Nitartha Digital Library
Tibetan
 
previousཉིན་བཅུ་གསུམ་པའི་ཆོས་ཁྲིད། next

ཉིན་བཅུ་གསུམ་པའི་ཆོས་ཁྲིད།

དེ་ཡང་ཇི་སྐད་དུ་རྒྱལ་སྲས་ཞི་བ་ལྷས། རྙེད་པ་མང་པོ་ཐོབ་གྱུར་ཏེ། །ཡུན་རིང་དུས་སུ་བདེ་སྤྱད་ཀྱང་། །ཆོམ་པོས་ཕྲོགས་པ་ཇི་བཞིན་དུ། །སྒྲེན་མོ་ལག་པ་སྟོང་པར་འགྲོ། །ཞེས་གསུངས་པ་ལྟར་དུ། གསོན་འཇིག་རྟེན་གྱི་ས་ཆ་འདིར་སྐྱེ་བ་བླངས། འདི་སྣང་སྒྱུ་མའི་བསླུ་བྲིད་འདི་ལ་བདེན་པར་བཟུང་བའི་འདོད་ཁམས་པའི་རྟེན་འདིའི་སྟེང་ནས། འདོད་པའི་ཡོན་ཏན་ལ་ཞེན་ཞིང་ཆགས་ནས་སྡུག་བསྔལ་རྒྱུ་འབྲས་ཏག་ཏག་ལ་སྤྱོད་དེ་ཡོད་པའི་རྩ་བ་ནི་བདག་འཛིན་འདི་ལ་ཐུག་པ་ཡིན་པས། ང་དང་ང་ཡིར་བཟུང་། བདག་དང་བདག་གིར་ཞེན་ནས། ང་སྐྱིད་དགོས་ང་བདེ་དགོས། འདི་ངའི་ལོངས་སྤྱོད་ཡིན། འདི་ངའི་ཉེ་འཁོར་རོ་སྙམ་ནས། བདེ་སྐྱིད་ཅེས་པ་དེ་ཡང་ཕྱིའི་དངོས་པོ་ཞིག་གི་ཐོག་ནས་ཐོབ་པའི་སྣང་བ་ཤར་ཏེ། མི་ཐམས་ཅད་ཀྱིས་ཁ་དཀར་ནས་མགོ་མ་དཀར་གྱི་བར་དུ་རྒྱུ་ནོར་ལོངས་སྤྱོད་ཅིག་ཨེ་རྙེད་ཨེ་ལོན་ཏག་ཏག་བལྟས་ནས། དེའི་དོན་དུ་དཀའ་ལས་སྡུག་བསྔལ་མྱོང་བས་མ་ཚད། སྲོག་ཀྱང་དེའི་དོན་དུ་ཤོར་བའི་དཔེ་ཡང་ཡོད་པ་ཡིན། རབ་ཏུ་བྱུང་བ་ཞེས་པ་དེ་རབ་ཏུ་གང་ནས་བྱུང་བ་ཡིན་ན་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་ཁྱིམ་ནས་བུད་པ་ཡིན། དེ་ལྟར་ཁྱིམ་ནས་བུད་ནས་འདོད་ཡོན་གྱི་བསླུ་བྲིད་ལ་བྲོས་ནས་འགྲོ་ས་དགོན་པའི་གནས་སུ་ཕྱིན་པ་ན། འདུལ་བའི་ནང་ནས་གསུངས་པའི་དགོན་པ་དབེན་པའི་གནས་རེད། མིང་དེ་ལ་གཞི་བཟུང་ནས་དགོན་པར་དགེ་འདུན་པའི་སྡེའི་རྟེན་གཞི་ཚུགས་ནས། ང་ཚོ་བོད་ཀྱི་ས་ཆ་ནས་དགོན་པ་དེ་ཙམ་མི་དབེན་ཞིང་། དེའི་རྐྱེན་གྱིས་ཡང་དགོན་པའི་དགོན་པ་རི་ཁྲོད་དང་ཡང་དབེན་རྣམས་རིམ་གྱིས་བྱུང་བ་ཡིན། སྟབས་མ་ཡག་ནས་ཁྱིམ་ཆུང་ཁྱིམ་ཚང་གི་ཕ་མའི་གོ་ཁ་ནས་བུད་ན་ཡང་། ཁྱིམ་ཆེན་དགོན་པའི་ཁྱིམ་གཞི་བླ་བྲང་དང་ནང་ཆེན་བཟུང་ནས། ཆོས་སྲིད་གཉིས་ཀའི་དབང་དང་གོ་གནས་ཐོབ་དང་ཐམ་ཀ་ཡོད་པས། དྲ་མ་དག་གིས་བསྟན་དང་འགྲོ་བའི་གསོས་སྨན་གང་འདུལ་ཐབས་མཁས་ཀྱིས་སྤྱོད་ཚུལ་མཛད་པ་གནང་བཞིན་ཡོད་ངེས་ཀྱང་། སྡུག་ཤོས་ཚོས་ལོག་འཚོས་བསགས་པའི་རྒྱུ་ནོར་ཤི་གསོན་གཉིས་ཀ་མགོ་གཡོགས་ནས་བླངས་ཡོང་བ། རྔོན་པ་ཤྭ་སོད་ཁྱིམ་ལ་ཐོན་པ་བཞིན་དུ་རྙེད་པ་མང་པོ་རིན་མེད་དུ་ལོན་ཡོད་སྙམ་ནས། ཡུན་རིང་གི་དུས་སུ་འདོད་ཡོན་ལ་སྤྱད། རང་དང་འཁོར་ཡུག་གི་མངའ་ཐང་དང་གཟི་མདངས་བསྐྱེད་ཀྱང་། ཉིན་ཞིག་ལ་ཆོམ་པོས་ཐམས་ཅད་ཕྲོགས་པ་བཞིན་དུ་སྒྲེན་མོ་ལག་པ་སྟོང་པ། ཚུལ་འཆོས། ཁ་གསག། གཞོགས་སློང་། ཐོབ་ཀྱིས་འཇལ་བ། རྙེད་པས་རྙེད་པ་འཚོལ་བ་སྟེ་ལོག་འཚོ་ཐམས་ཅད་མ་ཚང་བ་མེད་པས་བསགས་ཡོང་བའི་རྒྱུ་ནོར་ཐམས་ཅད་དང་། མ་ཚད་ཇག་པས་ཤ་ཚ་སྙིང་རྗེ་ལྟ་བ་མིན་ཕྱིར་རྒྱབ་ཀྱི་གོས་ཀྱང་བཤུས་ནས་གཅེར་བུར་མངག་ཡོང་མཁན་གྱི་འཆི་བདག་གི་ཆོམ་པོ་དེ་གློ་བུར་དུ་ཐོན་དུས། རྒྱུ་ནོར་གཉེན་གྲོགས་མ་དགོས་ལུས་ཞེས་པ་ང་ཡིར་འཛིན་པའི་གདགས་གཞི་འདི་ཡང་དེ་དུས་མི་བསྐྱུར་ཐབས་མེད་ལ་ཁེལ་ནས། བསོད་ནམས་བསགས་པའི་དགེ་འབྲས་ཀྱི་འགྲོ་རྟེན་མེད་པར་སྒྲེན་མོ་ལག་སྟོང་སྡིག་པའི་བུ་ལོན་རི་རབ་འདྲ་ཞིག་དང་བཅས་ཏེ་འགྲོ་དགོས་ཐུག་པ་ཡིན་ནོ་ཞེས་པ་དང་། ད་རུང་དེས་ཀྱང་མི་ཚད་པར། མྱ་ངན་ཤུགས་ཀྱིས་སྐྲངས་པ་ཡི། །མིག་དམར་གདོང་ལ་མཆི་མ་འཛག །ཉེ་དུ་རེ་ཐག་ཆད་པ་དང་། །གཤིན་རྗེའི་ཕོ་ཉའི་བཞིན་ལ་བལྟ། །ཞེས་གསུངས་པ་ལྟར་དུ། ཤི་བ་ཟེར་རྒྱུ་བོ་ལ་མི་སྐྲག་པ་དང་དེར་ཉམ་ང་བ་མི་འཛིན་པ་ཞིག་མེད་ཅིང་། འོན་ཀྱང་སྐྱེས་ཚད་འཆི་བའི་ལམ་ལ་མི་བརྒྱུད་པར་འགྲོ་ས་མེད་སོང་བ་ཡིན་པས། དེའི་གནད་རིག་ཅིང་ཤེས་པ་དག་གིས་བྱ་བ་ཐམས་ཅད་ཀྱི་ནང་ནས་འཆི་བའི་གདོང་ལེན་བྱེད་རྒྱུ་དེ་གནད་ཆེན་དོན་གྱི་དང་པོར་བརྩིས་ནས་དམ་པའི་ལྷ་ཆོས་བསྒྲུབས་པས། རང་འཆི་བའི་འཇིགས་པ་ལས་གྲོལ་བས་མི་ཚད་གཞན་འཆི་བའི་འཇིགས་པ་ལས་བསྐྱབས་ནས། རང་གཞན་གཉིས་ཀ་སྐྱེ་འཆིའི་འཇིགས་པ་ལས་གྲོལ་བའི་གཏན་བདེ་རྫོགས་པའི་བྱང་ཆུབ་ལ་འགོད་ཐབས་མཛད་པ་ཡིན། རྗེ་མི་ལས། ང་འཆི་བས་འཇིགས་ནས་རི་ལ་ཕྱིན། །ནམ་འཆི་ཆ་མེད་བསྒོམས་བསྒོམས་པས། །འཆི་མེད་གཉུག་མའི་བཙན་ས་ཟིན། །ད་འཆི་བའི་འཇིགས་པ་བོར་ཏེ་ཐལ། །ཞེས་གསུངས་པ་ལྟར་ཡིན། དེ་མ་ཤེས་ནས་མི་རྟག་པ་ལ་རྟག་པར་བཟུང་། མི་བདེན་པ་ལ་བདེན་འཛིན་བྱས་ནས་མི་ཚེའི་ཚེ་ཚད་རྫོགས་ས་ལ་ཐོན་དུས། ཅུང་ཟད་ཡིན་ཡང་མི་ཤི་ཙམ་ཞིག་ཨེ་ཡོད་ན་སྙམ་ནས། སྨན་པ་མོ་བ་མགྲོན་དུ་བོས་ནས་ཅི་དྲག་གང་དྲག་བྱེད་ཀྱང་། ཚེ་ཟད་ས་ལ་ཐུག་དུས་མཐུད་རྒྱུ་ག་ལ་ཡོད། ད་ཤི་རྒྱུ་མ་གཏོགས་མེད་པའི་དུས་ལ་བབ་ཚེ་དེ་སྔའི་མི་ཚེའི་བྱ་ལས་ཚང་མ་མིག་སྔར་ལ་ཤར་ནས་རང་འདོད་ཡིད་བྱེད་དང་འབྲེལ་བ། བདག་འཛིན་གྱི་འཆིང་བས་བཅིངས་པའི་རྣམ་པ་དགེ་བའི་གཟུགས་བརྙན་ཙམ་རེ་ཡོད་ཀྱང་། དོན་མི་དགེའི་སྡིག་ལས་ཤིག་དང་འཁོར་བ་འཕེན་བྱེད་ཙམ་ཞིག་ལས་འགྲུབ་མེད་པ་ཡིན། དེ་ལས་མ་བསྒྲུབ་དུས་འགྲུབ་དོན་ཡང་ག་ལ་ཡོད། གང་ལ་བལྟས་ན་ཉམ་ང་བ། ཅི་ལ་བསམས་ཀྱང་མྱ་ངན་སྡུག་བསྔལ་གྱི་གཞི་རུ་གྱུར་ནས། གདུང་བའི་ཡུས་ཀྱིས་མིག་དམར་པོར་གྱུར་ནས་སྐྲངས་མ་སོང་གི་བར་དུ་ངུས་ཀྱང་ཕན་པ་མེད་ལ། གཉེན་ཉེ་དུས་མཐའ་ནས་བསྐོར་ནའང་དེའི་དུས་སུ་དཔའ་པོས་འཛིང་ས་དང་། སྡར་མ་བྲོས་ས་དང་། རྒྱུ་ནོར་བྱིན་ནས་བསླུ་ས། མགོ་ཉིས་བཤད་ནས་གཏམ་གྱིས་བསླུ་ས། ཐ་ན་མགོ་བཏགས་ས་མཐེ་མོ་བཙོང་ས་ཙམ་ཡང་མེད་ན། ཤི་མི་དགོས་པའི་ཐབས་བྱེད་ས་ཞིག་ག་ལ་ཡོད་དེ་མེད་པར་གཉེན་ཉེ་འབྲེལ་གྲྭ་རོགས་གྲོགས་མཆེད་ཐམས་ཅད་ཀྱིས་ཀྱང་གསོན་གྱི་རེ་ཐག་ཆད་པའི་སྐབས་དེ་ལ་ཐོན་དུས། འཆི་བའི་གདོང་ལེན་བྱེད་པའི་འཆི་བ་འོད་གསལ་གྱི་བསུ་མ་དང་། འཆི་བ་དག་ཞིང་ལ་འགྲོ་བའི་སྒོ་མཐོང་མ་དགོས་དང་། འཆི་ཁ་སྨོན་ལམ་དག་པའི་མཚམས་སྦྱོར་ཙམ་ཡང་དཀའ་བ་སྟེ། སྨོན་ལམ་གྱིས་མཚམས་སྦྱར་ཡོང་རྒྱུའི་སྨོན་ལམ་འགྲུབ་བྱེད་ཀྱི་རྒྱུ་དགོས་ལ། རྒྱུ་ནི་ཚུལ་ཁྲིམས་རྣམ་པར་དག་པ་ཡིན་པས། སྨོན་ལམ་འགྲུབ་བྱེད་ཀྱི་རྒྱུ་ཚུལ་ཁྲིམས་རྣམ་པར་དག་པ་བསྲུངས་པ་དང་། ཉེས་ལྟུང་དང་མ་འགྲོགས་པའི་རང་བློ་རང་ལ་ཁེལ་བ་ཞིག་མེད་པའི་དུས་སུ། གཤིན་རྗེའི་ཕོ་ཉ་འཆི་བདག་དང་གཉིས་ཀ་ཕར་ལྟ་ཚུར་ལྟ་བྱེད་སར་ཐུག་དུས་མིག་མཆི་མ་ཙ་རེ་བལྟས་འདུག་རྒྱུ་ཙམ་ལས་ཐབས་མེད་པས། དེ་ད་ལྟ་ནས་དྲན་པར་གྱིས་ཤིག་ཅེས་གསུངས་པ་ཡིན། འཆི་བ་མི་རྟག་པ་ཡིན་པ་ཙམ་ནི་སུ་ཡིན་ཡང་ཤེས་ཀྱང་། དེ་ཙམ་གྱིས་མི་ཕན་པས་མི་རྟག་པ་བསྒོམས་ནས་རྒྱུད་ལ་སྦྱར་ཏེ་འཆི་བ་ལ་མི་སྐྲག་པའི་གདེང་རྙེད་དགོས་པ་ཡིན། དེ་རྙེད་ན་འཆི་བ་མི་རྟག་པ་ཤེས་པའི་གོ་ཆོད་པ་ཡིན། གཅིག་གིས་དངངས་སྐྲག་བསླངས་ནས་ཅིག་ཤོས་ལ་སྐྲག་སྣང་ཤར་བ་ཙམ་གྱིས་ཕན་ཐོགས་ག་ལ་ཡོད། སྐྲག་པ་དེ་ལ་བརྟེན་ནས་སྐྲག་མི་དགོས་པའི་ཐབས་ཤིག་བཙལ་ནས་རྙེད་པ་ནི་བྱེད་ཐབས་ཀྱི་མཆོག་ཡིན། ཆོས་བཤད་དུས་སྡུག་རབས་ཐ་རབས། ཡང་སྒོས་བློ་སྦྱོང་གི་ཆོས་བཤད་དུས་ཅི་སྡུག་གང་སྡུག་བཤད་པ་ལྟ་བུ་ཞིག་གོ་སྙམ་དུ་མི་རུང་སྟེ། འཇིག་རྟེན་གྱི་བྱ་བཞག་ཐམས་ཅད་འཕྲལ་ཉམས་དགའ་བ་ལ་ཕུགས་རྟག་མི་ཐུབ་པ། ཁ་ཟས་དུག་ཅན་ཟོས་པ་དང་འདྲ་ཞིང་། འདིའི་སྐྱོན་ཚང་མ་ལྷང་ལ་ཕུད་ནས་སྐྱོན་དེ་དག་གིས་གནོད་པ་མི་ཐུབ་པའི་འཕྲལ་དང་ཡུན་གྱི་གཏན་བདེའི་ལམ་ཞིག་བཙལ་བར་བྱེད་པ་ལ་འཁོར་བར་སྐྱོ་སེམས་དང་། ཐར་བ་དོན་གཉེར་གྱི་ངེས་འབྱུང་རྣམ་དག་ཅིག་བསྐྱེད་དགོས་པ་ཡིན། ངེས་འབྱུང་རྣམ་དག་ཅིག་ལ་དོན་གཉིས་ཚང་དགོས་ཏེ། འཁོར་བར་སྐྱོ་སེམས་ཡོད་ནས་རྨུས་བསྡད་པ་རྐྱང་པས་མི་ཆོག་པར་ཐར་བ་དོན་གཉེར་གྱི་བློ་ཞིག་ཀྱང་ཡོད་དགོས་པ་ཡིན། དེ་ལྟ་བུ་ངེས་འབྱུང་རྣམ་དག་བསྐྱེད་དགོས་པ་ཡིན། དེ་མ་སྐྱེས་ན་ཀུན་དགའ་བོའི་ཚ་བོ་གཉིས་ཀས་ཆོས་ལ་དོན་གཉེར་མ་བྱས་པ་དང་འདྲ་བར་ཆོས་མཐར་ཕྱིན་པ་ཞིག་དཀའ་བ་དེས་ན་བློ་སྦྱོང་འདི་དག་ཐུན་དུ་བཅད་དེ་བསྒོམས་ནས། སེམས་རྒྱུད་ལ་ཕན་ཐོགས་འབྱུང་བ་ད་ལྟ་ཤི་ཡང་བློ་འགྱོད་མེད་པ་ཞིག་མ་མཐའ་ནས་དགོས་པ་ཡིན། ཆོས་ཡུན་རིང་ཞུས་ནས་ཉམས་ལེན་ཡུན་རིང་བྱས་པའི་དོན་གོ་དེ་རེད། འཆི་བ་མིི་རྟག་པ་སྒོམ་དུས་རྩ་བ་དོན་དག་སྣེ་ཁ་གསུམ་ལ་འཛིན་ནས་བསྒོམ་དགོས་པ་ཡིན། གསུམ་གང་རེད་ཟེར་ན། ངེས་པར་འཆི་བ་དང་གཅིག ནམ་འཆི་ཆ་མེད་དང་གཉིས། འཆི་ཚེ་ཆོས་མིན་པ་གང་གིས་ཀྱང་ཕན་ཐོགས་མེད་པ་དང་གསུམ་པོ་དེ་ཡིན། དེ་གསུམ་ལ་དེ་ལྟར་ཡིན་པའི་རྒྱུ་མཚན་གསུམ་རེ་དང་སྦྲགས་ཏེ་གསུམ་གསུམ་དགུ་ཡི་སྒོ་ནས་བསྒོམ་དགོས་པ་ཡིན། ངེས་པར་འཆི་བ་ཡིན་ལུགས་ཀྱི་རྒྱུ་མཚན་ནི། དེ་སྔོན་མ་ཤི་ནས་ལྷག་པའི་སེམས་ཅན་ཁེ་རུ་མ་ཞིག་ས་སྟེང་ན་མེད་པ་དང་། ལུས་འདི་འདུས་བྱས་ཡིན་པས་ན་ངེས་པར་འཇིག་རྒྱུ་ཅན་ཡིན་པ་དང་། ཚེ་འདི་སྐད་ཅིག་སྐད་ཅིག་ལ་ཟད་བཞིན་ཡོད་ཅིང་འདི་མར་འགྲིབ་རྒྱུ་མ་གཏོགས་ཡར་འཕེལ་རྒྱུ་མེད་པ་སྟེ། དེའི་རྒྱུ་མཚན་གསུམ་དེས་ངེས་པར་འཆི་བ་གཏན་ལ་འབེབས་ཐུབ་པ་ཡིན། གཉིས་པ་ནམ་འཆི་ཆ་མེད་ཡིན་པའི་རྒྱུ་མཚན་ནི། གཅིག་ན་ཚེ་ལ་ངེས་པ་མེད་པ་ཡིན། གལ་ཏེ་མི་ཁྱོད་ལ་ཚེ་ཚད་ལོ་གྲངས་འདི་དང་། ཟླ་གྲངས་འདི་དང་། ཞག་ཉི་མའི་ཁ་གྲངས་འདི་ལྟ་བུ་ཞིག་ལ་འདུག་རྒྱུ་ཡོད་ཅེས་པའི་ཚད་ཅིག་ཡོད་ན། དེའི་བར་དུ་བློ་བདེ་བདེ་བྱས་ནས་འདུག་ཆོག་པ་ལྟ་བུ་ཡིན་ཡང་། དེ་ཙམ་ཞིག་ཀྱང་ཡོད་པ་མ་ཡིན། གཉིས་ན་ལུས་ལ་སྙིང་པོ་མེད་པ་ཡིན། ལུས་འདི་གསོན་དབུགས་དང་མ་བྲལ་བར་འཚོ་བའི་རྒྱུན་ལ་ཚེ་ཞེས་ཟེར་བ་ཡིན། ལུས་ལ་སྙིང་པོ་ཅི་ཡོད་དེ་ལུས་འདི་མེ་ཡིས་ཚིག་འགྲོ་བ་དང་། ཆུས་འཚུབ་འགྲོ་བ་དང་། ས་ཡིས་གནོན་འགྲོ་བ་དང་། རླུང་གིས་སྤུར་འགྲོ་རྒྱུ་ཡོད་པ་ཡིན། ཕྱིའི་འབྱུང་བཞིས་གནོད་པ་ལས་གཞན་ནང་འབྱུང་བཞིའི་རྡུལ་ཕྲན་ཚོགས་པའི་ལུས་ཁོ་རང་ཡང་རང་དགྲ་རང་གཤེད་ཀྱིས་འདུ་བ་འཁྲུགས་འགྲོ་བ་ཡིན་ཕྱིར་དེ་ལ་རྟག་འཛིན་བྱེད་སའི་སྙིང་པོ་ཞིག་ཡོད་པ་མ་ཡིན། འཆི་བའི་རྐྱེན་ནི་ཤིན་ཏུ་མང་སྟེ། གོང་དུ་བཤད་མ་ཐག་པ་ལྟ་བུའི་གནོད་པ་ཅན་ཡིན་པས་མི་ཚད་པར་འཚོ་བའི་རྐྱེན་ཡིན་ཡང་འཆི་བའི་རྐྱེན་དུ་འགྱུར་དུ་ཡོད་པ་སྟེ་དེ་ལྟ་བུའི་རྒྱུ་མཚན་གསུམ་གྱིས་ནམ་འཆི་ཆ་མེད་ཡིན་པའི་གནད་རྟོགས་པ་དང་། གསུམ་པ་འཆི་ཚེ་དམ་པའི་ཆོས་མ་གཏོགས་གཞན་གཅིག་གིས་ཕན་ཐོགས་མེད་པའི་རྒྱུ་མཚན་ཇི་ལྟར་ཡིན་ཅེ་ན། འཆི་བ་ལ་གཉེན་དང་བཤེས་ཀྱིས་མི་ཕན་པ་ཡིན་ལ། སྤྱིར་འཇིག་རྟེན་ཚེ་འདིའི་སྐབས་སུ་བྱ་བ་འགའ་རེ་ལ་ཐུག་དུས་གཉེན་བཤེས་ཀྱིས་རོགས་བྱེད་ཆོག་ལ། དཀའ་སྡུག་འགའ་རེ་ལ་འཕྲད་དུས་སྐྱིད་སྡུག་མཉམ་ཁུར་བྱེད་རྒྱུ་ཡོད་ནའང། ཤི་བའི་དུས་སུ་སུ་ཞིག་འཆི་དགོས་ན་དེ་ཤི་རྒྱུ་མ་གཏོགས་གཉེན་དང་ཉེ་དུས་ཚབ་དང་མི་འཆི་བ་ལ་ཕན་ཐོགས་མེད་པ་ཡིན། གསོན་པོའི་བྱ་བ་ལ་ཟས་ནོར་གྱིས་བསླུ་རྒྱུ་ཡོད་པ། དཔེར་ན་མཐོ་ལམ་རྒྱུ་ཡིས་བཅད། དམའ་ལམ་ཟས་ཀྱིས་བཅད། ཟེར་རྒྱུ་ཞིག་ཡོད་པ་ཡིན་ཡང་འཆི་བདག་གཤིན་རྗེ་ལ་དེ་མི་འགྲོ། དེས་ན་གཉེན་དང་བཤེས་ཀྱིས་མི་ཕན། ཟས་དང་ནོར་གྱིས་མི་ཕན། རང་གིས་ལུས་ཀྱིས་ཀྱང་མི་ཕན་པ་སྟེ། གསོན་ནད་མེད་སྐབས་སུ་རང་ལུས་འདོམ་གང་གྲུ་བཞི་འདི་འཆི་བའི་སྲོག་དང་མ་བྲལ་དུས། ཅི་བྱེད་ཀྱི་བློ་དང་། གང་བྱེད་ཀྱི་ཐབས་ཡོད་པ་ཡིན་ཡང་། ལུས་རང་གི་གསོན་པའི་ཤུགས་དང་ནུས་པ་ཟད། རྩ་རླུང་ཐིག་ལེ་མར་རྒུད། བླ་ཚེ་སྲོག་དབུགས་ཉམས་པའི་དུས་སུ། མར་མེའི་སྡོང་རྩ་ནས་སྣུམ་ཐིགས་སྐོམ་པའི་སྐབས་སུ་དེའི་བྱེད་ལས་ཚང་མ་ཉམས་ནས་སྣུམ་ཟད་ཀྱི་མར་མེ་ཤི་འགྲོ་བ་ཡིན་པ་བཞིན་དུ་འཆི་ཚེ་ཆོས་མིན་པ་གང་གིས་ཀྱང་ཕན་ཐོགས་མེད་པ་ཡིན་པའི་ངེས་ཤེས་དེ་ལེགས་པར་འདྲོངས་དགོས་པ་ཡིན། དེ་ལྟར་ཤེས་པ་ལ་དགོས་པ་རྣམ་པ་གསུམ་ཡོད་དེ། དང་པོ་ངེས་པར་འཆི་བ་ཤེས་ན་ཅི་ཞིག་གི་ཕན་ཐོགས་ཡོད་ན། བྱ་བ་གཞན་གང་ཡང་གནད་མི་ཆེ་བར་ཤི་དུས་ཕན་ཐོགས་ཅན་དེས་གནད་ཆེ་བར་འདུག་སྙམ་ནས། བསམ་བློ་ཤི་དུས་ཕན་ཐོགས་ཅན་གྱི་བྱ་བཞག་སྒྲུབ་རྒྱུ་ལ་འཁོར་ནས། དོན་ཆེན་དང་དོན་ཆུང་གི་གནད་དེ་ཤེས་ཡོང་བ་ཡིན། གཉིས་པ་ནམ་འཆི་ཆ་མེད་དེ་ཤེས་ན་ཕན་ཐོགས་ཅི་ཞིག་ཡོད་ཟེར་ན། ཤི་དུས་ཕན་ཐོགས་ཅན་གྱི་བྱ་བཞག་དེ་སྒྲུབ་དགོས་བསམ་པ་ཁོ་ནས་ཆོག་པར་མི་འདུག་འཆི་བ་ནམ་ཡོང་མི་ཤེས་པ་དེས་ན་དང་པོར་ཤི་ན་སྐྲག་མི་དགོས་པ་ཞིག་ངེས་པར་བྱེད་དགོས་འདུག དེ་ནས་གལ་སྲིད་མ་ཤི་ན་ཡང་བློ་བདེ་བར་སྡོད་ཆོག་པ་འདུག འཆི་བའི་འཇིགས་སྐྲག་མེད་པའི་མི་ཚེ་དེ་བདེ་ཞིང་སྐྱིད་པ་ཞིག་འོང་བར་འདུག་སྙམ་པ་ཡིན། གསུམ་པ་འཆི་བའི་ཚེ་ན་དམ་པའི་ཆོས་མིན་པ་གང་གིས་ཀྱང་ཕན་ཐོགས་མེད་པ་དེ་ཤེས་ནས། ཆོས་སྒྲུབ་པའི་སྐབས་སུ་ཆོས་དྲག་ཤོས་དེ་མི་སྒྲུབ་པར་སྡུག་ཤོས་དེ་ཅི་ལ་སྒྲུབ། སྒྲུབ་ན་བསྒྲུབས་པ་ནང་བཞིན་དེ་བས་ཟབ་མེད་པ། དེ་བས་སླ་མེད་པ། བརྒྱུད་པའི་བྱིན་རླབས་ཡོད་པ། གདམས་པའི་ཉམས་མྱོང་ཡོད་པའི་གང་དགའ་ཞིག་འདེམས་ནས་དེ་ལ་འཇུག་པ་དང་། འཇུག་པ་ཙམ་གྱིས་ཀྱང་མི་ཚད་པར་ལོང་མེད་ཡིན་པར་ཤེས་ནས་བརྩོན་པས་འབད་པ་བྱེད་པ་ཡིན། དེས་ན་ངེས་པར་འཆི་བ་ཤེས་པས་ན་ཆོས་ལ་འཇུག་པའི་རྒྱུ་བྱེད་པ་ཡིན། ནམ་འཆི་ཆ་མེད་ཤེས་པས་ན་ལོང་མེད་རྒྱུད་ལ་སྐྱེ་བའི་རྐྱེན་བྱེད་པ་དང་། འཆི་ཚེ་ཆོས་མིན་པ་རེ་ས་སྐྱབས་གནས་གཞན་ཞིག་མེད་པར་ཤེས་ནས་བརྩོན་འགྲུས་མགོ་ལ་མེ་ཤོར་ལྟ་བུ་སྐྱེས་ནས་ཆོས་འགྲུབ་པའི་གྲོགས་བྱེད་པ་ཡིན་པས་འཆི་བ་མི་རྟག་པ་སྒོམ་རྒྱུ་འདི་གནད་ཆུང་ལ་ཤོར་མི་རུང་། དེ་ལྟར་ཉིན་མཚན་རྒྱུན་དུ་འཆི་བ་མི