Nitartha Digital Library
Tibetan
 
previousཉིན་བཅུ་གཅིག་པའི་ཆོས་ཁྲིད། next

ཉིན་བཅུ་གཅིག་པའི་ཆོས་ཁྲིད།

དེ་ཡང་ཇི་སྐད་དུ་རྒྱལ་བ་ཀློང་ཆེན་པས། གྲོགས་དག་དལ་འབྱོར་རིན་ཆེན་སྙིང་པོའི་ལུས། །འགྲོ་དྲུག་ནང་ནས་རྙེད་པར་ཤིན་ཏུ་དཀའ། །ཇི་ལྟར་ལོང་བས་རིན་ཆེན་གཏེར་རྙེད་བཞིན། །རབ་ཏུ་དགའ་བས་ཕན་བདེ་བསྒྲུབ་པར་བྱ། །ཞེས་གསུངས་པ་སྟེ། དེ་ཡང་གྲོགས་དག་ཅེས་ང་ཚོ་ཕྱི་རབས་ཀྱི་རྗེས་འཇུག་རྣམས་སམ། ཐར་བའི་ལམ་དུ་བགྲོད་པར་གཅིག་པའི་ཐར་བ་དོན་གཉེར་ཅན་རྣམས་ལ་བོས་མཛད་ནས། དལ་འབྱོར་གྱི་ཡོན་ཏན་ཚང་བའི་མི་ལུས་ཐོབ་པ་འདི་ནི། འགྲོ་བ་དྲུག་གི་གནས་རིས་མཐོ་དམན་འདི་དག་ནས་གཅིག་ནས་གཅིག་ཏུ་བརྒྱུད་དེ། སྡུག་བསྔལ་རྒྱུ་འབྲས་ཏག་ཏག་ལ་ཁོར་མོ་ཡུག་ཏུ་སྤྱོད་པའི་གནས་འདི་ནས་རྙེད་ཅིང་ཐོབ་པར་ཤིན་ཏུ་དཀའ་བ། དཀའ་བའི་དཔེ་ལ་བསམ་བློ་བཏང་ན། དབུལ་པོས་རིན་ཆེན་གྱི་གཏེར་རྙེད་པ་དང་། ཁྱད་པར་དུ་ལོང་བས་རིན་ཆེན་གྱི་གཏེར་ཟད་མེད་རྙེད་དཀའ་ཞིང་རྙེད་ན་དགའ་བ་དང་མཚུངས་པར། ད་རེས་དལ་འབྱོར་གྱི་རྟེན་བཟང་པོ་ཞིག་ཐོབ་པ་འདི་ནི། རྙེད་པར་དཀའ་བའི་རྙེད་པ་བཟང་པོ་ཞིག་ཐོབ་པ་ཡིན་པས། རབ་ཏུ་དགའ་བའི་གནས་ལ་དགའ་ཤེས་པ་དང་། འདི་ཐོབ་པའི་དགོས་དོན་རང་གཞན་གྱི་ཕན་བདེ་སྒྲུབ་པ་གྱིས་ཤིག་ཅེས་གདམས་པ་དང་། འདིའི་ཐད་ཀྱི་དལ་འབྱོར་བསྟན་པའི་མདོའི་ནང་ནས་ཀྱང་། དཔེར་ན་མི་ལོང་བ་ཞིག་གིས་ནོར་བུ་རིན་པོ་ཆེ་བསམ་དགུ་འགྲུབ་པ་ཞིག་གྲོང་ཁྱེར་གྱི་བཞི་མདོ་ཞིག་ནས་རྙེད་ན་དགའ་བ་ཆེན་པོ་ཐོབ་པ་ངེས་ལ། དཔེ་དེ་བཞིན་དུ་འཁོར་བ་ན་རྒྱུ་བའི་སྡུག་བསྔལ་མྱོང་བཞིན་པའི་སེམས་ཅན་དག་གིས། དལ་འབྱོར་ལྡན་པའི་མིའི་དངོས་པོ་ཞིག་རྙེད་པ་དེའང་དེ་བཞིན་དུ་དགའ་འོས་པར་གསུངས་པ་སྟེ། ཚིག་ཇི་བཞིན་དུ་མིན་ཀྱང་དོན་གྱིས་དེ་ལྟར་གསུངས་ཡོད་པ་ཡིན། གཞན་ཡང་ཁྱེད་ཀྱིས་རྟག་ཏུ་ལེགས་པའི་ཆོས་ཤིག་བསྒྲུབ་པར་བྱ་དགོས་སོ་ཞེས་གདམས་པར་མཛད་ཡོད་པ་ཡིན། སངས་རྒྱས་མཆོག་གི་སྤྲུལ་བའི་སྐུ་དངོས་སུ་ད་ལྟ་མདུན་འདིར་བྱོན་ཡོང་ན། སྔར་ཆོས་ཀྱི་འཁོར་ལོ་བསྐོར། དེ་མི་བརྗེད་པའི་གཟུངས་ལ་དབང་ཐོབ་བའི་འཕགས་པ་རྣམས་ཀྱིས་བཀའི་བསྡུ་བ་མཛད་ནས་བསྡུས་ཡོང་བའི་རྒྱལ་བའི་བཀའ་དྲི་མ་མེད་པ་འདི་དག་ལས་ལྷག་པ་ཅི་ཞིག་གསུང་དུ་ཡོད། ངས་ནི་ཁྱོད་ལ་ཐར་བའི་ཐབས་བསྟན་ཡོད་གསུངས་པ་དེ་བཀའ་མདོ་རྒྱུད་འདི་དག་ལས་གཞན་དུ་མ་དམིགས་ཤིང་། དེས་ན་འདི་དག་ལ་ཐོས་བསམ་སྒོམ་གསུམ་གྱིས་དང་། ཁམས་གསུམ་འཁོར་བའི་གནས་ལས་ཐར་བའི་ཐབས་རྙེད་པ་ཡིན་ཞེས་གསུངས་པ་ཡིན། དེ་ལྟར་བསམ་བློ་གཏོང་བར་བྱེད་དུས་རང་རེ་ལ་མཚོན་ན་བོད་མཐོ་སྒང་གི་ས་ཆ་ལ་སྐྱེས་པ་རེད། བོད་མཐོ་སྒང་གི་ས་ཆ་ལ་སྐྱེ་བ་བླངས་པའི་གྲྭ་བཙུན་འདི་དག་ལ་གཞན་གྱིས་བལྟས་ན་མཐོང་ཚུལ་སྣ་ཚོགས། ཁྱད་པར་དུ་ལོག་རྟོག་ཅན་གྱི་མིག་ལམ་ལ་དམར་ཐ་རེ་མིག་གི་མཛེར་པ་ཡིན་སྲིད་ན་ཡང་། རང་ཁོངས་སོ་སོའི་མཁན་སློབ་རྣམ་པས་ཆོས་མཐུན་སྡེ་སྣོད་འཛིན་པའི་བཟང་པོའི་སྔ་སྲོལ་ལས་འདའ་རུ་མ་བཅུག་ན། གཞན་ངོས་ནས་ཀྱང་ཕྱག་གི་ཡུལ། དད་པའི་གནས། བསྟན་པ་རང་རྒྱུད་ལ་བཞུགས་པའི་དགེ་འདུན་པའི་སྡེ་ཞེས་པའང་མཛུ་གུ་བཙུགས་ས་དེ་ལས་གཞན་དུ་མེད་པ་ཡིན། རང་ངོས་ནས་ཀྱང་དལ་འབྱོར་རིན་ཆེན་ཆུད་ཟོས་ལ་མ་སོང་བར། རང་གཞན་གཏན་བདེ་སྒྲུབ་པའི་སྐལ་བ་བཟང་པོ་རྙེད་པ་དོན་ལྡན་ཡིན་པ་ལ་དགོངས་ནས། ཚུལ་མིན་ཡིད་བྱེད་ཀྱི་རླབས་ཀྱིས་དཀྲུགས་པའི་སེམས་རྟོག་དྲི་མ་ཅན་གྱི་གཞན་དབང་ཅན་དུ་མི་ཤོར་བར་དལ་འབྱོར་དོན་ལྡན་མཛད་རྒྱུ་ནི་དོན་ཆེན་ཡིན་ལ། དོན་ཆེ་ལུགས་ངོ་མ་དེ་ཇི་ལྟར་ཡིན་སྙམ་ན། གནས་སྐབས་དང་མཐར་ཐུག་གི་རང་གཞན་གྱི་དོན་ཆེན་ཚང་མ་རྟེན་འདིའི་སྟེང་ནས་རྙེད་དགོས་པ་ཡིན། དལ་འབྱོར་གྱི་ལུས་འདི་ལ་བརྟེན་ནས་མངོན་མཐོ་ལྷ་མིའི་ལུས་ལོངས་སྤྱོད་འབྱོར་བ་ཕུན་སུམ་ཚོགས་པའི་རྒྱུ་ཐམས་ཅད་སྒྲུབ་ཐུབ་པས་མ་ཚད། ངེས་ལེགས་ཐར་བའི་གོ་འཕང་ཡང་འདིའི་ཐོག་ནས་སྒྲུབ་ཐུབ་པ་ཡིན། སྒྲུབ་ནུས་པ་ཙམ་གྱིས་མི་ཚད་སྟོབས་ཆེ་བར་སྒྲུབ་ནུས་པས། དེ་ཡང་ཞིབ་ཀྱིས་བཤད་ན། ཞིང་དང་། བསམ་པ། དངོས་པོ། རྟེན་དང་། དུས་ཏེ་རྣམ་པ་ལྔ་ཡི་སྒོ་ནས་སྟོབས་ཆེ་བར་སྒྲུབ་ཐུབ་པར་གསུངས་ཡོད་པ་ཡིན། དེ་ཇི་ལྟར་ཡིན་ཞེ་ན། ཞིང་གི་སྒོ་ནས་སྟོབས་ཆེ་བར་བསྒྲུབ་ཐུབ་པ་ནི། དཔེར་ན་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི་མིག་བརྐོས་ནས་ཐམས་ཅད་བཙོན་ཁང་དུ་བཙུད་ནས་ཡོད་པ་ལ། མི་གཞན་པ་ཞིག་གི་བསམ་པ་བཟང་པོས་དེ་དག་བཙོན་ཁང་ནས་བཏོན་ཏེ། མིག་རེ་རེ་སྤྲད་ཅིང་ཚངས་པའི་ལྷ་ཡུལ་གྱི་བདེ་བ་ལ་ཕྱོགས་བཅུའི་སེམས་ཅན་མང་པོ་དེ་དག་བཀོད་པར་བྱས་པ་བས། བྱང་ཆུབ་སེམས་དཔའ་གཅིག་ལ་དད་དང་དགའ་བའི་སེམས་དང་ལྡན་པའི་མིག་གིས་གུས་པས་ལན་གཅིག་ལྟ་བར་བྱེད་པའི་ཕན་ཡོན་ཆེ་བར་གསུངས་ཤིང་། དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་ཡོད་དོ་ཅོག་ལ་མཆོད་པ་རྒྱ་ཆེན་པོ་ཕུལ་བའི་ཕན་ཡོན་ལས། སངས་རྒྱས་ཀྱི་བ་སྤུའི་ཁུང་བུ་གཅིག་མཆོད་པའི་ཕན་ཡོན་ཆེ་བར་གསུངས་པ་དང་། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་མཆོད་པ་རྒྱ་ཆེན་པོ་མཆོད་པ་བས། དམ་པའི་ཆོས་སྟོན་ཅིང་ཡང་དག་པའི་ལམ་ལ་བཀྲི་བར་བྱེད་པའི་དགེ་བའི་བཤེས་གཉེན་ནམ་སློབ་དཔོན་གྱི་བ་སྤུའི་ཁུང་བུ་གཅིག་མཆོད་པའི་བསོད་ནམས་དང་ཕན་ཡོན་དེ་ལྟར་དུ་ཆེ་བར་གསུངས་ཤིང་། དེ་ལྟ་བུའི་ཕན་ཡོན་ཆེན་པོ་དང་ལྡན་པའི་ཞིང་གི་ཡོན་ཏན་སྟོབས་ཆེན་ཡང་དལ་འབྱོར་གྱི་རྟེན་འདིའི་ཐོག་ནས་རྙེད་ཐུབ་པ་ཡིན། དེ་ལྟར་དུ་བསམ་པའི་སྒོ་ནས་ཀྱང་སྟོབས་ཆེ་བ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་སྙམ་པའི་བསམ་པ་ཞིག་གིས་ཀུན་ནས་བསླངས་ཏེ། ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ཞིག་ལ་ཟས་ཁམ་གང་བྱིན་ན་དེའི་དགེ་རྩ་ཤིན་ཏུ་སྟོབས་ཆེ་རུ་འགྱུར་བ་ཡིན་ན། གང་ཆེད་དུ་བྱ་བ་སེམས་ཅན་གྲངས་མེད་པ་དང་། དེ་ཐམས་ཅད་བླ་མེད་རྫོགས་པའི་བྱང་ཆུབ་ལ་འགོད་འདོད་ཀྱི་བསམ་པ་ཚད་མེད་དང་ལྡན་པའི་དགེ་རྩ་དེའི་སྟོབས་ཚད་མེད་གཞལ་དུ་མི་ལངས་པ་ཞིག་ཡོད་པ་ནི་སྨྲོས་ཅི་དགོས། དེ་ལྟ་བུའི་དགེ་རྩ་རླབས་ཆེན་བསམ་པའི་སྟོབས་ཀྱིས་སྒྲུབ་ཐུབ་པ་དེ་ཡང་དལ་འབྱོར་འདི་ལ་བརྟེན་ནས་བྱུང་བ་ཡིན་པ་དང་། དངོས་པོའི་སྒོ་ནས་ཀྱང་སྟོབས་ཆེ་བ་ནི། ཁྱིམ་པ་ཞིག་གིས་ཟང་ཟིང་གི་དངོས་པོའི་སྦྱིན་པ་དཔག་ཏུ་མེད་པ་བྱིན་པའི་བསོད་ནམས་བས། རབ་ཏུ་བྱུང་བ་ཞིག་གིས་ཆོས་ཚིག་བཅད་གཅིག་གི་ཆོས་སྦྱིན་བྱས་པ་དེས་བསོད་ནམས་ཆེ་བར་གསུངས་ཤིང་། ཁྱད་པར་དེང་སང་སྙིགས་མའི་སྐབས་སྔར་བྱོན་བསྟན་འཛིན་གྱི་སྐྱེས་བུ་དམ་པ་ཚོ་རེ་རེ་བཞིན་དུ་ཞི་བར་གཟིམས། རྒྱལ་བསྟན་ཉིན་བྱེད་ཀྱི་འོད་སྣང་དེ་ནུབ་རི་ལ་ཕྱོགས་ནས་ལྟ་སྤྱོད་ལོག་པའི་མུན་པ་ཚུར་ཚུར་བདོ་སྐབས་འདིར། མུན་པའི་ནང་གི་གསལ་སྒྲོན་རྒྱལ་བསྟན་མར་མེ་སྣུམ་ཟད་ལ་དཀར་གསབ་ཅིག་བརྒྱབ་ནས། ལུང་རྟོགས་དོན་གྱི་བསྟན་པ་འཛིན་མཁན་རེ་རེ་ཡི་མཛད་པ་དེ་ཅི་འདྲའི་ཕན་རླབས་ཤིག་མི་ཆེ། དེ་ལྟ་བུའི་བསོད་ནམས་སྟོབས་ཆེན་སྒྲུབ་ཐུབ་པའི་ལུས་རྟེན་མཆོག་དེ་ཡང་རབ་བྱུང་ངུར་སྨྲིག་གི་རྒྱལ་མཚན་འཆང་བ་འདི་ཡིན་པས། རབ་ཏུ་བྱུང་བའི་དལ་འབྱོར་གྱི་ལུས་རྟེན་འདིའི་རིན་ཐང་དེ་ལས་ཀྱང་ཆེ་བ་ཡིན་པ་དང་། དེ་དང་འདྲ་བ་རྟེན་གྱི་སྒོ་ནས་ཀྱང་སྟོབས་ཆེ་བ་ནི། སྤྱིར་ན་རབ་བྱུང་དང་ཁྱད་པར་དུ་བསླབ་པ་ཡོངས་སུ་རྫོགས་པ་དགེ་སློང་གི་རྟེན་ཐོབ་པ་དེ་ཁྱད་པར་དུ་འཕགས་པ་ཡིན། བྱང་སེམས་ཁྱིམ་ན་གནས་པ་ཞིག་གིས་འབྲུ་མར་རྒྱ་མཚོ་འདྲ་ཞིག་ལ་སྡོང་བུ་རི་རབ་འདྲ་ཞིག་བཙུགས་ནས་མར་མེར་ཕུལ་བ་བས། བྱང་སེམས་དབེན་པ་ལ་གནས་པའི་དགེ་སློང་ཞིག་གིས་འབྲུ་མར་ཐིགས་གཅིག་ལ་སྡོང་བུ་ཁབ་འདྲ་ཞིག་བཙུགས་ནས་མར་མེར་ཕུལ་བའི་ཕན་ཡོན་ཆེ་བར་གསུངས་ཤིང་། དེ་ཡང་དལ་འབྱོར་ཚང་བའིི་ཤཱཀྱའི་དགེ་སྦྱོང་ཞིག་གི་རྟེན་འདིའི་ཐོག་ནས་སྒྲུབ་ཐུབ་པ་ཡིན་ཞིང་། དུས་ཀྱི་སྒོ་ནས་ཀྱང་སྟོབས་ཆེ་བ་ནི། མདོ་སྡེ་ཏིང་འཛིན་རྒྱལ་པོའི་ལུང་ང་ཚོས་ཚེ་གཅིག་ལ་ཁ་ཏོན་བྱེད་རྒྱུ་ཞིག་སྟེ། བསྐལ་པ་བྱེ་བ་གངྒཱའི་བྱེ་སྙེད་དུ། །དང་བའི་སེམས་ཀྱིས་ཟས་དང་སྐོམ་རྣམས་དང་། །གདུགས་དང་བ་དན་མར་མེའི་ཕྲེང་བ་ཡིས། །སངས་རྒྱས་བྱེ་བ་ཁྲག་ཁྲིག་རིམ་གྲོ་བྱས། །གང་ཞིག་དམ་ཆོས་རབ་ཏུ་འཇིག་པ་དང་། །བདེ་གཤེགས་བསྟན་པ་འགག་པར་འགྱུར་བའི་ཚེ། །ཉིན་མཚན་དུ་ནི་བསླབ་པ་གཅིག་སྤྱོད་པ། །བསོད་ནམས་འདི་ནི་དེ་བས་ཁྱད་པར་འཕགས། །ཞེས་གསུངས་པ་ཡིན། བྱང་ཤར་མཚམས་ཀྱི་སངས་རྒྱས་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་ཞིང་ཁམས་ནས་བསྐལ་བ་གཅིག་ལ་ཚུལ་ཁྲིམས་བསྲུངས་པ་བས། མི་མཇེད་འཇིག་རྟེན་གྱི་ཞིང་ཁམས་འདི་ནས་ཚེ་ཐུང་གི་ལུས་རྟེན་གཅིག་འདིའི་སྟེང་ནས་ཚུལ་ཁྲིམས་སྣ་རེ་ཙམ་བསྲུངས་ན་ཕན་ཡོན་ཆེ་བར་གསུངས་པ་ཡིན། དེ་ཅིའི་ཕྱིར་ཞེ་ན། འཛམ་གླིང་ལས་ཀྱི་ས་པ་ལས་ཚེ་སྟོད་བསགས་པ་ཚེ་སྨད་ལ་སྨིན་ཐུབ་པ། སྙིགས་དུས་ཚེ་ཐུང་གི་སྐྱེ་བ་གཅིག་གི་ཐོག་ནས་འཚང་རྒྱ་བའི་རྟེན་གསང་སྔགས་བྱོན་པའི་གནས་དུས་ཡིན་པས་ན་འཛམ་བུའི་གླིང་ལ་མཆོག་ཏུ་བསྔགས་པ་ཡིན། སྟོན་པའི་བསྟན་པ་ལ་སྐྱོན་མ་ཞུགས་པའི་གནས་སྐབས་སུ་དུས་རིང་དུ་ཚུལ་ཁྲིམས་བསྲུངས་པ་བས། བསྟན་པ་འཇིག་ལ་ཉེ་སྐབས་དུས་སྔ་དྲོ་ཕྱི་དྲོ་རེ་ཙམ་ལ་ཚུལ་ཁྲིམས་བསྲུངས་ན་དེའི་ཕན་ཡོན་བསམ་གྱིས་མི་ཁྱབ་པའི་འགྱུར་གྱིས་ཆེ་བ་ཡིན། དེ་ལྟར་ཞིང་དང་བསམ་པ་དངོས་པོ་རྟེན་དང་དུས་རྣམས་ཀྱི་སྒོ་ནས་དལ་འབྱོར་གྱི་རྟེན་འདིས་གཞན་དང་མི་འདྲ་བའི་དགེ་བ་རླབས་ཆེན་སྟོབས་ཆེ་བ་སྒྲུབ་ནུས་པ་ཡིན། རྟེན་འདི་ལ་སོ་བྱང་སྔགས་གསུམ་གྱི་སྡོམ་པ་གསུམ་པོ་སྐྱེ་བས་མི་ཚད་པར། གོང་ནས་བཤད་པ་ལྟར་དུ་སྙིགས་མའི་དུས་ཀྱི་ཚེ་ཐུང་འདིའི་ཚེ་གཅིག་ལུས་གཅིག་གིས་སངས་རྒྱས་ཀྱི་གོ་འཕང་བདེ་བླག་ཏུ་སྒྲུབ་ཐུབ་པ་ཡིན་པས། ནུབ་ཕྱོགས་བདེ་བ་ཅན་ལ་སྐྱེས་པའི་བྱང་ཆུབ་སེམས་དཔའ་ཚོས། འདི་ནས་ཤར་ཕྱོགས་ཀྱི་ལོགས་ལ་ཡོད་པའི་མི་མཇེད་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་ཤཱཀྱ་ཐུབ་པའི་ཞིང་ཁམས་ན་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་འཚང་རྒྱ་ཐུབ་པའི་ལུས་རྟེན་ཁྱད་པར་ཅན་ཡོད་པ་ཡིན་ཞེས་འདི་ན་ཚུར་སྐྱེ་བ་ལེན་པའི་སྨོན་ལམ་བྱེད་པར་གསུངས་ཤིང་། རྙེད་པ་དཀའ་ཞིང་རྙེད་ན་དོན་ཆེ་བའི་དལ་འབྱོར་གྱི་ལུས་རྟེན། འདི་ལན་གཅིག་ལ་ལོན་པ་དེ་དོན་མེད་ཆུད་ཟོས་ལ་མི་གཏོང་བར་འདི་ལས་སྙིང་པོ་ལེན་དགོས། སྙིང་པོ་ལེན་རན་པས་མི་ཚད་པར་འཕྱིས་ཆེ་བའི་ཚད་ལ་སླེབས་ཡོད་པ་ཡིན། དལ་འབྱོར་ཚང་བའི་ལུས་རྟེན་འདི་རྙེད་དཀའ་བའི་སྟབས་ཀྱིས་ས་སྟེང་གི་མི་ལ་བལྟས་ཡོང་ན། དལ་འབྱོར་ཚང་བ་དེ་ཉིན་མོའི་སྐར་མ་རིག་རྒྱུ་དཀོན་པ་དང་ཁྱད་མེད་པ་ཡིན། དགའ་བོ་མངལ་འཇུག་གི་མདོ་ལས། ཡུངས་དཀར་གྱི་འབྲུ་ཁབ་རྩེ་གྱེན་བསྟན་གྱི་རྩེ་མོ་ལ་མི་ཆགས་པ་དང་། ཤེལ་གྱི་ཁང་པའི་ལོགས་ལ་སྲན་མ་གཏོར་ན་ཆགས་དཀའ་བ་དང་། རྒྱ་མཚོ་ཆེར་གཡེང་གི་ཁ་ཡི་གཉའ་ཤིང་གི་བུ་ག་དང་མཐིལ་གྱི་རུས་སྦལ་ལོང་བའི་མགྲིན་ཆུད་ཀྱི་དཔེ་ལ་སོགས་པས་བསྟན་པ་བཞིན་དུ། རྒྱུ་དཔེ་གྲངས་གསུམ་སོགས་གང་གི་ཐད་ནས་བཤད་ན་ཡང་རྙེད་དཀའ་བ་ཡིན་ལ། ད་རུང་དུས་བསྐལ་པ་སྙིགས་ཤིང་སྙིགས་ལ་དལ་འབྱོར་ཚང་བའི་ལུས་རྟེན་ཐོབ་པ་དེ་བས་ཀྱང་ཉུང་བ་དང་། ཐོབ་ན་རིན་ཐང་ཡང་དེ་བས་ཆེ་བ་ཡིན། ཉུང་བ་ལས་འོས་མེད་པ་ནི་དེའི་རྒྱུ་སྒྲུབ་མཁན་དཀོན་པ་འདིའི་སྟེང་ནས་ཀྱང་ཤེས་ཐུབ་པ་ཡིན། དལ་འབྱོར་གྱི་རྟེན་བཟང་ཐོབ་པ་ལ་རྒྱུ་ཅི་ཞིག་ཚང་དགོས་ཤེ་ན། ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང་། སྦྱིན་སོགས་དགེ་བའི་དངོས་པོས་གྲོགས་བྱས། སྨོན་ལམ་དྲི་མ་མེད་པས་མཚམས་སྦྱར་བ་སྟེ་དེ་གསུམ་པོ་ཚང་དགོས་ཤིང་། རང་གཞན་རོགས་དང་གསུམ་པོ་ལ་བལྟས་ཡོང་ན། མི་ཕལ་ཆེར་མི་དགེ་བཅུ་ལ་སྤྱོད་མཁན་ཞིག་མ་གཏོགས་མེད་པ་ལྟ་བུར་ཆགས་ཡོད་པས། འདི་རྐྱང་པ་ལ་བལྟས་ནའང་དལ་འབྱོར་འདི་རྙེད་པར་དཀའ་བ་དང་། ཐོབ་པར་དཀའ་བ་ཞིག་ཡིན་པའི་གོ་དོན་དེ་ངེས་པར་དུ་ཤེས་སུ་རུང་བ་ཞིག་ཡིན། དེ་ལྟར་བཤད་དོན་གྱི་སྙིང་པོ་ནི། དལ་འབྱོར་རྙེད་དཀའ་ཡིན་པ་དེ་ཤེས་པའི་སྟེང་ནས་དགོས་དོན་དངོས་དེ་ལས་སྙིང་པོ་ལེན་པའི་དོན་ལྡན་གྱི་བྱ་བ་བསྒྲུབ་རྒྱུ་དེ་ཡིན། འོ་ན་སྙིང་པོ་ཇི་ལྟར་ལེན་དགོས་སྙམ་ན། དེ་ལ་ཀུན་མཁྱེན་བླ་མས། ཆོས་ཀྱང་སེམས་ལ་རག་ལས་དེ་ཡང་ནི། །དལ་འབྱོར་ལ་བརྟེན་རྟེན་ཅིང་འབྲེལ་བར་འབྱུང་། །རྒྱུ་དང་རྐྱེན་རྣམས་དུ་མ་ཚོགས་དུས་འདིར། །ཆོས་ཀྱི་གཙོ་བོར་རང་གི་སེམས་ཐུལ་ཅིག །ཅེས་གསུངས་ནས་གདམས་པ་སྟེ། དེའི་གདམས་པ་དེའི་ནང་དོན་ཇི་ལྟར་རེད་ཟེར་ན། འདི་རྟེན་དང་བརྟེན་པའི་རང་བཞིན་ལས་བརྩམས་ནས་གསུངས་པ་སྟེ། འདིའི་ཆོས་ཀྱང་སེམས་ལ་རག་ལས་ཞེས་པའི་ཆོས་དེ་གཙོ་བོ་དམ་པའི་ཆོས་ལ་གོ་རྒྱུ་བྱས་ཏེ། དེ་ལྟ་བུའི་ཆོས་དེ་བསྒྲུབ་པར་བྱ་བ་ནི་སེམས་ལ་རག་ལས་པས་སེམས་ལ་རྟེན་ཡོད་པ་ཡིན། སེམས་དེ་ཡང་དལ་འབྱོར་གྱི་ལུས་རྟེན་འདི་ལ་བརྟེན་ནས་ཡོད་པས། དེ་རྟེན་དང་བརྟེན་པའི་རྟེན་ཅིང་འབྲེལ་འབྱུང་ཡང་རེད་ལ། རྒྱུ་དང་རྐྱེན་དུ་ཚོགས་པའི་གཅིག་ལ་གཅིག་ལྟོས་ཀྱང་ཡིན། དེས་ན་སེམས་ནི་ཆོས་ཁམས་དགེ་བ་ཐམས་ཅད་ཀྱི་རྒྱུ་ཡིན། དལ་འབྱོར་གྱི་ལུས་རྟེན་ནི་དེའི་གྲོགས་སམ་རྐྱེན་ཡིན། དེ་ལྟར་རྟེན་ཅིང་འབྲེལ་འབྱུང་མེད་ན་མི་འགྲུབ་པའི་རྒྱུ་རྐྱེན་ཚོགས་པའི་དུས་འདིར། དམ་པའི་ལྷ་ཆོས་བསྒྲུབས་ནས་དལ་འབྱོར་གྱི་སྙིང་པོ་ཞིག་ལོངས། ཆོས་སྒྲུབ་པའི་གཙོ་བོ་ནང་རང་གི་སེམས་འདི་འདུལ་དགོས་པས་སེམས་ཐུལ་ཅིག་ཅེས་གདམས་པ་གནད་དང་བཅས་པ་བསྟན་མཛད་པ་ཡིན། ཡང་ཆོས་ཀྱང་སེམས་ལ་རག་ལས་ཞེས་པའི་ཆོས་དེ། སྣ་ཚོགས་སྣང་བའི་ཆོས་འདི་དག་ལ་འགྲེལ་ན་ཡང་ཆོག་པ་ཡིན། འདི་ལྟར་སྣང་བའི་ཆོས་ཐམས་ཅད་རྨི་ལམ་བཞིན་དུ་སྣང་བ་ནི་སེམས་ལ་སྣང་བ་ཡིན་ལ། སེམས་འཁྲུལ་བའི་སྣང་ངོར་མེད་བཞིན་སྣ་ཚོགས་སུ་སྣང་བ་དེ་བག་ཆགས་འཁྲུལ་བའི་ངང་ལས་སྣང་བ་ཡིན་པས། འཁོར་བའི་བདེ་སྡུག་ཐམས་ཅད་སེམས་ཀྱི་རང་སྣང་ཡིན་པས། འཁྲུལ་བའི་ཁུངས་ལ་གཏུགས་ནས་མ་འཁྲུལ་བའི་དོན་རྙེད་པ་ལ་རྩ་བ་སེམས་འདུལ་བ་གནད་ཆེ་སྟེ། རྒྱལ་སྲས་ཞི་བ་ལྷས། སེམས་འདི་བསྲུང་བར་མ་བྱས་ན། །བསླབ་པ་བསྲུང་བར་ཡོང་མི་ནུས། །ཞེས་པ་དང་། སེམས་བསྲུང་བརྟུལ་ཞུགས་མ་གཏོགས་པ། །བརྟུལ་ཞུགས་མང་པོས་ཅི་ཞིག་བྱ། །ཞེས་གསུངས་པ་ལྟར་དུ། གཙོ་བོ་རང་སེམས་འདུལ་པ་འདི་དལ་འབྱོར་གྱི་སྙིང་པོ་ལེན་པ་སྟེ། མི་ལུས་བླངས་ནས་ཆོས་སྒོར་ཞུགས་པའི་དོན་དག་སྙིང་པོ་ཅན་འགྲུབ་དང་མི་འགྲུབ་ཀྱི་གནད་འདི་ལ་ཐུག་ནས་ཡོད་པར་བསྟན་པའོ། །དེའི་ཕྱིར་ན་ལྷ་བས་ལྷག་པའི་ལུས་རྟེན་ཁྱད་པར་ཅན་འདི་རྙེད་ཀྱང་། རྙེད་པ་ཡུན་དུ་མི་གནས་པ་ཡིན་པ་དང་། འདི་ལྟ་བུའི་གནས་དུས་སྟོན་འཁོར་ཆོས་ལ་སོགས་པའི་མཐུན་རྐྱེན་ངེས་པ་ཅན་ཚོགས་པ་འདི་ཡང་གཅིག་ཏུ་བརྟན་པ་མིན་པའི་ཚུལ་ལ་དགོངས་ནས། གང་ཞིག་གསན་པར་བྱ་བ་སྐབས་སུ་བབ་པའི་འཆད་བྱ་ནི། མན་ངག་ཟབ་མོ་ཐམས་ཅད་ཀྱི་བཅུད་བསྡུས་པ། མདོ་རྒྱུད་བསྟན་བཅོས་ཐམས་ཅད་ཀྱི་ཉིང་ཁུ་ཕྱུང་བ། ཆོས་ཅན་རྟེན་འབྲེལ་དུ་ཤེས་པས་ཆོས་ཉིད་གཅེར་མཐོང་དུ་རྟོགས་པའི་མན་ངག་ཟབ་མོ། སེམས་ཉིད་རང་ངོ་ཤེས། བདག་འཛིན་འཁྲུལ་བ་ཞིག འོད་གསལ་ནང་ནས་ཤར་བ་བྱེད་པའི་ཀུན་མཁྱེན་བླ་མའི་ཐུགས་ཀྱི་གསང་བ་ཟབ་མོའི་ཆོས་མཛོད། ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་བ་ལུང་གི་གཏེར་མཛོད་འདི་ཉིད་འཆད་བཞིན་པ་ལས། འདིའི་ཐོག་མ་དགེ་བ་ཀླད་ཀྱི་དོན་སོང་ཞིང་། བར་དུ་དགེ་བ་གཞུང་གི་དོན་ལ་གཞི་ལམ་འབྲས་བུ་རྡོ་རྗེ་གསུམ་གྱི་རང་འགྲོས་ཀྱིས་འཆད་བཞིན་པའི་ལམ་གྱི་མཐར་ཐུག་བསྟན་པའི་སྐབས་ནས་ལེའུ་དགུ་བ་ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ཀློང་དུ་ལ་བཟླ་བར་བསྟན་པ་འདི་ལ། ས་བཅད་གསུམ་མམ་བཞི་ཡིས་བཤད་པ་ལས། ས་བཅད་དང་པོ་རྟགས་ཚད་ངེས་པའི་སྐོར་སོང་ནས། ལ་བཟླ་བ་དངོས་ལ་རྣམ་པ་གཉིས་ཡོད་པ་ལས།

