Nitartha Digital Library
Tibetan
 
previousཉིན་བཅུ་བའི་ཆོས་ཁྲིད། next

ཉིན་བཅུ་བའི་ཆོས་ཁྲིད།

ནམ་མཁའི་མཐའ་དང་མཉམ་པའི་མ་གྱུར་འགྲོ་དྲུག་གི་སེམས་ཅན། གཞི་ཅི་ཡང་མ་ཡིན་པ་ལས་ཅིར་ཡང་ཤར་བའི་གཞི་སྣང་གྲོལ་འཁྲུལ་གྱི་གནས་སྐབས་ན། གཞི་སྣང་རང་སྣང་ཡིན་པར་མ་ཤེས་ནས་གཞན་དུ་བཟུང་བའི་ཁྱད་པར་གྱིས་འཁྲུལ་པ་ཇི་ལྟར་བྱུང་ན། རྒྱུ་མ་རིག་པ་གསུམ་དང་རྐྱེན་བཞི་དམིགས་པ་མ་དག་པའི་ཆ་དེ་ལས་སྣང་བ་གཅིག་ལ་ཤེས་པ་གཟུང་དང་འཛིན་པའི་ཆ་གཉིས་སུ་འཁྲུལ་དུས་ཡིད་དྲུག་འཛིན་པ་མ་འགགས་པར་ཤར་བས་ཉོན་མོངས་པ་དྲུག་བག་ལ་ཉལ་གྱི་ཆར་ཤར་བས་རིག་པའི་ཉི་མ་མ་རིག་པའི་སྤྲིན་གྱིས་བསྒྲིབས་ཏེ་ཡུལ་དྲུག་གི་སྣང་བ་ལ་འཁྲུལ་ཞིང་འཕྱན་པའི་སེམས་ཅན་འདི་དག་ཐམས་ཅད་ལས་འགའ་རེས་ཚ་གྲང་གསོད་གཅོད་ཀྱི་སྡུག་བསྔལ་མྱོང་། འགའ་རེས་བཀྲེས་ལྟོགས་སྐོམ་གསུམ་གྱི་སྡུག་བསྔལ་མྱོང་། དེ་བཞིན་དུ་གླེན་ལྐུགས་བཀོལ་སྤྱོད་དང་གཅིག་ལ་གཅིག་ཟའི་སྡུག་བསྔལ་ལ་སོགས་པ་མྱོང་བའི་དམྱལ་བ་ཡི་དྭགས་དུད་འགྲོའི་ངན་སོང་གི་སྡུག་བསྔལ་དང་ནི། མཐོ་རིས་ལ་མཚོན་ན་ལྷ་འཕོ་ལྟུང་། ལྷ་མ་ཡིན་འཐབ་རྩོད། མིའི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གཙོ་བོར་གྱུར་པའི་སྡུག་བསྔལ་སྣ་ཚོགས་ཟད་མཐའ་མེད་པ་སྟེ། མདོར་ན་ཐམས་ཅད་ཀུན་ཀྱང་སྡུག་བསྔལ་རྣམ་པ་གསུམ་གྱིས་མ་གཙེས་པ་མེད་པ་ནི། དཔེར་ན་རི་དྭགས་རྒྱ་ལ་ཚུད་པའམ། བུམ་ནང་གི་བུང་བ་དེ་ལས་མ་ཐར་བ་བཞིན་དུ་ལུགས་འབྱུང་སྲིད་པའི་འཁོར་ལོ་རྟེན་འབྲེལ་བཅུ་གཉིས་ཀྱི་རྒྱ་རུ་ཆུད་ནས། འཁོར་ཞིང་འཁྱམས་པའི་སེམས་ཅན་འདི་དག་ཐམས་ཅད་སྙིང་རེ་རྗེ་དགོངས་པའི་བཅོས་མིན་གྱི་སྙིང་རྗེ་བསྐྱེད་པར་བྱ་དགོས་པ་ཡིན། སྙིང་རྗེ་བསྐྱེད་པ་དེ་ལའང་བསམ་བློ་ཞིག་བཏང་ནས། སྙིང་རྗེ་མཁན་རང་ཉིད་ལ་ཚུར་བསམ་བློ་ཞིག་བསྐོར་ན། ཐོག་མེད་ནས་ད་ལྟའི་བར་དུ་དབང་མེད་འཁོར་བའི་སེམས་ཅན་ཡོངས་དང་འདྲ་བར་ལས་ངན་བསགས་པའི་རྒྱུ་དེ་ཡིས། ལུས་ངན་འདྲ་དང་མི་འདྲ་འདི་མ་བླངས་བསམ་རྒྱུ་མེད་པ་ཞིག་བླངས་ཏེ་འཁོར་བའི་གནས་འདིར་འཁྱམས་པའི་ཐོག་མཐའ་མི་མངོན་པ་ནི། ད་ལྟའི་སྐྱེ་བ་འདིའི་སྣང་ཤེས་ཀྱིས་ཀྱང་མཚོན་ཐུབ་པ་ཡིན། སྔ་མའི་ལུས་རྟེན་དེ་རིགས་དྲུག་གི་སེམས་ཅན་ཅི་འདྲ་ཞིག་ཡིན་ཡང་། དེ་བོར་ནས་ཕྱི་མའི་ལུས་རྟེན་འདི་བླངས་ཤིང་། རྟེན་དེའི་ལས་དབང་ཅི་འདྲ་ཡིན་པ་དང་། ཚེ་ཚད་ཇི་ཙམ་ཡོད་པ། མི་ཚེའི་བྱ་བ་འདི་དང་འདི་དག་བསྒྲུབས་ནས། དེའི་འཕྲོར་ཡང་འདི་བསྒྲུབ་དགོས་བསམ་པའི་རང་དབང་གི་འཕེན་པ་སྔོན་ལ་བཏང་ནས་ཡོང་བ་ཞིག་ནི། བསམ་བཞིན་སྲིད་པ་བཟུང་པའི་སྤྲུལ་བ་ངོ་མ་ལ་ཡོད་ན་མི་ཤེས་མ་གཏོགས་དཀའ་བ་ཡིན། དེ་ལྟ་བུའི་རང་དབང་རང་ཉིད་ལ་མེད་པའི་སེམས་ཅན་དབང་མེད་ཅིག་གིས་སེམས་ཅན་གཞན་ལ་སྙིང་རྗེའི་སེམས་ཤིག་སྐྱེས་པ་དེ་ཡང་། རྒན་མོ་སེམས་བཟང་གིས་བསམ་པ་དཀར་རྐྱང་ཁོ་ན་ལས། ཁ་ཐབས་ནུས་པས་ཕན་ཐོགས་ཆེ་བ་ཞིག་སྒྲུབ་མ་ཐུབ་པ་དང་གཉིས་སུ་མ་མཆིས་ཤིང་། ཡིན་ན་ཡང་ད་རེས་ཀྱི་ཚུལ་ལ་བསམ་བློ་ཞིག་བཏང་ན། སྔར་གྱི་ལུས་རྟེན་རྣམས་དང་མི་འདྲ་བར་འདི་བསྒྲུབས་ན་དེ་འགྲུབ་འདུག་པར་ཤེས་པས་མ་ཚད། ཇི་ལྟར་བསྒྲུབ་པའི་ཐབས་ཤེས། ཐབས་དེ་སྟོན་པའི་བཤེས་གཉེན་དང་གྲོགས་པོ། རང་མ་འཕྱུགས་ན་ཆོས་དང་མཐུན་རྐྱེན་གྱིས་ཁྱོག་པའི་ཚོད་ལ་ཐོན་ཡོད་པ་ཡིན་ལ། དེ་ལྟར་མིན་པར་མི་ལུས་བླངས་ཀྱང་སངས་རྒྱས་བསྟན་པའི་ཆོས་སྒོ་ལ་མ་ཞུགས། དགེ་ངོ་སྡིག་ངོ་ཙམ་ཞིག་ཀྱང་མ་ཤེས་པར་མི་ཚེ་སྡིག་པ་ཁོ་ནས་འདའ་བར་བྱས་ན། ཡང་ཕྱི་མའི་ངན་སོང་གི་མུན་ནག་རང་མགོ་ལ་འདྲེན་པ་ལས་ལམ་མེད་པར་གྱུར་པ་ཡིན། གལ་ཏེ་ཆོས་ཤིག་ཐོབ་པའི་དབང་དུ་བཏང་ན་ཡང་། ཚེ་འདི་དོན་གཉེར་གྱི་འདུ་འཛི་ཏག་ཏག་གིས་གཡེངས་ནས་མི་བསྲུན་མ་རུངས་པའི་གྲོགས་ངན་གྱི་རྗེས་སུ་འབྲངས་སོང་ན། དེ་ཡང་ཐར་བ་དོན་གཉེར་གྱི་གོ་འགག་སོང་བ་རེད། རབ་ཏུ་བྱུང་བའི་རྟགས་ཙམ་ཞིག་འཆང་མདོག་དང་། དགེ་བའི་ཕྱོགས་ལ་སེམས་གཞོལ་འདོད་ཙམ་རེ་ཡོད་ཀྱང་། སྡིག་པས་བློ་མིག་བཀབ་སོང་དུས་ནམ་གསལ་ལ་མ་གསལ་གྱི་སྣང་བ་དང་འདྲ་བར་རྟགས་ཙམ་བཟུང་བའི་དགེ་སྡིག་བར་མའི་བྱ་བ་ཡིས། མི་ཚེ་གཡང་ལ་བསྐྱུར་ན་ཤི་ཁར་རང་གཞན་གཉིས་ཀའི་དོན་དག་མ་འགྲུབ་པའི་ཞེ་འགྱོད་བློ་ལྷག་ཅིག་དང་ལྷན་དུ། ཤི་མིག་གསོན་ལ་ལྟ་བཞིན་དུ་ཆོས་གོས་ཀྱི་འོག་ནས་ཀྱང་ཆོས་མེད་སྟོང་ལོག་ལག་སྟོང་ལ་འགྲོ་དགོས་པའི་དུས་ཀྱང་ཡོད་པ་ཡིན། དེ་ཡང་དགེ་སྡིག་འདྲེས་མར་སྤྱོད་བཞིན་དུ་ཚིག་གི་ཐོས་པ་ཙམ་ཞིག་དམ་ཆོས་ཀྱི་སྙིང་པོར་བཟུང་བ་དཔེར་ན་ཆུ་མི་ཐུབ་པའི་ཆུ་ལྭ་ཞིག་ཆར་བའི་ནང་དུ་གྱོན་པ་དང་ཁྱད་མེད་པས་ངན་འགྲོའི་འཁོར་བར་མི་སྐྱེ་བ་ལ་ཕན་ཐོགས་མེད་པ་ཡིན། མདོ་སྡེ་མྱང་འདས་ལས། དགེ་སློང་ལྷས་བྱིན་གྱིས་མདོ་སྡེ་གླང་པོ་ཆེའི་ཁྱག་ཚད་ཙམ་བཅུ་གཉིས་ཐོས་ཤིང་འཛིན་པར་བྱས་ན་ཡང་སེམས་དགེ་བའི་ལམ་དུ་མ་ཞོག་པའི་དབང་གིས་ངན་སོང་ལ་ལྷུང་རབས་ཀྱི་དཔེ་བྱས་ནས། ཚིག་གི་ཐོས་པ་ཙམ་ལྷུར་ལེན་པས་ངན་འགྲོ་ལས་མི་སྐྱོབ་པར་གསུངས་ཡོད་པ་ཡིན། སེམས་ཅན་ལ་སྙིང་རྗེ་རེ་སྐབས་འགར་སྐྱེ་མདོག་མདོག་ཏུ་ཡོད་ཀྱང་། རང་ཉིད་ངན་འགྲོའི་འགྲོ་བར་ལྟུང་བའི་སྒོ་དགག་རྒྱུ་ཙམ་ཡང་མི་ཤེས་པ་ཞིག་གིས་གཞན་དོན་ཇི་ལྟར་སྒྲུབ་པར་བྱེད། དེས་ན་ད་རེས་ནི་དེ་ལྟ་བུའི་མིའི་ལུས་རྟེན་ཙམ་པོ་བ་ལས་ཀྱང་ཁྱད་དུ་འཕགས་པའི་མི་ལུས་ཁྱད་པར་ཅན་མི་ལུས་རིན་པོ་ཆེ་ཞེས་པ་དེ་ཐོབ་ཡོད་པས། མཐུན་རྐྱེན་མ་ཚོགས་པ་ཐམས་ཅད་ཚོགས་པར་བྱས་ནས་སྙིང་རྗེའི་ཡུལ་གྱུར་མ་རྒན་འགྲོ་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་དོན་ཞིག་ངེས་པར་བསྒྲུབ་དགོས་སྙམ་པའི་ཆོད་སེམས་དང་། བློ་སྣ་ཟབ་མོའི་གདམས་པ་ལ་གཏད་ན་གཏད་པ་བཞིན་དུ་ཤ་དང་རུས་པའི་རི་བོ་ཞིག་སོང་རུང་། ཁྲག་དང་མཆི་མའི་རྒྱ་མཚོ་བསྐམས་སོང་ཡང་རྟེན་འདིའི་སྟེང་ནས་ཐོད་པ་བོར་ཆོག་མ་ཞིག་བྱེད་རྒྱུ་ལ་ཕྱི་ནུར་མི་བྱེད་བསམས་ནས། ད་སྔོན་ལུས་ངན་བླངས་པས་གོ་མ་ཆོད་པ་ལ་བགྲང་ཚད་ཅིག་ཅི་ཡོད། དེ་མ་དགོས་ད་སྔའི་ཚེ་སྟོད་ཀྱི་མི་ཚེ་ནམ་ཟླ་ཡག་ས་དེ་ཡང་དེ་དང་དེའི་རང་བཞིན་གྱིས་ཤོར་སོང་། ད་རེས་ནི་ཆོས་ཁ་ཡིས་བཤད་པ་དང་རྣ་ཡིས་ཉན་པ་རྐྱང་པས་ཆོག་པར་མི་འཛིན་པར། དོན་སེམས་ཀྱིས་སྒོམ་པ་ཞིག་བྱེད་དགོས་སྙམ་ནས་སེམས་ཐག་དེའི་ཐོག་ལ་གཅད་དགོས་པ་ཡིན། སྤྱིར་ན་རྒྱུད་སྡེ་སྤྱི་ཡི་ཆོས་སྐད་དུ་ལྟ་བས་གཞི་བཟུང་། སྒོམ་པས་ཉམས་སུ་བླངས། སྤྱོད་པས་བོགས་དབྱུང་སྟེ་མཐར་ཐུག་གི་འབྲས་བུ་ལ་སྦྱོར་དགོས་པར་གསུངས་ཤིང་། འོན་ཀྱང་རང་བཞིན་རྫོགས་པ་ཆེན་པོའི་ལམ་འདི་ནས་ནི། ཟང་ཐལ་རིག་སྟོང་གི་ལྟ་བ་མངོན་སུམ་དུ་མཐོང་ཞིང་། དེའི་རང་ངོར་གནས་པ་སྒོམ་པ་དང་། ལྟ་བ་དེས་ཟིན་པའི་བླང་དོར་འཛིན་ཞེན་དག་པའི་སྤྱོད་པ། གཞི་ལྟ་བའི་ངོ་བོ་དེ་ཉིད་ཡེ་གྲོལ་དུ་གནས་པ་ལ་འབྲས་བུ་ཞེས་གསུངས་པ་ཡིན། ད་རེས་མ་བཅོས་རང་གཞག་གི་ཆོས་ཉིད་གཅིག་གི་ཀློང་དུ་ལྟ་སྒོམ་སྤྱོད་འབྲས་ཐམས་ཅད་ཡེ་ཤེས་གཅིག་ཏུ་རོ་གཅིག་པར་ཚང་ནས་ཡོད་པའི་རྫོགས་ཆེན་དོན་གྱི་ལམ་བཟང་ཤིན་ཏུ་རྙེད་དཀའ་བ་དང་འཕྲད་ཡོད་པས་ཡིན་གཅིག་མིན་གཉིས་དེ་ལ་ཞུགས་པ་ཡིན། ཞུགས་པ་དེ་ལས་ཀྱང་ཇི་སྐད་དུ། ཀྱེ་ལགས་སྡེ་སྣོད་གསུམ་དང་རིམ་དགུའི་ཆོས། །ཕལ་ཆེར་བརྩོན་འགྲུས་ཅན་ལ་དགོངས་པ་སྟེ། །སྒོམ་དང་སྒྲུབ་དང་རྩོལ་བས་གྲོལ་ལོ་ཞེས། །བསལ་བཞག་བྲལ་བའི་ཡེ་ཤེས་མཐོང་བ་མེད། །ཅེས་དཔལ་སྤྲུལ་ཚང་གིས་གསུངས་ཡོད་པ་ཡིན། ཀྱེ་ལགས་ཞེས་རྫོགས་ཆེན་གསང་བ་མན་ངག་སྡེའི་ཡང་གསང་བླ་ན་མེད་པའི་ཐུགས་བཅུད་རྗེན་པ་མཇལ་ཐུབ་པའི་གདུལ་བྱ་དབང་རྣོན་ཤིན་ཏུ་ཡང་རབ་རྣམས་ལ་དུང་བའི་ཚིག་དང་བཅས་པས་བོས་མཛད་ནས། གདུལ་བྱའི་སེམས་ཅན་གྱི་ཁམས་དང་དབང་པོ་བསམ་པ་དང་མོས་པའི་རིམ་པ་སྣ་ཚོགས་པ་ཞིག་ཡོད་པ་བཞིན་དུ། སྟོན་པའི་ཐུགས་རྗེས་དེ་བཞིན་དུ་འདུལ་ཐབས་རྣམ་པ་སྣ་ཚོགས་མ་ངེས་པ་བསྟན་པ་ཡིན། འོན་ཀྱང་ཐུན་མོང་སྡེ་སྣོད་གསུམ་དང་ཐེག་པ་རིམ་པ་དགུ། ཐུབ་པའི་བསྟན་པ་རིམ་བགྲོད་སྐས་ཀྱི་ཐེམ་པ་ལྟ་བུའི་རིམ་པ་མང་པོ་གསུངས་པ་ཐམས་ཅད། བསྐལ་པ་གྲངས་མེད་མང་པོ་དང་། ཚེ་རབས་སྐྱེ་བ་མང་པོར་ལམ་སྒྲུབ་པའི་བརྩོན་འགྲུས་ཡོད་པའི་བརྩོན་འགྲུས་ཅན་ནམ། རིང་ལམ་རྒྱུ་ཡི་ཐེག་པས་གདུལ་བར་བྱ་བའི་གང་ཟག་ལ་དགོངས་ཏེ། དེའི་བློ་རིམ་དང་མཐུན་པར་གསུངས་པ་ཡིན་པ་དང་། ཐབས་ཀྱིས་ཁྱད་དུ་འཕགས་པའི་སྔགས་ཐུན་མོང་གི་སྐབས་སུ་ཡིན་ན་ཡང་བསྐྱེད་རྫོགས་ལམ་གྱི་རིམ་པའི་སྤྲོས་པ་ཅན། སྐྱེ་བ་མང་པོར་བརྒྱུད་དེ་གཟོད་ལམ་འདིར་ཞུགས་པ། སྒོམ་དང་། སྒྲུབ་དང་། རྩོལ་བས་གྲོལ་བའི་ལམ་བསྟན་པ་ཡིན། དེ་དག་གི་ནང་ལ་འདིའི་ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་ནང་ནས་བསྟན་ཡོད་པའི་རྩོལ་མེད་རང་གཞག་གི་ཆོས་སྐུའི་དགོངས་པ་བསལ་བཞག་བྲལ་བའི་ཡེ་ཤེས་དེ་ཉིད་རྗེན་པ་རྗེན་གཅེར་དུ་བསྟན་པ་ནི་མཐོང་བ་མེད་ཅེས་པའོ། །འདིས་གཏན་ལ་དབབ་བྱའི་རིག་པ་བྱང་ཆུབ་ཀྱི་སེམས་དེ་སྟོང་གསལ་སྤྲོས་པ་དང་བྲལ་བ་ཡིན་ལ། དེ་ཉིད་གང་དུ་ཡང་མ་གྲུབ་པས་ལྟ་སྒོམ་སྤྱོད་འབྲས་ཀྱི་ཆོས་དང་། སྦྱངས་བགྲོད་ཀྱི་ས་ལམ། མཚན་བཅས་ཀྱི་བསྐྱེད་རྫོགས། དམིགས་བཅས་ཀྱི་དམ་ཚིག ངན་པ་བཟང་པོར་སྒྲུབ་པའི་ཡེ་ཤེས་ལ་སོགས་པ་གཅིག་ཀྱང་མེད་པར། གང་སྣང་ཅི་ཤར་ཐམས་ཅད་སྒྲོ་སྐུར་དང་དབྱེ་བསལ་མེད་པའི་ཡེ་གྲོལ་རྣམ་པར་དག་པ། རིན་པོ་ཆེའི་གསེར་གླིང་ལ་ཕྱིན་ན་ས་རྡོ་ཕལ་བ་བཙལ་ཀྱང་མི་རྙེད་པ་ལྟར་དུ་མ་གྲོལ་བའི་ཆོས་བཙལ་ཀྱང་མི་རྙེད་པ། ཟང་ཐལ་ཆོས་ཟད་ཀྱི་རིག་པ། རྒྱ་ཡན་བར་མེད་ཆེན་པོ། མ་བསྒོམས་མངོན་འཚང་རྒྱ་བའི་རིག་སྟོང་རྗེན་པ་བཟོ་མེད་ཀྱི་ངང་ལ། ལེ་ལོ་ཅན་ཡང་རྩོལ་མེད་བློ་འདས་ཆོས་སྐུའི་དགོངས་པ་བཙན་ཐབས་སུ་ངོ་སྤྲད་པའི་གདམས་པ་གཅིག་ཆོག་མ་ཡིན་པར་བསྟན་པའོ། །སྒོམ་སྒྲུབ་རྩོལ་བློའི་ཞེན་པ་དང་བྲལ་བའི་ཀུན་ལས་འཕགས་པའི་ལམ་འདིའི་ཁྱད་ཆོས། ད་རུང་འདི་ལྟར་གསུངས་ཏེ། ལམ་འདི་སྟོན་ལ་ལྷར་བཅས་འཇིག་རྟེན་ན། །ཀུན་མཁྱེན་བླ་མ་ཆོས་སྐུ་ཉག་གཅིག་ཡིན། །ཆོས་སྐུའི་བསྟན་པ་ཇི་སྙེད་གནས་པ་ལས། །ཆོས་དབྱིངས་མཛོད་འདི་ཆོས་ཀྱི་ཉིང་ཁུ་ཡིན། །ཞེས་གསུངས་པ་ལྟར་དུ། སྲས་བཅས་རྒྱལ་བའི་ཚོགས་ཀྱིས་བསྟོད་དབྱངས་བསྔགས་པའི་སྒྲ་ཡིས་ཕྱོགས་བཅུ་འཇིག་རྟེན་ཀུན་ལ་ཁྱབ་པར་འགེངས་པ། ཀུན་མཁྱེན་རྒྱལ་བ་གཉིས་པ་ཀློང་ཆེན་པའི་གསུང་གི་གསང་བ་ཟབ་མོ། ཆོས་སྐུའི་མཆོད་སྡོང་ཆེན་པོ། གསུང་རབ་ཀུན་གྱི་ཡང་བཅུད་དུ་གྱུར་པ་ལྟ་བུ་འདི་ཉིད། རང་རེ་ཕྱི་རབས་ཀྱི་གདུལ་བྱར་སྐུའི་ཞལ་ཚབ། གསུང་གི་འདྲ་འབག ཐུགས་ཀྱི་བྱིན་རླབས་འཕོ་བའི་དགོངས་བཅུད་ཐམས་ཅད་གླེགས་བམ་གྱི་རྣམ་པར་བཞག་ཡོད་པའི་ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་རང་འགྲེལ་ལུང་གི་གཏེར་མཛོད་འདི་ཉིད་འཆད་ཉན་བྱེད་པའི་སྐལ་པ་བཟང་པོ་མངོན་དུ་གྱུར་ནས། འཆད་བཞིན་པའི་སྐབས་ལས། འདི་ཉིད་གཞི་ལམ་འབྲས་གསུམ་རྡོ་རྗེའི་གནས་གསུམ་དུ་བསྡུས་ཏེ་འཆད་པ་ལ། གཞི་ལམ་དང་འབྲེལ་བའི་རྣམ་གཞག་མང་དག་ཅིག་བཤད་གྲུབ་ནས། ལེའུ་བརྒྱད་པ་བྱང་ཆུབ་ཀྱི་སེམས་ལ་གཉིས་སུ་མེད་པར་བསྟན་པའི་ལེའུ་སོང་ནས།

ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ཀློང་དུ་ལ་བཟླ་བར་བསྟན་པ་སྟེ་ལེའུ་དགུ་བའི་འགྲེལ་པ།

དེ་རིང་ནི་ལེའུ་དགུ་བ་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱི་ཀློང་དུ་ལ་བཟླ་བའམ་ཐག་ཆོད་པར་བསྟན་པའི་ལེའུ་འཆད་པའི་སྐབས་ཡིན་པས། འདི་ལ་འཆད་ཉན་གྱི་སྐབས་སུ་འཛིན་བདེ་བའི་ཆེད་དུ་ས་བཅད་ཀྱི་ཚོམ་ལྔ་ཡི་ཁོངས་སུ་བསྡུས་ནས་འཆད་པ་ལ། མཁའ་ཀློང་བློ་ལས་འདས་པར་ཆིངས་སུ་བཅིངས་ནས་གང་དུ་ལ་བཟླ་བྱའི་རིག་པ་ངོ་སྤྲད་པ་དང་། རིག་པ་རྒྱུ་རྐྱེན་ལས་འདས་པའི་གནད་བཀྲོལ་བས་ལྟ་སྒོམ་གྱིས་ལ་བཟླ་བ་དང་། དེ་ལྟར་རྟོགས་པའི་རྣལ་འབྱོར་པ་སྣང་སྤྱོད་ཐ་མལ་ལས་ལོག་པའི་སྤྱོད་འབྲས་ཀྱིས་འགག་བསྡམས་པ་དང་། མ་བྱས་དོན་གྲུབ་ཀྱི་དགོངས་པར་དོན་བསྡུ་བ་དང་། ལེའུའི་དོན་བསྡུ་བ་བདག་ཇི་ལྟ་བ་བཞིན་དུ་རྗེས་སུ་འཇུག་པའི་སྐལ་ལྡན་རྣམས་ལ་གདམས་པ་དང་ལྔ་ལས།

༼ཀ༽དང་པོ་མཁའ་ཀློང་བློ་ལས་འདས་པར་ཆིངས་སུ་བཅིངས་ནས་གང་དུ་ལ་བཟླ་བྱའི་རིག་པ་ངོ་སྤྲད་པ།

དེ་ལྟར་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཉིད་མཁའ་ཀློང་བློ་ལས་འདས་པར་ལ་བཟླ་བ་ནི། ཞེས་མཚམས་སྦྱར་བའོ། །དེ་རིང་དངོས་གཞིའི་རིག་པ་ངོ་སྤྲོད་པ་ལ་ཐུག་པའི་ཐོག་མར་ལ་བཟླ་བས་གཞི་འདིང་བ་སྟེ།

རང་བཞིན་ཡངས་པ་ཆེན་པོའི་ཀློང་གཅིག་ལ།།

མཁའ་མཉམ་བྱང་ཆུབ་སེམས་ཀྱི་གནམ་གཟེར་ནི།།

གནད་དུ་དྲིལ་ཏེ་བཅུད་དུ་ཕྱུང་བ་ནི།།

ཆེ་བའི་ཆེ་བ་ཀུན་བཟང་ཡངས་པའི་ཐུགས།།

རང་གི་ངོ་བོས་སྤྱི་རྒྱ་རླབས་ཀྱིས་བཅད།།

ཀློང་ཆེན་གཅིག་ལ་རྟོགས་དང་མ་རྟོགས་དང་།།

གྲོལ་དང་མ་གྲོལ་གཉིས་མེད་མཉམ་པ་ཆེ།།

ཞེས་གསུངས་ཏེ། འདིར་ཆོས་ཐམས་ཅད་ཀྱི་རྩ་བ་རིག་པར་ལ་བཟླ་ལ། རིག་པའི་ངོ་བོ་གཉིས་མེད་ཕྱོགས་ལྷུང་དང་བྲལ་བ་མཁའ་མཉམ་ཡངས་པ་ཆེན་པོར་ལ་བཟླ་བ་སྟེ། ཀློང་ཆེན་སེམས་ཀྱི་གནམ་གཟེར་ཡངས་པ་ནི། རྒྱ་གར་ཡང་མ་ཆད། ཕྱོགས་གང་དུ་ཡང་མ་ལྷུང་། བདག་རྟོག་གི་བློ་དང་བྲལ་བ་ཟང་ཐལ་རྗེན་པའི་རིག་པ་སྐྱེ་འགག་མེད་པར་ཅར་ཕོག་ཏུ་ངོས་གཟུང་བས། ཡིད་དཔྱོད་བློའི་དྲི་མས་མ་གོས་པའི་ཆོས་སྐུ་རྗེན་པར་མཐོང་བ་ནི་རྫོགས་པ་ཆེན་པོ་འདིའི་ཀ་དག་གི་རང་ངོ་ཆོས་སྐུ་ཟང་ཐལ་ཆེན་པོ་སྟེ། དེ་ལས་ཐུག་ས་དང་ལ་བཟླ་ས་མེད་པའོ། །རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། རིག་པའི་ཆོས་ཐམས་ཅད་བདག་རྟོག་གི་བློ་དང་བྲལ་བར་ཤེས་པར་གྱིས་ཤིག དེ་བཞིན་དུ་ཆོས་ཐམས་ཅད་འགག་པ་མེད་པར་སྐྱོལ་ཅིག འགག་པ་མེད་པ་ཅིར་ཡང་སྣང་བར་སྐྱོལ་ཅིག ཅིར་ཡང་སྣང་བ་སྐྱེ་བ་མེད་པར་སྐྱོལ་ཅིག སྐྱེ་བ་མེད་པ་འགྲོ་འོང་མེད་པར་སྐྱོལ་ཅིག འགྲོ་འོང་མེད་པ་གཉིས་སུ་མེད་པར་སྐྱོལ་ཅིག གཉིས་སུ་མེད་པ་གསལ་བ་མཐའ་གྲོལ་ཆེན་པོར་སྐྱོལ་ཅིག དེ་བཞིན་དུ་ཆོས་ཐམས་ཅད་ཅི་ལ་ཡང་མི་རྟོག་མི་སེམས་པར་སྐྱོལ་ཅིག ཆོས་ཐམས་ཅད་གསལ་ལ་མ་ཡེངས་པའི་ངོ་བོར་སྐྱོལ་ཅིག་ཅེས་པས་འདིར་ཀ་དག་ཆོས་ཟད་རྗེན་པའི་ཆོས་སྐུ་དེར་མཐར་ཐུག་གི་སྐྱེལ་སའམ་ལ་བཟླ་སར་ཤེས་དགོས་ལ། དེ་ཉིད་མ་ཤེས་པར་རྫོགས་པའི་རིམ་པ་སྐྱེ་མེད་བསམ་བརྗོད་ལས་འདས་པར་གཅིག་གིས་བསྟན། གཅིག་གིས་བསམ་བརྗོད་མེད་དོ་སྙམ་དུ་གཟུང་ཡང་། མིང་མེད་མིང་དུ་སོང་བ་ལྟར། བསམ་བརྗོད་མེད་པ་རྟོག་པའི་དོན་ཕྱིར་སོང་ནས་སེམས་ཉིད་རང་ངོ་ཤེས་པའི་དུས་མེད་དེ། རང་ཤར་ལས། ཆོས་སྐུ་ཟང་ཐལ་ཡིན་པར་མ་ཤེས་པར། །རྫོགས་རིམ་སྐྱེ་བ་མེད་པར་ཁས་བླངས་ཀྱང་། །ཝ་སྤྲེའུ་སེང་གེ་དག་ཏུ་བརྫུས་པ་བཞིན། །ཞེས་སོ། །ལེའུ་གོང་མ་ཐམས་ཅད་ཀྱིས་འདི་ལྟར་སྣང་བའི་འཁོར་འདས་ཀྱི་ཆོས་ཐམས་ཅད་རྩ་བ་རིག་པ་བྱང་ཆུབ་སེམས་སུ་འདུས་པ་གཏན་ལ་ཕབ་པ་ཡིན་ཞིང་། འདི་ནས་གཉིས་མེད་བྱང་ཆུབ་ཀྱི་སེམས་རིག་པ་དེ་ཉིད་ངོ་སྤྲད་ཅིང་ལ་བཟླ་བ་ནི། རང་བཞིན་ཡངས་པ་ཆེན་པོའི་ཀློང་གཅིག་ལ་འདུས་པའི་མཁའ་དང་མཉམ་པའི་ཀློང་ཆེན་སེམས་ཀྱི་གནམ་གཟེར་གཅིག་པུ་འདི་ཡིས། རྫོགས་ཆེན་དགོངས་པའི་གསང་མཛོད་གནད་དུ་དྲིལ་ནས། མན་ངག་གི་བཅུད་དུ་ཕྱུང་བ་ནི་ཇི་ལྟར་ཡིན་ན། ངོ་བོ་སྟོང་པས་རྒྱ་གར་ཡང་མ་ཆད། རང་བཞིན་གསལ་བས་ཕྱོགས་གང་དུ་ཡང་མ་ལྷུང་། གཉིས་མེད་མཉམ་པས་བདག་རྟོག་གི་བློ་དང་བྲལ་བ། སྐྱེ་འགག་མེད་པ། སྤྲོས་བྲལ་ཟང་ཐལ་རྗེན་པའི་རིག་པ་ཉིད། ཀ་དག་གི་རང་ངོ་ཆོས་སྐུ་ཟང་ཐལ་རྗེན་པའི་བདག་ཉིད་ཡིན། དེ་ཡང་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་ལུང་དོན་འདི་བཞིན་དུ། གསལ་ལ་ཡེངས་པ་མེད་པའི་ངོ་བོར་བསྐྱལ་བ། མ་ཡེངས་མི་བསྒོམ་པའི་ངང་དང་མ་བྲལ་བར་ཡིད་དཔྱོད་བློའི་སྙམ་བྱེད་དང་དེའི་དྲི་མས་མ་གོས་པའི་ཆོས་སྐུ་རྗེན་པའི་ངང་ལ་ཞོག་དང་། དེའི་ཕན་དུ་ཐུག་འགྲོ་ས་ཞིག་དང་ལ་བཟླ་ཡོང་ས་ཞིག་ལོགས་སུ་མེད་ཅེས་པའོ། །རྫོགས་པ་ཆེན་པོའི་ཀ་དག་གི་རང་ངོ་ཆོས་སྐུ་ཟང་ཐལ་རྗེན་པའི་ངང་ལ་བཞག་དུས། ཡིད་དཔྱོད་ཀྱི་གོས་སྐོན་མི་ཉན་གསུངས་ན། འོ་ན་ཡིད་དཔྱོད་དེ་ཇི་ལྟ་བུ་ཞེ་ན། འདི་ནས་འགྲེལ་བས་གསལ་བར་བསྟན་པ་སྟེ། གཅིག་གིས་རྫོགས་རིམ་ཞེས་པ་དེ་སྐྱེ་མེད་བསམ་བརྗོད་ལས་འདས་པ་ཞིག་ཡིན་དགོས་སོ་ཟེར་དུས། ཅིག་ཤོས་དེས་བསམ་བརྗོད་མེད་པ་ཞིག་རློམ་པས་འཆོས་ནས་གསར་དུ་བཟོས་པ་མིང་མེད་མིང་དུ་སོང་བ་ལྟ་བུའི་བསམ་བརྗོད་མེད་པ་ཞིག་ཁ་ཡིས་སྨྲས་ཀྱང་དོན་དུ་བསམ་བརྗོད་ཅན་དུ་ལོག་སོང་ན། བརྗོད་མེད་དངོས་དང་ཕྱོགས་སོ་སོར་སོང་ནས། བརྗོད་མེད་ཀྱི་དོན་དངོས་དེ་རྟོགས་དུས་ཤིག་མེད་དོ་ཞེས་པའོ། །འདི་ལ་རིག་པ་རྗེན་པ་ཅར་ཕོག་ཏུ་ངོ་སྤྲད་པ་དང་། ངོ་སྤྲོད་ཀྱི་དོན་བསྡུ་བ་གཉིས་ལས། དང་པོ་ལ་གནད་ལ་མ་བརྟེན་པར་ངོ་སྤྲད་པ་དང་། གནད་ཀྱི་ངོ་སྤྲད་པ་གཉིས་ལས།