་རྟག་པ་སྒོམ་རྒྱུ་དང་མ་བྲལ་ན་ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་པ་རང་ཤུགས་ཀྱིས་འབྱུང་བ་ཡིན། ལོང་མེད་རྒྱུད་ལ་སྐྱེས་དུས་བརྩོན་འགྲུས་ཀྱི་ལྕག་གིས་བསྐུལ་ནས་དམ་ཆོས་ངོམས་མེད་དུ་སྒྲུབ་པས་འདའ་བ་ལས། ལོ་དང་ཟླ་བའི་དུས་ཚོད་མ་དགོས་སྔ་ཕྱི་དྲོ་དུས་ཚོད་སྐར་ཆ་ཙམ་རེ་ཡིན་ཡང་ཆོས་ལ་མི་འབད་པར་མི་འདུག་པས་མི་ཚེ་ཆུད་ཟོས་སུ་མི་འགྲོ་ཞིང་། དེ་མ་སོང་དུས་འདི་དང་ཕྱི་མར་རང་དང་གཞན་ལ་ཕན་པའི་ལམ་སྣ་ཟིན་པ་དང་། ཚེ་འདི་སྣང་གི་འདོད་ཡོན་ཆོས་བརྒྱད་ཀྱི་ཆགས་ཞེན་གྱི་འཁྲི་བ་གདིང་ནས་ཆོད་དེ་རྐྱེན་ངན་གྱི་བདུད་དབང་དུ་མི་འགྲོ། ལྷག་པར་འདོད་ཡོན་བསླུ་བྲིད་ཀྱི་བདུད་དབང་དུ་མི་འགྲོ། གཞན་ལ་གནོད་སྐྱེལ་རྒྱུ་དང་། འཚེ་བ་བྱེད་རྒྱུའི་སེམས་ཙམ་ཡང་མི་སྐྱེ། ལོང་མེད་རྒྱུད་ལ་ཡོད་པའི་དབང་གིས་ནོར་དང་ལོངས་སྤྱོད་མཐུན་གྲོགས་ལ་ཆགས་ཞེན་དེ་ཙམ་མི་ཆེ། གལ་ཏེ་དེ་དག་དང་བྲལ་སོང་བའི་དབང་དུ་བཏང་ན་ཡང་འཆི་བ་མི་རྟག་པ་ཤེས་པ་རང་རྒྱུད་ལ་རྟག་ཏུ་ཡོད་པ་དང་། འདུས་བྱས་ལ་སྙིང་པོ་མེད་པ་ཤེས་པས་མྱ་ངན་དང་གདུང་བ་སྐྱེ་རྒྱུ་ཡང་ཆུང་དུ་འགྲོ་བ་ཡིན། གལ་ཏེ་མི་འདོད་སྡུག་བསྔལ་གྱི་རིགས་འདྲ་མི་འདྲ་བྱུང་ནའང་དེ་དག་ཐམས་ཅད་རྐྱེན་ངན་དགེ་བའི་སྐུལ་མ་ཆོས་འགྲུབ་པའི་མཐུན་རྐྱེན་ལ་འགྲོ་བ་ཡིན། གནས་དང་ས་ཕྱོགས་གང་ལ་བསྡད་ནའང་གང་དང་ཅི་ལ་ཆགས་ཞེན་མེད་པས་ལས་མི་སོག མཐུན་མི་མཐུན་འཐད་མི་འཐད་སོགས་དགའ་སྡུག་གི་ཡུལ་རྐྱེན་གང་བྱུང་ནའང་དེ་ལ་ཆགས་སྡང་རང་མཚན་པ་རྒྱུད་ལ་མ་སྐྱེ་དུས་ཉིན་མཚན་དགེ་བའི་ལམ་ལས་འདའ་དོན་མེད་པས། ཉིན་མཚན་དགེ་བའི་ལམ་ལས་མ་འདས་དུས་བློ་ཆོས་སུ་འགྲོ་བའི་ཐོག་ཏུ་ཆོས་ལམ་དུ་འགྲོ་བ་ཡིན། ལམ་གྱི་འཁྲུལ་བ་ཞིག་པའི་མཐུན་རྐྱེན་ཡར་ངོའི་ཟླ་བཞིན་དུ་རིམ་གྱིས་ཚོགས་ཡོང་བ་ཡིན། རང་རེ་པདྨའི་ཐང་གི་རྒྱུན་བཞུགས་རྣམ་པས་ལོ་གཅིག་ལ་ཞག་པོ་སུམ་བརྒྱ་དྲུག་ཅུ་ཡོད་པ་དེ་ཆ་གསུམ་ལ་བགོས་ནས། ཆ་རེ་ལ་ཞག་མ་བརྒྱ་དང་བཅུ་རེ་དང་། དེ་ཡི་ཤུལ་དུ་ཞག་མ་སུམ་ཅུ་ལྷག་པ་དེ་ཆ་གཉིས་ལ་བགོས་ནས་ངལ་གསོ་ཐེངས་མ་གཉིས་བྱེད་པ་རེད། སུམ་ཆ་གཅིག་དེར་ཆོས་ཁྲིད་ཞུ་བ་དང་། གཅིག་དེར་དངོས་གཞིའི་ཉམས་ལེན་བྱེད་པ་དང་། ལོ་གཅིག་ལ་ཞག་བརྒྱ་ཁ་སྐོང་དང་བཅས་པ་ལ་སྔོན་འགྲོའི་ཁྲིད་སྦྱོང་བྱེད་པ་ཡང་དགོས་པ་འདི་དག་ལ་བསམས་ནས་ཆེད་གཏད་དུ་རྒྱུན་སྲོལ་ཞིག་ཨེ་འཇགས་ཀྱི་འདུན་པ་ཡིན། ཚུལ་མིན་ཡིིད་བྱེད་ཀྱི་ཀུན་རྟོག་དེ་ཉུང་བ་དང་། གལ་ཏེ་བག་ཆགས་ངན་པས་རྣམ་རྟོག་སྐྱོན་ཅན་རེ་སྐྱེས་ཀྱང་ལོང་མེད་རྒྱུད་ལ་བརྟེན་པ་ཤུགས་ཆེ་སོང་བའི་དབང་གིས་དཀའ་ཐུབ་དང་སྡོམ་པ་མཐར་ཕྱིན། ཉེས་ལྟུང་གི་དྲི་མས་མི་གོས། དུས་རྒྱུན་དུ་ཆོས་སྤྱོད་ལ་བརྩོན་པ་མི་འདོར་བས། ཚོགས་གཉིས་རིམ་པ་བཞིན་དུ་སོག་ཞོར་དུ་སྒྲིབ་གཉིས་བྱང་བའི་མགོ་བརྩམས་ནས་ཀུན་སྤྱོད་སྡིག་དང་མ་འདྲེས། དེ་མ་འདྲེས་པས་རང་གི་སྔར་བྱས་ཀྱི་བྱ་བ་ལ་རང་གིས་བརྟགས་ན་འགྱོད་པ་མེད་པ་ཞིག་འོང་བ་དང་། དད་དང་སྙིང་རྗེ་ངེས་འབྱུང་ཁྱད་པར་ཅན་ཡང་གསར་དུ་སྐྱེ་ནས། དེ་འདྲའི་གང་ཟག་དེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་དགོངས་ཤིང་གཟིགས་པས་མི་ཚད་པར། མི་དང་མི་མིན་གྱི་ནག་པོའི་ཕྱོགས་ཀྱིས་ཀྱང་གླགས་མི་རྙེད་པ་ཡིན། དཀར་ཕྱོགས་སྐྱོང་བའི་ལྷས་ཀྱང་བསྲུངས་ཏེ། བདེ་བར་ཉལ། བདེ་བར་ལྡང་། བདེ་བར་འདུག བདེ་བར་འཆག་པར་གསུངས་ཤིང་། གསོན་ཚེ་དགེ་བའི་ལས་ཀྱིི་དུས་འདའ་བཞིན་བདེ་བར་སྡོད་པ་ནས། ཤི་ནས་ཚེའི་དུས་བྱས་ན་ཡང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལ་སྐྱེ་བ་ལེན། དེ་ནས་སྔར་གོམས་ཀྱི་བག་ཆགས་བཟང་པོས་བདེ་བར་གཤེགས་པ་སྲས་བཅས་དང་མཇལ་ནས། རང་གཞན་ཀུན་ལ་ཕན་པའི་ཆོས་ཞུས་ཤིང་ཐོབ་ནས། བདེ་བའི་ལམ་བསྒོམས་ཏེ་བདེ་ཆེན་གྱི་གླིང་དུ་བདེ་བ་ཆེན་པོའི་གོ་འཕང་བརྙེས་ནས། རང་གཞན་བདེ་བའི་གོ་འཕང་ལ་འགོད་པ་དེ་ལྟ་བུའི་ཕན་ཡོན་དང་ལྡན་པ་ཡིན་ནོ། །དེ་ལྟ་བུའི་ཚེ་མི་རྟག་པའི་བློ་སྦྱོང་གི་ཕྱོགས་ནས་དྲན་བསྐུལ་ཙམ་ཞིག་ཞུས་ཏེ། གང་ཞིག་གསན་པར་བྱ་བ་ཆོས་དབྱིངས་རིན་པོ་ཆེའི་མཛོད་ཅེས་བྱ་བ། ཀུན་མཁྱེན་རྒྱལ་བ་ཀློང་ཆེན་པའི་དགོངས་པའི་གསང་མཛོད་ཀྱི་མཐིལ། རང་བཞིན་རྫོགས་པ་ཆེན་པོའི་མན་ངག་ཟབ་པའི་མཐར་ཐུག དེ་ཕྱིར་གཞུང་བཟང་འདི་འདྲ་སྲིད་འདི་ན། །མཐོང་གྲོལ་ཡིན་ཏེ་ཐོས་གྲོལ་དྲན་གྲོལ་ཡིན། །འབྲེལ་པ་ཐོགས་ཚད་མ་འོངས་སངས་རྒྱས་ཡིན། །དགོངས་པ་རྙེད་ན་ད་ལྟའི་སངས་རྒྱས་ཡིན། །ཞེས་དོན་ལ་གནས་པའི་བསྔགས་བརྗོད་འདི། ཡང་དང་ཡང་དུ་བཟླས་ཤིང་བཀླགས་ན། སྲིད་པ་འདི་ན་འདི་ལས་ངོ་མཚར་ཆེ་བའི་ཆོས་དང་གདམས་པ་རྙེད་རྒྱུ་མེད་པ་ཡིན་ཏེ་ཞེས་དམ་བཅའ་བཟུང་ནའང་ཆོག་པ་ཡིན། ཅིའི་ཕྱིར་ཟེར་ན་ཆོས་སྐུའི་རིང་བསྲེལ་གྱི་ཕུང་པོ་གླེགས་བམ་མཇལ་བ་དང་མཚན་ཐོས་པ་ཙམ་གྱིས་ཀྱང་། ཐར་བའམ་གྲོལ་བའི་ས་བོན་རྒྱུད་ལ་འཇོག་ཅིང་། ཚིག་ཐོས་ཤིང་དོན་དྲན་པས་གྲོལ་བ་ཐོབ་པའི་ཕྱིར་ཞེས་ཟེར་ཆོག་པ་ཡིན། འདི་ལ་མཐོང་ཐོས་དྲན་པའི་འབྲེལ་བ་ཐོགས་ཚད་མ་འོངས་པའི་སྐྱེ་བའི་རྗེས་མ་དང་། ཡང་ན་སྐྱེ་བའི་ཕྲེང་བ་ཁ་ཤས་ལ་འདིའི་ཆོས་འདི་དང་ལས་ཀྱི་འབྲེལ་བས་ཕྲད་ནས་དོན་བསྒོམས་པས་འཚང་རྒྱ་བར་འགྱུར་བས་མ་འོངས་པའི་སངས་རྒྱས་ཡིན། འདིའི་ཚིག་རྣ་བས་ཐོས་པས་མི་ཚད་དོན་རྒྱུད་ལ་སྦྱར་ནས་དགོངས་པ་རང་རྒྱུད་ནས་རྙེད་ན་ད་ལྟའི་སངས་རྒྱས་ཡིན། ལུས་གདོས་བཅས་ཀྱི་རྒྱ་ནས་ཐ་མལ་པ་ལྟར་གནས་ན་ཡང་། སེམས་ལ་རང་བྱུང་རིག་པའི་ཡེ་ཤེས་ཀྱི་དགོངས་པ་འཕོས་ནས་རེ་དོགས་བྲལ་བའི་འབྲས་བུ་ཚེ་འདིར་མངོན་དུ་བྱ་ཐུབ་པ་སྟེ། དེ་ལྟར་གཞན་ལས་འཕགས་པའི་ངོ་མཚར་ཆེ་བའི་སྒྲུབ་བྱེད་དང་བཅས་པའི་ཟབ་ཆོས་མན་ངག་གིི་བསྟན་བཅོས་ཆེན་པོའི་རང་འགྲེལ་ལུང་གི་གཏེར་མཛོད་འདི་ཉིད་འཆད་ཉན་བྱེད་བཞིན་པ་ལས། ཐོག་མར་དགེ་བ་ཀླད་ཀྱི་དོན་སོང་ནས། བར་དུ་དགེ་བ་གཞུང་གི་དོན་ལེའུ་བཅུ་གསུམ་གྱིས་བསྟན་པའི་སྐབས་ནས། ལེའུ་དགུ་བ་ཡན་ཆད་སོང་ནས་ལེའུ་བཅུ་བ་དགོངས་པ་ཆོས་ཉིད་ལས་མི་གཡོ་བར་བསྟན་པའི་སྐབས་ཀྱི། གོང་ནས་སྔར་ལེའུ་གོང་མས་གནས་ལུགས་རིག་པར་ལ་བཟླས་པ་དེ་ཉིད། དགོངས་པ་རྣལ་བཞག་ཆེན་པོར་བསྟན་པ་ལས་རང་བཞིན་བབས་ཀྱི་བསམ་གཏན་གྱིས་ཉམས་སུ་བླང་བ་བསྟན་པ་དང་གཅིག མདོ་ཆིངས་ངེས་པས་འགག་བསྡམ་པ་དང་གཉིས། ཤན་འབྱེད་ཀྱི་འཕྱོང་གིས་རྟོག་མཐའ་བསལ་བ་དང་གསུམ། རྒྱུ་འབྲས་བྱ་རྩོལ་ལས་འདས་པའི་ཆོས་ཉིད་དུ་དོན་བསྡུ་བ་དང་རྣམ་པ་བཞི་ཡིས་བཤད་པ་ལས། རང་བཞིན་བབས་ཀྱི་བསམ་གཏན་གྱིས་ཉམས་སུ་བླང་བར་བསྟན་པ་དེ་ལ། ངོ་བོ་སྤྱིར་གཏན་ལ་དབབ་པ་ཞིག་དང་། ཁྱད་པར་གྱི་ལམ་བཤད་པ་གཉིས་ལས། དང་པོ་སོང་ནས།