༼ག༽གསུམ་པ་རྒྱུ་འབྲས་ལས་འདས་པའི་རིག་པར་ལ་བཟླ་བ།

དེ་ལ་རིག་པ་རྒྱུ་རྐྱེན་ལས་འདས་པར་གནད་བཀྲོལ་བས་ལྟ་སྒོམ་གྱི་ལ་བཟླ་བ་དང་། རྟོགས་པ་མཁའ་མཉམ་ཡངས་པས་ཆོས་ལ་བྱར་མེད་ཆེན་པོར་ལ་བཟླ་བ་གཉིས་ལས།

༼༡༽དང་པོ་རིག་པ་རྒྱུ་རྐྱེན་ལས་འདས་པར་གནད་བཀྲོལ་བས་ལྟ་སྒོམ་གྱི་ལ་བཟླ་བ།

དེ་ལ་རིག་པ་རྒྱུ་རྐྱེན་ལས་འདས་པར་བསྟན་པ་དང་། འཁོར་འདས་རིག་པའི་ངང་དུ་དབྱེར་མེད་མཉམ་རྫོགས་ཆེན་པོར་ལ་བཟླ་བ་དང་། རྟོགས་མ་རྟོགས་མེད་པར་ལ་བཟླ་བ་དང་། ཐབས་ཤེས་ཀྱི་གནད་ལ་མི་བརྟེན་པར་ལ་བཟླ་བ་དང་། བསམ་འདས་མཐའ་མེད་ལས་འདས་པར་ལ་བཟླ་བ་དང་། རིག་པ་ཐིག་ལེ་ཉག་གཅིག་ཆོས་སྐུ་རྗེན་པར་ལ་བཟླ་བ་དང་། འཁྲུལ་བ་མིང་མེད་ཆེན་པོར་ལ་བཟླ་བ་དང་། འཁོར་འདས་གཉིས་སུ་མེད་པར་ལ་བཟླ་བ་དང་། མཐའ་གྲོལ་ཀློང་ཡངས་ཆེན་པོར་ལ་བཟླ་བ་དང་དགུ་རུ་ཡོད་པ་ལས།

༼ཀ དང་པོ་རིག་པ་རྒྱུ་རྐྱེན་ལས་འདས་པར་བསྟན་པ།

རིག་པ་རྒྱུ་རྐྱེན་ལས་འདས་པར་བསྟན་པ་ནི།

སྐྱེ་མེད་སྐྱེ་བའི་ཆོ་འཕྲུལ་འབྱུང་བ་ལ།།

རྒྱུ་འབྲས་མཚན་མར་འཛིན་པ་འཁྲུལ་བའི་བློ།།

ཨ་ཏིས་རྒྱུ་རྐྱེན་མེད་པར་བསྟན་པ་ནི།།

འོག་མ་རྣམས་ལ་མི་རིགས་རིགས་པའི་གནད།།

ཅེས་གསུངས་ཏེ། ངོ་བོ་སྐྱེ་མེད་རྒྱུ་འབྲས་འདས་པའི་ངང་ལས་རོལ་བ་དང་རྩལ་སྐྱེ་བར་སྣང་བའི་ཆོ་འཕྲུལ་དུ་འཆར་བ་ནི། རྒྱུ་འབྲས་ཀྱི་ཐེག་པ་ལ་མི་རིགས་པ་ཉིད། འདིར་རིགས་ཏེ་སྐྱེ་མེད་ལས་འགག་མེད་དུ་འཆར་བ་ནམ་མཁའི་ཆོ་འཕྲུལ་ལྟ་བུའོ། །ཀུན་བྱེད་ལས། ཀུན་གྱི་སྙིང་པོ་བྱང་ཆུབ་སེམས་འདི་ནི། །ཡེ་ནས་རང་གི་རང་བཞིན་ལྷུན་གྲུབ་པས། །རང་བཞིན་བཅུ་ཡིས་བཙལ་ཞིང་བསྒྲུབ་མི་དགོས། །ང་ཡི་རང་བཞིན་ཀུན་དཔེ་ནམ་མཁའ་འདྲ། །ནམ་མཁའ་དག་ལ་ཀུན་ཀྱང་རྩོལ་མི་བྱེད། །ནམ་མཁའ་དག་ལ་ཀུན་གྱིས་བརྩལ་བྱ་རུ། །ནམ་མཁའི་རང་བཞིན་རྩོལ་སྒྲུབ་ཀུན་ལས་འདས། །ཞེས་སོ། །སྐྱེ་བ་མེད་པ་རིག་པ་བྱང་ཆུབ་སེམས་ཀྱི་དབྱིངས། ཀ་དག་གདོད་ནས་དག་པ་གང་དུ་ཡང་མ་གྲུབ་པ་ནམ་མཁའ་ལྟ་བུ་དེའི་ངང་ལས། ལྷུན་གྲུབ་སྐྱེ་བའི་ཆོ་འཕྲུལ་ན་བུན་མཁའ་ལ་འཁྲིགས་པ་ལྟ་བུའི་སྣང་སྲིད་འཁོར་འདས་ཀྱི་རྩལ་དང་རོལ་བ་སྣ་ཚོགས་སུ་སྣང་བ་ཡིན་ན་ཡང་། དེ་ལ་རྒྱུ་འབྲས་མཚན་མར་འཛིན་པ་ནི་འཁྲུལ་བའི་བློ་ཡིན། རིག་པ་གང་དུ་ཡང་མ་གྲུབ་པ་ལ་ལྟ་སྒོམ་སྤྱོད་འབྲས་ཀྱི་ཆོས་དང་། ས་ལམ་སྦྱངས་བགྲོད། མཚན་བཅས་ཀྱི་བསྐྱེད་རྫོགས། དམིགས་བཅས་ཀྱི་དམ་ཚིག བསྒྲུབ་བྱའི་འཕྲིན་ལས་ལ་སོགས་པ་རང་བཞིན་བཅུ་ཡིས་རྩོལ་ཞིང་བསྒྲུབ་ཏུ་མེད་པ་དེས་ན། ཨ་ཏིས་རྒྱུ་རྐྱེན་མེད་པར་བསྟན་པ་འདི་འོག་མ་རྒྱུ་འབྲས་ཀྱི་ཐེག་པའི་སྐབས་སུ་མི་རིགས་མི་འཐད་པ་ཞིག་ཡིན་ཡང་། འབྲས་བུའི་ཐེག་པ་ནས་ཀུན་ཏུ་བཟང་པོའི་དགོངས་པའི་ཀློང་ཆེན་པོ་བསྟན་པའི་སྐབས་སུ། ནམ་མཁའི་དཀྱིལ་ནས་མདུང་སྐོར་བྱས་པ་བཞིན་དུ་ཐོགས་ཡོང་ས་ཞིག་ཡོད་པ་མིན་ནོ། །དེ་ལྟར་རིག་པ་རྒྱུ་རྐྱེན་ལས་འདས་པར་བསྟན་པའི་སྤྱིའི་ཁོག་འབུབས་དེ་སྔོན་དུ་སོང་ནས།