གནད་ལ་མ་བརྟེན་པར་ངོ་སྤྲད་པ།

རིག་པའི་ངོ་སྤྲོད་དངོས་ནི་སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ཀྱི་དགོངས་དོན་བཞིན་དུ་ངོ་སྤྲོད་ལུགས་རྣམ་པ་གཉིས་ཀྱི་སྟེང་ནས་གསུངས་པ་སྟེ། འདི་རིག་པ་རྗེན་པ་ཅར་ཕོག་ཏུ་ངོས་འཛིན་པ་ལ། གནད་ལ་མ་བརྟེན་པར་ངོ་སྤྲད་པ་དང་། གནད་ཀྱི་ངོ་སྤྲོད་པ་དང་ལུགས་གཉིས་ལས། དང་པོ་གནད་ལ་མ་བརྟེན་པར་ངོ་སྤྲད་པ་ནི། ཕྱིར་མ་སྤྲོས། ནང་དུ་མ་བཟུང་། བར་དུ་མ་བཞག བློས་མ་བཅོས། རྟོག་པར་མ་འགྱུས་པའི་ཤེས་པ་བར་མེད་ཕྱལ་བ་ཟང་ཀ་མ་དེ་དུས་ཐམས་ཅད་ན་ཡོད་པས། དཔོན་སློབ་གཉིས་དར་ཅིག་ཙེན་ནེ་ཡོད་པའི་དུས་དེར་རྗེན་ཤར་རེ་བ་དེ་བྱིན་རླབས་ཀྱི་ངང་ནས་ངོ་སྤྲད་པས། ཟང་མ་རྗེན་པར་མཐོང་བའོ། །ཞེས་པའི་ཚིག་དེ་དག་གིས་ངོ་སྤྲད་པ་ཡིན། དབང་རྣོན་ཅིག་ཆར་བ་ལ་དེ་ལས་དགོས་པ་མིན། སྐབས་འདིའི་གནད་ལ་བརྟེན་མ་བརྟེན་གསུངས་པའི་གནད་དེ་གང་ཡིན་སྙམ་ན། འདི་བརྒྱུད་པའི་ཕྱག་ལེན་དང་སྦྲེལ་ནས་འདི་ཞིབ་བཤད་བྱེད་དགོས་པས། གནད་ལ་བརྟེན་མ་བརྟེན་ཞེས་པའི་གནད་དེ་ནི། ངོ་སྤྲོད་པའི་ཐབས་སམ་ངོ་འཕྲོད་པའི་དགོས་དོན་ཅན་གྱི་བྱ་ཐབས་སྒོ་ལུས་སེམས་ལྟ་བུའི་དམིགས་བསལ་གྱི་གནད་དང་བསྟུན་མ་བསྟུན་གྱི་ཁྱད་པར་གྱིས་གསུངས་པ་ཡིན། འདིའི་གནད་ལ་བརྟེན་མ་བརྟེན་གྱི་ངོ་སྤྲོད་བདུན་པོའི་ནང་ནས། དང་པོ་གནད་ལ་མ་བརྟེན་པ་ཅར་ཕོག་ཏུ་ངོ་སྤྲད་པ་འདི། དབང་པོ་ཡང་རབ་ཀྱི་དོན་དུ་ཐམས་ཅད་ཀྱི་གནད་འདུས་པའི་ངོ་སྤྲོད་ཅིག་སྟེ། གང་ཟག་གཅིག་ལ་འདིའི་ངོ་སྤྲོད་བདུན་པོ་འདི་ཚང་བར་གདབ་དགོས་པའི་ངེས་པ་མེད་ཅིང་། སྤྱིར་རྫོགས་ཆེན་གྱི་གདུལ་བྱར་གྱུར་ཚད་ཐམས་ཅད་དབང་པོ་རབ་ཡིན་ན་ཡང་། དེ་ལའང་རྣོ་རྟུལ་གྱི་རྣམ་གཞག་གཏན་ནས་མེད་པ་ཞིག་མིན་པའི་རྒྱུ་མཚན་གྱིས། གང་ལ་གང་འོས་ཀྱིས་གདུལ་བྱ་རྗེས་སུ་འཛིན་པའི་ཆེད་དུ་མན་ངག་ཚང་ལ་མ་ནོར་བ་གདུལ་བྱའི་ཁམས་དབང་མོས་པ་དང་བསྟུན་ནས་གསུངས་པ་ཡིན། གནད་ལ་མ་བརྟེན་པའི་ངོ་སྤྲོད་པ་འདི་ནི་ཐད་ཀའི་ཤེས་པ་སོ་ན་ཡོད་དུས། བཅོས་བསླད་གང་ཡང་མ་བྱས་པའི་ཡེ་གྲོལ་རང་གསལ་ཆེན་པོ་ཐད་ཀར་ངོ་སྤྲད་པ་སྟེ། གོང་ནས་གསུངས་མ་ཐག་པའི་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་རྩ་བ་རིག་པ་ལ་ཐུག་པ་ཡིན། འོན་ཀྱང་རིག་པ་ཟེར་བའི་མིང་ཆེན་པོ་དེ་ལ། ཕྱོགས་མང་པོ་ནས་བཟོ་ལྟ་མང་པོ་ཞིག་བཏོད་དེ་མིང་མང་པོ་བཏགས། དོན་གྱི་འགྲེལ་བཤད་མང་པོ་ཞིག་བརྒྱབ་ནས་དེ་ལ་བསྔགས་བརྗོད་ཆེན་པོ་བྱས་ཀྱང་། དོན་དུ་གཟུང་འཛིན་ཡིད་དཔྱོད་ཅན་དུ་ལོག་སོང་ན། རིག་ངོ་འཕྲོད་མ་དགོས་ཐག་ཇེ་རིང་དུ་སོང་བ་ཡིན། དེ་དུས་རིག་ངོ་བསམ་བརྗོད་ལས་འདས་པའི་ཕྱོགས་ཤིག་ལ་བཅར་མེད་པ་ཡིན། ཀློང་ཆེན་ཡངས་པའི་གནམ་གཟེར་གཅིག་གིས་བཏབ་ནས་ཞོག་དང་། གནད་དུ་དྲིལ་ནས་བཅུད་དུ་ཕྱུང་བ་གཉིས་ཀ་དེར་འདུས་ཡོད་ཅེས་གསུངས་པ་ལྟར་དུ། རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ། བདག་རྟོག་གི་བློ་ལས་འདས་པའི་ཆོས་སྐུའི་རང་ངོ་རིག་པ་ཟང་ཐལ་རྗེན་པ་དེ་སྤྲོས་པ་ཀུན་བྲལ་སྐྱེ་འགག་མེད་པ་ཡིན་པས་ན་ཅར་ཕོག་ཐད་ཀར་ངོས་བཟུང་པ་ལ། ཕྱིར་མ་སྤྲོ་ཞེས་པ་སྟེ། ད་སྔོན་ཐོག་མེད་ནས་ད་ལྟའི་བར་དུ་གཟུང་བའི་ཡུལ་དང་འཛིན་པའི་སེམས་གཉིས་རྒྱང་ཆད་གཉིས་འཛིན་འཁྲུལ་བའི་དབང་དུ་སོང་ནས། གཞི་ལས་གཞི་སྣང་ཤར་བ་དེ་རང་སྣང་དུ་མ་ཤེས་པའི་དབང་གིས། རིག་པ་དྲི་མེད་དེ་དྲི་བཅས་སུ་ལོག སེམས་རྣམ་རྟོག་གི་རྒྱ་ཡིས་འཐུམས། ངོ་བོ་ཀ་དག་གི་རིག་པ་དེ་རྟོག་པས་སྦགས་ནས། ཐོག་མེད་མཐའ་མེད་ཀྱི་བར་དུ་ཁམས་གསུམ་སེམས་ཅན་གྱི་འཁྲུལ་བ་རྒྱུ་འབྲས་འདི་བྱུང་བ་ཡིན་པས། སེམས་ཕྱིར་སྤྲོས་པའི་རྣམ་རྟོག་གི་འཕྲོ་འདུ་མང་པོ་ཟད་མེད་ཆུའི་གཉེར་མ་འདྲ་བོའི་ཡུལ་རྗེས་ལ་མ་འབྲངས་ཞེས་པའོ། །ནང་དུ་མ་བཟུང་ཞེས་པ་ནི། འདི་ལྟར་སྣང་བའི་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རིག་པ་བྱང་ཆུབ་སེམས་ཀྱི་རྩལ་དང་རོལ་བ་ཡིན་པས་ན། ཐམས་ཅད་ཆོས་ཉིད་གཅིག་ལས་མ་འདས་པར་ཡང་ཡང་བསྟན་པས། རྣམ་རྟོག་ལ་སྐྱོན་དུ་བརྩིས་ན་དྲན་མེད་ལ་ཐོམ་སེ་བསྡད་པ་ཙམ་གྱིས་ཉམས་ལེན་གྱི་གནད་མི་ཟིན་པས་མ་ཚད་ལམ་ལོག་ཏུ་འགྲོ་བ་ཡིན། མུ་སྟེགས་པ་ལ་ཡང་དེ་འདྲ་བསྒོམ་དུ་ཡོད་པ་སྟེ། དེ་ཡང་འགའ་རེས་རྣམ་འགྱུར་ཆད་པའི་སྟོང་པ་སྒོམ་པ་དང་། འགའ་རེས་སྣང་བ་སྤངས་པའི་སྟོང་པ་སྒོམ་པ་དང་། འགའ་རེས་ཚོགས་དྲུག་ཡུལ་དང་བཅས་པ་སྐྱོན་དུ་བརྩིས་ཏེ་མི་རྟོག་པ་རྩེ་གཅིག་ཏུ་སྒོམ་པ་དང་། བྱེ་བྲག་པས་དྲན་པ་སྐྱོན་དུ་བལྟས་ནས་དྲན་མེད་གཅིག་གི་ཐོག་ལ་བཞག་ནས་སྒོམ་ན་ཡང་། ཐར་བའི་ལམ་ཙམ་ཡང་མ་རྙེད་པ་དེས་ན་ཆེད་གཏད་རྩོལ་བ་ཅན་གྱིས་སེམས་དེ་གང་དུའང་བསྡུ་བར་བྱ་མི་དགོས་སོ་ཞེས་པའོ། །བར་དུ་མ་བཞག་ཅེས་པ་ནི། སྔ་ཕྱི་སྒོམ་མིན་བར་དེར་སུ་ཡིས་བཅུག །ཅེས་པ་བཞིན་དུ། ཆོས་ཉིད་ཀྱི་གཤིས་རིག་པའི་ངོ་བོ་དེ་ཡོད་པས་ལྟར་མི་མངོན། མེད་པས་རྒྱ་མ་ཆད། གཉིས་ཀའི་ཕྱོགས་སུ་མ་ལྷུང་བ་ཞིག་ཡིན་པས། འདི་རེད་ཟེར་དགོས་ན་སྐྱེ་འགག་འགྲོ་འོང་དུས་གསུམ་ཐོག་མཐའ་ལ་སོགས་པ་གཅིག་ཏུ་ཡང་མ་གྲུབ་པར་མཐའ་ཐམས་ཅད་ལས་འདས་སོང་པ་ཞིག་ཡིན་ཕྱིར། དེ་ལ་ཐོག་མཐའ་མེད་དུས་དབུས་ཀྱང་ཡོད་དོན་མེད་པ་དང་། དུས་གསུམ་མེད་པས་ད་ལྟ་བ་མ་གྲུབ་པས་ན། འདས་འོངས་དང་ཕྱི་ནང་གཉིས་ཀའི་བར་ན་འཇོག་འོང་ས་ཞིག་ཡོད་པ་མིན་ནོ། །བློས་མ་བཅོས་ཞེས་པ་སྟེ། རྒྱལ་སྲས་ཞི་བ་ལྷས། བློ་ནི་ཀུན་རྫོབ་ཡིན་པར་འདོད། །ཅེས་གསུངས་པ་ལྟར་དུ། བློ་འཁྲུལ་བ་ཡུལ་དང་བཅས་པ་ཀུན་རྫོབ་བདེན་པས་བསྡུས་པ་ཞིག་ཡིན་པས་ན་རྫུན་པ་བསླུ་བའི་ཆོས་ཅན་ཡིན་ལ། བློ་དེ་སེམས་དང་འབྲེལ་བ་ཡིན་ཕྱིར་མུ་བཞིའི་སྤྲོས་པ་འཇུག་པ་ཡིན། སྤྲོས་པའི་དྲ་ལ་ཚུད་ན་ཡིད་དཔྱོད་ཅིག་གི་ཕན་དུ་འགྲོ་ས་མེད་པས། ངོ་བོ་མི་རྟོག་པ་ལ་འཇོག་མདོག་མདོག་བྱས་ཀྱང་རྩལ་རྟོག་དཔྱོད་དུ་སོང་ནས། བལྟ་བྱ་ལྟ་བྱེད་ཀྱི་རྒྱུ་འབྲས་དང་། རང་ལྟ་མཆོག་འཛིན་གྱི་མངོན་རློམ་ལ་སོགས་པ་གཉིས་འཛིན་རང་རྒྱུད་ཅན་གྱི་བཅོས་མའི་ཉམས་ལེན་གྱིས། མ་བཅོས་རིག་པའི་རང་ཞལ་ཐད་ཀར་མཐོང་བ་ལ་གནོད་པ་ཡིན་ནོ། །རྟོག་པར་མ་འགྱུས་པའི་ཤེས་པ་བར་མེད་དུ་ཤར་བ་ཟང་ཀ་མ་དེ་དུས་ཐམས་ཅད་ན་ཡོད་པས་ཞེས་པ་སྟེ། འདིའི་ཚིག་ཉུང་ན་ཡང་དོན་གྱི་སྟེང་ནས་སེམས་རིག་གཉིས་ཀའི་ཤན་ཕྱེས་པས་མི་ཚད་པར་ཀུན་གཞི་དང་ཆོས་སྐུའི་ཤན་ཐང་ཡང་འདིས་ཕྱེས་པ་ཡིན། རིག་པ་རང་གནས་ཀྱི་ངོ་བོ་དྭངས་གསལ་རྙོག་པ་མེད་པ། ཅིའི་ངོ་བོའི་ཡང་མ་གྲུབ་པ་དེ་རྟོག་དཔྱོད་ཀྱིས་ཤེས་པའི་ཤེས་བྱའི་ཡུལ་མ་ཡིན་པར་བསྟན་པ་སྟེ། མེ་ལོང་དྭངས་པའི་ངོར་གཟུགས་བརྙན་ཤར་བ་བཞིན་དུ་རིག་པའི་འཆར་ཆ་མ་འགགས་པས་ཤེས་པ་ཞིག་ཡིན་པ་ལ། རྟོག་པ་སེམས་སུ་མ་འགྱུས་པའི་ཆོས་ཉིད་ཀུན་ཏུ་འགྲོ་བ་ཅན། བར་མེད་མཉམ་པ་ཆེན་པོ་གཞི་མེད་རྩ་བ་མེད་པའི་སྨྲ་བསམ་བརྗོད་འདས་ཀྱི་ཕྱལ་བ་ཟང་ཀ་དེ་ཉིད་ནི་རང་གསལ་མངོན་སུམ་པའི་ལྷག་མཐོང་དང་། རིག་པ་རང་གནས་ཀྱི་ཤེས་རབ་ཅེས་ཀྱང་བྱ་ལ། དེ་ལྟ་བུའི་རིག་པ་རང་གནས་ཀྱི་ཤེས་རབ་དེ་ལྷག་མཐོང་གི་ནང་ནས་ཀྱང་ལྷག་མཐོང་ཁྱད་པར་ཅན་ཡིན་པས། རིག་ངོ་ལ་ཡུལ་སྣང་འགག་དགོས་པ་མ་ཡིན་ཞིང་རིག་པ་སྣང་ཐོག་ལ་ཤོར་ཟེར་བ་ཞིག་མི་སྲིད་པ་ཡིན། དེའི་ཕྱིར་ན་དམིགས་གཏད་མཚན་མ་ཅན་གྱི་སེམས་ལམ་བྱེད་དང་མཚུངས་པར། ཉམས་ལེན་གྱི་སྐབས་སུ་སེམས་གཅུར་བའི་ཐབས་ལ་ལྟོས་པ་མ་ཡིན་ཞིང་། སེམས་ནན་གྱིསབཅུར་ནས་སྒྲིམ་པོའི་བློ་ཡིས་འཇུར་མིག་ཏུ་དྲངས་པ་དང་འདྲ་བར་གཟབ་འདུག་མི་དགོས་པར། གནས་འགྱུ་ཐམས་ཅད་ལ་རིག་པས་དབང་བྱས་ཕྱིར་དུས་ཐམས་ཅད་ན་ཡོད་པས་ཞེས་གསུངས་པ་ཡིན། རིག་པ་རང་དང་སྐད་ཅིག་ཀྱང་འབྲལ་མ་མྱོང་བ་ནི། དཔེར་ན་ནམ་མཁས་སྣོད་བཅུད་གང་ཡིན་ཡང་སྐད་ཅིག་ཙམ་ལའང་གཏོང་མ་མྱོང་བ་ལྟ་བུའོ། །འོན་ཀྱང་ད་སྔོན་ཉིན་མ་ཡན་ཆད་དུ་ཁ་ཕྱི་རོལ་དུ་འཁོར་ནས་ཕྱིའི་འཁྲུལ་སྣང་གི་ཆོས་ལ་དཔྱོད་པ་ཙམ་ལས། ཁ་ནང་དུ་འཁོར་ནས་ནང་སེམས་དོན་གྱི་ཉམས་ལེན་གནད་དུ་ཁེལ་བ་ཞིག་ཨེ་འབྱུང་ལྟ་མ་མྱོང་བས་ན་ངོ་མ་ཤེས་པའོ། །རང་རེ་ད་ལྟ་ཡོད་སའི་གནས་འདི་ནི་ཀློང་ཆེན་བརྒྱུད་པའི་ཆོས་བརྒྱུད་འདིའི་གྲུབ་བརྙེས་གོང་མ་མང་པོ་བྱོན་སའི་གདན་ས་ཡིན་པ་དང་། རང་རེས་འཆད་ཉན་བྱ་བཞིན་པའི་ཆོས་འདི་ནི་རྒྱལ་བ་གཉིས་པ་ཀློང་ཆེན་པའི་རྟོགས་པའི་འདྲ་འབག་ཆོས་སྐུའི་མཆོད་སྡོང་། ཡང་དཔལ་སྤྲུལ་ཚང་གིས། ཆོས་དབྱིངས་མཛོད་འདི་ཆོས་ཀྱི་ཉིང་ཁུ་ཡིན། །དེ་ཕྱིར་གཞུང་བཟང་འདི་འདྲ་སྲིད་འདི་ན། །མཐོང་གྲོལ་ཡིན་ཏེ་ཐོས་གྲོལ་དྲན་གྲོལ་ཡིན། །འབྲེལ་པ་ཐོགས་ཚད་མ་འོངས་སངས་རྒྱས་ཡིན། །དགོངས་པ་རྙེད་ན་ད་ལྟའི་སངས་རྒྱས་ཡིན། །ལ་སོགས་པའི་དོན་ལ་གནས་པའི་བསྔགས་པའི་མེ་ཏོག་འཐོར་མཛད་པ་དེའི་ཕྱིར་གཞུང་བཟང་འདི་འདྲ་སྲིད་འདི་ན་མཇལ་བར་དཀོན་པ་ཡིན་པའི་ངེས་པ་དེ་ཡིས། རང་རེའི་སྐྱེ་བའི་སྲིད་པ་ཐེངས་གཅིག་འདི་ཡང་དོན་མེད་མ་ཡིན་པས་མི་ཚད་པར་དོན་ཆེན་རང་གཞན་གཉིས་དོན་མཉམ་དུ་འགྲུབ་པ། དེ་ཡང་རྩོལ་བ་དང་ངལ་བ་ཆེན་པོའི་འབད་པ་ལ་ལྟོས་མི་དགོས་པ་དབུལ་པོའི་རང་ཁྱིམ་ནས་རིན་པོ་ཆེའི་གཏེར་རྙེད་པའི་དཔེ་དང་མཚུངས་པར། གང་ལས་འབྲེལ་ཡོད་པའི་ཆོས་བརྒྱུད་རང་གི་རྩ་བའི་བྱིན་རླབས་བརྒྱུད་པའི་བབ་སོ་མ་ཉམས་པའི་དམ་པའི་ཆོས་ཀྱི་མན་ངག་གི་འཆད་ཉན་བྱེད་པ་འདི་ནི། སྤྱིར་བཏང་གི་ཐོས་པ་གཙོ་བོར་བྱེད་པའི་ཚིག་ཐོག་ནས་དེད་པ་ཙམ་ཞིག་གིས་མི་ཡོང་བར། བསམ་སྒོམ་གཙོ་བོར་བྱེད་པ་མན་ངག་ལག་ཁྲིད་ཀྱི་ལུགས་སུ་བྱེད་པ་ནི་གནད་ཀྱིི་དོན་པོ་ལ་ཐུག་ཡོད་པས། ངོ་སྤྲོད་འདི་ལ་ཞིབ་ཆ་དགོས་པ་ཡིན། ངོ་སྤྲད་རྒྱུ་དེ་ཡང་བྱིན་རླབས་འཕོ་བའི་སྟོབས་ཀྱིས་ངོ་སྤྲད་པའི་ལུགས་ཏེ། སྤྱིར་ན་ཆོས་བརྒྱུད་འདི་དང་ཁྱད་པར་འདི་ནས་དཔོན་སློབ་གཉིས་དར་ཅིག་ཙེན་ནེ་ཡོད་པའི་དུས་དེར་རྗེན་ཤར་རེ་བ་དེ་བྱིན་རླབས་ཀྱི་ངང་ནས་ངོ་སྤྲད་པས། ཟང་མ་རྗེན་པ་མཐོང་བའོ། །ཞེས་པའི་ཚིག་རྡོག་མ་གཉིས་གསུམ་པོ་ལ་བརྒྱུད་པ་གསུམ་གྱི་དགོངས་པའི་སྙིང་བཅུད་བསྡུས་ནས་གསུངས་ཡོད་པ་ཡིན། ཙེན་ནེ་ཞེས་པ་འདིས་སེམས་ཀྱི་གཞག་ཐབས་བསྟན་པ་དང་། རྗེན་ཤར་རེ་བ་ཞེས་པ་འདིས་རྫོགས་པ་ཆེན་པོའི་གཞི་བསྟན་པ་དང་། བྱིན་རླབས་ཀྱི་ངང་ནས་ངོ་སྤྲད་པས་ཞེས་པ་འདིས་ལམ་བསྟན་པ་དང་། ཟང་མ་རྗེན་པ་མཐོང་ཞེས་པ་འདིས་འབྲས་བུ་བསྟན་པ་ཡིན་པར་འདུག དེ་ལས་ཙེན་ནེ་ཞེས་པ་དེ་མ་བཅོས་པའམ་ཐད་སོར་བཞག་པ་སྟེ། ཐད་སོར་ཇི་ལྟར་བཞག་དགོས་ན་འདས་པའི་རྣམ་རྟོག་གི་རྗེས་མི་གཅོད། མ་འོངས་པའི་རྣམ་རྟོག་གི་མདུན་མི་བསུ། ད་ལྟའི་རྣམ་རྟོག་གི་ངོ་ལ་ཡང་མི་ལྟ་བ་སྟེ། དེ་ཡང་བལྟ་བྱ་ལྟ་བྱེད་དང་བྲལ་བའི་རང་ངོར་བབས་ཀྱིས་ཞོག་དང་ཞེས་པའི་དོན་ཡིན། དེ་ལྟར་ཙེན་ནེ་བཞག་དུས་རྗེན་ཤར་རེ་བའི་རང་ངོ་ཞིག་མཐོང་བ་ནི་ངོ་སྤྲད་རྒྱུའི་རིག་པ་ཡིན་ལ། བྱིན་རླབས་ཀྱི་ངང་ལས་ཞེས་པ་ནི་ངོ་སྤྲད་ཐབས་རེད། རྗེན་ཤར་རེ་བ་དེ་སུས་མཐོང་། སུས་རྟོགས། མཐོང་བྱ་མཐོང་བྱེད། རྟོགས་བྱ་རྟོགས་བྱེད་ཅིག་ཡོད་དུས་གཉིས་ཆོས་ལས་མ་འདས་ཤིང་། གཉིས་ཆོས་ཡིན་ན་འཁྲུལ་བ་རེད། འཁྲུལ་བའི་གཞི་དེ་གཉིས་འཛིན་མ་ཡིན་ནམ་སྙམ་ན། ཇི་བཞིན་དུ་མཐོང་ཇི་བཞིན་དུ་རྟོགས་ཞེས་པ་དེ་ཡང་ཐ་སྙད་ཀྱི་བརྡ་ཤེས་པའི་ཆེད་དུ་ཚིག་གི་བླ་དྭགས་ཙམ་ཞིག་བཏགས་པ་མ་གཏོགས་དོན་དུ་ཅི་ལ་ཡང་མི་གནས། ཅིར་ཡང་མ་གྲུབ་པའི་ཡེ་ཤེས་དེ། ཡོད་མེད་ཡིན་མིན་སོགས་ཀྱི་སྤྲོས་པའི་མཐའ་ཐམས་ཅད་དང་། ཡུལ་ཡུལ་ཅན་སོགས་ཀྱི་ཐ་སྙད་ཐམས་ཅད་ཟད་སོང་བའི་རང་བབས་ཙམ་ཞིག་ལ་གསུངས་པ་ཙམ་མོ། །འོ་ན་དེ་ལྟར་མཐའ་འཛིན་གྱི་ལྟ་བའི་འཕྲང་སེལ་བའི་རྗེས་སུ་རྗེན་ཤར་རེ་བའི་རིག་ངོ་ཇི་ལྟར་སྤྲད་ཅེ་ན། ཕྱི་ཡུལ་གྱིས་མ་བསྒྱུར། ནང་འཛིན་པས་མ་བསླད། བར་སྤང་གཉེན་གྱི་རེ་དོགས་ལ་མ་ཞུགས་པའི་སྟོང་སང་ངེ་ཅིའི་ངོ་བོ་ཡང་མ་གྲུབ་པ་གསལ་སངས་ངེ་འཆར་ཆ་མ་འགགས་པ། ཟང་ཐལ་རྗེན་པ། ཉོན་མོངས་རྣམ་རྟོག་སོགས་ཀྱི་མཚན་མའི་ཆོས་གཅིག་དང་ཡང་མ་འདྲེས་པའི་བརྗོད་བྲལ་སེམས་ལས་འདས་པ་ཞིག་ཡོད་པ་དེ་ལ་ཟང་ཐལ་རྗེན་པའི་ཆོས་སྐུ་ཞེས་བྱ་བ་ཡིན། ངེས་ཚིག་འགྲེལ་ན། རྗེན་ཞེས་པ་འདིས་ཡེ་སྟོང་བརྗོད་པ་དང་བྲལ་བའི་ཡེ་བསྟན་པ་དང་། སང་ངེ་ཞེས་པ་འདིས་རང་གསལ་འགག་པ་མེད་པའི་ཤེས་རབ་བསྟན་པ་སྟེ། གཉིས་ཀ་བསྡོམས་ན་སོ་སོར་རང་རིག་གི་ཡེ་ཤེས། སྟོང་གསལ་འཛིན་མེད་གཟུང་འཛིན་གྱི་མཚན་མ་དང་བྲལ་བ། རྣམ་པ་མི་རྟོག་པའི་ཡེ་ཤེས་རང་ལ་གནས་པ་དེ་ཉིད་བསྟན་པ་ཡིན། འདི་ཉིད་ཚིག་ཙམ་དང་ཡིད་དཔྱོད་ཙམ་མ་ཡིན་པའི་ཟང་མ། ཡིན་ལུགས་གཤིས་ཀྱི་བཞུགས་ཚུལ། ཆོས་ཉིད་རྣལ་མའི་དོན་ཇི་བཞིན་པ། སྒྲིབ་བྱེད་སེམས་ཀྱི་དྲི་མ་དང་བྲལ་བ་ལ་རྗེན་པ་ཞེས་བྱ་བ་སྟེ། དེ་ལས་མི་གཡོ་བ་ལ་མཐོང་བའི་ཐ་སྙད་གོ་བརྡ་སྤྲོད་པའི་ཆེད་དུ་བཏགས་ཤིང་། སྒྲིབ་པའི་ཤུན་པ་དང་བྲལ་ནས་རྗེན་ལ་བུད་ཚུལ་ཇི་ལྟར་ཡིན་ཞེ་ན། ཉི་མ་དང་མུན་པའི་དཔེ་ཡིས་བཤད་ཆོག་པ་སྟེ། རིག་པའི་ཡེ་ཤེས་ཉི་མ་ལྟ་བུ་དེ། སེམས་སྒྲིབ་བྱེད་མུན་པ་ལྟ་བུ་དེ་དང་ལྷན་ཅིག་ཏུ་མི་འདྲེས་ཤིང་མི་གནས་པ་ཞིག་ཡིན་ལ། འོ་ན་སེམས་ཀྱི་མཚན་ཉིད་དེ་ཇི་ལྟ་བུ་ཞིག་ཅེ་ན། དེ་ནི་ཚོགས་བརྒྱད་དང་མཚུངས་ལྡན་གཟུང་འཛིན་ཅན་གྱི་དྲན་བསམ་རང་ག་བ་ཞིག་ཡིན་པ་དང་། ཡེ་ཤེས་ཀྱི་མཚན་ཉིད་དེ་ཇི་ལྟར་ཡིན་ན། དེ་ནི་ཆོས་སྐུ་དང་མཚུངས་ལྡན་སོ་སོར་རང་རིག་པའི་བདག་ཉིད་གང་ཡིན་པའོ། །འོན་ཀྱང་འདི་ཉིད་རྟོགས་ཀྱང་རུང་མ་རྟོགས་ཀྱང་རུང་ཀ་དག་ཆོས་ཉིད་ཀྱི་གནས་ལུགས་ལ་འགྱུར་བ་མེད་པ་ཡིན། དེ་མེད་ན་གཞི་འབྲས་གཉིས་ཀ་ལ་ཅི་ཞིག་གི་ཁྱད་པར་ཡོད་ཟེར་ན། ཐོག་མའི་ངེས་མེད་གཞི་ཡི་ལྷུན་གྲུབ་དེ་འཁོར་འདས་གཉིས་ཀྱི་འཆར་གཞི་ཡིན་ལ། མཐར་ཐུག་གི་གྲོལ་ས་ཀ་དག་དེ་ལྷུན་གྲུབ་གྱི་རྩལ་རིག་པ་ལ་ལྡོག་པ་ཙམ་ཞིག་ལས་མ་འདས། འདི་ཞིབ་ཀྱིས་བཤད་ན། རིག་པའི་རྩལ་མ་རིག་པར་ཤར་བ་དེ་དག་ནས། དབྱིངས་ཀྱི་ཡོན་ཏན་མཐར་ཕྱིན་ཏེ། འབྲས་བུ་ཚུར་རྒྱུ་ལ་མི་ལྡོག་པའི་ཆ་ཙམ་གྱི་ཁྱད་པར་ལས་གཞི་འབྲས་ཞེས་སོ་སོ་རུ་བཤད་པ་ཡིན། དེ་ལྟ་བུའི་རིག་པ་རྗེན་པ་དེ་ཉིད་འཆར་ན་འདྲ། གནས་ན་འདྲ། འགྱུས་ན་འདྲ། གང་གི་སྐབས་སུ་ཡིན་ཡང་ཅོག་གཞག་གི་ཐོག་ནས། བཅོས་བསླད་གཏན་ནས་མི་བྱེད་པར་རང་སར་ལ་གློད་དུས། ཉིན་ཁ་དཀར་མོ་ལ་མིག་ལྡན་གྱིས་གཟུགས་ཅན་ལ་བལྟས་པ་བཞིན་དུ། ཐེ་ཚོམ་དང་གཉིས་འཛིན་གྱི་སྒྲོག་ལས་གྲོལ་བའི། གསལ་གདངས་ངར་དང་བཅས་པ། དུས་གསུམ་ཡིད་ཀྱི་འབྲེལ་ཐག་ཆད་པ་ཞིག་ཤར་བ་དེ་ལ་ཆོས་སྐུ་རྗེན་པའི་རིག་པ་ཞེས་པ་ཡིན། འདི་ནི་བཤད་ནས་ངོ་འཕྲོད་རྒྱུ་ཞིག་མ་ཡིན་ལ། སྤྲད་དུའང་ཡོད་པ་མ་ཡིན། བྱིན་རླབས་ཀྱིས་ངོ་སྤྲད་པ་གཞུང་གི་བསྟན་དོན་ལྟར་དུ། གོང་ནས་ཞུས་མ་ཐག་པའི་སྐད་ཆའི་སྙིང་དོན། གནས་འདི་ནི་དམ་པ་གོང་མའི་སྒྲུབ་གནས་དང་། ཆོས་འདི་ནི་ཆོས་སྐུ་དགོངས་པའི་གསང་མཛོད་ཡིན་པ་དང་། རང་རེ་ཡང་ཉམས་ལེན་བྱིན་བརྒྱུད་ཀྱི་རྟོགས་པ་འཕོ་བ་ལ་དོན་གཉེར་མཛད་མཁན་གྱི་ལས་ཅན་ཏག་ཏག་ཡིན་པའི་དབང་དུ་བཏང་ནས། ངས་འདི་ནས་བརྒྱུད་པའི་གསོལ་འདེབས་བྱིན་རླབས་འབེབས་པའི་ཞལ་འདོན། སྙིང་ཐིག་གི་ཁྲིད་ཡིག་ཆེན་མོའི་ཕྱག་ལེན་ལྟར་དུ་འདོན་ཡོང་དུས། ཁྱེད་རྣམ་པས་མ་བཅོས་ཐད་ཀར་བཞག་ཚེ། རང་ས་ན་གསལ་བའི་རང་གནས་ཀྱི་ཡེ་ཤེས། ཀ་དག་བསམ་ངོ་དང་བྲལ་བ། སྟོང་གསལ་དབྱེར་མི་ཕྱེད་པ། ཞི་ལྷག་ཟུང་དུ་འབྲེལ་བའི་རིག་པའི་ངང་བསྐྱངས་ནས། སྐར་མ་གསུམ་ཙམ་ཞིག་ལ་གང་དུ་གང་ཞིག་ངོ་སྤྲད་པའི་སྨྲ་བསམ་བརྗོད་པ་དང་བྲལ་བའི་ཡེ་ཤེས་དེ་ཉིད། སྨྲ་མེད་དགོངས་པའི་བྱིན་བརྒྱུད་ཀྱིས་ཐོབ་པའི་ཉམས་ལེན་གྱི་ཐོག་ལ་བཞུགས་རྒྱུ་མཛོད། ཕྱག་དཔེ་ཚང་མ་ཟུར་ཞིག་ལ་བཞག་ནས། མ་བཅོས་རིག་སྟོང་རྗེན་པའི་ངང་ལ་མཉམ་པར་བཞག་པ་དང་ལྷན་དུ་དད་དང་མོས་པའི་སྟོབས་ཀྱིས་བརྒྱུད་པའི་བྱིན་རླབས་སྙིང་དབུས་སུ་འདྲེན་པའི་ཐུགས་མོས་མཛད་དགོས་པ་ཡིན། ༼བླ་མས་ཌ་དྲིལ་གདངས་དབྱངས་དང་བཅས་པས།༽ ཨོཾ་ཨཱཿ ཧཱུྃ། ཀུན་བཟང་རྡོ་རྗེ་སེམས་དཔའ་དགའ་རབ་རྗེ། །འཇམ་དཔལ་བཤེས་གཉེན་ཤྲཱི་སིང་ཧ་དང་། །ཛྙཱ་ན་སུ་ཏྲ་འཆི་མེད་པདྨ་འབྱུང་། །འོད་གསལ་སྙིང་པོའི་ཤིང་རྟ་བི་མ་ལ། །དབྱེར་མེད་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དང་། །མཁའ་འགྲོའི་དབྱིངས་མཛོད་བཀའ་བབས་འཇིགས་མེད་གླིང་། །གྲུབ་བརྙེས་འཇིགས་མེད་རྒྱལ་བའི་མྱུ་གུ་དང་། །སྤྲུལ་བའི་སྐུ་མཆོག་མི་འགྱུར་ནམ་མཁའི་མཚན། །ཨོ་རྒྱན་བསྟན་འཛིན་གཞན་ཕན་སྣང་བའི་ཞབས། །འཁོར་ལོའི་མགོན་པོ་གུ་ཎ་ན་ཐ་རྗེའི། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱིས། །དེང་འདིར་སྐལ་ལྡན་ཁྱོད་ལ་བྱིན་བརླབས་པས། །ཅིར་སྣང་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་ཤར། །སྒྲར་གྲགས་མི་ཤིགས་རྡོ་རྗེའི་དབྱངས་སུ་སྨིན། །ཀ་དག་རིག་པ་གདོད་མའི་གནས་ལུགས་རྟོགས། །ལྷུན་གྲུབ་སྣང་བ་རྣམ་བཞིའི་རྩལ་རྫོགས་ནས། །ཚེ་གཅིག་འཇའ་ལུས་འོད་སྐུར་གྲོལ་བར་ཤོག །བཛྲ་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཧཱུྃ༔ ༼དཔོན་སློབ་ཀུན་དར་ཅིག་མཉམ་པར་བཞག་རྗེས་བླ་མས༽ བརྗོད་བྱ་དོན་གྱི་དགོངས་པ་འཕོ་བར་གྱུར་ཅིག འཕོ་བར་གྱུར་ཅིག འཕོ་བར་གྱུར་ཅིག རྗོད་བྱེད་ཚིག་གི་བརྒྱུད་པ་རྫོགས་པར་གྱུར་ཅིག རྫོགས་པར་གྱུར་ཅིག རྫོགས་པར་གྱུར་ཅིག སེམས་ཉིད་རང་ངོ་ཤེས་པར་བྱིན་གྱིས་རློབས། །བདག་འཛིན་འཁྲུལ་བ་ཞིག་པར་བྱིན་གྱིས་རློབས། །འོད་གསལ་ནང་ནས་འཆར་བར་བྱིན་གྱིས་རློབས། །བླ་མ་དམ་པའི་བྱིན་རླབས་སྙིང་ལ་འཇུག་པར་གྱུར་ཅིག །ཡི་དམ་ལྷ་ཡི་ལུང་བསྟན་ཐོབ་པར་གྱུར་ཅིག །མ་དང་མཁའ་འགྲོ་སྤྲིན་ལྟར་འདུ་བར་གྱུར་ཅིག །ཆོས་སྐྱོང་སྲུང་མས་བར་ཆད་སེལ་བར་གྱུར་ཅིག །སྲིད་ཞི་མཉམ་ཉིད་ཆོས་སྐུ་ཐོབ་པར་གྱུར་ཅིག །ཞིང་ཁམས་རྣམ་དག་ལོངས་སྐུ་ཐོབ་པར་གྱུར་ཅིག །ཕྲིན་ལས་ཐོགས་མེད་སྤྲུལ་སྐུ་ཐོབ་པར་གྱུར་ཅིག །སྐུ་གསུམ་དབྱེར་མེད་ངོ་བོ་ཉིད་སྐུ་ཐོབ་པར་གྱུར་ཅིག །རྟོགས་པས་བདག་རྒྱུད་གྲོལ་བར་གྱུར་ཅིག །ཐུགས་རྗེས་གཞན་རྒྱུད་སྨིན་པར་གྱུར་ཅིག །རྟེན་འབྲེལ་ཐབས་ལ་མཁས་པར་གྱུར་ཅིག །འབྲེལ་ཚད་དོན་དང་ལྡན་པར་གྱུར་ཅིག །དེ་ཁོ་ན་བཞིན་དུ་འགྲུབ་པར་གྱུར་ཅིག །ད་བདེ་ལུགས་སུ་བཞུགས་ནས་ཡང་ཕྱག་དཔེ་གཟིགས་མཛོད། དེ་ཡིས་བརྒྱུད་གསུམ་དགོངས་པའི་ངོ་སྤྲོད་ཀྱི་བརྒྱུད་པ་རྫོགས་པའི་ཕྱག་བཞེས་ཀྱི་ངོ་སྤྲོད་བྱས་པ་རེད། བརྒྱུད་གསུམ་དགོངས་པའི་ངོ་སྤྲོད་ཀྱི་བརྒྱུད་པ་ཇི་ལྟར་རྫོགས་པ་ཡིན་ཞེ་ན། རྒྱལ་བ་དགོངས་བརྒྱུད་རྫོགས་པ་ཡིན་ཏེ། ཆོས་སྐུའི་བསྟན་པ་ཐེག་རྩེ་རྫོགས་ཆེན་སྡེ་གསུམ་གྱི་དགོངས་བཅུད་ཀུན་ཏུ་བཟང་པོའི་ཐུགས་དང་གཉིས་སུ་མེད་པ་དེ་ཉིད། གསང་འཛིན་དགའ་རབ་དཔའ་བོ་དང་ཐ་མི་དད་པའི་ཀུན་མཁྱེན་རྒྱལ་བ་ཀློང་ཆེན་པའི་རྟོགས་པའི་འདྲ་འབག ཆོས་སྐུའི་མཆོད་སྡོང་ལ་བཞུགས་པའི་མན་ངག་དྲི་མ་མེད་པའི་བྱིན་རླབས་བརྒྱུད་པའི་བབས་སོའི་སྟེང་དེ་ནས། ཡེ་ནས་ལྷུན་གྲུབ་ཀྱི་ཆོས་སྐུ་རང་ལ་བཞུགས་པའི་རྩལ་སྣང་གཟུགས་བརྙན་གྱི་རོལ་བའི་སྣང་ཤེས་གང་ཤར་ཐམས་ཅད་ཡེ་སྟོང་རྩ་བ་དང་བྲལ་བའི་ཐག་ཆོད་གདེང་རྙེད་ནས། སངས་ཡེ་རྒྱས་དང་འཁོར་བ་ཡེ་གྲོལ་ལ་ཐག་ཆོད་པ་ཡིན་པའི་ཕྱིར། རིག་འཛིན་བརྡ་ཡི་བརྒྱུད་པ་ཡང་ཚང་སྟེ། འདི་ནི་དབང་རབ་ལས་སྐལ་ཅན་ལ་གནད་ལ་མ་བརྟེན་པའི་ངོ་སྤྲོད་ཡིན། དཔེར་ན་རིག་འཛིན་ཤྲཱི་སེངྷ་ཡིས་སློབ་དཔོན་པདྨཱ་ཀ་རཿ ལ། གང་ཤར་མ་ཞེན་ཤར་ཤར་ཤར་མ་ཞེན། །ཞེས་གསུངས་པ་དང་འདྲ་བར། ཙེན་ནེར་ཞོག་དང་རྗེན་ཤར་རེ་བ་ཞིག་ཟང་མ་རྗེན་པ་མཐོང་ཡོང་ཞེས་པ་དེ་བརྡ་མིན་ན་ཅི་ཡིན། གང་ཟག་སྙན་བརྒྱུད་ཀྱང་ཡིན་ཏེ། རིང་བརྒྱུད་ཆོས་སྐུ་ཀུན་ཏུ་བཟང་པོ་ནས་ད་ལྟའི་བར་དུ་བརྒྱུད་པ་དང་། ཉེ་བརྒྱུད་ཀུན་མཁྱེན་ཡབ་སྲས་དང་། ཁྱད་པར་དུ་ཀུན་མཁྱེན་འཇིགས་མེད་གླིང་པ་ནས་ཀློང་ཆེན་སྙིང་ཐིག་གི་ཉེ་བརྒྱུད་ཁྱད་པར་ཅན་བརྒྱུད་གསུམ་དགོངས་པ་གཅིག་འདུས་ཀྱིས་བརྒྱུད་པ་ཡིན་ནོ། །དེ་ལྟ་བུའི་ངོ་སྤྲོད་ཕྱག་བཞེས་དང་བསྟུན་ཏེ་བྱས་པའི་རྗེས་ཐོག་དེ་ནས། རྗེས་སྤྱོད་པའི་བོགས་འདོན་དང་། གོལ་ཤོར་ནོར་བའི་འཕྲང་བསལ་ཆེད་དུ་ཡང་གདམས་པ་ཚིག་ལྷུ་ཐུང་ཐུང་ཞིག་བསྟན་པ་ནི། དེ་ཀ་ཆོས་སྐུ་ངེས་ཤེས་བསྐྱེད་ལ་མ་བསྒོམས་ལ་མ་ཡེངས་པའི་ངང་ལ་སྐྱོང་བ་གནད་ཡིན་ནོ། །ཞེས་པ་སྟེ། ངང་ལ་ཞེས་པའི་ལ་དེ་མེད་ན་གོ་བདེ་བར་སེམས། ཡིན་ཐོག་ལ་ཐག་ཆོད་པ་དེའི་ངང་དུ་ཞོག་དང་ལྟ་སྒོམ་གཉིས་ཀྱི་གནད་དེའི་ནང་ལ་འདུས་སོ་ཞེས་པའི་དོན་ཡིན། དེ་ཀ་ཞེས་པ་དེ་གང་ཡིན་ན། གོང་ནས་ངོ་སྤྲད་མ་ཐག་པའི་ཆོས་སྐུའི་རང་གནས་ཀྱི་རིག་པ་དེ་ཀ ཆོས་སྐུའི་དགོངས་པ་ཡིན་པ་ལ་ཨེ་ཡིན་ན་སྙམ་པའི་ཐེ་ཚོམ་གྱི་ལོག་རྟོག་དང་། ཡིད་དཔྱོད་ཀྱི་ལྷན་པ་བརྒྱབ་ནས་སྤྲང་པོའི་དབྱུག་པ་ལ་རྣ་ཚར་བཏགས་པ་བཞིན་དུ་མང་པོ་ཞིག་དེའི་ཁར་སྣོན་པ་མི་བྱེད་པར་ངེས་ཤེས་དེའི་ཐོག་ལ་ཐག་བཅད་ནས། མ་བསྒོམས་ལ་མ་ཡེངས་ཞེས་དགག་སྒྲ་གཉིས་སྦྱར་བ་ནི། དམིགས་གཏད་མཚན་མ་ཅན་ཞིག་རིག་པ་རང་གི་ངོ་ཁ་ལ་མ་གྲུབ་པས། དེ་མིན་པའི་རེ་དོགས་ཐེ་ཚོམ་ཅན་ཞིག་ལ་བློ་རྩེ་གཏད་མདོག་བྱས་ན་འབེན་གྱི་ཕྱོགས་ལ་མདའ་མི་འགྲོ་བ་ལྟ་བུ་ཡིན་པས་དེ་ལྟར་མ་བསྒོམས། ཡང་མ་ཡེངས་ཞེས་དགག་སྒྲ་རྗེས་མ་ཞིག་བསྣན་པ་ནི། སོ་སོའི་སྐྱེ་བོ་ནི་བློ་ཆུང་ཡིན་ཕྱིར་ངེས་དོན་ཐད་ཀར་བཟུང་ནས་ཚིག་ལ་འཆེལ་བའི་ལམ་ལོག་པར་སོང་བ་མང་བས། མ་སྒོམས་ཟེར་དུས་ངོ་མས་མི་བསྒོམ་པ་ལ་གོ་ནས་འཁྲུལ་རྟོག་ཐ་མལ་བའི་དབང་དུ་སོང་ནས། སྔར་འཁྲུལ་བ་བཞིན་དུ་ད་རུང་ཡང་འཁྲུལ་མི་འགྲོ་བའི་ཆེད་དུ་མ་ཡེངས་ཞེས་པ་ནི་ཐ་མལ་གྱི་འཁྲུལ་བ་རང་ག་བ་ལ་མ་མངགས་ཞེས་པའི་དོན་ཡིན། དེ་ལྟར་མ་བསྒོམས་མ་ཡེངས་པའི་ངང་བསྐྱངས་ན་དེ་ལ་གནད་ཡོད་པ་ནི། མ་ལབ་སྒྲོན་གྱིས། གྲིམས་ཀྱིས་སྒྲིམ་ལ་ལྷོད་ཀྱིས་གློད། །དེ་ན་སྒོམ་པའི་གནད་ཅིག་ཡོད། །ཅེས་གསུངས་པ་བཞིན་དུ། གྲིམ་ལྷོད་རན་པོ་ཡི་ཐོག་ནས་སྒོམ་གྱི་ངོ་བོ་བསྐྱང་དགོས་པ་དང་། བརྟན་པ་མ་ཐོབ་ཀྱི་བར་དུ་ལས་རྒྱུ་འབྲས་ཆ་ཕྲ་བ་ནས་བསྲུང་དགོས་པའི་གནད་ཀྱང་དེར་འདུས་པ་ཡིན། དེ་ཡིས་ངོ་སྤྲོད་རྣམ་པ་བདུན་གྱི་ནང་ནས་དང་པོ་གནད་ལ་མ་བརྟེན་པའི་ངོ་སྤྲོད་དེ་ཞིབ་ཆ་དང་བཅས་པས་སོང་ནས།