༼ཁ ཁྱད་པར་ཅན་གྱི་ལམ་ཉིད་ཇི་ལྟར་ཉམས་སུ་བླང་བའི་ཐབས་བསྟན་པ།

དེ་ལ་ཡང་སྤྱིར་བཤད་པ་དང་། བྱེ་བྲག་ཏུ་བསྟན་པ་གཉིས་ལས།

ཀ༽ དང་པོ་སྤྱིར་བཤད་པ།

ད་ནི་ཁྱད་པར་ཅན་གྱི་ལམ་ཉིད་ཇི་ལྟར་ཉམས་སུ་བླང་བའི་ཐབས་བསྟན་པ་ནི།

ཡུལ་ཀྱང་མི་དགག་སེམས་ཀྱང་མི་གཟུང་བར།།

རང་བཞིན་ལྷུན་མཉམ་ངང་ལས་མི་གཡོ་ན།།

ཀུན་བཟང་ཡངས་པ་ཆེན་པོའི་དགོངས་པར་ཕྱིན།།

ཞེས་སྤྱིར་བསྟན་ཏེ། དེའི་དོན། ཡི་གེ་མེད་པ་ལས། ཡེ་ནས་མ་བཅོས་རང་བྱུང་ཅོག་གཞག་ཉིད། །སྣང་བས་མ་བསྒྱུར་བློ་ཡིས་མ་བཅོས་པ། །ཆོས་ཉིད་མཁའ་ལ་གནས་ན་དགོངས་པར་བསྟན། །ཞེས་གསུངས་ཏེ། ནང་རིག་པ་གསལ་སྟོང་ཟང་ཐལ་དུ་རྗེན་པ་ལ་བུད་པའི་ངོ་བོ་ལས་མ་གཡོས་པར། ཕྱི་སྣང་བའི་ཡུལ་ཚུར་མི་ལེན། ནང་རྟོག་པའི་སེམས་ཕར་མི་སྤྲོ། བར་གཉིས་མེད་ཀྱི་བསྒོམ་པས་རིག་པ་མ་བཅིངས་པར། ཟང་ངེ་ཐལ་ལེ་རང་བབས་སུ་གནས་པ་སྟེ། ཕྱི་སྣང་བའི་ཡུལ་གཟུངས་བས་བསྡུས་པ་ཚུར་མི་ལེན་པས་སྣང་བས་མ་བསྒྱུར། ནང་འཛིན་པ་རྟོག་པའི་སེམས་ཕར་མི་སྤྲོ་བས་བློ་ཡིས་མ་བཅོས། བར་གཉིས་མེད་ཀྱི་སྒོམ་པས་རིག་པ་མ་བཅིངས་པར་ཡེ་ནས་མ་བཅོས་རང་བྱུང་ཡིན་པ་ལ། ཅོག་གཞག་གི་ངང་ལས་མི་གཡོ་བར་ཆོས་ཉིད་ནམ་མཁའ་ལྟ་བུའི་ཟང་ཐལ་རང་གནས་རང་བབས་ཀྱི་དགོངས་པ་ལ་མི་གཡོ་མཉམ་པར་གནས་དགོས་པ་སྤྱིར་བསྟན་པའོ།།

ཁ༽ གཉིས་པ་བྱེ་བྲག་བསམ་གཏན་གྱི་གཞག་ཐབས་དང་ཏིང་འཛིན་གྱི་རིམ་པ་བསྟན་པ།

དེ་ལ་གཞག་ཐབས་བཞི་བསྟན་པ་དང་། ཏིང་ངེ་འཛིན་གསུམ་གྱིས་རིག་པ་སྲང་དུ་འཛུད་པ་བསྟན་པ་དང་། དེ་ལྟར་རང་གནས་དང་རང་ཤར་གཉིས་ལ་བཟང་ངན་མེད་པར་བསྟན་པ་དང་གསུམ་ལས།

༼༡༽དང་པོ་གཞག་ཐབས་བཞི་ཡིས་རིག་པ་སྲང་དུ་འཛུད་པ།

དེ་ལ་རྒྱ་མཚོ་ཅོག་གཞག རིག་པ་ཅོག་གཞག སྣང་བ་ཅེར་གཞག རི་བོ་ཅོག་གཞག་དང་བཞི་ལས།

༼༡ དང་པོ་རྒྱ་མཚོ་ཅོག་གཞག་བསྟན་པ།

སྤྱི་དོན་གྱི་ཆིངས་བསྟན་པ་ནི། གཞག་ཐབས་བཞི་དང་། ཏིང་ངེ་འཛིན་གསུམ་གྱིས་རིག་པ་སྲང་དུ་འཛུད་པའོ། །གཞག་ཐབས་བཞི་ནི། རི་བོ་ཅོག་གཞག རྒྱ་མཚོ་ཅོག་གཞག རིག་པ་ཅོག་གཞག སྣང་བ་ཅེར་གཞག་གོ །ཏིང་ངེ་འཛིན་གསུམ་ནི་རང་གནས་ཆེན་པོའི་ཏིང་ངེ་འཛིན། ཐོག་བབས་ཆེན་པོའི་ཏིང་ངེ་འཛིན། རྒྱས་འདེབས་ཆེན་པོའི་ཏིང་ངེ་འཛིན་ཏོ། །ཞེས་སྤྱི་བསྡོམས་བསྟན་ནས། བྱེ་བྲག་གི་དབྱེ་བའི་རིམ་པ་ལས་དང་པོ་གཞག་ཐབས་བསྟན་པ་ནི། རྒྱུད་ཀྱི་བསྟན་དོན་ལྟར་ན། ལྟ་བ། དགོངས་པ། མན་ངག གཞག་ཐབས་དང་བཅས་པའི་བགྲང་བའི་རིམ་པ་གོང་ནས་གསུངས་པ་ལྟར། རི་བོ་ཅོག་གཞག རྒྱ་མཚོ་ཅོག་གཞག རིག་པ་ཅོག་གཞག སྣང་བ་ཅེར་བཞག་ཅེས་སུ་གསུངས་པ་ཡིན་ལ། འོན་ཀྱང་དགོས་པའི་དབང་གིས་དེ་ལ་ཅོག་གཞག་བཞི་ནི་ཉམས་སུ་ལེན་དུས་སྐྱེ་ཚུལ་གྱི་རིམ་པ་དང་སྦྱར་ཏེ། དང་པོ་རྒྱ་མཚོ་ཅོག་གཞག་སྔོན་ལ་བསྟན་པ་ནི།

