོས་འདོར་དགོས་པ་མ་ཡིན་པར། ལམ་འོག་མ་བསྒོམས་ཤིང་བསྒོམས་ལ་གོང་མ་ལ་ཐོབ་འདོད་ཇེ་ཆེ་འགྲོ་བ་ཞིག་དང་། གོང་མ་ཉན་ཞིང་ཉན་ལ་འོག་མ་ལ་བསྒྲུབ་འདོད་ཇེ་ཆེ་འགྲོ་བ་ཞིག་དགོས་པ་ཡིན། ཐོས་པ་གཙོ་ཆེ་བ་རེད་མི་ཤེས་པའི་རྨོངས་པ་ཐོས་པས་སེལ་བ་རེད། འོན་ཀྱང་ཉོན་མོངས་ཆགས་སྡང་རྨོངས་གསུམ་པོ་ལ་ཟོན་ཞིག་མ་བཅུག་པར་ཐོས་པ་ཁ་ཕྱིར་ལྟས་རྐྱང་པ་ལ་ཤོར་སོང་ན། ཉོན་མོངས་ཀྱིས་ཀུན་ནས་བསླངས་པའི་ལས་ངན་བསགས་ནས་ངན་འགྲོར་ལྟུང་བའི་རྒྱུན་གཅོད་ཐུབ་པ་མིན། ཡང་སྒོམ་པ་གཙོ་བོ་ཡིན་པས་སྒོམ་ཏག་ཏག་གཙོ་བོ་རེད་སྙམ་པས་ཀྱང་ཡོང་བ་མིན་ཏེ། བསྒོམ་བྱ་ཅི་ཞིག་བསྒོམ་དགོས་ཤེས་དགོས་པ་ལས། མ་ཤེས་དུས་ཅི་ཞིག་སྒོམ་པར་བྱེད། དེ་དུས་རྨོངས་སྒོམ་མུན་ནག་རྡོ་འཕེན་གྱི་གོལ་ས་ཡོད་པས་ན་མི་ཤེས་རྨོངས་པའི་ཕྱོགས་ལ་ཡང་དོགས་ཟོན་དགོས་པ་ཡིན། ཁྱད་པར་དུ་ཆོས་ཞུགས་གསར་བུ་ལས་དང་པོ་བའི་རིགས་ཅན་དང་། བློ་སྦྱོང་འདིའི་ཐད་ལ་ད་རུང་ཡང་གཟབ་ཅིག་དགོས་པ་ལས་དེ་མ་བྱས་ན་མི་འོང་བར་འདུག་སྙམ་པ་ཚོས། དེང་སང་གི་དུས་འདི་ཁྱད་པར་དུ་གལ་ཆེ་བའི་རྒྱུ་འབྲས་ཡིད་ཆེས་ལ་ངེས་པར་བསྐྱེད་བའི་རྨང་གཞི་དེའི་སྟེང་ནས། དལ་འབྱོར་ཚང་པའི་ལུས་རྟེན་འདིའི་སྟེང་གི་སྙིང་པོ་ཞིག་ངེས་པར་ལོན་དགོས་པའི་ཕྱོགས་ལ་བློ་སྦྱོང་རྒྱུ་དེ་གལ་ཆེ་བ་ཡིན། ཐོག་མེད་ནས་ད་ལྟའི་བར་དུ་ཁམས་གསུམ་འཁོར་བའི་གནས་སུ་འཁྱམས་པའི་རང་གཞན་སེམས་ཅན་ཐམས་ཅད་ཀྱིས་འཁོར་བའི་སྡུག་བསྔལ་མྱོང་བའི་རྩ་བ་དེད་ནས་སོང་ན་དལ་འབྱོར་རྙེད་དཀའ་ཡིན་པ་མ་ཤེས་ཤིང་། མཚམས་རེར་མཐོ་རིས་ལྷ་མིའི་ལུས་རྟེན་རེ་ཐོབ་ན་ཡང་། དེའི་རྟེན་དེ་ལས་ཕྱིན་ཆད་བདེ་བའི་རྒྱུ་སྒྲུབ་པའི་ཐབས་མ་ཤེས་ཤིང་སྙིང་པོ་མ་ལོན་པར་བདེ་འབྲས་ཟད་དེ། ཡང་ངན་སོང་ངན་འགྲོའི་དུཿ ཁར་བརྒྱུད་པ་ཡིན་པར་ཤེས་པ་བྱས་ནས། དལ་བརྒྱད་འབྱོར་བཅུའི་ཕྱོགས་ལ་ཡང་བསྐྱར་བསམ་བློ་གཏོང་དགོས། སྔོན་འགྲོའི་ངག་འདོན་རྒྱུན་འདོན་དང་། ཐུན་མོང་ཕྱིའི་སྔོན་འགྲོའི་འདོན་པ་ཁ་ལ་བྱང་ཡོད་ན་ཡང་། དོན་རྒྱུད་ཐོག་ལ་འགེལ་རྒྱུའི་ཐད་ནས་དར་ཤུད་འཐེན་འགྲོ་བའི་ཉེན་ཁའང་ཆེ་བ་ཡིན། དལ་བ་བརྒྱད་ནི་མི་ཁོམ་པ་བརྒྱད་ཀྱི་ལྡོག་ཕྱོགས་སུ་གྱུར་པ། ད་རེས་དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཚེ་རིང་ལྷ་དང་ཀླ་ཀློ་ལོག་ལྟ་ཅན། །ཞེས་པ་ལ་སོགས་པ་བློ་ཐོག་ན་ཡོད་པ་དེ་དག་རེད། དམྱལ་བ་ཡི་དྭགས་དུད་འགྲོ་གསུམ་དང་ལྷ་ཚེ་རིང་པོ་བཞི་ལ་མ་སྐྱེས་པ་ནི། མི་མ་ཡིན་པའི་མི་ཁོམ་པ་བཞི་ལས་ཐར་བའི་དལ་བ་ཐོབ་པ་རེད། ལྷ་ཚེ་རིང་པོ་ཞེས་པ་ནི་བསམ་གཏན་བཞི་བའི་གནས་རིས་ཀྱི་འབྲས་བུ་ཆེ་བའི་ཕྱོགས་གཅིག་ན་གྲོང་ལས་དགོན་པའི་ཚུལ་དུ་ཡོད་པའི་འདུ་ཤེས་མེད་པ་བ་དང་། གཟུགས་མེད་ཁམས་ལ་སྐྱེས་པའི་སོ་སྐྱེ་ཐམས་ཅད་དང་། ཡང་འདོད་པའི་བྱ་བས་རྟག་ཏུ་གཡེངས་པའི་འདོད་ལྷ་སྟེ་ཐམས་ཅད་ལ་གོ་ཆོག་པ་ཡིན། མཐའ་འཁོབ་ཀླ་ཀློའི་ཡུལ་ནི་འཁོར་རྣམ་བཞི་མི་རྒྱུ་བའི་ས་ལ་གསུངས་ཤིང་། དམ་ཆོས་མི་དར་བའི་ས་ཆ་འཛམ་བུའི་གླིང་ན་ཅི་འདྲའི་མང་ལ། ནང་ཆོས་དར་ན་ཡང་ཐེག་ཆེན་མི་དར་ས་དང་། ཐེག་ཆེན་དར་ནའང་གསང་སྔགས་མི་དར་ས་དང་། གསང་སྔགས་ཀྱི་རྣལ་འབྱོར་རྒྱུད་མན་ཆད་ཙམ་རེ་སྔོན་ཆད་དར་ཡང་དེང་སང་རྒྱུན་ཆད་ཡོད་ས་སྟེ། ང་ཚོ་བོད་ཀྱི་ས་ཆ་དང་དེའི་སྡེར་གཏོགས་ཁ་ཤས་ལས་དེ་འདྲ་ཤ་སྟག་རེད། ལོག་ལྟ་ཅན་ནི་འདིའི་སྐབས་སུ་ཚེ་སྔ་ཕྱི་ལས་རྒྱུ་འབྲས་དཀོན་མཆོག་གསུམ་པོ་སོགས་མེད་པར་འཛིན་མཁན་ཏེ། ང་ཚོས་དེ་འདྲ་བསམ་མཁན་ལ་སྡིག་ལྟ་ཅན་རེད་ཅེས་ཟེར་མདོག་བྱེད་ཀྱང་། གདིང་གི་ཡིད་ཆེས་རང་གིས་ཀྱང་མ་རྙེད་པས་དགེ་སྡིག་འཆོལ་མར་བྱེད་པ་ལ་འཇིགས་སྐྲག་ཆེར་མེད་པ་ནི་སྡིག་ལྟའི་བྱིན་རླབས་ཀྱི་ཁ་ཐག་ཅུང་ཟད་ཉེ་བའི་རྟགས་མ་ཡིན་ནམ། སངས་རྒྱས་མ་བྱོན་པའི་ཞིང་ལ་རྒྱལ་བའི་བཀའ་ཐོས་པ་མེད་པ་དང་། ལྐུགས་པ་ཞེ་ལྐུགས་པ་གཙོ་བོ་དང་། མིག་དང་རྣ་བ་ལ་སྐྱོན་ཆེ་ན་ཆོས་སྒྲ་མི་ཐོས་ཤིང་ཡི་གེའི་གཟུགས་སུ་བྱོན་པ་འདི་ཉིད་མི་མཐོང་བས་ན་དལ་བ་མ་ཡིན་པ་དང་ཉེ་བའི་ཕྱོགས་སུ་ཡོད་པ་ཡིན། དེ་ལྟ་བུའི་མི་དང་མི་མིན་གྱི་མི་ཁོམ་པ་བརྒྱད་ལས་ཐར་བའི་དལ་བརྒྱད་རྙེད་པར་དཀའ་ཞིང་རིན་ཐང་ཆེ་བ་འདི་ཐོབ་ནས། འབྱོར་བཅུའི་ཕྱོགས་ལ་བསམ་བློ་ཞིག་བཏང་ན། མིར་གྱུར་པ་དང་དབང་པོ་ཚང་བའི་དབང་དུ་བྱས་ནས། ཡུལ་དབུས་ནི་ཡིན་ཏེ། དེང་སང་ཆོས་མདོ་སྔགས་ཀྱི་བསྟན་པ་ཆ་ཚང་དར་ཞིང་འཁོར་རྣམ་པ་བཞི་རྒྱུ་བའི་ཆོས་ཚིགས་བོད་ཡུལ་རེད། དགེ་སློང་མའི་སྡོམ་རྒྱུན་བོད་ལ་མེད་ཀྱང་གནས་བརྟན་སྡེ་བ་ལ་སོགས་པ་ལས་བརྒྱུད་པའི་དགེ་སློང་མ་ཡང་གང་མང་མང་རྒྱུ་ཞིང་འཁོར་དུ་འདུས་བཞིན་པ་ཡིན་པ་དང་། ལས་མཐའ་མ་ལོག་པའི་མཚམས་འདི་བཞག་སླ་མོ་ཞིག་མ་རེད་ཀྱང་། གཙོ་ཆེ་བས་རགས་བཤད་བྱས་ན་མཚམས་མེད་ཀྱི་ལས་བྱས་པ་མ་ཡིན་པ་དང་། གསང་སྔགས་ཀྱི་དམ་ཚིག་ཉམས་པ་མ་ཡིན་པ་ལ་བཞག་ནས་དེ་དག་གི་སྐྱོན་མེད་པ་དང་། བསྟན་ལ་དད་པ་ནི་སྤྱིར་སྟོན་པའི་བསྟན་པ་ལུང་རྟོགས་ཀྱི་བདག་ཉིད་དང་། ཁྱད་པར་འདི་ནས་བསྟན་རྩ་འདུལ་བའི་བསྟན་པ་ལ་གོ་དགོས་པ་ཡིན། རང་འབྱོར་ཚང་བ་ནི་ལས་སླ་བ་མ་ཡིན་ལ། ཁྱད་པར་དུ་བསྟན་ལ་དད་པ་དང་། ལས་མཐའ་མ་ལོག་པ་འདི་ཚོ་རང་རྒྱུད་ལ་ཡན་ལག་ཕུན་སུམ་ཚོགས་པ་ཆ་ཡོངས་སུ་ཚང་བ་ཞིག་ཡོད་ཨེ་འདུག་བསམས་ནས། གང་གི་ཕྱོགས་ལ་གཟབ་དགོས་ན་དེ་ལ་འབད་ནས་ཚང་བར་བྱ་དགོས་པ་ཡིན། མི་རྣམས་ནི་འཛིན་ཞེན་ཆེ་བས། ཉེར་མཁོའི་མཁོ་ཆས་ཆ་ངུ་ཆུང་ངེ་ཞིག་ཡིན་ཡང་ང་ཡིས་འཚག་རྒྱུ་ཡིན་བསམས་ནས་ཅ་ལག་སྤུས་དག་རྣམས་དང་དྲག་ཤོས་དག་ལ་ཞེན་ནས་ངའི་གོས། ངའི་ཉེར་སྤྱད། ངའི་གནས་ཁང་ངོ་སྙམ་ནས་མ་ཤི་བར་དུ་དེའི་ཆ་གེ་ཆག་གེ་དག་གི་གསེང་ནས་འབུད་མ་ཐུབ་ཅིང་། ཚང་དགོས་པའི་རང་འབྱོར་གྱི་འབྱོར་བས་ནི། ཚེ་རབས་གཏན་དུ་རང་གཞན་བདེ་ཞིང་འབྱོར་བ་ཕུན་སུམ་ཚོགས་པ་འགྲུབ་བྱེད་ཀྱི་རྒྱུ་དྲག་ཤོས་ཡིན་པས། དེ་ལྟོས་མེད་ལ་འཕངས་ན་གླེན་རྟགས་ཆེན་པོ་ཞིག་སྟོན་བཞིན་ཡོད་པ་རེད། དེ་ལྟར་ལེགས་པར་བརྟགས་ནས་བལྟས་ན་རང་གི་རྣམ་ཐར་རྟོགས་བརྗོད་བཤམས་པ་བཞིན་དུ་ཤེས་སུ་ཡོད་པ་ཡིན། གཞན་འབྱོར་གྱི་ཕྱོགས་ནས་ཀྱང་། སངས་རྒྱས་བྱོན། ཆོས་གསུངས། བསྟན་པ་གནས་པ་རྣམས་ཚང་ཡོད་ལ། འོན་ཀྱང་དེ་ལ་ཞུགས་ཐུབ་ཡོད་མེད་དང་། བཤེས་གཉེན་དམ་པས་ཟིན་ཡོད་མེད་དེ་ཡང་འདྲི་བརྟག་བྱེད་དགོས་པ་ཞིག་སྟེ། བསྟན་ལ་ཞུགས་པའི་སྐབས་སུ་དོར་མ་དང་རྩག་རུལ་ཕུད་ནས་གཟན་ཤམ་གྱོན་རྒྱུ་ལས་སླ་ཡང་། དང་པོར་གང་ལ་ཞུགས་པའི་བསྟན་པ་ངོས་ཟིན་དགོས་པ་དང་། དེ་འཕྲོར་སོ་བྱང་སྔགས་གསུམ་ལ་ཞུགས་པའི་དུས་སུ་ཡང་། དཔེར་ན་སོ་ཐར་རྐྱང་པའི་དབང་དུ་བཏང་ན་ཡང་ངེས་པ་འབྱུང་བ་གཞིར་བཞག་གི་སྟེང་ནས། འགལ་རྐྱེན་ངེས་པ་ལྔ་ཆ་དང་བཅས་པ་དང་བྲལ་བའི་སྒོ་ནས་སོ་ཐར་གྱི་སྡོམ་པ་ལེན་དགོས་པ་ཡིན་ལ། སྤོང་བའི་སེམས་པ་སྡོམ་པའི་རྒྱུན་ཆགས་ཡུལ་གྱི་ས་བོན་ཙམ་ཡང་མེད་པས་མི་ཚད་བརྗོད་པ་གསུམ་གྱི་ཐ་མའི་ཐོབ་མཚམས་ཙམ་ཡང་ངེས་མེད་ན། བསྟན་པའི་སྒོ་ཁྲོལ་ཨེ་ཡོད་མིི་ཤེས་པ་ཡིན། བྱང་སེམས་དང་སྔགས་སྡོམ་དེ་ལས་ཡན་དང་ཡན་ཡིན་པ་རེད། བཤེས་གཉེན་དམ་པ་མཚན་ཉིད་ཚང་བ་སྤྱིར་དཀོན་ཞིང་། ཁྱད་པར་དེང་སང་སྙིགས་མའི་སྐབས་སུ་ཕྱིི་ཚུལ་གྱི་རྣམ་པ་ཙམ་ལ་བལྟས་ནས་དམ་པ་དང་དམ་པ་མ་ཡིན་པ་འབྱེད་དཀའ་བའི་དུས་ཡིན་པས། དུས་འདི་ལ་འདྲ་ལ་མ་ཡིན་པ་ཡང་མང་བ་ཡིན་ཕྱིར། དང་པོར་བཤེས་གཉེན་བརྟག་མ་ཤེས་ནས་བསྟེན་ལུགས་ནོར་ཚར་ཡོད་ན། བར་དུ་དེ་ལས་ཡོན་ཏན་འགོས་ཡོང་རྒྱུ་ཞིག་དང་། ཐ་མར་ལོ་དགུ་སོང་ནའང་འབྲས་བུ་ཐོབ་ནས་དགོངས་སྤྱོད་ལོན་ཡོང་རྒྱུ་ཞིག་ག་ལ་ཡོད། དེ་དག་གི་ཐད་ནས་དཔྱད་ན་རང་འབྱོར་ཚང་ཡང་གཞན་འབྱོར་ཚང་ཡོད་ངེས་ཡིན་པའང་ཤེས་དཀའ་ཞིང་། དེ་རྣམས་ཀྱི་ཐད་ནས་འགལ་རྐྱེན་མེད་ལ་མཐུན་རྐྱེན་ཚོགས་པ་ཞིག་རེད་ཡོད་ན་ཆོས་སྒྲུབ་ན་འགྲུབ་རྒྱུ་ལ་རེམ་རྒྱུ་ཡོད་པ་ཞིག་ལ་བསླེབས་ཡོད་པ་ཡིན། དེ་རིང་ཁར་རྩང་འཚོ་བའི་ཟས་དང་ལྷགས་སྐྱོབ་ཀྱི་གོས་ཙམ་ལ་བྲེལ་མི་དགོས་པའི་དུས་ཚོད་རེད། དེའི་སྟེང་དུ་ཉེར་མཁོའི་མཐུན་རྐྱེན་གྱི་ཡོ་བྱད་རེ་འཚོགས་རྒྱུ་ཡང་དེ་འདྲའི་དཀའ་མོ་མ་རེད། མི་ཁོམ་པ་བརྒྱད་དང་བྲལ་བ་ནི་དལ་བ་བརྒྱད་ཡིན་ལ། དལ་བརྒྱད་བྲལ་བའི་སྒོ་ནས་བཞག་པ་དང་། འབྱོར་བ་བཅུ་རང་ངོས་དང་གཞན་ངོས་ནས་ཚོགས་ཤིང་ལྡན་དགོས་པས་ན་ལྡན་པའི་སྒོ་ནས་བཞག་པ་རེད། དལ་བརྒྱད་ཚང་པ་ལ་འབྱོར་བཅུ་ཚང་བས་མ་ཁྱབ་ཀྱང་། འབྱོར་བཅུ་ཚང་པ་ལ་དལ་བརྒྱད་ཚང་བས་ཁྱབ་པ་ཡིན། འདི་ལྟ་བུའི་རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེན་པོ་དང་ལྡན་པའི་དལ་འབྱོར་ཚང་བའི་ལུས་རྟེན་འདི་ཉིད་རྙེད་ཅིང་། རང་གཞན་འདི་ཕྱིའི་དོན་ཆེན་སྒྲུབ་པ་ལ་ཁོམ་ཞིང་དེའི་འགལ་རྐྱེན་ཕྱོགས་ཀྱི་བྲེལ་བ་མེད་པས་ན་དལ་བ་དང་། ཆོས་སྒྲུབ་པའི་འགལ་རྐྱེན་གྱི་ཕྱི་ནང་མེད་པས་ན་འབྱོར་བ་ཞེས་གསུངས་པ་ཡིན། དེས་ན་ཆོས་འཆད་ཉན་སྒོམ་སྒྲུབ་ཀྱི་ཐོག་མར་རང་ཉིད་དལ་འབྱོར་བཅོ་བརྒྱད་ཚང་བ་ཞིག་གི་ཆ་རྐྱེན་དང་མཐུན་རྐྱེན་རང་གིས་སྒྲུབ་པ་ནི་ཤིན་ཏུ་གལ་ཆེ་བ་ཡིན། གཞན་ཡང་ཀུན་མཁྱེན་ཆེན་པོས། འཕྲལ་བྱུང་རྐྱེན་གྱི་མི་ཁོམ་པ་བརྒྱད་དང་། རིས་ཆད་བློ་ཡི་མི་ཁོམ་པ་བརྒྱད་དུ་གསུངས་པའི་དལ་འབྱོར་གྱི་ཆོས་སོ་བཞི་བོ། ད་ལྟ་ཚང་ཡང་དེའི་འཕྲོར་ཨེ་ཚང་མི་ཤེས་པ། འགལ་རྐྱེན་ལུག་ནང་ལ་སྤྱང་ཀི་རྒྱུག་པ་དང་འདྲ་བ་ཡིན་པར་ང་ཚོའི་ཆོས་བརྒྱུད་ཀྱི་དམ་པ་གོང་མ་ཚོས་གསུངས་ཡོད་པ་ཡིན། དལ་འབྱོར་བཅོ་བརྒྱད་པོའི་ནང་ནས་གཅིག་མ་ཚང་ན་བཅུ་བདུན་དང་། གཉིས་མ་ཚང་ན་བཅུ་དྲུག་ལས་མེད་པ་ཡིན་། ཡང་སྒོས་འཕྲལ་བྱུང་རྐྱེན་གྱི་མི་ཁོམ་པ་བརྒྱད་དང་། རིས་ཆད་བློ་ཡི་མི་ཁོམ་པ་དེ་ཚོ་བསམ་བློ་གཏོང་ཕྱོགས་རེ་དང་བློ་སྣ་འགྱུ་ལུགས་ཙམ་གྱིས་ཀྱང་ཇི་འགྱུར་མི་ཤེས་པ་ཡིན། དེས་ན་རང་བློ་རང་ལ་ཁེལ་དཀའ་བའི་སྙིགས་མའི་དུས་ཚོད་འདི་ལ། ལུས་སྤྱོད་ཚུལ་འཆོས་མེད་པར་དུལ་བ་དང༌། །ངག་ཚིག་རྫུན་གཏམ་མེད་པར་བདེན་པ་དང༌། །སེམས་སྤྱོད་གཡོ་སྒྱུ་མེད་པར་དྲང་བ་ཡིས། །ཆོས་མཐུན་གྲོགས་དང་བཤེས་གཉེན་བསྟེན་པར་ཤོག །ཅེས་པའི་སྨོན་ལམ་རེ་བཏོན་ནས་ངག་བཅད་ཐུབ་ན་རན་ནས་ཡོད་པའི་དུས་ཚོད་ཡིན་འདུག་སྙམ། རང་ཉིད་ལ་གོང་ནས་བཤད་པའི་དལ་འབྱོར་གྱི་ཆོས་ཐམས་ཅད་ཚོགས་ཡོད་ན། འདོད་དགུ་ཡིད་བཞིན་གྱི་ནོར་བུ་རྙེད་པ་བས་དགའ་དང་དགའ། ནོར་བུ་བེམ་པོའི་གཟུགས་ཀྱིས་ཚེ་འདིའི་དགོས་འདོད་ཅིག་འབྱུང་དུ་ཆུག་ཀྱང་། དེ་ཡང་ངོ་མས་བཤད་ན་རང་གིི་སྔར་བསགས་ཀྱི་བསོད་ནམས་ཀྱི་སྟོབས་ལས་བྱུང་བ་ཡིན་ཤས་ཆེ་ལ། དལ་འབྱོར་གྱི་ཆོས་ཐམས་ཅད་ཕུན་སུམ་ཚོགས་དུས་རང་གཞན་འདི་ཕྱིའི་གཏན་དོན་ཐམས་ཅད་རང་ལག་ལ་མཆིས་པ་དང་ཁྱད་མེད་པ་ཡིན་ནོ། །དེ་ལྟ་བུའི་བློ་སྦྱོང་གི་ཕྱོགས་ལ་དགོངས་བཞེས་གནང་རྒྱུ་གལ་ཆེན་ཡིན་ལུགས་ཞུས་པ་དང་བཅས་ཏེ། ཇི་སྐད་དུ། གཞུང་བཟང་འདི་འདྲ་ཚིག་གཅིག་ཐོས་པས་ཀྱང་། །སྲིད་པའི་སྣང་ཤས་ཧྲུལ་པོར་བགྱིད་ནུས་ན། །ཡོངས་རྫོགས་མཇལ་བའི་སྐལ་བ་རྙེད་བཞིན་དུ། །འདོར་བར་བགྱིད་ན་སེམས་ཡོད་ཇི་ལྟར་ཡིན། །ཞེས་གསུངས་ཏེ། ཀུན་མཁྱེན་བླ་མའི་སློབ་བརྒྱུད་རྣམས་ལ་འདི་ལྟ་བུའི་གདམས་པ་ཕ་ནོར་བུ་སྐལ་དུ་ལེན་དུ་ཡོད་པ་ནི། དལ་འབྱོར་སྤྱིར་བཏང་བ་བཅོ་བརྒྱད་དང་སོ་བཞི་ཙམ་གྱིས་མི་ཚད་པར་བརྒྱ་སྟོང་ཚང་བ་ལས་ལྷག་འདུག་དགོངས་པའི་སྤྲོ་སྣང་དང་། བརྩོན་སེམས་ཀྱི་སྒོ་ནས་འགྲེལ་བ་ལུང་གི་གཏེར་མཛོད་འདི་ཉིད་འཆད་ཉན་ལ་ཞུགས་པའི་སྐབས་ལས། བྱང་ཆུབ་སེམས་ལ་གཉིས་སུ་མེད་པར་བསྟན་པའི་ལེའུ་བརྒྱད་པ་འདི་ལ་ས་བཅད་གསུམ་གྱིས་བཤད་པའི་དང་པོ་ཤར་དུས་ཉིད་ནས་རང་ངོ་གཉིས་སུ་མེད་པར་མཚོན་པ་ལ་ཡང་གསུམ་ལས། དང་པོ་རང་ངོ་གཉིས་སུ་མེད་པར་མཚོན་པ་དང་། ཞར་ལ་ལོག་རྟོག་གི་འཕྲང་བསལ་བ་དང་བཅས་པ་སོང་ནས་དེ་རིང་།