༼ཁ གཉིས་པ་འཁོར་འདས་རིག་པའི་ངང་དུ་དབྱེར་མེད་མཉམ་རྫོགས་ཆེན་པོར་ལ་བཟླ་བ།

འཁོར་འདས་རིག་པའི་ངང་དུ་དབྱེར་མེད་མཉམ་རྫོགས་ཆེན་པོར་ལ་བཟླ་བ་ནི།

སངས་རྒྱས་སེམས་ཅན་དགོངས་སྤྱོད་དབྱེར་མེད་ལ།།

འཁོར་འདས་གཉིས་སུ་འཛིན་པ་འཁྲུལ་བའི་བློ།།

ཨ་ཏིས་གཉིས་སུ་མེད་པར་བསྟན་པ་ནི།།

འོག་མ་རྣམས་ལ་མི་རིགས་རིགས་པའི་གནད།།

ཅེས་གསུངས་ཏེ། རྨི་ལམ་གྱི་འཁོར་འདས་རང་སེམས་སུ་གཅིག་པ་ལྟར་འཁོར་བ་དང་མྱ་ངན་ལས་འདས་པ་རིག་པའི་ངང་དུ་གཅིག་པས་སྤང་བླང་དང་རེ་དོགས་ཀྱི་མཐའ་ལས་འདས་ཏེ། རྩལ་རྫོགས་ལས། འཁོར་བ་འདས་པ་རང་རིག་ཉིད། །སོ་སོ་མ་ཡིན་གཉིས་སུ་མེད། །ཅེས་སོ། །འཁོར་བ་དང་མྱང་འདས་གཉིས་ཀ་དགག་སྒྲུབ་བཟང་ངན་གྱི་རྣམ་པར་བཟུང་བ་འདི་ལ་ཞིབ་ཀྱིས་བལྟས་ན། སངས་རྒྱས་དང་སེམས་ཅན་གཉིས་ཀ་གཞི་ཀ་དག་གཅིག་གི་ངང་ལས་གྲོལ་འཁྲུལ་དུ་སྣང་བ་ནི། རྨི་ལམ་གྱི་ནང་དུ་འཁོར་འདས་སུ་སྣང་བ་དང་ད་ལྟ་སད་པའི་གནས་སྐབས་ལ་འཁོར་འདས་སུ་འཛིན་པ་གཉིས་ཀ་ཁྱད་པར་མེད་པར་རིག་པ་གཅིག་གི་ཆོ་འཕྲུལ་ལས་མི་འདའ་བར་ཐམས་ཅད་རིག་པ་སྟོང་གསལ་འགག་མེད་ལ་ཐུག་པ་ཡིན་ཞིང་། སངས་རྒྱས་སེམས་ཅན་དགོངས་སྤྱོད་གཉིས་མེད་ཡིན་བཞིན་དུ། འཁོར་འདས་གཉིས་སུ་འཛིན་པ་ནི་འཁྲུལ་བའི་ཀློང་ལ་འཐུམས་ཡོད་པའི་རྟགས་དང་། ཨ་ཏིས་འཁོར་འདས་གཉིས་མེད་གཅིག་ཏུ་བསྟན་པ་འདི་ཉིད་ནི། འོག་མ་རྣམས་ལ་མི་རིགས་མི་འཐད་དེ། བློས་བྱས་ཡིད་དཔྱོད་ལས་མ་འདས་པའི་སེམས་ལམ་བྱེད་ཀྱི་ཐེག་པ་ཡིན་པའི་ཕྱིར། ཨ་ཏི་རང་ལམ་ལ་རིགས་ཤིང་འཐད་པ་ཡིན་ཏེ་དོན་ལ་འཁོར་འདས་དབྱེར་མེད་ཐ་མི་དད་པ་ཡིན་པའི་རྒྱུ་མཚན་གྱིས་སོ།།

༼ག གསུམ་པ་རྟོགས་མ་རྟོགས་མེད་པར་ལ་བཟླ་བ།

རྟོགས་མ་རྟོགས་མེད་པར་ལ་བཟླ་བ་ནི།

རྟོགས་དང་མ་རྟོགས་མེད་པར་གྲོལ་བ་ལ།།

རྟོགས་ནས་གྲོལ་བར་འདོད་པ་ཉམས་པའི་དགྲ།།

ཨ་ཏིས་མཉམ་ཉིད་གཅིག་ཏུ་བསྟན་པ་དེ།།

འོག་མ་རྣམས་ལ་མི་རིགས་རིགས་པའི་གནད།།

ཅེས་གསུངས་ཏེ། ཆོས་ཐམས་ཅད་ཡེ་ནས་གྲོལ་ཟིན་པས་ད་གཟོད་རྟོགས་ནས་གྲོལ་བར་བྱར་མེད་དེ། ཡེ་ནས་མ་གྲོལ་ན་རྟོགས་པར་བྱས་པས་གྲོལ་མི་ནུས་ལ། གྲོལ་ན་འགྲོལ་མི་དགོས་པའི་ཕྱིར། རྟོགས་མ་རྟོགས་ཀྱི་ངོ་བོ་འཆིང་གྲོལ་དུ་མི་བྱེད་དོ། །ངོ་སྤྲད་པས་གྲོལ་སྙམ་པ་ཡང་འཁྲུལ་རྟོག་སྟེ། ངོ་བོ་ལ་གང་བཅིངས་ནས་ཁྱོད་འགྲོལ་བར་བརྩོན། གང་དུའང་མ་གྲུབ་པའི་རིག་པ་ཟང་ཐལ་དེ་རྟོགས་བྱ་རྟོགས་བྱེད་གཉིས་སུ་མེད་པས་ཀྱང་གྲོལ་བར་བྱར་མེད་ལ། རྟོགས་པས་བཟང་དུ་མ་སོང་མ་རྟོགས་པས་ངན་དུ་མ་སོང་བའི་ཕྱིར་ན་ཡང་མཉམ་པ་ཉིད་པས་གློ་བུར་དུ་རྟོགས་པར་བྱེད་པ་ལ་དགོས་པ་མེད་ཅིང་། ཆོས་ཉིད་དོན་དམ་དེ་བློ་ལས་འདས་པས་ཀྱང་རྟོགས་བྱར་མ་གྲུབ་པའི་ཕྱིར། ཀུན་རྫོབ་ཏུའང་རྟོགས་ཞེས་བྱ་བ་འཁྲུལ་རྟོག་ཁོ་ནར་བརྗོད་པ་ཡིན་ནོ། །འདིར་ནི་རྟོགས་པར་བྱར་མེད། ངོ་མི་སྤྲོད། ངང་མི་སྒོམ། ལྟ་སྒོམ་ལས་འདས་པར་བསྟན་པས་རྟོགས་མ་རྟོགས་ལས་འདས་པ་ཞེས་བྱའོ། །ཁྱུང་ཆེན་ལས། སྙིང་པོ་བརྟགས་དང་བརྟག་དཔྱད་ཡིད་ཟད་དེ། །སྒྲིབ་བྲལ་ཅོག་གཞག་བསླད་པ་མེད་པའི་ལམ། །མཐོང་མེད་མཚུངས་པ་མེད་ཅིང་ཡེ་ཤེས་ཀུན་གྱི་དངོས། །ཞེས་པ་དང་། ཐལ་འགྱུར་ལས། གྲོལ་ཞེས་ཐ་སྙད་ཙམ་ཉིད་དེ། །རྟོགས་དང་མ་རྟོགས་སུ་ཡི་ཆོས། །དེ་ལ་གྲོལ་ཞེས་སུ་ལ་དམིགས། །ཁམས་གསུམ་འཇུག་པ་སུ་ལ་སྲིད། །སྲིད་མཐའ་བྲལ་བའི་ཆོས་ཉིད་དོ། །ཞེས་སོ། །འདི་ལྟར་སྣང་བའི་ཆོས་ཐམས་ཅད་དེ་བརྟག་མི་བཟོད་པ། མེད་པ་གསལ་སྣང་སྒྱུ་མའི་སྟོང་གཟུགས་ལྟ་བུ་དང་། བདེན་མེད་རྟོགས་པའི་རྣལ་འབྱོར་བས་བལྟས་ཡོང་ན་གང་ཡང་མ་གྲོལ་བ་མེད་པ། བྱང་ཆུབ་སེམས་ཀྱི་ཀློང་དུ་གྲོལ་ཟིན་དུ་ཡོད་པས། དེ་རྟོགས་ཀྱང་རུང་མ་རྟོགས་ཀྱང་རུང་རང་གཤིས་གྲོལ་བ་ཡིན་པ་དེ་འགྱུར་དུ་མེད་པ་ལ། རྟོགས་དང་མ་རྟོགས་ཀྱིས་འཆིང་དང་གྲོལ་བ་མི་བྱེད་དེ། མ་རྟོགས་པས་འཆིང་བ་ཡིན་ཕྱིར་རྟོགས་ནས་གྲོལ་དགོས་ལ། དེ་ཡང་བླ་མའི་ངོ་སྤྲོད་མེད་ན་གྲོལ་བ་མ་ཡིན་ནོ་སྙམ་པ་ཡང་འཁྲུལ་རྟོག་ལས་མ་འདས། རང་བྱུང་ཡེ་ཤེས་ཀྱི་དོན་གྱི་ངོ་བོར་གྲོལ་འཁྲུལ་མེད་པར་མ་རྟོགས་པར་འཁྲུལ་བས་ཉམས་པའི་དགྲ་སྟེ། ཆོས་ཉིད་དོན་དམ་པ་ནི་བློ་འདས་ཡིན་པས། བློ་འདས་བློས་རྟོགས་བྱར་བཟུང་དུས་དོན་ལས་ཉམས་པ་ཡིན་པའི་ཕྱིར། དོན་དམ་ལ་དེ་ལྟར་ཡིན་ཡང་ཀུན་རྫོབ་ལ་རྟོགས་དང་མ་རྟོགས་ཀྱི་ཁྱད་པར་ཆེའོ་སྙམ་ན། དེ་ཡང་འཁྲུལ་རྟོག་ཁོ་ནར་བརྗོད་པ་ཡིན། དེ་ལྟ་བུའི་ཨ་ཏིའི་དགོངས་པས་མཉམ་ཉིད་བསྟན་པ་དེ་ཡང་དགོངས་པ་ཆོས་ཉིད་གཅིག་ཏུ་བསྟན་པ་ཡིན་པས། རྟོགས་པར་བྱར་མེད་པ་ཡིན། དེའི་ཕྱིར་ན་ངོ་སྤྲོད་ཡོང་རྒྱུ་ཞིག་མེད་པས་ངོ་མི་སྤྲོད། ངོ་སྤྲད་དུ་མེད་པའི་ལྟ་བའི་ངང་ཞིག་ཇི་ལྟར་སྒོམ། དེ་ལྟར་ལྟ་སྒོམ་ལས་འདས་པར་བསྟན་པས་རྟོགས་མ་རྟོགས་ལས་འདས་པ་ཡང་ཤུགས་ཀྱིས་ཀྱང་གོ་ཐུབ་པ་ཡིན། འདིར་ཨ་ཏིའི་སྐབས་སུ་རིགས་ཤིང་འཐད་ཅིང་འོག་མ་རྣམས་ལ་མི་རིགས་མི་འཐད་པ་ནི། ཨ་ཏིའི་ཁྱད་འཕགས་ཀྱི་ཁྱད་ཆོས་འོག་མར་མི་རིགས་ཤིང་ཨ་ཏིར་རིགས་པའི་གནད་ཀྱང་དེ་ལ་ཐུག་པ་ཡིན་ནོ། །འདི་དང་མཐུན་པར་སློབ་དཔོན་དགའ་རབ་རྡོ་རྗེས། གཉིས་སུ་མེད་པར་གྲོལ་བའི་ཆོས་ཉིད་དེ། །འོག་མ་རྣམས་ལ་མི་སྲིད་སྲིད་པའི་ཆོས། །རྣ་ཕྲུག་བྲག་ལ་འཛེག་པའི་བདེ་བླག་དེ། །སྲོག་ཆགས་གཞན་ལ་མི་སྲིད་ཁོ་ལ་སྲིད། །ཅེས་གསུངས་པ་ཡིན། གྲོལ་ཞེས་པ་དེ་ཡང་ཐ་སྙད་བརྡ་རྟགས་ཀྱི་ཆོས་ཙམ་ཞིག་ལས་གྲོལ་འཁྲུལ་སྲིད་མཐའ་བྲལ་བའི་ཆོས་ཡིན་ཚུལ་ལུང་དང་བཅས་པས་བསྟན་ནས།

༼ང བཞི་བ་ཐབས་ཤེས་ཀྱི་གནད་ལ་མི་བརྟེན་པར་ལ་བཟླ་བ།

ཐབས་ཤེས་ཀྱི་གནད་ལ་མི་བརྟེན་པར་ལ་བཟླ་བ་ནི།

མཚོན་བྱེད་ཐབས་ཀྱི་ཁྱད་པར་མ་བརྟེན་པར།།

བརྗོད་མེད་རྟོགས་པར་མི་འདོད་བླུན་པོའི་བློ།།

ཨ་ཏིས་དོན་དང་དབྱེར་མེད་བསྟན་པ་དེ།།

འོག་མ་རྣམས་ལ་མི་རིགས་རིགས་པའི་གནད།།

ཅེས་གསུངས་ཏེ། ཐེག་པ་འོག་མར་སེམས་ཉིད་ཀྱི་དོན་རང་རང་གི་ཐབས་རྩ་རླུང་ཐིག་ལེ་དང་ཚོགས་གཉིས་ལ་སོགས་པ་ལ་མ་བརྟེན་ན་མི་མཐོང་བར་འདོད་པ་དེ། འདིར་གང་ལའང་མ་ལྟོས་པར་ཟང་ཐལ་རྗེན་པར་ཅར་ཕོག་ཏུ་རྟོགས་པའི་ཆེ་བ་ཨ་ཏི་ལ་འཐད་པ་ནི། རིག་པའི་ངོ་བོ་དང་སྐད་ཅིག་ཀྱང་འབྲལ་མ་མྱོང་བས་རྟོགས་ཤིང་མཐོང་བའི་ཐ་སྙད་ཙམ་དུ་ཡོད་པ་ཉིད། ཁྱུང་ཆེན་ལས། རླུང་བཀག་མིག་བཙུམས་པས་ནི་རང་སེམས་འཆིང་། །བཅོས་མེད་ལྟོས་དང་བྲལ་བའི་གཞི་མེད་པར། །ལུས་བཅོས་གསལ་བ་ངལ་སོས་སྣང་བ་འཆིང་། །ཕྱོགས་མེད་རིས་སུ་མ་བཅད་སེམས་མེད་པར། །ཡིད་དཔྱོད་སྤྲོས་དང་བཅས་པས་གནས་ལུགས་འཆིང་། །ཡེ་གྲོལ་བྱ་བྲལ་སོར་གཞག་གདེང་མེད་པར། །ཞེ་འདོད་ཉམས་དང་བཅས་པས་རྟོགས་པ་འཆིང་། །མ་བཙལ་རང་སར་གཞག་པའི་གནད་མེད་པར། །རྒྱུ་འབྲས་ལུང་ལ་ལྟོས་པས་རིག་པ་འཆིང་། །ཞེས་སོ། །ཆུང་ཆུང་བྱིས་པའི་རྩེད་མོ་དེ་ཉིད་བྱིས་པ་རྣམས་ཀྱིས། དོན་དང་ལྡན་པའི་བྱ་ལས་མཐོང་ཆེན་ཞིག་ལ་བརྩི་བས་མ་ཚད་ཁོ་རང་གི་ངོ་ཁ་ལ་དེ་ལྟར་གྲུབ་པ་ཡིན། རྒན་པོས་བལྟས་ཡོང་ན་དེ་སྙིང་མེད་ཅིག་ལ་རྩི་བ་ཡིན་པ་དང་། རྒན་པོ་དག་ཀྱང་རང་ནུས་བསྟུན་པའི་འཇིག་རྟེན་གྱི་བྱ་གཞག་ལ་དོན་མེད་སྡུག་འབད་ཀྱིས་མགོ་འཁོར་བ་དེ་ལ། དེ་ལས་ལྷག་པ་ཞིག་གིས་བལྟས་ན་ཡང་རང་སྡུག་ཉོ་བ་ཞིག་ཏུ་མཐོང་བ་དང་འདྲ་བར། བློ་དམན་དུས་ཐེག་བརྒྱད་འོག་མའི་ཆོས་ཐམས་ཅད་ཆོས་ཡིན་ན་ཡང་། བློ་ཆེ་བའི་གང་ཟག་དབང་རབ་ཀྱི་ཆོས་སྐལ་ཨ་ཏིའི་སྐབས་ནས་བལྟས་ཡོང་ན། ཐེག་པ་འོག་མའི་སེམས་ཉིད་ཀྱི་དོན་རྟོགས་ཆེད་དུ། མཚོན་བྱེད་ཐབས་ཀྱི་ཁྱད་པར་རྩ་རླུང་ཐིག་ལེའི་འཇུ་འདུལ་དམིགས་བཅས་ཀྱི་ཚོགས་གཉིས་བསགས་པ་སོགས་ལ་མ་བརྟེན་པར། བརྗོད་མེད་དོན་གྱི་གནས་ལུགས་རྟོགས་པར་མི་འདོད་པ་དེ་བླུན་པོ་བློ་ཆུང་གི་འདུ་ཤེས་ཡིན། ཨ་ཏིས་དོན་རང་རིག་བྱང་ཆུབ་ཀྱི་སེམས་རིག་པ་སྟོང་གསལ་འགག་མེད་དེ་ཉིད་དང་ཡེ་ནས་སྐད་ཅིག་ཀྱང་འབྲལ་མ་མྱོང་བའི་གཤིས་ཀྱི་གནས་ལུགས། འཁོར་འདས་དབྱེར་མེད་མཉམ་ཉིད་ཆེན་པོར་བསྟན་པ་དེ་འོག་མ་ལ་མི་རིགས་པའི་ཕྱིར་ན་འོག་མ་ལས་ཁྱད་དུ་འཕགས་པའི་ཞེ་འདོད་ཉམས་དང་བཅས་པའི་འཆིང་བ་མེད་ཅིང་། མ་བཙལ་རང་སར་བཞག་པའི་གནད་དང་ལྡན་ཞིང་རྒྱུ་འབྲས་ཐབས་ཤེས་ཀྱི་གནད་ལ་མི་བརྟེན་པའི་ཐེག་པ་འདིའི་རྨད་བྱུང་འབྲས་བུའི་དོན་ལ་རེག་པའི་ཁྱད་འཕགས་ཀྱི་རང་བཞིན་བསྟན་པའོ།།

༼ཅ ལྔ་བ་བསམ་འདས་མཐའ་མེད་ལས་འདས་པར་ལ་བཟླ་བ།

བསམ་འདས་མཐའ་མེད་ལས་འདས་པར་ལ་བཟླ་བ་ནི།

རྫོགས་ཆེན་ཡེ་གདལ་གཏིང་མཐའ་མེད་པ་ལ།།

ཐུག་པ་མེད་ཅེས་ཟེར་བ་བླུན་པོའི་བློ།།

ཨ་ཏིས་མུ་མེད་ཆིག་ཆོད་བསྟན་པ་དེ།།

འོག་མའི་བློ་ཡུལ་མི་རིགས་རིགས་པའི་གནད།།

ཅེས་གསུངས་ཏེ། ཐེག་པ་འོག་མ་དང་སེམས་ཀློང་ཁ་ཅིག་རྫོགས་པ་ཆེན་པོ་དོན་གྱི་ངོ་བོ་ནི་མཐའ་དབུས་དང་གཏིང་མཐའ་མེད་པས་རིག་ཡུལ་ལས་འདས་སོ་ཞེས། སྟོང་འབྱམས་མུ་མེད་གཅིག་ཏུ་འདོད་པ་ལས། འདིར་རིག་པ་ཟང་ཐལ་ཆིག་ཆོད་རྗེན་པར་བསྟན་པས། སེམས་དང་བློ་དང་དམིགས་ཡུལ་དུ་མེད་ལ། སོ་སོ་རང་གི་རིག་ཡུལ་དུ་མཐོང་བ་ནི། སེམས་དང་ཡེ་ཤེས་ཕྱེད་པའི་གནད་ཀྱིས་རྟོགས་པ་སྟེ། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། ལྟ་བ་མ་བཅོས་ཡེ་ཤེས་ཟང་ཐལ་དང་། །སྒོམ་པ་མ་བཅོས་གསལ་ལ་འཛིན་པ་མེད། །སྤྱོད་པ་མ་བཅོས་རང་བྱུང་ལྷུག་པ་ཉིད། །འབྲས་བུ་མ་བཅོས་རང་སྣང་རིག་པའི་ངང་། །དམ་ཚིག་མ་བཅོས་མ་ཡེངས་ཆོས་ཉིད་ངང་། །དབང་རྣམས་མ་བཅོས་རིག་པ་རྩལ་གྱི་དབང་། །དད་པ་མ་བཅོས་འགྱུར་མེད་ནམ་མཁའི་ཀློང་། །དེ་ལྟར་རྟོགས་པའི་དབང་པོ་རབ་མཆོག་འདི། །བདེ་ཆེན་ས་ལ་མི་གཡོ་མཉམ་པར་གནས། །ཞེས་སོ། །ཐེག་པ་འོག་མ་དག་གི་སྟོང་ཉིད་ཀྱི་ལྟ་བ་གཏན་ལ་འབེབས་སྟངས་དང་། རྫོགས་ཆེན་སྡེ་གསུམ་གྱི་ནང་ཚན་སེམས་སྡེ་དང་ཀློང་སྡེ་པ་ཁ་ཅིག སྟོང་འབྱམས་མཐའ་མེད་ཅིག་ལ་བློ་རྩེ་གཏད་ནས། རྫོགས་ཆེན་གྱི་དོན་ཡེ་ནས་གདལ་བ་སྟོང་པ་མཐའ་མེད་པ་ལ་ཐུག་པ་མེད་ཅེས་སྟོང་འབྱམས་མུ་མེད་དུ་འདོད་པ་དེ་ཡང་བླུན་པོའི་ཀློང་ལས་མ་འདས་པ་ཞིག་ཡིན། ཨ་ཏིས་མུ་མེད་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ་དེ་ཆིག་ཆོད་ཟང་ཐལ་རྗེན་པ། སོ་སོར་རང་རིག་གི་ཡུལ་དུ་གྱུར་པ་སེམས་ལས་འདས་པའི་ཡེ་ཤེས། ལྟ་བ་མ་བཅོས་ཟང་ཐལ། སྒོམ་པ་གསལ་ལ་འཛིན་མེད། སྤྱོད་པ་མ་བཅོས་ཤུགས་འབྱུང་། འབྲས་བུ་རེ་དོགས་གཉིས་མེད་ཀྱི་རང་སྣང་རིག་པའི་ངང་ལས་མི་གཡོ་བའི་ཆིངས་ཀྱིས་བཅིངས་ནས། བསམ་འདས་མཐའ་མེད་ལས་ཀྱང་འདས་པར་བསྟན་པ་དེ་འོག་མའི་བློ་ཡུལ་ལ་མི་རིགས་མི་འཐད་ཀྱང་ཨ་ཏིར་རིགས་ཤིང་འཐད་པར་བསྟན་ནས།