གནད་ཀྱི་ངོ་སྤྲད་པ།

རིག་པ་ཅར་ཕོག་ཏུ་ངོས་འཛིན་པའི་ལུགས་གཉིས་པ་གནད་ལ་བརྟེན་པའམ་གནད་ཀྱི་ངོ་སྤྲད་པ་ལ་སེམས་བཟུང་ནས་ངོ་སྤྲད་པ། སེམས་གནས་པ་ལ་ངོ་སྤྲད་པ། རྩ་བ་བཅད་ནས་ངོ་སྤྲད་པ། དངོས་པོ་དེ་དེད་ནས་ངོ་སྤྲད་པ། ཡུལ་དང་ཤེས་པའི་བར་ནས་ངོ་སྤྲད་པ། ཡེངས་ལ་བོར་ནས་ངོ་སྤྲད་པ་དང་དྲུག་ལས།

དང་པོ་སེམས་བཟུང་ནས་ངོ་སྤྲད་པ།

གནད་ཀྱི་ངོ་སྤྲད་པ་ལ་དྲུག་ལས་སེམས་བཟུང་ནས་ངོ་སྤྲད་པ་ནི་ལུས་གནད་སྐྱིལ་ཀྲུང་། རླུང་གནད་དལ་བ། མིག་ཧར་པོ། སེམས་མི་རྟོག་པར་བཞག་དུས། གསལ་སང་ངེ་གནས་དུས་ཀྱི་གསལ་བ་དང་གནས་པ་གཉིས་པོ་དེ་ཉམས་ཡིན་པས་ལོགས་སུ་བཅད་ནས། རིག་གེ་རྗེན་ནེ་བའི་ཆ་དེ་ཆོས་སྐུ་ཡིན་པར་ངོ་སྤྲད་དོ། །ལུས་གནད་ནི། རྣམ་སྣང་ཆོས་བདུན་ནམ་སྐྱིལ་ཀྲུང་ལྷོད་ཆ་ཅན་གྱི་བཞུགས་སྟངས་ཀྱིས་བདེ་ལུགས་སུ་བཞུགས་པ་དང་། དེ་ལྟར་བདེ་ལུགས་སུ་འདུག་དུས་ཀྱི་རླུང་གནད་ནི། སྙིང་ཐིག་གི་སྐབས་ནས། ཁའི་སོ་མཆུ་མ་རེག་ཙམ་གྱི་བར་ནས་རླུང་གི་རྒྱུ་བ་མི་ཚོར་ཙམ་གྱི་དབུགས་ཀྱི་འབྱིན་འཇུག་དལ་བར་བྱེད་པ་དང་། མཚམས་རེར་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་ཆེད་དུ་དབུགས་ཕྱིར་འཛིན་རིང་བ་ཙམ་ཞིག་བྱེད་པ་གནད་ཡིན་ཞིང་། རླུང་ཁ་ནས་གཏོང་བའི་དགོས་པ་ནི་རིག་གདངས་རིག་པའི་མ་ལ་ཐིམ་པའི་ཆེད་དེ་འདི་ཁྲེགས་ཆོད་ཐོད་རྒལ་ཐུན་མོང་གི་གནད་ཡིན། མིག་ཧར་པོས་མདུན་ཐད་ཀྱི་བར་སྣང་ལ་གཡོ་མེད་དུ་གཏད་ན། སྒོ་ཆུ་ཡི་སྒྲོན་མ་གཡོ་མེད་ལ་བཞག་པའི་གནད་དེ། དེ་ཡང་ཁྲེགས་ཆོད་ཐོད་རྒལ་ཐུན་མོང་གི་གནད་དང་། སྒོམ་ལྟེང་ཞིང་བྱིང་བ་སེལ་བའི་ཆེད་དང་། གསལ་མཉམ་ལྷག་མཐོང་གི་ཡེ་ཤེས་རྩལ་འདོན་གྱི་ཆེད་དུ་ལག་པས་གཙོ་བོར་པུས་མོ་གཉིས་ཀ་བཀབ་ནས་འདུག་དགོས། དེ་ནས་སེམས་མི་རྟོག་པར་བཞག་དུས། གསལ་སང་ངེ་གནས་དུས་ཀྱི་གསལ་བ་དང་ཞེས་པ་སྟེ། གསལ་བ་འདི་ལ་ཉི་མ་དང་ཟླ་བ་ཤར་ནས་འོད་གསལ་བ་ལྟ་བུའི་གསལ་བ་ཞིག་དང་། མཐོང་ཐོས་མྱོང་ཚོར་ལ་སོགས་པའི་ཆོས་སུ་ཤེས་པའི་དྲན་རིག་གི་གསལ་བ་ཞིག་དང་གཉིས་སུ་ཡོད་པ་ཡིན། འོན་ཀྱང་རྫོགས་ཆེན་གྱི་སྐབས་ཀྱི་གསལ་བ་ནི་དེ་གཉིས་ཀ་ལས་འདས་པར་འཆད་དེ། སྔོན་མ་ནི་གཟུགས་ཤིག་དང་། ཕྱི་མ་དེ་ཡང་ཆོས་གཞན་དང་འབྲེལ་བ་གྲུབ་པ་ཞིག་ཡིན་ལ། རིག་པ་ནི་ཆོས་གཞན་གཅིག་དང་ཡང་མ་འབྲེལ་བ་ཞིག་ཡིན། འོ་ན་གསལ་བ་དེ་གང་ལ་ངོས་འཛིན་དགོས་པ་ཡིན་ཞེ་ན། ངོ་བོ་སྟོང་པ་ཅིར་ཡང་མ་གྲུབ་པའི་ཆོས་སྐུའི་རིག་པ་ལ། རྣམ་པར་དབྱེ་བྱ་འབྱེད་བྱེད་ཀྱི་ཆོས་ཤིག་ཡོད་པ་མིན་ན་ཡང་། དེ་ལྟར་ཡིན་པར་ཤེས་ཙམ་པོ་དེའི་རང་བཞིན་ཡིན་པས་གསལ་བ་ཞེས་པ་ནི་དེའོ་ཅེས་ཐ་སྙད་ཙམ་ཞིག་ལ་གོ་བརྡ་སྤྲོད་བྱེད་ལ་བཤད་ན་མི་ཆོག་པ་མེད་ཀྱང་། དོན་དངོས་སུ་ཤེས་མཐོང་མྱོང་བ་དེ་དག་ཀྱང་ཆོས་གཞན་དང་འབྲེལ་བའི་ཚིག་ཡིན་ཕྱིར། ངོ་སྤྲོད་ཀྱི་ཚིག་གི་ཐོག་ནས་ཁ་ཡིས་རྣ་བ་ལ་གང་ཡིན་ཡིན་བཤད་ནས་གོ་བརྡ་སྤྲད་ཀྱང་དོན་ཉམས་ལེན་ངོ་མའི་གནད་ཐོག་ལ་འཁེལ་བའི་གོ་བརྡ་ངོ་མ་ཞིག་སྤྲད་དུ་ཡོད་པ་མ་ཡིན། དོན་ངོ་མའི་ཐོག་ནས་གནད་ཐོག་ལ་ཁེལ་ཡོང་དུས། ཅེར་གྱིས་བལྟས་དུས་སངས་ཀྱིས་དག་ནས་རང་ཞིག་ལ་མི་འགྲོ་རྒྱུ་ཞིིག་མེད་པ་དེ་ཡིན། གསལ་བ་ཞེས་པ་ནི་སྟོང་པའི་རང་བཞིན། དེ་ལས་གཞན་ཞིག་ལ་གཡོས་ནས་སྣང་བ་རུ་སོང་བ་ལྟ་བུ་ཞིག་མ་ཡིན་པར། སྟོང་པ་ཁོ་རང་གི་རང་བཞིན་ངང་གིས་འོད་གསལ་བ་ཞིག་ལ་སྤྱིར་བཏང་གིས་གོ་དགོས་པ་ཡིན། འདི་ནས་གནད་ཀྱི་ངོ་སྤྲོད་འདི་དག་གདུལ་བྱ་ལས་དང་པོ་བའི་ཉམས་དང་སྦྱར་ནས་གསུངས་པ་ཡིན་ཕྱིར། ཉམས་ཞེན་དང་མ་བྲལ་བའི་གསལ་གནས་གཉིས་ཀ་ཡ་བྲལ་དུ་ཡོད་པ་ནི་ཉམས་ཡིན་ལ། རིག་པ་རྗེན་པའི་སྟེང་ལ་ཆ་བགོ་རྒྱུ་ཞིག་མེད་པས་རིག་གེ་རྗེན་ནེ་བའི་ཆ་དེ་ཆོས་སྐུ་ཡིན་པར་ངོ་སྤྲད་དོ་ཞེས་པ་ནི། ཀློང་ཆེན་པ་ཉིད་ཀྱིས་ཚིག་དོན་མཛོད་ལས། རིག་པ་འཕྲོ་འདུ་མེད་པར་གནས་པའི་དུས་ན་གནས་ཆའི་མི་རྟོག་པ་དེ་སྒོམ་དུ་འདོད་པ་མ་ཡིན། འདིའི་དུས་ཀྱི་རིག་གེ་སིང་ངེ་བའི་གསལ་དྭངས་ཀྱི་རིག་པ་རྗེན་པ་དེ་མ་ཡེངས་པར་ཕྱལ་ལེ་སྐྱོང་བའོ། །ཡང་རིག་པ་ཡུལ་ལ་འཆར་དུས་གང་ཤར་ལ་ལྟ་བ་དེ་སྒོམ་དུ་ཡོད་པ་མ་ཡིན། དེའི་དུས་ཀྱི་རིག་པ་གསལ་རྗེན་རྗེན་པའི་ཆ་དེ་མ་ཡེངས་པར་སྐྱོང་བའོ། །གནད་འདི་མ་གོ་ན་གནས་པ་དང་འཆར་བ་གཉིས་ལ་ལྟ་བ་དེ་སྒོམ་པའི་ངོ་བོ་ཡིན་སྙམ་ནས་འཁྲུལ་བར་འགྱུར་རོ། །སེམས་གནས་པ་ཙམ་བསམ་གཏན་གྱི་ལྷ་དང་འདྲ་ལ། འཆར་བ་ཙམ་ཐ་མལ་གྱི་རྟོག་པ་དང་འདྲ་བས་དེ་ལ་བསྒོམས་ཀྱང་སངས་རྒྱས་ཐོབ་རེ་སྐན་ནོ། །ཞེས་ཞིབ་ཀྱིས་གསུངས་པ་སྟེ། རིག་པ་འཕྲོ་འདུ་མེད་པར་གནས་ཡོད་དུས་ཀྱི་གནས་ཆའི་མི་རྟོག་པ་དེ་སྒོམ་ངོ་མ་བོ་མིན་པར། འདི་དུས་ཀྱི་གསལ་དྭངས་ཀྱི་རིག་པ་རྗེན་པ་དེ་མ་ཡེངས་པར་བསྐྱང་དགོས། ཡང་རིག་པ་ཡུལ་ལ་འཆར་དུས་གང་ཤར་ལྟ་རྒྱུ་བོ་སྒོམ་མིན། དེ་དུས་ཀྱི་རིག་པ་གསལ་རྗེན་རྗེན་པའི་ཆ་དེའི་ཐོག་ལ་མ་ཡེངས་པར་བསྐྱང་དགོས་པ་ཡིན། དེ་ལས་གཞན་དུ་གནས་པ་དང་འཆར་བ་གཉིས་ཀ་སྟོང་པ་དང་གསལ་བ་གཉིས་ཀ་ཡིན་སྙམ་ནས་བསྒོམས་ན་ནོར་བ་སྟེ། གནས་པ་ཙམ་ནི་བསམ་གཏན་གྱི་ལྷ་དང་འདྲ་ལ། འཆར་བ་ཙམ་ནི་ཐ་མལ་གྱི་རྟོག་པ་ལ་ཡང་ཡོད་པ་ཡིན་པས་དེ་འདྲ་ཞིག་གིས་སངས་རྒྱས་ཐོབ་རེ་སྐན་ཞེས་གསུངས་ཡོད་པའོ།།