༼ཁ གཉིས་པ་རྟོགས་པ་རང་སྣང་དུ་ཤར་བའི་དུས་ངེས་པ་ལ་བསྔགས་པ།

ད་ནི་རང་བྱུང་ཡེ་ཤེས་ལས་ཤར་བའི་ཆོས་ཐམས་ཅད་རིས་མེད་མཉམ་པ་ཆེན་པོར་གནས་པ་ཉིད་རྣལ་འབྱོར་པ་ལ་མེད་པ་གསལ་སྣང་གི་སྟོང་གཟུགས་སུ་མཐོང་བས་རྟོགས་པ་རང་སྣང་དུ་ཤར་བའི་དུས་ངེས་པ་ལ་བསྔགས་པ་ནི།

འཕོ་འགྱུར་མེད་པའི་རིག་པ་བྱང་ཆུབ་ལས།།

སྤངས་ཐོབ་མེད་པའི་སྣང་སྲིད་འཁོར་འདས་ཤར།།

གཟུང་འཛིན་མེད་པའི་རྣལ་འབྱོར་ངོ་ཁ་ལ།།

མེད་ལ་སྣང་འདི་ཡ་མཚན་དགོད་པོ་འཆོར།།

ཞེས་གསུངས་ཏེ། ཇི་ལྟར་སྒྱུ་མའི་ལྟད་མོ་ལ་རྒྱུས་ཤེས་པ་དག་མེད་ལ་སྣང་བར་རྟོགས་པས། བདེན་པར་ཞེན་པའི་བློས་སྟོང་བཞིན་དུ་སྣང་བ་དེ་ལ་བཞད་བགད་དུ་མཐོང་བས། སྤང་བླང་དང་བཟང་ངན་མ་གྲུབ་ལ་སྣང་བ་མ་འགགས་པར་ཤར་བ་ལྟར། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་མེད་ལ་སྣང་བའི་རོལ་བར་ཤེས་ཏེ། ངོ་བོ་ཉིད་ཀྱི་དག་མཉམ་གཅིག་ཏུ་རྟོགས་པའི་རྣལ་འབྱོར་པ་རྣམས་འཁོར་འདས་ཀྱི་ཆོས་ལ་མི་གནས་པར་བསྟན་པ་ནི། སེང་གེ་རྩལ་རྫོགས་ལས། རིག་པ་གཅིག་ལ་འཁོར་འདས་རྫོགས། །འཛིན་མེད་རང་སྣང་ཆོས་དང་བྲལ། །ཞེས་དང་། ནོར་བུ་ཕྲ་བཀོད་ལས། སྣང་དང་སྣང་བར་བྱེད་པའི་ཡུལ་མ་ཡིན། །མི་སྣང་མ་ཡིན་ཆོས་ཀུན་རྣམ་པར་དག །ཅེས་སོ། །མེད་པ་གསུམ་གྱི་རྒྱུ་མཚན་གྱིས་མེད་བཞིན་སྣང་བའི་རྣལ་འབྱོར་བའི་ངོ་ཁ་ལ། དག་མཉམ་གཅིག་ཏུ་སྣང་བས་མེད་སྣང་འཁོར་འདས་ཀྱི་ཆོས་ལ་མི་གནས་པར་བསྟན་པ་སྟེ། ཡེ་ནས་འཕོ་འགྱུར་མེད་པའི་རིག་པ་བྱང་ཆུབ་ཀྱི་སེམས་ཅི་ཡང་མ་གྲུབ་པ་ལས་སྤངས་ཐོབ་མེད་པའི་རྩལ་དང་རོལ་བ་སྣང་སྲིད་འཁོར་འདས་ཀྱི་ཆོས་སུ་ཤར་ཡོང་དུས། ཇི་ལྟར་ཤར་ཡང་དབྱིངས་ཆོས་ཉིད་རིག་པ་གཅིག་ལས་གཡོས་མ་མྱོང་བར་རྟོགས་པའི་བཟུང་འཛིན་མེད་པའི་རྣལ་འབྱོར་གྱི་ངོ་ཁ་ལ་མེད་བཞིན་སྣང་བའི་འཁོར་འདས་སྒྱུ་མའི་ལྟད་མོ་ཉམས་མཚར་རྩེད་སྤྱད་གད་མོ་སློང་བྱེད་ལྟ་བུ་ལས་མ་འདས་སོ།།

༼ག གསུམ་པ་ཆོས་སུ་སྣང་བའི་དུས་ཉིད་ནས་མེད་པ་ལ་མེད་པ་ཤར་བས་མེད་སྣང་སྟོང་པའི་གཟུགས་བརྙན་ཙམ་དུ་བསྟན་པ།

ཆོས་སུ་སྣང་བའི་དུས་ཉིད་ནས་མེད་པ་ལ་མེད་པར་ཤར་བས་མེད་སྣང་སྟོང་པའི་གཟུགས་བརྙན་ཙམ་དུ་བསྟན་པ་ནི།

སྣང་བར་མེད་ལ་སྣ་ཚོགས་སྣང་བར་ཤར།།

སྟོང་པར་མེད་ལ་མཐའ་དབུས་ཁྱབ་པར་གདལ།།

གཟུང་འཛིན་མེད་ལ་ང་བདག་སོ་སོར་ཞེན།།

གཞི་རྩ་མེད་ལ་ཚེ་རབས་བརྒྱུད་མར་སྣང་།།

དགག་སྒྲུབ་མེད་ལ་བདེ་སྡུག་བླང་དོར་བྱེད།།

ཅེས་གསུངས་ཏེ། ཆོས་ཉིད་ཀྱི་དོན་ལ་བསམས་ན་ཆོས་ཅན་གྱི་སྣང་བ་མཚར་ཆེ་བ་ཞིག་ཤར་བ་ཙམ་སྟེ། ངོ་བོ་ཡོད་མེད་ལས་འདས་བཞིན་དུ་སྣང་ཚུལ་སྣ་ཚོགས་སུ་རང་ངོར་སྣང་བ་ནི། རྨི་ལམ་ན་བདག་གཞན་དང་། བདེ་སྡུག་དང་། ནོར་རྫས་དང་། བཟང་ངན་དང་། བླང་དོར་དང་། ཚེ་སྔ་ཕྱི་ལ་སོགས་པ་རྨིས་པ་ལྟར། དོན་ལ་མེད་ཀྱང་དུས་དེར་ཡོད་པར་འཛིན་པས་སེམས་ཀུན་ནས་ཉོན་མོངས་པར་བྱེད་པ་ནི། མེད་སྣང་ལ་བདག་ཏུ་འཛིན་པ་ཉིད་ཀྱིས་འཁྲུལ་སྣང་ལ་སྤྱོད་པ་ཞེས་བྱ་སྟེ། འཕགས་པ་དཀོན་མཆོག་ཏ་ལ་ལའི་མདོ་ལས། ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པ་རྣམས། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་གསུངས་པ་བཞིན་ནོ། །ཆོས་སུ་སྣང་བ་ཡོད་དོ་ཅོག་ཐམས་ཅད་སྣང་བ་ལྟར་དུ་དོན་དུ་གྲུབ་པ་མེད་ལ། མེད་བཞིན་དུ་སྣ་ཚོགས་སྣང་བའི་ཆོས་སུ་ཤར་བ་ཡིན་ཞིང་། སྟོང་པར་བརྗོད་ཀྱང་སྟོང་པ་ཆད་པའི་ཕྱོགས་སུ་མ་ལྷུང་བར་མཐའ་དབུས་ཀུན་ཁྱབ་པར་གདལ་ཞིང་། དེ་ལྟ་བུའི་ཆོས་ཉིད་མཐའ་བྲལ་གྱི་དོན་ལ་བསམས་ན་ཆོས་ཅན་འཁྲུལ་ངོར་ཤར་བའི་སྣང་བ་འདི་མེད་སྣང་སྟོང་པའི་གཟུགས་བརྙན་ལ་བྱིས་པས་བདེན་པར་བཟུང་བ་དང་འདྲ་བར་བསྟན་པའོ།།

༼ཁ༽གཉིས་པ་ཕྱི་ནང་གི་ཆོས་ལས་མ་སྐྱེས་པ་དེ་མཁའ་མཉམ་དག་པས་རྟོགས་པའི་ཚུལ་ངེས་པར་བྱ་བ།

དེ་ལ་ཕྱི་ཡུལ་དུ་སྣང་བ་སྒྱུ་མ་སྟོང་གཟུགས་སུ་གཏན་ལ་དབབ་པ་ཞིག་དང་། ནང་འཛིན་པ་གཞི་མེད་རྟེན་བྲལ་དུ་གཏན་ལ་དབབ་པ་གཉིས་ལས།

༼ཀ དང་པོ་ཕྱི་ཡུལ་དུ་སྣང་བ་ལ་གཞི་བྲལ་སྒྱུ་མ་སྟོང་གཟུགས་སུ་གཏན་ལ་དབབ་པ།

ད་ནི་ཕྱི་ནང་གི་ཆོས་ལས་མ་སྐྱེས་པ་དེ་མཁའ་མཉམ་དག་པས་རྟོགས་པའི་ཚུལ་ངེས་པར་བྱ་བ་ལ་གཉིས་ལས། ཐོག་མར་ཕྱི་ཡུལ་དུ་སྣང་བ་ལ་གཞི་བྲལ་སྒྱུ་མ་སྟོང་གཟུགས་སུ་གཏན་ལ་དབབ་པ་ནི།

ཕར་བལྟས་སྐྱེ་འགྲོའི་སྣང་བ་མཚར་རེ་ཆེ།།

མི་བདེན་བདེན་པར་ཞེན་པས་བདེན་བདེན་འདྲ།།

མ་འཁྲུལ་འཁྲུལ་བར་ཞེན་པས་འཁྲུལ་འཁྲུལ་འདྲ།།

ངེས་མེད་ངེས་པར་བཟུང་བས་ངེས་ངེས་འདྲ།།

ཡིན་མིན་ཡིན་པར་བཟུང་བས་ཡིན་ཡིན་འདྲ།།

མི་འཐད་འཐད་པར་བཟུང་བས་འཐད་འཐད་འདྲ།།

ཞེས་གསུངས་ཏེ། འདི་ལྟར་ཕྱི་སྣང་བའི་རང་བཞིན་ངོ་བོ་ཉིད་ཀྱིས་སྟོང་པའི་རང་གཟུགས་སྒྱུ་མ་ཙམ་ལ། དེ་ཁོ་ན་ཉིད་མི་ཤེས་པའི་བྱིས་པ་རྣམས་ཀྱིས་དོན་རང་མཚན་དུ་ཞེན་ནས་ཕྱི་ནང་གི་ཆོས་ལ་འཛིན་པ་ནི། མི་བདེན་པ་ལ་བདེན་པར་འཛིན། མ་འཁྲུལ་བ་ལ་འཁྲུལ་བར་འཛིན། ངེས་པ་མེད་པ་ངེས་པར་འཛིན། ཡིན་མིན་ལས་འདས་པ་ལ་ཡིན་མིན་དུ་འཛིན། མངོན་ཤེས་ཅན་གྱི་མི་ཞིག་གི་སྔུན་དུ་མི་གཞན་ཞིག་གཉིད་ནས་རྨི་ལམ་འཁྲུལ་བའི་སྣང་བ་ཤར་བ་ལ། མངོན་ཤེས་ཅན་གྱིས་དེའི་ཚུལ་ཤེས་ནས་མཚར་དགོད་ཤོར་བ་བཞིན་དུ། རྣལ་འབྱོར་པ་མ་འཁྲུལ་ཆོས་ཉིད་བདག་མེད་ཀྱི་དོན་རྟོགས་པ་ཞིག་གིས་བལྟས་ན། ཕར་བལྟས་སྐྱེ་འགྲོའི་སྣང་བ་དེ་སྟོང་པའི་རང་གཟུགས་རྨི་ལམ་དང་སྒྱུ་མའི་སྤྲུལ་བ་ལྟ་བུ་ལ་མི་བདེན་བདེན་པར་བཟུང་བས་ཁོ་རང་གི་འཁྲུལ་སྣང་གི་ངོ་ཁ་ལ་བདེན་བདེན་ལྟ་བུ་དང་། མ་འཁྲུལ་བ་ལ་འཁྲུལ་བར་ཞེན་པས་འཁྲུལ་འཁྲུལ་ལྟ་བུ་དང་། ངེས་པ་མེད་པའི་བར་སྣང་གློག་གིི་ཟློས་གར་ལྟ་བུ་ལ་ངེས་པར་བཟུང་བའི་ཚེ། མ་རྟོགས་པའི་སྣང་ངོར་ངེས་ངེས་ལྟ་བུ་དང་། མཐའ་འདས་ཀྱི་ཆོས་ལ་ཡིན་མིན་སོགས་ཀྱི་མཐའ་རུ་བཟུང་བས་དེའི་ཚོད་ཀྱི་དེ་ཡིན་ཡིན་ལྟ་བུ་དང་། རིགས་པས་དཔྱད་ན་མི་འཐད་པ་ལ་འཐད་པར་བྱས་དུས་རྨོངས་པའི་ངོ་ཁར་འཐད་འཐད་འདྲ་བ་སྟེ་དེ་ལ་སོགས་པ་འཁྲུལ་བའི་སྣང་བ་གྲངས་མེད་ཡོད་པའོ། །མི་འཐད་པ་ལ་འཐད་པར་འཛིན་པས། ཞེས་མཚམས་སྦྱར་ཏེ། དེ་ལྟ་བུའི།

སྣ་ཚོགས་ཅོལ་ཆུང་ཡུལ་གྱིས་སེམས་བྲིད་ནས།།

དོན་མེད་རིག་པ་སྐད་ཅིག་བརྒྱུད་མར་མཐུད།།

ཉིན་ཞག་ཟླ་བ་ལོ་དང་མི་ཚེ་འདས།།

གཉིས་མེད་གཉིས་སུ་འཛིན་པས་འགྲོ་བ་བསླུས།།

ཞེས་གསུངས་ཏེ། སྐད་ཅིག་མའི་ཤེས་པ་རང་ངོ་མ་ཤེས་པས་འཁྲུལ་འཛིན་དུ་རྒྱུན་ཆགས་པས་དུས་འདས་ཏེ། སྐད་ཅིག་དུ་མ་ལས་ཡུད་ཙམ་དུ་འཁྲུལ། ཡུད་ཙམ་ལས་ཉིན་ཞག་དང་། ཉིན་ཞག་ལས་ཟླ་བ་དང་། ཟླ་བ་ལས་ལོར་འཁྲུལ་བ་ཕྱི་ཕྱིར་གོམས་པས་འགྲོ་བ་འཁྲུལ་བ་ནི། གཞི་མེད་པའི་རིག་པ་ཆོས་སྐུ་ནམ་མཁའ་ལྟར་དག་པ་རང་ལ་གནས་ཀྱང་། ངོ་མ་ཤེས་པའི་ངང་ནས་རྐྱེན་གློ་བུར་བ་ཙམ་སྟེ། མུ་ཏིག་ཕྲེང་བ་ལས། ཆོས་སྐུ་ནམ་མཁའ་ལྟ་བུ་ལ། །གློ་བུར་རྣམ་རྟོག་སྤྲིན་གྱིས་བསྒྲིབས། །མ་འཁྲུལ་བ་ཡི་ཆོས་ཉིད་ཀྱང་། །བློ་ལ་འཁྲུལ་བའི་ཚུལ་དུ་སྣང་། །རྒྱུ་རྐྱེན་དང་བཅས་སྐད་ཅིག་མ། །ཞེས་པ་དང་། རིན་ཆེན་ཕྲེང་བ་ལས། ལམ་གསུམ་ཐོག་མཐའ་དབུས་མེད་པ། །འཁོར་བའི་དཀྱིལ་འཁོར་མགལ་མེ་ཡི། །འཁོར་ལོ་ལྟ་བུར་ཕན་ཚུན་དུ། །རྒྱུ་ཅན་འདི་ནི་འཁོར་བར་འགྱུར། །ཞེས་པ་བཞིན་ནོ། །སྒྱུ་མ་མཁན་གྱི་གཏམ་རྒྱུད་ཅིག་ལས། སྒྱུ་མ་མཁན་གྱིས་གྲོགས་པོ་ལ་སྒྱུ་མའི་ལྟད་མོ་བསྟན་པས་གྲོགས་པོའི་བློ་སྒྱུ་མའི་དབང་གིས་འཁྲུལ་ནས། སྒྱུ་མའི་རྟ་མཆོག་གིས་ཉིན་ལམ་མང་པོའི་རིང་ལ་སྒྱུ་མའི་རྟ་མཆོག་གིས་ཁུར་ཏེ་སོང་ནས། མཐར་ས་མཐའ་མེད་ཅིག་ལ་འཕངས་པའི་དབང་གིས། དེས་མི་ཚེ་ཞིག་གི་སྐྱིད་སྡུག་གཞོན་ནས་རྒས་ཀྱི་བར་དུ་མྱོང་མྱོང་བའི་མཐར་མི་ཤི་ཁྱིམ་སྟོང་པའི་ཤུལ་དུ་རྒད་པོ་ཁེ་རུ་མ་ལ་ལྷག་པས། ཁ་མི་སོས་ནམ་མ་ལངས་ནས་ཤི་ས་ལ་ཐུག་ནས། ཉིན་ཞིག་ལ་རི་དྭགས་ཨེ་སོད་དུ་བོའུ་གོག་ཅིག་དྲུད་ནས་འགྲོ་བཞིན་ཡོད་སྐབས་སུ་སྒྱུ་མའི་སྤྲུལ་བ་གློ་བུར་དུ་བཤིགས་པས། ཇ་ཅ་ནེ་གང་མ་འཁྱག་པའི་ཚེ་ལ་དེ་འདྲའི་འཁྲུལ་སྣང་ཡུན་རིང་གི་སྣང་བ་དེ་ཤར་ནས། ད་རུང་དབྱུག་པ་ཞིག་བཟུང་ནས་རི་དྭགས་བསད་སྣང་གིས་ཐང་ནས་ནུད་ཀྱིན་ཡོད་པ་ལ། སྒྱུ་མ་མཁན་གྱིས་ད་ཡར་ལོངས་དགོས་པ་མི་འདུག་ཇ་འཐུང་ཟེར་དུས་ཁོ་ངོ་ཚ་སྐྱེས་པ་ཡིན། ད་རུང་བློ་མ་བདེ་ནས་ཉི་མ་ཁ་ཤས་ལ་འདེང་རྒྱག་གི་ནང་དུ་ཚུད་པའི་ལོ་རྒྱུས་ཡོད་པ་ཡིན། དེ་བཞིན་དུ་ཡུལ་ཅོལ་ཆུང་བརྟགས་ན་སྙིང་པོ་མེད་པའི་སྣ་ཚོགས་སྣང་བ་འདི་ཡིས། སེམས་ཅོལ་ཆུང་གར་ཁྲིད་གཡག་གུ་སྣ་མ་ལྟ་བུ་དེ་བསླུ་ཞིང་བྲིད་སླ་བས། དོན་མེད་ཀྱི་རིག་པའམ་ཤེས་པ་གོང་གི་གཏམ་རྒྱུད་ནང་བཞིན་དུ་སྐད་ཅིག་རྒྱུད་མར་མཐུད་ནས། ཆུ་ཚོད་དང་སྐར་མ། ཞག་དང་ཟ་མ། ཉིན་ཞག་ཆུ་ཚོད་ཉེར་བཞིའི་དུས་ཚོད་ལ་སོགས་བསགས་ནས། སྣ་དབུགས་མ་ཆད་སྙིང་རྩའི་འཕར་མཚམས་མ་བཞག་གི་བར་དུ་མི་ཚེ་ཐུང་ཐུང་ཟད་པའི་ཆ་ནས་སེ་གོལ་གཏོགས་པའི་ཟད་པ་དང་ཁྱད་མེད་པ་དེའི་ཕྱོགས་བསྡོམས་འཆི་བས་བརྒྱབ་པའི་དུས་མཇུག་ལ་མ་ཐུག་གི་བར་དུ། འཆི་མེད་སྐྱེ་འཆི་དང་བྲལ་བ་མཁའ་ལྟར་རྣམ་དག་གི་ཆོས་སྐུའི་རིག་པ་རང་ལ་ཡོད་བཞིན་དུ་ལམ་གསུམ་ཐོག་མཐའ་དབུས་མེད་པའི་འཁོར་བའི་འཁོར་ལོར་འཕྱན་པར་བསྟན་པའོ། །དེ་ལྟར་སེམས་ཅན་ལ་འཁྲུལ་སྣང་རང་མཚན་དུ་ཞེན་ནས་སྣང་བ་དེ་ཉིད་རྣལ་འབྱོར་པ་ལ་སྒྱུ་མའི་རྩེད་མོ་ཙམ་དུ་སྣང་བ་ཡང་། འཁྲུལ་བ་གཞི་མེད་རྩ་བྲལ་ཡིན་པའི་གནད་ཀྱིས་སོ། །དེའང་རིག་པའི་རང་ངོ་འདི་ཐོག་མའི་ཀ་དག་འཁྲུལ་མ་འཁྲུལ་ལས་འདས་པ་ནམ་མཁའ་ལྟ་བུ་ཡིན་ལ། འདིའི་རང་སྣང་ནི་རང་གསལ་རྗེན་པར་དག་པའི་ཆོས་སྐུ་སྟེ། གཞི་མེད་རྣམ་དག་ཆེན་པོའི་སྣང་བ་ཞེས་བྱ་སྟེ། དེའི་ངོ་བོ་ལ་རིག་མ་རིག་དང་། འཁོར་འདས་ལ་སོགས་པ་གང་དུ་ཡང་མ་གྲུབ་པ་ད་ལྟ་ཟང་མར་འདུག་པ་རྣལ་འབྱོར་པས་རྟོགས་ནས། དེའི་ངང་ལས་མི་འདའ་བས་ཕྱི་ཡུལ་གྱི་འཁྲུལ་སྣང་སྒྱུ་མའི་སྟོང་གཟུགས་གཞི་སྣང་ཆོས་ཉིད་ཀྱི་ཀློང་དུ་སངས་པས་འཁོར་བ་མིང་མེད་ནམ་མཁའ་ལྟར་དག་པའི་རྣལ་འབྱོར་པ་ཞེས་བྱའོ། །དེའང་མུ་ཏིག་ཕྲེང་བ་ལས། ཡུལ་ལ་དེ་ལྟར་སྣང་མོད་ཀྱང་། །ཐོག་མ་ཉིད་ཀྱི་ཀ་དག་ལ། །འཁྲུལ་ཞེས་ཙམ་དུ་བརྗོད་དུ་མེད། །དེ་བཞིན་མ་འཁྲུལ་བ་ཡང་ཅི། །དེ་ཕྱིར་འཁྲུལ་བ་གདོད་ནས་དག །གཞི་སྣང་ཆེན་པོ་དེ་ཉིད་ལ། །མ་རིག་པ་ཞེས་བཏགས་མེད་པས། །འཁྲུལ་བར་གྲུབ་པ་ཡོད་མ་ཡིན། །བློ་ཞེས་ཀུན་ཏུ་མ་བཏགས་པས། །དྲི་མ་འཁྲུལ་བའི་མིང་ཡང་མེད། །མིང་དང་ཡི་གེའི་ཚོགས་མེད་པས། །བཏགས་པའི་འཁྲུལ་བ་ཡོད་མ་ཡིན། །ཆོས་ཞེས་མིང་དུ་མ་བཏགས་པས། །བློས་བཏགས་འཁྲུལ་བའི་མིང་ཡང་མེད། །སེམས་དང་ཡིད་དུ་མ་གྲུབ་པས། །འགྱུ་བྱེད་འཁྲུལ་བ་ངང་གིས་མེད། །ཕྲ་རགས་དྲི་མ་གཉིས་མེད་པས། །འབྱུང་རྐྱེན་འཁྲུལ་བ་ངང་གིས་མེད། །བྱ་དང་བྱེད་པ་གཉིས་མེད་པས། །ཡུལ་འཛིན་འཁྲུལ་བ་ག་ལ་ཡོད། །ཡུལ་དང་དབང་པོ་གཉིས་མེད་པས། །གཟུང་འཛིན་འཁྲུལ་བ་མེད་པའོ། །ཞེས་པ་དང་། ཐལ་འགྱུར་ལས། འཁྲུལ་ཞེས་ཀ་ནས་དག་པ་ལ། །མ་འཁྲུལ་ཉིད་དུ་བཅོས་སུ་མེད། །མེད་སྣང་མཐོང་བ་མེད་པའི་ཆོས། །བྱས་བྱུང་རྟོག་པ་རང་འགགས་སོ། །འཁྲུལ་ནས་དམིིགས་པར་སྣང་བ་མིན། །རང་བཞིན་ཡེ་གདངས་མ་གཡོས་པས། །ཆོས་ཀུན་མཉམ་པར་རོ་གཅིག་གོ །འཛིན་རྟོག་བྲལ་ནས་ཡེ་སངས་རྒྱས། །བཅོས་ཤིང་བསྒྱུར་དུ་བཏུབ་པ་མིན། །ཞེས་སོ། །སེམས་ཅན་ཐ་མལ་པ་ལ་བྱུང་བའི་འཁྲུལ་སྣང་དེ་ལ། མ་འཁྲུལ་བའི་རྣལ་འབྱོར་པས་བལྟས་ཚེ་གད་མོའི་རྒྱུ་ཙམ་ལས་མེད་པའི་གནད་གང་ཡིན་སྙམ་ན། འཁྲུལ་བ་འདི་གཞི་མེད་རྩ་བྲལ་ཡིན་པའི་གནད་ཀྱིས་སོ། །འོ་ན་མ་འཁྲུལ་བ་ཞེས་པ་ཞིག་ཡོད་དམ་ཞེ་ན། ཡེ་ཐོག་གཞི་ཡི་ཀ་དག་དེ་ཡོད་མེད་གཉིས་ཀའི་མཐའ་ལས་འདས་པའི་སྨྲ་བསམ་བརྗོད་བྲལ་ཆེན་པོ། ཡོད་པ་རྟག་པའི་མཐའ་དང་བྲལ་བས་དངོས་པོ་དང་མཚན་མར་མ་གྲུབ། མེད་པ་ཆད་པའི་མཐའ་ལས་འདས་པས་རང་བཞིན་ལྷུན་གྱིས་གྲུབ་ཅིང་འཁོར་འདས་གཉིས་ཀ་གང་དུ་ཡང་མ་གྲུབ་པ་དང་། ཡེ་སྟོང་རང་བྱུང་གི་ཡེ་ཤེས་ཆེན་པོ་དེ་ཡེ་དང་མ་ནས་ནམ་མཁའ་ལྟར་གནས་པ་ཞིག་ཡིན་ལ། འདི་ལྟར་སྣང་བའི་རང་སྣང་ནི་རང་གསལ་རྗེན་པ་དག་པའི་ཆོས་སྐུ་སྟེ། གཞི་མེད་རྣམ་དག་ཆེན་པོའི་སྣང་བ་ཞེས་བྱ་ལ། དེ་ཇི་བཞིན་རྟོགས་པའི་རྣལ་འབྱོར་པས། ཕྱི་ཡུལ་གྱི་འཁྲུལ་སྣང་ཅི་ཤར་གང་སྣང་ཐམས་ཅད་མི་བདེན་རྫུན་པ་བསླུ་བའི་ཆོས་ཅན། འཁྲུལ་སྣང་སྒྱུ་མའི་སྟོང་གཟུགས་སུ་ཤར་བའི་གཞི་སྣང་གི་སྣང་བ་འདི་ཐམས་ཅད་མ་འཁྲུལ་ཆོས་ཉིད་ཀྱི་གཞི་ཀློང་ལ་སངས་པ་གཉིད་སད་པ་ལྟ་བུར་སོང་དུས། ཡེ་ནས་དག་པའི་ངོ་བོ་དེ་ཉིད་མངོན་སུམ་དུ་གྱུར་ནས་གློ་བུར་འཁྲུལ་བའི་སྤྲིན་ཚོགས་མིང་མེད་དུ་དྭངས་པའི་ཡང་བསྐྱར་དག་པའི་ངང་ལ་གནས་པ་ནི། འཁྲུལ་དང་མ་འཁྲུལ་མིང་དོན་ལས་འདས་པའི་ཆོས་ཀུན་མཉམ་པ་རོ་གཅིག་པ་ཡིན་པའི་ལུང་གིས་དོན་བསྡུས་པའོ།།

༼ཁ གཉིས་པ་ནང་འཛིན་པ་གཞི་མེད་རྟེན་བྲལ་དུ་གཏན་ལ་དབབ་པ།

དེ་ལྟར་ཕྱི་ཡུལ་མེད་དུ་རྟོགས་པས་གཟུང་བ་མེད་པའི་ཆོས་ཉིད་ནམ་མཁའ་ལྟར་དག་དུས། ནང་འཛིན་པ་གཞི་མེད་རྟེན་བྲལ་དུ་གཏན་ལ་དབབ་པ་ནི།

རྣལ་འབྱོར་དག་པའི་སེམས་ལ་ཚུར་བལྟས་པས།།

རྟེན་གཞི་མེད་པའི་རིག་པ་མིང་དང་བྲལ།།

མཚོན་བརྗོད་མ་མཐོང་ལྟ་སྒོམ་ཁྲིགས་ཆགས་བུད།།

ཕྱལ་པ་ལྷུག་པ་ཡངས་པ་ཕྱམ་གདལ་བ།།

ཉམས་ལེན་མ་ཤེས་ཐུན་མཚམས་ཕྱོགས་རིས་མེད།།

ཐམས་ཅད་རྒྱ་ཡན་ཕྱམ་ཕྱམ་བར་མཚམས་བྲལ།།

ཞེས་གསུངས་ཏེ། འདི་ལྟར་རང་གི་སེམས་ལ་བལྟས་པས་ངོ་བོ་ངོས་གཟུང་གི་མཐའ་ལས་འདས་ཏེ། རྟེན་མེད་ནམ་མཁའི་རང་བཞིན་དུ་སངས་པ་ནི། དྲན་པ་རང་དག་གི་ཆོས་ཉིད་ཡོད་མེད་ཀྱི་མཐའ་དང་བྲལ་བའི་ཆོས་སྐུ་ཞེས་བྱ་སྟེ། ཐལ་འགྱུར་ལས། ཆོས་ཀུན་གཞི་མེད་རྩ་བ་སུ་ལ་སྲིད། །སྲིད་བྲལ་འདོད་པ་མེད་པའི་སེམས། །རང་བཞིན་མ་བཅོས་བརྗོད་ལས་འདས། །བྱ་བྱེད་འཁྲུལ་བའི་རྟོག་པ་ཟད། །ཆོས་མེད་སངས་རྒྱས་མེད་ཅིང་སེམས་ཅན་མེད། །ང་མེད་བདག་མེད་གཟུང་དང་འཛིན་པ་མེད། །ཚིག་ཏུ་བརྗོད་པ་མ་ཡིན་ཏེ། །སེམས་ཞེས་གནས་པ་ཙམ་དུའང་མེད། །མེད་ཕྱིར་སྟོང་པའི་སྣང་བ་ལ། །དྲན་ཤེས་རྣམས་ཀྱི་ཁུངས་ཟད་པའོ། །བྱས་པ་མེད་པའི་ཆོས་ཉིད་ལ། །བྱུང་བ་མེད་པ་ཡ་མཚན་ཆེ། །བྱུང་བ་མེད་པའི་ཆོས་སྐུ་ལ། །འགྲོ་འོང་མེད་པ་ཡ་མཚན་ཆེ། །འཁོར་ས་མེད་པའི་རིག་པ་ལ། །བྱུང་ས་མེད་པའི་ཆོས་ཉིད་དོ། །ཞེས་སོ། །ཕར་བལྟས་གཟུང་བར་སྣང་བ་མེད་སྣང་སྒྱུ་མའི་སྟོང་གཟུགས་ཙམ་ཡིན་པས་མ་ཚད་པར། ནང་དུ་རྣལ་འབྱོར་དག་པའི་སེམས་ལ་ཚུར་བལྟས་ན་ཡང་ངོ་བོ་ངོས་བཟུང་གི་རྟེན་གཞི་མེད་པའི་རིག་པ་མིང་མེད་མིང་དུ་གྲགས་པའི་དོན་དུ་མ་གྲུབ་པ། མཚོན་བྱ་མཚོན་ཡུལ་དང་། བརྗོད་བྱ་བརྗོད་ཡུལ་ཞིག་མ་མཐོང་མ་རྙེད་པས། ལྟ་སྒོམ་ཁྲིགས་སུ་ཆགས་པའི་བྱ་བྱེད་མཚན་མ་ཅན་གྱི་མཚང་ལྷང་ལ་བུད། རང་གསལ་འཛིན་མེད་ཆེན་པོར་སྣང་ཡུལ་དུ་སྣང་ཡང་འཛིན་ཡུལ་དུ་མ་གྲུབ་པ་ཕྱམ་ཕྱལ་བའམ་ཕྱམ་གདལ་བ་ཚོགས་དྲུག་རིག་པ་མ་བཅོས་པར་སྣང་ན་ཡང་། དྲན་པ་རང་དག་གི་ཆོས་ཉིད་མཐའ་དང་བྲལ་བའི་ཆོས་སྐུ། ཉམས་ལེན་ཐུན་དང་ཐུན་མཚམས་ཀྱི་རིས་མེད་པར་ཐམས་ཅད་རྒྱ་ཡན་ཡུལ་སེམས་གཉིས་མེད་དུ་གྲོལ་བ་རིག་པ་སྟོང་གསལ་ཆོས་སྐུ་ཕྱལ་བའི་ངང་ལ་རང་བཞིན་གྱིས་གནས་པའོ། །ཞར་ལ་གཟུང་འཛིན་གཉིས་སུ་མེད་པར་རྟོགས་པའི་རིག་པ་ནི་ཕྱོགས་མེད་ལྷུན་གྲུབ་ཆེན་པོ་སྟེ་འདི་ལྟར། ཞེས་མཚམས་སྦྱར་ནས།