༼ཆ དྲུག་པ་རིག་པ་ཐིག་ལེ་ཉག་གཅིག་ཆོས་སྐུ་རྗེན་པར་ལ་བཟླ་བ།

རིག་པ་ཐིག་ལེ་ཉག་གཅིག་ཆོས་སྐུ་རྗེན་པར་ལ་བཟླ་བ་ནི།

ཐིག་ལེ་གཅིག་ལ་རྒྱུ་མཚན་གོ་བཟློག་པས།།

འབྲས་བུ་རེ་དོགས་ཆོད་དེ་མཁའ་དང་མཉམ།།

ཡངས་སོ་ཆེའོ་མཁའ་མཉམ་རྒྱལ་བའི་ཐུགས།།

སྤངས་ཐོབ་མེད་དོ་ཐིག་ལེ་གཅིག་གི་ཀློང་།།

ཡེ་ནས་གྲོལ་ལོ་རྟོགས་དང་མ་རྟོགས་མེད།།

རྣལ་འབྱོར་མཁའ་མཉམ་བྱ་བྲལ་ལམ་དུ་བདེ།།

ཞེས་གསུངས་ཏེ། འཁོར་འདས་ཀྱི་ཆོས་ཐམས་ཅད་རྩ་བ་རིག་པ་ཐིག་ལེ་ཉག་གཅིག་གི་ངང་ལས་ཤར་ནས། སྣང་སྲིད་སྣོད་བཅུད་སྣ་ཚོགས་སུ་ལུགས་སུ་འཇུག་པའི་རྟེན་འབྲེལ་འདི་དག་གོ་བཟློག་སྟེ་དང་པོ་གང་ནས་བྱུང་སར་དེད་པས་རིག་པར་ཕུ་ཐག་འཁྲུས་ནས། འཁོར་འདས་རིག་པའི་ཆོ་འཕྲུལ་དུ་རྟོགས་དུས་ཡར་སངས་རྒྱས་ལ་རེ་བ་མེད་དེ་རིག་པ་ཉིད་ལས་ཤར་བ་མ་གཏོགས་པའི་སངས་རྒྱས་ལོགས་ན་མེད་པར་ཐག་ཆོད། མར་འཁོར་བར་ལྷུང་གིས་དོགས་པ་མེད་དེ་རྩ་བ་རིག་པ་འཁྲུལ་མེད་ཀྱི་སྣང་བ་ལས་གཞན་དུ་མེད་པར་ཐག་ཆོད། རིག་པ་ཉིད་ངོས་གཟུང་མེད་པ་ནམ་མཁའ་ལྟར་རྟོགས་པས་ལྷུན་གྲུབ་ཡངས་པ་ཆེན་པོ་ཡེ་གྲོལ་མིང་མེད་ཆེན་པོར་ལ་ཟློས་ཏེ། འཁོར་འདས་ཟད་སར་སྐྱེལ་བ་ཀུན་ཏུ་བཟང་པོའི་དགོངས་པར་ཕྱིན་པ་ནི། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། སྒྲིབ་མེད་རྣམ་དག་བྱང་ཆུབ་གདལ་བའི་ཀློང་། །སངས་རྒྱས་མེད་པས་སངས་རྒྱས་མིང་ཡང་མེད། །འཛིན་པ་མེད་པས་སེམས་ཅན་མིང་ཡང་མེད། །རྟོག་པ་མེད་པས་མ་རིག་འཁྲུལ་བ་མེད། །ཞེན་པ་མེད་པས་རྣམ་རྟོག་ཡུལ་ཡང་མེད། །ཆགས་པ་མེད་པས་བག་ཆགས་སེམས་ཀྱང་མེད། །འདས་པ་མེད་པས་མ་འོངས་མིང་ཡང་མེད། །ད་ལྟ་མེད་པས་ཉོན་མོངས་མིང་ཡང་མེད། །སྟོན་པ་མེད་པས་སྟོན་བྱེད་མིང་ཡང་མེད། །ཐིག་ལེ་གཅིག་རྟོགས་ཡངས་པའི་རྣལ་འབྱོར་དེ། །མི་ལྡོག་ས་ལ་འགྱུར་མེད་ངེས་པར་གནས། །བདེ་ཆེན་ས་ལ་འགྱུར་མེད་ལྷུན་གྱིས་གྲུབ། །རྟོག་མེད་ས་ལ་འབྲས་བུ་མ་བསྒྲིབས་གསལ། །ཞེས་སོ། །སྤྱིར་ན་ཐིག་ལེ་ཞེས་པའི་ཚིག་གི་སྒྲ་དོན་གྱི་དབྱེ་བ་སྐབས་དང་བསྟུན་པའི་དབྱེ་སྒོ་མང་པོ་གསུངས་ཡོད་ན་ཡང་། འདིར་རང་བྱུང་འབྲས་བུའི་ཐིག་ལེ་ཡེ་ནས་འགྱུར་བ་མེད་པ་ཆོས་དབྱིངས་ཆེན་པོ་འཁོར་འདས་ཀུན་ལ་ཁྱབ་པར་གདལ་བ་རིག་པ་ཉག་གཅིག་ལ་བརྟེན་ནས་དེ་ཉིད་ཆོས་སྐུ་རྗེན་པར་ཐག་བཅད་པ་ཡིན་པས། ཐིག་ལེ་ནི་གྲ་ཟུར་མེད་པ་ཟླུམ་པོ་གཅིག་གི་ངོ་བོར་མ་འདུས་པ་མེད་པར་འཆར་བ་སྟེ། གང་ཅི་ཞིག་མ་འདུས་པ་མེད་པར་ཐིག་ལེ་གཅིག་ལ་འཁྱིལ་ཞིང་ཟླུམ་པ་ཡིན་ཞེ་ན། འཁོར་འདས་ཀྱི་ཆོས་ཐམས་ཅད་རིག་པ་ཐིག་ལེ་ཉག་གཅིག་ལ་འདུས་པ་སྟེ། དེ་ཡང་དེ་དག་དང་པོར་བྱུང་ས་རིག་པ་ཐིག་ལེ་ཉག་གཅིག་གི་ཀློང་ལས་བྱུང་ཞིང་། སྣོད་བཅུད་སྣང་སྲིད་སྣ་ཚོགས་སུ་སྣང་བ་ཡིན་པའི་རྒྱུ་མཚན་གྱིས། ད་ཕྱིར་གོ་ཟློག་སྟེ་དང་པོ་གང་ནས་བྱུང་སར་དེད་ནས་ཕུ་ཐག་བཅད་ཚེ་འཁོར་འདས་རིག་པ་གཅིག་གི་ཆོ་འཕྲུལ་ཙམ་ཡིན་པར་རྟོགས་ཤིང་། འབྲས་བུ་གཞན་དུ་རེ་བའི་རེ་དོགས་ཆོད་ནས་རྩ་བ་རིག་པ་ཐིག་ལེ་ཉག་གཅིག་གི་ཆོས་སྐུ་རྗེན་པའི་ངོ་བོ་རུ་བལྟས་ཡོང་ན། རིག་པ་ཟང་ཐལ་ཡེ་གྲོལ་དུ་རྗེན་ལ་སངས་ནས། འཁོར་འདས་འཆིང་གཞིའི་མུན་པ་དྭངས་ཏེ་རང་བྱུང་ཆོས་སྐུའི་དགོངས་པའི་ནམ་མཁའ་ལྟར་ཡངས་ཤིང་རྒྱ་ཆེ་བའི་མཁའ་མཉམ་རྒྱལ་བའི་ཐུགས། རང་བྱུང་འོད་གསལ་གྱི་ཉི་ཟླ་བཀྲག་འབར་བའི་ཡངས་པ་ཆེན་པོ། ཡེ་གྲོལ་མིང་མེད་འཁོར་འདས་ཟད་པའི་མཐར་ཐུག་ཀུན་བཟང་དགོངས་པའི་ཀློང་ཆོས་དབྱིངས་ཐིག་ལེ་ཉག་གཅིག་ལ་རྟོགས་དང་མ་རྟོགས་མེད་པར་རྣལ་འབྱོར་པ་དགོངས་པ་མཁའ་མཉམ་ཐིག་ལེ་གཅིག་ཏུ་རྟོགས་པས་རྟོགས་པ་ཡིན་པས། བྱ་རྩོལ་བྱེད་པ་ཐམས་ཅད་དང་བྲལ་བ་མཁའ་མཉམ་ཡངས་པར་ཕྱིན་དུས། ནམ་མཁའི་དཀྱིལ་ནས་བྱ་འཕུར་བ་ལྟར་ཐོགས་པ་མེད་པར་བདེའོ། །དེས་བདེ་ཆེན་འགྱུར་མེད་ལྷུན་གྲུབ་ཀྱི་ས་ལ་འཁྲུལ་བའི་རྟོག་པ་མེད་པས། མ་འཁྲུལ་བ་ལ་འབྲས་བུར་སྒྲུབ་བྱེད་མེད་པར་རང་ཆས་ལྷུན་གྲུབ་ཀྱི་ཡོན་ཏན་དང་ལྡན་པར་བསྟན་ནས།

༼ཇ བདུན་པ་འཁྲུལ་བ་མིང་མེད་ཆེན་པོར་ལ་བཟླ་བ།

འཁྲུལ་བ་མིང་མེད་ཆེན་པོར་ལ་བཟླ་བ་ནི།

ཡེ་སངས་རྒྱས་པའི་རིག་པ་ཡུལ་མེད་འདི།།

འཁོར་བར་མི་འཁྱམ་འཁྲུལ་གཞི་ཀུན་ལས་འདས།།

སུ་ཡང་མ་འཁྲུལ་འཁྲུལ་བའི་གནས་མེད་དེ།།

ཐམས་ཅད་ཆོས་དབྱིངས་ཀློང་གསལ་གཅིག་གི་ངང་།།

སྔ་ཕྱི་རིས་མེད་མཁའ་མཉམ་ཡངས་པ་ཉིད།།

ཡེ་བབས་ལྷུན་གྲུབ་འཁོར་བ་གདོད་ནས་དག།

ཅེས་གསུངས་ཏེ། རྨི་ལམ་གཉིད་ཀྱི་ངང་ལས་མ་གཡོས་ལ། གཉིད་རིག་པའི་ངང་ལས་མ་གཡོས་ཤིང་། རིག་པ་ཆོས་ཉིད་ཀྱི་ངང་ལས་མ་གཡོས་པའི་དོན་ལ་བསམས་ཏེ། གཞིག་ཅིང་དཔྱད་ན་སུ་ཡང་འཁོར་བར་ལྷུང་མ་མྱོང་སྟེ། འཁོར་བ་ཉིད་སྣང་ལ་རང་བཞིན་མེད་པ་རྨི་ལམ་གྱི་ངོ་བོ་ཉིད་མེད་པ་གསལ་སྣང་གི་རང་བཞིན་དུ་ཡེ་ནས་དག་ཟིན་པས། སྟོང་གཟུགས་དེ་ཡང་གཞི་མེད་རྩ་བ་དང་བྲལ་བའི་ཆོས་སྐུར་དག་པས། འཁྲུལ་རྒྱུ་དང་། འཁྲུལ་པ་དང་། འཁྲུལ་སྣང་དང་། འཁྲུལ་མཁན་ཡོད་མ་མྱོང་སྟེ། སྔར་མ་འཁྲུལ། ད་ལྟ་འཁྲུལ་པ་ཡོད་མ་མྱོང་། ཕྱིས་འཁྲུལ་པ་འབྱུང་མི་སྲིད་དེ། གཞི་མེད་ནམ་མཁའི་ངོ་བོ་ཉིད་དུ་ཡེ་ནས་རྣམ་པར་དག་ཟིན་པའི་ཕྱིར་རོ། །ཁྱུང་ཆེན་ལས། འཁྲུལ་དང་མ་རིག་སུ་ལ་སྲིད་མིང་མེད། །དེ་ཕྱིར་ཡེ་ནས་མ་བཀྲོལ་ཕྱིས་བཀྲོལ་མེད་སྣང་བའོ། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། དེ་ལྟར་གནས་པའི་འཁྲུལ་མེད་གཞི། །རང་རིག་ཡེ་ནས་འོད་རེ་གསལ། །སྐུ་གསུམ་ཡེ་ནས་མ་བསྐྱེད་རྫོགས། །འབྲས་བུ་ཡེ་ནས་རང་གནས་པ། །ཆོས་ཀྱིས་ཡེ་ནས་བཅོས་སུ་མེད། །གྲུབ་མཐའ་ཡེ་ནས་བསྐྱང་དང་བྲལ། །དུག་ལྔ་ཡེ་ནས་གོས་པ་མེད། །འཁོར་བ་འཁྲུལ་བ་ག་ལ་ཡོད། །ཅེས་སོ། །དོན་མེད་ན་མིང་ཡང་མ་གྲུབ་པ་ལྟར་དུ། མིང་མེད་མིང་དུ་གྲུབ་པའི་འཁྲུལ་བ་དོན་ལ་མེད་པ་ཡིན་པས་ན། འཁྲུལ་བ་མེད་དུས་མ་འཁྲུལ་གྱི་ཆོས་ཟེར་རྒྱུ་ཞིག་ཡོད་དོན་མེད་ཅིང་། སངས་རྒྱས་ཞེས་པ་འབད་པས་སངས་རྒྱས་མི་དགོས་པར་ཡེ་ནས་སངས་རྒྱས་ཟིན་དུ་ཡོད་པའི་རིག་པ་ཡུལ་མེད་ཆོས་དབྱིངས་ཀྱི་ངང་ལས་མ་གཡོས་པ་འདིའི་དོན། རང་ངོ་འཕོ་འགྱུར་མེད་ཅིང་རྩོལ་སྒྲུབ་མེད་པ། བསམ་བརྗོད་མེད་ཅིང་དབྱེ་བསལ་ལས་འདས་པ་ཞིག་ཡིན་ཕྱིར་འཁོར་བར་སུ་ཡང་མི་འཁྱམ། ད་རུང་འཁྱམ་པ་མེད། རྨི་ལམ་གཉིད་ཀྱི་ངང་ལས་མ་གཡོས། གཉིད་རིག་པའི་ངང་ལས་མ་གཡོས། རིག་པ་ཆོས་ཉིད་ཀྱི་ངང་ལས་མ་གཡོས། འཁྲུལ་སྣང་གི་སྡུག་བསྔལ་སྣ་ཚོགས་འཁོར་བར་འཁྲུལ་བ་ལས་མ་གཡོས་དུས། འཁོར་བ་ཉིད་རིག་པ་ཆོས་ཉིད་ཀྱི་ངང་ལས་མ་གཡོས་པས། དོན་ལ་རྨི་ལམ་གཉིད་སད་དུས་མེད་པ་བཞིན་དུ། འཁྲུལ་བ་རིག་པའི་ངང་ལ་སྔར་མེད། ད་ལྟ་ཡང་མེད། ཕྱིན་ཆད་ཀྱང་ཡོད་མི་སྲིད། ཆོས་ཐམས་ཅད་ཀྱི་ངོ་བོ་གཞི་མེད་རྩ་བ་དང་བྲལ་བ་འཁྲུལ་མ་འཁྲུལ་ལས་འདས་པས་ན། འཁོར་འདས་ལ་སྤོང་ལེན་མེད། སྐྱེས་མ་སྐྱེས་ལས་འདས་པ་སྐྱེ་འགག་དམིགས་གཏད་ཀྱི་འཛིན་པ་མེད། གཞི་རྩ་བའི་ཆོས་སྐུ་ལ་དག་མ་དག་གི་བཟང་ངན་གྱི་མཐའ་ལས་འདས་པར་དག་པས། འཁྲུལ་བ་གཞི་མེད་དག་པ། རིག་པ་དངོས་མེད་སྟོང་པ། གསར་དུ་མཉམ་ཞིང་དག་པ་མ་ཡིན་པར་ཡེ་ནས་མཉམ་ཞིང་གྲོལ་བའི་འཁྲུལ་བ་མིང་མེད་ཡེ་བབས་ལྷུན་གྲུབ་ཆེན་པོར་ལ་བཟླས་པའོ།།

༼ཉ བརྒྱད་པ་འཁོར་འདས་གཉིས་སུ་མེད་པར་ལ་བཟླ་བ།

འཁོར་འདས་གཉིས་སུ་མེད་པར་ལ་བཟླ་བ་ནི།

གྲོལ་བར་མི་འཇུག་མྱ་ངན་འདས་མི་ལེན།།

མི་འགྱུར་ཀློང་ཆེན་འཁོར་འདས་ཡོད་མ་མྱོང་།།

འདི་ལ་སྤངས་ཐོབ་རེ་དོགས་མི་དམིགས་ཤིང་།།

གདོད་ནས་བྱང་ཆུབ་གཞི་ཀློང་ཡངས་པ་ཆེ།།

ཐམས་ཅད་མིང་ཙམ་དོན་ལ་མཚོན་བརྗོད་འདས།།

གྲོལ་དང་འཁྲུལ་མེད་འཁོར་འདས་ལ་ཟློས་པས།།

སུ་ཡང་མ་རྩོལ་བཅོས་སྒྱུར་མ་བྱེད་ཅིག།

ཅེས་གསུངས་ཏེ། འདིར་རང་རིག་ཡེ་སྟོང་ནམ་མཁའ་ལྟར་དག་པ་ལ་བཅིངས་པ་མེད་པས་འཁོར་བ་དག་པ་དང་། གྲོལ་བ་མེད་པས་མྱ་ངན་ལས་འདས་པ་རྣམ་པར་དག་སྟེ་ཡོད་མེད་ཀྱི་མཐའ་ལས་འདས་པས་རྩོལ་སྒྲུབ་དང་རེ་དོགས་མེད་པར་ཐག་ཆོད་པ་ནི། ཡི་གེ་མེད་པ་ལས། དོན་གྱི་ངོ་བོ་རིག་པ་དེ་ཉིད་ལ། །བྱས་པ་མ་ཡིན་བྱེད་མཁན་ག་ལ་ཡོད། །བཅོས་པ་མ་ཡིན་བཅོས་པའི་བདག་པོ་མེད། །འཁོར་བ་མ་ཡིན་མྱ་ངན་འདས་མ་ཡིན། །བཅིངས་པ་མ་ཡིན་གྲོལ་བ་ཡོད་པ་མིན། །ལྟ་བ་མ་ཡིན་ལྟ་བྱེད་ཆོས་དང་བྲལ། །མཐོང་བ་མ་ཡིན་མཐོང་བྱེད་རྣམ་པར་དག །ཅེས་སོ། །གཉིས་འཛིན་གཉིས་སུ་སྣང་བ་འདི། གལ་ཏེ་དོན་ལ་ཡོད་པ་ཞིག་ཡིན་ན། བཟང་ངན་ཡོད་པས་ན་སྐྱིད་སྡུག་ཡོད། སྐྱིད་སྡུག་ཡོད་པས་ན་རེ་དོགས་ཡོད། དེ་ཡོད་པས་འཁོར་འདས་ཀྱི་སྣང་བ་སྣ་ཚོགས་འདི་ཡོད་པར་གྲུབ་པ་ཡིན་ཡང་། འཁོར་འདས་ཀུན་འབྱུང་བའི་གཞིའི་རིག་པ་དེ། ཡེ་སྟོང་ནམ་མཁའ་ལྟ་བུའི་ཀློང་ཆེན་པོ་འཁོར་འདས་གཉིས་ཀའི་ཤོང་ཡངས་པ། དེ་ལ་བཅིངས་པ་དང་པོ་ཉིད་ནས་ཡོད་མ་མྱོང་བས་གྲོལ་བ་ག་ལ་ཡོད། དོན་ལ་འཁོར་བ་ཡོད་མ་མྱོང་དུས་དེ་ལས་འདས་པ་ཡང་ཡོད་དོན་མེད་ཅིང་། དཔེར་ན་ནམ་མཁའ་ནས་མར་ཐག་པ་ཞིག་བསྣར་ཡོང་མ་མྱོང་དུས། དེའི་ཐག་པ་དེས་སུ་འཆིང་ཡོང་། དེས་ན་གྲོལ་བར་མི་འཇུག་མྱ་ངན་འདས་པ་མི་ལེན་ཏེ། འཁོར་འདས་གཉིས་མེད་ཡིན་པས། མཁའ་ལྟར་བཅིངས་པ་མེད་དུས་འཁོར་བ་རང་དག་དང་། དེ་ལ་གྲོལ་བ་མེད་པས་མྱང་འདས་རྣམ་དག་ཡིན་ཕྱིར། འདི་ལ་སྤངས་ཐོབ་དང་རེ་དོགས་ཀྱི་གཞི་ཞིག་མ་དམིགས་པས་ན། གདོད་མ་ཀ་ནས་དག་པའི་ཆོས་ཉིད་ཀྱི་བྱང་ཆུབ་གཞི་ཀློང་ཡངས་པ་ཆེན་པོ་དེ་ལ། ཐམས་ཅད་མིང་བརྡ་བཏགས་པ་ཙམ་ལས་མེད་པར་དོན་དུ་མཚོན་བརྗོད་ལས་འདས་ཤིང་གྲོལ་འཁྲུལ་མེད་པ་ཐག་ཆོད་པ་ཡིན་པས། སུ་ཡང་མ་རྩོལ། གང་དུ་མ་འབད། བཅོས་སྒྱུར་རེ་དོགས་ཐམས་ཅད་མ་བྱེད་པར་བཅིངས་མེད་གྲོལ་བ་མེད་པའི་འཁོར་འདས་མིང་མེད་ཆེན་པོར་ཐག་ཆོད་ཅིག་ཅེས་པའོ།།