གཉིས་པ་སེམས་གནས་པ་ལ་ངོ་སྤྲད་པ།

སེམས་གནས་པ་ལ་ངོ་སྤྲད་པ་ནི་སེམས་གཟུང་བ་མ་ཡིན་ཡང་རང་ས་ན་ལྷན་ནེ་རང་བབས་སུ་འདུག་དུས། གནས་ཆ་དེ་བཞག་ལ། རིག་གེ་སལ་ལེ་བ་དེ་ཆོས་སྐུར་ངོ་སྤྲད་དོ། །དེས་དུས་སུ་གནས་ཆ་བཞག་ནས་བསྐྱུར་དགོས་པ་ཅིའི་ཕྱིར་ཞེ་ན། ཝ་ལེར་འཆར་བ་ལམ་དུ་མ་སོང་ན་སྒོམ་ལྟེང་བ་ཞེས་པ་གོང་ནས་བཤད་པ་དེར་འགྲོ་ཉེན་ཡོད་པས། དེ་ནི་ཉམས་ཡིན་པས་ཞོག་ལ་ཤོག་ཅེས་པའི་དོན་ཏེ། ཉམས་དང་རྟོགས་པ་གཉིས་ཀ་ཁ་ཁ་ཡིན། ཉམས་ན་བུན་འདྲ་སྟེ་ཡལ་ནས་འགྲོ། །རྟོགས་པ་ནམ་མཁའ་འདྲ་སྟེ་འཕོ་འགྱུར་མེད། །ཅེས་གསུངས་པ་ཡིན། རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་ཤེས་པ་དྭངས་སངས་ཕྱེད་ནས་རིག་ཆ་དེའི་ངང་ལ་ཞོག་ཅེས་པའོ།།

གསུམ་པ་རྩ་བ་བཅད་ནས་ངོ་སྤྲད་པ།

རྩ་བ་བཅད་ནས་ངོ་སྤྲད་པ་ནི། སེམས་ནང་དུ་དེད་ནས་གང་ནས་བྱུང་གང་ན་འདུག་མཐའ་བརྟགས་པས་ཅི་ཡང་མ་རྙེད་པར་རྗེན་སང་ངེ་སོང་འདུག་དུས། གང་ཡང་མི་རྟོག་པར་སོང་བ་དེ་བཞག་ལ། རིག་གེ་རྗེན་ནེ་མིང་དོན་ལས་འདས་པ་དེ་ཆོས་སྐུར་ངོ་སྤྲད་དོ། །འདིའི་སྐབས་སུ་རྐྱང་འདེད་བྱས་ཏེ། སེམས་འདི་དང་པོར་གང་ནས་བྱུང་། བར་དུ་གང་ན་གནས། ཐ་མར་གང་དུ་འགྲོ། དེའི་དབྱིབས་ཁ་དོག་མཚན་ཉིད་སོགས་ཇི་ལྟར་ཡིན། དེ་ལྟར་བརྟགས་ཡོང་དུས་ཕྱི་ནང་བར་གསུམ་ནས་མ་རྙེད་པར། སྐབས་འགའ་རེར་ཧ་ཕྱད་དེ་ལུས་ཞེས་པ་སྟེ་ཅི་ཡང་མ་རྙེད་པར་རྗེན་སང་ངེ་སོང་དུས། གང་ཡང་མི་རྟོག་པར་སོང་བ་དེ་བཞག་དགོས་པ་ནི། གང་ཡང་མི་རྟོག་པར་ཤེས་པ་དཀའ་ནས་ཐང་ཆད་སོང་བ་ལྟ་བུ་དེ་ཉམས་ཡིན་པས་དེ་བསྐྱུར་དགོས། རིག་གེ་རྗེན་ནེ་མིང་དོན་ལས་འདས་པ་སྟེ་རིག་ཅིང་རྗེན་པ་དེའི་མཚན་ཉིད་འདི་འདྲ་བ་ཞིག་རེད་ཟེར་དགོས་ན་ཟེར་རྒྱུ་མེད་པའི་སྨྲ་བསམ་བརྗོད་བྲལ་ཕྱོགས་སུ་མ་ལྷུང་བ་ཞིག་ཡོད་པ་དེ་ལྟ་བ་ཆོས་སྐུའི་རང་ངོའོ།།

བཞི་བ་དངོས་པོ་དེ་དེད་ནས་ངོ་སྤྲད་པ།

དངོས་པོ་དེ་དེད་ནས་ངོ་སྤྲད་པ་ནི། སེམས་ཡུལ་ཐོག་ཏུ་ཤོར་དུས་ཡུལ་དེ་ལ་ཚལ་པ་དུམ་བུ་ལ་སོགས་པར་བཤིག་པའི་ཕྱོགས་གང་ན་སེམས་དེ་འདུག་དེད་པས། ཡུལ་ཡང་མེད་སེམས་ཀྱང་མེད་པར་བརྗོད་མི་ཤེས་པར་སྟོང་སངས་ཀྱི་ངང་ལ་གནས་དུས། གང་ཡང་འཕྲོ་འདུ་མེད་པའི་གནས་ཆ་དེ་བཞག་ལ། རིག་ཆ་རྗེན་སང་ངེ་བ་དེ་ཆོས་སྐུར་ངོ་སྤྲད་དོ། །ཁྱད་པར་དུ་ཡུལ་ནམ་མཁའ་དང་མཚམས་རེར་བསྲེས་ནས། ནམ་མཁའི་མཐའ་དབུས་ཚང་མ་ཚོ་ཚོ་དང་ལིང་མ་ལིང་མར་བཅད་དེ་བགོས་ནས། ཕྱོགས་གང་གི་ནང་དུ་སེམས་ཡོད་འདུག་དེད་ནས་ཡོང་དུས། བར་ཞིག་ལ་ཡུལ་ཡང་འདི་རེད་ཟེར་རྒྱུ་མེད་པ་ཞིག་དང་། སེམས་ཀྱང་མཛུ་གུ་བཙུགས་ས་མི་རྙེད་པར་བརྗོད་མི་ཤེས་པའི་སྟོང་སང་ཞིག ཡུལ་སེམས་གཉིས་མེད་ཀྱི་ཤེས་པའི་ངོ་བོ་རང་བཞིན་གྱི་བསམ་གཏན་གྱི་ཐོག་ལྟ་བུ་ཞིག་ཏུ་བསྡད་ནས། འཕྲོ་འདུ་བྱིང་རྒོད་གཉིས་ཀ་འདི་རེད་བསམ་རྒྱུ་མེད་པ་ཞིག་ཏུ་གྱུར་ཡོང་དུས། གནས་ཆ་ཧ་ཅང་བྱིང་བ་མ་ཡིན་པར་ཅུང་ཟད་དྭངས་པའི་ཆ་དེ་ཡང་ཉམས་ཡིན་པས་དེ་བཞག་ནས། རིག་ཆ་རྗེན་སང་ངེར་སོང་བ་དེ་རྟོགས་པ་ཆོས་སྐུའི་རང་ངོ་ཡིན་པས་དེའི་ཐོག་ལ་ཞོག་ཅིག་ཅེས་པའོ།།

ལྔ་བ་ཡུལ་དང་ཤེས་པའི་བར་ནས་ངོ་སྤྲད་པ།

ཡུལ་དང་ཤེས་པའི་བར་ནས་ངོ་སྤྲད་པ་ནི། ཤེས་པ་ཡུལ་ལ་ཤར་དུས་སིམ་མེ་བཞག་རྗེས། ཡུལ་ལ་ཕར་མི་བསམ་སེམས་ལ་ཚུར་མི་བསམ་པར། བར་མེད་དུ་ཧ་རེ་སོང་དུས། ཧ་རེ་གནས་ཆ་དེ་བཞག་ལ། ཧྲིག་གེ་ས་ལེ་བའི་རིག་པ་ཟང་ཀ་དེ་ཆོས་སྐུར་ངོ་སྤྲད་དོ། །ཤེས་པ་ཡུལ་ཞིག་གི་ཐོག་ལ་འཆར་བཞིན་ཡོད་པའི་མི་དེས་གློ་རྒྱག་ཏུ་དེའི་ཡུལ་ཐོག་ལ་ཤར་བ་དེའི་མཚམས་བཅད་ནས། ཕྱིའི་ཡུལ་གྱི་ཐོག་ལ་ཕར་མི་བསམ། མི་སྤྲོ། དེ་ལ་མི་སྦྲེལ་བར། ནང་ཡུལ་ཅན་གྱི་སྟེང་ལ་ཚུར་དཔྱད་པ་མི་གཏོང་། མི་བསྡུ་བར་བཞག་པའི་མཚམས་དེ་ནས། བར་མེད་དུ་ཧ་རེ་སྟེ་བརྗོད་མི་ཤེས་པར་ཅི་ཟེར་མེད་པ་ཞིག་གི་ཐོག་ལ་ཐོན་དུས། དེ་དུས་ཀྱི་ཧ་རེ་སོང་བའི་གནས་ཆ་དེར་འཛིན་གྱི་ཆ་དེ་ཉམས་ཡིན་པས་བཞག་ནས། ཧྲིག་གེ་ས་ལེ་བའི་རིག་པ་སྟེ་རིག་གེ་བའི་ཚད་ཅིག་ཡོད་པ་དེ་རྟོགས་པ་ཡིན། དེའི་རིག་པ་ཟང་ཀ་མ་དེའི་ཐོག་ལ་ཞོག་དང་ཆོས་སྐུར་ངོ་འཕྲོད་པ་ཡིན་ནོ།།

དྲུག་པ་ཡེངས་ལ་བོར་ནས་ངོ་སྤྲད་པ།

ཡེངས་ལ་བོར་ནས་ངོ་སྤྲད་པ་ནི། དར་ཅིག་ཐ་མལ་དུ་འདུག་ནས། ལབ་ལ་སོགས་པ་བྱེད་པས་ཤེས་པ་ཡེང་དུ་བཅུག་པའི་བར་དེར། ཧ་ས་ར་ཀི་ཅི་ལ་ཟེར་ཤོད་ཤོད་བྱས་དུས། ཅི་ཟེར་ཆ་མེད་པའི་ཤེས་པ་ཧད་དེ་སངས་སེ་བ་ཞིག་བྱུང་དུས། ཧད་དེ་གནས་ཆ་དེ་བཞག་ལ། རིག་གེ་སལ་ལེ་རྗེན་པར་སོང་བའི་ཆོས་སྐུ་དེ་ངོ་སྤྲད་དོ། །ཡང་ན་འགྲོ་འཕྲོ་ལ་འདིར་སྡོད་བྱ་བའམ། སོང་ཅིག་བྱས་ནས་ཕ་ཚད་སོང་དུས་ཚུར་ལོག་བྱས་ནས། ལོག་དུས་ཀྱི་ཤེས་པའི་ས་ལེ་མི་འཕྲོ་བ་དེ་བཞག་ལ། རིག་གེ་རྗེན་ལ་སོང་བ་དེ་ཆོས་སྐུར་ངོ་སྤྲད་དོ། །འདིའི་དར་ཅིག་ཐ་མལ་དུ་འདུག་ཅེས་པ་ནི་ཐ་མལ་རང་ག་མ་དུས་རྒྱུན་འཁྲུལ་འབྱམས་ལ་ཡོད་པའི་དུས་ཏེ། སྐད་ཆ་ཞིག་བཤད་ནས་ཉན་བཞིན་ཡོད་པ་ལ་སོགས་པ་དེ་ལ་སེམས་ཡེངས་ནས་ཡོད་པའི་སྐབས་དེར། གློ་རྒྱག་ཏུ་འབྲེལ་མེད་པའི་སྐད་ཆ་འདི་ནས་དཔེ་མཚོན་ལ་ཧ་ས་ར་ཀི་ཞེས་པ་དེ་ཅི་ཟེར་བ་རེད་ད་ལྟ་ཤོད་དང་ཟེར་དུས་ཅི་ཟེར་འདི་ཟེར་མེད་པར་ཧད་དེ་སང་ངེ་བ་ཞིག་ཏུ་འགྲོ་བ་ཡིན། དེ་དུས་གོང་གི་ཡེངས་ཡོད་ས་བོ་དེ་འཐོར་ནས་སོང་དུས་གནས་ཆ་ཧད་དེ་བ་སྟེ་ཧ་དེ་ཧོ་དེ་ཞིག་ཡོད་པ་དེ་ཉམས་ཡིན་པས་བཞག་ནས། རང་བཞིན་འགྱུར་བ་མེད་པའི་རིག་ཆ་རིག་གེ་ས་ལེར་སོང་པའི་རྗེན་པ་དེའི་ཐོག་ལ་བཅས་བཅོས་མ་བྱེད་དང་དེ་ནི་ཆོས་སྐུའི་རིག་པ་ཡིན། ཡང་ན་འདིའི་ངོ་སྤྲོད་འདི་ལ་ཁྱོད་ཕར་ཁའི་གནས་དེར་སོང་ཞིག་ཅེས་འགྲོར་བཅུག་ནས་འགྲོ་བཞིན་པའི་སྐབས་སུ། ཡིད་ལ་མེད་པ་ཞིག་ཏུ་ད་ཚུར་ཤོག་ཅེས་གློ་བུར་དུ་འབོད་དུས། འགྲོ་བཞིན་པའི་ཤེས་པ་དེ་འཐོར་ནས་དེ་དུས་ས་ལེ་བ་ཅི་བསམ་འདི་དྲན་མེད་པའི་མི་འཕྲོ་བ་ཞིག་འཆར་རྒྱུ་དེ་ཉམས་ཡིན་ལ། འགྱུར་མེད་ཀྱི་རིག་པ་རྗེན་ལ་བུད་ནས་ཡོད་པ་དེའི་ཐོག་ལ་ཞོག་དང་དེ་ནི་ཆོས་སྐུའི་རིག་པའོ་ཞེས་གནད་ཀྱི་ངོ་སྤྲོད་དྲུག་པོ་དེ་ལྟར་རེ་རེ་བཞིན་དུ་གསུངས་སོ།།

ངོ་སྤྲོད་ཀྱི་དོན་བསྡུ་བ།

ངོ་སྤྲོད་ཀྱི་དོན་བསྡུ་བ་ནི། མདོར་ན་རྩ་རླུང་ཐིག་ལེའི་ཐབས་སམ། གཞན་ཡང་རུང་སྟེ་སེམས་སྤྲོ་བ་དང་། གནས་པ་ལ་སོགས་པའི་ཐབས་ཅི་བྱེད་ཀྱང་། རིག་པ་གསལ་དག་ཤེལ་གོང་འདྲ་བ་བློ་བྲལ་རྗེན་ལ་བུད་ནས་ལྟ་སྒོམ་དང་གཉེན་པོ་མེད་པ་དེ་ཆོས་སྐུ་ཟང་ཐལ་ཆེན་པོར་ངོ་སྤྲད་དོ། །འདི་ལ་གསལ་ཉམས་དང་ཕྱེད་དགོས་ཏེ། གསལ་ཉམས་ནི་གནས་ཆ་ས་ལེ་བ་ཡིན་ལ། ཆོས་སྐུ་ནི་གསལ་རིག་གནས་ཆ་དང་བྲལ་བ་སྟེ། སྣང་སྟོང་། གསལ་བདེ། མི་རྟོག་པ་ལ་སོགས་པ་དང་མ་འདྲེས་པར་རིག་གེ་རྗེན་ནེ་བ་དེ་ཡིན་པས། ཟང་ཐལ་མ་ཐལ་དང་། རིག་ཆ་དང་། གནས་ཆའི་ཁྱད་ཡོད་པས་འཛོལ་ས་མེད་དོ། །དོ་ཞག་རིང་ལ་རང་རེས་ཐུན་མོང་དང་ཐུན་མིན་གྱི་རྫོགས་རིམ་ལ་ཁྲིད་སྦྱོང་མཛད་པའི་རྩ་ལ་བརྟེན་ཏེ་མི་རྟོག་པ་སྒོམ། རླུང་ལ་བརྟེན་ནས་གསལ་བ་སྒོམ། ཐིག་ལེ་ལ་བརྟེན་ནས་བདེ་བ་སྟེ། མདོར་ན་མི་རྟོག་གསལ་བདེ་གསུམ་པོ་ལ་བརྟེན་ནས་རིག་ངོ་སྐྱོང་ཐབས་དང་། གཞན་ཡང་སེམས་སྤྲོ་བ། སྡུད་པ། གནས་པ་ལ་སོགས་པའི་ཐབས་ཅི་ཞིག་ལ་བརྟེན་ཀྱང། དོན་པོ་ནི་གནད་ལ་བརྟེན་ཀྱང་རུང་མ་བརྟེན་ཀྱང་རུང་ངོ་བོ་གཞི་ཐོག་ལ་ཕེབས་ནས། རིག་པ་རྗེན་པ་རྡོ་ཚན་ཀྱི་ཐོག་ལ་བ་མོ་མི་ཆགས་པ་བཞིན་དུ། རིག་པ་གསལ་དག་དྲི་མས་མ་གོས་པ་ཤེལ་སྒོང་ལྟ་བུ་དེ་རྗེན་གཅེར་དུ་བུད་ནས། ལྟ་སྒོམ་གཉེན་པོའི་ཆོས་ཤིག་ཟུར་ནས་བཙལ་དུ་མེད་པར་གྱུར་དུས་ཆོས་སྐུ་ཟང་ཐལ་ཆེན་པོའི་ངོ་འཕྲོད་པ་ཡིན་པས། དེ་དུས་གེགས་དང་གོལ་ས་མེད། དེ་མ་འཕྲོད་ཀྱི་སྔོན་ལ་གེགས་དང་གོལ་ས་ཤོར་ས་ནོར་ས་ཡོད། གནས་ཆའི་གསལ་ཉམས་དང་། ཡང་མིན་ན་སྣང་སྟོང་མུ་འབྲེལ་ཅན་དང་། མི་རྟོག་པ་ཏག་ཏག་གི་ཕྱོགས་ལ་འཇོག་དགའ་ཅན་དང་། ཡིད་དཔྱོད་པ་རྣམས་ཀྱིས་འདིའི་དོན་མི་ཤེས་ཀྱང་། རིག་པ་ཆོས་སྐུའི་ངོ་བོ་གསལ་རིག་གནས་ཆ་བདེ་དང་མི་རྟོག་སོགས་དང་མ་འདྲེས་པའི་ཟང་ཐལ་རིག་ཆ་རྗེན་ལ་བུད་པ་དེ་ནི་རྣལ་འབྱོར་བ་ཉམས་མྱོང་ཅན་ལ་ནོར་ས་མེད་པས་མ་ཚད། མན་ངག་འདི་དག་ལ་གཞི་གཟུང་བར་གྱིས་དང་ནོར་ཡོང་ས་མེད་དོ། །འདིའི་གནད་དེ་དག་ཀྱང་རྫོགས་ཆེན་བཅུ་བདུན་རྒྱུད་ཀྱི་སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། སེམས་ནི་གཟུང་དང་གནས་པ་དང་། །རྩ་བ་བཅད་དང་དངོས་པོ་དེད། །ཡུལ་དང་ཤེས་པའི་བར་ནས་བཙལ། །ཡེངས་ལ་བོར་བ་རྣམས་ཡིན་ནོ། །ཞེས་སོ། །མ་བསྒོམས་པའི་རིག་པ་ཟང་ཐལ་རྗེན་པ་ནི་འདིའི་ལ་བཟླ་སའམ་ཐག་གཅོད་ས་སྟེ། དེའི་ངོ་བོ་ལ་སྐྱེ་འགག་གནས་གསུམ་དང་བྲལ་བ། སྨྲ་བསམ་བརྗོད་མེད་ཆེན་པོ། ཆོས་ཟད་མིང་མེད་ཆེན་པོ། དགེ་སྡིག་སྐྱོན་ཡོན་ལས་འདས་པ། ཐོག་མའི་ཀ་དག་ཆེན་པོ་ཞེས་པ་ལ་སོགས་པར་ངོས་འཛིན་གྱིས། སྟོང་ཆད་ནམ་མཁའ་འདྲ་བར་འདོད་པ་མ་ཡིན་གྱི། གཞན་དང་ངོ་སྤྲོད་ལུགས་མི་འདྲའོ། །དབུ་མ་ལ་སོགས་ནས་གང་ཡང་མ་གྲུབ་པའི་ཆོས་ཉིད་ཀྱི་ཆོས་སྤྱི་ཁྱབ་གཅིག་ལ་དམིགས་རྩེ་གཏད་ནས། སྐྱེ་འགག་མེད་པ་ལ་སོགས་པ་འཇལ་ལ། སེམས་ཀློང་ཕལ་ནས་ཡུལ་སྣང་དང་ཤེས་པ་ཐམས་ཅད་ཕྱམ་གཅིག་མེད་མ་མྱོང་ཡོད་མ་མྱོང་བ་ལ་སོགས་པར་འཇལ་བས། སྤྱི་འབྱམས་གཤིས་ཤོར་གྱི་སྐྱོན་དང་གོལ་ས་ཆེའོ། །འདི་ལ་ཐབས་གང་གིས་ཀྱང་མཚོན་དུ་ཡོད་ལ། ངོ་བོ་ཟང་ཐལ་དུ་རྗེན་ལ་བུད་པས་སྤྲོས་བྲལ་ཉག་གཅིག་ཏུ་ཁ་འདུམས་ཏེ། གོལ་ས་དང་སྒྲིབ་པ་མེད་པར་ཐག་ཆོད་པས། ངོ་བོ་ལ་འཛོལ་ས་མེད་པར་ཆོས་ཟད་མིང་མེད་དུ་ལ་ཟློས་པ་ཡིན་ནོ། །མ་བསྒོམས་རང་བྱུང་གི་རིག་པ་ཟང་ཐལ་རྗེན་པ་དེའི་ཐོག་ཏུ་ལ་བཟླས་ནས་ཐག་བཅད་དུས། ནང་རང་གི་སེམས་ཀྱི་ཆོས་སུ་སྣང་བ་འདི་སྐྱེ་འགག་གནས་གསུམ་གྱི་ཡུལ་དུ་མ་གྲུབ་པས་ངོ་བོ་ངོས་བཟུང་གི་མཐའ་དང་བྲལ། སེམས་འདིའི་སྟེང་ན་བལྟ་བྱ་དང་བསྒོམ་བྱའི་ཆོས་ཅུང་ཟད་ཙམ་ཡང་མེད་པའི་སྨྲ་བསམ་བརྗོད་མེད་ཆོས་ཟད་མིང་མེད་ཆེན་པོ་ལ། ཐོབ་བྱའི་ཆོས་ཤིག་དེ་ལས་ཀྱང་མི་དམིགས་པ་ཡིན་ཕྱིར་དགེ་སྡིག་སྐྱོན་ཡོན་ལས་འདས་པར་ཐག་ཆོད། ཐོག་མའི་ཀ་དག་ཆེན་པོ་དེ་ནི་སྟོང་པ་ཡུལ་གྱི་སྤྲོས་པ་དང་། གསལ་བ་ཡོད་མེད་ཀྱི་མཐའ་ལས་འདས་པ་སྟེ། དེ་ལྟ་བུ་རང་བཞིན་གྱི་རིག་པ་ནམ་མཁའ་ལྟ་བུ་འདི་ལ་སྤང་བླང་གཉེན་པོའི་གཟེབ་ཀྱིས་འཆིང་མི་དགོས་པས། རང་སངས། རང་དག་ལ་སོགས་པ་འཁོར་འདས་མིང་མེད་དུ་ལ་བཟླ་བའི་རྡོ་རྗེའི་ཚིག་མང་པོ་རྒྱུད་དང་མན་ངག་ལས་བྱུང་བ་ལྟར་དུ་ཡིན་ལ། དེ་ལྟ་བུའི་མ་བཅོས་ངང་བཞག་གི་རིག་པ་སོ་མ་བསལ་བཞག་དང་བྲལ་བ་དེ་ངོས་འཛིན་དགོས་པ་ལས་མེད་རྐྱང་ཞིག་ལ་བློ་རྩེ་གཏད་པའི་སྟོང་ཆད་ནམ་མཁའ་འདྲ་ཞིག་ཏུ་མི་འདོད་པས། འོག་མའི་མདོ་སྔགས་གང་ཡིན་ནའང་ཡིད་དཔྱོད་སེམས་ལམ་བྱེད་ཀྱི་སྒོ་ནས་ངོ་སྤྲད་པའི་ལུགས་དང་འདི་མི་འདྲ་བ་ཡིན། དབུ་མ་ནས་བཟུང་སྟེ། སེམས་སྡེ་དང་། ཀློང་སྡེ་མན་ཆད་ཀྱི་ལྟ་བས་གཏན་ལ་འབེབས་ཚུལ་དང་། སྒོམ་པས་དེའི་ངང་སྐྱོང་ཚུལ་རྣམས་གདུལ་བྱའིི་བློ་རིམ་དང་བསྟུན་པའི་ཐེག་པ་རིམ་བགྲོད་ཀྱི་འགྲོས་ཀྱིས། མཐར་ཐུག་ཆོས་སྐུའི་དགོངས་པ་རྗེན་གཅེར་ལ་བསྟན་པའི་མན་ངག་འདི་དག་གབ་པའི་ཕྱོགས་མང་ཕྱིར། ལམ་དང་འབྲས་བུའི་ཁྱད་པར་གྱི་གོལ་ས་ནོར་ས་ཡོད་མེད་ཀྱི་ཁྱད་པར་ཕྱེས་ནས་བསྟན་པའོ། །ཐོན་དགོས་པའི་སར་བསླེབས་ཚེ་ལམ་ལ་ནོར་དོགས་མི་དགོས་ཤིང་། དེར་མ་ཐོན་གོང་དུ་ལམ་དངོས་ཡིན་མིན་དང་། རིང་ལམ་དང་། ཉེ་ལམ་དང་། མྱུར་ལམ་སོགས་ཡིན་མིན་གྱི་ཁྱད་པར་མང་དག་ཡོད་པ་ལྟ་བུ་ལས་མ་འདས་ཤིང་། དབུ་མ་སོགས་ནས་གང་ཡང་མ་གྲུབ་པའི་ཆོས་ཉིད་སྤྱི་ཁྱབ་གཅིག་ལ་དམིགས་པའི་རྩེ་མོ་གཏད་པ་དང་། སེམས་ཀློང་ལ་ཡང་ནང་གསེས་ཀྱི་ཁྱད་པར་མང་ན་ཡང་། ཕལ་ཞེས་དམིགས་ཀྱིས་བཀར་བ་དེ་དག་ལ་སྤྱི་འབྱམས་དང་གཤིས་ཤོར་གྱི་གོལ་ས་ཡོད་པ་དེ། འདིའི་སྐབས་སུ་ཐབས་ཀྱིས་གསལ་བར་མཚོན་དུ་ཡོད་ཅིང་། ངོ་བོ་སྤྲོས་བྲལ་ཉག་གཅིག་ལ་ཁ་འདུམས་ཤིང་ཐག་ཆོད་པས་ནོར་ཨེ་འགྲོ། གོལ་ཨེ་འགྲོ། གོལ་ནས་ཨེ་ཡོད་ན་སྙམ་མི་དགོས་པའི་ངོ་བོ་ཟང་ཐལ་རྗེན་པ་ཐད་ཀར་བསྟན་པ་ཡིན་པས་ན་ཐམས་ཅད་ལས་ཁྱད་དུ་འཕགས་པར་བསྟན་ནས་ངོ་བོ་ལ་འཛོལ་ས་མེད་པའི་ཆོས་ཟད་མིང་མེད་དུ་ལ་བཟླས་པའོ། །དེ་ཡན་ཆད་ཀྱིས་ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ཀློང་དུ་ལ་བཟླ་བར་བསྟན་པ་ལས། གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཉིད་མཁའ་ཀློང་བློ་ལས་འདས་པར་ལ་བཟླ་བའི་མན་ངག་དང་པོ་ངོ་སྤྲོད་དང་བཅས་པ་སོང་ནས།

༼ཁ༽གཉིས་པ་དེ་ལྟར་རྟོགས་པའི་རྣལ་འབྱོར་པ་དེ་རྟོགས་པ་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ་གནས་པར་བསྟན་པ།

དེ་ལ་འཁོར་བ་མིང་མེད་དུ་སངས་པར་བསྟན་པ་དང་། རིག་པའི་ངོ་བོ་རྒྱུ་འབྲས་ལས་འདས་པར་ལ་བཟླ་བ་དང་། དེ་ལྟར་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པའི་རིག་པ་རྟོགས་པའི་འབྲས་བུའི་རྟགས་ཚད་ངེས་དང་གསུམ་ལས།

༼ཀ དང་པོ་འཁོར་བ་མིང་མེད་དུ་སངས་པར་བསྟན་པ།

དེ་ལྟར་རྟོགས་པའི་རྣལ་འབྱོར་པ་དེ་རྟོགས་པ་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ་གནས་པས་འཁོར་བ་མིང་མེད་དུ་སངས་པར་བསྟན་པ་ནི།