ལུས་དང་ཡུལ་དང་སྣང་བའི་གཏད་མེད་པར།།

ནམ་མཁའི་ཀློང་ཡངས་མཉམ་པར་ཕྱམ་གདལ་བས།།

ནང་གི་ཆོས་ཞེས་བདག་ཏུ་འཛིན་པ་མེད།།

ཅེས་གསུངས་ཏེ། གང་ལ་གཟུང་བ་དང་འཛིན་པ་མེད་པར་རྟོགས་པའི་རིག་པ་དེའི་ངོ་བོ་ལ་ནི་རང་བྱུང་གི་ཡེ་ཤེས་སུ་ཐ་སྙད་བཏགས་ཀྱང་། རང་རིག་རང་གསལ་ལོ་ཞེས་རྣལ་འབྱོར་སེམས་ཙམ་པ་ལྟར་མི་འདོད་དེ། ཕྱི་ནང་མེད་པས་ནང་གི་སེམས་སུ་མ་གྲུབ་པ་དང་། རང་གཞན་མེད་པས་རང་གི་རིག་པ་ཁོ་ནར་མ་གྲུབ་པ་དང་། གཟུང་འཛིན་ཡོད་མ་མྱོང་བས་དེ་གཉིས་དང་བྲལ་བར་མ་གྲུབ་པ་དང་། ཚོར་རིག་གི་ཡུལ་ན་མེད་པས་མྱོང་བ་གཉིས་མེད་དུ་མ་གྲུབ་པ་དང་། སེམས་དང་སེམས་བྱུང་མེད་པས་རང་གི་སེམས་སུ་མ་གྲུབ་པ་དང་། གསལ་མི་གསལ་དུ་མེད་པས་རང་གསལ་དུ་མ་གྲུབ་པའི་ཕྱིར་རོ། །རིག་མ་རིག་ལས་འདས་པས་རིག་པ་ཙམ་དུའང་གདགས་སུ་མེད་པ་འདི་ནི། མཐའ་བྲལ་ཡོངས་སུ་རྫོགས་པ་ཆེན་པོ་ཞེས་བྱ་སྟེ། མཚོན་ཚིག་གི་ཐ་སྙད་རང་བྱུང་གི་ཡེ་ཤེས་དང་། བྱང་ཆུབ་ཀྱི་སེམས་དང་། ཆོས་སྐུ་དང་། དབྱིངས་ལྷུན་གྲུབ་ཆེན་པོ་དང་། རིག་པ་རང་གསལ་རྗེན་པ་ཞེས་བརྗོད་ཀྱང་། བརྡ་ཤེས་པའི་ཕྱིར་བཏགས་པ་ཙམ་ལས་རང་ངོ་བརྗོད་མེད་ཆེན་པོར་རྟོགས་པར་བྱའོ། །དེ་ལྟར་མ་ཡིན་པར་མིང་ལ་དོན་དུ་ཞེན་ན་སེམས་ཙམ་པའི་རང་རིག་རང་གསལ་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་དང་ཁྱད་པར་མི་རྙེད་དོ། །འདིར་བློ་གྲོས་མ་སྦྱངས་ལ་འདི་པར་འདོད་པའི་མུ་ཅོར་དུ་སྒྲོགས་པ་དག་དེ་གཉིས་གཅིག་ཏུ་འཛིན་པས་རང་རིག་འདི་ཁོ་བོ་ཅག་གིས་ཤེས་སོ་ཞེས་མངོན་པའི་ང་རྒྱལ་སྨྲ་བར་ཟད་དོ། །ལུས་དང་ཡུལ་ཞེས་པའི་ཕྱིའི་ཡུལ་དང་ནང་སེམས་ཀྱི་སྣང་བའི་གཏད་སོ་མེད་པར། གཞི་མེད་ཡེ་གྲོལ་ནམ་མཁའ་ལྟ་བུའི་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་ཆོས་ཉིད་ཀློང་ཡངས་ཆེན་པོ་ལ་འཁོར་འདས་གཟུང་འཛིན་མཉམ་པ་ཕྱམ་གདལ་སོང་དུས། ནང་གི་ཆོས་ཞེས་པ་རྣལ་འབྱོར་སྤྱོད་པ་སེམས་ཙམ་པས་གཟུང་འཛིན་གཉིས་སྟོང་གི་ཤེས་པ་རང་རིག་རང་གསལ་བདེན་གྲུབ་ཏུ་འདོད་པ་དང་འདྲ་བའི་རང་གསལ་བདེན་པར་མི་འདོད་དེ། ནང་གི་ཆོས་ཟེར་བའི་གཏོང་མི་ཕོད་པའི་བདག་ཏུ་འཛིན་པ་མེད་པའི་ཕྱིར། འོ་ན་རང་རིག་རང་གསལ་དང་། རང་བྱུང་ཡེ་ཤེས། བྱང་ཆུབ་ཀྱི་སེམས། ཆོས་ཀྱི་སྐུ། དབྱིངས་ལྷུན་གྲུབ་ཆེན་པོ། རིག་པ་ལ་སོགས་པར་ཅིའི་ཕྱིར་ཟེར་ཞེ་ན། མིང་དེ་དག་ནི་མཚོན་པར་བྱེད་པའི་ཚིག་གི་ཐ་སྙད་གོ་བརྡ་སྤྲོད་བྱེད་ཙམ་ཞིག་ཡིན་ལ། དོན་དངོས་སུ་མཐའ་བྲལ་ཡོངས་རྫོགས་ཆེན་པོ་ཞེས་བྱའོ། །ཕྱི་མེད་པས་ན་ནང་དུ་མི་གྲུབ། ནང་མེད་ཕྱིར་ནང་གི་སེམས་མི་རྙེད། རང་གཞན་གྱི་དབྱེ་བ་མེད་པས་རིག་པ་གཅིག་པུ་ཞིག་གྲུབ་ཏུ་མེད། གཟུང་འཛིན་ཡོད་མ་མྱོང་བས་དེའི་མེད་པ་ལ་སོགས་མ་གྲུབ། གཉིས་སུ་མེད་པས་གཉིས་མེད་ཅེས་པ་ཞིག་ག་ལ་ཡོད། སེམས་སེམས་བྱུང་མེད་པས་རང་གི་སེམས་ཟེར་བ་ཞིག་མ་མཆིས་ཤིང་། གསལ་མི་གསལ་དུ་མེད་པས་རང་གསལ་དུ་མ་གྲུབ་པའོ། །དེས་མ་ཚད་རིག་མ་རིག་ལས་འདས་པས་ན་རིག་པ་ཙམ་དུའང་གདགས་སུ་མེད་པ་ཡིན་པས་རང་ངོ་དངོས་ནི་བརྗོད་མེད་ཆེན་པོ་ཡིན་ནོ་ཞེས་འགག་བསྡོམས་པའོ། །དེ་ལྟར་མིན་པར་སེམས་ཙམ་པའི་རང་རིག་དང་ཁྱད་པར་ཕྱེ་རུ་མེད་པའི་རྫོགས་ཆེན་ཁ་བཤད་བྱེད་པ་ནི་མུ་ཅོར་སྨྲ་བ་མངོན་པའི་ང་རྒྱལ་ཅན་ཏེ། དེ་དག་ནི་སྐབས་ཤིག་ལ་བཏང་སྙོམས་སུ་འཇོག་པ་ལས་གོ་བརྡ་འཕྲོད་དཀའ་བའོ། །རང་བཞིན་རྫོགས་པ་ཆེན་པོ་འདིའི་ལུགས་ཀྱིས་མཐའ་བྲལ་ལ་སོགས་པའི་འཇལ་ཚུལ་ཕལ་ཆེར། དབུ་མ་ཐལ་འགྱུར་དང་མཚུངས་པ་ལས། དབུ་མར་སྟོང་སྟོང་པོ་ནམ་མཁའ་འདྲ་བ་རྩིས་གཞིར་བྱེད་པ་སྟེ། འདིར་རིག་པ་ཀ་ནས་དག་པ་རྗེན་ཟང་ངེ་བ་མ་གྲུབ་ལ་མི་འགག་པ་ཙམ་དེ་ལ་གཞིར་བྱས་ནས། དེ་དང་དེའི་ངང་ལས་ཤར་བའི་ཆོས་རྣམས་མཐའ་གྲོལ་ནམ་མཁའ་ལྟར་འཇལ་བ་སྟེ། ཐལ་འགྱུར་ལས། དུ་མ་སྤངས་པས་ཐ་སྙད་བྲལ། །གཅིག་མ་གྲུབ་པས་རང་བཞིན་དག །རང་བཞིན་དག་པས་དོན་ཀུན་གྲུབ། །རང་བཞིན་དག་དང་གཞི་མ་དང་། །འཁོར་དང་འདས་པའི་གཞི་མ་དང་། །གསོག་དང་སྙིང་པོ་མེད་པ་དང་། །ཡ་མ་བརླ་ཞེས་མཚོན་བརྗོད་བྲལ། །ཞེས་པ་དང་། ཡང་། བྱ་བ་མེད་པས་མཚན་ཉིད་སྟོང་། །བརྗོད་གཞི་འགགས་པས་མཐའ་མི་གནས། །ཟག་པ་ཟད་ཕྱིར་གདོས་བཅས་མིན། །དྲན་པའི་ཁུངས་འགགས་ངོ་བོ་གསལ། །གསལ་རིག་ཡུལ་གྱི་མཐའ་མི་རྟོག །སྒྲ་བྲལ་ཡང་དག་ཚིག་མེད་ཕྱིར། །ལྟོས་གཞི་ཐམས་ཅད་ཟད་པའོ། །ཞེས་པ་དང་། ནོར་བུ་ཕྲ་བཀོད་ལས། ཆོས་ཀྱི་དབྱིངས་ལ་སྤྱོད་དང་མི་སྤྱོད་མེད། །ནམ་མཁའི་མཚན་ཉིད་ཡེ་ནས་ཀ་དག་པས། །ཆོས་སྐུ་ཉིད་ལ་དངོས་པོ་མཚན་མ་མེད། །ཕྱི་དང་ནང་མེད་ཡངས་པ་ཆེན་པོ་ལ། །ཡངས་པའི་ཆོས་ཉིད་མཐའ་བྲལ་དངོས་པོ་མེད། །རྫོགས་ཆེན་ལྟ་བ་གསང་འདུས་དམ་པ་འདི། །ཐེག་པའི་སྐབས་ལ་ཤིན་ཏུ་གྲངས་མང་ཡང་། །གསང་བའི་ངེས་དོན་རང་བཞིན་གཅིག་ལས་མེད། །ཆོས་ཉིད་དཀྱིལ་ཡངས་མཚན་མ་མེད་པའོ། །ཞེས་སོ། །རྫོགས་པ་ཆེན་པོའི་ལྟ་བ་གཏན་ལ་འབེབས་པའི་སྐབས་སུ་མཐའ་བྲལ་དང་གནས་ལུགས་དོན་དམ་པའི་བཞུགས་ཚུལ་ལ་སོགས་པ་ཕལ་ཆེ་བ་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་སྒོ་བསྟུན་ན། དབུ་མ་ཐལ་འགྱུར་པ་དང་དོན་དཔྱོད་ཚད་མས་འཇལ་ཚུལ་ཕལ་ཆེར་མཚུངས་ཤིང་། ཕལ་ཆེར་གྱི་སྒྲས་ཡོངས་རྫོགས་མི་འདྲ་བའི་དོན་ཅི་ཞིག་ལ་གོ་དགོས་ན། མཚན་ཉིད་ཐེག་པའི་ལྟ་གྲུབ་ཐམས་ཅད་ཀྱི་རྩེ་མོ་དབུ་མ་ཐལ་འགྱུར་པ་ཡིན་ལ། འོན་ཀྱང་ཐེག་ཆེན་མདོ་སྔགས་གཉིས་སུ་ཕྱེས་པའི་སྔགས་ལ་ཐབས་མང་དཀའ་བ་མེད་པ་ལ་སོགས་པའི་ཁྱད་པར་དུ་འཕགས་པའི་ཆོས་དུ་མ་ཡོད་པ་དང་། རྒྱུའི་ཐེག་པར་གབ་པའི་མན་ངག་སྔགས་ལས་རྩལ་འདོན་གནང་བ་དང་། ཁྱད་པར་མདོ་སྔགས་ཀྱི་གཞུང་རྣམས་འགལ་མེད་དུ་བཤད་དགོས་ན། དཔལ་ལྡན་ཟླ་བས་བཀྲལ་བའི་དབུ་མའི་དགོངས་དོན་དང་། བཀའ་ཐ་མའི་ངེས་དོན་ཐད་ཀར་བཀྲལ་བའི་མདོ་སྔགས་མཚམས་འཛིན་གྱི་གཞུང་རྗེ་བཙུན་བྱམས་པ་མགོན་པོའི་རྒྱུད་བླ་མ་རྣམས་གཅིག་གི་དགོངས་པ་གཅིག་གིས་བཀྲལ་ནས་མན་ངག་གབ་པ་མངོན་ཕྱུང་གི་ལྟ་སྒོམ་སྤྱོད་པ་གོང་སྦྲེལ་བ་ཡིན་པས། རྨད་བྱུང་ཟ་ཧོར་མཁན་པོའི་སྤྱོད་པ་དང་། །མཚུངས་མེད་དཔལ་ལྡན་ཀླུ་ཡི་ལྟ་བ་གཉིས། །ཟུང་འབྲེལ་བརྒྱུད་པའི་བཀའ་སྲོལ་ཕྱག་རྒྱས་བཏབ་ན། ངེས་དོན་གྱི་ཚད་མ་མཐར་ཐུག་གི་བདེ་བར་གཤེགས་པའི་དགོངས་དོན་རྨ་མེད་ཇི་བཞིན་བདེ་བླག་ཏུ་རྙེད་ཐུབ་པ་ཡིན། དེའི་ཕྱིར་ན་ཀུན་མཁྱེན་བླ་མའི་གཞུང་ལུགས་འདི་དག་བསྟན་པ་རྒྱ་མཚོའི་ཤིང་རྟ་འདི་ལ་འཆད་ཉན་གྱིས་ཞུགས་པ་ཙམ་ཡང་བསྐལ་བ་མང་པོར་བསོད་ནམས་བསགས་པའི་འབྲས་བུ་སྐལ་བ་བཟང་པོ་ཡིན་པར་སྨྲོས་མ་དགོས་པ་ཡིན་ནོ། །དེས་ན་དབུ་མའི་སྐབས་ནས་མཐར་ཐུག་གི་ལྟ་བའི་འཇོག་སོ་སྟོང་སྟོང་པོ་ནམ་མཁའ་འདྲ་བ་རྩིས་གཞིར་བྱེད་པ་དང་མི་འདྲ་བའི་ཁྱད་ཆོས་རྫོགས་ཆེན་གྱི་སྐབས་སུ་ཅི་ཞིག་ཡོད་ཅེ་ན། རིག་པ་ཀ་དག་རྗེན་པ་མ་གྲུབ་ལ་མི་འགག་པ་སྟེ། ངོ་བོའི་ལྡོག་པ་ནས་ཡོད་མེད་གཉིས་ཀྱི་མཐའ་ལས་འདས་ཤིང་། རང་བཞིན་གྱི་ལྡོག་པ་ནས་འཆར་གཞིའི་ཆ་ཙམ་མ་འགགས་པར་གནས་ཤིང་། དེ་གཉིས་ཀ་རང་ངོ་དབྱེར་མེད་མཐའ་གྲོལ་དུ་ཆོས་ཉིད་ཀྱི་རིག་པས་གཏན་ལ་འབེབས་པ་ནི་རྫོགས་ཆེན་གྱིས་གབ་པ་མངོན་ཕྱུང་གི་ཁྱད་ཆོས་སོ།།

༼ག༽གསུམ་པ་རྣལ་འབྱོར་པ་ལ་ཆོས་ཐམས་ཅད་གཏད་མེད་ཡོངས་གྲོལ་ཆེན་པོར་འཆར་བ་བསྟན་པ།

དེ་ལ་ཕྱིའི་གཟུང་བ་ཕྱོགས་འབྱམས་སུ་གྲོལ་བར་བསྟན་པ། རྟོགས་པ་ཁོང་ནས་ཤར་བའི་སྣང་བ་གཏད་མེད་གཞན་ཡང་བསྟན་པ། ཞར་ལ་བཅོས་མ་ལྟར་སྣང་བའི་འདྲ་གཞི་སྤང་བ། མཉམ་རྫོགས་གཞི་ཀློང་ཡངས་པར་སྐལ་བཟང་རྣམས་ཀྱིས་རང་ངོ་རྟོགས་པར་གདམས་པ་དང་བཞི་ལས།

༼ཀ དང་པོ་ཕྱིའི་གཟུང་བ་ཕྱོགས་འབྱམས་སུ་གྲོལ་བར་བསྟན་པ།

ད་ནི་གཟུང་འཛིན་གཉིས་ཀ་ཡོད་མ་མྱོང་བ་ནམ་མཁའི་རང་བཞིན་དུ་རྟོགས་པའི་དུས་ན། རྣལ་འབྱོར་པ་ལ་ཆོས་ཐམས་ཅད་གཏད་མེད་ཡོངས་གྲོལ་ཆེན་པོར་འཆར་བའི་ཕྱིར། ནང་གི་འཛིན་པ་སངས་པའི་རྟགས་སུ། ཕྱིའི་གཟུང་བ་ཕྱོགས་འབྱམས་སུ་གྲོལ་བར་བསྟན་པ་ནི། ཞེས་མཚམས་སྦྱར་ནས།

ཕྱི་རོལ་སྣང་བའི་ཡུལ་ལ་ཕར་བལྟས་པས།།

ཐམས་ཅད་སང་སེང་འལ་འོལ་ཟང་མ་ཐལ།།

ར་རི་ཟབ་ཟེབ་གཟའ་གཏད་ཆོས་དང་བྲལ།།

སྣང་གྲགས་དྲན་རིག་མྱོང་ཚོར་སྔར་བཞིན་མེད།།

འདི་ཅི་རང་བཞིན་སྨྱོན་པའི་སྣང་བའམ།།

རྨི་ལམ་ནང་ཞེས་རང་ལ་གད་མོ་འཆོར།།

ཞེས་གསུངས་ཏེ། འདིར་རང་གི་རྟོགས་པའི་དུས་ངེས་པས་རྣལ་འབྱོར་པ་ཀུན་གྱི་སྣང་བ་རྟོགས་སུ་རུང་སྟེ། རྒྱུས་ལ་མཁས་པ་གཅིག་གིས་སྒྱུ་མའི་ལྟད་མོ་བདེན་མེད་དུ་མཐོང་བའི་ཚུལ་དེས། རྒྱུས་ཤེས་པ་གཞན་གྱི་སྣང་བ་ཞར་ལ་རྟོགས་པ་བཞིན་ནོ། །ཆོས་དབྱིངས་མཛོད་འདི་ཀུན་མཁྱེན་ཆེན་པོའི་རྟོགས་པའི་འདྲ་འབག ཆོས་སྐུའི་རིང་བསྲེལ། ཕྱི་རབས་ལས་ཅན་སློབ་མའི་བགོ་སྐལ་ལ་བཞག་པ་ཞིག་ཡིན་ཕྱིར། རང་གི་རྟོགས་པའི་དུས་ངེས་པས་ཞེས་ཉིད་ཀྱི་ཀློང་རྡོལ་དགོངས་པའི་གསང་བ་ཟབ་མོའི་ཟུར་ཞིག་མངོན་པའི་ཚུལ་དང་། དེ་བཞིན་དུ་རྟོགས་པའི་དུས་ངེས་པའི་རྣལ་འབྱོར་པ་གཞན་གྱི་ཉམས་རྟོགས་དང་སྦྱར་ནས་གསུངས་པ་གཉིས་ཀ་ལ་གོ་ཆོག་པ་སྟེ། དེ་ཡང་ཇི་ལྟར་ཡིན་ན་ཕྱི་ཡུལ་གྱི་སྣང་བ་འདི་དག་དེ་སྔ་རང་མཚན་དུ་མཐོང་བ་ལས། རྟོགས་པའི་དུས་ངེས་པའི་རང་ངོ་ལ་བདེན་ཞེན་གྱི་འཛིན་པ་ལོག་པས། གཟུང་ཡུལ་ཐམས་ཅད་རྨི་ལམ་དང་། ཆུ་ཟླ་དང་། སྨིག་རྒྱུའི་རྣམ་པ་ལྟར་སང་སེང་། འལ་འོལ། ཟང་མ་ཐལ་དུ་མཐོང་སྙམ་བྱེད་ཅིང་། ཅིར་སྣང་ཐམས་ཅད་ར་རི་ཟབ་ཟེབ་ཡོད་དམ་མེད་དམ་སྙམ་དུ་གཏད་མེད་རང་སྣང་དུ་ཤར་ཏེ། སྐྱེ་འགྲོ་རྣམས་ཀྱང་སྔར་བས་སྤྱོད་གཤིས་འགྱུར་བ་སྙམ་སྟེ། གཏད་མེད་ལྟར་སྣང་དུ་འདི་ཀུན་གྱིས་ཀྱང་རྟོགས་སམ་སྙམ་པ་དང་། མྱོང་ཐོས་དྲན་རིག་ཀྱང་སྔར་བཞིན་མེད་པར་སྟོང་པ་གཏད་ཡལ་དུ་སོང་བས། རིག་པ་ཕྱམ་གདལ་ཏེ་རྟོག་པ་གཏན་ནས་མི་འཆར་བ་འདི་ལྟ་བུ་གར་སོང་སྙམ་ནས་བྱུང་ཚོར་གནས་དག་ཏུ་རང་སངས་པ་ལ་ཤེས་པ་ཕྱལ་ཕྱལ་བ་སྟེ། རེས་འགའ་རང་གི་བྱ་སྤྱོད་དང་སྣང་གྲགས་ཐམས་ཅད་གཏད་མེད་དུ་ཤ་ར་ར་སོང་བ་ལ་དགོད་འཆོར་ཞིང་། རང་ཉིད་སྨྱོའམ། གཞན་སྨྱོ་བ་ཡིན་ནམ། ཡང་ན་བར་དོའམ་རྨི་ལམ་ཡིན་ནམ་སྙམ་དུ་ཤེས་ཤིང་། རིག་པ་གཏད་ཡལ་རྗེན་པར་བུད་པ་དེ་ཐམས་ཅད་ལ་ཡོད་པ་ལ། རྟོགས་པ་ལ་ཚེགས་ཅི་ཡོད་འདི་ཀར་འདུག་པ་ལ་སྙམ་ནས། དམིགས་པ་མེད་པའི་སྙིང་རྗེ་ཟང་ཐལ་དུ་ཤར་བས་གཞན་ལའང་དེ་སྐད་སྟོན་ཞིང་། རྡོ་རྗེའི་གླུ་དང་གཏད་མེད་ཀྱི་སྤྱོད་པ་དང་ཞེན་མེད་ཀྱི་རིག་པ་སྟོན་ཞིང་། ཟང་མ་ཐལ་དུ་སྣང་བ་ཐམས་ཅད་དུས་གཅིག་ལ་ཤར་བ་སྟེ། རྟོགས་པའི་དུས་ངེས་པའི་ཚད་ལ་ཐོན་པའི་རྣལ་འབྱོར་པ་དགོངས་པ་ནམ་མཁའ་དང་མཉམ་པ་དེ་ཚོས་གཟིགས་སྣང་གི་ཕྱི་རོལ་གྱི་སྣང་བའི་ཡུལ། གཟུགས་སྣ་ཚོགས། སྒྲ་སྣ་ཚོགས། དྲི་སྣ་ཚོགས་ཀྱིས་མཚོན་པའི་སྣང་སྲིད་ཀྱི་ཆོས་འདི་དག་ཐམས་ཅད་ལ་བལྟས་པས། སྔར་ཡིན་ན་གཟུགས་གཟུགས་སུ་འཛིན་པ་དང་། སྒྲ་སྒྲ་རུ་འཛིན་པས་མ་ཚད་རང་གི་མཚན་ཉིད་ཀྱིས་ཡོད་པར་ཞེན་པ་ཡིན་ན་ཡང་། ད་ལྟ་ནི་འདི་ཐམས་ཅད་པོ་ཡོད་མ་མྱོང་། མེད་མ་མྱོང་། བདེན་མ་མྱོང་། རྫུན་མ་མྱོང་བར་ཆོས་ཉིད་གཅིག་གི་ངང་ལས་སྣོད་བཅུད་སྣང་སྲིད་འཁོར་འདས་ཀྱི་རོལ་བ་འདི་ཤར་བ་ཡིན་པའི་དོན་དངོས་སུ་རྟོགས་པའི་དུས་ཚོད་ལ་ཐོན་དུས། རང་ངོས་ནས་བདེན་ཞེན་གྱི་འཛིན་པ་གདིང་ནས་ལོག་པས། གཟུང་ཡུལ་འདི་ལྟར་སྣང་བའི་ཆོས་ཐམས་ཅད་གང་ལ་བལྟས་ཀྱང་སྒྱུ་མའི་དཔེ་བརྒྱད་ཀྱི་སྣང་ཚུལ་དང་འདྲ་བར་སང་མ་སེང་སྙིང་པོ་གཞི་འཛིན་ས་འདི་ཡིན་ཞེས་བརྗོད་དུ་མེད་པ། འལ་མ་འོལ་སྙིང་པོ་མེད་ཀྱང་ལྟར་སྣང་ལ་གསོག་གསོབ་ཡ་མ་བརླ་ཐོ་ཡོར་མིར་འཁྲུལ་བཞིན་དུ་མཐོང་དུ་ཡོད་པ། ཟང་མ་ཐལ་ངོ་བོ་གཏད་སོ་ངོས་བཟུང་དང་བྲལ་བའི་རིག་སྟོང་ལས་མ་འདས་པར་ར་རིའི་སྣང་བ་དང་ཟབ་ཟེབ་ཀྱི་ཆོ་འཕྲུལ་གཏད་མེད་རིག་པའི་རང་འགྲོས་ལ་ཤར་ཏེ། གཟུགས་སྣང་། སྒྲ་གྲགས། དྲན་རིག་མྱོང་ཚོར་ཐམས་ཅད་སྔར་བཞིན་མེད་པར་སྟོང་པ་གཏད་ཡལ་རིན་པོ་ཆེ་གསེར་གླིང་ལ་ཐོན་དུས་ས་རྡོ་ཕལ་བ་བཙལ་ཡང་མི་རྙེད་པ་བཞིན་དུ་སྣང་བ་ལ་ཤེས་པ་གང་ཤར་ཡང་། དྲན་རྟོག་གི་འཕྲོ་མཐུད་དུ་མེད་པས་རིག་པ་གཅིག་གི་ཁོར་ཡུག་ལ་ཕྱམ་གདལ་ཏེ་ཐ་མལ་པའི་རྟོག་པ་འཆར་དུ་མེད་པའི་སྐབས་སུ། འདི་ལྟར་རང་བཞིན་དོན་གྱི་གནས་ལུགས་རྟོགས་ནས་ཐ་མལ་གྱི་སྐྱེ་བོ་དང་མི་འདྲ་བར་བྱུང་བ་འདི་སྨྱོའམ། རྨི་ལམ་གྱི་སྣང་བ་ཡིན་ནམ། ང་སྨྱོས་པའམ་གཞན་གཞན་སྨྱོས་སམ། ཡང་མཚམས་རེར་ཐམས་ཅད་ཀྱིས་གཏད་མེད་རིག་སྟོང་རྗེན་པའི་སྣང་བ་རྟོགས་པ་སྙམ་བྱེད་ནས། འདི་ལ་མི་རྟོགས་པ་ཅི་ཡོད་དེ་འདི་བཞིན་ནོ་སྙམ་པ་དང་། ཡང་སྐབས་རེར་མ་རྟོགས་སེམས་ཅན་གྱི་འཁྲུལ་སྣང་རྒྱུན་འབྱམས་པ་ལ་ཚད་མེད་ཀྱི་སྙིང་རྗེ་སྐྱེ་བ་ཡིན་ནོ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཡིན་པས་རྟོགས་པ་མཐོ་དམན་སྙིང་རྗེས་ཚད་འཛིན་ཐུབ་པ་ཡིན། རྗེ་མི་ལས། ང་སྨྱོ་བ་ཆོས་ཀྱི་དབྱིངས་སུ་སྨྱོ། །ཞེས་གསུངས་པ་བཞིན་དུ་རྟོགས་པས་མྱོས་པའི་མཐར་ཐུག་ལ་མགུར་དབྱངས་ཀྱི་དོ་ཧ། གྲུབ་བརྙེས་གོང་མ་རྣམས་ལ་ཀློང་རྡོལ་གྱིས་འབྱུང་བ་ལྟ་བུའོ། །འདིའི་དུས་ན་གཟུང་འཛིན་རང་ལོག་གི་ཆོས་སྐུ་ཁོང་ནས་ཤར་བས། བདག་ཏུ་འཛིན་པའི་ཞེན་ཡུལ་དག་པ་ཞེས་བྱ་སྟེ། མུ་ཏིག་ཕྲེང་བ་ལས། རང་བཞིན་སྣང་བའི་ཆོས་རྣམས་ལ། །དྲི་མ་མེད་པས་ཕྲ་རགས་ལོག །གཟུང་འཛིན་མེད་པས་འཁྲུལ་བ་ལོག །འགྱུ་བ་མེད་པས་ལས་རླུང་ལོག །ཟང་ཐལ་ཡིན་པས་དངོས་པོ་ལོག །གསལ་བ་ཡིན་ཕྱིར་སྟོང་པ་ལོག །ཡེ་ནས་རྫོགས་པས་བསྐྱེད་རིམ་ལོག །རྩོལ་བ་མེད་པས་སྤྱོད་པ་ལོག །མ་བཙལ་བཞག་པས་སྒོམ་པ་ལོག །རང་གྲོལ་ཡིན་པས་སྣང་བ་ལོག །མངོན་དུ་སྣང་བས་ལྟ་བ་ལོག །སྒྲ་ཚིག་མེད་པས་ཐ་སྙད་ལོག །ཡོད་མ་མྱོང་བས་ཞེན་པ་ལོག །མེད་མ་མྱོང་བས་གཞན་ལྟོས་ལོག །གཟུང་དུ་མེད་པས་བློས་བཏགས་ལོག །ཉག་གཅིག་ཡིན་པས་གྲངས་མཐའ་ལོག །ཅེས་པ་དང་། ཀློང་དྲུག་པ་ལས། ཚོགས་དྲུག་སྣང་བའི་སེམས་ཉིད་ལ། །རྟོག་ཚོགས་རྣམས་ནི་རང་སར་དག །སྒྲ་ཚིག་སྣང་བའི་སེམས་ཉིད་ལ། །ཐ་སྙད་མིང་རྣམས་རང་སར་དག །རགས་པར་སྣང་བའི་སེམས་ཉིད་ལ། །འབྱུང་བཞིའི་རྐྱེན་རྣམས་རང་སར་དག །གཟུང་འཛིན་སྣང་བའི་སེམས་ཉིད་ལ། །བཅིངས་པའི་བདག་འཛིན་རང་སར་དག །ཡོད་པར་སྣང་བའི་སེམས་ཉིད་ལ། །དངོས་པོ་རྣམས་ནི་རང་སར་དག །མེད་པར་སྣང་བའི་སེམས་ཉིད་ལ། །སྟོང་པ་ཉིད་རྣམས་རང་སར་དག །ཡོད་དང་མེད་པའི་སེམས་ཉིད་ལ། །གྲུབ་པའི་མཐའ་རྣམས་རང་སར་དག །ཆོས་སུ་སྣང་བའི་སེམས་ཉིད་ལ། །རང་གི་མཚན་ཉིད་རང་སར་དག །ཆོས་མེད་སྣང་བའི་སེམས་ཉིད་ལ། །འཁྲུལ་བ་རྣམས་ནི་རང་སར་དག །གཉེན་པོར་སྣང་བའི་སེམས་ཉིད་ལ། །དྲི་མ་རྣམས་ནི་རང་སར་དག །བབས་ལས་གྲུབ་པའི་སེམས་ཉིད་ལ། །གཞི་གཞག་ཆེན་པོ་རང་སར་དག །ཅེས་སོ། །རིག་པ་བར་མེད་ནམ་མཁའ་ལྟ་བུའི་ངང་ལ་ཡུལ་སེམས་གང་དུ་སྣང་ཡང་། སྣང་ཤེས་གང་ཤར་ཐམས་ཅད་རིག་པའི་རྩལ་དང་རོལ་བར་རྟོགས་ནས། ཤར་ནའང་རིག་པའི་ངང་ཤར་རྒྱུ་རིག་པ་ལས་གཞན་མེད་པ། གནས་ནའང་རིག་པའི་ངང་གནས་ས་རིག་པ་མ་གཏོགས་གཞན་མེད་པ། སྣང་སྲིད་འཁོར་འདས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ཀྱང་། རིག་ངོར་མེད་སྣང་སྟོང་པ་ལས་གཞན་ཞིག་མེད་པ་ཤར་དུས། རང་སྣང་གི་ཆོས་ཀྱི་ངོ་བོ་སྟོང་པ་དང་། སེམས་ཉིད་ཀྱིི་ངོ་བོ་སྟོང་པ་གཉིས་ཀ་སྟོང་པ་རིགས་གཅིག་གིས་ཁྱབ་པས་ན་སྟོང་པ་ཆེན་པོའི་དབྱིངས་གཅིག་ལ་རྣམ་པར་དག་པ་ཡིན། རིག་པ་སྐྱེ་མེད་ཀྱི་གཞི་དེའི་སྟེང་ལ་རྣམ་ཤེས་འགག་མེད་དུ་ཤར་ཡང་། ཕྱི་ཡུལ་མེད་པ་གསལ་སྣང་། ནང་སེམས་བྱ་འཕུར་རྗེས་མེད་ལ་དག་སོང་དུས། སྨྲ་བསམ་བརྗོད་བྲལ་དུས་གསུམ་མཉམ་ཉིད་ཀྱི་དགོངས་པ་རང་གནས་ཡིན་པ་དེའི་རང་ཞལ་མཇལ་བའོ།།