༼ཏ དགུ་བ་མཐའ་གྲོལ་ཀློང་ཡངས་ཆེན་པོར་ལ་བཟླ་བ།

མཐའ་གྲོལ་ཀློང་ཡངས་ཆེན་པོར་ལ་བཟླ་བ་ནི།

ཡངས་དོག་མཐོ་དམན་མེད་པའི་རིག་པ་ལ།།

རྒྱ་ཆད་ཕྱོགས་ལྷུང་མེད་ཀྱི་དམིགས་གཏད་ཤོལ།།

བྱ་བྱེད་འགྲོ་འོང་མེད་པའི་རིག་པ་ལ།།

དུས་དང་གཉེན་པོ་མེད་ཀྱི་འཛིན་རྩོལ་ཞོག།

ཆེད་དུ་དམིགས་པ་ཡོད་ན་འཆིང་བའི་རྒྱུ།།

གང་ལའང་གཏད་འཛིན་མ་འཆའ་ཕྱམ་ལ་ཐོང་།།

ཞེས་གསུངས། རིག་པའི་ངོ་བོ་ལ་རྒྱ་ཆད་དང་ཕྱོགས་ལྷུང་མེད་པ། དུས་དང་སྤང་གཉེན་མེད་པ། བྱ་བྱེད་དང་འགྲོ་འོང་མེད་པ། ལྟ་སྒོམ་དང་སྤྱོད་འབྲས་མེད་པ། ཡིན་མིན་དང་རྩོལ་སྒྲུབ་མེད་པ། རང་བཞིན་བཅུའི་རྩོལ་སྒྲུབ་ལས་འདས་པ། ཀུན་ཁྱབ་གང་ཡང་མ་གྲུབ་མཐའ་གྲོལ་ཀློང་ཡངས་ཆེན་པོར་ཤེས་པར་བྱ་སྟེ། ཀུན་བྱེད་ལས། ང་ཡི་རང་བཞིན་ངེས་པར་ཁུངས་བསྟན་པ། །ང་ནི་སྤྱོད་ཡུལ་ཀུན་ལས་འདས་པའི་ཕྱིར། །ལྟ་བ་སྒོམ་དུ་མེད་པ་དེ་བཞིན་དུ། །རང་བཞིན་བཅུ་ལ་དེ་བཞིན་དོན་མེད་ཀྱི། །རང་བཞིན་བཅུ་ལ་དོན་ཡོད་མ་རྟོགས་ཤིག །ང་ནི་བལྟས་པས་མཐོང་བའི་ཡུལ་མེད་དེ། །ལྟ་བར་མ་བྱེད་དེ་བཞིན་ཉིད་དུ་ཞོག །སྤྲོས་བྲལ་མ་སྐྱེས་བྲལ་བའི་རྒྱུ་མེད་པས། །སྡོམ་པ་དང་ནི་ཚུལ་ཁྲིམས་བསྲུང་མི་དགོས། །སྙིང་པོར་ཡེ་ནས་ལྷུན་གྱིས་གྲུབ་པའི་ཕྱིར། །རྩོལ་བ་དང་ནི་བསྒྲུབ་པ་བྱ་མི་དགོས། །རང་བྱུང་ཡེ་ཤེས་སྒྲིབ་པ་མེད་པའི་ཕྱིར། །རིག་པའི་ཡེ་ཤེས་གསལ་བར་བསྐྱེད་དུ་མེད། །ཐམས་ཅད་ང་ཡི་ས་རུ་གནས་པའི་ཕྱིར། །སྦྱངས་ནས་བགྲོད་པའི་ས་ནི་ཡོད་མ་ཡིན། །ང་ཡིས་ཀུན་ལ་ཁྱབ་པར་གནས་པའི་ཕྱིར། །ང་ལ་བགྲོད་པར་བྱ་བའི་ལམ་ཡོད་མིན། །ང་ནི་ཡེ་ནས་གཟུང་འཛིན་བྲལ་བའི་ཕྱིར། །ཕྲ་བ་ཞེས་ནི་མིང་དུ་གདགས་སུ་མེད། །ང་ཡི་གཟུགས་ཀྱིས་ཀུན་ལ་ཁྱབ་པའི་ཕྱིར། །གཉིས་ཞེས་བྱ་བ་ཡེ་ནས་ཡོད་མ་ཡིན། །ང་ནི་ཡེ་ནས་རང་བྱུང་ཡེ་ཤེས་པས། །ང་ལ་གཞན་གྱིས་གཏན་ལ་དབབ་ཏུ་མེད། །ང་ནི་ཀུན་གྱི་བྱང་ཆུབ་སྙིང་པོ་བས། །གསང་བའི་མན་ངག་གཞན་ན་ཡོད་མ་ཡིན། །སྒྲོ་དང་སྐུར་པ་ཀུན་ལས་འདས་པའི་ཕྱིར། །ཆོས་རྣམས་ཀུན་གྱི་ལ་ནི་ང་ཡིས་བཟླས། །ང་མེད་པ་ཡི་ཡུལ་ནི་གཞན་མེད་པས། །ལྟ་བ་སྒོམ་དུ་མེད་པར་ལ་ཡང་བཟླས། །ང་ལས་གཞན་དུ་བསྲུང་དུ་མེད་པའི་ཕྱིར། །དམ་ཚིག་བསྲུང་དུ་མེད་པར་ལ་ཡང་བཟླས། །ང་ལས་གཞན་དུ་བཙལ་དུ་མེད་པའི་ཕྱིར། །འཕྲིན་ལས་བཙལ་དུ་མེད་པར་ལ་ཡང་བཟླས། །ང་ལས་གཞན་དུ་གནས་པ་མེད་པའི་ཕྱིར། །ས་ལ་སྦྱང་དུ་མེད་པར་ལ་ཡང་བཟླས། །ང་ལ་སྒྲིབ་པ་ཡེ་ནས་མེད་པའི་ཕྱིར། །རང་བྱུང་ཡེ་ཤེས་ཡིན་པར་ལ་ཡང་བཟླས། །ང་ནི་མ་སྐྱེས་ཆོས་ཉིད་ཡིན་པའི་ཕྱིར། །ཕྲ་བ་ཆོས་ཉིད་ཡིན་པར་ལ་ཡང་བཟླས། །ང་ལས་གཞན་དུ་བགྲོད་དུ་མེད་པའི་ཕྱིར། །ལམ་ལ་བགྲོད་དུ་མེད་པར་ལ་ཡང་བཟླས། །སངས་རྒྱས་སེམས་ཅན་སྣང་སྲིད་སྣོད་བཅུད་ཀུན། །སྙིང་པོ་བྱང་ཆུབ་ང་ལས་བྱུང་བའི་ཕྱིར། །ཡེ་ནས་གཉིས་སུ་མེད་པར་ལ་ཡང་བཟླས། །རང་བྱུང་ཡེ་ཤེས་གཏན་ལ་འབེབས་པའི་ཕྱིར། །ལུང་ཆེན་ཐོག་འབེབས་ཡིན་པར་ལ་ཡང་བཟླས། །ཆོས་རྣམས་ཐམས་ཅད་ང་ལས་མེད་པའི་ཕྱིར། །ཀུན་བྱེད་ང་ནི་ཀུན་གྱི་ལ་བཟླའོ། །ཞེས་གསུངས་སོ། །མཐའ་ཞེས་པ་ནི་དཀྱིལ་ལ་ལྟོས་ནས་གྲུབ་པ་ཞིག་ཡིན་པས། མཐའ་མེད་དུས་དེ་ལ་ལྟོས་པའི་དཀྱིལ་ཞེས་པ་ཞིག་ཀྱང་ཡོད་དོན་མེད་པ་ཡིན། མཐའ་དབུས་མེད་ན་གཞི་ནས་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ་དེ་ཉིད་གྲུབ་པ་དང་། ཡངས་དོག་དང་མཐོ་དམན་ཡོད་ན་མཐའ་ཡོད་པས་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བར་འགྲུབ་པ་མ་ཡིན་ཡང་། མཐའ་གྲོལ་ལྟོས་པ་དང་བྲལ་བ་ཡོད་མཐའ་ལ་མི་གནས་པས་མེད་མཐའ་ལས་ཀྱང་གྲོལ་ཞིང་། མེད་མཐའ་ལ་མི་གནས་པས་དེ་བཞིན་ཡོད་མཐའ་ལས་ཀྱང་གྲོལ་བ། དེ་གཉིས་ཀ་ལ་མི་གནས་པས་གཉིས་ཀ་ལས་གྲོལ་བ་དང་། གཉིས་མིན་ལ་མི་གནས་པས་དེ་ལས་ཀྱང་གྲོལ་བ་ཡིན་པས་ན། ཡངས་དོག་མཐོ་དམན་མེད་ཅིང་རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་རིག་པ་ལ། ཕྱོགས་དང་དུས། སྤང་བྱ་དང་གཉེན་པོ། བྱ་བྱེད་འགྲོ་འོང་། ལྟ་སྒོམ་སྤྱོད་འབྲས་ལ་སོགས་པ། རང་བཞིན་བཅུ་ཡིས་རྩོལ་སྒྲུབ་ཀྱི་ཡུལ་ལས་འདས་པ་ཡིན་ཕྱིར་འཛིན་རྩོལ་ཐམས་ཅད་སྐྱུར་ཅིག ཆེད་དུ་དམིགས་པ་ཅན་ཞིག་ཡོད་དོ་ཅོག་ཐམས་ཅད་འཆིང་བའི་རྒྱུ་ཡིན། གསེར་སྒྲོག་ཐག་སྒྲོག་གང་གིས་བཅིངས་ཀྱང་འཆིང་བ་ཁྱད་མེད་པས། མཐའ་མེད་ལ་མཐའ་རུ་ཞེན་ནས་གང་ལའང་གཏད་འཛིན་མ་འཆའ་བར། མ་བཅོས་རྣལ་གཞག་ཕྱམ་ཕྱལ་ཡངས་པ་ཆེན་པོའི་ངང་ལ་ཞོག་ཅིག་ཅེས་གདམས་པའོ། །དེ་ཡིས་ལ་བཟླ་དང་པོ་མཐའ་གྲོལ་ཀློང་ཡངས་ཆེན་པོར་ལ་བཟླ་བ་སོང་ནས།

༼༢༽གཉིས་པ་རྟོགས་པ་མཁའ་མཉམ་ཡངས་པས་ཆོས་ལ་བྱར་མེད་ཆེན་པོར་ལ་བཟླ་བ།

དེ་ལ་གཤིས་མངོན་དུ་གྱུར་པས་ཆོས་ཟད་བློ་འདས་ཆེན་པོར་ལ་བཟླ་བ་དང་། རེ་དོགས་བློ་འདས་སུ་རྟོགས་པས་བློ་བདེ་ཁོང་ཡངས་ཆེན་པོར་ལ་བཟླ་བ་དང་། ཡིད་ལ་བྱར་མེད་ཡེ་ཟད་ཆེན་པོར་རྟོགས་པས་བློའི་དམིགས་བསམ་སྤྲོ་བསྡུ་ལས་འདས་པར་ལ་བཟླ་བ་དང་། རིག་པ་སྒྲིབ་མེད་ཟང་ཀར་རྟོགས་པས་བྲལ་སྟོབས་མེད་པ་ལ་བཟླ་བ་དང་། ཆོས་ཟད་རྒྱ་གྲོལ་ཕྱམ་གདལ་དུ་རྟོགས་པས་གང་ལ་ཡང་རྩིས་མེད་རང་ཡན་དུ་ལ་བཟླ་བ་དང་ལྔ་ལས།

ཀ༽དང་པོ་གཤིས་མངོན་དུ་གྱུར་པས་ཆོས་ཟད་བློ་འདས་ཆེན་པོར་ལ་བཟླ་བ།

ད་ནི་རྟོགས་པ་མཁའ་མཉམ་ཡངས་པས་ཆོས་ལ་བྱར་མེད་ཆེན་པོར་ལ་བཟླ་བ་ལས། གཤིས་མངོན་དུ་གྱུར་པས་ཆོས་ཟད་བློ་འདས་ཆེན་པོར་ལ་བཟླ་བ་ནི།

ཆོས་ཀུན་ཡེ་ནས་གྲོལ་རུང་མ་གྲོལ་རུང་།།

གནས་ལུགས་རང་བཞིན་དག་རུང་མ་དག་རུང་།།

སེམས་ཉིད་སྤྲོས་དང་བྲལ་རུང་མ་བྲལ་རུང་།།

གཉུག་མའི་གཤིས་ལ་གྲུབ་རུང་མ་གྲུབ་རུང་།།

ཞེས་གསུངས་ཏེ། རང་གི་རིག་པའི་ངོ་བོ་གཞི་མེད་ཟང་ཀ་ཆོས་ཟད་རྗེན་པར་སོང་བ་འདི་ཡིན་ཏེ། མུ་ཏིག་ཕྲེང་བ་ལས། ཡན་ལག་མ་བསྐྱོད་ཡེ་ཕྱིན་པས། །འགྲོ་བའི་ལམ་ཉིད་ཡེ་ནས་བགྲོད། །སྨྲས་པའི་ངག་ནི་བརྗོད་མེད་པས། །ཡེ་ནས་སྨྲ་བསམ་ཡུལ་ལས་འདས། །བསམ་པའི་འཕྲོ་འདུ་ཡེ་སྟོང་པས། །ཡེ་ནས་བསམ་གཏན་ཆེན་པོར་གནས། །དྲི་མ་རྣམས་ནི་རང་དག་པས། །དྲི་མེད་ཟང་ཐལ་ཆེན་པོ་གནས། །ཞེས་སོ། །སྣང་སྲིད་སྣོད་བཅུད་འཁོར་འདས་ཀྱི་ཆོས་ཐམས་ཅད་གྲོལ་ཡང་རུང་མ་གྲོལ་ཡང་རུང་། ཆོས་ཟད་བློ་འདས་མིང་མེད་སྤྲོས་པ་དང་བྲལ་བའི་ཀློང་དུ་ངོ་བོ་གཞི་མེད་ཟང་ཀ་རྗེན་པར་ཐག་ཆོད་པ་ཡིན། སོ་སོར་རང་གི་རིག་པའི་ཡུལ་གནས་ལུགས་ཀྱི་རང་བཞིན་དག་ཀྱང་རུང་མ་དག་ཀྱང་རུང་། རིག་སྟོང་སྐྱེ་མེད་ཆོས་དབྱིངས་རྗེན་པ་ཅིའི་ངོ་བོར་ཡང་མ་གྲུབ་པ་འདིས་ཐག་ཆོད་པ་ཡིན། སེམས་ཉིད་བྱང་ཆུབ་ཀྱི་སེམས་སྤྲོས་པ་དང་བྲལ་ཡང་རུང་མ་བྲལ་ཡང་རུང་། རིག་དང་མ་རིག་མེད་པའི་ཀློང་ཆེན་འདི་ཉིད་ཀྱི་ངང་ལས་མ་འདས་པར་མངོན་དུ་གྱུར་པ་འདིར་ལ་བཟླ་བ་དང་། ཡེ་སྟོང་ཡང་སྟོང་གི་ཆོས་ཐམས་ཅད་གཉུག་མའི་གཤིས་ལ་གྲུབ་རུང་མ་གྲུབ་རུང་། དུས་གསུམ་འཕོ་འགྱུར་བྲལ་བའི་ཆོས་ཟད་ཆོས་ཉིད་རྗེན་པར་ཐག་བཅད་པ་ཡིན། དེས་ན་མ་བསྐྱོད་ཡེ་ཕྱིན། མ་སོང་ཡེ་བགྲོད། སྨྲ་བསམ་བརྗོད་འདས་ཀྱི་བསམ་གཏན་ཆེན་པོ། དྲི་མ་རང་དག་གི་དྲི་མེད་ཆེན་པོ། བློ་ཟད་ཆོས་འདས་སུ་ལ་བཟླ་བའོ།།

ཁ༽གཉིས་པ་རེ་དོགས་བློ་འདས་སུ་རྟོགས་པས་བློ་བདེ་ཁོང་ཡངས་ཆེན་པོར་ལ་བཟླ་བ།

རེ་དོགས་བློ་འདས་སུ་རྟོགས་པས་བློ་བདེ་ཁོང་ཡངས་ཆེན་པོར་ལ་བཟླ་བ་ནི།

འཁོར་འདས་རང་བཞིན་གཉིས་རུང་མི་གཉིས་རུང་།།

བསམ་བརྗོད་ཀུན་ལས་འདས་རུང་མ་འདས་རུང་།།

དགག་སྒྲུབ་འཁྲུལ་བ་ཞིག་རུང་མ་ཞིག་རུང་།།

རྟོགས་པའི་ལྟ་བ་རྟོགས་རུང་མ་རྟོགས་རུང་།།

ཞེས་གསུངས་ཏེ། ད་ལྟར་གྱི་རིག་པ་ལ་བྱ་བྱའི་ཆོས་མི་འདུག་པས་བྱར་མེད་ཟང་ཀ་རྗེན་པ་ལས་འདི་ལ་ཆོས་ཀྱིས་བཅོས་སུ་མེད་དེ། རིག་པ་རང་གྲོལ་ལས། ཡང་དག་རིག་པའི་ངོ་བོ་ལ། །བྱ་དང་བྱེད་པའི་རིག་པ་མེད། །འཛིན་པས་གོལ་བའི་རྒྱུ་ཉིད་ལ། །ལམ་ལ་དགག་དང་སྒྲུབ་པ་མེད། །ལྟོས་པའི་རིག་པ་གང་ཡང་མེད། །རྒྱ་ཆད་ཕྱོགས་ཆར་འཛིན་པ་མེད། །ཅེས་པ་དང་། མུ་ཏིག་ཕྲེང་བ་ལས། བྱས་དང་བྱུང་བ་མེད་པའི་ཕྱིར། །ཐོག་མ་ཉིད་ནས་བྱ་བྱེད་བྲལ། །ཞེས་སོ། །རྒན་པོས་བྱ་བ་ཐམས་ཅད་འགྲུབ་ཚར་ནས་ལས་ཟིན་ན་བློ་བདེ་ཁོང་ལྷོད་བྱས་ཏེ་འདུག་པ་བཞིན་དུ། ཡུལ་སེམས་གཉིས་མེད་དུ་གྲོལ་ནས་རེ་དོགས་བློ་འདས་སུ་རྟོགས་དུས། རིག་པ་སྟོང་གསལ་ཆོས་ཟད་ཆོས་སྐུའི་ངང་དུ་འདུ་འབྲལ་མེད་པར་གནས་པ་ནི། འཁོར་འདས་ཀྱི་རང་བཞིན་གཉིས་སུ་ཡོད་ཀྱང་རུང་། མི་གཉིས་པར་གཅིག་ཀྱང་རུང་། གཉིས་འཛིན་གྱི་རྟོག་པའི་དྲ་བ་ཟད་ནས་བསམ་བརྗོད་ཀུན་ལས་འདས་ཀྱང་རུང་མ་འདས་ཀྱང་རུང་། དགག་སྒྲུབ་ཀྱི་འཁྲུལ་བ་ཞིག་ཀྱང་རུང་མ་ཞིག་ཀྱང་རུང་། དགག་དང་སྒྲུབ་པའི་ལས་ཟད་ནས་རྟོགས་པའིི་ལྟ་བ་རྟོགས་ཀྱང་རུང་མ་རྟོགས་ཀྱང་རུང་། རིག་པ་རྒྱ་ཆད་ཕྱོགས་འཛིན་དང་བྲལ་བ་སྒྲིམ་ལྷོད་མེད་པར་ལུས་སེམས་གང་བདེར་བཞག་ན། ཇི་ལྟར་བར་སྣང་དག་པ་བཞིན་དུ་ཆོས་དབྱིངས་ཀྱི་ངང་དུ་འདུ་འབྲལ་གྱི་ཐ་སྙད་མེད་པར་རེ་དོགས་བློ་འདས་སུ་ལ་བཟླ་བ་ཡིན་ནོ།།

ག༽གསུམ་པ་ཡིད་ལ་བྱར་མེད་ཡེ་ཟད་ཆེན་པོར་རྟོགས་པས་བློའི་དམིགས་བསམ་སྤྲོ་བསྡུ་ལས་འདས་པར་ལ་བཟླ་བ།

ཡིད་ལ་བྱར་མེད་ཡེ་ཟད་ཆེན་པོར་རྟོགས་པས་བློའི་དམིགས་བསམ་སྤྲོ་བསྡུ་ལས་འདས་པར་ལ་བཟླ་བ་ནི།