མི་སྤྲོ་མི་བསྡུ་རང་དྭངས་སང་ངེ་བ།།

དྭངས་པའི་རྒྱ་མཚོ་མི་གཡོ་མཉམ་པ་ཉིད།།

ཆོས་ཉིད་གཏིང་གསལ་རང་བྱུང་ཡེ་ཤེས་ངང་།།

འབྱུང་འཇུག་རེ་དོགས་བྲལ་བར་གནས་པ་ཡིན།།

ཞེས་གསུངས་ཏེ། རྒྱ་མཚོ་རླུང་གིས་མ་བསྐྱོད་པར་གཟའ་སྐར་ཤར་དུས་གཟའ་སྐར་སྣང་ཡང་ཆུ་ལས་མ་གཡོས་ལ་མ་གོས་པ་ལྟར། རིག་པ་ཟང་ཐལ་དུ་སངས་སེ་བ་ལ་སྣང་ཡུལ་མ་འགགས་པར་ཤར་ཡང་འཛིན་པས་མ་བསླད་པས་རིག་པ་དྭངས་སངས་ཀྱི་ངང་ལ་མ་གཡོས་པར་བཞག་སྟེ། ཡི་གེ་མེད་པ་ལས། རྒྱ་མཚོ་ཅོག་གཞག་དག་གི་དགོངས་པ་ནི། །སྣང་བ་མ་ཡིན་སྣང་བར་བྱེད་པ་མིན། །སྟོང་པ་མ་ཡིན་སྟོང་པར་ཡོད་མ་ཡིན། །གསལ་བ་མ་ཡིན་གསལ་བ་ཆེན་པོའི་ཡུལ། །བྱིང་བ་མ་ཡིན་རྒོད་པ་ངང་གིས་མེད། །མ་གཡོས་མི་གཡོ་གཡོ་བར་མི་འགྱུར་ཏེ། །མ་བསྐྱོད་མི་བསྐྱོད་བསྐྱོད་པ་ཀུན་ལས་འདས། །བྱས་པས་མ་བྱུང་གཞག་ཐབས་ཆེན་པོར་ལྟོས། །སྤྲོ་བསྡུ་མ་བྱེད་ཅོག་གཞག་གཅིག་གི་ངང་། །གནས་པ་མ་ཡིན་དེ་ལས་འདའ་བ་མེད། །གསང་བའི་ཡེ་ཤེས་རྒྱ་མཚོ་ལྟ་བུ་ལ། །ཡེ་ནས་ལྷུན་འབྱམས་མ་བསྐྱོད་དབྱིངས་སུ་ཞོག །གཏིང་དཔག་དཀའ་བའི་རྒྱ་མཚོ་ཆེན་པོ་ནས། །ནུབ་པ་མེད་པའི་རྒྱལ་མཚན་རྩེ་མོར་ལྟོས། །སྟོང་པའི་སེམས་མེད་མ་བཅོས་ཆེན་པོའི་སྐུ། །བྱས་པ་མེད་པས་བྱེད་པ་ཀུན་ལས་རྒྱལ། །ཡེ་ནས་མ་བྱུང་མ་བཅོས་ཅོག་གཞག་ཉིད། །སྣང་བས་མ་བསྒྱུར་བློ་ཡིས་མ་བཅོས་པ། །ཆོས་ཉིད་མཁའ་ལ་གནས་ན་དགོངས་པར་བསྟན། །ཆོས་སྐུའི་ཡེ་ཤེས་བསམ་པ་རབ་སྤངས་པས། །འགྱུ་བྱེད་མེད་ན་སྒོམ་པའི་དགོངས་པ་ཡིན། །ཡུལ་ལ་དམིགས་པའི་ཕྱོགས་དག་མི་འཛིན་ན། །རྒྱ་མཚོའི་གཏིང་དུ་གཟའ་སྐར་ཤར་བ་བཞིན། །འཛིན་མེད་གསལ་ཆ་མ་འགགས་པས། །དགོངས་པའི་འདུག་ཚུལ་དེ་བཞིན་ནོ། །ཞེས་སོ། །ཞེས་ལུང་གིས་བཀྲལ་བའོ། །འདིའི་སྐབས་སུ་ལུས་ཀྱིས་རྣམ་སྣང་ཆོས་བདུན་ནམ་སྐྱིལ་ཀྲུང་དྲང་པོ་ཟུག་ངུ་མེད་པ་བདེ་ལུགས་སུ་བཅས་ཤིང་། མིག་བར་སྣང་ལ་ཧ་རེ་གཏད་ནས་ཤེས་པ་དྭངས་སང་ངེ་ཡོད་པ། དཔེར་ན་རྒྱ་མཚོ་རླབས་ཀྱིས་མ་བསྐྱོད་པར་འཇམ་ལྟེམ་མེར་དྭངས་སང་ངེར་ཡོད་པ་ལྟ་བུ་ཞིག་གི་ངང་ལ། གསལ་སང་ངེར་གཞག་དགོས་པ་ཡིན། ཤེས་པ་དྭངས་སང་ཞེས་པ་ནི་ཚོགས་དྲུག་གི་སྣང་བ་གང་ཤར་རུང་དེ་ལ་འཛིན་པའི་བཟོ་རྒྱ་མི་བསྐྱེད་པར་རང་སང་ལ་འཇོག་པ་ཡིན་ཞིང་། འདིར་རྒྱུད་ལ་མི་མཁས་པའི་རྨོངས་པ་རྡོལ་ཐབས་སུ་སྨྲ་བ་ཁ་ཅིག་ཕྱོགས་རེའི་ཆ་སྦྱར་བའི་ཡི་གེ་ལ་ཞེན་ནས། རྒྱུད་དོན་ལ་མི་མཁས་ཤིང་ཐོས་པ་རྒྱ་ཆུང་བའི་རྨོངས་པ། གང་བྱུང་ཅི་དྲན་གྱི་རྡོལ་ཐབས་སུ་སྨྲ་བ་ཁ་ཅིག་གིས། ཕྱོགས་རེའི་ཆ་དང་སྦྱར་བའི་ཡི་གེ་སྣ་རེ་ཙམ་ལ་ཞེན་ནས། ཅོག་གཞག་བཞི་བོ་འདི་འོལ་ཚོད་ཀྱིས་ཅོག་གཞག་བཞི་བོ་འདི་ཐོད་རྒལ་གྱི་གཞག་ཐབས་ཡིན་ནོ་སྙམ་དུ་སེམས་པ་ནི་ཆོས་ལ་འབྲེལ་མ་ཆགས་ཤིང་། དེ་ལྟར་དུ་རང་གིས་སེམས་པས་མི་ཚད་གཞན་ལ་བཤད་པས། གཞན་འགའ་རེས་དེ་ལྟར་ཡིན་པར་བརླམས་ནས་དེ་ལྟར་དུ་ཞེན་པ་ནི་ཆོས་ལ་འབྲེལ་མ་ཆགས་ཤིང་ཉམས་ལེན་གང་ལའང་སྦྱོར་མི་ཤེས་པའི་རྣམ་འགྱུར་ཏེ། ཡི་གེ་མེད་པའི་པདྨ་ཁ་འབྱེད་དུ་ཐོད་རྒལ་དང་ཕྱོགས་གཅིག་ལ་སྦྱར་བ་ནི་ཚིག་གི་དཀྱུས་དང་སྦྱར་ཏེ་ཕྱོགས་གཅིག་ལ་སྦྱར་བ་ལྟ་བུར་མངོན་པ་ཡིན་གྱི། སྤྱིར་གང་ལའང་སྦྱར་དུ་ཡོད་དེ། སྣང་བ་རིན་པོ་ཆེའི་པྲ་ཁྲིད་དུ་ཕྱོགས་ཐམས་ཅད་ལ་སྦྱར་ཏེ་གསུངས་པ་ལྟ་བུའོ། །ཁྲེགས་ཆོད་དང་། ཐོད་རྒལ་གང་ལའང་རྩ་བ་རིག་པ་ཟང་ཐལ་འདི་རྗེན་ལ་འབུད་ཤེས་དགོས་སོ། དེ་མ་ཤེས་ན་ཅི་ལ་སྦྱར་ཡང་ཕན་མེད། ཅོག་གཞག་བཞི་འདི་ཁྲེགས་ཆོད་ཐོད་རྒལ་གཉིས་ཀའི་ཉམས་ལེན་གྱི་གནད་དང་སྦྱར་ཤེས་དགོས་པར་གསུངས་པ་སྟེ། སྤྱིར་ན་ཁྲེགས་ཆོད་ཐོད་རྒལ་གཉིས་ལམ་སོ་སོ་བ་དང་ཕྱོགས་མི་འདྲ་བ་གཉིས་ཡིན་པར་སེམས་དུས་གང་ལྟར་ཡང་ཡང་དག་པ་མིན་པར་འཕྱན་པའི་རྟགས་ཡིན། ཁྲེགས་ཆོད་སྟོང་པའི་འོད་གསལ་དང་། ཐོད་རྒལ་སྣང་བའི་འོད་གསལ་གཉིས་ཀ ངོ་བོ་གཅིག་ལ་ལྡོག་པས་བཏགས་པ་ཙམ་ཞིག་ཡིན་ཕྱིར། གཉིས་ཀ་ཟུང་དུ་འཇུག་པ་ལ་འོད་གསལ་རྫོགས་ཆེན་གྱི་ལམ་གསུངས་པ་ཡིན། གཉིས་ཀའི་རྩ་བ་རིག་པ་ཟང་མ་ཐལ་བྱུང་ཡེ་ནས་ཡིན་པ་ལ། རྣལ་འབྱོར་པ་རང་ངོས་ཀྱི་ཉམས་ལེན་གྱི་སྟེང་ནས་ཀྱང་དེ་ཉིད་རྗེན་ལ་འབུད་ཐུབ་དགོས་པ་ཡིན། དེའི་གནད་དེ་གཅིག་ན་མ་ཤེས་པ་དང་། གཉིས་ན་ཤེས་རུང་དོན་ཐོག་ལ་མ་འཁྱོལ་དུས། ཚིག་གི་ཅོག་གཞག་ཁྲེགས་ཆོད་ཐོད་རྒལ་གང་ལ་སྦྱར་རུང་མ་སྦྱར་རུང་ཕན་གནོད་མེད་ལ། ཐོད་རྒལ་གྱི་སྐབས་སུ་འང་ཕྱི་སྣང་པའི་འོད་གསལ་ལ་བལྟས་པས། འཁྲུལ་བ་མེད་པར་ནང་རང་དྭངས་ཀྱི་བསྒོམ་པ་རང་ས་ན་གསལ་དུས། སེམས་དང་ཡེ་ཤེས་དར་ཅིག་རྒྱབ་གྱེས་པས་ཀུན་གཞི་ཚོགས་བརྒྱད་དང་བཅས་པ་ཡེ་ཤེས་ཀྱིས་བསྒྲིབས་ཏེ། འཁོར་བའི་ཆོས་མི་གསལ། འདས་པ་རང་ཆས་སུ་ལྷུན་གྱིས་གྲུབ་པར་གསུངས་ཤིང་། ཁྲེགས་ཆོད་དེ་སྒོམ་ཆེན་པ་རྨོངས་པ་ཀུན་གྱི་ལམ་དང་འདྲེས་ནས་སེམས་འཛིན་གྱི་ཐབས་སྐོལ་ཚེ་བར་འཆོར་བས་འཁོར་བ་ལས་མི་འདའ་བ་དང་། ཐོད་རྒལ་དེ་དངོས་པོ་དང་མཚན་མར་ཞེན་པས་གཟུགས་ཁམས་ཀྱི་གནས་སུ་གོལ་འགྲོ་བ་ཡིན་པས། འདིར་ཟང་ཀ་རྗེན་པའི་ཤེས་པ་ངོ་ཤེས་པ་གལ་ཆེའོ། །དེ་བཞིན་དུ་ཁྲེགས་ཆོད་ཀྱི་སྐབས་སུ་ཡང་། ནང་རང་དྭངས་ཀྱི་སྒོམ་པ་རིག་པ་རྗེན་ལ་བུད་པའི་རང་གནས་བབས་ཀྱི་བསམ་གཏན་གྱི་ངང་ལ་འཇོག་མ་ཤེས་ན། མིང་ལ་སྒོམ་ཆེན་ཐོགས་ཡོད་པ་དང་རང་གིས་ཀྱང་སྒོམ་ཆེན་ཡིན་པར་རློམ་ན་ཡང་། དོན་ལ་རྨོངས་པ་གཏི་མུག་གི་མུན་སྒོམ་དང་། བླུན་པོའི་གླེན་སྒོམ་ལ་ལོག་ནས་སེམས་འཛིན་བྱིངས་པ་ཏག་ཏག་བསགས་པའི་ཐོམ་ཡོར་ཙམ་གྱི་སྐོལ་ཚེ་བ་སྟེ་ཕྱོགས་གཅིག་ཏུ་རིས་ཆད་ཅན་དུ་ཤོར་ན། གཟུགས་མེད་ཀྱི་ཁམས་ལ་སོགས་པའི་འཁོར་བ་ལས་འདའ་བ་མིན་ཞིང་། ཐོད་རྒལ་ཡང་ནང་ཤེས་རབ་རང་བྱུང་གི་སྒྲོན་མའི་ངོ་བོ་སེམས་དང་བྲལ་བའི་སངས་རྒྱས་དངོས། ཡིད་དང་བྲལ་བའི་ཡེ་ཤེས་ཀྱི་དགོངས་པ་དངོས། སྦུབ་དང་བྲལ་བའི་འོད་ཟེར་གྱི་དག་སྣང་ངོ་མ་དེ་མ་མཇལ་བར་འཆར་སྣང་དངོས་མཚན་ཅན་ལ་བལྟས་དུས་གཟུགས་ཁམས་སུ་གོལ་བའི་རྒྱུ་ཡིན་པས། རྒྱ་མཚོ་ཅོག་གཞག་གི་ལྟ་སྟངས་ཀྱིས་ཡེངས་པ་མེད་པར་མཉམ་པར་བཞག་པས་ཆོས་སྐུའི་ཏིང་འཛིན་སྣང་བ་ཡིན། དེ་དུས་ཤེས་པ་གཏིང་ནས་གསལ་ནས་ལུ་གུ་རྒྱུད་ཀྱི་མཐོང་སྣང་ལ་མངོན་དུ་སྤྱོད་པ་ནི་སྣང་བ་འཕེལ་བའི་ཚད་ཡིན་པར་གསུངས་པས་ཁྲེགས་ཐོད་གཉིས་ཀྱི་ཉམས་ལེན་གནད་གཅིག་ལ་འབབ་པ་ཡིན་ནོ། །འདི་ཤེས་པ་ཙམ་གྱིས་མི་ཆོག་པས་གཏན་སྲིད་ཟིན་དགོས་སོ། །དེ་ལ་དེའི་ངང་ལས་མ་གཡོས་པ་གལ་ཆེ་བས། ཐབས་སུ་གཞག་ཐབས་དུ་མ་གསུངས་པ་ལས། དང་པོར་རྒྱ་མཚོ་ཅོག་གཞག་གི་དགོངས་པའི་རང་མལ་འཆའ་དགོས་པས་འདི་འབྱོངས་པ་གཅེས་སོ། །རྒྱ་མཚོ་ཅོག་གཞག་གི་དགོངས་པའི་གནད་ནི། ཟང་ཐལ་རྗེན་པའི་ཤེས་པ་རང་གནས་སུ་འགྱུར་བ་ཡིན་ལ། ཤེས་པ་དེ་རིག་པའི་རྩལ་ཡིན་ལ། དེ་མ་གཡོས་ན་ངོ་བོའི་རིག་པ་འཕོ་འགྱུར་མེད་པའི་ངང་ལ་གནས་པ་ཡིན། འདིའི་གནད་ཤེས་པ་ཙམ་ཞིག་གིས་མི་ཆོག་པར་ངང་ལ་བཞག་པའི་གཏན་སྲིད་ཟིན་པར་བྱས་ནས། དེའི་ངང་ལས་རྐྱེན་གང་བྱུང་ཡང་མི་གཡོ་བ་ཞིག་གི་ཚད་ལ་སླེབ་པར་བྱེད་པ་ནི་ཐོག་མ་ཉིད་ནས་གལ་ཆེ་བ་ཡིན། གཞག་ཐབས་དུ་མ་ཡོད་པ་དག་ལས་ཐོག་མར་འབྱུང་བ་ཤིན་ཏུ་གཅེས་པ་དེ་ནན་གྱིས་གསུངས་ནས། འདི་ལ་གོལ་ས་བཅད་པའི་རིམ་པ་ཡང་། ཐལ་འགྱུར་ལས། མ་གོལ་གནས་པའི་སྒོམ་པ་ནི། །དབང་པོའི་སྒོ་རྣམས་གསལ་བ་ལ། །ཡིད་ཀྱི་རྟོག་པ་མ་འགྱུས་པ། །ཤེས་པ་ཉིད་ལ་དཔྱོད་པའི་ཡིད། །ཕྱིར་ལ་ཤོར་བ་མེད་པ་ཉིད། །རིས་ཅན་གསལ་བ་མ་ཡིན་དང་། །གུད་བཅད་སྟོང་པར་མ་སོང་དང་། །བདེ་བ་རྒྱུན་ཆགས་མ་ཡིན་དང་། །བཏང་སྙོམས་ལྟེངས་པོར་མ་སོང་དང་། །དྲན་རིག་གསལ་བ་ངལ་གསོ་དང་། །སྦྱངས་པ་ལོག་ཆའི་ལམ་སོང་དང་། །འཛིན་ཆ་ནང་དུ་འགྱུ་བདེ་དང་། །ཆ་ལུགས་གསལ་བའི་འཛིན་ཆ་དང་། །ཁ་དོག་ཡིག་འབྲུ་སྒྱུར་བྱེད་རྣམས། །དེ་རྣམས་ཕྱོགས་སུ་མ་ལྷུང་ན། །མ་གོལ་གནས་པའི་སྒོམ་པའོ། །ཞེས་སོ། །དེ་དག་ལས་ཆ་ལུགས་གསལ་བའི་འཛིན་ཆ་ནི་ཕྱིའི་སྣང་ཆ་ལ་འདི་དང་འདིའོ་སྙམ་དུ་སྤྱོད་པའོ། །ཁ་དོག་ཡིག་འབྲུར་སྒྱུར་བྱེད་ནི། ནང་གི་སེམས་གནས་ལ་རྟོག་དཔྱོད་ཀྱི་འཛིན་པའོ། །གཞན་ནི་གོ་སླའོ། །སྒོམ་པ་མ་གོལ་བ་ཞིག་བྱེད་དགོས་ན་མིག་གིས་མཐོང་བ་དང་། རྣ་བས་ཐོས་པ་ལ་སོགས་པའི་ཚོགས་དྲུག་གང་ཤར་ཐམས་ཅད་འགོག་པར་བྱེད་མི་དགོས་པར། དབང་པོའི་སྒོ་རྣམས་གསལ་བ་ལ་ཡིད་ཀྱི་རྟོག་པ་མ་འགྱུས་པ་ཞིག་དགོས་ཏེ། དབང་པོ་དྭངས་པའི་ཡོན་ཏན་གྱིས་མངོན་ཤེས་ལ་སོགས་པ་འཆར་བར་ལན་གྲངས་དུ་མར་གསུངས་པ་ཡིན་པའི་ཕྱིར། འདི་ནས་ཀྱང་ཚོགས་དྲུག་དགག་མི་དགོས་ལ་ཡིད་ཀྱི་རྟོག་པ་མ་འགྱུས་པ་ཞེས་པ་དང་། ཤེས་པ་ཉིད་ལ་དཔྱོད་པའི་ཡིད་ཕྱིར་མ་ཤོར་བ་ཞེས་པ་ནི་དེ་ལ་འཛིན་པའི་རྗེས་འདེབས་མ་ཞུགས་པ་ཞིག་ལ་གསུངས་པ་དང་། གཟུང་བ་ལ་འཛིན་པ་མ་ཞུགས་པ་ནི་མེད་པ་རིས་ཅན་གྱི་གསལ་བ་མ་ཡིན་པ་དང་། གུད་བཅད་ཅང་མེད་ཀྱི་སྟོང་པར་མ་སོང་བ་སོགས་ནས། ཆ་ལུགས་གསལ་བའི་འཛིན་ཆ་འཛིན་རྣམ་ཁོལ་བུ་བ་དང་། ཁ་དོག་ཡིག་འབྲུ་སྒྱུར་བྱེད་འཛིན་ཞེན་རྟོག་དཔྱོད་ཅན་གྱི་སེམས་གནས་ཀྱི་སྒོམ་པའི་ཕྱོགས་སུ་མ་ལྷུང་བའི་ཆོས་ཉིད་སྟོང་གསལ་རང་བྱུང་གི་ཡེ་ཤེས་ཀྱི་ངང་དུ་འབྱུང་འཇུག་རེ་དོགས་བྲལ་བར་གནས་ཆེད་དུ་སྒོམ་པ་རྒྱ་མཚོ་ཅོག་གཞག་འདི་ཕྱོགས་སུ་མ་ལྷུང་བའི་གཞག་ཐབས་ཀྱི་གནད་བསྟན་པའོ།།