༼ཁ གཉིས་པ་རྟོགས་པ་ཁོང་ནས་ཤར་བའི་སྣང་བ་གཏད་མེད་གཞན་ཡང་བསྟན་པ།

དེ་ལྟར་རྟོགས་པ་ཁོང་ནས་ཤར་བའི་སྣང་བ་གཏད་མེད་གཞན་ཡང་བསྟན་པ།

དགྲ་གཉེན་ཆགས་སྡང་ཉེ་རིང་འདུ་ཤེས་བྲལ།།

ཉིན་མཚན་རིས་མེད་མཉམ་པར་ཕྱམ་གཅིག་པས།།

དམིགས་གཏད་མཚན་མར་འཛིན་པའི་འཁོར་བ་སངས།།

རང་བྱུང་ཡེ་ཤེས་ངང་ཞེས་མི་རྟོག་པས།།

བླང་དོར་སྤང་གཉེན་གཟེབ་ལས་འདས་པ་ཡིན།།

འདི་ལྟར་རྟོགས་ན་གཉིས་མེད་ཡེ་ཤེས་ཏེ།།

རང་བྱུང་ཀུན་ཏུ་བཟང་པོའི་དགོངས་པར་ཕྱིན།།

ལྡོག་པའི་གནས་མེད་ཟད་པའི་སར་ཕྱིན་ཏོ།།

ཞེས་གསུངས་ཏེ། རྟོགས་པ་ཁོང་ནས་ཤར་ཞིང་སྣང་བ་གཏད་མེད་དུ་གནས་པ་འདིའི་དུས་ན་རྟོགས་པ་ཉིན་མཚན་འདྲེས་པས་འཁོར་ཡུག་ཆེན་པོར་ཤར་བ་ནི། དགྲ་ལ་མི་དགའ་བ་རིང་བར་འཛིན་པ་མེད་པས་མཚན་མོའི་རྣམ་རྟོག་ཆོས་ཉིད་དུ་སངས་པ་དང་། གཉེན་ལ་དགའ་གདུང་དུ་ཞེན་པ་ཉེ་བར་ཆགས་པ་མེད་པས་ཉིན་མོའི་ཀུན་རྟོག་དབྱིངས་སུ་སངས་ཏེ། དགྲ་ལ་སྡང་བ་མེད་པ་མཚན་དང་། གཉེན་ལ་ཆགས་པ་མེད་པ་ཉིན་མོ་ཡིན་དགོས་པའི་ངེས་པ་མེད་ཀྱང་། འདི་ནས་ཚིག་གི་ཐ་སྙད་ཀྱི་ཟོར་ཡང་བའི་ཆེད་དུ་དེ་ལྟར་གསུངས་པ་ཡིན། སྤྱིར་སྔ་འགྱུར་བའི་མན་ངག་སྤྱི་དང་། ཁྱད་པར་དུ་རྒྱལ་བ་ཀློང་ཆེན་པའི་གསུང་ནི་དོན་གྱིས་སྤྱི་རྒྱ་གཅོད་པའི་ཁྱུང་ཆེན་མཁའ་ནས་ལྡིང་པ་ལྟ་བུ་ཞིག་ལས་ཚིག་གི་ཐ་སྙད་ཀྱི་ཟུར་དང་སྣེ་རེ་རེ་ལ་སྒྲིམ་པ་རྟོག་གེའི་བསྟན་བཅོས་དང་འདྲ་བ་མ་ཡིན། བསམ་ཡས་ལུང་མང་པ་ཞེས་གྲགས་ལ། ལུང་ཁུངས་ལ་ལ་འདྲ་འདྲེས་ཡོད་ཀྱང་དེ་ནི་ཁྱད་ཆོས་ཡིན་པས་སོར་བཞག་གནང་དགོས་ཚུལ་མཁས་པ་གོང་མ་དག་གསུངས་པའི་རྒྱུ་མཚན་ཡང་དེས་ཡིན་ནོ། །ཉིན་མཚན་གཟུང་འཛིན་གྱི་འཁོར་བ་སངས་པས། རིག་པ་ཆོས་སྐུའི་ངང་ལ་གནས་ཀྱང་། གཉེན་པོ་མཆོག་འཛིན་གྱི་བློ་དང་བྲལ་བས་ཤེས་བྱའི་དྲི་མ་རང་སར་གྲོལ་ཞིང་། བླང་དོར་དགྲ་གཉེན་གྱི་ཕྱོགས་རིས་མེད་པས་ཉོན་མོངས་པའི་སྒྲིབ་པ་རང་གྲོལ་དུ་དག་པ་ནི། རང་བྱུང་ཀུན་ཏུ་བཟང་པོའི་དགོངས་པར་ཕྱིན་པ་སྟེ། ཆོས་ཟད་པའི་ས་ལ་ཐུག་པ་ཞེས་བྱའོ། །རྫོགས་པ་ཆེན་པོ་འདིའི་ལུགས་ཀྱིས་ཁྲེགས་ཆོད་དང་། ཐོད་རྒལ་གཉིས་ལས་ཟད་པའང་སྣང་སྟོང་གཉིས་ཀྱིས་ལམ་གྱི་ཚོད་འཛིན་ཏེ། ཐོད་རྒལ་ཉམས་སུ་བླངས་པས་འོད་གསལ་གྱི་སྣང་བ་སྔོན་ཐོག་ཏུ་ཟད་ནས་ནམ་མཁའ་སྤྲིན་དང་བྲལ་བ་ལྟར་སོང་དུས་སྣང་བའི་ཆོས་ཉིད་ཟད་པ་སྟེ། དེའི་དུས་སུ་ནང་གི་ཉོན་མོངས་དང་གདོས་བཅས་ཐམས་ཅད་ཟད་པས་ཚེ་འདིར་སངས་རྒྱས་པའི་རྟགས་ཚད་ལ་ཕེབས་པའོ། །ཁྲེགས་ཆོད་ཆིག་ཆོད་དུ་རྟོགས་པ་རྣམས་ཀྱིས་རིག་པ་ཀ་དག་རྗེན་ལ་བུད་པས་དེའི་རྩལ་འཁོར་འདས་ཀྱི་ཞེན་རྟོག་བཟང་ངན་ཐམས་ཅད་དག་ནས། གང་ལྟར་བསམས་ཀྱང་ཉོན་མོངས་དང་རྣམ་རྟོག་གཞི་གྲོལ་ལ་སངས་ནས་སྐྱེ་བ་མེད་པ་ནི། སྟོང་པའི་ཆོས་ཉིད་ཟད་པ་ཞེས་བྱ་སྟེ། ནམ་ལངས་ཉི་ཤར་གྱི་དུས་སུ་མུན་པ་བཙལ་གྱིས་མི་རྙེད་པ་ལྟར། གཟུང་འཛིན་གཞི་གྲོལ་དང་རྒྱ་གྲོལ་ལ་སངས་པ་སྟེ། ཚེ་འདིས་ཆོས་ཟད་ཀ་དག་གི་སར་གཤེགས་པས། འཁོར་འདས་རྒྱ་གྲོལ་གྱི་རྣལ་འབྱོར་པ་ཞེས་བྱ་སྟེ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དྷེ་ཀེ་བཛྲ་ཡི་ཞལ་སྔ་ནས། རྒྱ་གྲོལ་རྣལ་འབྱོར་ནམ་ལངས་ཉི་ཤར་འདྲ། །ཆོས་སྐུའི་སྣང་བ་ཡིན་ནོ་ཨེ་མ་ཧོ། །ཞེས་གསུངས་པ་བཞིན་ནོ། །དགོངས་པ་གདེང་དུ་གྱུར། རྟོགས་པ་ཉིན་མཚན་འདྲེས་ནས། རིག་སྟོང་འཛིན་མེད་ཆེན་པོའི་ཁོར་ཡུག་གཅིག་ལ་ཤར་སོང་དུས། དགྲ་གཉེན་སྡང་དང་ཆགས་པའི་ཉེ་དང་རིང་བའི་ཀུན་རྟོག་དང་འདུ་ཤེས་དབྱིངས་སུ་སངས་ཏེ། གཟུང་དང་འཛིན་པའི་འཁོར་བ་དག་པས། ཕྱི་ཡུལ་དུ་སྣང་ན་ཡང་དེ་ལ་འཛིན་པ་མ་ཞུགས། ནང་སེམས་སུ་ཤར་ཡང་དེ་ལ་དམིགས་གཏད་མེད་པར་དག་དུས་གཉེན་པོ་མཆོག་འཛིན་གྱི་བློ་དང་ལྟ་སྒོམ་ལ་མངོན་རློམ་ཙམ་ཡང་མེད་པ་དང་། བླང་དོར་དགྲ་གཉེན་གྱི་ཕྱོགས་རིས་མེད་པས་སྒྲིབ་གཉིས་རང་དག་ཏུ་སོང་སྟེ། གཞི་རང་མལ་གྱི་ཆོས་ཉིད་དང་པོ་ནས་བདེ་བ་ཆེན་པོ་ཡིན་པ་ལ། བློ་རང་གནས་ཀྱི་རིག་པ་བདེ་ཆེན་གཉིས་མེད་དུ་འདྲེས་ཏེ་གཅིག་ཏུ་གྱུར་པ་ནི་གནས་ལུགས་ཟད་པའི་ཆོས་ཉིད་དུ་འཁྱོལ་བ་ཞེས་པ་ནི་དེའོ། །གཟུང་འཛིན་གཞི་གྲོལ་དང་། ཡེ་གྲོལ་ཆོས་ཉིད་ཀྱི་ནམ་མཁའ། རྒྱ྄་གྲོལ་དེ་ལྟར་རྟོགས་པའི་རིག་པ་འཆིང་རྒྱ་ལས་གྲོལ་བ་ལ། ནམ་ལངས་ཉི་ཤར་གྱི་དུས་སུ་མུན་པ་བཙལ་ཀྱང་མི་རྙེད་པ་ལྟ་བུའི་སྟོང་གསལ་ཆོས་སྐུའི་དགོངས་པ་ལ། དོ་ཧ་རྡོ་རྗེའི་གླུ་ཡི་ཨེ་མ་ཧོ་ཞེས་ངོ་མཚར་བའི་ཚིག་གིས་རྟོགས་པའི་འདྲ་འབག་ལ་ཆེད་དུ་བརྗོད་པས་བསྔགས་པའོ། །ཀློང་ཆེན་པའི་གནས་ལུགས་མཛོད་ལས། རང་བྱུང་ཡེ་ཤེས་ཁོང་ནས་ཤར་བ་དང་། །རྒྱུ་འབྲས་མཚན་མོའི་མུན་པ་སངས་པ་དང་། །དགེ་སྡིག་སྤྲིན་ཚོགས་གང་ཡང་མེད་པ་ན། །ཆོས་དབྱིངས་མཁའ་ལ་དོན་དམ་ཉི་མ་ཤར། །ཞེས་པ་དང་དོན་གཅིག་གོ །འདིའི་དུས་ན་ཁྱབ་རྫོགས་ཡངས་པ་ཕྱམ་གདལ་གྱི་དགོངས་པ་ལ་གནས་པས། ཉོན་མོངས་པ་ཐམས་ཅད་ཆོས་ཉིད་དུ་གྲོལ་བ་མངོན་དུ་གྱུར་ཏེ། གཞན་ངོར་ཉོན་མོངས་པ་ལྟར་སྣང་བ་དང་། ཡིད་ལ་དྲན་པ་ངག་ཏུ་འབྱུང་བས་ཚོར་བ་རགས་པར་མངོན་ཡང་། རྣལ་འབྱོར་པ་དེ་ལ་ཟང་མ་ཐལ་བྱུང་དུ་སོང་བས་ནམ་མཁའ་ལ་རྫས་མི་ཆགས་པ་ལྟར་སྐྱོན་དང་དྲི་མས་མ་གོས་ཤིང་། དགེ་སྡིག་གི་མཐའ་ལས་འདས་པས་འཆིང་གྲོལ་མེད་པ་སྟེ། མུ་ཏིག་ཕྲེང་བ་ལས། ཡོངས་ལ་ཁྱབ་པས་གཞན་བྱུང་འགགས། །རང་ཤར་ཡིན་པས་མུན་པ་སངས། །སྙིང་པོ་ཡིན་པས་ཆོས་སྐུར་ཁྱབ། །གསལ་བར་སྣང་བས་ལོངས་སྐུར་རྒྱས། །མ་བུ་འཕྲད་པས་སྤྲུལ་སྐུར་བྱུང་། །རྟོགས་སུ་ཡོད་པས་ཐབས་སུ་བྱུང་། །བསམ་འདས་ཡིན་པས་དྲན་པ་སངས། །རྟག་ཆད་མེད་པས་གྲུབ་མཐའ་རྫོགས། །བཅུད་དུ་དྲིལ་བས་རིག་པ་གསལ། །ཞེས་པ་དང་། ཁྱབ་རྫོགས་ཡངས་པ་ཕྱམ་གདལ་དང་། ཉོན་མོངས་ཆོས་ཉིད་དུ་གྲོལ་བ་ཞེས་པའི་དོན་སྔོན་རྗེས་སུ་བཀྲལ་བ་ནི། ཆོས་ཉིད་སྤྲོས་བྲལ་ནམ་མཁའ་དང་མཉམ་པའི་ཆོས་སྐུའི་དགོངས་པ་ཡིས་ཁྱབ་ཅིང་རྟག་ཆད་ཕྱོགས་ལྷུང་མེད་པའི་གྲུབ་མཐར་རྫོགས་པ་གང་ཡིན་པ། སྐུ་གསུམ་དགོངས་པའི་ཀློང་ཡངས་པ། མཚོན་བརྗོད་དཔེ་ལས་འདས་པའི་ཕྱམ་གདལ་བ་དེའི་དགོངས་པའི་དོན་ལ་གནས་པའི་རྣལ་འབྱོར་པ་དེ། དགེ་སྡིག་མཐའ་ལས་འདས་ནས་འཆིང་གྲོལ་གཉིས་ཀའི་མུ་ཟད་སོང་བས། ཐད་ནས་བལྟས་ན་སྐྱོན་དང་དྲི་མ་ལྟར་སྣང་ན་ཡང་། ནམ་མཁའི་ཁམས་ལ་རྫས་མི་ཆགས་པ་བཞིན་དུ་ཟང་ཐལ་རིག་སྟོང་རྗེན་པའི་གནས་ལུགས་ལ་རང་བྱན་ཆུབ་པས་དོན་ལ་སྐྱོན་དང་དྲི་མས་མ་གོས་པའོ། །དེའི་དོན་ད་དུང་ལུང་གིས་བཀྲལ་བ་ནི། ཀློང་དྲུག་པ་ལས། ཐོག་བབས་ཆེན་པོའི་སེམས་ཉིད་ལ། །སྣང་བ་ཐད་ཀ་རང་སར་དག །ཡིན་པར་སྣང་བའི་སེམས་ཉིད་ལ། །བརྫུན་གྱི་ཚིག་རྣམས་རང་སར་དག །མིན་པར་སྣང་བའི་སེམས་ཉིད་ལ། །མ་བྱིན་ལེན་པ་རང་སར་དག །ཡིན་དང་མིན་པའི་སེམས་ཉིད་ལ། །མི་ཚངས་སྤྱད་པ་རང་སར་དག །འཆལ་བ་མེད་པའི་སེམས་ཉིད་ལ། །ངག་འཁྱལ་རྣམས་ནི་རང་སར་དག །ཡུལ་ལ་སྣང་བའི་སེམས་ཉིད་ལ། །ཕྲ་མའི་ཚིག་རྣམས་རང་སར་དག །འགྱུ་བར་སྣང་བའི་སེམས་ཉིད་ལ། །འདོད་ལོག་རྣམས་ནི་རང་སར་དག །ཀ་ནས་དག་པའི་སེམས་ཉིད་ལ། །སྲོག་གཅོད་པ་ཡང་རང་སར་དག །རྐྱེན་དུ་སྣང་བའི་སེམས་ཉིད་ལ། །བརྣབ་སེམས་རྣམས་ནི་རང་སར་དག །འབྲས་བུར་སྣང་བའི་སེམས་ཉིད་ལ། །གནོད་སེམས་རྣམས་ནི་རང་སར་དག །སྒྲ་རུ་སྣང་བའི་སེམས་ཉིད་ལ། །གྲག་པ་རྣམས་ནི་རང་སར་དག །གཟུགས་སུ་སྣང་བའི་སེམས་ཉིད་ལ། །འཛིན་པའི་ཆ་རྣམས་རང་སར་དག །དྲི་རུ་སྣང་བའི་སེམས་ཉིད་ལ། །ཤེས་པའི་ཆ་རྣམས་རང་སར་དག །རོ་ཉིད་སྣང་བའི་སེམས་ཉིད་ལ། །མྱོང་བྱེད་ཤེས་པ་རང་སར་དག །རེག་ཏུ་སྣང་བའི་སེམས་ཉིད་ལ། །རེག་བྱའི་ཤེས་པ་རང་སར་དག །ཆོས་སུ་སྣང་བའི་སེམས་ཉིད་ལ། །སྤྱི་དང་རང་འཛིན་རང་སར་དག །བདག་ཏུ་སྣང་བའི་སེམས་ཉིད་ལ། །ཞེན་པའི་བློ་རྣམས་རང་སར་དག །བདག་མེད་སྣང་བའི་སེམས་ཉིད་ལ། །ཆ་དང་བྲལ་བ་རང་སར་དག །ཅེས་སོ།།