སྒོ་ངའི་ནང་ནས་འདབ་གཤོག་རྒྱས་པའི་བྱ།།

རྒྱ་དང་བྲལ་བས་ནམ་མཁའི་ཀློང་ན་གནས།།

ཀླུ་རྣམས་ཟིལ་གནོན་གཡང་ས་ཤུགས་ཀྱིས་ཆོད།།

ཐེག་པའི་ཡང་རྩེ་རྡོ་རྗེ་སྙིང་པོ་ཡང་།།

ཇི་བཞིན་རྟོགས་པའི་རྣལ་འབྱོར་སྐལ་པ་ཅན།།

ཐེག་དམན་ཟིལ་གནོན་འཁོར་བའི་གཡང་ས་ཆོད།།

ཅེས་གསུངས་ཏེ། བྱ་ཁྱུང་གི་དབང་པོ་སྒོ་ངའི་ནང་ནས་འདབ་གཤོག་རྫོགས་པ་དེ། དུས་ལ་བབས་པ་ན་སྒོང་རྒྱ་ལས་གྲོལ་མ་ཐག་ནམ་མཁའི་དཀྱིལ་ན་ལྡིང་བས། ཀླུ་རྣམས་ཟིལ་གྱིས་གནོན་པ་དང་། །གཡང་ས་ཤུགས་ལ་ཆོད་པ་དུས་མཉམ་པ་ལྟར། རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་དེ་ཡང་ཚེ་འདིར་བླ་མས་ངོ་སྤྲད་དེ་རིག་པ་ཆོས་སྐུར་རྟོགས་ལ། ལུས་མ་འབྱོངས་པ་དེ་སྒོ་ངའི་ནང་ནས་འདབ་གཤོག་རྒྱས་པ་འདྲ་ལ། རིག་པ་ཡངས་དོག་མེད་པ་དེ་སྒོང་རྒྱ་ལས་གྲོལ་ནས་ནམ་མཁར་ལྡིང་བ་དང་མཚུངས་པ་ལྟར། ཐེག་དམན་དང་ཉོན་མོངས་པའི་ཚོགས་ཟིལ་གྱིས་གནོན་པ་དང་། འཁོར་བའི་གཡང་ས་ཆོད་པ་དུས་མཉམ་པའོ། །ཀུན་བྱེད་ལས། ཁྱུང་ཆེན་ནམ་མཁར་ལྡིང་བ་བཞིན། །སྤྲོ་བ་མེད་ཅིང་བསྡུ་བ་མེད། །ཅེས་སོ། །འདི་ལ་རྩ་བའི་ཚིག་གི་འགྲོས་གཅིག་ལ་འགྲེལ་བས་གོ་བ་ལེན་སྟངས་གཉིས་ཀྱི་ཐོག་ནས་རྒྱུད་ཚིག་གི་ལུང་དང་སྦྲགས་ནས་གསུངས་པ་སྟེ། དེ་ཡང་བྱ་རྒྱལ་ཁྱུང་གི་ཕྲུ་གུ་དེ་བྱ་རིགས་གཞན་དང་མ་འདྲ་བར། ཁྱུང་སྒོ་ངའི་ནང་ནས་འདབ་གཤོག་རྫོགས་པ་ཡིན་པས། སྒོང་རྒྱ་ལས་གྲོལ་མ་ཐག་ནམ་འཕང་བཅད་ནས་མཁའ་དཀྱིལ་ལ་ལྡིང་པ་དང་གཅིག ཀླུ་རྣམས་ཟིལ་གྱིས་གནོན་པ་དང་གཉིས། གཡང་ས་ཤུགས་ལ་ཆོད་པ་སྟེ་དེ་རྣམས་དུས་གཅིག་ལ་མཉམ་དུ་ཡོང་བ་དང་འདྲ་བར། རྫོགས་ཆེན་སྒོམ་པའི་རྣལ་འབྱོར་པས་ཀྱང་ཚེ་འདི་ལ་བླ་མའི་མན་ངག་བསྟེན་ནས་རིག་པ་ཆོས་སྐུར་ངོ་འཕྲོད་ནས་རྟོགས་པ་དང་གཅིག ལུས་སྒོང་རྒྱ་ལྟ་བུ་དེ་སྔར་བཞིན་ཡོད་ཀྱང་སེམས་ཆོས་སྐུར་རྟོགས་པའི་འདབ་གཤོག་ནང་ནས་རྒྱས་པ་དང་གཉིས། རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་རིག་པ་ཡངས་དོག་མེད་པར་རྟོགས་པ་དང་། ཐེག་དམན་དང་ཉོན་མོངས་ཀྱི་ཚོགས་ཟིལ་གྱིས་གནོན་པ་དང་། འཁོར་བའི་གཡང་ས་ཆོད་པ་དུས་མཉམ་པ་སྟེ། དེ་དག་གིས་ཁྱུང་ཕྲུག་སྒོང་རྒྱ་རལ་དུས་མཁའ་དཀྱིལ་ལ་ལྡིང་བ་དང་མཚུངས་ཆོས་སྦྱར་བ་སྟེ་ད་ལྟ་ཚེ་འདིའི་ཁྱད་འཕགས་གསུམ་གྱི་ཡོན་ཏན་ལྡན་ཚུལ་ལ་སྦྱར་བ་ཞིག་དང་། དེ་ཡང་ད་ལྟ་རྟོགས་པའི་རྩལ་གསུམ་རྫོགས་ཀྱང་སྒྱུ་ལུས་ཀྱི་སྒོང་རྒྱ་ལས་མ་གྲོལ་བ་སྟེ། ནམ་ཞིག་སྦུབས་ལས་འཕོས་ནས་སྐད་ཅིག་ལ་ཀ་དག་ཏུ་གྲོལ་བ་སྒོང་རྒྱ་དང་བྲལ་ནས་ནམ་མཁར་ལྡིང་བ་དང་འདྲ་སྟེ། དེ་དུས་རིག་པ་ཆོས་སྐུའི་མཁའ་ལ་ལྡིང་བའི་ངང་ནས། གཟུགས་སྐུའི་བྱ་ཁྱུང་གདུལ་བྱའི་དོན་གཉིས་མཛད་པས། ཐེག་དམན་ཟིལ་གྱིས་གནོན་ཞིང་འཁོར་བའི་གཡང་ས་ཆོད་པ་སྟེ། ཞེས་ནམ་ཞིག་ལུས་རྒྱ་དང་བྲལ་དུས་རིག་པ་ཆོས་སྐུའི་མཁའ་ལ་ལྡིང་བ་ལ་སྦྱར་བ་ཞིག་སྟེ། རྣལ་འབྱོར་པའི་བློ་ཁྱད་ཀྱིས་ཁྱད་པར་ཡོད་པའི་འགྲེལ་ཚུལ་གྱི་དབྱེ་བས་དོན་གྱི་འགག་ཁྲོལ་ནས། དོན་འདི་ཕྱོགས་ཡོངས་ལ་སྦྱར་བའི་གསུང་གི་ཁྱད་ཆོས་བསྟན་པའོ། །འགྲེལ་ཚུལ་འོག་མ་དེ་ལ་སྦྱར་བའི་ལུང་ནི། སེང་གེ་རྩལ་རྫོགས་ལས། སེམས་ཅན་ཀུན་གྱི་རང་ལུས་ལ། །ཡེ་ཤེས་དག་པའི་ངོ་བོ་གནས། །རྒྱ་ཕྱེ་སྣང་བར་མི་ནུས་ཏེ། །དཔེར་ན་མངལ་དང་སྒོ་ངའི་རྒྱ། །མངོན་དུ་མི་འབྱུང་བསྒྲིབས་གྱུར་ཀྱང་། །རང་རྩལ་རྫོགས་ནས་འབྱུང་བ་བཞིན། །རྣམ་རྟོག་ལུས་འདི་བོར་མ་ཐག །རང་སྣང་ཡུལ་དང་འཕྲད་པར་འགྱུར། །ཡེ་ནས་གནས་པའི་རང་རིག་ཉིད། །ངོ་བོ་རྟོག་མེད་མཐོང་བར་འགྱུར། །ཡེ་ཤེས་དག་པའི་སྣང་བ་དང་། །སངས་རྒྱས་བདེན་པ་མཐོང་བར་འགྱུར། །ཡེ་ཤེས་རང་སྣང་ངོ་བོ་ནི། །ཡིད་ཀྱི་རྣམ་རྟོག་མེད་པ་སྟེ། །འདས་པའི་ཡུལ་དང་མ་འོངས་ཡུལ། །སྣང་བ་ཐད་ཀར་བཅད་པའོ། །ཞེས་སོ། །རྫོགས་ཆེན་སྒོམ་པའི་རྣལ་འབྱོར་པ་རིག་པ་ཆོས་སྐུར་རྟོགས་ནས། སྒོམ་པ་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ་གནས་པ་དེ་ལ་འཁོར་བ་མིང་ཙམ་ཡང་མེད་པ་ནི་འདིའི་གོང་འོག་གཉིས་ཀའི་བསྟན་དོན་གཅིག་ཡིན་པ་ལ་འགྲེལ་ཚུལ་གྱི་རྣམ་པ་གཉིས་ལས། གོང་མ་དེ་ད་ལྟའི་རྟོགས་པའི་ངོས་ནས་ཁྱད་འཕགས་ཀྱི་ཡོན་ཏན་གསུམ་དང་ལྡན་པ་སྟེ། དེ་ནི་ལམ་དུས་དང་འབྲེལ་བ་ཞིག་དང་། འོག་མ་ནི་ལུས་རྒྱ་དང་བྲལ་དུས་མངོན་གྱུར་སྒྲིབ་མེད་ཀ་དག་གི་ས་ལ་སྐད་ཅིག་གིས་འཕོ་བ་འབྲས་དུས་དང་གཙོ་བོར་སྦྱར་བ་ཞིག་གོ།

༼ཁ གཉིས་པ་རིག་པའི་ངོ་བོ་རྒྱུ་འབྲས་ལས་འདས་པར་ལ་བཟླ་བ།

རིག་པའི་ངོ་བོ་རྒྱུ་འབྲས་ལས་འདས་པར་ལ་བཟླ་བ་ནི།

ཀུན་གྲོལ་མཉམ་པ་ཆེན་པོར་གནས་པ་དེ།།

རྒྱུ་འབྲས་རྩོལ་སྒྲུབ་ཅན་ལ་མི་རིགས་ཏེ།།

ཐེག་མཆོག་མི་གཡོ་མཉམ་པའི་དོན་ལ་འཐད།།

ཅེས་གསུངས་ཏེ། འདི་ལ་དངོས་དང་། ཞར་བྱུང་ལོག་རྟོག་སྤོང་པ་གཉིས་ལས། དང་པོ་ནི། རིག་པའི་ངོ་བོ་གང་དུའང་གྲུབ་བསལ་མེད་པས་སྐྱོན་ཡོན་གྱི་བླང་དོར་མེད་ཅིང་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པ་ཉིད། ཐེག་དམན་པ་རྣམས་ལ་དངངས་ཤིང་སྐྲག་པ་སྐྱེ་བས་མི་འཐད་ཀྱང་། ཡང་རབ་དོན་གྱི་རྣལ་འབྱོར་པ་རྣམས་ལ་འཐད་པ་ཡིན་ཏེ། ཀུན་བྱེད་ལས། རྒྱུ་དང་འབྲས་བུའི་ཐེག་པ་ཅན་རྣམས་ལ། །ཀུན་བྱེད་ང་ཡི་ལུང་འདི་བསྟན་མི་བྱ། །ང་ཡི་ལུང་འདི་ངེས་པར་བསྟན་བྱས་ན། །དགེ་སྡིག་ལས་ལ་རྒྱུ་འབྲས་ཡོད་ཟེར་ནས། །ཡང་དག་ང་ལ་སྒྲོ་དང་སྐུར་བཏབ་པས། །ཡང་དག་ང་དང་ཡུན་དུ་འཕྲད་མི་འགྱུར། །ཞེས་པ་དང་། མི་གནས་མི་རྟོག་ཅིར་ཡང་དགོས་མེད་པས། །མི་རྟོག་མཉམ་པའི་ཡུལ་ལ་རང་བཞིན་གནས། །ཡེ་ནས་བྱས་ཟིན་རྩོལ་བའི་སེམས་མི་འབྱུང་། །བདེ་ཆེན་དེ་ལ་གང་སུ་གནས་པ་ནི། །ཆོས་རྣམས་ཀུན་གྱི་སྙིང་པོར་དེ་འགྱུར་རོ། །ཞེས་སོ། །ཀུན་གྲོལ་མཉམ་པ་ཆེན་པོ་ཅི་བྱས་ཆོས་ཉིད་ཀྱི་ངང་དུ་རྫོགས་པའི་རྫོགས་པ་ཆོས་ཉིད་ཀྱི་འཁོར་ལོར་གནས་པའི་རྣལ་འབྱོར་པ་ལ། མ་གྲོལ་བའི་ཆོས་ཤིག་མེད་པར་སྣང་བ་དེ། རྒྱུ་འབྲས་རྩོལ་སྒྲུབ་ཅན་བློ་ཆུང་དམན་པའི་རིགས་ཅན་གྱི་བློ་ངོར་རིགས་ཤིང་འཐད་པ་མིན་པས་ན། བཅོམ་ལྡན་འདས་ཀྱིས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་པས། །མི་སྨྲ་ནགས་འདབས་ཉིད་དུ་གནས་པར་བྱ། །ཞེས་གསུངས་ནས་ཆོས་མ་བསྟན་པ་ཡིན། དེའི་རྗེས་སུ་ཆོས་ཐོབ་པར་དཀའ་བ་དང་། སངས་རྒྱས་འབྱུང་བ་དཀོན་པའི་ངེས་པ་སྐྱེས་པ་དང་བསྟུན་ནས། ཚངས་དབང་བརྒྱ་བྱིན་གྱིས་བསྐུལ་བའི་ངོར་བསྟན་པའི་ཚུལ་གྱིས་ཆོས་འཁོར་རིམ་ཅན་དུ་བསྐོར་བ་དང་། གསང་སྔགས་རྡོ་རྗེའི་ཐེག་པ་འོག་མིན་སོགས་ནས་རྡོ་རྗེ་འཆང་གི་སྐུ་རུ་བཞེངས་ནས་བསྟན་པ་དང་། འོད་གསལ་རྫོགས་པ་ཆེན་པོ་འདི་ཆོས་སྐུའི་བསྟན་པ་ཡིན་པའི་སྟབས་ཀྱིས། ཆོས་སྐུ་ཀུན་ཏུ་བཟང་པོ་ནས་བརྒྱུད་གསུམ་དགོངས་བརྡ་སྙན་བརྒྱུད་ཀྱིས་བསྟན་པ་དེ་ཡང་། སངས་རྒྱས་ཐུགས་རྗེ་ཆུང་ནས་སེམས་ཅན་འགའ་རེ་ལ་ཤིན་ཏུ་མྱུར་ལམ་མ་བསྟན་པ་ཅི་ལ་ཡིན། བློ་ལ་ཤོང་མི་ཤོང་གི་ཁྱད་པར་གྱིས་འགའ་རེ་ལ་སྨན་ཆེན་ཡིན་པ་དེ། ལུས་སྟོབས་ཞན་པ་དག་གི་དུག་ཆེན་ལ་འགྱུར་སྲིད་པ་ཡིན་པས་ན། རྒྱུ་འབྲས་རྩོལ་སྒྲུབ་ཅན་གྱི་ངོ་ཁ་ལ་མི་རིགས་མི་འཐད་པ་དེ་ཐེག་མཆོག་མི་གཡོ་མཉམ་པའི་དོན་ལ་འཐད་པ་ཡིན། དེ་ཅིའི་ཕྱིར་འཐད་པ་ཡིན་ཞེ་ན། གོང་དུ་བསྟན་མ་ཐག་པའི་ཁྱུང་མཁའ་དཀྱིལ་ལ་ལྡིང་བའི་དཔེས་བསྟན་པ་བཞིན་དུ། མཁའ་ལ་བསྐྱོད་མི་ནུས་པར་ས་ནས་བགྲོད་པ་ཞིག་གཡང་ས་ལ་ཐུག་དུས་འགྲོ་མི་ནུས་ཀྱང་། ཁྱུང་ཆེན་གྱི་གཤོག་རྩལ་གྱིས་མཁའ་དབྱིངས་བཅད་དུས་གཡང་སས་མི་གོས་པ་ལྟ་བུ་ཡིན་ནོ། །སྐབས་འདིར་དཔེ་འགལ་བས་དོན་ལ་རྒོལ་བའི་ལོག་རྟོག་སྤང་བ་ལ་ལོག་རྟོག་དགོད་པ་དང་། དེ་ལ་ལན་བསྟན་པ་གཉིས་ལས། དང་པོ་ནི། ཁྱེད་རྫོགས་ཆེན་པས་སྐབས་རེར་རྒྱུ་འབྲས་བསྙོན་མེད་ཀྱིས་འགྲུབ་ངེས་ཏེ། དཔེར་ན་ས་བོན་ལས་མྱུ་གུ་འབྱུང་བ་ལྟ་བུའོ་ཞེས་ཀྱང་ཟེར་ལ། ཡང་སྐབས་འགའ་རེ་ལ་སེམས་ཉིད་ནམ་མཁའ་ལྟ་བུ་ཞེས་ཀྱང་ཟེར་རོ། །དེ་ལྟར་དཔེ་འགལ་བས་དོན་ཡང་འགལ་ལོ་ཞེས་པ་ལ། གཉིས་པ་མགོ་མཚུངས་ཀྱི་རིགས་པས་རྒོལ་བ་ལྡོག་པ་ནི། ཐེག་པ་དམན་མཆོག་འདི་གཉིས་སེམས་གཅིག་གི་ངོ་བོས་སངས་རྒྱས་བསྒྲུབ་པ་ལ། ས་མྱུག་འདུས་བྱས་དང་ནམ་མཁའ་འདུས་མ་བྱས་ཀྱི་དཔེ་གཉིས་འགལ་བའི་ཕྱིར་ན། ཐེག་པ་ཐུན་མོང་གི་ལམ་དེ་ལ་སངས་རྒྱས་སྒྲུབ་པའི་རིང་ལམ་ལས་མྱུར་ལམ་མིན་པའི་རྒྱུ་མཚན་གྱིས་སངས་རྒྱས་མྱུར་དུ་འགྲུབ་པའི་སྐལ་བ་མེད་དེ། གང་གི་ཕྱིར་ཏེ་དེ་དག་གི་འདོད་པ་ལྟར་ན། དངོས་པོ་རྣམས་ཀྱང་གཞན་ཡིན་ལ། རྒྱུ་འབྲས་འབད་རྩོལ་གྱིས་འགྲུབ་པའང་འཁྲུལ་སྣང་གཞན་དུ་ཟད་དེ། འཁྲུལ་བས་མ་འཁྲུལ་བའི་ངོ་བོ་བསྒྲུབ་པར་རྫས་འགལ་བ་ཡིན་པའི་རྒྱུ་མཚན་ཉིད་ཀྱིས་ཀྱང་འགྲུབ་ཏུ་མི་རུང་བ་ཉིད་དང་། ཡང་རྣམ་པ་གཅིག་ཏུ་ན་སེམས་ཉིད་ནམ་མཁའ་ལྟར་ཀུན་མཐུན་ལ། ནམ་མཁའ་ལྟ་བུ་དེ་ལ་རྒྱུ་འབྲས་ཀྱི་དཔེ་དོན་མེད་པས་དཔེ་དོན་འགལ་བའི་ཕྱིར་ཡང་རྒྱུ་འབྲས་རྩོལ་སྒྲུབ་ཅན་གྱིས་སངས་རྒྱས་འགྲུབ་པ་འདི་རིགས་པ་མ་ཡིན་ནོ། །མ་ཡིན་ཏེ་གཞི་ཀ་དག་གདོད་མའི་གནས་ལུགས་རིག་པ་རང་བྱུང་གི་ཡེ་ཤེས་ཡེ་སྟོང་ཐོག་མའི་ཆོས་སྐུ་དེ། འཁོར་འདས་བདེ་སྡུག་ཡོད་མེད་ཡིན་མིན་གྲོལ་འཁྲུལ་སོགས་ཀྱི་མཐའ་ལས་འདས་པ་ཞིག་ཡིན་པའི་ཕྱིར་ན་རྒྱུ་འབྲས་རྩོལ་སྒྲུབ་ཀྱི་དཔེ་དོན་རིགས་པ་མ་ཡིན་པས་སོ། །རིག་སྟོང་དབྱེར་མེད་ལ་ལྟོས་པའི་ངོ་བོ་ཀ་དག་གི་ཡེ་ཤེས་དེ་དེ་ལྟ་བུའི་བསམ་ངོ་དང་བྲལ་བ་རྒྱུ་རྐྱེན་བྱ་རྩོལ་ལས་འདས་པ་ཞིག་ཡིན་པས་མ་ཚད་པར། རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་སྟོང་གསལ་ཡེ་གདངས་སུ་གནས་པ་ཞིག་ཡིན་པར་བཤད་ནའང་རྒྱུ་རྐྱེན་གྱིས་བསྐྱེད་པ་དང་འགལ་ཏེ། ཐུན་མོང་གི་ལུང་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །ཅེས་པ་དང་ནང་འགལ་བ་ཉིད་དོ། །གཞན་ཡང་སེམས་ཉིད་ནམ་མཁའ་ལྟ་བུ་ལ་འཇིག་རྟེན་སྐྱེ་བའི་དཔེ་འགོད་པས་དོན་སྒྲུབ་པ་ཤིན་ཏུ་འགལ་བས་ན་དེ་ལྟར་མ་ཡིན་ཏེ། ཀུན་བྱེད་ལས། རྫོགས་ཆེན་རྒྱུ་འབྲས་ཡེ་ནས་འདས་པའི་ཕྱིར། །བཙལ་ཞིང་བསྒྲུབས་པས་བྱར་མེད་འགྲུབ་པ་མེད། །རྒྱུ་འབྲས་ལྟ་བའི་སྟོན་པས་ལུང་བསྟན་པ། །འཇིག་རྟེན་མཚན་མའི་ཆོས་ལ་ཚོད་བཙུགས་ནས། །རྒྱུ་ལས་བཙལ་ནས་འབྲས་བུ་སྒྲུབ་པར་བྱེད། །སེམས་ལ་རྒྱུ་མེད་འབྲས་བུ་ཡེ་ནས་མེད། །བྱང་ཆུབ་སེམས་ལ་སྐྱེ་བ་མེད་པའི་ཕྱིར། །འཇིག་རྟེན་སྐྱེ་བའི་ཆོས་ལ་དཔེ་བླངས་ནས། །སྐྱེ་ལས་འཇིག་པ་འབྱུང་བར་སྒྲོ་མི་གདགས། །རང་བྱུང་རྒྱུ་འབྲས་འདས་པ་མ་རྟོགས་པར། །འཇིག་རྟེན་མཚན་མའི་ཆོས་ལ་ཚོད་བཙུགས་ནས། །རྒྱུ་ལས་བཙལ་བས་འབྲས་བུ་འབྱུང་ཟེར་བ། །དེ་ནི་རྒྱུ་འབྲས་ཐེག་པའི་དྲང་ལུང་ཡིན། །རྒྱུ་ལས་མ་བྱུང་མཚུངས་མེད་ཡེ་ཤེས་དེ། །ཐམས་ཅད་བསྐྱེད་པས་གཞན་ནས་ཆོས་འབྱུང་མེད། །འཇིག་རྟེན་རྒྱུ་འབྲས་ཆོས་ལ་ཚོད་བཙུགས་ནས། །བཙལ་བས་མེད་པའི་འབྲས་བུ་འབྱུང་མི་འགྱུར། །བྱང་ཆུབ་སེམས་ནི་རྒྱུ་རྐྱེན་མེད་པའི་སྐྱེ། །འཇིག་རྟེན་སྐྱེ་འགག་ཆོས་ལ་ཚོད་མི་གཟུགས། །བྱང་ཆུབ་སེམས་ནི་རྐྱེན་གྱིས་མ་བསྐྱེད་ཕྱིར། །འཇིག་རྟེན་རྐྱེན་སྐྱེད་ཆོས་ལ་དཔེ་མ་ལེན། །ཞེས་སོ། །དཔེ་དོན་འགལ་བའི་ཉེས་པ་ལྟག་སྤྲོད་དེ་རྒོལ་བ་པོ་ཁྱེད་ལ་ཕྱིར་འཁོར་བ་ཡིན་ཏེ། སེམས་ཉིད་མ་སྐྱེས་ནམ་མཁའ་ལྟ་བུ་ལ། འཇིག་རྟེན་སྐྱེ་བའི་ཆོས་བཀོད་ནས་སྒྲུབ་བྱེད་བསྒྲུབ་བྱ་དང་འགལ་བའི་དོན་ཇི་ལྟར་བྱས་ཏེ་སྒྲུབ་པར་བྱེད། རྐྱེན་གྱིས་མ་བསྐྱེད་པར་རང་བྱུང་ཡེ་གནས་ཀྱི་རིག་པ་བྱང་ཆུབ་ཀྱི་སེམས་ལ། འཇིག་རྟེན་སྐྱེ་འགག་གི་ཆོས་ཀྱི་ཚོད་བཙུགས་ནས་མེད་པའི་ཆོས་ལ་མེད་པའི་འབྲེལ་འབྱུང་བ་མ་སྒུགས་ཤིག་ངལ་བ་དོན་མེད་པའོ། །དེའང་བྱང་ཆུབ་སེམས་ཀྱི་ངོ་བོ་གང་གིས་མི་བསྐྱེད་པར་རང་བྱུང་འཕོ་འགྱུར་མེད་པས་རྒྱུ་རྐྱེན་གྱིས་བཙལ་ས་མེད་དེ་ནམ་མཁའ་བཞིན་ནོ། །བྱང་ཆུབ་སེམས་ལས་ཆོས་རྣམས་ཕར་འབྱུང་བའི་གཞི་ཡིན་པ་ལ། ཚུར་བསྐྱེད་དགོས་པའང་མ་ཡིན་པས་བསྐྱེད་ལུགས་འཛོལ་བས་ཀྱང་བསྐྱེད་བྱར་མ་གྲུབ་བོ། །དེས་ན་བྱར་མེད་ཀྱི་ངང་དེར་གནས་པས་ཁོ་རང་ལ་ལྷུན་གྲུབ་ཏུ་ཡོད་པ་གསལ་བར་འཆར་བས་མ་བཙལ་བར་འགྲུབ་པས་ཏེ། དེ་ཉིད་ལས། ངང་ལ་གནས་པས་གཡོ་མེད་ལྷུན་གྱིས་གྲུབ། །རང་བཞིན་གནས་པས་སུས་ཀྱང་བཅོས་སུ་མེད། །མ་བཙལ་ཇི་བཞིན་པ་རུ་གནས་པ་དེ། །བྱ་བ་མེད་པ་ལས་ཀྱི་མཆོག་ཏུ་བསྟན། །དོན་དེ་རྟོགས་པས་ལས་རྣམས་མི་བྱེད་དེ། །ལས་མ་བྱས་པ་དེ་བཞིན་ཉིད་དུ་གནས། །དེ་བཞིན་ཉིད་ལ་གང་ཞིག་སུ་གནས་པ། །དེ་ཡིས་མ་ནོར་མ་བཅོས་འགྲུབ་པར་འགྱུར། །ཞེས་སོ། །རང་བྱུང་གི་རིག་པ་བྱང་ཆུབ་སེམས་ཀྱི་ངོ་བོ་དེ་ནི། གཞན་རྒྱུ་རྐྱེན་གང་གིས་ཀྱང་མ་བསྐྱེད་པའིི་རང་བྱུང་འཕོ་འགྱུར་མེད་པ་ནམ་མཁའ་ལྟ་བུ་ཞིག་ཡིན་པ་དང་། རིག་པ་བྱང་ཆུབ་ཀྱི་སེམས་དེ་ཆོས་རྣམས་འབྱུང་བའི་གཞི་ཡིན་པ་ལས། རྩོལ་སྒྲུབ་རྒྱུ་འབྲས་ཀྱི་ཆོས་ཀྱིས་རིག་པ་ཚུར་བསྐྱེད་དགོས་པ་མ་ཡིན་ནོ། །རྒྱུ་འབྲས་བསྐྱེད་བྱ་སྐྱེད་བྱེད་ཡིིན་ན་གོ་ནོར་བས་ཇི་ལྟར་བསྐྱེད། ནམ་མཁའི་ངང་ནས་སྣོད་བཅུད་སྣང་བ་ལྟར་དུ་འཁོར་འདས་སུ་སྣང་བ་ཐམས་ཅད་རིག་པ་ལས་ཤར་བ་དང་། ངོ་བོ་སྐྱེ་མེད་ཀྱི་ངང་ལས་རྩལ་སྣང་འགག་མེད་དུ་ཤར་བ་དེ་ཇི་ལྟར་ཡིན་ན། གཉིད་ཀྱི་རྩལ་ལས་རྨི་ལམ་ཤར་བ་དང་ཁྱད་མེད་པ་ཡིན། གཉིད་སད་ན་གཉིད་ཀྱང་མེད་ལ་རྨི་ལམ་ཡང་མེད་པ་བཞིན་དུ། བྱར་མེད་ཀྱི་ངང་ལ་བཞག་ན་མ་བཙལ་ལྷུན་གྲུབ་ཀྱི་ཡོན་ཏན་ཤུགས་ལ་འབྱུང་བ་ཡིན། རྒྱུ་འབྲས་ཀྱི་ཆོས་ཐམས་ཅད་ནི་སྐལ་དམན་གྱི་བྱིས་པའི་སེམས་ཅན་དྲངས་པ་ཙམ་ལས་མ་འདས་པའི་ཕྱིར། དམན་པའི་རྡོ་ལ་བྱི་དོར་བྱས་ཀྱང་ནོར་བུའི་གོ་ཆོད་ནས་དགོས་འདོད་མི་འབྱུང་བ་དང་མཚུངས་པར་རྒྱུ་འབྲས་བླང་དོར་བྱེད་པ་རྐྱང་པས་སངས་རྒྱས་སུ་མི་རུང་ངོ་།།

༼ག གསུམ་པ་དེ་ལྟར་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པའི་རིག་པ་རྟོགས་པའི་འབྲས་བུའི་རྟགས་ཚད་ངེས་པ།

དེ་ལྟར་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པའི་རིག་པ་རྟོགས་པའི་འབྲས་བུའི་རྟགས་ཚད་ངེས་པ་ནི།