༼༢ གཉིས་པ་རིག་པ་ཅོག་གཞག་བསྟན་པ།

རིག་པ་ཅོག་གཞག་ནི།

ཚིག་གིས་མི་མཚོན་འཇུར་བུའི་སེམས་མེད་པར།།

རང་བབས་གྱིིན་འདའ་བཅོས་བསླད་མེད་པ་ནི།།

ཀློང་ཐིམ་ཆོས་ཉིད་མཚན་མ་མེད་པ་དེ།།

སྒོམ་དང་བསྒོམ་པར་བྱ་བའི་ཆོས་མེད་པས།།

བྱིང་རྒོད་རང་ཡན་རང་བྱུང་དགོངས་པར་ཤར།།

ཞེས་གསུངས་ཏེ། རིག་པ་ཅོག་གཞག་ལ་ཐོད་རྒལ་དུ་ལུ་གུ་རྒྱུད་རིག་གདངས་ལ་འཇོག་པ་སྟེ། འདིར་རིག་པ་དངོས་ཟང་ཐལ་རྗེན་པའི་སྟེང་དུ་འཇོག་པས་གནད་རབ་ཏུ་ཟབ་སྟེ། ཤེས་པ་དྭངས་པ་རྒྱ་མཚོའི་ངང་ལ་གནས་དུས་ན། རིག་གེ་སང་ངེ་རྗེན་པར་ཡོད་པ་དེ་ངོས་བཟུང་ནས་དེ་ལས་མ་གཡོས་པར་བྱས་པས། བར་མཚམས་དང་ཕྱི་ནང་མེད་པའི་ཆོས་ཉིད་གཅིག་ཏུ་འཆར་ཏེ། ཡི་གེ་མེད་པ་ལས། རིག་པ་ཅོག་གཞག་མན་ངག་ཉིད། །འདི་ནི་གསང་བའི་མཐར་ཐུག་སྟེ། །ཞེས་པ་དང་། སྣང་བ་ཆིག་ཆོད་དགོངས་པ་ནི། །རིག་པ་ཉིད་ཀྱི་གཞག་ཐབས་བཙལ། །གསང་བའི་གསང་བ་ཆེན་པོ་སྟེ། །སྣང་བའི་སྟོབས་ཀྱིས་ཕ་རོལ་སྒྲོལ། །ཆགས་པས་མ་བཅིངས་རང་སྣང་ངོ་། །ཞེས་སོ། །འདི་ནི་ཐིག་ལེ་ཉག་གཅིག་ཟང་ཐལ་རྗེན་ལ་བུད་པ་ཞེས་བྱ་སྟེ། རྒྱུད་དེ་ཉིད་ལས། ཐིག་ལེ་ཉག་གཅིག་སྤྲོས་མེད་དེ། །བློ་ཡི་བྱེ་བྲག་བརྗོད་ལས་འདས། །ཞེས་སོ། །ཚིག་གིས་མཚོན་ཐབས་བྲལ་བའི་རིག་པ་རང་གནས་ཀྱི་དགོངས་པ་གཡོ་འགུལ་མེད་པ་དེ། འཇུར་བུའི་སེམས་དང་སྒྲིམ་པོའི་བློ་ཡི་སྤྱོད་ཡུལ་དུ་མ་གྱུར་པའི་རང་བབས་འཕོ་འགྱུར་དང་བྲལ་ཞིང་གསལ་སྟོང་བཅོས་བསླད་དང་བྲལ་བ་ནི། ཀློང་ཐིམ་ཐིག་ལེ་ཉག་གཅིག་གི་ཆོས་ཉིད་ཟང་ཐལ་རྗེན་དུ་བུད་པ་ཡིན་ཕྱིར། དེ་ལ་སྒོམ་པར་བྱེད་པ་དང་བསྒོམ་པར་བྱ་བའི་ཆོས་མཚན་མ་རིས་ཅན་དུ་གྲུབ་པ་ཞིག་མེད་པས་ན། བྱིང་རྒོད་ལ་སོགས་པའི་རང་ཡན་གྱི་རྩལ་དང་རོལ་བ་གང་ཤར་ན་ཡང་། རང་བྱུང་གི་དགོངས་པ་གཅིག་ལས་གཡོ་བ་མེད་པར་གནས་པའི་རྩ་བའི་དགོངས་པ་འགྲེལ་བ་དང་ལུང་གིས་བཀྲལ་མཛད་ཅིང་། རིག་པ་ཅོག་གཞག་དེ་ཐོད་རྒལ་གྱི་སྐབས་ལས་ཀྱང་འདི་ནས་ཟབ་པ་སྟེ། ཐོད་རྒལ་གྱི་སྐབས་ནས་སྒོ་རྒྱང་ཞགས་ཆུ་ཡི་སྒྲོན་མ་བརྒྱུད་ནས་དབྱིངས་གདངས་དང་རིག་གདངས་ལ་གནད་དུ་བསྣུན་པ་ཡིན་པས། འདིར་ཁྲེགས་ཆོད་ཀྱི་སྐབས་སུ་རིག་པ་ཟང་ཐལ་རྗེན་པ་དངོས་ཀྱི་སྟེང་ན་གཞག་པ་ནི་ཐད་ཀར་ཡིན་པའི་ཆ་ནས་ཟབ་པ་ཡིན་ཞིང་། སྐྱེད་ཚུལ་གྱི་རིམ་པ་ཡང་རྒྱ་མཚོ་ཅོག་གཞག་སྔོན་ལ་གཞག་དགོས་གསུངས་པའི་གནད་ཀྱང་འདིར་གསལ་བ་ཡིན། རིག་རྩལ་ཤེས་པ་དྭངས་པ་རྒྱ་མཚོ་ལྟ་བུའི་ངང་ལ་ཅོག་གཞག་མི་གཡོ་བར་གནས་དུས། རིག་པ་ཟང་ཐལ་རྗེན་པ་རི་རྒྱལ་ལྟ་བུ་དེ་ཡིན་ལུགས་བསམ་ངོ་དང་བྲལ་བ། བློའི་འཛིན་རྩོལ་དང་ཆེད་དུ་སྒོམ་པའི་གཉེན་པོ་མ་ཞུགས་པའི་རྒྱ་ཡན་འཕོ་འགྱུར་མེད་པ་ལ་མི་གཡོ་བར་གནས་པས། བར་མཚམས་དང་ཕྱི་ནང་མེད་པའི་རང་བྱུང་གསང་བ་ཆེན་པོ་དེ། སྣང་བ་ཆིག་ཆོད་ཀྱི་དགོངས་པ་ཆོས་ཉིད་གཅིག་གི་ཁོར་ཡུག་ལས་གཞན་དུ་འདའ་བ་མེད་པར་འཆར་བ་ཡིན་ནོ།།