༼ག གསུམ་པ་བཅོས་མ་ལྟར་སྣང་བའི་འདྲ་གཞི་སྤང་བ།

རྟོགས་པ་ཀློང་དུ་གྱུར། ཉམས་ལེན་གདེང་དུ་ཚུད་པའི་རྣལ་འབྱོར་པ་སྣང་ཤེས་གཞི་གྲོལ་དུ་སོང་བ་ལ་དེ་ལྟར་ཡིན་ན་ཡང་། འདྲ་འདྲ་བ་ལ་ནོར་དོགས་ཡོད་པ་སྟེ། ཁྱད་པར་དུ་དུས་སྙིགས་མའི་སྐབས་སུ་མ་རྟོགས་མངོན་རློམ་གྱི་ང་རྒྱལ་ཅན་ཕྱོགས་ཙམ་རྟོགས་པ་ཚིག་གི་འགྲོས་རེ་དེད་ཤེས་ཀྱང་། ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་པས་རང་ཉིད་ལམ་ནོར་ལ་འཁྱར་བས་མ་ཚད། གཞན་དག་ཀྱང་དེར་འཁྲིད་ཅིང་ལོག་རྟོག་གི་མུན་པར་འཕྱན་ནས་ངན་འགྲོ་ལོག་ལམ་ལ་རང་འགྲོ་གཞན་འཁྲིད་བྱེད་པ་ལ་ཇི་མི་སྙམ་པའི་ལོག་ལྟ་ཅན་དག་དེ་ལས་ལྡོག་པའི་ཆེད་དུ། ཞར་ལ་བཅོས་མ་ལྟར་སྣང་བའི་འདྲ་གཞི་སྤང་བ་ནི།

རང་བྱུང་ངང་ནས་མཉམ་ཉིད་མ་རྟོགས་པར།།

གཉིས་མེད་ཉིད་ཅེས་ཚིག་ལ་མངོན་ཞེན་ནས།།

ཅི་ཡང་མི་དམིགས་ཡིད་དཔྱོད་གདེང་འཆའ་བ།།

ལོག་རྟོག་ཉིད་དེ་མ་རིག་མུན་པའི་ཀློང་།།

ཞེས་གསུངས། གང་དག་རིག་པ་རྗེན་པར་ནི་མ་རྟོགས། སྐྱེ་མེད་ནམ་མཁའ་ལྟར་དགེ་སྡིག་གི་མཐའ་ལས་འདས་སོ་སྙམ་ནས། དོན་དམ་སྟོན་པའི་ཚིག་རླབས་པོ་ཆེ་རྣམས་རང་ཉམས་དང་མི་སྦྱོར་བར་ཐད་དྲང་དུ་སྨྲ་ཞིང་། ཀུན་སྤྱོད་རྩིང་ལ་ཡིད་དཔྱོད་ལ་གདེང་དུ་འཆའ་བ་དེ་དག་ནི་ལོག་རྟོག་བཅོས་མའི་གང་ཟག་རྣལ་འབྱོར་པར་འཆོས་པ་ཞེས་བྱ་སྟེ། ཕལ་ཆེར་བདུད་ཀྱིས་བསླུས་པར་རིག་པར་བྱ་སྟེ། དེ་ལ་འཁོར་ལ་སོགས་པ་འདུ་བ་མང་ཡང་ལོག་པར་འགྲོ་བའི་ལམ་ལ་འདྲེན་པས་ན། དེས་རང་ཉིད་དེ་ལྟར་སོང་བ་མ་ཚོར་བར་ངེས་པས། ཡང་དག་པའི་ལམ་དུ་འགྲོ་བར་འདོད་པས་ནི་འཁོར་ལ་སོགས་པའི་ཚོགས་པ་སྤངས་ལ། ཡང་དག་པའི་བླ་མ་བསྟེན་ནས་གཅིག་པུ་ཆོས་ཉིད་ཀྱི་དོན་ཉམས་སུ་ལེན་པར་བྱས་ན། དེ་ལས་བཟློག་པར་འགྱུར་ཏེ། རིག་པ་རང་ཤར་ལས། དེ་ཡང་མེད་པར་འདི་ལྟར་བྱུང་ན། ཁ་ཚིག་ལ་དཔྱོད་ཅིང་གཏིང་མ་རྟོགས་པའི་རྟགས་ཡིན་ནོ། །ཡང་སྨྱོན་པ་ལྟ་བུར་བྱུང་ན་བར་ཆོད་ཀྱི་བདུད་བྱུང་བ་ཡིན་པས། ཚོགས་རྒྱ་ཆེན་པོ་བཏང་ལ་ཉམས་སུ་བླང་ངོ་། །ཞེས་གསུངས་སོ། །དེང་སང་ནི་འདི་ལྟ་བུ་ཤིན་ཏུ་མང་ངོ་། །བཅོས་མ་ཡིན་པ་ལ་ངོ་མ་དང་འདྲ་བའི་འདྲ་གཞི་སྤོང་བའི་གདམས་ངག་བསྟན་པ་སྟེ། དེང་སང་ནི་འདི་ལྟ་བུ་ཤིན་ཏུ་མང་ངོ་ཞེས་གསུངས་པ་འདི་ད་ལྟ་ནས་རྩིས་པའི་མི་ལོ་བདུན་བརྒྱའི་ཡར་སྔོན་ཀུན་མཁྱེན་ཆེན་པོ་བྱོན་སྐོར་ལ་དེ་ལྟར་མང་ན། དེང་སང་ལྷག་ཏུ་ཅི་འདྲའི་མི་མང་ན། འདི་ནི་རང་བཞིན་བླ་མའི་ཚུལ་བཟུང་ནས་ཆོས་གཞན་ལ་བཤད་མཁན་དང་། བླ་མ་མི་བསླུ་བ་ཞིག་ལ་བསྟེན་ནས་གདམས་པ་ཉམས་ལེན་རང་རྒྱུད་ལ་འབྱོར་དགོས་བསམ་པ་ཀུན་ལ་ཕན་ཐོགས་ཅན་གྱི་སྨན་མཆོག་ཅིག་སྟེ། སྐྱེ་བོ་གང་དག་རྫོགས་པ་ཆེན་པོའི་ཆོས་སྒོ་ལ་ཞུགས་ནས་གདམས་ངག་ཟབ་མོའི་སྨིན་གྲོལ་གྱི་རིམ་པ་བརྒྱུད་ནས་ཞུས་ཞུས་ཐོབ་ཐོབ་མང་བས། གོ་ལོ་ཐོས་ལོ་མང་རབ་བྱས་ན་ཡང་། དོན་རང་བྱུང་གི་ཡེ་ཤེས་རང་ལ་ཡོད་པའི་རིག་པ་རྗེན་པའི་ངོ་འཕྲོད་མེད་པའམ། འཕྲོད་ཡོད་ཀྱང་དེའི་ངང་སྐྱོང་བའི་ཉམས་ལེན་ཞན་ནས། ལྟ་བ་གོལ་ཤོར་ནོར་གསུམ་གྱི་འཕྲང་ལ་སྡུག་ནས། རང་ངོ་སྐྱོང་སྟེ་རང་བབས་སུ་འཇོག་རྒྱུའི་རིག་པ་རྗེན་ལ་བུད། ཞེན་འཛིན་ཤུགས་ལ་དོར་བའི་མཉམ་ཉིད་ཀྱི་དགོངས་པ་མ་རྟོགས་པས། གཉིས་མེད་མཉམ་པ་ཆེན་པོའི་ཉམས་ལེན་ཡིད་དཔྱོད་ཅིག་ལ་བློ་གཏད་ནས། གཉིས་མེད་མཉམ་པ་ཆེན་པོ་སྐྱེ་མེད་ནམ་མཁའ་ལྟ་བུ་དགེ་སྡིག་གི་མཐའ་ལས་འདས་པ་རེད་ཟེར་བ་སོགས་དགོངས་སྤྱོད་མཐོན་པོའི་དོན་དམ་ཐད་དྲང་ལ་བསྟན་པའི་ཚིག་རླབས་ཆེན་ཏག་ཏག་ཁྱེར་ཡོང་ནས་རང་གི་རྒྱུད་ཚོད་དང་མི་བསྟུན་པར་འཆད་པའི་དུས་སུ། ལས་ཐུར་དུ་འགྲོ་བའི་བསོད་ནམས་དམན་པ་ཆ་རེ་འཁོར་དུ་འདུས་ཚེ། བདུད་སྡེས་དེ་འདྲ་བ་ལ་གྲོགས་བྱེད་པ་ཡིན་པས། མངའ་ཐང་གཟི་བྱིན་རྒྱས་པས་མངོན་པའི་ང་རྒྱལ་གྱིས་ང་ནི་མ་འདྲ་བ་ཞིག་ཡིན་སྙམ་ནས། ཅི་ཡང་མི་དམིགས་པའི་ཡིད་དཔྱོད་སེམས་ཀྱི་སྤྲོས་པ་ལ་གདེང་འཆའ་བའི་དུས་སུ་ལོག་རྟོག་མུན་པའི་ཀློང་ལ་རང་ཉིད་འཕྱན་པས་མ་ཚད། མ་ཚོར་བཞིན་དུ་གཞན་དག་ཀྱང་ལམ་དེར་འཁྲིད་ཉེན་ཡོད་པས། བདུད་དང་བགེགས་ཞེས་པ་དེ་འདྲ་དང་མི་འདྲའི་ཟོལ་གྱིས་རང་རྒྱུད་ལ་ཞུགས་ནས་བསླུ་བ་མང་ཞིང་། བདུད་ཀྱི་ནང་ནས་བདུད་ཚབས་ཆེན་ཡང་དེ་ཡིན་པས་ཡང་དག་མ་ནོར་བའི་ལམ་ལ་འགྲོ་འདོད་པ་དག་གིས་དང་པོ་ནས་འཁོར་སྡུད་བའི་འདེང་མ་བྱེད་པར་གཅིག་པུར་ཉམས་ལེན་ལ་འབོད་ཅིག་ཅེས་གདམས་པའོ།།

༼ང བཞི་བ་མཉམ་རྫོགས་གཞི་ཀློང་ཡངས་པར་སྐལ་བཟང་རྣམས་ཀྱིས་རང་ངོ་རྟོགས་པར་གདམས་པ།

ད་ནི་དོན་བསྡུ་བ་མཉམ་རྫོགས་གཞི་ཀློང་ཡངས་པར་སྐལ་བཟང་རྣམས་ཀྱིས་རང་ངོ་རྟོགས་པར་གདམས་པ་ནི།

དེ་ཕྱིར་རང་བྱུང་འཕོ་འགྱུར་མེད་པ་ལ།།

བསམ་རྫོགས་རྒྱལ་པོ་གཉིས་སུ་མེད་པར་སྦྱང་།།

ཁམས་གསུམ་ཡོངས་གྲོལ་འཁོར་འདས་གཉིས་མེད་དོན།།

རང་བཞིན་ཁོང་ནས་རང་ཤར་ཆོས་སྐུའི་རྫོང་།།

མཁའ་ལྟར་རྣམ་དག་དཔེ་ལས་འདས་པ་འབྱུང་།།

ཞེས་གསུངས་ཏེ། ཆོས་ཉིད་དང་སེམས་ཉིད་དབྱེར་མེད་པ་དེ་བཞིན་དུ་རང་ཉམས་ལ་གོམས་ཤིང་སྦྱངས་སྟོབས་ཀྱིས་ཁོང་ནས་རྟོགས་པ་ནམ་མཁའ་ལྟ་བུ་རང་ཤར་བ་ནི་ཆོས་སྐུ་རྡོ་རྗེའི་རྫོང་འཆོས་པས། མཐའ་བྲལ་རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ་པ་ནི། ངོ་བོ་མཐའ་གྲོལ་ཆོས་སྐུ། རྟོག་པ་རང་གྲོལ་རྒྱུད་ཆེན། འབྲས་བུ་རང་སངས་རྣམ་དག་དང་གསུམ་དུ་འབྱུང་བར་ངེས་ཏེ། རྫོགས་པ་ཆེན་པོ་ཉམས་རྫོགས་ལྷུན་མཉམ་གྱི་གཞི་ཀློང་ཡངས་པའི་ངང་དུ་རིག་པའི་རང་ངོ་ཇི་བཞིན་རྟོགས་པའི་རྣལ་འབྱོར་པས། ལྟ་བའི་འཕྲང་ལས་གྲོལ། སྒོམ་པའི་ངང་མདངས་བསྐྱངས་ན། འབྲས་བུ་འཕོ་འགྱུར་མེད་པ་བསམ་རྫོགས་རྒྱལ་པོ་གཉིས་མེད་མཉམ་པ་ཆེན་པོ་སྤང་ལེན་མེད་པར་སྦྱང་བ་སྟེ། དེ་ལྟ་བུའི་རྣལ་འབྱོར་པས་གཟིགས་ན་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་མ་གྲོལ་བ་མེད་པར་རྟོགས་ཤིང་ཤར་བ་ཡིན་པས། ཉོན་མོངས་གནས་སུ་དག་པའི་ཁམས་གསུམ་ཡོངས་གྲོལ་འཁོར་འདས་གཉིས་མེད་ཀྱི་དོན་རྟོགས་པ་ཡིན། དབྱིངས་ཆོས་ཉིད་ཀྱི་རང་བཞིན་དེ་ལྟར་ཡིན་པ་དེ་ཉིད་རང་སེམས་དག་པའི་ཆོས་ཉིད་དང་དབྱེར་མེད་དུ་རང་ཉམས་ལ་གོམས་ཤིང་རྟོགས་པ་མ་བཅོས་སོ་མ་དེ་ལྟ་བུར་ཤར་དུས། གང་ཤར་རིག་པར་ཤར་བའི་རིག་པ་རྡོ་རྗེའི་ཆིངས་ལས་མ་འདས་པ་ཡིན་ལ། དེ་ནི་རང་ཤར་ཆོས་སྐུའི་རྫོང་། མཁའ་ལྟར་རྣམ་དག ཉི་བཞིན་འོད་གསལ་བ་སོགས་ལ་དཔེས་ཀྱང་མཚོན་པ་མེད་པའི་མཐའ་གྲོལ་ཀློང་ཡངས་ཀྱི་རྫོགས་པ་ཆེན་པོ་ལྷུན་གྱིས་གྲུབ་པ། ངོ་བོ་མཐའ་གྲོལ་ཆོས་སྐུའི་ལྟ་བ་དང་། རྟོག་པ་རང་གྲོལ་རྒྱུད་ཆེན་གྱི་སྒོམ་པ། འབྲས་བུ་རང་སངས་རྣམ་དག་གི་སྤྱོད་འབྲས་གཉིས་བསྟན་པའོ། །རིམ་པ་བཞིན་ལུང་དང་སྦྱར་བ་ནི། ཐལ་འགྱུར་ལས། བྱ་བ་མེད་པས་གྲོལ་བ་མེད། །བྱུང་བ་མེད་པས་གནས་པ་མེད། །འགྲོ་བ་མེད་པས་འོང་འཁོར་ཟད། །བྱས་བྱུང་གཅིག་དང་གཉིས་མེད་པའོ། །ཐ་སྙད་འཁྲུལ་བ་ཙམ་དུའང་མེད། །ཡོད་མེད་ལས་ཀྱི་འཇུག་པ་སྟོང་། །ཡེ་ནས་འབྲས་བུ་བློ་བྲལ་ཉིད། །སྨྲ་བསམ་བརྗོད་པ་ཀུན་འདས་པའོ། །ཞེས་དང་། ངོ་བོ་མཐའ་གྲོལ་ཆོས་སྐུར་རྟོགས་པ་ནི་རང་བཞིན་རྫོགས་པ་ཆེན་པོའི་བྱ་བྲལ་ཀློང་ཆེན་གྱི་ལྟ་བ་ཡིན་ལ། ཕྱིའི་ཆོས་ཅན་ལ་བལྟས་པས་ཅི་སྣང་གང་ཤར་ཐམས་ཅད་ཆོས་ཉིད་ཀྱི་རོལ་བར་གྲོལ་ནས་སྣང་སྟོང་མཐའ་བྲལ་ལ་ཤར། ནང་ཆོས་ཉིད་ལ་བལྟས་ཡོང་ན་དེ་བཞིན་དུ་མུ་མཐའ་མེད་པར་རང་སེམས་སྐྱེ་མེད་སྨྲ་བསམ་བརྗོད་པ་ཀུན་འདས་ལ་སྣང་ཞིང་། གསང་པ་རིག་པ་ལ་བལྟས་ཡོང་ན་ཡེ་སྟོང་ཀ་ནས་དག་པ་མཐའ་བྲལ་དྲི་མ་མེད་པར་མཐོང་བའོ། །མུ་ཏིག་ཕྲེང་བ་ལས། རང་ལས་བྱུང་བས་གྲོལ་ཞེས་བྱ། །གནས་པ་ཡིན་པས་ཁྱབ་ཅེས་བྱ། །མཚན་མ་མེད་པས་སྟོང་ཞེས་བྱ། །ནུབ་པ་མེད་པས་ཤར་ཞེས་བྱ། །གདོས་བཅས་མིན་པས་ཟང་ཐལ་ལོ། །གྲོལ་བར་གནས་པས་ལོག་ཅེས་བྱ། །སྣ་ཚོགས་སྣང་བས་གདངས་ཞེས་བྱ། །གཉིས་སུ་མེད་པས་གཅིག་པུ་ཉིད། །ཐམས་ཅད་བསྐྱེད་པས་རྒྱུ་ཞེས་བྱ། །མ་ལུས་རྫོགས་པས་འབྲས་བུ་ཉིད། །དམིགས་པ་དག་པས་ལམ་ཞེས་བྱ། །འཁྲུལ་བ་ཟད་པས་ལུང་ཡང་ཡིན། །རང་ལ་གནས་པས་རྒྱུད་ཅེས་བྱ། །མཚོན་དུ་ཡོད་པས་མན་ངག་ཡིན། །གྲངས་ལས་ལོག་པས་རྩིས་ཞེས་བྱ། །ཞེས་པ་དང་། རྟོག་པ་རང་གྲོལ་གྱི་རྒྱུད་ཆེན་ལྟ་བས་ཇི་ལྟར་ཐག་བཅད་པ་དེའི་ངང་སྐྱོང་བ་སྒོམ་པ་ཡིན་པས་ལྟ་བའི་ངང་སྒོམ་པས་བསྐྱངས་ཏེ། སྒོམ་པའི་ཉམས་རྩལ་རང་རྒྱུད་ནས་རྫོགས་པའི་རང་གྲོལ་ཁྱབ་པ་ཆེན་པོ་དེ་ལ་མཚན་མ་མེད་པས་སྟོང་ཞེས་བཏགས་ལ། ནུབ་པ་མེད་པས་ཤར་བ་དང་། དེ་བཞིན་དུ་ཟང་ཐལ་དང་། གྲོལ་བ་དང་། གདངས་དང་། གཅིག་པུ་དང་། གཞི་ལམ་འབྲས་གསུམ་སོགས་གང་ནས་བཤད་ཀྱང་། རྒྱུད་ལུང་མན་ངག་གསུམ་པོའི་དགོངས་པ་གཅིག་ལ་འདུས་པའི་ལྷུན་གྲུབ་རང་ཤར་འཇིག་པ་མེད་ཅིང་ནུབ་པ་མེད་པའི་གཞི་ལྟ་བའི་ངང་དུ། ལམ་སྒོམ་པའི་རྩིག་པ་བརྩིགས་པ་དང་མཉམ་དུ་སྤྱོད་པས་ལྟ་སྒོམ་གྱི་བོགས་དབྱུང་བ་དང་། འབྲས་བུ་རང་སངས་རྣམ་དག་གི་མཁར་གྱི་ཐོག་ཇི་ལྟར་ཕིབས་པ་ནི། ཀློང་དྲུག་པ་ལས། དམིགས་པར་སྣང་བའི་སེམས་ཉིད་ལ། །དམིགས་བྱེད་ཆ་རྣམས་རང་སར་དག །བློ་ཚོགས་སྣང་བའི་སེམས་ཉིད་ལ། །ཚོར་བ་རྣམས་ནི་རང་སར་དག །ཡིད་དུ་སྣང་བའི་སེམས་ཉིད་ལ། །དཔྱོད་བྱེད་ཆ་རྣམས་རང་སར་དག །གཟུགས་སུ་སྣང་བའི་སེམས་ཉིད་ལ། །འབྱུང་བ་འདུས་པ་རང་སར་དག །རྣམ་ཤེས་སྣང་བའི་སེམས་ཉིད་ལ། །རྒྱུ་རྐྱེན་རྣམས་ནི་རང་སར་དག །ཚོར་བ་སྣང་བའི་སེམས་ཉིད་ལ། །ཉམས་མྱོང་རྣམས་ནི་རང་སར་དག །འདུ་ཤེས་སྣང་བའི་སེམས་ཉིད་ལ། །གཟུང་འཛིན་ཆ་རྣམས་རང་སར་དག །འདུ་བྱེད་སྣང་བའི་སེམས་ཉིད་ལ། །ཉོན་མོངས་གྲངས་རྣམས་རང་སར་དག །རྟོག་འཛིན་སྣང་བའི་སེམས་ཉིད་ལ། །དྲན་པའི་གཟུང་རྣམས་རང་སར་དག །ཅེས་སོ། །འབྲས་བུ་རང་སངས་རྣམ་དག་རེ་དོགས་རང་དག་གི་འབྲས་བུ་སྟེ། ཕྱི་ཡུལ་དུ་སྣང་བའི་ཆོས་ཐམས་ཅད་རིག་པའི་རང་གདངས་ཤེལ་འོད་ལྟར་མ་འགགས་པའི་ཡོན་ཏན་དུ་ཤེས་པས་གཞན་དུ་འཛིན་པའི་བློ་དང་བྲལ་བ་སྟེ། གཟུང་བའི་ཡུལ་མ་གྲུབ་ནང་གི་ཆོས་རིག་པ་ཟང་ཀ་རྗེན་པར་བུད་པ་ཤེལ་གོང་ལྟར་རྟོགས་པས་འཛིན་པའི་སེམས་མེད་དེ་ཀ་དག་ཆོས་ཟད། ཡུལ་སེམས་གཉིས་མེད་བྱང་ཆུབ་སེམས་ཀྱི་རང་སྣང་རོལ་བའི་དབྱིངས་སུ་རྟོགས་པས་ཆོས་ཉིད་རང་བྱུང་གི་ཡེ་ཤེས་གཅིག་པུར་ཆོས་ཐམས་ཅད་རོ་གཅིག་པ་སྟེ། འབྲས་བུ་རང་སངས་རིག་པ་བྱང་ཆུབ་ཀྱི་སེམས་ཡེ་ནས་འཕོ་འགྱུར་མེད་པ་འདོད་དགུ་ལྷུན་གྱིས་གྲུབ་པའི་ཆོས་སྐུའི་རྫོང་ཆེན་གྱི་རྩེ་མོ་ལ། རིན་ཆེན་ནོར་བུ་མི་ནུབ་རྒྱལ་མཚན་གྱི་ཏོག་ཏུ་བཙུགས་པ་བཞིན་དུ། མཉམ་རྫོགས་གཞི་ཀློང་ཡངས་པའི་ཕ་མཁར་གྱི་རྫོང་ཆེན་ལ་བརྗིད་ཉམས་བསྣན་པའོ།།