ཐམས་ཅད་བདེ་ཆེན་མཁའ་མཉམ་ཆོས་སྐུའི་ཀློང་།།

ཆོས་སྐུའི་ཀློང་དུ་མ་གྲོལ་འགའ་ཡང་མེད།།

ཆོས་ཉིད་ངང་བཞེངས་རྡོ་རྗེ་སྙིང་པོའི་སྐུ།།

བག་ཆགས་ལུས་ལ་སྙིང་པོའི་རྩལ་རྫོགས་ཏེ།།

སྐྱེ་ཤི་བར་དོར་སྲིད་པའི་ལུས་བོར་ནས།།

རིག་པ་གཅིག་པུ་ཀུན་དང་དབྱེར་མེད་ཅིང་།།

ལྷུན་གྲུབ་ས་ལ་རྒྱལ་པོའི་སྲིད་ཟིན་ནས།།

རྒྱ་ཆད་མེད་པར་སྤྲུལ་པ་འབྱུང་བ་དང་།།

ཐོགས་པ་མེད་པར་ཀུན་ལ་འཇུག་པ་ནི།།

བྱར་མེད་རླུང་ཞོན་རྣལ་འབྱོར་སྤྱོད་ཡུལ་ཏེ།།

དམན་པའི་ཐེག་པ་ཀུན་ལ་མི་རིགས་ཀྱང་།།

ཨ་ཏི་རིགས་པར་སྟོན་པ་འབྲས་བུའི་གནད།།

ཅེས་གསུངས་ཏེ། ཐམས་ཅད་བདེ་ཆེན་མཁའ་མཉམ་ཆོས་སྐུའི་ཀློང་། །ཆོས་སྐུའི་ཀློང་དུ་མ་གྲོལ་འགའ་ཡང་མེད། །ཅེས་པའི་ཚིག་རྐང་སྔོན་མ་གཉིས་ཀྱིས། གང་དུ་གྲོལ་གཞིའི་ཀ་དག་ཆོས་སྐུའི་རིག་པ་ཀུན་ཁྱབ་ཡེ་དག་ཆེན་པོ་བསྟན་པ་དང་། ཆོས་ཉིད་ངང་བཞེངས་རྡོ་རྗེ་སྙིང་པོའི་སྐུ། །བག་ཆགས་ལུས་ལ་སྙིང་པོའི་རྩལ་རྫོགས་ཏེ། །སྐྱེ་ཤི་བར་དོར་སྲིད་པའི་ལུས་བོར་ནས། །ཞེས་པ་དེས་རྣལ་འབྱོར་པ་དབང་པོ་རབ་འབྲིང་ཐ་གསུམ་གྱི་གྲོལ་ལུགས་བསྟན་པ་དང་། །རིག་པ་གཅིག་པུ་ཀུན་དང་དབྱེར་མེད་ཅིང་། །ལྷུན་གྲུབ་ས་ལ་རྒྱལ་པོའི་སྲིད་ཟིན་ནས། །ཞེས་པས་ཇི་ལྟར་གྲོལ་བའི་ཚུལ་བསྟན་པ་དང་། རྒྱ་ཆད་མེད་པར་སྤྲུལ་པ་འབྱུང་བ་དང་། །ཐོགས་པ་མེད་པར་ཀུན་ལ་འཇུག་པ་ནི། །ཞེས་པ་འདིས་རིག་པ་རྟོགས་པའི་འབྲས་བུའི་རྟགས་ཚད་དམ་གྲོལ་བའི་རྟགས་ཚད་དངོས་བསྟན་པ་དང་། བྱར་མེད་རླུང་ཞོན་རྣལ་འབྱོར་སྤྱོད་ཡུལ་ཏེ། །ལ་སོགས་པའི་ཚིག་རྐང་རྗེས་མ་གསུམ་གྱིས་རྨད་བྱུང་ཨ་ཏིའི་ཐེག་པ་འདི་འོག་མའི་ཐེག་པ་གཞན་ལས་ཁྱད་པར་དུ་འཕགས་ཚུལ་བསྟན་པའོ། །དེ་དག་གི་དོན་འགྲེལ་བས་རྒྱས་པ་བཀྲལ་བ་ནི་འདིར་བརྩོན་འགྲུས་དང་སྐལ་པ་རབ་ལུས་རྒྱ་རང་དེངས་ནས་ན་བུན་ལྟར་གྲོལ་བ་དང་། འབྲིང་བུམ་པའི་ནམ་མཁའ་ལྟར་གྲོལ་བ་དང་། ཐ་མ་བཅོ་ལྔའི་ཉི་ཟླ་ལྟར་གྲོལ་བ་དང་གསུམ་ལས། རབ་དེས་ཁྲེགས་ཆོད་ཀྱི་སྣང་བ་བཞི་གོ་བཟློག་ནས་རྟགས་ཚད་ལ་ཕེབས་པ་སྟེ། སྤྱིར་ན་རྫོགས་པ་ཆེན་པོའི་ཁྲེགས་ཆོད་ཐོད་རྒལ་ཐུན་མོང་གི་འོད་གསལ་གྱི་སྣང་བཞི་བཤད་ཡོང་དུས། ཁྲེགས་ཆོད་ཀྱི་སྐབས་སུ་ལུགས་ལྡོག་དང་། ཐོད་རྒལ་གྱི་སྐབས་སུ་ལུགས་འབྱུང་གིས་བཤད་པ་ཡིན་ལ། དེ་གཉིས་ཀའི་བཤད་ཚུལ་གྱི་གོ་རིམ་མི་འདྲ་སྟེ། གཅིག་གིས་ཀ་དག་སྟོང་པའི་འོད་གསལ་རྩལ་འདོན་དང་། ཅིག་ཤོས་ཀྱིས་ལྷུན་གྲུབ་སྣང་བའི་འོད་གསལ་རྩལ་འདོན་གྱི་ཁྱད་པར་ཡོད་པ་ཡིན། འོན་ཀྱང་དོན་གཞི་གཅིག་ཐམས་ཅད་བདེ་ཆེན་མཁའ་མཉམ་ཆོས་སྐུའི་ཚད་དུ་སྐྱོལ་བའི་དགོངས་པ་ལ་འདུ་འབྲལ་མེད་པ་ཡིན། སྐབས་ཀྱི་བསྟན་དོན་རྣལ་འབྱོར་པ་དབང་པོ་རབ་དེ་ལ་ཁྲེགས་ཆོད་ཀྱི་སྣང་བཞི་གོ་ལྡོག་གི་ཚད་ཇི་ལྟར་འབྱུང་ཞེ་ན། སྤྱིར་ན་སྣང་བཞི་ལུགས་འབྱུང་ནི། ཆོས་ཉིད་མངོན་སུམ། ཉམས་གོང་འཕེལ། རིག་པ་ཚད་ཕེབས། ཆོས་ཉིད་ཟད་པ་རྣམས་ཏེ། དེ་ལུགས་ལྡོག་ཏུ་འབྱུང་བ་ནི། དེའང་དང་པོ་རིག་པ་ཀ་དག་རྗེན་པ་ཆོས་ཉིད་ཟད་པའི་སྣང་བ་ལ་རང་ངོ་ཤེས་པས། ཞེས་པ་སྟེ་རྫོགས་ཆེན་སྒོམ་པའི་རྣལ་འབྱོར་པ་དབང་རབ་དེ། དམ་པའི་བླ་མའི་རྗེས་སུ་ཞུགས་ནས་སྨིན་གྲོལ་རིམ་གཉིས་ཀྱི་ལམ་ལ་བརྟེན་ཅིང་། ཁྱད་པར་དུ་རིག་ངོ་བཅར་ཕོག་ཏུ་སྤྲད་པའི་གདམས་པ་ཐོབ་ནས། དང་པོར་རིག་པ་ཀ་དག་རྗེན་པ་རང་ངོ་ཤེས་པ་དེ་ཆོས་ཉིད་ཟད་པའི་སྣང་བའོ། །ཆོས་སྐུ་རྒྱལ་པོའི་དགོངས་པ་ལྟ་བས་ངོ་ཤེས་པ་དེ་སྒོམ་པས་ངང་འདུ་འབྲལ་མེད་པར་སྐྱོང་ཡོང་དུས། གཅིག་དང་དུ་མའི་མཐའ་ལས་གྲོལ་བའི་རིག་པ་ཟང་ཐལ་དུ་ཚད་ལ་ཕེབས་ཏེ། ཞེས་པ་སྟེ་གཅིག་གི་མཐའ་ལས་གྲོལ་དུས་གཅིག་མེད་པའི་གཉིས་ཤིག་ཡོད་དོན་མེད་ཅིང་། གཉིས་ཀྱི་མཐའ་ལས་གྲོལ་དུས་གཅིག་དེ་ཡང་མི་གནས་པ་ནི་རང་ཤུགས་ཀྱིས་གྲུབ་སྟེ་གཉིས་ཀྱི་ཁ་ཡ་གཅིག་གཉིས་ལ་གཉིས་ཞེས་བཏགས་པ་ཙམ་ཡིན་པའི་ཕྱིར། ཡོད་མེད་སྣང་སྟོང་ལ་སོགས་པ་མཐའ་གང་ལ་ཡང་ལྟོས་པ་མེད་པའི་འདི་ཡིན་འདི་མིན་གྱི་རྩིས་གདབ་གཟའ་གཏད་ཐམས་ཅད་དང་བྲལ་བའི་ཟང་ཐལ་ཆོས་སྐུའི་དགོངས་པ་ཉིད་དུ་རྟོགས་གོམས་ཀྱི་ཐད་ནས་ཚད་ངེས་པ་ཅན་ཞིག་ཕེབས་པ་ནི་རིག་པ་ཚད་ཕེབས་སོ། །ཕྱི་ནང་གི་རྐྱེན་སྣང་ཆོས་ཉིད་དུ་གྲོལ་བའི་ངང་ལས་མི་འདའ་བར་བསྐྱངས་པས། ཞེས་པ་སྟེ་སྤྲིན་ནམ་མཁའི་ངང་ལས་བྱུང་ཞིང་ནམ་མཁའི་ངང་དུ་གྲོལ་སོང་བ་ལྟར་དུ། ཕྱི་ནང་རྐྱེན་སྣང་གི་ཆོས་ཐམས་ཅད་དང་པོ་ཆོས་ཉིད་ཀྱི་ངང་ལས་བྱུང་ཞིང་མཐར་ཡང་ཆོས་ཉིད་ཀྱི་ངང་དུ་གྲོལ་བའི་ཚུལ་ཇི་བཞིན་རྟོགས་ཏེ། དེའི་ངང་ལས་མི་འདའ་བར་བསྐྱངས་པས་དགག་སྒྲུབ་དང་ཉོན་མོངས་པའི་རྟོག་པ་རང་དག་དང་པོའི་བྱུང་ས་ཆོས་ཉིད་གཅིག་པོ་དེའི་ཐོག་ཏུ་འཁྲུལ་བ་ཡེ་དག་གིས་རང་ཟད་ནས། ཉམས་ཕྱོགས་མེད་དུ་རང་ཤར་འཛིན་མེད་ཟང་ཀར་རྒྱ་གྲོལ་དུ་ཤར་ནས། ཞེས་པ་འདིས་ཉམས་གོང་འཕེལ་བསྟན་པའོ། །སྤྱིར་ན་ཉམས་འདི་ལ་ཤེས་ཉམས་དང་། སྣང་ཉམས་གཉིས་ཀྱི་དབྱེ་བ་ཡོད་ཅིང་། ཤེས་ཉམས་ལ་ཡང་ཤེས་པ་དགའ་བདེའི་ཉམས་བདེ་གསལ་མི་རྟོག་གི་འཕེལ་འགྲིབ་ལ་སོགས་པ་ཡོད་པ་ཞིག་དང་། ཤེས་པ་མཐར་འགྱུར་གྱི་ཉམས་མི་བརྟན་འགྱུར་བའི་མཐོང་སྣང་འདྲ་མིན་སྣ་ཚོགས་ཤར་བ་སྟེ་གཉིས་སོ། །མཐར་འགྱུར་གྱི་ཉམས་ཟད་དེ་རྟོགས་པ་ཚད་ལ་འཁྱོལ་ནས་རིག་པ་དང་པོའི་ཀ་དག་སྤྲོས་མཐའ་དང་བྲལ་བའི་གཞི་ལ་ཕེབས་སོང་དུས། ཆོས་ཉིད་མངོན་སུམ་གྱི་སྣང་བ་ཐད་ཀར་ཤར་བས་ན། དང་པོའི་ཀ་དག་གི་ས་ལ་རྗེན་པར་རང་ཐོག་ན་གནས་པའོ། །ཞེས་ཆོས་ཉིད་མངོན་སུམ་གྱི་སྣང་བ་བསྟན་པའོ། །འདིའི་དུས་ན་ཆོས་བོར་བ་ཆོས་ཟད་པ་ཆོས་ལས་འདས་པ་ཞེས་བྱ་སྟེ། གང་དུའང་གྲུབ་པ་མེད་ལ། ཞེས་སྣང་གཞིའི་མཐའ་ཆོས་ཉིད་མངོན་སུམ་མཐོང་བས་བསྡུས་ཏེ། ཆོས་ཟད་ཀ་དག་གདོད་མའི་གཞི་ཀློང་ལ་གདེང་བཞི་ཚད་དུ་འཁྱོལ་ནས་གཞི་འབྲས་དབྱེར་མེད་པ་འབྲས་བུ་རྒྱུ་རུ་མི་ལྡོག་པ་བསེ་ཤིང་གི་དཔེ་ཡིས་མཚོན་ནས་ནང་དབྱིངས་སུ་འཁྱིལ་བར་བསྟན་པའོ། །དེའི་སྐབས་སུ་རྟགས་ཚད་ངེས་པ་ཅི་ཞིག་ཡོད་ཅེ་ན། རྫུ་འཕྲུལ་དང་མངོན་ཤེས་གྲུབ་ཅིང་འབྱུང་བ་ལ་དབང་བསྒྱུར་བ་དང་། འབྱུང་བས་མི་གནོད་པའི་རྟགས་བཅུ་འབྱུང་སྟེ། སས་མི་ནོན། ཆུས་མི་འཁྱེར། མེས་མི་འཚིག རླུང་གིས་མི་གཡོ། ནམ་མཁའ་ལ་བྱ་བཞིན་འགྲོ། དངོས་པོ་བསྒྱུར་བ་དང་ཡུལ་ཐག་རིང་པོའི་རི་ཁང་བཟང་ལ་སོགས་པ་སྤྲོ་བར་ནུས། རྟེན་འབྲེལ་སྣ་ཚོགས་སུ་ཤར་བས་སེམས་ཅན་ལ་ཕན། ལུས་ཀྱི་རྡུལ་ཕྲན་མཐོང་། ལྷ་ཡི་མིག་དང་མངོན་ཤེས་ཐོབ། སྤྱན་དང་རྫུ་འཕྲུལ་གྲུབ་པའོ། །རིན་པོ་ཆེ་སྤུངས་པ་ལས། མ་གཏད་རང་སོར་བཞག་པ་ཡི། །སེམས་ཀྱིས་དོན་འདིས་ཚིག་ཀུན་ཡང་། །སུས་ཀྱང་བསླབས་པ་མེད་པར་ནི། །སོ་སོའི་བློ་ལ་གོ་བར་སྣང་། །འདི་ཉིད་རང་གི་བློར་གོ་བས། །མི་སྣང་རྟོག་པ་མེད་པ་ཡིས། །སྣང་བ་ཐམས་ཅད་རང་དག་ནས། །ཐམས་ཅད་ཟང་མ་ཐལ་བྱུང་དུ། །སྟོང་གསལ་ཆེན་པོའི་རིགས་སུ་འགྱུར། །ས་ཆུ་མེ་རླུང་འབྱུང་བ་བཞི། །སོ་སོའི་ནུས་པ་མི་སྣང་བར། །ན་བུན་བཞིན་དུ་མཁའ་ལ་དེངས། །འཁྲུལ་བའི་ཞེན་པ་སྣ་ཚོགས་ནི། །ཇི་ལྟར་བསམས་ཀྱང་སྐྱེ་མེད་པར། །གཟུང་འཛིན་ཆ་རྣམས་རང་འགགས་ནས། །གང་མི་སྣང་སྟེ་རང་ཟད་ནས། །གསལ་བྱེད་རང་གི་ཉམས་མྱོང་བས། །ལུས་ཅན་ཀུན་ཀྱང་དེ་བཞིན་སོང་། །ཞེས་སོ། །འདི་ནི་རྫོགས་ཆེན་སྒོམ་པའི་རྣལ་འབྱོར་པ་རབ། ན་བུན་ནམ་མཁའ་ལ་དྭངས་པ་བཞིན་དུ་ཚེ་འདིའི་ལུས་རྒྱ་རང་དེངས་ལ་སོང་བ་སྟེ། སྤྱིར་ན་འཇའ་ལུས་འགྲུབ་པ་ཞེས་པ་ཞིག་ང་ཚོའི་ཁ་སྐད་དུ་ཡོད་པ་འདི་ལ། རྡུལ་ཕྲན་དུ་དེངས་པ་དང་། འོད་ལུས་སུ་འཕོ་བ་གཉིས་ཡོད་པ་ལས། ཁྲེགས་ཆོད་བསྒོམས་པས་ལུས་རྡུལ་ཕྲན་དུ་དེངས་པ་དང་། ཐོད་རྒལ་བསྒོམས་པས་འཕོ་ཆེན་གྱི་སྐུར་བཞེངས་པ་གཉིས་ཀ་ཆོས་ཉིད་གདོད་མའི་དབྱིངས་ལ་གྲོལ་ལུགས་འདྲ་འདྲ་ཡིན་ཞིང་། འོན་ཀྱང་གདུལ་བྱ་གཞན་སྣང་ལ་སྐུ་ལུས་དེས་ཕྲིན་ལས་མཛད་དང་མི་མཛད་ཀྱི་ཁྱད་པར་ཙམ་ཞིག་ཡོད་པ་ཡིན། ཁྲེགས་ཆོད་གོམས་པའི་ཚད་ལ་ལུས་དང་སྣང་བ་ཐམས་ཅད་རྡུལ་ཕྲན་ཆ་མེད་སིལ་བུར་འཐོར་ནས། འབྱུང་བཞི་རྡུལ་ཕྲན་དུ་རང་སར་དེངས། སྤྱན་དང་མངོན་ཤེས་སོགས་ལ་རང་དབང་བསྒྱུར་བ་ནི་ཚེ་འདིར་གྲོལ་བའི་རྟགས་ཚད་ལ་ངེས་པ་ཡིན་ནོ། །ལུས་རྡུལ་ཕྲན་དུ་དེངས་པ་ནི་སེམས་ཆོས་ཉིད་ལ་གྲོལ་བའི་རྟགས་དང་ཚད་ཡིན། འོན་ཀྱང་ལུས་རྡུལ་ཕྲན་དུ་མ་དེངས་རུང་གྲོལ་བ་ཐོབ་ཡོད་པ་ནི་ཡོད་ལ། དེ་ཡོད་པའི་རྒྱུ་མཚན་གྱིས་དབང་པོ་རབ་འབྲིང་ཐ་གསུམ་གྱི་གྲོལ་ལུགས་ཀྱི་ཁྱད་པར་འདི་བཞིན་གསུངས་ཤིང་། འཇའ་ལུས་འོད་སྐུར་གྲོལ་བའི་ཁྱད་ཆོས་མངོན་གྱུར་ཀུན་གྱི་མཐོང་སྣང་ལ་གྲུབ་པ་ཞིག་སྔ་འགྱུར་པ་ལ་ཐུན་མིན་དུ་ཡོད་པ་འདི། ཐུན་མོང་ཐེག་པའི་ལམ་གྱི་རྨང་གཞིའི་སྟེང་ནས་ཀྱང་གོ་བའི་ངེས་ཤེས་རང་ཤུགས་ཀྱིས་འདྲོང་བ་ཞིག་རྒྱལ་བ་ཀློང་ཆེན་པ་ཡབ་སྲས་ཀྱི་རྗེས་སུ་འབྲངས་ནས་འཆད་ནུས་ཏེ། ཉན་ཐོས་བྱེ་བྲག་སྨྲ་བས་རགས་པའི་འབྱུང་བཞིའི་གཟུགས་རྡུལ་ཕྲན་ལ་ཕབ་ནས་ཆ་མེད་དུ་དོན་ལ་གནས་པར་འདོད་པ་དེ་ཡང་སྟོང་ཉིད་གོམས་པའི་སྟོབས་ཀྱིས་ཇི་བཞིན་དུ་མཐོང་ཞིང་རྟོགས་པའི་ཚེ་ན། རི་ར་བ་ཁང་ཁྱིམ་ལ་སོགས་པ་ལ་ཟང་ཐལ་གྱིས་བགྲོད་ནུས་པ་དང་། སྟོད་ནས་མེ་འབར་སྨད་ནས་ཆུ་འབྲུབ་པའི་རྫུ་འཕྲུལ་ཡ་མ་ཟུང་བསྟན་ནུས་པ་ཡིན། སྔགས་བླ་མེད་ཀྱི་སྐབས་སུ་ཐབས་དང་ཤེས་རབ་ཁྱད་པར་ཅན་གྱི་འཕགས་པའི་དོན་དམ་བདེན་པ་མཐར་ཕྱིན་ནས། ཁྲེགས་ཆོད་བསྒོམས་པས་ལུས་རྡུལ་ཕྲན་དུ་དེངས་པའི་ཁྱད་ཆོས་འདི་འབྱུང་བ་ཡིན། ཐོད་རྒལ་གྱིས་འོད་ལུས་སུ་འགྲུབ་པ་ཡང་དཀའ་བ་མེད་པར་གོ་བརྡ་སྤྲོད་ཐུབ་སྟེ། དང་པོར་གཞི་ལས་གཞི་སྣང་ཤར། ཤེས་རབ་སྟོབས་སུ་གྱུར་པའི་སྲོག་རླུང་གིས་བསྒུལ་ནས། ཕྱི་ཚུལ་གཞི་སྣང་ལ་མཆེད་དུས། ཡེ་ཤེས་ལྔ་ཡི་རང་གདངས་ལྷུན་གྲུབ་ཏུ་ཡོད་པས་ཕྲ་བ་འོད་ལྔའི་སྣང་བ་ལ་གཟུང་འཛིན་རྒྱང་ཆད་དུ་སོང་ནས་གཉིས་འཛིན་གྱི་འཁྲུལ་བ་ཞུགས་པས། ཕྲ་བས་གཟུགས་མེད་དང་། དེ་ལས་རགས་པས་གཟུགས་ཁམས་དང་། ཤིན་ཏུ་རགས་པས་འདོད་ཁམས་ཀྱི་སྣོད་བཅུད་གྲུབ་པ་ཡིན་ལ། ད་འཁྲུལ་བ་གཞི་ལ་ལྡོག་དུས་འོད་སྐུར་གྲོལ་བའི་འཐད་པ་ཡང་འདིས་འགྲུབ་པ་ཡིན། རྣལ་འབྱོར་པ་དབང་པོ་འབྲིང་བུམ་པའི་ནམ་མཁའ་ལྟར་གྲོལ་བ་ནི། དེ་ལྟར་གོམས་པ་ལས་འཆི་ཀའི་ཚེ། ལུས་བུམ་པ་དང་འདྲ་བ་དང་། སེམས་བུམ་ནང་གི་ནམ་མཁའ་ལྟ་བུ་འབྲེལ་གྱེས་པའི་སྐད་ཅིག་ལ། ཀ་དག་གི་ཆོས་སྐུ་རང་རིག་དེ་གཞིའི་ཆོས་སྐུ་ནམ་མཁའ་ཆེན་པོ་དང་ཐ་དད་མེད་པ་དེར་འདྲེས་པའམ། རིག་པ་གཅིག་པུ་རྗེན་པར་སོང་བས་ཆོས་ཉིད་ཀུན་དང་དབྱེར་མེད་དུ་སངས་རྒྱས་ཏེ། བུམ་པ་ཞིག་པས་ནམ་མཁའ་དབྱེ་བ་མེད་པ་ལྟར། རང་རིག་སྔ་ཕྱི་དབྱེར་མེད་དུ་ཟང་ཐལ་བས་ཆོས་སྐུ་རང་ས་ཟིན་ནས། གཟུགས་སྐུ་ཕྲིན་ལས་དང་བཅས་པ་ལྷུན་གྲུབ་ཏུ་འཆར་བ་ནི། ནམ་མཁའ་ལ་གཟའ་སྐར་རང་འཆར་བ་ལྟ་བུ་སྟེ། ཉི་ཟླ་ཁ་སྦྱོར་ལས། མི་སྣང་ནམ་མཁའ་གུད་ལྟ་དང་། །ཞེས་པའི་དོན་ཏོ། །རྫོགས་ཆེན་གྱི་སྐབས་སུ་ཆེས་ཕྲ་བའི་འོད་གཟུགས་དེ་ཉིད་ནས་གསང་འབྱུང་ལ་ཐུག་སྟེ་ནང་འོད་སྐུ་དང་ཐིག་ལེར་འཆར་བ་སྟེ། གོ་བ་ཞིབ་ཀྱིས་བླང་དུ་ཡོད་དོ། །ནམ་མཁའི་དཔེས་རིག་པ་མཚོན་ཏེ། རྒྱུན་ཆད་དུ་དེངས་པ་ནི་བསམ་པར་མི་བྱ་སྟེ། དཔེར་བྱེད་ནས་ཕྱོགས་ཙམ་མཚོན་པ་ལས། ཀུན་མཚོན་པར་མི་ནུས་པའི་ཕྱིར་རོ། །དེ་ཡང་ནམ་མཁའ་ཕྱི་ནང་དབྱེར་མེད་པས་རིག་པ་སྔ་ཕྱི་རིས་མེད་དུ་མཚོན་གྱི། རང་གི་རིག་པ་སྤྱི་མཐུན་གྱི་དབྱིངས་སུ་ཐིམ་པ་ལྟ་བུ་ནི་གཏན་ནས་མ་ཡིན་ཏེ། རིག་པ་གཅིག་པུ་འདི་དུས་དེར་སྦུབས་དང་བྲལ་བས་རྗེན་ལ་བུད་པ་ལ་ཆོས་སྐུ་རང་ས་ཟིན་ནས་འཕོ་འགྱུར་མེད་པར་འཇོག་པ་ཙམ་ལས་མཚོན་པ་ཡིན་ནོ། །བུམ་པའི་ནང་གི་ནམ་མཁའ་དང་ཕྱིའི་ནམ་མཁའ་ཆེན་པོ་གཉིས་ཀ་རྫས་ཐ་དད་དང་ངོ་བོ་ཐ་དད་མ་ཡིན་པའི་སྟབས་ཀྱིས། བར་གྱི་བུམ་པ་རྫ་མའི་ངོ་བོ་དེ་ཞིག་དུས་ནམ་མཁའ་གཉིས་དབྱེར་མེད་དུ་འདྲེས་པ་བཞིན་དུ། རྣལ་འབྱོར་པའི་ལུས་བུམ་པ་དང་འདྲ་བ་དེ་ལ་གནས་སྐབས་བརྟེན་ནས་ཡོད་པའི་རིག་པ་དེ། ཉམས་ལེན་གོམས་པའི་སྟོབས་ཀྱིས་རྗེན་ལ་བུད་ནས་ལུས་རྒྱ་འདི་དང་བྲལ་མ་ཐག་ཏུ་གཞི་ཆོས་སྐུ་ནམ་མཁའ་ཆེན་པོ་དང་ཐ་དད་མེད་པར་འདྲེས་པ་ལ་གྲོལ་བ་ཐོབ་པའི་ཐ་སྙད་བཏགས་པ་ཡིན། དེ་ཡང་གསལ་བར་བཤད་ན། གཞི་འདི་ལ་གདོད་མའི་ཆོས་ཉིད་ཀྱི་གཞི་ཞེས་པ་ཞིག་དང་། གནས་སྐབས་ཀྱི་གཞི་ཞེས་པ་ཞིག་སྟེ་གཉིས་སུ་ཡོད་ཅིང་། གཞི་སྣང་གི་སྐབས་ཀྱི་གཞི་འདི་གཞི་ཡིན་ཡང་གནས་སྐབས་ཀྱི་གཞི་སྟེ། རིག་པ་གཞི་སྣང་ལ་མཆེད་ནས་ཐོད་རྒལ་གྱི་ཆོས་སྐད་བྱས་ན་རིག་པ་འོད་ཀྱི་ཁང་པ་ན་གནས་པའི་སྐབས་ཡིན། གང་ལྟར་ཡང་གཞི་ཡེ་ཤེས་སུམ་ལྡན་ལ་འགྱུར་བ་མེད་པས། རྩལ་ཐུགས་རྗེའི་རིག་པ་དེ་གཞི་ངོ་བོའི་རིག་པ་ལ་ཐིམ་ནས་ཆོས་ཟད་ཆོས་སྐུའི་དགོངས་པ་ཟད་པའི་མཐར་ཐུག་ཀ་དག་གི་ནང་དབྱིངས་ལ་ཐིམ་པའི་དགོངས་པའི་གོ་དོན་གྱིས། ཆོས་ཉིད་ཀུན་དང་དབྱེར་མེད་དུ་སངས་རྒྱས་ཞེས་པ་འདི་འཐད་པས་གྲུབ་པ་ཡིན། དེ་ཡང་རང་རིག་འཕོ་འགྱུར་བྲི་གང་དང་བྲལ་བ་སྔ་ཕྱི་དབྱེར་མེད་ཟང་ཐལ་ཆོས་སྐུའི་རང་ས་ཟིན་ནས། གནམ་སྟོང་གི་ཟླ་བ་དབྱིངས་སུ་འཆར་བ་ལྟར་དུ་ཆོས་སྐུའི་ནང་དབྱིངས་ཀྱི་རང་ས་ཟིན་དུས་གདུལ་བྱ་ཡོད་ན་གཟུགས་སྐུའི་སྣང་བ་ཕྲིན་ལས་དང་བཅས་པ་འབྱུང་བ་ནི། ཟླ་བའི་གཟུགས་བརྙན་འཕེལ་འགྲིབ་ཏུ་སྣང་བའི་གཟུགས་བརྙན་ཆུ་སྣོད་ལ་ཤར་བ་དང་ཟླ་གཟུགས་འཆར་རུང་གི་དཔེ་ཡིས་བསྒྲུབས་པ་ཡིན་པ་ལས་ནམ་མཁའ་ནམ་མཁའ་ལ་ཐིམ་པ་བཞིན་དུ་མེད་སོང་བའི་དཔེ་མིན་ནོ། །དཔེ་ཞེས་པ་ནི་ཕྱོགས་ཙམ་མཚོན་པ་ལ་ཟེར་བ་ལས་ཐམས་ཅད་གཅིག་ཡིན་པའི་དོན་མིན། ཆོས་ཉིད་ཆོས་སྐུའི་དགོངས་པ་དེ་ནི་ནམ་མཁའ་འདྲ་ཅང་མེད་སྟོང་པ་ཞིག་དང་། རྣལ་འབྱོར་བའི་རིག་པ་དེ་ལུས་རྒྱ་ཞིག་ནས་དེ་ལ་ཐིམ་ནས་མེད་སོང་བ་ལྟ་བུ་ཞིག་མིན་ལ། དབྱིངས་ཤིག་གི་ནང་ལ་རང་རིག་ཐིམ་སོང་བའི་གོ་བ་ཡང་མ་ཡིན་པར། རང་རིག་རྗེན་ལ་བུད་ཆོས་སྐུ་རང་ས་ཟིན་ནས། སྔ་ཕྱི་འཕོ་འགྱུར་མེད་པའི་ཆོས་ཉིད་ཀུན་དང་དབྱེར་མེད་དུ་སངས་རྒྱས་པའོ། །ཐ་མ་ཚེས་བཅོ་ལྔའི་ཉི་ཟླ་འཆར་ནུབ་ལྟར་གྲོལ་བ་ནི། ཚེས་བཅོ་ལྔའི་ཉི་མ་ནུབ་པ་ལྟར་འཆི་ཀའི་རིག་པ་རྗེན་པའི་ངང་མ་ཉམས་པའི་རྟོགས་པ་དེས་ཕྱིར་ཕུལ། ཟླ་བ་ཤར་བ་ལྟར་ཆོས་ཉིད་བར་དོའི་ཡེ་ཤེས་རང་ལ་ཡོད་པ་ཤར་བ་དེས་སྔུན་བསུ་བ་གཉིས་ཀྱི་བར་ལ་གཞན་གྱིས་མ་ཆོད་པར། རིག་པ་ཆོས་སྐུ་རྗེན་པར་ཡོད་པ་དེ་རྟོགས་པའི་ངང་དང་མི་འབྲལ་བར་སངས་རྒྱ་སྟེ། ཚེས་བཅོ་ལྔའི་ཉི་མ་ནུབ་རི་ནས་ནུབ་པ་དང་བཅོ་ལྔའི་ཟླ་བ་ཤར་ནས་ཤར་བ་དང་འདྲ་བར། ཚེ་འདིའི་སྣང་བ་ནུབ་པའི་མཐའ་མཇུག་འཆི་ཁ་ལ་ཐོན་པའི་དུས་སུ་རིག་པ་རྗེན་པའི་ངང་དང་ཚེ་འདིར་གོམས་པའི་སྟོབས་དང་དད་པ་དག་སྣང་གི་སྟོབས་ཀྱིས་མ་བྲལ་བ་དང་། ཆོས་ཉིད་བར་དོའི་ཡེ་ཤེས་རང་གནས་མངོན་སུམ་དུ་ཡོད་པ་གཉིས་ཀའི་བར་དུ་གཞན་གྱིས་མ་ཆོད་པར། རིག་པ་ཆོས་སྐུའི་རྗེན་པ་རྟོགས་པའི་ངང་དང་མི་འབྲལ་བ་དེ་དང་། རིག་པ་ཆོས་སྐུ་རྗེན་པར་ཡོད་པ་དེ་ཉིད་མཐོང་བ་གཉིས་ཀ་ཐོད་གཏུགས་ནས་སངས་རྒྱས་པའོ། །དེ་ཡང་ཡུལ་དང་གནས་ལ་འཇུག་པ་འཕོ་བའི་གདམས་པ་དང་། སྐུ་དང་ཡེ་ཤེས་ལ་འཇུག་པ་འོད་གསལ་སྦུབས་འཇུག་གཉིས་ཀ་གང་རུང་ཞིག་ཚེ་འདིའི་གོམས་པ་དང་བསྟུན་ནས་འཇུག་དགོས་སོ། །དེ་ཡང་ཀ་དག་ཆོས་སྐུའི་རིག་པ་འོད་གསལ་སྤྲོས་པ་དང་བྲལ་བ་དེ་ནང་དབུགས་ཆད་ནས་རྣམ་ཤེས་ནམ་མཁར་ཐོན་པའི་སྐད་ཅིག