ཆོས་ཉིད་དོན་ལ་བསྒོམས་རུང་མ་བསྒོམས་རུང་།།

བླང་དོར་མེད་པས་དཔྱད་རུང་མ་དཔྱད་རུང་།།

གནས་ལུགས་འབྲས་བུ་གྲུབ་རུང་མ་གྲུབ་རུང་།།

ས་དང་ལམ་ལ་བགྲོད་རུང་མ་བགྲོད་རུང་།།

ཞེས་གསུངས་ཏེ། རིག་པའི་ངོ་བོ་སྟོང་སངས་ཆོས་ཀྱིས་མ་གོས་པར་རྟོགས་པས་འདི་ཡིན་གཏད་སོའི་ཆོས་ལ་དཔྱད་པར་མི་བྱ་སྟེ། ཡི་གེ་མེད་པ་ལས། སྣང་བྱེད་མ་ཡིན་སྣང་བའི་ཕྱོགས་དང་བྲལ། །སྒྲིབ་བྱེད་མ་ཡིན་སྒྲིབ་པའི་ཆོས་ལས་འདས། །བྲི་བ་མ་ཡིན་ཐོགས་མེད་ཕྱོགས་བཅུར་ཁྱབ། །རྩོལ་བ་མ་ཡིན་རྩོལ་སྒྲུབ་ཆོས་དང་བྲལ། །གཅིག་པུ་མ་ཡིན་དུ་མའི་ཆོས་དང་བྲལ། །ཞེས་པ་དང་། ཀུན་བྱེད་ལས། མ་བཅོས་རྣལ་མ་ཀུན་གྱི་ཆོས་ཉིད་ཡིན། །ཆོས་ཉིད་ལས་ནི་སངས་རྒྱས་གུད་ན་མེད། །སངས་རྒྱས་མིང་དུ་བཏགས་པ་བླ་དྭགས་ཡིན། །ཆོས་ཉིད་བྱ་བ་གཞན་མེད་རང་སེམས་ཏེ། །རང་སེམས་མ་བཅོས་ཆོས་ཀྱི་སྐུ་རུ་བཤད། །མ་བཅོས་པ་ལ་ཡེ་ནས་སྐྱེ་མེད་པས། །སྐྱེ་མེད་དོན་ལ་བཙལ་ཞིང་བསྒྲུབ་ཏུ་མེད། །བཙལ་ཞིང་བསྒྲུབས་པས་བྱར་མེད་འགྲུབ་མི་འགྱུར། །ཞེས་སོ། །རིག་སྟོང་རྩོལ་བའི་ལས་དང་བྱས་པའི་ཆོས་སུ་མ་གྲུབ་ཅིང་དེ་དག་གིས་མ་གོས་པ་ཡིན་པས་ན་ཡིད་ལ་བྱར་མེད། ཡེ་ཟད་ཆེན་པོའི་ཆོས་ཉིད་ཀྱི་དོན་ལ་བསྒོམས་ཀྱང་རུང་མ་བསྒོམས་ཀྱང་རུང་ཁྱད་པར་མ་དམིགས་པས་མི་སྣང་གསལ་བྱེད་སྣང་བ་མངོན་གྱུར་གྱི་ཆོས་སུ་མ་གྲུབ། བླང་དོར་རེ་དོགས་ཡེ་ཟད་བློ་ཡུལ་ལས་འདས་ན་བླང་དོར་མེད་པས་དཔྱད་ཀྱང་རུང་མ་དཔྱད་ཀྱང་རུང་། བསྒྲུབ་བྱ་སྒྲུབ་བྱེད་དུ་ཡོད་མ་མྱོང་བར་ཆོས་ལས་འདས་པ་ཡིན་པས་ན་བླང་དོར་མེད་པའི་བྱེད་པ་ཡང་དམིགས་བསམ་སྤྲོ་བསྡུ་ལས་འདས་དུས་མི་དམིགས་པ་ཡིན། དེ་བཞིན་དུ་མ་བཅོས་རྣལ་བཞག་ཀུན་གྱི་ཆོས་ཉིད་ཡིན་པ་དང་། ཆོས་ཉིད་ཙམ་དུ་ཡང་བསྒྲུབ་བྱ་སྒྲུབ་བྱེད་མེད་པས་ན་གནས་ལུགས་འབྲས་བུ་གྲུབ་ཡོད་ཀྱང་རུང་མེད་ཀྱང་རུང་འདི་ཡིན་གཏད་སོ་ཅན་གྱི་དཔྱད་པ་མེད། བྱར་མེད་ཡེ་ཟད་ཡེ་ནས་དག་པ་ལ་ས་དང་ལམ་རྣམས་བགྲོད་ཀྱང་རུང་མ་བགྲོད་རུང་ཞེས་སྐྱེ་མེད་ཀྱི་དོན་ལ་བཙལ་ཞིང་བསྒྲུབ་པ་དང། བྱར་མེད་ཀྱི་ཆོས་ལ་བྱས་པས་མི་འགྲུབ་པའི་དམིགས་བསམ་སྤྲོ་བསྡུ་ལས་འདས་པར་ལ་བཟླས་ནས།

ང༽བཞི་བ་རིག་པ་སྒྲིབ་མེད་ཟང་ཀར་རྟོགས་པས་བྲལ་སྟོབས་མེད་པ་ལ་བཟླ་བ།

རིག་པ་སྒྲིབ་མེད་ཟང་ཀར་རྟོགས་པས་བྲལ་སྟོབས་མེད་པ་ལ་བཟླ་བ་ནི།

སྒྲིབ་པ་ཀུན་དང་བྲལ་རུང་མ་བྲལ་རུང་།།

བསྐྱེད་རྫོགས་ཆོས་ཉིད་རྫོགས་རུང་མ་རྫོགས་རུང་།།

ཐར་བའི་འབྲས་བུ་ཐོབ་རུང་མ་ཐོབ་རུང་།།

འགྲོ་དྲུག་འཁོར་བ་འཁྱམ་རུང་མ་འཁྱམ་རུང་།།

ཞེས་གསུངས་ཏེ། རིག་པའི་ངོ་བོ་འདི་ལ་སྤངས་ཐོབ་དང་གྲོལ་འཁྲུལ་མི་འདུག་པས་ད་ནི་ཡར་སངས་རྒྱས་ལ་ཐོབ་ཏུ་མི་རེ་བས་དེའི་ལམ་བསྐྱེད་རྫོགས་ཀྱི་ཆོས་མི་སྒོམ། མར་འཁོར་བ་འཁྱམ་གྱིས་མི་དོགས་པས་དེའི་རྒྱུ་སྡིག་སྒྲིབ་ལ་སྦྱོང་ཕྱོགས་མི་བྱེད། བྱར་མེད་ཆོས་མེད་དུ་ལས་ཟིན་པས་འཁོར་འདས་སྤངས་ཐོབ་མེད་པ་བློ་བདེ་བས་ཏེ། མུ་ཏིག་ཕྲེང་བ་ལས། གཞི་ནས་གཞན་བྱུང་ཆོས་མེད་པས། །གདོད་ནས་རང་བྱུང་ཉག་གཅིག་གོ །གཅིག་དང་གཉིས་ཀྱི་གྲངས་ཟད་པས། །ཐིག་ལེ་ཟླ་དང་བྲལ་བ་ཉིད། །མུན་པ་གདོད་ནས་རྣམ་དག་པས། །རིག་པའི་སྣང་བ་འོད་གསལ་ཁྱབ། །འཁོར་བ་རྒྱུ་མེད་འགགས་ཟིན་པས། །ཡེ་ནས་རང་སངས་རྒྱས་ཀྱི་ས། །མཚན་མའི་དངོས་པོ་སྟོང་སངས་པས། །བདག་འཛིན་བློ་ནི་ཡེ་ནས་ཟད། །ཅེས་སོ། །རིག་པའི་གཤིས་ལ་སྒྲིབ་པའི་དྲི་མ་མེད་པས་ན་དེ་ཉིད་ཟང་ཀར་རྟོགས་དུས་སྒྲིབ་པ་ཀུན་དང་བྲལ་ཡང་རུང་མ་བྲལ་ཡང་རུང་། སྤངས་ཐོབ་དང་གྲོལ་འཁྲུལ་གཤིས་ལ་མེད་པས་སྒྲིབ་པ་བྲལ་མི་བྲལ་གང་གི་ཐ་སྙད་བྱས་ཀྱང་ཁྱད་མེད་པ་དང་། དོན་གྱི་སྙིང་པོ་རང་ལ་རྫོགས་སོང་བས་བསྐྱེད་རྫོགས་ཆོས་ཉིད་རྫོགས་ཀྱང་རུང་མ་རྫོགས་ཀྱང་རུང་བ་དང་། ཡར་སངས་རྒྱས་ཐོབ་པའི་རེ་བ་ཟད་སོང་དུས་བསྲུང་བྱའི་དམ་ཚིག་དང་ཉམས་ལེན་གྱི་ལྟ་སྒོམ་སྤྱོད་འབྲས་ཞོག་དང་ཆོག་པ་དང་། སྔ་ཕྱི་ཚེ་རབས་བཏགས་པ་ཙམ་ཞིག་ཏུ་མཐོང་ནས་མར་འཁོར་བར་འཁྱམ་དོགས་མེད་པས། ཐར་བའི་འབྲས་བུ་ཐོབ་ཀྱང་རུང་ལ་མ་ཐོབ་ཀྱང་རུང་བ་ཡིན་པས་སྒྲིབ་སྦྱོང་ཕྱག་སྐོར་རང་གར་བཞག་པས་ཆོག་པ་ཡིན། སྲིད་གསུམ་ཀ་དག་ཆེན་པོར་རྟོགས་དུས་འགྲོ་དྲུག་འཁོར་བ་འཁྱམ་ན་ཡང་རུང་ལ་མ་འཁྱམ་ན་ཡང་རུང་བ་དང་། དགེ་སྡིག་རྒྱུ་འབྲས་རིག་པའི་རང་ངོར་མ་གྲུབ་པས་ན་འཁོར་འདས་སྤངས་ཐོབ་མེད་པར་བློ་བདེ་བས་མི་ཚད་པར་སྣང་བ་བག་ཡངས་འཁོར་བ་དོང་སྤྲུགས་རིག་པ་གྲུབ་མེད་དུ་རྟོགས་པས་བྲལ་ཐོབ་ཅི་ཡང་མེད་པར་ལ་བཟླས་པའོ།།