༼ག༽བཞི་བ་རྟོགས་པ་ནམ་མཁའ་ཀློང་ཡངས་སུ་དོན་གྱི་སྙིང་པོ་གཅིག་ཏུ་བསྡུ་བ།

བཞི་བ་ལེའུའི་དོན་བསྡུ་བ་སྟེ། ད་ནི་འཛིན་ཞེན་མེད་པའི་རྟོགས་པ་ནམ་མཁའ་ཀློང་ཡངས་སུ་དོན་གྱི་སྙིང་པོ་གཅིག་ཏུ་བསྡུ་བ་ནི།

འདི་དང་འདི་ཞེས་སོ་སོར་ཞེན་པའི་བར།།

གཉིས་སུ་གནས་པས་རང་གཞན་འཁྲུལ་བའི་གཟེབ།།

གང་ཚེ་འདི་ཞེས་ཐ་དད་རིས་མེད་ཅིང་།།

ཐམས་ཅད་ཕྱམ་མཉམ་དམིགས་གཏད་མེད་པ་ན།།

གཉིས་མེད་རྟོགས་ཞེས་རྡོ་རྗེ་སེམས་དཔས་གསུངས།།

ཞེས་གསུངས་ཏེ། གང་ཞིག་རིག་པ་ཆོས་སྐུའི་དོན་རྟོགས་པ་དང་། མ་རྟོགས་པའི་ཚད་ནི་འཛིན་ཞེན་གྱི་ཆ་རིག་པ་ལ་ཡོད་པ་དང་མེད་པས་ཕྱེ་བ་སྟེ། ནམ་མཁའ་དག་པ་དང་མ་དག་པ་སྤྲིན་དང་ཁུ་རླངས་ཡོད་མེད་ཀྱིས་ཕྱེ་བ་བཞིན་ནོ། །འདིར་ཡང་རྣལ་འབྱོར་པ་གང་ཞིག་རང་གི་ལྟ་སྒོམ་ལ་སོགས་པ་ལ་ཞེན་པའམ། སྤང་གཉེན་བླང་དོར་གྱི་རིས་སུ་འཛིན་རིང་ལ་གཉིས་སུ་མེད་པའི་རྟོགས་པ་རྒྱུད་ལ་མེད་པར་ངེས་ཏེ། གཉིས་བཅས་རང་མཚན་ལ་ཞེན་པ་དང་མ་བྲལ་བའི་ཕྱིར་རོ། །དེ་ཁོ་ན་ཉིད་ཀྱི་དོན་ལ་དངོས་གྲུབ་བརྙེས་པའི་དཔལ་མགོན་བླ་མ་དམ་པ་ཆོས་ཀྱི་རྗེ་ཀུ་མཱ་རཱ་ཙའི་ཞལ་སྔ་ནས། གནས་ལུགས་རྟོགས་སམ་མ་རྟོགས་ཞེན་པ་དང་བྲལ་བ་དང་མ་བྲལ་བས་ཤེས་ཞེས་གསུངས་པ་བཞིན་ནོ། །དེ་བཞིན་དུ་དོ་ཧ་ལས་ཀྱང་། ཏིལ་གྱི་ཤུན་པ་ཙམ་གྱི་ཟུག་རྔུས་ཀྱང་། །ནམ་ཡང་སྡུག་བསྔལ་འབའ་ཞིག་བསྐྱེད་པར་ཟད། །ཅེས་གསུངས་པ་བཞིན་ནོ། །བྱང་ཆུབ་ཀྱི་སེམས་ལ་གཉིས་སུ་མེད་པར་བསྟན་པའི་ལེའུ་འདིས། དབྱིངས་གཅིག་ལས་ཤར་བའི་སྣ་ཚོགས་ཀྱི་ཆོས་ལ་རང་ངོར་གཉིས་སུ་མེད་པའི་ཆིངས་ཀྱིས་བཅིངས་ནས་བཤད་པ་སྟེ། ཕྱི་ཡུལ་གཞི་བྲལ་སྒྱུ་མ་སྟོང་པའི་གཟུགས་བརྙན་དང་། ནང་སེམས་རིག་པ་ཕྱོགས་མེད་ལྷུན་གྲུབ་ཆེན་པོར་གཏན་ལ་ཕབ་ནས། ལོག་རྟོག་གི་འཕྲང་བསལ་ནས་གཏད་མེད་ཡོངས་གྲོལ་ཆེན་པོ་མཉམ་རྫོགས་གཞི་ཀློང་ཡངས་པའི་རང་ངོ་རྗེན་པར་རྟོགས་པའི་རྣལ་འབྱོར་པའི་ལྟ་སྒོམ་སྤྱོད་འབྲས་དང་བཅས་པའི་རྣམ་གཞག་གིས། རང་ངོ་རྟོགས་ཚུལ་གྱི་གདམས་པ་དང་སྦྲེལ་ནས་བསྟན་པ་སྟེ། ད་ནི་དེ་དག་གི་འགག་བསྡམས་པ་ནི། གཉིས་བཅས་རང་མཚན་གྱི་ཆོས་ལ་ཞེན་པ་མ་དོར་བར་ཡིད་དཔྱོད་རྣམ་རྟོག་གིས། འདི་དག་པ་དང་། འདི་མ་དག་པ་དང་། འདི་བཟང་པོ་བླང་བྱ་དང་། འདི་ངན་པ་སྤང་བྱའོ་སྙམ་པའི་ཞེན་འཛིན་གྱིས་འདི་དང་དེ་ཞེས་ཁྱད་པར་ཕྱེ་བ་བྱེད་པ་ནི། རང་གིས་ཉམས་སུ་བླངས་སམ་གཞན་ལ་དེ་ལྟར་བསྟན་ནམ། མདོར་ན་འཁྲུལ་བའི་གཟེབ་འཆིང་བའི་རྒྱ་ལས་མ་འདས་ཤིང་། གང་ནམ་ཞིག་གི་ཚེ་ལ་འཁོར་འདས་གཉིས་མེད། སྤང་བླང་རིས་མེད་ཀྱི་ཐ་དད་བྱ་དད་བྱེད་གཉིས་སུ་མེད་པར། ཐམས་ཅད་ཆོས་དབྱིངས་ཐིག་ལེ་ཉག་གཅིག་ཆོས་སྐུ་གཅིག་གིི་གཞི་ཀློང་དུ་ཕྱམ་མཉམ་དམིགས་གཏད་མེད་པར་གྱུར་ཚེ། གཉིས་མེད་ཁ་ཡིས་བཤད་པ་ཙམ་མ་ཡིན་པར་གཉིས་མེད་ཀྱི་དོན་རྟོགས་པ་ཡིན་པ་ནི་རྡོ་རྗེ་སེམས་དཔའ་ནམ་མཁའི་དགོངས་པ། གསང་བ་ཟབ་མོའི་གསུང་གི་མཐིལ་གྱིས་བསྟན་པའོ། །འགྲེལ་བས་དཔེར་ན་ནམ་མཁའ་དག་དང་མ་དག་ནི་བར་སྣང་ལ་སྤྲིན་དང་ཁུ་རླངས་ཡོད་མེད་ཀྱིས་ཕྱེ་བ་བཞིན་དུ། རྣལ་འབྱོར་པ་གང་ཞིག་སྤང་གཉེན་བླང་དོར་གྱི་རིས་སུ་འཛིན་པ་ཡོད་ན་གཉིས་མེད་ཀྱི་དོན་མ་རྟོགས་པ་ཡིན་ཏེ། བླ་མ་ཀུ་མཱ་ར་ཛ་ནི་གནས་ལུགས་རྟོགས་དང་མ་རྟོགས་ཞེན་བྲལ་ཡིན་མིན་གྱིས་ཕྱེ་བ་ལྟ་བུའོ། །དོ་ཧ་ཡི་ལུང་གིས་ད་ལྟ་ཟུག་ངུ་ཆུང་ཆུང་ཞིག་ལས་མེད་ཀྱང་ཕྱི་ནས་སྡུག་བསྔལ་ཆེན་པོ་སྐྱེད་པ་སྟེ། གཉིས་འཛིན་གྱི་ནད་གཞི་ཡོད་ཀྱི་རིང་ལ་འཁོར་བའི་སྡུག་བསྔལ་སྐྱེད་པར་བྱེད་དོ། །གང་ལ་ཞེན་འཛིན་དང་བླང་དོར་ལ་བློས་གཏིང་ཚུགས་པའི་མཐའ་མི་འཆའ་ཞིང་ཆོས་དང་ཆོས་མ་ཡིན་པ་འབྱེད་པར་མཁས་ཀྱང་རང་གཞན་གྱི་གྲུབ་མཐའ་དང་ལྟ་སྒོམ་སྤྱོད་འབྲས་ལ་འཛིན་པ་རྡུལ་ཆ་ཙམ་ཡང་མེད་ན། རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཞེས་རྡོ་རྗེ་སེམས་དཔས་གསུངས་ཏེ། ནོར་བུ་ཕྲ་བཀོད་ལས། སྟོང་པ་ཆེན་པོ་ཆོས་ཀྱི་སྐུ། །བརྡ་དང་དམིགས་པས་མཚོན་དུ་མེད། །རྒྱུ་དང་རྐྱེན་མེད་རང་རིག་པ། །སྟོང་དང་མི་སྟོང་མཐའ་ལས་འདས། །ཞེས་པ་དང་། ཐལ་འགྱུར་ལས། དམ་པའི་དོན་ནི་བློ་བྲལ་ནས། །དབང་པོ་ཅིག་ཅར་གྲོལ་བ་ན། །མངོན་སུམ་མཐོང་བའི་གནད་ཀྱིས་ནི། །རང་གི་གྲུབ་པའི་མཐའ་ཞིག་ནས། །གང་ལ་ཞེན་དང་འཛིན་མེད་པར། །ཡང་དག་ཆོས་ཉིད་རོ་མྱངས་ནས། །ཁམས་གསུམ་ལྡོག་པའི་རྟེན་མེད་པར། །མཁའ་ལ་མཁའ་ཉིད་ཐིམ་པ་ལྟར། །རྣལ་འབྱོར་མཆོག་ཀྱང་དེ་བཞིན་ནོ། །ཞེས་གསུངས་སོ། །ཐོས་པས་ཡོན་ཏན་རྒྱུད་ལ་འཛིན་དགོས་ཤིང་། ཡོན་ཏན་གྱི་མཆོག་ཐོས་པ་དམ་པ་དེ་གང་ཞེ་ན། དོན་ཤེས་པ་ཡིན་པས། ཆོས་དང་ཆོས་མིན་འབྱེད་པའི་གནད་དངོས་ནི། ཐ་མར་འཛིན་ཞེན་བླང་དོར་དང་བྲལ་བའི་གནད་ཀྱི་གདིང་མ་ཟིན་ན་ཕན་པ་མེད་པས། རང་གཞན་གྲུབ་མཐའི་ཕྱོགས་རིས་ཁ་འཛིན་དང་། ལྟ་སྒོམ་སྤྱོད་འབྲས་ལ་ཞེན་འཛིན་མེད་པར། བརྡ་དང་དམིགས་པས་མཚོན་དུ་མེད་པའི་ཆོས་སྐུ་སྟོང་དང་མི་སྟོང་གི་མཐའ་ལས་འདས་པའི་རིག་པ་བློ་བྲལ་དོན་དམ་གྱི་གནད་དེ་མཐོང་དུས། ནམ་མཁའ་ལ་ནམ་མཁའ་ཐིམ་པ་བཞིན་དུ་རྟོགས་པ་ནམ་མཁའ་ཀློང་ཡངས་ལ་དོན་གྱི་སྙིང་པོ་འདུས་པ་ཡིན་ནོ་ཞེས་འགག་བསྡམས་པའོ། །ལེའུའི་མཚན། ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། བྱང་ཆུབ་ཀྱི་སེམས་ལ་གཉིས་སུ་མེད་པར་བསྟན་པ་སྟེ། ལེའུ་བརྒྱད་པའི་འགྲེལ་པའོ།། །།དེ་རིང་ལེའུ་བརྒྱད་པའི་མཚམས་འདི་ནས་བཞག་ན་དུས་ཚོད་ཀྱང་ཚང་ནས་འདུག ཆོས་ཁྲིད་རྗེས་མ་དེ་ལེའུ་དགུ་བ་ནས་དབུ་བཟུང་ནས་བཤད་རྒྱུ་བྱེད། ལེའུ་དགུ་བའི་དབུ་དང་པོ་ནས་རིག་པ་ངོ་སྤྲོད་ལ་ཐུག་ཡོད་པས། ད་རེས་ཀྱང་དུས་རྒྱུན་གྱི་ཁྲིད་ཆེན་གྱི་འགྲོས་ལྟར་དུ། དེའི་སྐབས་སུ་བརྡ་དང་དོན་གྱི་ངོ་སྤྲོད་ཕྱག་ལེན་ལ་བསྟར་རྒྱུ་བྱེད་དགོས་པས། སང་ཉིན་གྱི་ཆོས་ཁྲིད་ལ་ཡིད་བཞིན་མཛོད་ཀྱི་དོན་ཁྲིད་རྡོ་རྗེ་སྙིང་པོའི་ཕྱག་དཔེ་རེ་སྣོམས་ཤོག དེ་ཉིན་གྱི་འཕྲོ་ནས་དངོས་གཞིའི་རྣལ་འབྱོར་ལྔ་ཡིས་མགོ་བཟུང་ནས་སྲོག་རྩོལ་དང་འོད་གསལ་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་བཤད་ནས། དེ་ལས་ཁྱད་པར་དུ་སྲོག་རྩོལ་གྱི་རྣལ་འབྱོར་དང་བསྟུན་ཏེ། ད་རེས་རླུང་སྦྱོང་འདི་གལ་ཆེན་དུ་བཟུང་ནས་སང་ཉིན་བརྩིས་པའི་རླུང་སྦྱོང་ཉི་མ་བདུན་ཙམ་ཞིག་ལ་ཁྲིད་སྦྱོང་མཛད་རྒྱུའི་འཆར་འགོད་བྱས་ཡོད། ཆོས་ཁྲིད་དང་ཁྲིད་སྦྱོང་ལ་ཉིན་བཞིན་ཞུགས་རྒྱུ་དེ་ལ་གསར་བུའི་རིགས་ལོ་ཆུང་དེ་སྔོན་འདི་འདྲའི་ནང་དུ་ཞུགས་མ་མྱོང་བ་དང་། བརྩོན་སེམས་ཀྱི་དམ་བཅའ་ཧ་ཅང་བརྟན་པོ་མ་ཡིན་པའི་རིགས་ལ། འཚེར་སྣང་དང་དཀའ་སྣང་ཡོང་སྲིད་རྒྱུ་རེད། འོན་ཀྱང་ཆོས་དོན་སྙིང་ནས་གཉེར་འདོད་ཡོད་པའི་བརྩོན་སེམས་ཅན་ལ་ནི། དགེ་འདུན་འདུས་པ་མང་ཚོགས་འདི་འདྲ་ཞིག་དང་མཉམ་དུ་ཁྲིད་སྦྱོང་བྱེད་རྒྱུ་ད་རུང་ཡུན་ཅུང་ཟད་རིང་ན་ཅི་མ་རུང་། འདུས་པའི་བྱིན་རླབས་ཀྱིས་ཉམས་ལེན་གྱི་བསྐྱེད་རྒྱག་ལུགས་འདྲ་ས་མི་འདུག་དགོངས་མཁན་ཡང་ཡོད་ངེས་ཅན་རེད། གང་ལྟར་ཚང་མས་སྐུ་ངལ་འོ་བརྒྱལ་ལ་མི་འཛེམ་པར་ཆོས་ཁྲིད་ལ་ཆག་མེད་ཀྱིས་ཞུགས་པ་དང་། ཁྱད་པར་དུ་ཕྱོགས་ནས་ཕེབས་པ་དག་དང་། རྫོགས་ཆེན་ཚང་གི་གཞུང་གྲྭ་ཆེ་རིམ་པ་རེ་གཉིས་ཀྱིས་ཁྲིད་སྦྱོང་ལ་འབད་པ་ཆེར་བསྐྱེད་མཛད་རྒྱུ་དེ་ཚོ་ལ་རྗེས་སུ་ཡི་རང་ཞུ་བ་ཡིན། སྡུག་བསྔལ་གྱི་རྣམ་གྲངས་མང་པོས་གཟིར་བའི་འཁོར་བའི་གནས་འདི་ནས་ཐར་བའི་ཐར་བ་ཞིག་ཐོབ་དགོས་ན་སྒོམ་བརྒྱག་དགོས་པས་མ་ཚད། རང་གཞན་གཏན་གྱི་བདེ་བ་ལ་འགོད་པའི་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཞིག་ཐོབ་དགོས་ན་དེ་ལས་ཀྱང་སྒོམ་བརྒྱག་དགོས། སྒོམ་མ་བརྒྱབ་པར་སངས་རྒྱས་ཐོབ་རྒྱུ་ཞིག་མི་སྲིད་པའི་ཚུལ། མ་སྒོམ་སངས་རྒྱས་རྒྱལ་བས་མ་གསུངས་སོ་ཞེས་གསུངས་པ་ཡིན། སྦྱངས་ནས་བྱང་དགོས་པ་དང་། བསྒོམས་ནས་གོམས་དགོས་པ་ཡིན། དེ་མིན་པར་འཁྲུལ་བ་རྒྱ་འབྱམས་ཀྱི་ངང་ལ་གློད་བཞག་དུས་མ་འཁྲུལ་དོན་གྱི་ཡེ་ཤེས་ཤིག་ཇི་ལྟར་རྙེད་ཡོང་། རིག་ངོ་འཕྲོད་ཡོད་པ་རྣམས་ཀྱིས་ལྷག་པར་དུ་སྒོམ་དགོས་ཏེ། རིག་ངོ་འཕྲོད་ཀྱང་དེའི་ངང་མ་གོམས་ན། རྣམ་རྟོག་དགྲས་ཁྱེར་གཡུལ་ངོའི་བུ་ཆུང་བཞིན། །ཡུལ་རྐྱེན་མི་ཐེག་ཐ་མལ་བ་དང་མཚུངས། །ཉམས་སྣང་མི་འཕེལ་སྒོམ་པའི་ལག་རྗེས་བྲལ། །ཞེས་གསུངས་པ་ཡིན། རྫོགས་པ་ཆེན་པོ་སྒོམ་མེད་ཀྱི་ཆོས་ལ་དམིགས་གཏད་མཚན་མ་ཅན་གྱི་སྒོམ་ཞེན་འཛིན་ཅན་ཞིག་རྒྱག་རྒྱུ་མེད་ཀྱང་། སྒོམ་དུ་མེད་ཀྱང་ངང་བསྐྱང་རྒྱུ་ཡོད་པ་ཡིན། ཡང་འགའ་རེས་སེམས་ལ་ང་ལ་རིག་ངོ་ཞེས་པ་དམིགས་བསལ་བ་ཞིག་སྤྲད་མ་མྱོང་། རྫོགས་ཆེན་གྱི་ཁྲིད་ཞུ་བ་ནི་ད་རེས་ཐེངས་དང་པོ་ཡིན། ཅི་སྒོམ་འདི་སྒོམ་གཅིག་ཀྱང་མི་འདུག་ཙོག་ཙོག་བྱས་ནས་བསྡད་འདུག་དུས་རྣམ་རྟོག་འདྲ་མི་འདྲ་འདི་མི་ཤར་བསམ་རྒྱུ་ཞིག་མི་འདུག་སྙམ་ན། དེ་ཡང་སྒོམ་གྱི་ཕྱོགས་ལ་གོམ་པ་ཞིག་སྤོས་སོང་བ་ཡིན། དེ་སྔོན་ལ་རྣམ་རྟོག་གི་སྤྲིན་ཁ་འཚུབ་ནས་ཚུལ་མིན་ཡིད་བྱེད་ཀྱི་ཁ་ལོ་སྒྱུར། ཉོན་མོངས་དུག་ལྔའི་དུག་འཐུང་སྟེ་ལུས་སེམས་གཉིས་ཀྱི་སྡུག་བསྔལ་མྱོང་བའི་ཁུངས་ཤིག་མཐོང་བ་ཡིན། དེ་ཡང་ལོན་མ་མྱོང་པའི་ཡོང་སྒོ་ཆེན་པོ་ཞིག་ཡིན། ད་རུང་དེ་ལ་མཐུད་ནས་སེམས་རྣམ་རྟོག་དེ་ཇི་འདྲ་ཞིག་ཡིན་པར་བརྩད་བཅད་ཡག་བྱས་ནས་ཞིབ་ཀྱིས་ལྟ་ཡག་གྱིས་དང་། ངོ་བོ་ཅི་འདྲ་ཞིག་ལ། རྣམ་པ་ཇི་ལྟར་སྣང་བ་དང་། རང་བཞིན་ཇི་ལྟ་བུ་ཡིན་པ་དང་བརྟག་པར་གྱིས་དང་། ཡོད་རྒྱུ་ཅན་གྱི་དངོས་པོ་ཞིག་ཡིན་དུས་དེ་ལྟར་བརྟགས་དཔྱད་བྱེད་རྒྱུ་ལོས་ཡོད། དབྱིབས་དང་ཁ་དོག ཟུར་བཞི་ལོགས་བརྒྱད། ཐོག་ཞབས་ཐམས་ཅད་ལ། དཔེར་ན་རྒྱུ་དངོས་པོ་ཉོ་ཚོང་བྱེད་པའི་ཚོང་རྫས་ཤིག་ལ་ལྟ་ལྟ་བྱས་ནས་ལྟོས་དང་ལྟ་རྒྱུ་ཞིག་ལོས་ཡོད། དེ་དག་མེད་པ་ཡིན་ན་མེད་པའི་རྟགས་རེད། གལ་ཏེ་མེད་པ་རི་བོང་གི་རྭ་འདྲ་འདྲ་ཡིན་ན་དྲན་བསམ་དེ་གང་ནས་བྱུང་བ་འདུག་ལ་སོགས་པས་དཔྱད་ནས་ཕུགས་ཆོད་དང་། ཡུལ་དང་ཡུལ་ཅན་གཉིས་ཀའི་ཐོག་ནས་འདི་རེད་ཟེར་ནས་མཛུ་གུ་བཙུགས་ས་མ་ལོན་པར། ཡོད་མེད་གཉིས་ཀའི་ཟེར་ཐག་མི་ཆོད་སར་ཐོན་ན། དེ་དུས་སེམས་ཀྱི་བྱུང་གནས་འགྲོ་གསུམ་གྱི་ཕུགས་ཆོད་ནས་གཞི་མེད་རྩ་བྲལ་སེམས་ཀྱི་གནས་ལུགས་ལ་ཉེ་ནས་ཡོད་པ་ཡིན། རྣམ་རྟོག་ཤར་དུ་ཆུག ཤར་བའི་རྩལ་རྫོགས་སུ་ཆུག ཡང་ནས་ཡང་དུ་ཤར་དུ་ཆུག