་ལ་འཆར་ཏེ། དེ་ཡང་ཕྱི་འབྱུང་དང་། ནང་འབྱུང་དང་། གསང་འབྱུང་གི་ཐིམ་ཚུལ་མན་ངག་གི་གཞུང་གཞན་ལས་རྒྱས་པར་འབྱུང་བ་ལྟར་དུ་མཐར་འབྱུང་བ་ལྔའི་རླུང་ལྔ་ལས། ས་ཆུ་མེ་རླུང་གི་རླུང་བཞི་ཐིམ། ནམ་མཁའི་རླུང་འོད་གསལ་ལ་འཇུག་པས། རིག་པ་ལུས་ནས་ཐོན་དུ་ཉེ་བའི་ཚེ། རྣལ་འབྱོར་པ་དེས་ཀ་དག་གི་དབྱིངས་ལ་འཇུག་པ་རྣམ་ཤེས་རླུང་ཞོན་གྱི་དགོངས་པ་ལ་འཕོས་ཏེ། རིག་པ་སྙིང་ནས་ཚངས་བུག་ལ་རང་གི་རྩ་བའི་བླ་མའམ་ཧཱུྃ་ངམ་རྡོ་རྗེ་ལ་སོགས་པར་བསམས་ལ། ཧིཀ་གིས་རྒྱངས་ཏེ་འཕངས་པས་སྐད་ཅིག་ལ་ཡར་གྱི་ཆོས་སྐུ་ལ་ཟང་ཐལ་ལོ། །སྤྱིར་ན་རྣམ་ཤེས་རླུང་བཞོན་གྱི་གདམས་པས། གནས་གཞན་ནས་གཞན་དུ་འཕོ་བ་ལ་འཕོ་བའི་གདམས་པ་ཞེས་བྱ་ལ། འཕོ་བ་ལ་འཕོ་བ་པོའི་གང་ཟག་གི་རྟོགས་དགོངས་ཀྱི་ཁྱད་པར་གྱིས་འཕོ་བ་རབ་འབྲིང་ཐ་གསུམ་དུ་འབྱུང་ཞིང་། འདི་ནས་གསུངས་པ་ནི་སྐྱེ་བ་ཀུན་རྫོབ་ཀྱི་བདེན་པས་འཕངས་པའི་རྣམ་པར་ཤེས་པའི་རང་བཞིན་དེ། འཆི་བ་དོན་དམ་གྱི་བདེན་པ་རིག་པ་འོད་གསལ་ཀ་དག་གི་ངང་དུ་འཕོ་བ་སྟེ། འཕོ་བ་རབ་ཏུ་གྱུར་པ་དེ་ཉིད་བསྟན་པ་ཡིན། ཚངས་བུག་འོད་གསལ་གྱི་རྩ་སྒོ་ནས་རང་ཉིད་ཀྱི་རྩ་བའི་བླ་མའམ། ཡང་ན་དེ་དང་དབྱེར་མེད་ངོ་བོ་གཅིག་པའི་གུ་རུ་མཚོ་སྐྱེས་རྡོ་རྗེའམ་མགོན་པོ་འོད་དཔག་མེད་པའི་ཐུགས་ཀར་འཕོ་བར་བྱེད་པའི་ཡི་གེ་ཧིཀ་གིས་རྒྱངས་ཀྱིས་འཕངས་པས་དེའི་ཐུགས་དང་དབྱེར་མེད་ལ་འདྲེས་ཏེ་སངས་རྒྱས་པར་བསམས་ན། ཡར་གྱི་ཆོས་སྐུ་ཟང་ཐལ་ལ་ཆོས་ཉིད་ནང་འཕྲད་པའི་སྟོབས་ཀྱིས་གོ་འཕོ་ཐུབ་པ་ཡིན། འདི་ནས་ཁྲེགས་ཆོད་ཐོད་རྒལ་གཉིས་ཀའི་མན་ངག་གལ་ཆེན་རྩལ་འདོན་མཛད་ནས་གསུངས་པ་ཡིན་པས། སྐུ་དང་ཡེ་ཤེས་ལ་འཇུག་ན་སེང་གེའི་ཉལ་ལུགས་ཀྱིས་རིག་པ་མིག་ལ་གཏད་དེ་བར་སྣང་གི་དབྱིངས་རིག་ལ་མིག་གཏད་པའི་ངང་ལས་རིག་པ་འཕོས་ནའང་བར་དོ་མེད་པའི་སྐད་ཅིག་ལ་སངས་རྒྱའོ། །འདི་ནི་གནད་གལ་པོ་ཆེ་སྟེ། རྫོགས་པ་ཆེན་པོ་འདིའི་ཁྱད་པར་གྱི་ཆོས་སོ། །དེ་དག་ཀྱང་ཉི་ཟླ་ཁ་སྦྱོར་ལས། རླུང་བཞི་རིམ་གྱིས་ཞོན་ནས་ཀྱང་། །རླུང་ཆེན་གཅིག་གིས་བསྐྱོད་པའི་ཚེ། །ཡུལ་དང་གནས་ལ་འཇུག་པ་དང་། །སྐུ་དང་ཡེ་ཤེས་འཇུག་ལུགས་བསྟན། །ཡུལ་གནས་དག་ལ་འཇུག་ལུགས་ནི། །གྲོང་འཕོ་གྲོང་འཇུག་གདམས་པ་སྟེ། །རྣམ་ཤེས་རླུང་ཞོན་རླུང་ལ་སྦྱང་། །དེ་ཡང་གོང་དུ་འབྱོངས་པ་གཅེས། །རིག་པ་བསྡུ་དང་འཕང་བ་གཅེས། །དེ་ཡང་ཧིཀ་གིས་འཕང་བའོ། །དེ་ཉིད་བླ་མའི་ཞལ་ལ་ཐུག །སྐུ་དང་ཡེ་ཤེས་འཇུག་ལུགས་ནི། །རིག་པ་འདི་ལྟར་གཏད་པར་བྱ། །ཕུང་པོ་སེང་གེའི་ཉལ་ལུགས་ཀྱིས། །རིག་པ་ཉིད་ནི་མིག་ལ་གཏད། །ཡིད་ཙམ་བར་སྣང་ལམ་དུ་བྱ། །དབྱིངས་དང་རིག་པ་མ་འགྱུར་ན། །མི་དེ་བར་དོ་མེད་པར་ནི། །སངས་རྒྱ་བ་ལ་ཐེ་ཚོམ་མེད། །ཅེས་སོ། །འདིའི་གནད་འདི་ཁྲེགས་ཆོད་ཐོད་རྒལ་གཉིས་ཀའི་ནམ་མཁའ་སུམ་ཕྲུགས་ཀྱི་དགོངས་པ་དང་སྦྱར་ནས་གསུངས་པ་སྟེ། ཁྲེགས་ཆོད་ལྟར་དུ་བྱས་ན། མཚོན་བྱེད་དཔེ་ཡི་ནམ་མཁའ་ཕྱི་སློང་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བའི་མཁའ་དབྱིངས་འདིས་ཀ་དག་གི་རིག་པ་མཚོན་པར་བྱེད་པས་ན་དེ་ལྟར་གསུངས་པ་དང་། ནང་སེམས་ཉིད་སྟོང་པའི་ནམ་མཁའ་སེམས་དང་སེམས་བྱུང་གི་སྤྲོས་པ་འགགས་པའི་ཆ་དང་། གསང་བ་འོད་གསལ་སྙིང་པོའི་ནམ་མཁའ་རིག་སྟོང་བརྗོད་བྲལ་གྱི་ཡེ་ཤེས་མངོན་དུ་གྱུར་དུས་དབྱིངས་རིག་འདྲེས་པ་རྣམས་ཡིན་པས། ནམ་མཁའ་དྭངས་པའི་སྐབས་སུ་ཉི་མ་ལ་རྒྱབ་གཏད་ནས་ནམ་མཁའ་སུམ་ཕྲུགས་དབྱིངས་རིག་གི་གདམས་པ། རིག་སྟོང་བརྗོད་བྲལ་གྱི་ཐབས་དེས་བྱེད་པ་དེ་ལ་བྱང་སོང་ན་འཆི་ཁར་ཡང་དེ་ལྟ་བུའི་གདམས་པ་གནད་ལ་སྣུན་པ་དང་། ཐོད་རྒལ་གྱི་ནམ་མཁའ་སུམ་ཕྲུགས་དང་སྦྲེལ་ནས་བཤད་ན། སྒོ་རྒྱང་ཞགས་ཆུ་ཡི་སྒྲོན་མ་བརྒྱུད་དེ། དག་པ་དབྱིངས་ཀྱི་སྒྲོན་མའི་གདངས་ལ་གཏད་ནས། ཐིག་ལེ་སྟོང་པའི་སྒྲོན་མའི་དཀྱིལ་ལ། ཤེས་རབ་རང་བྱུང་གི་སྒྲོན་མའི་གདངས་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་དང་། རིག་པ་རྡོ་རྗེ་ལུ་གུ་རྒྱུད་དམ། ཡང་ན་དེ་ཉིད་སྐུ་རུ་སྨིན་པ་ལ་གཏད་ནས། ངོ་བོ་སྟོང་ཕྱོགས་ཀྱི་རིག་པ་ཀ་དག་ཁྲེགས་ཆོད་ཀྱི་རིག་པ་དང་གཉིས་སུ་མེད་པའི་གདངས་སྣང་ཕྱོགས་ཀྱི་རིག་པ་ལྷུན་གྲུབ་ཐོད་རྒལ་གྱི་ཤེས་རབ་རང་བྱུང་གི་ངོ་བོ་ལ་བཞག་ནས། དེའི་རིག་གདངས་སྐུ་དང་ཐིག་ལེ་ལ་གཏད་ནས་མ་ཡེངས་པར་འཕོས་ན་ཡང་བར་དོ་མེད་པར་སྐད་ཅིག་གིས་འཚང་རྒྱ་བ་ཡིན་ནོ། །དེ་ལྟར་འཕོ་ལུགས་གཉིས་པོ་དེ་ཡང་ཁྲེགས་ཆོད་དང་ཐོད་རྒལ་གྱི་རྣལ་འབྱོར་པ་གཉིས་ཡོད་པའི་དོན་དུ་རིམ་པ་བཞིན་བསྟན་པའོ། །དེ་ལྟར་ཀ་དག་གི་ས་ལ་གྲོལ་ནས། རང་དོན་ལྷུན་གྲུབ་རིན་པོ་ཆེ་གསང་བའི་སྦུབས་ལ་ཆོས་སྐུ་རྒྱལ་པོའི་གཏན་སྲིད་ཟིན་ནས། དེའི་ངང་ལས་གཟུགས་སྐུ་འཆར་བས་གདུལ་བྱའི་འཇིག་རྟེན་ཀུན་ཏུ་རྒྱ་ཆད་དང་ཕྱོགས་ལྷུང་མེད་པར་སྤྲུལ་པ་ཐོགས་མེད་དུ་འཕྲོ་བས་དོན་གཉིས་ལྷུན་གྲུབ་ཏུ་མཛད་པ་ནི། ཐེག་པ་འོག་མའི་ལུགས་ལ་མེད་པ་འདི་ན་ཡོད་པས་རྡོ་རྗེ་སྙིང་པོ་ལྷུན་གྱིས་གྲུབ་པའི་ཐེག་པ་རྒྱལ་པོའི་ཆེ་བ་ཡིན་ནོ། །འདི་དག་གི་ལུང་ནི་འབྲས་བུའི་སྐབས་སུ་སྟོན་ཏོ། །ཁྲེགས་ཆོད་ཐོད་རྒལ་གྱི་གདམས་པ་གང་ལ་རང་བྱན་ཆུད་ནས་བྱང་ཆ་དང་གོམས་ཆ་ཡོད་ན་དེ་ལ་བརྟེན་ནས་ཀ་དག་གི་ས་ལ་གྲོལ་ནས། ལྷུན་གྲུབ་རིན་པོ་ཆེ་གསང་བའི་སྦུབས་སུ་ཆོས་སྐུའི་རྒྱལ་པོའི་གཏན་སྲིད་ཟིན་པ་ཡིན་ལ། སྤྱིར་ན་ལྷུན་གྲུབ་ཀྱི་སྦུབས་ཞེས་པ་འདི་ལ། གཞི་ལྷུན་གྲུབ་རིན་པོ་ཆེའི་སྦུབས། ལམ་ལྷུན་གྲུབ་རིན་པོ་ཆེའི་སྦུབས། འབྲས་བུ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་དང་གསུམ་གྱིས་བཤད་དུ་ཡོད་ཅིང། འདིར་འབྲས་བུ་ལྷུན་གྲུབ་རིན་པོ་ཆེའི་སྦུབས། ངོ་བོ་སྟོང་པ་ལྟར་དུ་གཞལ་ཡོང་ན། ཀ་དག་ནམ་མཁའ་ལྟ་བུ་གང་དུ་ཡང་མ་གྲུབ་པའི་མཐའ་གྲོལ་རྫོགས་པ་ཆེན་པོའི་ཆོས་སྐུའི་ཀློང་ཡངས་པ་དང་། རྣམ་པ་གསལ་བ་ལྟར་དུ་གཞལ་ཡོང་ན། ཆོས་སྐུའི་དབྱིངས་རིམ་ན་ནང་གསལ་ལྷུན་གྱིས་གྲུབ་པའི་ཡེ་ཤེས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་མི་བཟད་རྒྱན་གྱི་འཁོར་ལོའི་འབྱུང་གནས་སུ་ཆ་ཕྲ་སྟོང་གསལ་གྱི་ཚུལ་དུ་བཞུགས་པ་ཡིན། ཆོས་སྐུའི་ངང་ལས་མ་གཡོས་བཞིན་དུ་གཟུགས་སྐུ་འཕྲིན་ལས་དང་བཅས་པས། འགྲོ་ཁམས་རྒྱ་མཚོའི་དོན་ཀུན་འབད་མེད་ལྷུན་གྲུབ་ཡིད་བཞིན་གྱི་ནོར་བུ་དང་དཔག་བསམ་གྱི་ཤིང་ལྟར་འབྱུང་བ་ཡིན་པ་སྟེ། འོག་མའི་སྐབས་སུ་སྒྲ་ཚིག་གི་སྐད་ཙམ་ཡང་མི་འབྱུང་བའི་འབྲས་བུ་ཐེག་པ་ཀུན་གྱི་རྒྱལ་པོ་རྫོགས་པ་ཆེན་པོའི་ཁྱད་འཕགས་ཀྱི་ཁྱད་ཆོས་ཡིན་ནོ་ཞེས་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པའི་རིག་པ་རྟོགས་པའི་རྟགས་ཚད་ངེས་པ་བཤད་པའི་དོན་བསྡུས་ནས། འདི་དག་གི་ལུང་འབྲས་བུའི་སྐབས་ནས་འབྱུང་བ་དེས་ཆོག་པ་ཡིན་ཞེས་ཞལ་འཕངས་པའོ། །དེ་རིང་འདིའི་མཚམས་འདི་ནས་བཞག་ནས་སང་ཉིན་རིག་པ་རྒྱུ་རྐྱེན་ལས་འདས་པར་བསྟན་པ་ནས་བཤད་རྒྱུ་བྱེད། འདིའི་མཚམས་ནས་འཕོ་བ་སྦྱོང་རྒྱུའི་གནད་ལ་ཁེལ་ཡོད་པས། འདིའི་འཕྲོ་ཡི་ཆོས་ཁྲིད་འགའ་ཞིག་དང་སྦྲེལ་བའི་ཁྲེགས་ཆོད་ཀྱི་ཁྲིད་སྦྱོང་བྱས་པའི་རྗེས་སུ་འཕོ་བ་སྦྱང་དགོས། སྤྱིར་ན་ཤེས་བྱ་བདེན་གཉིས་ཀྱི་གནས་ཚུལ་ལ་ལུང་རིགས་རྣམ་དག་གི་ཚད་མ་ཞིག་གིས་ཕྱིན་ཅི་མ་ལོག་པར་གཞལ་ཡོང་དུས། མདོ་དང་རྒྱུད་སྡེས་བསྡུས་པའི་བདེ་བར་གཤེགས་པའི་གསུང་གི་གསང་བ་ཐམས་ཅད་དོན་སྙིང་པོ་གཅིག་ལ་འདུས་པའི་གནད་ཀྱི་གོ་དོན་སློང་རྒྱུ་གལ་ཆེ་ཞིང་། རྒྱུ་ཕར་ཕྱིན་མཚན་ཉིད་ཐེག་པའི་གྲུབ་མཐའ་ཐམས་ཅད་ཀྱི་ཡང་རྩེ། བཀའ་འཁོར་ལོ་བར་ཐ་གཉིས་ཀའི་ངེས་དོན་སྙིང་པོའི་ཡང་བཅུད་བསྡུས་པའི་མདོ་སྔགས་མཚམས་འཛིན་གྱི་བསྟན་བཅོས་མགོན་པོ་བྱམས་པའི་རྒྱུད་བླ་མ་དང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའིབསྟོད་ཚོགས་སོགས་ཀྱི་བསྟན་དོན་གྱི་སྙིང་པོའི་དགོངས་པ་གཅིག་ཏུ་འབབ་པའི་མཐའ་གྲོལ་དབུ་མ་ཆེན་པོ་དང་། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་རིམ་གཉིས་ལམ་གྱི་སྐྱེལ་སོ་མཐར་ཐུག་རྫོགས་རིམ་ཀུན་གྱི་རྒྱལ་པོ་རྫོགས་པ་ཆེན་པོ་གཉིས་ཀྱི་དགོངས་དོན་གནད་གཅིག་ལ་འདུས་པ་དེ་ནི། མཁས་པས་གཏན་ལ་དབབ་པའི་ལྟ་དོན་དང་། གྲུབ་པས་ཉམས་སུ་མྱོང་བའི་དགོངས་ཉམས། ངེས་དོན་གསང་བ་ཆེན་པོའི་བདེ་བར་གཤེགས་པའི་བཀའ་ཐམས་ཅད་གཅིག་ལ་འབབ་པ་ནི་མཁྱེན་བཞིན་པ་སྔར་ཡང་ཞུས་མྱོང་ལ། མདོའི་ནང་ནས་ཀྱང་བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དེས། མྱུར་དུ་སངས་རྒྱ་བར་འདོད་ན་ཞག་བདུན་གྱིས་སངས་རྒྱ་བར་ནུས་གསུངས་ཡོད་ལ། འདོད་ན་ཞེས་པའི་ཚིག་སྒྲ་དེ་ཡིས་ཅི་ཞིག་བསྟན་ན་ལམ་ཕྱི་མ་འབྲས་བུའི་ཐེག་པར་ཞུགས་དགོས་པའི་གབ་དོན་གསང་བའི་ཁུངས་སྣེ་དེ་ཉིད་བསྟན་པ་ཡིན། མྱུར་དུ་གསུངས་པའི་ཚིག་དེས་རྒྱུ་དང་འབྲས་བུའི་ཐེག་པའི་ལམ་གྱི་མྱུར་ཁྱད་ཀྱི་རང་བཞིན་གསལ་བར་བསྟན་པ་ཡིན། དེ་ལྟ་བུའི་ཐབས་མང་དཀའ་བ་མེད་པ་ལ་སོགས་པའི་ཁྱད་པར་གྱིས་ཁྱད་དུ་འཕགས་པའི་གསང་སྔགས་ཀྱི་མྱུར་ལམ། ཐེག་ཆེན་མདོའི་བསྟན་བཅོས་ཀྱི་གབ་པའི་ཡང་འབྱེད་རིམ་གཉིས་བསྐྱེད་རྫོགས་ཀྱི་ལམ་གྱིས་བསྡུས་པ་དེ་ལ་ཡང་། གདུལ་བྱའི་བློ་ཁྱད་དང་བསྟུན་པའི་གདུལ་བྱ་སོ་སོའི་སེམས་དང་མོས་པའི་ཁྱད་པར་གྱིས་རྒྱུད་སྡེ་བཞིའམ་དྲུག་གི་རིམ་པས་བསྟན་ཡོད་པ་ཡིན། ཕྱི་རྒྱུད་སྡེ་གསུམ་ལ་རྫོགས་རིམ་གྱི་གསལ་ཁ་ཡོད་མེད་ཅི་རིགས་པ་ཡིན་པ་དང་། སྔགས་རྣལ་འབྱོར་བླ་མེད་ཀྱི་རྒྱུད་ནས་རྫོགས་རིམ་རྩལ་འདོན་མཛད་པ་གཞིར་བཞག་གི་སྟེང་ནས། རྫོགས་རིམ་གྱི་ངོ་བོ་དེ་ཅི་འདྲ་ཞིག་ཡིན་ཟེར་ན། རྣམ་རྟོག་གི་རང་བཞིན་ཤེས་ནས་དེ་ཉིད་དམིགས་བཅས་ཀྱི་ཐབས་ལ་བརྟེན་ནས་མི་རྟོག་པའི་ལམ་དུ་བཞག་པ་དང་། དམིགས་མེད་ཀྱིི་ཐབས་ལ་བརྟེན་ནས་དམིགས་པ་མེད་པའི་ཤེས་རབ་ཉིད་དུ་ལ་བཟླ་བ་ཞིག་དང་རྣམ་པ་གཉིས་ཀྱི་ཁོངས་སུ་འདུས་པ་ཡིན། དེ་ཡང་སྔགས་གསར་རྙིང་སྔ་ཕྱི་འགྱུར་གྱི་རྒྱུད་སྡེའི་ཁྱད་པར་གྱིས། འབྱུང་ལྔའི་རླུང་ལ་གནད་དུ་བསྣུན་ནས་གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་གཙོ་བོར་དམིགས་པ་ཐབས་ཕ་རྒྱུད་དང་། ཁམས་བྱང་ཆུབ་སེམས་ཀྱི་ཐིག་ལེའི་རྣལ་འབྱོར་གཙོ་བོར་བྱེད་པ་ཤེས་རབ་མ་རྒྱུད། བདེ་གསལ་མི་རྟོག་བསམ་གྱིས་མི་ཁྱབ་པའི་ཐིག་ལེ་ཆེན་པོའི་རྣལ་འབྱོར་ལ་གནད་དུ་བསྣུན་པ། ཐབས་ཤེས་གཉིས་མེད་ཀྱི་རྒྱུད་སྡེ་གཅིག་དུ་བྲལ་གྱི་འོད་གསལ་ཆེན་པོའི་རྫོགས་རིམ་སྟེ། དེ་ལྟ་བུའི་བཞེད་པའི་རྣམ་གྲངས་དང་དབྱེ་བ་ཡོད་པའི་ནང་གི ཕྱི་མ་འོད་གསལ་ཆེན་པོའི་རྫོགས་རིམ་འདིས་ཅི་ཞིག་བསྟན་པ་ཡིན་ཟེར་ན། ལུས་ལ་རྩ་བརྟེན། རྩ་ལ་རླུང་བརྟེན། རླུང་ལ་ཐིག་ལེའི་འགྲོས་བརྟེན་ནས་དེ་ལ་ཡེ་ཤེས་ཆེན་པོ་གནས་པ་ཡིན་པས། ལས་དང་ཡེ་ཤེས་ཀྱི་རླུང་གཉིས་པོའི་བྱེད་ལས་ངེས་པའི་ཐོག་དེ་ནས། དྭངས་མའི་རླུང་ལྔ་དབུ་མར་བསྡུས་ནས་སྲོག་ཐུར་འདྲེས་དུས། རླུང་སེམས་བྱེད་ལས་གཅིག་པ་ཡིན་པས་རླུང་ལྔ་ལས་སུ་རུང་། མི་རྟོག་ཏིང་འཛིན་གྱི་སྟོང་གཟུགས་འཆར་ནས་ཟད་པར་གྱི་ཏིང་ངེ་འཛིན་ལ་དབང་འབྱོར་བའི་ནུས་པ་དེ་ཐོབ་པ་ཡིན། སྲོག་ཐུར་ཞེས་པ་དེ་ཅི་རེད་ཟེར་ན། སྲོག་རླུང་དང་ཐུར་སེལ་གྱི་རླུང་གཉིས་ཀ་གཅིག་ཏུ་འདྲེས་པ་ལ་གསུངས་ཤིང་། དེ་དུས་ཇི་ལྟར་ཡིན་ན་ཡེ་ཤེས་ཀྱི་རླུང་ཐམས་ཅད་ཀྱི་རྩ་བ་དེ་མི་ཤིགས་པའི་རླུང་དང་། ལས་རླུང་ཐམས་ཅད་ཀྱི་རྩ་བ་དེ་ནི་སྲོག་ཆེན་པོའི་རླུང་དང་། མི་ཤིགས་པའི་རླུང་དེ་ཡིས་ལས་རླུང་ཐམས་ཅད་ཀྱི་རྩ་བ་སྲོག་ཆེན་པོའི་རླུང་དེ་ལ་དབང་བསྒྱུར་བ་ལ་སྒྲ་གཅན་གྱི་རླུང་ཞེས་པའི་ཐ་སྙད་སྦྱར་བ་སྟེ། དོན་ལས་རླུང་དབྱིངས་སུ་དག་ནས་ཡེ་རླུང་གཅིག་ཏུ་འཁྱིལ་བའི་བརྡ་ཆད་ཅིག་ཡིན་པ་དང་། སྤྱིར་བཏང་གིས་བཤད་ན། རྩ་དབུ་མ་འདི་ལ་གནས་པའི་དབུ་མ་ཞིག་དང་། ཆོས་ཉིད་ཀྱི་དབུ་མ་ཞིག་དང་། དོན་དམ་པའི་དབུ་མ་ཞིག་སྟེ་དབྱེ་བ་གསུམ་དུ་གསུངས་ཡོད་པ་ཡིན། དེའི་ནང་གི་ཆོས་ཉིད་ཀྱི་དབུ་མ་དེ་ཡོད་ལ་རྫས་སུ་མ་གྲུབ་པ་སྒྲ་གཅན་དང་ཆོས་མཚུངས་སྦྱར་ནས། ཕྱི་ལྟར་ན་གདོང་མཇུག་ནང་ལྟར་ན་དཀར་དམར་ཐབས་ཤེས་ཀྱི་རང་བཞིན། ཨ་ཧཾ་འབར་འཛག་གི་ཏིང་འཛིན་ལ་གོམས་སོང་དུས། རླུང་དབུ་མར་ཞུགས་གནས་ཐིམ་གསུམ་གྱི་སྟོབས་ཀྱིས། དུས་འཁོར་ལྟར་ན་དུས་ཀྱི་འཁོར་ལོ་ལ་ཕྱི་ནང་གཞན་གསུམ་གྱི་རྣམ་གཞག་གསུངས་པ་ཡིན། དེ་ཐམས་ཅད་ཀྱི་གནད་འདུས་པའི་ད་ལྟའི་རང་རེའི་ཉམས་ལེན་ལ་མཚོན་ན། གཏུམ་མོ་ཡེ་ཤེས་ཀྱི་འཁོར་ལོ་དང་། བདེ་ཆེན་ཆོས་ཉིད་ཀྱི་འཁོར་ལོ། རྩལ་སྦྱོང་བོགས་འབྱིན་གྱིི་འཁོར་ལོ་དག་གི་བྱེད་པ་གྲུབ་ནས། ཐབས་དེས་གྲུབ་པའི་ཐབས་བྱུང་བདེ་གསལ་མི་རྟོག་པའི་ཉམས་ལས་འདས་པའི་ལྷག་མཐོང་དམིགས་མེད་ཀྱི་ཡེ་ཤེས་རྡུལ་དང་དངོས་པོ་སྐད་ཅིག་མའི་ཆོས་ལས་འདས་པ་དེ་ཉིད་རྩོལ་མེད་དུ་སྐྱེ་བ་ཡིན། དེ་ཡང་རྩ་ཡི་འགྲོས་དག ཐིག་ལེ་རང་སར་ཟིན། རྩ་འཁོར་ལོ་སོ་སོར་རླུང་སེམས་ལས་སུ་རུང་བ་དང་བསྟུན་ནས། དུས་སྦྱོར་བཅུ་གཉིས་ཀྱི་རླུང་དག་ནས་ལམ་ལྔའི་ཡོན་ཏན་རིམ་བཞིན་རྫོགས་པའི་རྫོགས་རིམ་བཞིན་དུ། རྩ་ཡི་མདུད་པ་གྲོལ་ཏེ་ས་བཅུའི་རྟོགས་པ་བརྙེས་ཏེ་རིག་འཛིན་བཞི་ཡི་ལམ་ནས་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་སྒྲུབ་ཐུབ་པ་ནི་ཐུན་མོང་རྣལ་འབྱོར་བླ་མེད་ཀྱི་རྒྱུད་སྡེའི་རྫོགས་རིམ་གྱི་གོ་དོན་ཡིན། དེས་ན་རྩ་རླུང་ཐིག་ལེའི་རང་བཞིན་ལ་གནད་དུ་བསྣུན་པས་ཉོན་མོངས་པའི་སྒྲིབ་པ་དག་སྟོབས་ཆེ་བ་དང་། རླུང་སེམས་ལས་སུ་རུང་བས་ལྷག་མཐོང་གི་ཡེ་ཤེས་སྐྱེ་བར་བྱེད་པ་ཡིན་པས་ན་ཡེ་ཤེས་ཀྱི་ཚོགས་རྫོགས་པའི་ཐབས་ཁྱད་པར་བ་ཡིན་པ་དང་། ཐབས་དེ་ལས་བྱུང་བའི་ཐབས་བྱུང་དམིགས་མེད་ཀྱི་ཐབས་ལ་བརྟེན་པའི་ཁྱད་པར་བསམ་གྱིས་མི་ཁྱབ་པའི་རྫོགས་རིམ་གྱིས་ཤེས་བྱའི་སྒྲིབ་པ་སྦྱངས་ནས། དམིགས་པ་མེད་པའི་ཤེས་རབ་ཉིད་དུ་ལ་བཟླ་བ་ཆོས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་ཚོགས་པར་འགྱུར་བ་ཡིན་པའི་ཕྱིར་ན་བླ་མེད་ཐུན་མོང་གི་རྫོགས་རིམ་ཐམས་ཅད་རྫོགས་རིམ་ཀུན་གྱི་མཐར་ཐུག་རྫོགས་རིམ་ཆེན་པོར་གྱུར་པ། གཞི་འབྲས་དབྱེར་མེད་ཀྱི་ས་རྫོགས་པ་ཆེན་པོར་འཇུག་པའི་ལམ་ལྟ་བུ་ཞིག་ཡིན་ལ། དེས་ན་ཐུན་མོང་བླ་མེད་ཀྱི་རྫོགས་རིམ་བསྒོམས་པའི་རྗེས་ཐོག་དེ་མ་ཐག་ཏུ། གྲོལ་ལམ་རྫོགས་པ་ཆེན་པོའི་བླ་མའི་མན་ངག་དང་འབྲེལ་བའི་ངོ་སྤྲོད་དང་མ་འབྲེལ་ཏེ་དེ་ལ་མ་བརྟེན་ན། རྩ་རླུང་ཐིག་ལེའི་རྫོགས་རིམ་ཅི་ཞིག་བསྒོམས་ཀྱང་དོན་གྱི་འོད་གསལ་མཚོན་པའི་སྒོ་རུ་འགྱུར་དཀའ་བ་ཡིན། དོན་གྱི་འོད་གསལ་མཚོན་པའི་སྒོར་མ་གྱུར་དུས་རླུང་དབུ་མར་ཞུགས་ཀྱང་ཡེ་ཤེས་ངོས་མ་ཟིན་ན་ཟག་བཅས་འཇིག་རྟེན་པའི་ལམ་ཞིག་ལས་འཕགས་ཐུབ་མེད་པ་ཡིན། དེས་ན་ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་དངོས་གཞིའི་རིག་པ་ངོ་སྤྲོད་པའི་སྔོན་དུ། ཐུན་མོང་དང་ཐུན་མིན་གྱི་རྫོགས་རིམ་ལ་སྦྱོང་བའི་རིམ་པ་དེ་ཆེད་དུ་ལམ་འདིའི་གྲོགས་ཀྱི་ཚུལ་དུ་རྣམ་པ་ཚང་མས་སྦྱངས་མཛད་པ་ཡིན་ལ། དེའི་དེ་མ་ཐག་པ་དེ་རིང་སེམས་ཉིད་མཁའ་ཀློང་བློ་འདས་ཡངས་པར་ལ་བཟླ་བ་བསྟན་ནས། རིག་པ་ཅར་ཕོག་ཏུ་ངོས་འཛིན་ངོ་སྤྲད་པའི་གདམས་པ་དེ་ཉིད་བསྟན་པ་རེད། འདིའི་གནད་ལ་མ་བརྟེན་པ་དང་བརྟེན་པའི་ཁྱད་པར་གྱི་ངོ་སྤྲོད་ཐབས་གང་བྱས་ཀྱང་། དོན་དུ་ངོ་སྤྲད་བྱ་དང་སྤྲོད་བྱེད་གཉིས་སུ་མེད་པ་སྟོང་བཞག་སྤྲོ་བསྡུ་དང་བྲལ་བའི་རིག་པ། རྟོག་པར་མ་འགྱུས་པའི་ཤེས་པ་བར་མེད་མཐའ་དང་བྲལ་བ། ཡུལ་མེད་རང་གསལ། ཟང་ཐལ་རྗེན་པ། སྟོང་གསལ་འགག་པ་མེད་པ་དེ་ཉིད་ཆོས་སྐུ་ཡེ་ཤེས་སུ་ངོ་སྤྲད་པ་ཡིན། དེ་ལྟ་བུའི་གནས་ལུགས་རིག་སྟོང་རྗེན་པའི་ཡེ་ཤེས་དེ་དང་དུས་ནམ་ཡང་འབྲལ་མ་མྱོང་བ་ཞིག་ཡིན་པས་ན། ངོ་སྤྲོད་ལུགས་ལ་མཚོན་ན་སེམས་བཟུང་བ། སེམས་གནས་པ། དངོས་པོར་དེད་ནས་ངོ་སྤྲད་པའི་རིམ་པ་ལ་སོགས་པ་བྱུང་བ་ཡིན་ཞིང་། དེ་ཡང་སེམས་ལམ་བྱེད་དང་། སྤྱི་འབྱམས་གཤིས་ཤོར་སོགས་ཀྱི་གོལ་ས་གཅོད་པའི་ཆེད་དུ་སྒོ་དུ་མ་ནས་ངོ་སྤྲད་པའི་ཐབས་ཀྱིས་གནད་མི་འཕྱུག་པར་བྱས་ནས། རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པའི་རིག་པ་རྟོགས་པའི་འབྲས་བུའི་རྟགས་ཚད་ངེས་པ་དང་བཅས་པ་བསྟན་པ་ཡིན་ལ། དེ་ལྟར་བསྟན་པའི་སྐབས་སུ་མཚོན་ཚིག་མིང་གི་བརྡ་ཆད་ཙམ་ཞིག་ལ། བྱང་ཆུབ་ཀྱི་སེམས་ཞེས་པ་དང་། རང་བྱུང་གི་ཡེ་ཤེས་ཞེས་པ་དང་། ཆོས་སྐུ་ཞེས་པ་དང་། རིག་པ་ལ་སོགས་པ་བརྡ་ཤེས་པའི་ཡན་ལག་ཏུ་གང་བཏགས་ཀྱང་། དོན་བླ་མའི་བྱིན་རླབས་མོས་གུས་ཀྱིས་བསླངས་པའི་རྐྱེན་ལ་བརྟེན་ནས་བརྗོད་མེད་བློ་འདས་ཆེན་པོར་མ་རྟོགས་པར་རང་གསལ་དང་རྗེན་པ་ཟེར་བའི་ཚིག་ཅིག་ལ་ཞེན་ནས། དེ་རྩིས་ཆེན་དང་འདང་ཆེན་བྱས་ཏེ་གཟུང་འཛིན་དུ་མ་གྲུབ་པའི་གཉིས་སྟོང་རང་རིག་རང་གསལ་སེམས་ཙམ་པའི་འདོད་པ་ལྟ་བུ་ཞིག་ལས་མ་འདས་པ་ཡིན་ན། དེ་ལ་རྫོགས་པ་ཆེན་པོའི་རིག་ངོ་འཕྲོད་ཡོད་པ་མ་ཡིན། མ་བཅོས་གཤིས་ཀྱི་གནས་ལུགས་ཇི་བཞིན་དུ་ངོས་ཟིན་ཡོད་ན། རང་ངོ་ཀ་དག་ཆེན་པོ་ལ་གཟུང་འཛིན་གྱི་ཞེན་པས་འཆིང་མི་ནུས་ཤིང་། དེ་ཡང་ཡེངས་ཡུལ་ཆོས་ཉིད་དུ་སོང་བས་འཁྲུལ་མ་འཁྲུལ་དང་ཡིན་མ་ཡིན་སོགས་ཀྱི་ཐ་སྙད་གང་གིས་ཀྱང་མི་ཐུག་པ་ནི། དཔེ་ནམ་མཁའ་འདྲ་ཞིག་ཡིན་པས། སྟོང་པར་ཆེད་དུ་མི་འཛིན། གསལ་བར་ལྷག་གིས་མི་གཟུང་། གཉིས་མེད་ལ་སྟོང་ཐག་དཔྱོད་པ་མི་བྱེད། རེ་དོགས་རྩོལ་སྒྲུབ་མེད་པ་རང་བཞིན་ཡོངས་ཤེས་ཀྱི་རིག་པ། དམིགས་གཏད་མཚན་མ་དང་བྲལ་བའི་ངང་དུ་ཟང་ཐལ་རང་མལ་དུ་བཞག་པ་དེ་ལ། བསྒོམ་བྱ་དང་སྒོམ་བྱེད་ཀྱི་བསླད་མི་གཞུག་པའི་རྡོ་རྗེའི་གད་མོ་ཆེན་པོ་བཅུ་གཉིས་དང་། ངོ་མཚར་བའི་ཚིག་ཆེན་བརྒྱད་ལྟ་བུ་ཡིན་པ་རེད། རིམ་དང་ཅིག་ཆར་གྱི་ངོ་སྤྲད་སའི་གང་ཟག་དབང་པོ་རྣོ་རྟུལ་གང་ཡིན་ཡང་། དོན་གྱི་འཇོག་སོ་ངོ་མ་དེ་ཀ་དག་རིག་པ་ཟང་ཐལ་རྗེན་ལ་བུད་དགོས་པ་ཡིན། དེ་ལ་བློས་བྱས་སྒྲོ་བཏགས་ཀྱི་ཤུབས་དང་མཛེས་རྒྱན་མང་པོ་བཏགས་པ་རུ་སོང་ན། སྤྲོས་མེད་སྤྲོས་བཅས་སུ་སོང་། བརྗོད་བྲལ་བརྗོད་ཅན་དུ་སོང་ནས། གནས་ལུགས་དོན་གྱི་རང་ཞལ་མཇལ་བའི་དུས་ཤིག་ཡོད་པ་མ་ཡིན། དེའི་ཕྱིར་ན་སྐྱེ་མེད་དོན་གྱི་གནས་ལུགས་དེ་རྟོགས་པའི་ཆེད་དུ། གང་ཟག་གི་བློ་རིམ་ལྟར་དུ་ཐེག་པ་རིམ་འཇུག་གི་ལམ་བསྟན་པ་ཡིན་པས། ལམ་འོག་མ་དགོས་མེད་ག་ལ་ཡིན། འོན་ཀྱང་གང་རྟོགས་བྱ་ཆོས་སྐུའི་མཚན་ཉིད་ངོས་ཟིན་ངོ་ཤེས་སོང་བ་ཞིག་ལ། ཡེ་གྲོལ་ལ་ཡང་གྲོལ་གྱི་ལྷན་པོ་གསར་བ་བརྒྱབ་ནས། ད་གཟོད་བསྐྱར་ཞིང་བསྒྲུབ་འདུག་མི་དགོས་པ་ཞིག་ཡིན་ལ། ཆོས་ཅན་སེམས་ཀྱི་དབྱེ་བ་རྣམ་ཤེས་ཚོགས་བརྒྱད་དང་། ཆོས་ཉིད་དེའི་རང་བཞིན་ནམ་ཡེ་ཤེས་གཉིས་ཀ་ཐ་སྙད་འཁྲུལ་བའི་ངོ་ཁ་རུ་གཅིག་མིན་ལ། དོན་དམ་མ་འཁྲུལ་བའི་ངོ་ཁ་རུ་ཐ་དད་ཀྱང་མ་ཡིན་པས་ན་གཅིག་ཐ་དད་གང་དུ་ཡང་ཁས་ལེན་དུ་བཏུབ་པ་ཞིག་མ་ཡིན། གཞི་གནས་ཀྱི་ཡེ་ཤེས་གསུམ་དང་དེ་ལས་ཤར་བའི་སློབ་ལམ་གྱིས་བསྡུས་པའི་ཡེ་ཤེས། དེ་བཞིན་དུ་མཐར་ཕྱིན་འབྲས་བུའི་སྐབས་ཀྱི་ཡེ་ཤེས་སངས་རྒྱས་ཀྱི་མཁྱེན་པ་རྣམས་ཀྱང་། ཐ་སྙད་དུ་གཅིག་མིན་ལ་དོན་དམ་པར་ཐ་དད་མིན་པའི་གོ་བའོ། །འོ་ན་དབྱིངས་དང་ཡེ་ཤེས་ཞེས་གསུངས་པ་འདི་ཇི་ལྟར་སྙམ་ན། ཡུལ་ཤེས་བྱའི་ཆོས་ཐམས་ཅད་རྣམ་པར་དག་པའི་གཞི་དེ་ལ་དབྱིངས་ཞེས་གསུངས་པ་དང་། ཡུལ་ཅན་ཤེས་བྱེད་སེམས་དང་སེམས་བྱུང་ཐམས་ཅད་རྣམ་པར་དག་པ་ལ་རིག་པའི་ཡེ་ཤེས་ཞེས་གསུངས་པ་ཡིན། གྲོལ་སའི་དབྱིངས་ཀ་དག་དང་ལམ་དུས་ཀྱི་རིག་པ་ཀ་དག་གཉིས་ཀ་རྫས་ཐ་དད་ངོ་བོ་ཐ་དད་མིན། དེ་མིན་ན་གྲོལ་འཁྲུལ་གྱི་ཁྱད་པར་ཇི་ལྟར་བྱུང་བ་ཡིན་ཞེ་ན། རིག་གདངས་སམ་རིག་ཆ་རླུང་སེམས་གྱིས་ཁུར་ནས་བསླད་དང་མ་བསླད་ཀྱིི་ཁྱད་པར་ཡོད་པས། ལམ་ལ་བརྟེན་ཏེ་ཆོས་ཉིད་ཟད་ནས་གྲོལ་སར་གྲོལ་པའི་སྐབས་སུ་རླུང་སེམས་བརྟུལ་ནས་རིག་པ་དབྱིངས་སུ་ཐིམ་པ་དེས་ན་ཐོག་མའི་ངེས་མེད་གཞི་ཡི་ལྷུན་གྲུབ་དེ་འཁོར་འདས་གཉིས་ཀྱི་འཆར་གཞི་ཡིན། མཐར་ཐུག་གི་གྲོལ་ས་ཀ་དག་དེ་ལྷུན་གྲུབ་ཀྱི་རྩལ་རིག་པར་ལྡོག་སོང་དུས། མ་རིག་པའི་ཆ་བག་ཆགས་དང་བཅས་པ་སྤངས་ནས། དབྱིངས་ཀྱི་ཡོན་ཏན་མཐར་ཕྱིན་པ་ཞིག་ཡིན་ཕྱིར། དེ་གཉིས་ཀ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་གནས་པའི་རིག་པའི་ཡོན་ཏན་གྱི་ཐད་ནས་འདྲ་ན་ཡང་། དྲི་མ་དག་དང་མ་དག་དང་སླད་ནས་འཁྲུལ་གཞི་བྱེད་དང་མི་བྱེད་ཀྱི་ཁྱད་པར་འབྱེད་པ་ཡང་གལ་ཆེན་ངོ་མ་ཞིག་ཡིན། མདོ་ལམ་གྱི་ཐེག་ཆེན་སྦྱོར་ལམ་དང་མཐོང་ལམ་གྱི་སྐབས་སུ་སྟོང་ཉིད་དོན་སྤྱིའི་ཚུལ་དུ་རྟོགས་པ་དང་། རང་མཚན་མངོན་སུམ་དུ་རྟོགས་པ་དང་། སྔགས་ཀྱི་སྐབས་ཀྱི་དཔེ་དང་དོན་གྱི་འོད་གསལ་དག་དང་ཁྱད་པར་མེད་པར་རྗོད་ཆོག་ཅིང་། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །ཞེས་པའི་ལུང་དོན་ལྟར་ན་མདོ་སྔགས་གཉིས་ལ་ཆོས་དབྱིངས་མ་འདྲ་བ་གཉིས་སུ་ག་ལ་ཡོད། འོན་ཀྱང་རྟོགས་བྱེད་ཀྱི་ཐབས་ལ་ཁྱད་པར་ཆེན་པོ་ཞིག་ཡོད་པ་དང་། རྟོགས་ཚུལ་གྱི་ཐད་ནས་ཀྱང་མངོན་རྗེས་དང་ལམ་མྱུར་བུལ་གྱི་ཁྱད་པར་གཏན་ནས་མེད་པ་ཞིག་མིན་པས། རྒྱུའི་ས་བཅུ་དང་སྔགས་ཀྱི་རིག་འཛིན་བཞིའི་དགོངས་ཉམས་མི་འདྲ་བ་ཡང་རྩ་བ་དེ་ལ་ཐུག་པ་ཡིན། རིགས་གཞུང་དང་ལྟ་བ་གཏན་ལ་འབེབས་པའི་བཤད་ཡམ་གྱི་ཐོག་ནས། མ་མཐོང་རྒྱང་གི་གཏམ་རྒྱུད་འོན་པ་རོལ་མོ་མཁན་གྱི་སྟངས་ཀ་བྱས་ཀྱང་ཕན་ཐོགས་ཆེར་མེད་ཅིང་། ཁྱད་པར་ལས་དང་པོ་བ་ལ་མགོ་ཉོག་བྱེད་བཤད་པ་ལྟ་བུ་ཞིག་ཡིན་ན་ཡང་། བྱིན་རླབས་འཕོ་བའི་བརྒྱུད་པ་དེ་ཡང་། ཚིག་ལ་མ་བརྟེན་པའི་དོན་འབྱུང་དཀའ་བས་གནད་རྣམས་ཚིག་གིས་ཨེ་ཟིན་ལྟ་ཡག་མ་བྱས་ཚེ་བློ་རེ་མ་རྫོགས་ནས་དེ་ལྟར་བཤད་པ་ཡིན། གང་ལྟར་ཡང་རིག་པ་ངོ་སྤྲད་པ་དང་འཕྲོད་པ་ཙམ་གྱིས་ཆོག་པ་མ་ཡིན། ལྟ་བ་དེའི་ངང་བསྐྱངས་ནས་བསྒོམ་དགོས་པ་ཡིན། བསྒོམས་ནས་གོམས་པ་ཀློང་དུ་གྱུར་དུས་སྤྱོད་པས་བོགས་དབྱུང་ནས་སྐྱེད་ཐོན་པར་བྱས་ཏེ། འབྲས་བུ་རེ་དོགས་གོལ་ཤོར་མེད་པའི་སར་ཕྱིན་པར་བྱེད་པ་ནི་ཉམས་ལེན་གནད་ཀྱི་དགོས་དོན་ཡིན། རྫོགས་ཆེན་གྱི་སྒོམ་དེ་སྒོམ་མེད་ཡིན་ཡང་རྩལ་རྫོགས་རྒྱུ་ཡོད་པས། གསར་བ་དག་གིས་རྫོགས་ཆེན་གྱི་རིག་ངོ་སྐྱོང་དུས། ངོ་ཤེས། རྩལ་རྫོགས། བརྟན་པ་ཐོབ་པ་གསུམ་པོ་འཕྲོས་འཕྲོར་བརྒྱུད་ནས་ཡོང་དགོས་པ་ཡིན། ངོ་ཤེས་པ་ཞེས་པ་དེ་ཅི་འདྲ་ཞིག་རེད་ཟེར་ན། རིག་པའི་རང་ཞལ་རྗེན་པ་ཡིད་དཔྱོད་དང་མ་འདྲེས་པ་ཞིག་མ་བྱུང་བར་དུ་ཞུན་ཐར་བཅད་ནས་གོ་ཡག་བྱེད་དགོས་པ་ཡིན། དེ་གོ་ནས་ངེས་ཤེས་འདྲོངས་པ་ཞིག་རེད་དུས་ངོ་རང་ཐོག་ཏུ་འཕྲོད་སོང་བ་ཡིན། དེ་ཡིས་མི་ཆོག་པར་ཐག་གཅིག་ཐོག་ཏུ་གཅད་དགོས་པས། ཐེ་ཚོམ་དང་བྲལ་བའི་རིག་ངོ་རྗེན་པ་རང་གིས་མཐོང་ནས་གཞན་ལས་བཙལ་མ་དགོས་ཚེ་ཐག་ཆོད་སོང་བ་ཡིན། ད་རུང་གདེང་ཐོབ་པའི་ཆེད་དུ་དེའི་ངང་ལ་བཞག་ནས་བསྒོམ་དགོས་པ་རེད། མི་བསྒོམ་པའི་སྒོམ་པ་ཞེས་པ་ཡིན་པས། མ་ཡེངས་པའི་ཐོག་ནས་མི་བསྒོམ་པའི་ངང་ལ་རང་བབས་ཀྱིས་བཞག་པ་མ་གཏོགས་ཆེད་དུ་བསྒོམ་དུ་མེད་པ་ཞིག་ཡིན། ཡིན་ན་ཡང་ལས་དང་པོ་པ་ལ་རྣམ་རྟོག་གི་འཚུབ་མ་ལྡང་ནས་ཡོང་བ་ནི་འགོག་ཏུ་མེད་ཀྱང་། ཡུན་ཐུང་གྲངས་མང་གིས་མ་བཅོས་རིག་པའི་ངང་དུ་བཞག་པའི་རྒྱུན་བསྐྱངས་བར་བྱས་ན། ནམ་ཞིག་རྩལ་རྫོགས་ནས་གནས་ཀྱང་རིག་པ་འཕྲོས་ཀྱང་རིག་པ་རུ་སོང་སྟེ། རིག་པ་གཅིག་གི་ཁོར་ཡུག་ལ་གནས་པའི་བརྟན་པ་ཐོབ་ཡོང་ཚེ། རྣམ་རྟོག་རང་ཤར་རང་གྲོལ། གྲོལ་ལུགས་ཀྱི་གདེང་རྣམས་མས་རིམ་བཞིན་དུ་ཚུད་པའི་བརྟན་པ་ཐོབ་སྟེ། བར་ཞིག་ལ་རྣམ་རྟོག་དང་ཀུན་གཞི་འགྱུ་བྱེད་ཀྱི་རླུང་དང་བཅས་པ་མ་བཅོས་ཆོས་སྐུའི་ངོ་བོ་ལ་ཐིམ་ནས་རིག་པའི་རང་ས་ཟིན་ཡོང་བ་ཡིན། དེ་ལྟར་ཉིན་གྱི་སྣང་བ་ལ་རྣམ་རྟོག་རིག་པའི་དབང་དུ་འདུས་རིམ་བཞིན་དུ། མཚན་ལ་ཡང་རྨི་ལམ་སྲབ་མཐུག་གི་འོད་གསལ་ཟིན་ནས། ཉིན་སྣང་མཚན་སྣང་ཁྱད་མེད་པའི་བརྟན་པ་མ་ཐོབ་ཀྱི་བར་དུ་ངང་རྒྱུན་བསྲིངས་ནས་བསྒོམ་པ་ནི་གནད་ཆེ་བ་རེད། བརྟན་པ་ལེགས་པར་ཐོབ་པའི་སྐབས་སུ་འཁོར་འདས་དང་སྐྱེ་འཆིའི་རེ་དོགས་རྩ་བ་ནས་ཆོད་སོང་བ་ཡིན། རྣམ་རྟོག་འདིས་སྒོམ་དུ་གཏན་ནས་མི་འཇུག་གི་མ་སེམས། རྣམ་རྟོག་ཡེ་ཤེས་ཀྱི་རྩལ་རེད། རྒྱ་མཚོ་མིན་པའི་རྦ་རླབས་ཤིག་གང་ནས་ཐོན་ཡོང་། རིག་པ་མེད་པའི་རྩལ་ཞིག་ཀྱང་ཡོང་དོན་མེད། ཡིན་ན་ཡང་རྩལ་གཞི་ཐིམ་ལ་སོང་དུས་རིག་པའི་དེ་ཉིད་མཐོང་བ་ཡིན། རང་ངོ་དང་རྩལ་ཟེར་རྒྱུ་ཞིག་ཡོད་རྒྱུ་འདི་འཁྲུལ་གཞི་དང་འཁྲུལ་སྣང་འབྱེད་དུས་གཙོ་བོར་གསུངས་པ་ལས། རིག་པ་ངོས་ཟིན་ཚར་ནས་ལྷག་མཐོང་གི་དེ་ཉིད་ཤེས་པའི་གནས་སྐབས་སུ། ཆུ་བོ་དང་རྦ་རླབས་སམ་མེ་ལོང་དང་བྱད་གཟུགས་མཐོང་བ་བཞིན་དུ། དངོས་གཅིག་རྣམ་པ་འགྱུར་བའི་མཚན་ཉིད་ཙམ་ཡིན་པར་རིག་ནས། སྣང་ན། ཤར་ན། གནས་ན། རྟོག་དཔྱོད་དུ་བསླངས་ན་གང་གི་དུས་ཡིན་ཡང་། རིག་པ་རྗེན་པ་ཟང་ཀ་མ་དེ་ཉིད་ཀྱི་རང་ངོས་བཟུང་ནས། དུས་གསུམ་གྱི་རྟོག་པའི་འབྲེལ་ཐག་ཆོད་པ་དེ་ལ་ཆོས་སྐུ་རང་གནས་ཀྱི་གནས་ལུགས་གསུངས་པ་ཡིན། སོ་སོར་རང་རིག་པའི་ཡེ་ཤེས་ཀྱང་དེ་ལ་ཟེར་བ་ཡིན། ཞི་ལྷག་གཉིས་ཀ་སོ་སོ་ལས་དང་པོ་པ་ལ་ཕྱེས་ནས་བཤད་ན། ཞི་གནས་ནི་བསམ་གཏན་གྱི་ཉེར་བསྡོགས་དང་། ལྷག་མཐོང་ནི་བསམ་གཏན་གྱི་དངོས་གཞི་ལྟ་བུ་ཞིག་རེད་ཟེར་ཆོག་ཅིང་། འོན་ཀྱང་མི་གཡོ་རང་ས་གནས་པའི་ཞི་གནས་དང་། གསལ་གདངས་ངར་དང་བཅས་པའི་ལྷག་མཐོང་གཉིས་ཀ་ཟུང་དུ་འབྲེལ་དགོས་པ་ཞིག་ཡིན་ཕྱིར། རིག་ཐོག་ལ་བཞག་ནས་སྒོམ་པའི་སྐབས་སུ་ཚོགས་དྲུག་འགག་ནས་དྲན་མེད་མུ་འཐོམས་བཟི་སོང་བ་ལྟ་བུ་ཞིག་ཏུ་གྱུར་སོང་ན། དོ་ཞག་ཅིག་ལ་བཤད་མྱོང་བ་ལྕགས་མཁར་སྒོ་མེད་ཕར་འཛུལ་ཤེས་ཤིང་ཚུར་བུད་མི་ཤེས་ས་ལ་ཚུད་ཉེན་ཡོད་པ་ཡིན། དེ་འདྲ་བའི་ཞི་གནས་ཕྱོགས་གཅིག་ལ་ལྷུང་སོང་ན་སྒོམ་གྱི་གོལ་ས་ཡིན། འོ་ན་ཇི་ལྟར་དགོས་སྙམ་ན་ཤེས་པ་ལ་སྣང་བས་མ་གོས། སྣང་བ་ལ་ཤེས་པས་མ་བསླད་པར་བཅོས་བསླད་རེ་དོགས་མེད་པ། རྒྱ་མཚོ་རླུང་གིས་མ་བསྐྱོད་པ་འདྲ་ཞིག་བྱས་ནས་བཞག་དགོས་པ་ཡིན། དེ་ཡང་ལྷག་མཐོང་གི་ཤེས་རབ་སྐྱེ་དུས་དགག་སྒྲུབ་གཉིས་ཀ་བྱེད་མི་རུང་བས། རྟོག་པ་གང་ཤར་ནའང་མ་བཀག དགག་ན་ཞི་གནས་ཕྱོགས་གཅིག་ལ་ལྷུང་འགྲོ། གང་ཤར་རྗེས་མཐུད་མེད་པར་ཞོག་དང་། རང་གྲོལ་ཆོས་ཉིད་ཀྱི་ཐོག་ནས་ཆོས་སྐུ་དགོངས་པའི་ཀློང་དུ་གྲོལ་འགྲོ་བ་ཡིན། རྩོལ་བས་ཆེད་དུ་སྒྲུབ་པར་མ་བྱེད་བསྒྲུབས་ན་ལྷག་མཐོང་གཤིས་ཤོར་དུ་འགྲོ་བ་ཡིན། རྣམ་རྟོག་གི་རྗེས་སུ་འབྲངས་ན་རྟོག་པའི་གཞི་རྩ་མ་ཆོད་པར་ཐ་མལ་པ་དང་ཁྱད་མེད་དུ་འགྲོ་བ་ཡིན། སྒོམ་པ་བ་མང་ཆེ་བས་དགག་ཆེས་སོང་བས་ལོ་དུ་མར་བསྒོམས་ཀྱང་ཡར་བསྐྱེད་ཏིལ་འབྲུ་ཙམ་ཡང་མེད་པ་དེ་ཡིས་ཡིན། དབང་པོ་དྭངས་པའི་ཡོན་ཏན་གྱིས་མངོན་ཤེས་དྲུག་ལ་སོགས་པ་འཆར་ཐུབ་པར་གསུངས་ཡོད་པས། སྒོམ་རྒྱག་དུས་གྲིམ་ལྷོད་རན་པོ་གྲིམས་མ་ཆེ་ལྷོད་མ་ཆེ་བ་ཞིག་གིས་བསྒོམ་དགོས་པ་ཡིན། ཡེངས་ཤོར་མི་ཉན་སྙམ་ནས་བསྒྲིམས་ན་སྒྲིམ་མཁན་བློ་རེད། བློ་ཀུན་རྫོབ་འཁྲུལ་བ་ཡིན་ཕྱིར་དེ་ཆོས་ཉིད་ཀྱི་སྒྲིབ་བྱེད་རེད། ཐ་མལ་འཁྲུལ་རྟོག་གི་ཆུ་སྣ་གར་རྒྱུག་བྱས་ནས་མངག་བཞག་ན་རྣམ་རྟོག་དང་མ་རིག་པ་ལས་མི་འདའ། འོ་ན་ཇི་ལྟར་དགོས་ཟེར་ན། ད་ལྟའི་ཤེས་པ་བཟོ་མེད་ལ་རང་བབས་སུ་གློད་ནས་བསྐྱང་དགོས་པ་ཡིན། དེའི་ངང་ལ་བསྡད་དུས་བར་ཞིག་ལ་མ་དྭངས་པ་ལྟ་བུ་ཞིག་རེད་སོང་ན་དེའི་མིང་ལ་བྱིང་བ་ཟེར། དེ་ལ་གྲུང་ཆ་འདོན་ཞིང་དབང་པོའི་དྭངས་བཏོན་ནས་དབུགས་ཕྱིར་འཛིན་བྱེད་པ་དང་། གཟུང་འཛིན་རྩད་ནས་གཅོད་པའི་ཕཊ་སྒྲ་དྲག་པོ་བརྒྱབ་ན་གེགས་སེལ་དུ་འགྲོ་བ་ཡིན། ཡང་རྒོད་ནས་རྣམ་རྟོག་འཕྲོ་ཆེ་ཡོང་ན་རིག་པ་གཞུར་ལ་དྲངས་ནས། རྩོལ་མེད་རང་བཞག་གི་དྲན་པ་དང་། ཆོས་ཉིད་ཀྱི་དྲན་པས་བསྐྱང་བྱ་དང་སྐྱོང་བྱེད་གཉིས་སུ་མེད་པར་མ་ཡེངས་པ་བྱ་དགོས་ཤིང་། དུས་རྒྱུན་སྒོམ་པ་བ་གསར་བ་ཚོས། མིག་ཕྱེས་ནས་བལྟས་བསྡད་ཡོད་དུས་གཅིག་རིག་འདུག་པས་མི་བདེའོ་མ་སེམས། དེ་བཞིན་དུ་རྣ་བས་གོ་རྒྱུ་དང་སྣས་ཚོར་རྒྱུ་ལ་སོགས་པ་ཐམས་ཅད་དགག་མི་དགོས། སྣང་ཐོག་རིག་ཐོག་ཤར་ཐོག་ལ་མདུང་ཚུགས་ཀྱིས་གཏད་པ་བས་མ་བཅོས་གཏད་མེད་ཀྱིས་རིག་ཐོག་ལ་གཅེར་ཡན་དུ་གློད་པ་དེ་གནད་ཟབ་པ་ཡིན། མདོར་ན་ཐམས་ཅད་ཀྱིས་དང་པོའི་སྐབས་འདིར་ལྟ་ཕྱོགས་སུ་སྤྱོད་པ་མ་ཤོར་ལ། སྤྱོད་པའི་རྗེས་སུ་ལྟ་བ་མ་འབྲངས་པ་ཞིག་བྱེད་པ་གལ་ཆེ་བ་ཡིན། དེ་ཇི་ལྟར་ཡིན་ན་ལྟ་སྤྱོད་གཉིས་ཀ་ཆ་འགྲིག་མོ་ཞིག་དགོས་པ་ཡིན། ད་ལྟའི་ཚོར་བ་དང་འདུ་ཤེས་འདི་མ་ཞིག་པའི་ཚེ་ལ་ཟག་བཅས་ཀྱི་བསོད་ནམས་ཀྱི་ཚོགས་བསགས་འདི་བྱེད་དགོས་ཤིང་། ནམ་ཞིག་སྣང་བ་འདི་འགྱུར་ནས་བདེ་སྡུག་གི་ཚོར་བས་ཕན་གནོད་མེད་པའི་སྐབས་སུ་ཐོན་དུས་ཟག་མེད་ཡེ་ཤེས་ཀྱི་ཚོགས་བསགས་ནས། དམིགས་བཅས་བསོད་ནམས་ཀྱི་ཚོགས་དེ་བསྐྱུར་ན་ཆོག་པ་ཡིན། དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱི་དུས་གསུམ་བསགས་ཡོད་ཀྱི་དགེ་རྩ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས། སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལུང་དང་རྟོགས་པའི་བདག་ཉིད་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱི་སྒོ་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་དམ་པ་སྔ་རབས་གཤེགས་པ་རྣམས་ཀྱི་དགོངས་པ་ཡོངས་སུ་རྫོགས། ད་ལྟར་བཞུགས་པ་རྣམས་ཀྱི་སྐུ་ཚེ་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན། ཁྲིམས་གཙང་། བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཀུན་ཏུ་ཆར་ཆུ་དུས་སུ་འབེབས། ལོ་ཕྱུགས་རྟག་ཏུ་ལེགས། མི་ནད་དང་ཕྱུགས་ནད་འཁྲུག་རྩོད་ཐམས་ཅད་རྒྱུན་ཆད། བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་པའི་ཕྱིར་དང་། བདག་ཅག་རྣམས་ཀྱི་ཚེ་འདིའི་ཕ་མ་གཉིས་དང་། དགྲ་བགེགས་གཉིས་ཀྱི་གཙོས་བྱས་པའི་བཟང་འབྲེལ་ངན་འབྲེལ་ཐོགས་པའི་མཐའ་ཡས་པའི་སེམས་ཅན་ཐམས་ཅད་མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་། དེ་མ་ཐོབ་ཀྱི་བར་དུ་ཡང་མཐོ་རིས་ཀྱི་ཡོན་ཏན་བདུན་དང་ལྡན་པའི་ལུས་རྟེན་ཁྱད་པར་ཅན་ཞིག་རྙེད་ནས་ཐེག་པ་ཆེན་པོའི་ཆོས་ལ་ཚུལ་བཞིན་དུ་སྤྱོད་པའི་སྐལ་བ་དང་ལྡན་པའི་ཕྱིར་དུ་རྗེ་བཙུན་འཇམ་དཔལ་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་གནང་བར་ཞུ། །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་། །སྐྱེ་རྒ་ན་འཆིའི་རྦ་རླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག།


previousཉིན་བཅུ་བའི་ཆོས་ཁྲིད། next