ཅ༽ལྔ་བ་ཆོས་ཟད་རྒྱ་གྲོལ་ཕྱམ་གདལ་དུ་རྟོགས་པས་གང་ལ་ཡང་རྩིས་མེད་རང་ཡན་དུ་ལ་བཟླ་བ།

ཆོས་ཟད་རྒྱ་གྲོལ་ཕྱམ་གདལ་དུ་རྟོགས་པས་གང་ལ་ཡང་རྩིས་མེད་རང་ཡན་དུ་ལ་བཟླ་བ་ནི།

རང་བཞིན་ལྷུན་གྱིས་གྲུབ་རུང་མ་གྲུབ་རུང་།།

རྟག་ཆད་གཉིས་འཛིན་བཅིངས་རུང་མ་བཅིངས་རུང་།།

ཆོས་ཉིད་དགོངས་པར་སླེབ་རུང་མ་སླེབ་རུང་།།

གོང་མའི་རྗེས་སུ་སྙོགས་རུང་མ་སྙོགས་རུང་།།

ཞེས་གསུངས་ཏེ། ད་ནི་རིག་པའི་སྟེང་འདིར་ཁྱད་མི་འདུག་སྟེ། ཆོས་ལ་བྱར་མི་འདུག བྱས་ཀྱང་ཆོས་སུ་མི་འདུག ཡོད་མེད་མཐར་འདུག ཡིན་མིན་བློར་འདུག ལྟ་སྒོམ་སྒྲོག་ཏུ་འདུག ཆོས་ཉིད་གོལ་སར་འདུག འཁོར་འདས་རིག་པར་འདུག རིག་པ་ཟང་ཐལ་དུ་འདུག ཟང་ཐལ་རྗེན་པར་འདུག ཕྱལ་བ་རང་ཡན་གྱི་ཤེས་པ་རྒྱ་གྲོལ་བར་མེད་དུ་ཐལ་ལོ། །བསམས་ན་རྟོག་པ། བསྒོམས་ན་བློ། བརྗོད་ན་ཚིག བལྟས་ན་གཟུང་འཛིན། བཞག་ན་ཆོས་ཉིད། བྱས་ན་འཁོར་བ། བྱུང་ན་རང་ཤར། རང་བབས་གནམ་ཡན་གྱི་ཤེས་པ་དགའ་བདེ་གུ་ཡངས་སུ་ཐལ་ལོ། །བྱས་པས་མི་ཟིན། བལྟས་པས་མི་མཐོང་། བསྒོམས་པས་མི་གྲོལ། བཙལ་བས་མི་འགྲུབ། གློད་པས་མི་གྲོལ། བཟུང་བས་མི་ཟིན། ཆོས་ཟད་མིང་མེད་ཀྱི་ཤེས་པ་ཟང་ཀ་རྗེན་པར་ཐལ་ལོ། །འཁོར་འདས་ལ་བར་མེད། ཟང་ཐལ་ལ་རྗེས་མེད། རང་ཤར་ལ་རིས་མེད། རང་གྲོལ་ལ་ཆོས་མེད། ཆོས་ཟད་ལ་མིང་མེད། ལྟ་སྒོམ་ལ་རྩིས་མེད། རང་རིག་ལ་སེམས་མེད། ཕྱལ་བ་ལ་རིས་མེད། སྐྱེ་འགག་ལ་གཞི་མེད། རང་གསལ་བར་མེད་ཀྱི་ཤེས་པ་ཅར་ཕོག་རིས་མེད་དུ་ཐལ་ལོ། །ཤར་ས་ནས་གྲོལ། སྣང་ས་ནས་སྟོང་། འགྱུ་ས་ནས་ཡལ། ཡིན་ས་ནས་མིན། མིན་ས་ནས་ཡིན། ཡོད་ས་ནས་མེད། མེད་ས་ནས་ཡོད། གནས་ས་ནས་འགྱུ། འགྱུ་ས་ནས་གནས། རང་བཞིན་བར་མེད་ཀྱི་ཤེས་པ་ཆུ་བོ་རྒྱུན་གྱི་བསམ་གཏན་དུ་ཐལ་ལོ། །ཡོད་པར་བསྒོམས་ཀྱང་རྟག་མི་སྲིད། མེད་པར་བསྒོམས་ཀྱང་ཆད་མི་སྲིད། ཡོད་མེད་དུ་བལྟས་ཀྱང་མཐར་མི་ལྷུང་། ཡིན་མིན་དུ་ཤར་ཡང་རིས་སུ་མ་བཅད། བདེ་སྡུག་ཏུ་སྣང་ཡང་རྗེས་མི་མཐུད། ཆོས་ཉིད་དུ་སངས་ཀྱང་བློ་མི་འཇུག བར་མེད་དུ་གྲོལ་ཡང་གཤིས་མི་སྐྱོང་། རིས་མེད་ཕྱོགས་ཡན་གྱི་ཤེས་པ་ཁ་ཡན་དུ་ཐལ་ལོ། །ཡོད་དུ་ཆུག མེད་དུ་ཆུག སྣང་དུ་ཆུག སྟོང་དུ་ཆུག ཡིན་དུ་ཆུག མིན་དུ་ཆུག བཟང་དུ་ཆུག ངན་དུ་ཆུག རྟོགས་སུ་ཆུག མ་རྟོགས་སུ་ཆུག རང་སངས་རྗེན་པ་སྟོང་ཡལ་གྱི་ཤེས་པ་ཁ་གང་རྒྱ་ཕྱལ་རྗེས་མེད་དུ་ཐལ་ལོ། །ཡེ་ནས་མ་གྲོལ་ཏེ་གཞི་མེད། རང་ངོ་མི་ཤེས་ཏེ་གཉིས་མེད། ལྟ་སྒོམ་མི་སྤྱོད་དེ་བྱར་མེད། གནས་ལུགས་མི་སྐྱོང་སྟེ་ངང་མེད། རང་བབས་མི་འཇོག་སྟེ་གནས་མེད། རང་སར་མི་གྲོལ་ཏེ་རྟེན་མེད། ཡེ་སངས་ཆོས་མེད་དེ་དབྱིངས་མེད། མཐར་ཐུག་རིས་མེད་དེ་མཐོང་ཐོབ་ལས་འདས། ཆོས་མེད་བྱ་བྲལ་གྱི་ཤེས་པ་རྗེན་པར་ཐལ་ལོ། །ལྟ་སྒོམ་གྱི་གཟེབ་ཏུ་མ་འཆིངས། ཆོས་ཉིད་ཀྱི་སྟོང་རར་མ་གཞུག གནས་ལུགས་ཀྱི་ངང་དུ་མ་བསྐྱངས། ཟལ་ཐལ་གྱི་རྗེན་ལ་མ་འབུད། ཤར་གྲོལ་གྱི་འཕྲང་ལ་མ་བཤར། རང་ཡལ་གྱི་ཕྱམ་ལ་མ་བསྐྱུར། རང་གྲོལ་གྱི་དོན་ལ་མ་སྤྱོད། བརྗོད་མེད་ཀྱི་གཤིས་ལ་མ་སྐྱེལ། གཏད་མེད་ཀྱི་རིག་པ་གཏོད་མེད་དུ་འཕྱམ་པ་ལ་ངང་དྭངས་ཀྱི་ཤོལ་འདེབས་སྒྲོག་ཏུ་ཆེ་བས། ཆོས་མ་བསྒོམས། བློ་མ་བསྒྱུར། སྔུན་མ་བསུ། རྗེས་མ་སྙོགས། ད་ལྟ་མ་བཟུང་། ཟང་མ་ཐལ་བྱུང་དུ་མ་བསྐྱངས་པར་རྩིས་མེད་རང་ཡན་གྱི་རིག་པ་མཐའ་གྲོལ་ཀློང་ཡངས་ཆེན་པོར་ཐལ་ལོ། །དེ་ལྟར་མ་བཅོས་འཁོར་འདས་དབྱེར་མེད་ཤར་གྲོལ་དང་བྲལ་བ་རྫོགས་པ་ཆེན་པོའི་དོན་བསྟན་པ་སྟེ། འདི་མུ་ཏིག་ཕྲེང་བའི་ལུང་གིས་འགྲེལ་ཡོད་ཀྱང་། སྤྲོས་པ་ཅན་གྱི་བློ་རྟོག་དང་སྦྱར་ནས་འགྲེལ་བའི་ཚུལ་ཞིག་བྱེད་དགོས་པ་ཡིན། འཆད་ཁྲིད་བྱེད་བཞིན་པའི་སྐབས་རེད། ད་རེས་ལས་ནམ་ཡིན་དུ་བཤད་རྒྱུའི་སྐལ་བ་ཨེ་ལྡན་ཅི་ཤེས། གལ་ཏེ་ལྡན་ན་ཡང་དགའ་དགའ་རེད། ད་རྒྱ་གྲོལ་རྒྱ་གྲོལ་རེད། ཀློང་ཡངས་ཀློང་ཡངས་རེད་ཅེས་མར་འདོན་སོང་ན་ཅི་གོ་འདི་གོ་མེད་པ་ལྟ་བུ་ཞིག་རེད། དེ་ཡིན་དུས་ངའི་འདིའི་ཡི་གེ་ཅན་པོ་ལྡེབ་མ་བརྒྱ་དང་ང་གཅིག་པའི་སྲིབ་ངོས་ཀྱི་ཕྲེང་གཉིས་པ་ནས་མར་ད་ལྟ་བཏོན་པ་དེ་ཡང་གཟིགས་ཤིག་གྱིས་དང་དེ་ནས་མར་འགྲེལ་རྒྱུ་བྱེད། འདིའི་རྡོ་རྗེའི་ཚིག་འདི་དག་གིས་རྫོགས་ཆེན་ཨ་ཏི་ཡོ་གའི་ལྟ་སྒོམ་སྤྱོད་འབྲས་བཞི་བོ་རིམ་གྱིས་བསྟན་པ་ལས། དང་པོ་ལྟ་བ་ཕྱལ་བ་རང་ཡན་ནི། ཆོས་ཟད་ཡེ་གྲོལ་ཆེན་པོ་འཁོར་འདས་མིང་མེད་དུ་རྟོགས་སོང་བས། ད་ནི་རིག་པའི་སྟེང་འདི་ན་གང་བྱུང་གང་སྣང་གང་ཤར་གར་བབ་ལ་ཁྱད་པར་དང་རེ་དོགས་དགའ་སྡུག་ལ་སོགས་པའི་གཉིས་འཛིན་བྱ་བྱེད་ཀྱི་བྱེད་པོ་དང་བྱ་ཡུལ་མི་འདུག ཆོས་ལ་བྱར་མི་འདུག་སྟེ། གཞི་མེད་ཡེ་སྟོང་རྩ་བ་དང་བྲལ་བ་མེད་པ་གསལ་སྣང་ཡིན་པའི་ཕྱིར། གང་བྱས་མདང་གི་རྨི་ལམ་དང་འདྲ་བར་རིག་པ་གཅིག་ལས་མ་གཡོས་པ་ཡིན་པའི་ཕྱིར་བྱས་ཀྱང་ཆོས་སུ་མི་འདུག མཐར་འཛིན་དེ་ཐིག་ལེ་ཉག་གཅིག་ལ་བཟླུམས་ནས་མཐའ་སྟོངས་པའི་ཕྱིར་ན་ཡོད་མེད་མཐར་འདུག ཡིན་མིན་བློ་རུ་འདུག བློ་ནི་འཁྲུལ་བ་ཡིན་པས་ན་དེ་ལ་གཏད་སོ་མེད། གོང་ནས་བཤད་པ་ལྟར་གསེར་སྒྲོག་ཐག་སྒྲོག་གང་གིས་བཅིངས་ཀྱང་འཆིང་བ་མཉམ་པ་དང་འདྲ་བར་ལྟ་སྒོམ་སྒྲོག་ཏུ་འདུག ཆོས་ཉིད་གོལ་སར་འདུག་སྟེ་ཆོས་ཉིད་ཆོས་ཉིད་དུ་བཟུང་ན་འཛིན་པའི་རྒྱ་ལས་མ་གྲོལ་བའི་ཕྱིར། འཁོར་འདས་ཐམས་ཅད་རིག་པ་ཆོས་ཉིད་གཅིག་ཏུ་དག་པར་འདུག རིག་པ་འདི་ཡིན་གྱིི་ངོས་བཟུང་དང་བྲལ་བའི་ཟང་ཐལ་དུ་འདུག ཟང་ཐལ་རྗེན་པ་གཞི་མེད་དུ་དག་ནས་འདུག ཕྱལ་བ་རང་ཡན་གཟུང་འཛིན་རིས་མེད་བྱ་རྩོལ་གཉིས་མེད་རྒྱ་གྲོལ་བར་མེད་དུ་ཐལ་ལོ་ཞེས་ལྟ་བ་བསྟན་པའོ། །གཉིས་པ་སྒོམ་པ་རང་བཞིན་བར་མེད་ནི། བསམས་ན་རྟོག་པ་ཡིན་པས་ཐམས་ཅད་འཁྲུལ་བའི་དྲ་བ་ལས་མ་འདས། བསྒོམས་ན་བློ་ཡིན་དེ་ཡང་གཉིས་འཛིན་གྱི་ཞེན་པ་ཅན་ཡིན་པས་ན་བསྒོམས་ཀྱང་བློ་འཁྲུལ་བ་ལས་མ་འདས། བརྗོད་ན་ཚིག་ཡིན་པས་བརྗོད་པའི་ཚིག་ཚང་མ་སྨྱོན་པའི་བླ་རྡོལ་དང་བྲག་ཅའི་སྒྲ་སྐད་འདྲ་བ་ཡིན། བལྟས་ན་གཟུང་དང་འཛིན་པ་ལས་མ་བྲལ་བར་བཅིངས་པས་གཟུང་འཛིན་གཉིས་སྣང་གི་ཡོ་ལང་རྐྱང་རྐྱང་ཡིན། འཇོག་ཡུལ་རང་དག་ཡིན་པས་བཞག་ན་ཆོས་ཉིད་ཀྱི་ངང་ལས་མི་འདའ། བྱས་ན་འཁོར་བ་སྟེ་བར་མེད་ཉིང་འཁྲུལ་ཞིག་མ་གཏོགས་བྱས་ཡོང་རྒྱུ་ཞིག་མེད་པས་བྱས་པ་ཐམས་ཅད་འཁོར་བ་ཡིན། བྱུང་ན་གཞི་མེད་རྩལ་སྣང་ཡིན་པས་ན་རང་ཤར་ཡིན། དེའི་ཕྱིར་ན་རང་བབས་གནམ་ཡན་གྱི་ཤེས་པ་དགའ་བདེ་གུ་ཡངས་སུ་ཐལ་ལོ་ཞེས་ཚོགས་དྲུག་ལྷུག་པ་རང་གསལ་འཛིན་མེད་ཆེན་པོར་ལྷུན་གྱིས་གྲུབ་པར་བསྟན་པའོ། །བྱར་མེད་ཡིན་པས་བྱས་པས་མི་ཟིན། བལྟ་བྱ་ཟད་པའི་ཆོས་ཉིད་ཡིན་པས་བལྟས་པས་མི་མཐོང་། བསྒོམས་པས་མི་གྲོལ་བས་ཐོངས་ཤིག བཙལ་བས་མི་འགྲུབ་པས་མ་བཙལ་རང་གར་ཞོག གློད་པས་མི་གྲོལ་བས་རང་བཞིན་གྱིས་བབས་ལ་ཞོག བཟུང་བས་མི་ཟིན་པས་བྱས་ཆོས་ཐམས་ཅད་བསྐྱུར་ནས་བཞག་པས་ཆོས་ཟད་མིང་མེད་ཀྱི་ཤེས་པ་ཟང་ཀ་རྗེན་པར་ཐལ་ལོ་ཞེས་རང་བྱུང་གི་རིག་པ་ནམ་མཁའ་ལྟ་བུ་ལ་སྤང་བླང་གཉེན་པོའི་གཟེབ་ཀྱིས་མི་འཆིང་བའི་སྣང་རྟོག་རིག་པའི་ཀློང་ལས་མི་འདའ་བའི་ལ་བཟླ་བ་བསྟན་ནས། བཟང་ངན་གྱི་སྒྲོ་དག་ཅིང་གཤིས་ནམ་མཁའ་ལྟ་བུ་ལས་མ་གཡོས་པ་ཡིན་པས་ན་འཁོར་འདས་ལ་བར་མེད། ཟང་ཐལ་ལ་རྗེས་མེད་པ་བྱ་ལམ་ནམ་མཁའི་རྗེས་དང་འདྲ་འདྲ་ཡིན། རང་ཤར་ལ་རིས་མེད་པ་མཉམ་པ་ཆེན་པོའི་ངང་ནས་ཤར་བ་ཡིན་པས་དེ་ལ་རིས་དང་ཕྱོགས་སུ་བཅད་པ་མེད། རང་གྲོལ་ལ་ཆོས་མེད་པས་གྲོལ་བྱ་གྲོལ་བྱེད་དུ་མ་གྲུབ། མིང་མེད་མིང་དུ་སོང་། དོན་མེད་དོན་དུ་བཟུང་བ་ཆོས་ཟད་ཀྱི་དོན་ལས་བཟློག་སོང་བས་ཆོས་ཟད་ལ་མིང་མེད། ཞེ་འདོད་ཀྱི་རིས་དང་འདི་ཡིན་གྱི་རྩོལ་བློ་མེད་པས་ལྟ་སྒོམ་ལ་རྩིས་མེད། སེམས་ལས་འདས་པའི་ཡེ་ཤེས་ཡིན་པས་ན་རང་རིག་ལ་སེམས་མེད། བྱ་ལོང་གིས་ནམ་མཁའི་མཐའ་འཚོལ་བ་ལྟར་དུ་རིས་དང་ཕྱོགས་སུ་གཅད་ཡོང་རྒྱུ་ཞིག་དང་ཐུག་འགྲོ་ས་ཞིག་མེད་པས་ཕྱལ་བ་ལ་རིས་མེད། ཆོས་ཉིད་སྐྱེ་བ་མེད་ཅིང་ཆོས་ཅན་ལ་རང་བཞིན་མེད་པས་ན་སྐྱེ་འགག་ལ་གཞི་མེད། དེ་ལྟར་ན་རང་གསལ་བར་མེད་ཀྱི་ཤེས་པ་ཅར་ཕོག་རིས་མེད་དུ་ཐལ་ལོ་ཞེས་སྣང་སེམས་ཐུག་ཕྲད་རྗེས་མེད་ཡེ་སྟོང་གདོད་ནས་དག་པ་བྱར་མེད་དོན་གྱི་སྙིང་པོ་དེ་མེད་པ་རང་མལ་ལས་མ་གཡོས་པར་བསྟན་པའོ། །འདི་ནི་དམ་ཚིག་གི་ཆིངས་རྣམ་པ་བཞི་དང་སྦྲེལ་ནས་བཤད་ན་ཆོག་པ་ཡིན། ཤར་བ་གཞི་མེད་ཡིན་པས་ན་ཤར་ས་ནས་གྲོལ། སྣང་དུས་ཉིད་ནས་སྟོང་པའམ་སྣང་བའི་ཕྱིར་ན་སྟོང་པས་སྣང་ས་ནས་སྟོང་། འགྱུ་བ་མེད་ན་ཡལ་བ་མི་འགྲུབ་པས་འགྱུ་ས་ནས་ཡལ། ཡིན་ས་ནས་མིན་ཏེ་ཡིན་པའི་ཕྱིར་ན་མིན་པར་གྲུབ་པའི་ཕྱིར། མིན་ས་ནས་ཡིན་ཏེ་མིན་པས་ན་ཡིན་པར་སྣང་བས་སོ། །ཡོད་ས་ནས་མེད་དེ་ཡོད་པ་ཉིད་ཀྱིས་ཀྱང་མེད་པར་གྲུབ་པའི་ཕྱིར། མེད་ལ་ཡོད་པར་རྟོག་པའི་འཁྲུལ་སྣང་འདི་བྱུང་བ་ནི། བཟང་རྟོག་ངན་རྟོག་གང་དུ་བཟུང་ཡང་ཐོ་ཡོར་མིར་རློམ་ལྟ་བུ་ཡིན་པས་ན་མེད་ས་ནས་ཡོད། གནས་ས་ནས་འགྱུ་བས་རང་རྩལ་ལ་འཕོ་འགྱུར་མེད། འགྱུ་ས་ནས་གནས་པས་ཤར་གནས་གང་བྱུང་ཐམས་ཅད་གྲོལ་བ་ལས་མ་འདས་པས་ན། རང་བཞིན་བར་མེད་ཀྱི་ཤེས་པ་ཆུ་བོ་རྒྱུན་གྱི་བསམ་གཏན་དུ་ཐལ་ལོ་ཞེས་རང་ཆས་ལྷུན་གྲུབ་དོན་གྱི་སྙིང་པོ་བསྟན་པའོ། །གསུམ་པ་སྤྱོད་པ་རིས་མེད་ཕྱོགས་ཡན་ནི། ཡོད་པར་བསྒོམས་ཀྱང་རྟག་མི་སྲིད་པས་ཡོད་པའི་མཐའ་ལས་གྲོལ་བ་ཡོད་པ་མ་ཡིན་རྒྱལ་བས་འདི་མ་གཟིགས་པའི་དོན་དང་། མེད་པར་བསྒོམས་ཀྱང་ཆད་མི་སྲིད་པ་མེད་པའི་མཐའ་ལས་འདས་པས་མེད་པ་མ་ཡིན་འཁོར་འདས་ཀུན་གྱི་གཞི་རུ་སྣང་བ་དང་། ཡོད་མེད་དུ་བལྟས་ཀྱང་གཉིས་ཀ་མ་ཡིན་གཉིས་མིན་དུ་ཡང་མ་གྲུབ་པ་ཆོས་དབྱིངས་ཐིག་ལེ་ཉག་གཅིག་མཐའ་དང་བྲལ་བ་ཡིན་པས་ན་མཐར་མི་ལྷུང་། ཡིན་མིན་དུ་ཤར་ཡང་རྒྱ་ཆད་དང་ཕྱོགས་ལྷུང་དང་བྲལ་བ་མཉམ་པར་གདལ་བ་ཡིན་པས་རིས་སུ་མ་བཅད། བདེ་སྡུག་ཏུ་སྣང་ཡང་རྗེས་མི་མཐུད་པ་མི་རྟོག་རང་ཡལ་རྗེན་པ་ལ་བར་མེད་པ་ཡིན། བློ་འདས་བྱ་རྩོལ་དང་བྲལ་བའི་དགོངས་པ་ལ་ཡིད་དཔྱོད་ཀྱིས་སྒྲོ་མི་འདོགས་པས་ཆོས་ཉིད་དུ་སངས་ཀྱང་བློ་མི་འཇུག གཤིས་ཤོར་ཀློང་འབྱམས་ཀྱི་ཉམས་ལེན་ལ་བློ་མ་གཏད་པས་བར་མེད་དུ་གྲོལ་ཡང་གཤིས་མི་སྐྱོང་བས་རིས་མེད་ཕྱོགས་ཡན་གྱི་ཤེས་པ་ཁ་ཡན་དུ་ཐལ་ལོ་ཞེས་སྣང་སེམས་ཆོས་ཉིད་ཀྱི་རོལ་བར་བླང་དོར་རྩོལ་སྒྲུབ་མི་དགོས་པ་ཡེ་གྲོལ་གདེང་ལྡན་གྱི་དགོངས་པ་རྩལ་དུ་བཏོན་པའོ། །བཞི་བ་འབྲས་བུ་མཐའ་གྲོལ་ཀློང་ཡངས་ནི། ཡོད་དུ་ཆུག་ཡོད་པ་མེད་པར་སྒྲུབ་པའི་ངལ་བ་མི་དགོས། མེད་དུ་ཆུག་མེད་སྣང་ཆད་པར་དོགས་པའི་སྐྲག་སྣང་ཡང་མི་དགོས། སྣང་དུ་ཆུག་གང་སྣང་རིག་པའི་རྩལ་ཡིན། སྟོང་དུ་ཆུག་སྟོང་པ་ཆོས་ཉིད་ཀྱི་གཤིས་ཡིན། ཡིན་པ་མིན་པར་སྒྲུབ་པའི་ངལ་བ་ཡང་མི་དགོས་པས་ཡིན་དུ་ཆུག་ཤོག མིན་པ་ལ་ཤོར་གྱིས་དོགས་པའི་སེམས་འཚེར་ཡང་མི་དགོས་པས་མིན་དུ་ཆུག་ཤོག བཟང་པོར་རེ་བའི་འདུན་པ་བསྐྱུར་ནས་བཟང་དུ་ཆུག ངན་པ་སེམས་ཀྱི་འཆར་སྣང་ཙམ་ཡིན་ཕྱིར་ངན་དུ་ཆུག རྟོགས་སུ་ཆུག་དང་ཤེས་རབ་ཀྱི་རང་རྩལ་ཡིན། མ་རྟོགས་སུ་ཆུག་ནས་མི་རྟོགས་པའི་རྩ་བ་བཏོན་པས་རང་སངས་རྗེན་པ་སྟོང་ཡལ་གྱི་ཤེས་པ་ཁ་གང་རྒྱ་ཕྱལ་རྗེས་མེད་དུ་ཐལ་ལོ་ཞེས་རང་གནས་ཆོས་ཟད་ཀྱི་དགོངས་པ་ངོས་ཟིན་པས་འཁོར་འདས་ཆོས་སྐུར་སངས་པར་བསྟན་པའོ། །ཡེ་ནས་མ་གྲོལ་ཏེ་ཡེ་གྲོལ་ལ་བསྐྱར་གཞི་མེད་པས་ཡེ་ནས་སངས་པ་ཡིན། རང་ངོ་མི་ཤེས་ཏེ་ཤེས་བྱ་དང་ཤེས་བྱེད་དུ་མ་གྲུབ་པས་གཉིས་མེད་ལ་གཉིས་སུ་འཛིན་པ་འཁྲུལ་བ་ཡིན། འཛིན་ཞེན་མངོན་རློམ་ཅན་གྱི་ལྟ་སྒོམ་ལྟར་དུ་བྱར་མེད་པས་བྱས་ཆོས་དང་བྲལ་བ་ཡིན། དུས་མེད་ཀ་དག་ཆེན་པོར་སྐྱོང་རྒྱུའི་ངང་ཞིག་མེད་པས་གནས་ལུགས་སུ་འདོགས་པ་ཡང་མ་གྲུབ། རང་བབས་སུ་མི་འཇོག་སྟེ་རང་ཞེས་མཛུ་གུ་བཙུགས་ས་ཞིག་མེད་པས་ན་དེའི་བབས་ལ་ཅི་ཞིག་འཇོག་སྟེ་གནས་མེད་པས་བཞག་ས་ཡང་མེད། གྲོལ་གཞིའི་རང་ས་ཞིག་མི་འགྲུབ་པས་རྟེན་མེད་ན་འཇོག་ཐབས་བྲལ་བ་ཡིན་པས་རང་སར་མི་གྲོལ་ཏེ་རྟེན་མེད། ཡེ་སངས་རྒྱས་པའི་ཆོས་མེད་དེ་གང་དུ་སངས་པའི་དབྱིངས་མེད་པས་སུ་ཞིག་གང་དུ་ཡེ་སངས་རྒྱས། ཆོས་ཟད་ལ་འདི་ཡིན་གྱི་ངོས་བཟུང་མེད་པ་ཡིན་པས་ན་རིས་མེད་དེ་མཐོང་ཞིང་ཐོབ་པའི་ཆོས་ལས་འདས་པ་ཡིན་པས་ཆོས་མེད་བྱ་བྲལ་གྱི་ཤེས་པ་རྗེན་པར་ཐལ་ལོ་ཞེས་འཁོར་བ་ཆོས་སྐུར་སངས་པ་ལ་སྒྲོ་སྐུར་གྱི་དྲི་མ་བྲལ་བས་འགག་བསྡམས་པའོ། །ངན་པའི་འཆིང་བ་ལས་བཟང་པོའི་འཆིང་བ་དམ་པ་ཡིན་ཕྱིར་ལྟ་སྒོམ་གྱི་གཟེབ་ཏུ་མ་འཆིང་། སྟོང་སྒོམ་བློ་རྟོག་གི་ཡུལ་ལས་འདས་པ་སྟོང་པ་ཙམ་དུ་ཡང་དམིགས་སུ་མེད་པ་ཡིན་པས་ན་ཆོས་ཉིད་ཀྱི་སྟོང་རར་མ་གཞུག གནས་ལུགས་ཀྱི་ངང་དུ་མ་བསྐྱངས་པར་བསྐྱང་བྱ་སྐྱོང་བྱེད་དང་བྲལ་བའི་ངང་ལ་ཞོག གནས་ལུགས་ཞེས་པ་བསྐྱང་བྱ་སྐྱོང་བྱེད་ཡོད་པ་ཞིག་གི་ངང་དུ་བཞག་ན་གཉིས་འཛིན་ཡིན། ཟང་ཐལ་གྱི་རྗེན་ལ་མ་འབུད་དེ་རྗེན་པ་ཟང་ཐལ་གྱི་སྒྲོག་གིས་མ་འཆིང་། རེ་དོགས་ཀྱི་འཇུར་མདུད་ལས་མི་ཐར་བ་ཡིན་པས་ཤར་གྲོལ་གྱི་འཕྲང་ལ་མ་བཤར། སྟོང་ཡལ་གཤིས་འབྱམས་ཀྱིས་རྣལ་འབྱོར་བསླུ་བྲིད་བྱེད་པ་ཡིན་པས་རང་ཡལ་གྱི་ཕྱམ་ལ་ཡང་མ་བསྐྱུར། གྲོལ་ས་མེད་པས་གྲོལ་གཞི་ཡང་སྟོང་པ་ཡིན་པས་རང་གྲོལ་གྱི་དོན་ལ་མ་སྤྱོད། གཤིས་ནི་སྐྱེ་འགག་དང་བྲལ་བ་བརྗོད་དུ་ཡོད་མེད་ཀྱི་མཐའ་ལས་འདས་པ་ཞིག་ཡིན་པས་བརྗོད་མེད་ཀྱི་གཤིས་ལ་མ་སྐྱེལ། གཞི་གཏད་མེད་ཀྱི་རིག་པ་དེ་ཉིད་ངང་གཏོད་མེད་དུ་ཕྱམ་གདལ་བ་ལ་ངང་དྭངས་རང་གསལ་སོགས་ཀྱི་ཤོལ་འདེབས་གསེར་སྒྲོག་ཐག་སྒྲོག་གིས་འཆིང་བ་ནི་མཚུངས་པར་སྒྲོག་ཏུ་ཆེ་བས་ན། འཛིན་ཞེན་དམིགས་གཏད་ཅན་གྱི་ཆོས་མ་སྒོམས། རེ་དོགས་འཆིང་བྱེད་ཀྱི་འཛིན་པ་ཡིས་བློ་མ་བསྒྱུར་རམ་རང་བབས་བཅོས་ལྷད་དང་བྲལ་བར་འཛིན་རྩོལ་མ་བྱེད། མ་འོངས་པའི་སྔུན་མ་བསུ་བར་བྱས་ཆོས་བྱ་བྲེལ་ཐམས་ཅད་སྐྱུངས་ཤིག འདས་པའི་རྗེས་མ་སྙོགས་ཏིང་འཛིན་གྱི་རྙོག་མ་སློང་བ་ཡིན། ད་ལྟ་ཐད་ཀར་མ་བཟུང་གྲོལ་བ་ཞེས་པ་དེ་ཐད་སོ་ན་གནས་རྒྱུ་ཞིག་མ་ཡིན། མངོན་ཞེན་ཟང་མ་ཐལ་བྱུང་དུ་འབད་པས་མ་བསྐྱངས་པར་གང་ཤར་རྩིས་མེད་རང་ཡན་གྱི་རིག་པ་མཐའ་གྲོལ་ཀློང་ཡངས་ཆེན་པོར་ཐལ་ལོ་ཞེས་མ་བཅོས་འཁོར་འདས་བྱ་བྱེད་བྱས་ཆོས་དང་བྲལ་བ་རྫོགས་པ་ཆེན་པོའི་ཆོས་ཟད་བློ་འདས་ཀྱི་དགོངས་པ་ཡིན་མིན་མེད་པའི་ཆིངས་སུ་བཅིངས་ནས་ལྟ་སྒོམ་སྤྱོད་འབྲས་བཞི་བསྟན་པའོ། །ད་ནི་ཅིར་སྣང་རྒྱ་ཡན་དུ་སངས་པས། ཡིན་མིན་གྱི་རྩིས་ལས་འདས་ཏེ། མུ་ཏིག་ཕྲེང་བ་ལས། ཇི་ལྟར་སྨྲ་དང་བྱ་བྱེད་རྣམས། །སྟོང་རིག་གསལ་བའི་སྤྱོད་པ་ཡིན། །བཟང་དང་ངན་པའི་རྟོག་པ་རྣམས། །བསྒོམ་པ་ཆུ་བོའི་ཀློང་ཆེན་ཡིན། །ལོག་ལྟ་ཡང་དག་འདོད་པ་རྣམས། །རྣལ་འབྱོར་རིས་མེད་ལྟ་བ་ཡིན། །རེ་དང་དོགས་པར་འཛིན་པ་ཀུན། །ཟང་མ་ཐལ་བྱུང་འབྲས་བུ་ཡིན། །ཞེས་པ་ཐོག་ཏུ་བབས་པའི་དུས་སོ། །ཞེས་ལྟ་སྒོམ་སྤྱོད་འབྲས་བཞི་བོ་ཚིག་ཟིན་དུ་བསྟན་པ་ཡིན། རྫོགས་པ་ཆེན་པོ་ཆོས་ཟད་བློ་འདས་རྒྱ་གྲོལ་ཡངས་པར་ཕྱམ་གདལ་བའི་གནས་སྐབས་ན། དེ་བར་མེད་དུ་རྟོགས་པས་གང་ལ་ཡང་རྩིས་མེད་རང་ཡན་དུ་ལ་བཟླ་བ་དང་། རང་གཞག་ལྟོས་བྲལ་འཁོར་འདས་བྱ་བ་དང་བྲལ་བས་དེ་ཀློང་དུ་གྱུར་པ་དང་། བློ་ཟད་ཆོས་འདས་ཀྱི་དགོངས་པ་ཡིན་མིན་མེད་པར་དོན་བསྡུ་བ་དང་བཅས་པས་བསྟན་པས་ལ་བཟླ་བའི་མན་ངག་བསྟན་ཟིན་ཏོ།།

༼ང༽བཞི་བ་དེ་ལྟར་རྟོགས་པའི་རྣལ་འབྱོར་པ་སྣང་སྤྱོད་ཐ་མལ་ལས་ལོག་པའི་སྤྱོད་འབྲས་ཀྱིས་འགག་བསྡམ་པ།

དེ་ལ་རྟོགས་པ་དེ་དག་གི་རང་བཞིན་གསལ་བར་བཤད་པ་དང་། རྟོགས་པ་ཁོང་ནས་ཤར་བའི་རྣལ་འབྱོར་པ་གང་ཤར་འདེམ་ཀ་མེད་པར་ཆོས་ཉིད་དུ་གྲོལ་བར་བསྟན་པ་དང་། གཏད་མེད་ཡོངས་གྲོལ་དུ་རྟོགས་པའི་རྣལ་འབྱོར་པ་ལ་ཀུན་སྤྱོད་ངེས་པ་མེད་ཅིང་ཐ་མལ་རང་བབས་ཀྱི་སྣང་བར་སྤྱོད་པར་བསྟན་པ་དང་། ལྟ་སྒོམ་ཡུལ་མེད་ཡངས་པར་བསྟན་པ་དང་། ཀུན་གྲོལ་ཡངས་པ་ཆེན་པོར་བསྟན་པ་དང་། ཆོས་མེད་མཁའ་མཉམ་གདལ་བར་ཕུ་ཐག་བཅད་པ་དང་དྲུག་ལས།

༼ཀ དང་པོ་རྟོགས་པ་དེ་དག་གི་རང་བཞིན་གསལ་བར་བཤད་པ།

རྟོགས་པ་དེ་དག་གི་རང་བཞིན་གསལ་བར་བཤད་པ་ནི།

གནམ་ས་འདྲེ་ལྡོག་སྣང་བ་ཅི་ཤར་ཡང་།།

ཕྱལ་བ་ལྷུག་པ་གཞི་མེད་ཟང་ཀ་མ།།

གཏད་མེད་ཟ་ཟི་བན་བུན་ཕྱལ་མ་ཕྱོལ།།

རེ་དོགས་གཉིས་མེད་སྨྱོན་པའི་ངང་ཚུལ་ཅན།།

ལྟ་སྒོམ་རིས་མེད་ཆེད་འཛིན་འདོད་བློ་ཞིག།

ཞེ་འདོད་འཁྲིས་མེད་འདི་ཞེས་རྩོལ་སྒྲུབ་མེད།།

ཅེས་གསུངས་ཏེ། རྟོགས་པ་དེ་དག་གི་རང་བཞིན་དེ་ཅིའི་ཕྱིར་དེ་ལྟར་ཡིན་ཞེ་ན། དགོངས་པ་ཆོས་ཉིད་ལས་མ་གཡོས་པས་ཆོས་ཟད་མིང་མེད་དུ་གྲོལ་བའི་ཕྱིར། ཅིར་སྣང་རང་བྱུང་ཡེ་ཤེས་ཀྱི་རོལ་བར་མཐོང་བ་མེ་ལོང་དུ་བཞིན་གྱི་གཟུགས་བརྙན་ཤར་བ་ལྟར་རྟོགས་པས། ཕྱི་ཡུལ་དུ་མཐོང་བ་རིག་པའི་རོལ་བ་དེ་སྐྱེ་བ་མེད་པའི་སྟོང་གཟུགས་ཙམ་ལས། ཆོས་ཉིད་ནམ་མཁའ་ལྟར་དག་པས་རང་གི་རིག་པའི་ཆོས་ཉིད་དང་གཉིས་སུ་མེད་པར་མཐོང་སྟེ། ཅི་སྣང་ཡང་སྟོང་གཟུགས་རིག་པའི་རོལ་བ། ཅི་འགྱུས་ཀྱང་ཡེ་སངས་རྗེས་མེད། དུས་གསུམ་གྱི་ཆོས་ཉིད་དུ་མཉམ་པས་བྱར་མེད་བློ་འདས་ཆེན་པོར་གྲོལ་བའི་ཕྱིར་ན། བླང་དོར་གྱི་ཆོས་ཟད་པའི་དུས་ཞེས་བྱ་སྟེ། ཐལ་འགྱུར་ལས། དགོངས་པ་གཅིག་ལས་གཡོས་པ་མེད། །སྣང་བ་སྣང་བའི་ཐོག་གསལ་བས། །བཞིན་དང་མེ་ལོང་ལྟ་བུ་ལས། །གྲོལ་བ་དེ་དང་དེ་ཉིད་གྲོལ། །དེ་ལ་རང་བྱུང་སྟོང་ཡུལ་བས། །མཐོང་ཞེས་རིག་པ་ཐ་དད་མིན། །དེ་ཉིད་རང་གི་ཐོག་ཏུ་གྲོལ། །གཅིག་ཤེས་པས་ནི་ཀུན་གྲོལ་ཕྱིར། །གཉིས་དང་གསུམ་གྱི་གྲངས་མཐའ་ཟད། །རྟོག་ཅིང་འཛིན་པའི་ཡུལ་མི་སྣང་། །འགྱུ་དང་འཛིན་པ་ཡེ་ནས་སྟོང་། །སྟོང་པའི་དགོངས་པ་གསལ་རྫོགས་པས། །དུ་མའི་གྲངས་མཐའ་ཟད་པའོ། །ཞེས་སོ། །ཆོས་ཐམས་ཅད་རང་སྣང་བ་ནས་ངོ་བོ་རྒྱ་ཆད་དང་ཕྱོགས་ལྷུང་མེད་པས་གཞི་ཕྱལ་བ། བློས་དམིགས་བསམ་དང་འཛིན་པ་མེད་པས་ལམ་ཕྱལ་བ། རེ་དོགས་དང་འཕོ་འགྱུར་མེད་པས་འབྲས་བུ་ཕྱལ་བ་སྟེ། དེ་ལྟར་རྟོགས་པའི་དུས་ངེས་པ་ཆོས་ཟད་ཀྱི་མཐོང་བ་དག་དུས། གནམ་ས་རུ་གྱུར་པ་དང་། ས་གནམ་དུ་གོ་ལོག་པ་ལྟ་བུའི་སྐྱིད་སྡུག་བཟང་ངན་འདོར་ལེན་ཡག་ཉེས་ཐམས་ཅད་ཀྱི་གོ་ཟློག་སོང་ཡང་། ཕྱལ་བ་མུ་མེད་ཕྱམ་གདལ་ལ་རྩོལ་མེད་རང་བྱུང་གཞི་མེད་རྩ་བ་དང་བྲལ་བ་ཟང་ཀ་སོ་མ་རྗེན་པ་ཐད་ཀ་མ་འདི་བྱ་འདི་བྱེད་ཀྱི་གཏད་སོ་མེད་པའི་ཟ་ཟི། རིག་པ་འལ་མ་འོལ། སྣང་བ་བན་མ་བུན། ཤེས་པ་ཕྱལ་མ་ཕྱོལ། བུ་ཆུང་ལྟ་བུའི་རྩིས་གདབ་མེད་པ་སྟེ། དགོངས་པ་ཆོས་ཉིད་ལས་མ་གཡོས་པས་ཡར་མཐོ་རིས་དང་ཐར་བ་ཐོབ་ཏུ་རེ་བ་དང་མི་ཐོབ་ཀྱི་དོགས་པ་མེད་ཅིང་། མར་འཁོར་བ་དང་ངན་སོང་ལ་མི་ལྷུང་གི་རེ་བ་དང་ལྷུང་གི་དོགས་པའང་དེ་བཞིན་དུ་མེད་པར་ཆོས་ཟད་མིང་མེད་དུ་གྲོལ་ཚེ་ཕར་བལྟས་ན་སྨྱོན་པ་ཞིག་གི་ངང་ཚུལ་འདྲ་ཡང་། དོན་ལ་སྨྱོན་པ་ག་ལ་ཡིན། ང་སྨྱོ་བ་ཆོས་ཀྱི་དབྱིངས་སུ་སྨྱོ། །ཞེས་པ་དང་། ངའི་བླ་མ་འཇིགས་མེད་ཡོན་ཏན་མགོན་པོས་ཀྱང་། བྱར་མེད་སྨྱོན་པའི་རང་གཏམ་ལས། སྣང་བ་རྒྱ་ཡན་གཏད་མེད་རང་ཤར་ལ། །རིག་ངོ་གཅེར་མཐོང་བློ་བྲལ་རང་གྲོལ་བས། །རང་རིག་ཟང་ཐལ་ཐུག་ཕྲད་རྗེས་མེད་པའི། །རྣལ་འབྱོར་བྱར་མེད་སྨྱོན་པས་འདི་སྐད་ལོ། །ཞེས་དང་། རྣམ་ཡན་གཏད་སོ་བྲལ་བའི་ཁྱབ་གདལ་གྱི་རང་ངོ་། །མ་ཡེངས་དྲན་པ་ཟད་པའི་རང་ཞལ་དེ་མཇལ་བས། །ཆེད་འཛིན་གཏད་སོའི་འཇོག་ཡུལ་ཨ་འཐས་ཀྱི་སྡུག་བཙིར། །གནད་མེད་གོ་ཡུལ་གོག་པོས་རྗེས་འདེབས་ནི་མ་དགོས། །ཞེས་དང་། ཆོས་ཟད་ཡེ་ཡིན་ཆེན་པོའི་བཞུགས་ཚུལ་དེ་མཐོང་བས། །ས་ལམ་གྲུབ་མཐའི་རྟོག་བཏགས་ཨ་འཐས་ཀྱི་སྦྱང་བགྲོད། །ཞེན་མེད་རིག་པའི་ཐིག་ལེར་ཆིག་ཆོད་དུ་རྫོགས་ཏེ། །ལམ་དང་འབྲས་བུའི་ཞེན་པ་རང་མལ་དུ་དག་སོང་། །ཞེས་ཐོལ་བྱུང་ཉམས་ཀྱི་དོ་ཧའི་རྒྱངས་གླུ་རྡོལ་བ་དང་མཚུངས་པའོ། །མེ་ལོང་གི་ནང་ལ་གཟུགས་བརྙན་ཤར་ན་སྟོང་གཟུགས་ཡིན་པར་ཤེས་པ་དང་འདྲ་བར། འདི་ལྟར་སྣང་བའི་ཆོས་ཐམས་ཅད་ཅི་སྣང་རང་བྱུང་གི་ཡེ་ཤེས་ཀྱི་རོལ་བར་མཐོང་དུས། ཕྱིའི་ཡུལ་སྣང་རིག་པའི་རོལ་བ་སྐྱེས་མ་མྱོང་བའི་སྟོང་གཟུགས་སུ་མཐོང་བ་དང་། ནང་རིག་པ་མཁའ་ལྟར་དག་སོང་དུས་ཕྱི་ནང་གི་ཆོས་ཉིད་གཉིས་སུ་མེད་པར་མཐོང་ནས། ཅི་སྣང་སྣང་བ་ཐམས་ཅད་དང་། གང་ཤར་ཤར་བ་ཐམས་ཅད་རིག་པའི་རོལ་བ། ཅི་འགྱུས་གང་དྲན་ཐམས་ཅད་ཡེ་སངས་རྗེས་མེད་དུ་དག་པའི་སྐབས་སུ་དུས་གསུམ་མཉམ་པའི་ཆོས་ཉིད་བློ་འདས་དགོངས་པའི་བཙན་ས་ཟིན་པའི་གྲོལ་བ་ཡིན་པས་ན་གཅིག་ཤེས་ཀུན་གྲོལ་བློ་ཟད་ཆོས་ཟད་བླང་དོར་ལས་འདས་པའི་དུས་སོ།།

༼ཁ གཉིས་པ་རྟོགས་པ་ཁོང་ནས་ཤར་བའི་རྣལ་འབྱོར་པ་གང་ཤར་འདེམ་ཀ་མེད་པར་ཆོས་ཉིད་དུ་གྲོལ་བར་བསྟན་པ།

རྟོགས་པ་ཁོང་ནས་ཤར་བའི་རྣལ་འབྱོར་པ་གང་ཤར་འདེམ་ཀ་མེད་པར་ཆོས་ཉིད་དུ་གྲོལ་བར་བསྟན་པ་ནི།

གང་བྱུང་བྱུང་ལ་གང་སྣང་སྣང་དུ་ཆུག།

གང་ཤར་ཤར་ལ་གང་ཡིན་ཡིན་དུ་ཆུག།

གང་ཡང་ཡིན་ལ་གང་ཡང་མིན་དུ་ཆུག།

ཅེས་གསུངས་ཏེ། འདི་ལ་རིག་པའི་སྟེང་ན་ཁྱད་པར་གང་ཡང་མེད་དེ། རིག་པ་གཅིག་གི་ངང་ནས་ཤར་བས་གཞི་ལ་བཟང་ངན་མེད་པ་དང་། ཤར་ཚད་རིག་པའི་རྩལ་ལས་གཞན་མེད་པས་རྩལ་གྱི་ངོ་བོ་ལ་བཟང་ངན་མེད་པ་དང་། ཤར་བས་གྲོལ་ཟིན་པའི་ཕྱིར་མ་བཟུང་ན་རང་ཡལ་དུ་གོ་གཅིག་པས་ངོ་བོ་ལ་བཟང་ངན་མེད་པ་དང་། ཅི་ཤར་ཅི་སྣང་ཡང་གཞི་ལ་མེད་པའི་སྣང་བ་ཡིན་པས་སྟོང་ཟིན་ཏེ། གྲུབ་བསལ་དོགས་པ་མེད་པས་སྨིག་རྒྱུའི་ཆུ་ལྟར་མེད་པ་གསལ་སྣང་ལ་བློས་གཟུང་བ་དགོས་པ་མེད་པའི་ཕྱིར། རྣལ་འབྱོར་པ་ལ་ཡུལ་སྣང་དང་བློ་རྟོག་གང་ཡང་སྤང་བླང་གི་འདེམ་ཀ་བྱར་མེད་དེ། གཞི་མེད་ཆོས་ཟད་མིང་མེད་དུ་གོ་གཅིག་པའི་ཕྱིར། མཐའ་ལས་འདས་པ་ཞེས་ཐ་སྙད་དུ་བརྗོད་དེ། རིག་པ་རང་གྲོལ་ལས། སྣང་བ་དངོས་པོའི་ཆོས་ཀྱིས་སྟོང་། །སྟོང་པ་མཚན་མའི་ཆོས་ལས་འདས། །འདས་པ་ཉིད་ལ་བརྗོད་དུ་མེད། །ཅེས་སོ། །རིག་པའི་དེ་ཉིད་མངོན་དུ་གྱུར་པའི་རྟོགས་པ་ཁོང་ནས་ཤར་བའི་རྣལ་འབྱོར་པ་ཞིག་ལ། གང་སྣང་སྣང་བ་ཐམས་ཅད་དངོས་པོའི་ཆོས་ཀྱིས་དང་པོ་ཉིད་ནས་སྟོང་པ་ཡིན་པས། གང་བྱུང་བྱུང་ཡང་བྱུང་བ་ལ་དགག་སྒྲུབ་མེད་པར་བྱུང་དུ་ཆུག བྱུང་བ་རིག་པའི་ངང་ལས་བྱུང་བས་ན་རིག་པའི་སྟེང་ན་ཁྱད་པར་མེད། གང་ཤར་ཤར་བ་ལ་ཅི་ཤར་ཤར་དུ་ཆུག་ཤར་བའི་གཞི་ལ་བཟང་ངན་མེད། གང་ཡིན་ཡིན་དུ་ཆུག་ཡིན་པ་ཤར་བའི་གཞི་ལ་ཡང་བཟང་ངན་མེད། གང་ཡང་ཡིན་ལ་ཡང་གང་ཡང་མིན་དུ་ཆུག་ཤར་ཚད་རིག་པའི་རྩལ་ཡིན་པས་རྩལ་གྱི་ངོ་བོ་ལ་བཟང་ངན་མེད་པ་ཡིན། སྟོང་པ་མཚན་མའི་ཆོས་ལས་མ་འདས་པ་ཞིག་མེད། མདོར་ན་སྣང་བ་རིག་པ་ལས་མ་གཡོས་ཤིང་། རིག་པ་བྱང་ཆུབ་སེམས་ཀྱི་ངོ་བོ་རྒྱ་གྲོལ་བར་མེད་ལས་ཡེ་ནས་གཡོས་མ་མྱོང་པས། ཤར་ནས་མ་གྲོལ་པ་ཞིག་དང་། སྣང་ནས་མ་སྟོང་པ་ཞིག་མི་སྲིད་པའི་ཕྱིར་ན། རང་ཡལ་གོ་གཅིག་ལ་བཟླུམས་པས་ན། ཤར་བ་ཡིན་པས་གྲོལ་བ་དང་། སྣང་བ་ཡིན་པས་སྟོང་པ། གྲུབ་བསལ་འཕོ་འགྱུར་མེད་པ་རིག་སྟོང་རང་བྱུང་གི་ཡེ་ཤེས། མཐའ་ཐམས་ཅད་ལས་འདས་པ་གཞི་མེད་ཆོས་ཟད་མིང་མེད་ལ། ས་གཞིའི་ཆུ་ཕྲན་ཐམས་ཅད་རྒྱ་མཚོར་རོ་གཅིག་ཏུ་བཟླུམས་པ་བཞིན་དུ་འདུ་ཞིང་། རྟོགས་ཚད་ལ་ཐོན་པའི་རྣལ་འབྱོར་པ་དེ་བྱ་མཁའ་ལྡིང་ས་ལ་ལྷུང་དོགས་མེད་པ་ལྟར་དུ་ཡུལ་སྣང་བློ་རྟོག་ཐམས་ཅད་སྤང་བླང་གི་འདེམ་ཀ་མེད་པར་ཆོས་ཉིད་དུ་གྲོལ་བར་བསྟན་པའོ། །དེ་རིང་གི་ཆོས་མཚམས་འདི་ནས་བཞག་སྟེ་སང་ཉིན་གསུམ་པ་ཀུན་སྤྱོད་ངེས་མེད་རིག་པ་ཐོད་རྒལ་ངང་ཞེས་པ་ནས་མར་བཤད་རྒྱུ་བྱེད། དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱི་དུས་གསུམ་བསགས་ཡོད་ཀྱི་དགེ་རྩ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས། སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལུང་དང་རྟོགས་པའི་བདག་ཉིད་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱི་སྒོ་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་དམ་པ་སྔ་རབས་གཤེགས་པ་རྣམས་ཀྱི་དགོངས་པ་ཡོངས་སུ་རྫོགས། ད་ལྟར་བཞུགས་པ་རྣམས་ཀྱི་སྐུ་ཚེ་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན། ཁྲིམས་གཙང་། བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཀུན་ཏུ་ཆར་ཆུ་དུས་སུ་འབེབས། ལོ་ཕྱུགས་རྟག་ཏུ་ལེགས། མི་ནད་དང་ཕྱུགས་ནད་འཁྲུག་རྩོད་ཐམས་ཅད་རྒྱུན་ཆད། བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་པའི་ཕྱིར་དང་། བདག་ཅག་རྣམས་ཀྱི་ཚེ་འདིའི་ཕ་མ་གཉིས་དང་། དགྲ་བགེགས་གཉིས་ཀྱི་གཙོས་བྱས་པའི་བཟང་འབྲེལ་ངན་འབྲེལ་ཐོགས་པའི་མཐའ་ཡས་པའི་སེམས་ཅན་ཐམས་ཅད་མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་། དེ་མ་ཐོབ་ཀྱི་བར་དུ་ཡང་མཐོ་རིས་ཀྱི་ཡོན་ཏན་བདུན་དང་ལྡན་པའི་ལུས་རྟེན་ཁྱད་པར་ཅན་ཞིག་རྙེད་ནས་ཐེག་པ་ཆེན་པོའི་ཆོས་ལ་ཚུལ་བཞིན་དུ་སྤྱོད་པའི་སྐལ་བ་དང་ལྡན་པའི་ཕྱིར་དུ་རྗེ་བཙུན་འཇམ་དཔལ་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་གནང་བར་ཞུ། །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་། །སྐྱེ་རྒ་ན་འཆིའི་རྦ་རླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག།


previousཉིན་བཅུ་གཅིག་པའི་ཆོས་ཁྲིད། next