དེ་ནས་དེའི་རྗེས་མཐུད་མེད་པའི་མ་བཅོས་བཟོ་མེད་ཀྱི་ངང་ལ་བཞག་ནས། ཁོ་ལ་ཅི་ཞིག་བྱེད་རྒྱུ་ཡོད་འདུག་ལྟོས་དང་། གཞི་མེད་ཡེ་གྲོལ་གྱི་ངང་ལ་སྤྲིན་ནམ་མཁའ་ལ་དེངས་པ་དང་འདྲ་བར་འགྲོ་བ་ཡིན། འཇིག་རྟེན་པའི་སེམས་ཀྱི་སྟེང་ནས་འཇིག་རྟེན་ལས་འདས་པའི་སེམས་ཉིད་ཐོབ་དགོས་པ་ཡིན། སེམས་ཀྱི་ཐོག་ནས་སེམས་ཀྱི་ཆོས་ཉིད་རྙེད་དགོས་པ་ཡིན། རྣམ་རྟོག་ཤར་རྒྱུ་མེད་དུས་ཤི་སོང་བ་ལོས་ཡིན། རྣམ་རྟོག་རང་གྲོལ་དུག་ལྔ་ཡེ་ཤེས་ལྔ་ཡི་ངོ་བོར་ཤར་དུས་སྒོམ་སྐྱེས་པ་ཡིན། ད་ཙོག་ཙོག་བྱས་ནས་བསྡད་དུས་རྣམ་རྟོག་ཤར་ཡོང་བར་འདུག་སྒོམ་དུ་མི་འཇུག་གོ་ཞེ་ན། སྒོམ་གྱི་གདན་པ་དེ་ནས་འཇོག་དགོས་པ་ཡིན། དེའི་སྟེང་ནས་སྒོམ་ཡོང་དགོས་པ་རེད། དགུན་ཁ་ཆུ་འཁེངས་ནས་དར་དུ་འགྱུར་བ་ལྟ་བུ་དེ་འཁྲུལ་བའི་སེམས་རེད། མ་འཁྲུལ་བ་དེ་སེམས་ཀྱི་ཆོས་ཉིད་དབྱར་ཁ་ཆུ་མ་འཁེངས་ནས་ཆུ་རང་གི་ངོ་བོ་ལ་ཡོད་པ་ལྟ་བུ་དེ་རེད། དར་ཆུ་མ་ཡིན་ཡང་དར་གྱི་ངོ་བོ་ཆུ་ལས་མ་འདས་པ་བཞིན་དུ་སེམས་ཡེ་ཤེས་མ་ཡིན་ཡང་དེའི་སེམས་ཀྱི་ཆོས་ཉིད་ཡེ་ཤེས་རེད། དེ་འདྲའི་སེམས་ཉིད་འཁྲུལ་མ་མྱོང་བའི་ཡེ་ཤེས་དེ་སུ་ལ་ཡང་ཡོད་རྒྱུ་ཞིག་ཡིན། ང་ལ་ཨེ་ཡོད་ཅི་ཤེས་བསམ་ག་ལ་དགོས། དེའི་སྟབས་ཀྱིས་སུས་བསྒོམས་ནའང་གོམས་སུ་ཡོད་ཅིང་། སེམས་ཅན་སུས་སངས་རྒྱས་བསྒྲུབས་ན་འགྲུབ་རྒྱུ་ཡོད་པ་ཡིན། གོམས་ནས་འཁྲུལ་བའི་དྲི་མ་དག་ནས་སེམས་ཀྱི་ཆོས་ཉིད་ཡེ་ཇི་བཞིན་པ་མངོན་དུ་གྱུར་ཡག་རེད་དུས་སངས་རྒྱས་པ་ཡིན། དེ་ཡང་ཇི་ཙམ་ངང་དུ་གྱུར་ན་དེ་ཙམ་གྱི་ཡོན་ཏན་ཐོབ་རྒྱུ་ཡོད་པ་དེས་ན་ལས་དང་པོ་བས་ལུས་ཀྱི་འདུག་སྟངས་བཅས་ནས་སེམས་ཀྱི་གཞག་ཐབས་ལ་ཞོག དེ་ཡང་སྔར་རྗེས་མ་བཅད་འདས་པའི་འདུ་ཤེས་དོར། ཕྱིས་འདུན་མ་བསུ་ཡིད་ཀྱི་འབྲེལ་ཐག་བཅད་ནས་དར་ཅིག་ལ་སྡོད་དང་། དེ་ཙམ་གྱིས་ཀྱང་མི་རྟོག་པའི་ཏིང་འཛིན་སྐྱེ་བ་ཡིན། སྒོམ་རྒྱག་དུས་དབུགས་ཀྱི་རྒྱུ་བ་དལ་མོ་གྱིས་དང་རྣམ་རྟོག་དབང་དུ་འདུས་ནས་འཁྲུལ་རྒོད་ཀྱི་འཚུབ་མ་རང་སར་འཇགས་རྒྱུ་ལ་ཕན་ཐོགས་ཡོད་པ་ཡིན། རླུང་སེམས་གཉིས་ཀ་བྱེད་ལས་གཅིག་པ་ལྡང་ནས་རྣམ་རྟོག་གི་འཚུབ་མ་ལྡང་བ་རེད། འཁོར་བའི་སེམས་ལ་ལྟོས་དང་སེམས་རྣམ་ཤེས་ཚོགས་བརྒྱད་དུ་དབྱེ་རུ་ཡོད་ཅིང་། འགའ་རེ་རྟོག་བཅས་དང་། འགའ་རེ་རྟོག་མེད་ཡིན། མི་རྟོག་རྨུན་པོའི་ཀུན་གཞིའི་ངང་དུ་བག་ལ་ཞ་རྒྱུ་དེ་འཇིག་རྟེན་པའི་སེམས་རེད། ཇི་ཙམ་བསྒོམས་ནའང་འཁོར་བ་ལས་མི་འདའ་ཞིང་། བསོད་ནམས་མེད་ན་སྲིད་རྩེ་ལ་མི་སྐྱེ་བར་ས་འོག་གི་འཕྱི་བ་དགུན་ཟླ་གསུམ་གཉིད་འགྲོ་བ་ལ་སོགས་པའི་ལུས་ལེན་འགྲོ་བའང་གསུངས་ཡོད། དྲན་མེད་ལྕགས་མཁར་སྒོ་མེད་ཀྱི་ནང་ལ་ཚུད་ན་དེ་འདྲ་རེད། རྣམ་རྟོག་འཕྲོ་རྒོད་ཀྱི་དབང་ལ་ཤོར་ནས་རང་དབང་མེད་ན་སྐྱོན་ཆེ་བས་མ་ཚད། རྟོག་མེད་ལྕགས་མཁར་སྒོ་མེད་ཀྱི་ནང་ལ་ཚུད་ནའང་དེ་ལས་ཀྱང་སྐྱོན་ཆེ་བ་ཡིན། དེས་ན་ཚོགས་བརྒྱད་སེམས་ལས་གྲོལ་བའི་ཆོས་དབྱིངས་གཡོ་བ་མེད་པ། དབྱིངས་དང་ཡེ་ཤེས་ཐ་མི་དད་པ། སྟོང་གསལ་ཀ་དག་གི་རིག་པའི་ངོ་བོ་ལ་གནས་པའི་རིག་པ་རྗེན་ལ་བུད་ན། དེ་ལ་གོལ་ས་ཞིག་དང་ནོར་ས་ཤོར་ས་ཞིིག་མེད་པ་ནི་ཆོས་དབྱིངས་མཛོད་ཀྱི་ནང་ནས་གསུངས་པ་ལྟར་དུ་རེད། ཡིན་ན་ཡང་དེ་ལ་ཡིད་དཔྱོད་ཀྱི་བློ་ཡིས་བཟོ་འཆོས་དང་སྒྲོས་བཏོད་ནས་གཏོར་མ་བཅའ་བཅའ་བྱེད་རྒྱུ་ཞིག་མ་རེད། དེ་ཡིན་ན་བཟོ་མེད་བློ་བྲལ་རྗེན་པ་ཅི་ལ་ཐོགས། རང་བབས་སུ་བཞག་ནས་རང་ངོ་སྐྱོང་རྒྱུ་མ་གཏོགས་པར་གསར་དུ་བཟོས་པ་ཞིག་ག་ལ་ཡིན། གསར་དུ་བཟོས་པ་ཞིག་མིན་པས་ན་རང་བྱུང་ཡེ་ཤེས་ཞེས་གསུངས་པ་ཡིན། མདོར་ན་མ་བཅོས་རིག་པའི་ངོ་བོ་ཐད་ཀར་སྐྱོང་བ་ལས་གཞན་དུ་མེད་པ་ནི་ཆོས་དབྱིངས་མཛོད་ཀྱི་ནང་ནས་གསུངས་པའི་དགོངས་པ་མ་འཁྲུལ་བ་ཡིན་པས། གཏད་མེད་རིག་སྟོང་རྗེན་པའི་ངང་ལ་བཞག་པ་ཙམ་ཞིག་སྒོམ་གྱི་དོན་པོ་རེད། འདིའི་ནང་ལ་མཁན་སྤྲུལ་དགེ་བའི་བཤེས་གཉེན་འདུས་པ་བརྒྱ་ཕྲག་མང་པོའི་དབུ་འཛིན་མཁན་དང་། མཁས་མང་ཚོགས་པའི་དོ་ར་ནས་སྡེ་སྣོད་འཛིན་པ་བརྒྱ་ཚོ་སྟོང་ཚོ་ལ་དཔེ་ཁྲིད་གནང་བའི་མཁས་པའི་དབང་པོ། དེ་བཞིན་དུ་ལོ་མཚམས་ཟླ་མཚམས་མང་པོ་ལ་སྒྲུབ་པ་ཉམས་ལེན་མཛད་ཅིང་བསྙེན་སྒྲུབ་ཚད་ལ་འཁྱོལ་བའི་ཉམས་རྟོགས་ཀྱི་ཡོན་ཏན་ཡོད་པ་ང་བས་ལྷག་དང་ལྷག་ཅི་འདྲ་མང་པོ་འདུག འོན་ཀྱང་སྐྱེས་སྔ་ཕྱི་དུས་རབས་སྔོན་རྗེས་ཀྱི་ཁྱད་ཐང་ཞིག་དང་། དམ་པ་གོང་མ་སངས་རྒྱས་དངོས་བྱོན་དེ་ཚོས་ཞལ་མཇལ་གསུང་ཐོས་ཡོད་མེད་ཀྱི་བརྒྱུད་རིམ་དང་མི་རབས་ཤིག་གི་སྔོན་རྗེས་ཡོད་པའི་སྟབས་ཀྱིས། ང་མཐོ་ས་ཞིག་ལ་འགོས་ནས་མར་ཁ་འཁོར་ནས་ཆོས་ཀྱི་རྒྱུན་རེ་སྤེལ་རྒྱུ་ལ་ཁེལ་བ་རེད། ཁྲིད་དང་བཤད་པ་ཞིག་གི་དོད་ཐུབ་བྱེད་དགོས་དུས་དད་མོས་ལྷག་བསམ་གཙོར་འཛིན་གྱིས་མར་གཅིག་ཞུས་མ་བསྡད་ན་ཐབས་མེད་པ་ལས། ཐོས་བསམ་གྱི་གྲལ་དུ་ཉི་མ་གཅིག་ལ་ཞུགས་མ་མྱོང་བའི་མི་ཡིས་སྡེ་སྣོད་འཛིན་པ་སྟོང་ཕྲག་གི་དབུ་ནས་མར་ཉིན་རྟག་པར་ཅི་ཞིག་བཤད་ཡོང་། གཙོ་བོའི་ཆ་ནས་བསྟན་པ་ཉམས་དམའ་ཉག་ཕྲའི་དུས་རབས་གསར་རྙིང་གི་སྦྲེལ་མཚམས་འདིའི་སྐབས་ནས་བརྒྱུད་པའི་བར་ཐག་སྦྲེལ་བྱེད་ཅིག་ཉན་སོང་བའི་སྐལ་བ་བཟང་པོ་ཐོབ་ནས་ཚེ་ཡི་ལྷག་མ་དོན་ལྡན་དུ་གྱུར་ཐལ་བསམས་པའི་འུར་ལངས་ནས་བཟོ་མ་ཤེས་ཀྱང་བཟོ་བའི་བཟོ་སྟངས། མགར་མ་ཤེས་ཀྱང་མགར་རའི་འདུག་སྟངས་བྱས་བསྡད་ནས། བརྒྱུད་པ་བཟང་པོའི་བྱིན་རླབས་སྙིང་དབུས་སུ་བཅངས་པའི་དད་གདུང་དང་། བསྟན་རྒྱུན་དྲི་མེད་འཛིན་པའི་ལྷག་བསམ་སེམས་ཤུགས་གཙང་མ་གཅིག་པུ་གཙོར་འཛིན་གྱི་ཐོག་ནས་བཤད་མདོག་བྱས་པ་ཡིན། གང་ལྟར་ང་སོ་སོའི་སྐྱེ་བོ་ཐ་མལ་པ་ཞིག་གི་རང་བློས་དཔྱད་པའི་ཚིག་དོན་ལ་འགལ་ནོར་འཁྲུལ་བ་ལོས་ཡོད་ཀྱང་། སྐབས་བབས་གཞུང་ཁུངས་མའི་རྡོ་རྗེའི་ཚིག་མི་ཚིག་གིས་མ་བསླད་པར་ཤར་འདོན་གྱིས་རྒྱུན་སྤེལ་བ་ནི། དོན་དང་ལྡན་པ་སྙིང་པོའི་བསྟན་པའི་སྲི་ཞུ་མཆོག་ཏུ་གྱུར་པ་ཞིག་ཏུ་འགྲོ་བའི་ཡིད་ཆེས་ཡོད་ཅིང་། ཀུན་མཁྱེན་བླ་མས་ཀྱང་ཕྱི་རབས་བརྒྱུད་འཛིན་པའི་མིག་ལྟོས་ལ་དགོངས་ནས། རྩ་བ་རྒྱུད་ཀྱི་རང་ཚིག་ཏག་ཏག་འཁྲུལ་མེད་དུ་གནད་ཀྱི་དོན་པོ་རུ་ཕྱོགས་གཅིག་ཏུ་བསྡེབས་མཛད་ནས། འགྲེལ་བ་རྒྱུད་ཀྱི་ལུང་དངོས་མ་ཏག་ཏག་གིས་མཛད་པ་དེ་ཚོ། གཅིག་ན་བྱིན་རླབས་ཀྱི་ཚན་ཁ་མི་ཡལ་རྒྱུ་དང་། གཉིས་ན་རང་བཟོས་འདོད་གཞུང་གིས་མ་བསླད་པ་ཞིག་དགོས་པའི་དགོངས་པ་ཡིན་པའི་དགོས་གནད་མང་པོ་ཞིག་ཡོད་ངེས་སྙམ། མདོར་ན་དུས་ཀྱི་ཐ་མ་ལ་རྫོགས་པ་ཆེན་པོའི་རྨད་བྱུང་ཆོས་ཀྱི་གྲུ་ཆེན་པོ་ལ་འདི་ལྟར་རང་རེ་ཆོས་གྲོགས་ཚང་མ་དང་མཉམ་དུ་ཞུགས་རྒྱུ་བྱུང་བ་འདི། སྔར་བསགས་བསོད་ནམས་ཀྱི་སྟོབས་དང་། ལས་དང་སྨོན་ལམ་མཐུན་པའི་ཐུགས་བསྐྱེད་དུས་སུ་སྨིན་པ་ཡིན་པ་ནི་བཤད་མེད་ཀྱི་ཐོག་ནས། མི་འགའ་རེས་བལྟས་ན་རྫ་ལུང་གངས་ཁྲོད་དང་། ནགས་གསེང་གི་ཕུ་ནས་མི་འགའ་རེས་དུས་ཚོད་ཉིི་མ་དོན་མེད་ལ་འཕྲོ་བརླག་བཏང་ནས་འདུག་སྙམ་ན་མི་ཤེས་ཀྱང་། འུ་ཆ་ཁ་རང་གིས་བསམས་ན་དུས་སྙིགས་མའི་སྐབས་སུ་དོན་གྱི་བསྟན་པ་ངོ་མ་རྒྱ་མཐོངས་ནང་གི་ཉི་ཞུར་ལྟ་བུའི་རྟོགས་པའི་བསྟན་པ་སྒྲུབ་པས་བཟུང་ཡོད་སྙམ་ནས་སེམས་བདེ་ནས་ཡོད་པ་རེད། ཆོས་ཁྲིད་དབུ་བཙུགས་ནས་ཟླ་བ་གཅིག་ཕར་ཆེར་རེད། དེའི་ཚེ་ལ་བར་ཆད་དང་ཉེ་འཚེ་གང་ཡང་མ་བྱུང་ཞིང་། ད་རུང་ཡིན་ན་ཆོས་དབྱིངས་མཛོད་ཀྱི་ཆོས་ཁྲིད་འདི་ཁྲིད་སྦྱོང་ཟུར་བ་དག་དང་བཅས་པ་ཡོངས་སུ་གྲུབ་པ་ལ་ཟླ་བ་གཅིག་ལྷག་ཙམ་ཞིག་ཡོད་ལ། འདས་པའི་ལོ་བཅུའི་རིང་ལ་སྤྱི་ལྡོག་ནས་བར་ཆད་ཆེ་བ་ཞིག་ཡོང་མ་མྱོང་། ད་རུང་ཡང་འབྱུང་རྒྱུ་མ་རེད། རྣམ་པ་ཚོས་སྒེར་སོ་སོའི་རང་ངོས་ནས་རང་རང་རང་གི་འཚོ་ཁམས་དང་བསྟུན་པའི་མཐུན་རྐྱེན་དང་། ཁྱད་པར་དུ་འཕྲོད་བསྟེན་གྱི་ཕྱོགས་ནས་ཐུགས་གཟབ་མཛོད། འདིའི་ནང་ལ་ཕྱི་ནས་ཕེབས་ཡོང་བའི་དོན་གྱི་ཆོས་པ་རྣམ་དག་བྱ་བཏང་སྦས་པའི་རྣལ་འབྱོར་གྱི་ཚུལ་མཛད་པ་མང་པོ་ཡོད་ངེས་པ་དང་། འདིའི་གཉུག་མར་གནས་པ་གཤིན་རྗེའི་སྒྲུབ་ཕུག་དང་། དཔལ་སྤྲུལ་སྒྲུབ་ཕུག་སོགས་ས་མཐོ་ས་གྲང་ས་ལ། དགུན་གྱི་ཟླ་བ་གསུམ་པོར་བཞུགས་ཡོད་པའི་ཉམས་ལེན་པའང་ཡོད་པ་རེད། དེ་ཚོ་ལ་རྗེས་སུ་ཡི་རང་ཡོད་ལ་ད་རུང་ཡུན་དུ་བཞུགས་ན་དེ་ལས་ཀྱང་བཟང་ཞིང་། འོན་ཀྱང་ཕ་ཡུལ་ཁ་ཐག་རིང་པོ་རེད་ཁྱེད་རྣམ་པ་ལ་མཐུན་རྐྱེན་གྱི་ཕྱོགས་ནས་སྐུ་ངལ་ཅི་ཡོད་གསུངས་ཤོག་དང་། པདྨའི་ཐང་གཞུང་གིས་རོགས་རམ་བྱེད་པ་དང་། ཡང་ན་ས་འདིའི་འབྱོར་ལྡན་པ་ཚོས་ཀྱང་མཐུན་རྐྱེན་ཞབས་ཞུ་ཅི་དགོས་སྒྲུབ་ངེས་ཡིན། མདོར་ན་ཚང་མ་ཐུགས་ལྷོད་ལྷོད་བག་ཕེབས་ཕེབས་མཛད་པ་དང་། ལེགས་ཚོགས་ཐམས་ཅད་ཀྱི་འབྱུང་གནས་སྐུ་གཟུགས་ལ་ཐུགས་བཞག་མཛོད་ཞུ་བ་དང་བཅས་ཏེ། དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱི་དུས་གསུམ་བསགས་ཡོད་ཀྱི་དགེ་རྩ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས། སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལུང་དང་རྟོགས་པའི་བདག་ཉིད་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱི་སྒོ་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་དམ་པ་སྔ་རབས་གཤེགས་པ་རྣམས་ཀྱི་དགོངས་པ་ཡོངས་སུ་རྫོགས། ད་ལྟར་བཞུགས་པ་རྣམས་ཀྱི་སྐུ་ཚེ་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན། ཁྲིམས་གཙང་། བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཀུན་ཏུ་ཆར་ཆུ་དུས་སུ་འབེབས། ལོ་ཕྱུགས་རྟག་ཏུ་ལེགས། མི་ནད་དང་ཕྱུགས་ནད་འཁྲུག་རྩོད་ཐམས་ཅད་རྒྱུན་ཆད། བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་པའི་ཕྱིར་དང་། བདག་ཅག་རྣམས་ཀྱི་ཚེ་འདིའི་ཕ་མ་གཉིས་དང་། དགྲ་བགེགས་གཉིས་ཀྱི་གཙོས་བྱས་པའི་བཟང་འབྲེལ་ངན་འབྲེལ་ཐོགས་པའི་མཐའ་ཡས་པའི་སེམས་ཅན་ཐམས་ཅད་མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་། དེ་མ་ཐོབ་ཀྱི་བར་དུ་ཡང་མཐོ་རིས་ཀྱི་ཡོན་ཏན་བདུན་དང་ལྡན་པའི་ལུས་རྟེན་ཁྱད་པར་ཅན་ཞིག་རྙེད་ནས་ཐེག་པ་ཆེན་པོའི་ཆོས་ལ་ཚུལ་བཞིན་དུ་སྤྱོད་པའི་སྐལ་བ་དང་ལྡན་པའི་ཕྱིར་དུ་རྗེ་བཙུན་འཇམ་དཔལ་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་གནང་བར་ཞུ། །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་། །སྐྱེ་རྒ་ན་འཆིའི་རྦ་རླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག།


previousཉིན་དགུ་བའི་ཆོས་ཁྲིད། next