༼༣ གསུམ་པ་སྣང་བ་ཅེར་གཞག་བསྟན་པ།

སྣང་བ་ཅེར་གཞག་ནི།

སྤངས་པས་མི་སྤོང་ཀུན་རྟོག་རིག་པའི་རྩལ།།

ཆོས་ཉིད་ངང་དུ་དབྱེ་བསལ་རིས་མེད་པས།།

བསྒྲུབས་པས་མི་འགྲུབ་ཆོས་ཉིད་དབྱིངས་སུ་ཤར།།

འཁོར་བ་མ་སྤངས་རང་བྱུང་ཡེ་ཤེས་སུ།།

ཀློང་ཆེན་རྩལ་གྱི་རྣལ་འབྱོར་དག་པས་མཐོང་།།

ཞེས་གསུངས་ཏེ། རིག་པའི་དྭངས་མེ་ལོང་དང་འདྲ་བའི་ནང་དུ་ཡུལ་སྣང་མ་འགགས་པར་ཤར་དུས། རིག་པ་ལ་ཐུགས་རྗེའི་རྩལ་མ་འགགས་པར་ཡུལ་ས་ལ་ལ་རིག་ཅིང་འཇལ་འཇལ་འདྲ་བ་དེ་ངོ་བོ་རྟོག་མེད་དུ་ཡོད་ཀྱང་། རྣམ་པ་རྟོག་རྟོག་འདྲ་བར་ཤར་དུས། དེ་ལ་ཕར་མི་དགག ཚུར་མི་སྡུད། བར་དུ་མི་གཞག་པར་ཆ་རང་བབས་སུ་བཏང་བས་ཆོས་ཉིད་ཀྱི་ངང་ལས་གཞན་དུ་མི་འདའ་སྟེ། རིག་པ་དྭངས་པ་དེ་སྣང་བ་ཀུན་གྱི་འཆར་གཞི་ཡིན་པས། ཡུལ་ལྔར་འཆར་ན་སངས་རྒྱས་ལྔར་རང་གསལ། འབྱུང་ལྔར་འཆར་ན་ཡུམ་ཆེན་ལྔར་རང་བབ། དུག་ལྔར་འཆར་ན་ཡེ་ཤེས་ཆེན་པོར་དབྱིངས་སུ་ཤར་བས་ན། ཅི་ཤར་ཡང་རང་གི་ངང་ལས་གཞན་མེད་ལ། རང་ཉིད་ཆོས་སྐུ་ཟང་ཐལ་དུ་གནས་པས་དེ་ལ་མ་བཟུང་ན་གོས་པ་མེད་པར་ཤེས་ཏེ། རྡོ་རྗེ་སེམས་དཔའི་དགོངས་པ་གསལ་འགྲིབ་མེད་པའི་ཆོས་སྐུ་ཞེས་བྱ་སྟེ། ཡི་གེ་མེད་པ་ལས། སྣང་བ་ཅེར་གཞག་རིག་པའི་ཐབས་ཆེན་ནི། །སྣང་བ་ཆེན་པོ་ཀུན་གྱི་གཞི་མ་ཡིན། །འབྱུང་བ་ལྔ་ཡི་སངས་རྒྱས་ལམ་ལྟར་སྣང་། །ཆེན་པོ་ལྔ་ཉིད་མ་ཡི་སྣང་བར་གསལ། །མ་ཡེངས་ངང་ལ་འཛིན་མེད་ཆེན་པོར་ཞོག །གསང་སྔགས་ཆེན་པོའི་ཡེ་ཤེས་ཆེན་པོ་ལྔ། །ཆེན་པོ་ལྔ་ཡིས་མ་བསྐྱོད་དབྱིངས་སུ་ཞོག །རྡོ་རྗེ་སེམས་དཔའི་རིག་པ་ཅེར་གཞག་ནི། །ཆོས་ཀྱི་སྐུ་ཡི་སྣང་བ་ཐམས་ཅད་སྟོན། །ཡེ་ཤེས་དག་པའི་སྣང་བ་ཅེར་སྣང་བས། །གསང་བའི་གཞག་ཐབས་ཅེར་གཞག་ཐབས་ཀྱི་ངང་། །སྐུ་ཡི་སྣང་བ་འབྱུང་ལྔ་མ་སྤངས་ལ། །སྤངས་པ་མ་ཡིན་རང་གི་དོན་ལ་ཞོག །ཅེས་སོ། །རྒྱུད་ཀྱི་དོན་ནི་བརླིང་བ་ཡིན་པས་ཐད་ཀར་གོ་དཀའ་ཡང་དོན་གྱི་གོ་བ་བླང་ན་ཚིག་རེ་རེ་ཡིན་ཡང་དོན་ཟབ་ཅིང་རྒྱ་ཆེ་བ་ཡིན། སྣང་བ་ཅེར་གཞག་ཅེས་པའི་ཚིག་གིས་ཀྱང་དོན་ཐད་ཀར་གསལ་བར་བསྟན་ཡོད་པ་ཡིན། ཕྱི་རུ་ཡུལ་ལྔ་སྣང་བ་ལ་ཅེར་རེ་བལྟས་པས་ནང་རང་གསལ་རྗེན་པ་ཁོང་ནས་འཆར་བ་དེའི་ངང་ལ་ཇི་ལྟར་འཇོག་པའི་གནད་དེ་བསྟན་པ་ཡིན། མིག་བཙུམས་པ་དང་། རྣ་བ་བཀབ་ནས་སྣང་བ་སྤང་དགོས་པ་མ་ཡིན་ལ། གལ་སྲིད་སྤང་དགོས་ཀྱང་སྤོང་ཐུབ་པ་མ་ཡིན། མི་གསོན་པོའི་དབང་པོ་འགག་པ་མ་ཡིན། དེ་འགགས་དུས་ཤི་བོ་ལས་གསོན་པོ་ག་ལ་ཡིན། ཀུན་རྟོག་རིག་པའི་རྩལ་དང་རིག་པའི་དྭངས་ཏེ། དཔེར་ན་མེ་ལོང་གསལ་བའི་ངོས་སུ་ཡུལ་སྣང་བཟང་ངན་དང་གཙང་ཙོག་མེད་པར་འཆར་བ་དང་འདྲ་བར། དེ་དག་ཐམས་ཅད་གསལ་ལམ་ལམ་ཇི་ལྟར་འཆར་ན་ཡང་ཆོས་ཉིད་ཀྱི་ངང་ལ་དབྱེ་བསལ་རིས་མེད་དང་ངོ་བོ་རྟོག་མེད་ཡིན། རྣམ་པའི་ཆ་ནས་གསལ་གསལ་འཇལ་འཇལ་རྟོག་རྟོག་ལྟ་བུར་སྣང་ཡང་། སྒྲུབ་པས་མི་འགྲུབ། དགག་པས་མི་ཁེབས་པ་ཡིན་པས། སྣང་བ་ཕར་མི་དགག ཤེས་པ་ཚུར་མི་སྡུད། དགག་སྒྲུབ་བྱས་ཀྱང་མི་འགྲུབ་པར་ཆོས་ཉིད་ཀྱི་དབྱིངས་ནས་བྱུང་། ཆོས་ཉིད་ཀྱི་དབྱིངས་ནས་ཤར། ཆོས་ཉིད་ཀྱི་དབྱིངས་སུ་ཐིམ་པ་ཡིན་པས་ན། ཆོས་ཉིད་ཀྱི་ངང་ལས་མི་འདའ། འདའ་མི་སྲིད། འཁོར་བ་མ་སྤངས་བར་རང་བྱུང་ཡེ་ཤེས་སུ་ཇི་ལྟར་སྣང་བ་ཡིན་ན། རིག་པ་དྭངས་པ་དེ་སྣང་བ་ཐམས་ཅད་ཀྱི་འཆར་བའི་གཞི་ཡིན་ཕྱིར། རྒྱུད་གསང་སྙིང་ལས་ཀྱང་། སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང་། །ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མི་བརྙེས་སོ། །ཞེས་གསུངས་པས། གཟུགས་སོགས་ཡུལ་ལྔར་ཤར་ན་གཟུགས་ནི་རྣམ་པར་སྣང་མཛད་སོགས་དང་། ས་སོགས་འབྱུང་བ་ལྔར་ཤར་ན་ས་སངས་རྒྱས་སྤྱན་མ་ཤར་བ་སོགས་སྲིད་གསུམ་ཡེ་ནས་སངས་རྒྱས་ཀྱི་ཞིང་གི་རྟེན་དང་བརྟེན་པར་སྣང་བའི་ཆོས་ཡིན་པས། དེ་ལས་གཞན་པ་ཞིག་རྒྱལ་བས་མི་བརྙེས་ཤིང་མི་རྙེད་པས་ན་མེད་པ་ཡིན། དེ་ལྟར་ཅི་ཤར་ཡེ་ཤེས་ཆེན་པོ་གཅིག་གི་དབྱིངས་ལས་ཤར་བས་ན། འཁོར་བ་མ་སྤངས་རང་བྱུང་ཡེ་ཤེས་སུ་རང་ཉིད་ཆོས་སྐུ་ཟང་ཐལ་དུ་གནས་པ་ཡིན་པས། ཀློང་ཆེན་རྡོ་རྗེ་སེམས་དཔའི་དགོངས་པའམ་མ་ནོར་འགྱུར་བ་མེད་པའི་ཆོས་ཉིད་གསལ་འགྲིབ་མེད་པར་རྩལ་གྱི་ཤེས་རབ་དག་པས་མཐོང་བ་ཡིན་ནོ། །ཐབས་འདི་ནི་རྐྱེན་གྱིས་རིག་པ་མི་བསྒྲིབ་པར་བྱ་བ་སྟེ། རྐྱེན་སྣང་རིག་པའི་གསལ་འདེབས་སུ་འཆར་བའི་མན་ངག ལས་དང་པོ་པ་དང་། བར་པ་དང་། ཅུང་ཟད་བརྟན་པ་ཐོབ་པ་གསུམ་ཆར་ལ་གཅེས་ཏེ། གཅིག་ལ་རྐྱེན་གྱིས་གནོད་པ་དེ་ལམ་དུ་བསྒྱུར་བ་དང་། གཅིག་ལ་ལམ་གྱི་རྩལ་སྦྱོང་དང་མེ་ལོང་དུ་འཆར་བ་དང་། གཅིག་ལ་ལྟེངས་པ་མེད་པར་བོགས་འབྱིན་པའི་ཐབས་སུ་རང་ཤར་བ་ཡིན་ནོ། །དེའང་དབང་པོ་ལྔའི་སྣང་ཡུལ་སྣང་ངམ། ཡིད་ལ་དགག་སྒྲུབ་དང་། ཞེན་འཛིན་དང་། ཉོན་མོངས་པ་དྲག་པོ་ནམ་སྐྱེ་དུས་རིག་པ་ལྷོངས་པ་ཡིན་པས། གསལ་དྭངས་ཕྱེད་ལ་ངོ་བོ་ཟང་ཐལ་རྗེན་ལ་བུད་པ་དེ་གསལ་ཏེ། ཚུལ་འདི་ཉིད་རྒྱས་པར་རིན་པོ་ཆེ་སྤུངས་པ་ལས། ཆོས་ཅན་མཚན་མར་སྣང་དུས་སུ། །ང་ཡི་ཡོན་ཏན་རང་སྣང་བས། །འདི་ལ་བླང་དང་དོར་མི་བྱ། །འགྲོ་བའི་སྡུག་བསྔལ་མྱོང་བའི་ཚེ། །ང་ཡི་བདེ་བ་རང་ཤར་ཡིན། །དེ་དུས་བདེ་སྡུག་དབྱེར་མེད་ན། །ང་ཡི་ཡོན་ཏན་འདི་ལ་རྫོགས། །དམྱལ་བ་བྱོལ་སོང་ཡི་དྭགས་ཀྱི། །གཟུགས་སུ་ཡུལ་དུ་སྣང་བའི་ཚེ། །ང་ཡི་སྐུ་ལ་འདིས་རོལ་ཡིན། །འདི་ལ་ཡ་ང་མེད་པའི་མི། །ང་ཡི་སྐུ་ལ་འདི་ཡིས་རེག །གཏི་མུག་ཞེ་སྡང་འདོད་ཆགས་ཀྱི། །ཞེན་པ་དྲག་པོ་ནམ་སྐྱེས་ན། །ང་ཡི་རིག་པ་རྟོག་མེད་ཡིན། །འདི་ཉིད་རང་གིས་རང་གྲོལ་བ། །ང་ཡི་མིག་ལ་འདི་ཡིས་མཐོང་། །ཡིད་ཀྱི་དྲན་པ་ཕྱིར་སྣང་ཚེ། །ང་ཡི་ཤེས་རབ་རང་དག་ཡིན། །འདི་ལ་རྗེས་སུ་དཔྱོད་མེད་ན། །ང་ཡི་སྒྲ་རྣམས་འདི་ཡིས་ཐོས། །བསམ་པའི་རྟོག་ཚོགས་འདུས་པའི་ཚེ། །ང་ཡི་ཏིང་འཛིན་མི་རྟོག་བཟང་། །འདི་ལ་ཞེན་པའི་བློ་མེད་ན། །ང་ཡི་དྲི་རྣམས་འདི་ཡིས་ཚོར། །རགས་པའི་གཟུགས་ལ་བློ་ཞུགས་ཚེ། །ང་ཡི་རང་སྣང་ཉམས་མྱོང་ཤར་བ་ཡིན། །འདི་ལ་གཅིག་དང་གཉིས་ཟད་ན། །འདིས་ནི་ང་ཡི་རོ་ལ་མྱོང་། །འདི་ལྟར་སྣང་ཚད་ཐོས་ཚད་ཀུན། །ཀུན་བཟང་ང་ཡི་རོལ་བར་ཤར། །རོལ་བའི་འཆར་བྱེད་མ་འགགས་པས། །ང་ཡི་ཡོན་ཏན་ཉིད་དུ་བྱུང་། །ཡོན་ཏན་སྣང་བྱེད་འདི་ཙམ་པས། །ཟད་པར་མི་འགྱུར་ཟད་པ་མེད། །དེ་ཕྱིར་སྐུ་གསུམ་ཕྱག་རྒྱའི་ཞིང་། །ཞེས་སོ། །སྣང་བ་ཅེར་གཞག་གི་ཐབས་འདི་ནི། རྐྱེན་གྱིས་རིག་པ་མི་བསྒྲིབ་པར་རྐྱེན་སྣང་ཆོས་ཉིད་དུ་འཆར་ཞིང་རིག་པའི་གསལ་འདེབས་སུ་འཆར་བར་བྱེད་པའི་མན་ངག་ཡིན། ལས་དང་པོ་བ་ཞིག་ལ་མཚོན་ན་རིག་པས་སོ་མ་ཟིན་ཉམས་ལེན་གྱི་བརྟན་པ་མ་ཐོབ་པའི་སྐབས་ཡིན་པས། རྐྱེན་གྱིས་གནོད་པ་དེ་རྐྱེན་ངན་གྲོགས་སུ་སྒྱུར། ལྟས་ངན་གཡང་དུ་ལེན་པས་མཐུན་པའི་ལམ་ལ་སྒྱུར་བའི་ཐབས་ཡིན་པ་དང་། ལས་དང་པོ་པ་མ་ཡིན་པའི་ཉམས་ལེན་གྱི་གོམས་ཆ་འབྲིང་ཙམ་ཡོད་པའི་ལམ་ཞུགས་ཀྱི་གང་ཟག་བར་བ་ཞིག་ལ་ནི། ལྟ་སྒོམ་གྱི་བསླད་འབྱུང་དོགས་དང་ཡེངས་པ་ཕྱལ་བ་ཤོར་དོགས་ཡོད་པ་ཡིན་པས། དེའི་སྐབས་ཀྱི་སྣང་བ་ཅེར་གཞག་གི་མན་ངག་འདི་རྩལ་སྦྱོང་དང་། ཕྱིའི་རྐྱེན་སྣང་ནང་ཉམས་དང་རྟོགས་པའི་མེ་ལོང་ལ་འཆར་བ་ལ་ཕན་ཐོགས་ཡོད་པ་ཡིན་པ་དང་། རྣལ་འབྱོར་པ་ཅུང་ཟད་ཉམས་ལེན་གྱི་བརྟན་ཆ་ཐོབ་ཡོད་པ་དག་ལ་ནི། ཞི་གནས་རྟོག་མེད་ཀྱི་ངང་ལ་ལྟེངས་པའི་ཉེན་ཁ་ཡོད་ན། མ་ཡེངས་འཛིན་མེད་ཀྱི་ངང་ལ་སྣང་བ་ཅེར་གཞག་གིི་རིག་པའི་ཐབས་ཆེན་འདི་ལ་བརྟེན་པར་བྱེད་ན་བོགས་འབྱིན་ཁྱད་པར་ཅན་དུ་འགྲོ་བ་ཡིན་པ་དང་། སྤྱིར་དབང་ལྔའི་སྣང་ཡུལ་གྱི་གཟུགས་དྲི་རོ་རེག་ལ་སོགས་པ་ཡིད་དུ་འཐད་པ་ཞེན་པས་སྒྲུབ་པ་དང་། ཡིད་དུ་མི་འོང་བ་མི་འདོད་པས་དགག་ཕྱོགས་སུ་འཛིན་པ་སྟེ་བཟང་ངན་ཐམས་ཅད་དང་། ཁྱད་པར་དུ་ཆགས་སྡང་ལ་སོགས་པའི་ཉོན་མོངས་དྲུག་པོ་སྐྱེ་བའི་གནས་སྐབས་སུ་རིག་པ་ཡར་ལྷོངས་ཡོང་བ་ཡིན། དེའི་སྐབས་སུ་ཕྱི་སྣང་བའི་དབང་དུ་རིག་པ་མི་ཤོར་བ་རིག་པའི་དྭངས་སྣང་བར་ཤར་བའི་ངོ་བོའི་གསལ་དྭངས་ཀྱི་ངང་ལ་གཞག་ན། དེ་དུས་རྗེན་ལ་བུད་ནས་ངོ་བོ་གསལ་ཡོང་བར་ལུང་གིས་བསྟན་པ་ལྟ་བུ་སྟེ། ཆོས་ཅན་ཕྱི་ཡི་མཚན་མ་སྣང་དུས་ཆོས་ཉིད་ཀུན་ཏུ་བཟང་པོའི་ཡོན་ཏན་མངོན་དུ་གྱུར་ནས་རང་སྣང་བ་ཡིན་པས། དེ་དུས་བླང་དོར་མི་བྱེད་པར་སྐུ་གསུམ་ཕྱག་རྒྱའི་ཉམས་ལེན་རང་ཐོག་ནས་སྐྱོང་བ་གནད་ཡིན་པར་བསྟན་པའོ། །འདི་ནས་ད་རུང་གནད་ངེས་པའི་ཉམས་ལེན་གྱི་དོན་པོ་དངོས་ཀྱི་གདམས་པ་གནང་བ་ནི། སྣང་བ་ཅེར་གཞག་གི་སྐབས་འདིར་སྣང་ཤེས་གཉིས་མེད་དུ་རོ་གཅིག་པས་ཉམས་སུ་བླངས་ཏེ། དེའང་ཐུན་མོང་བའི་ཚུལ་དང་མ་འདྲེས་པ་གཅེས་ཏེ། གང་ཤར་བ་དེ་ལ་བལྟས་ན་རྟོག་པ་ཉིང་འཁྲུལ། ངང་ལ་གློད་ན་རང་ངོ་མ་ཤེས་པའི་མུན་བསྒོམ། ཆེར་ཆེར་ཉམས་མ་ཤོར་བར་བཅད་ནས་བར་སངས་ཀྱི་དྭངས་བཙལ་ན་བླང་དོར་རིས་ཆད་དུ་འགྲོ་བ་སྟེ། དེ་དག་ལ་རང་ཤར་གྱི་གནད་མེད་པ་ནི་ཕྱིང་པ་འདྲ་སར་ཁྱིའི་རྟོག་ཆེན་མེད་པ་བཞིན་ནོ། །སྟེ་གནད་ཀྱི་སྙིང་པོ་མེད་ས་ལ་བཙལ་ཡང་ཕན་པ་མེད་པ་དཔེར་ན་ཕྱིང་བ་འདྲ་ས་ལ་ཁྱི་ཡིས་བལྟས་ཀྱང་ཟ་རྒྱུ་ཐོབ་པའི་ཕན་པ་མེད་པ་བཞིན་ནོ། །འདིར་སྙིང་ཐིག་གསང་བའི་རང་གནད་ངེས་པ་ནི། སྣང་ངམ་ཤར་རམ་གང་གི་དུས་ནའང་རྗེན་པའི་རིག་པ་ཟང་ཀ་དེ་ངོས་གཟུང་བས། གཞན་གང་ལའང་ལྟོས་མི་དགོས་ཏེ། དེའི་དུས་སུ་དུས་གསུམ་ཡིད་ཀྱི་འབྲེལ་ཐག་ཆད་པའི་རིག་པ་རྗེན་པ་ཟང་ངེ་བ་དེ། ཆོས་སྐུ་རང་བབ་ཀྱི་དགོངས་པ་རང་ཤར་བས་འོད་གསལ་མཉམ་པ་ཆེན་པོར་ལྷུན་གྱིས་གྲུབ་སྟེ། འདི་ལ་གང་ཤར་ཡང་འདས་པ་ལ་ཡར་མི་རྟོག མ་འོངས་པ་ལ་མར་མི་བསམ། ད་ལྟ་བ་ལ་བར་དུ་མི་དཔྱོད་པར་རིག་པ་ཟང་མ་རྗེན་ནེ་ངོས་འཛིན་པའི་ངང་ལས་མ་གཡོས་པར་བྱ་སྟེ། ཀློང་དྲུག་པ་ལས། སྐྱེས་བུ་གང་གིས་འདས་པའི་རྗེས་མ་བཟུང་། མ་འོངས་པའི་སྔོན་མ་བླངས། ད་ལྟའི་ཤེས་པ་རང་སོ་ལ་བཞག་ན། ཤེས་པ་ཐམས་ཅད་སྔ་ཕྱི་མེད་པར་གཅིག་ཏུ་འདྲེས་ནས། གཅིག་འདུས་ངོ་བོ་གཅིག་པ་ཞེས་བྱ་སྟེ། དུས་གསུམ་མཉམ་པ་ཉིད་དུ་རིག་པའི་རྣལ་འབྱོར་རོ། །དྲན་པ་རང་ཟད་ཀྱི་ཐབས་ཀྱིས་འཁོར་འདས་གཉིས་མེད་དུ་བསྲེ་བ་སྟེ། འདས་པའི་དྲན་པ་རྣམས་བར་མཚམས་བཅད་པ་དང་། མ་འོངས་པའི་དྲན་པ་རྣམས་མགོ་མནན་པ་དང་། ད་ལྟར་གྱི་དྲན་པ་ཉིད་རང་ཡལ་དུ་བཏང་བ་ནི། དུས་གསུམ་མཉམ་པ་ཉིད་དུ་རིག་པའི་རྣལ་འབྱོར་པ་ཞེས་བྱའོ། །འདས་པའི་སེམས་ལ་ཕུག་མི་གཏད། མ་འོངས་པའི་སེམས་ལ་རྒྱབ་མི་གཏད། ད་ལྟར་གྱི་སེམས་ལ་བློ་མི་གཏད་པ་ནི་དུས་གསུམ་མཉམ་པ་ཉིད་དུ་རྟོགས་པའི་རྣལ་འབྱོར་པ་ཡིན་ནོ། །འདས་པའི་མ་རིག་པ་ལ་གཟེག་མ་བསྐུར། མ་འོངས་པའི་མ་རིག་པ་ལ་ཡ་མ་བོར། ད་ལྟར་གྱི་མ་རིག་པ་པང་དུ་མ་བླངས་ན་དུས་གསུམ་མཉམ་པ་ཉིད་དུ་རིག་པའི་རྣལ་འབྱོར་པ་ཡིན་ནོ། །འདས་པའི་ཞེ་སྡང་ལ་ཞེ་མ་ཆགས། མ་འོངས་པའི་ཞེ་སྡང་ལ་ལྕགས་ཀྱུས་མ་བཟུང་། ད་ལྟར་གྱི་ཞེ་སྡང་ལ་ངར་མ་བླུད་ན། དུས་གསུམ་མཉམ་པ་ཉིད་དུ་རྟོགས་པའི་རྣལ་འབྱོར་པ་ཞེས་བྱའོ། །འདས་པའི་གཏི་མུག་གི་སྤྲིན་མ་བསྡུས། མ་འོངས་པའི་གཏི་མུག་གི་ས་མ་བཅད། ད་ལྟར་གྱི་གཏི་མུག་གི་ཆར་མ་ཕབ་ན། དུས་གསུམ་མཉམ་པ་ཉིད་དུ་རྟོགས་པའི་རྣལ་འབྱོར་པ་ཞེས་བྱའོ། །འདས་པའི་སངས་རྒྱས་ལ་ལན་མ་གདབ། མ་འོངས་པའི་སངས་རྒྱས་ལ་ཁུ་མ་གདབ། ད་ལྟར་གྱི་སངས་རྒྱས་ལ་ཐོག་མ་གཏོད་པ་ནི། དུས་གསུམ་མཉམ་པ་ཉིད་ཀྱི་རྣལ་འབྱོར་པ་ཞེས་བྱའོ། །འདས་པའི་འདོད་ཆགས་རྣམས་སུན་མ་ཕྱུང་། མ་འོངས་པའི་འདོད་ཆགས་རྣམས་ཞེ་མ་བཅད། ད་ལྟར་གྱི་འདོད་ཆགས་རྣམས་ཡུལ་མ་ཕྱུང་བ་ནི་དུས་གསུམ་མཉམ་པ་ཉིད་ཀྱི་རྣལ་འབྱོར་པ་ཡིན་ནོ། །འདས་པའི་ཕྲག་དོག་ལ་དམ་དུ་མ་བཟུང་། མ་འོངས་པའི་ཕྲག་དོག་ལ་སེམས་མ་བསྡུས། ད་ལྟར་གྱི་ཕྲག་དོག་ལ་སེམས་མ་བཅུག་པ་ནི། དུས་གསུམ་མཉམ་པ་ཉིད་དུ་རྟོགས་པའི་རྣལ་འབྱོར་པ་སྟེ། འཁོར་འདས་གཉིས་མེད་དུ་རྟོགས་པའི་རྣལ་འབྱོར་པ་ཞེས་བྱའོ་ཞེས་སོ། །སངས་རྒྱས་ནི་རིག་པ་སྟེ་དུས་གསུམ་འབྲེལ་ཐག་ཆད་པ་ལ་བཅས་བཅོས་མེད་པའོ། །གང་ཤར་སྣང་བ་ཅེར་གཞག་གི་ཉམས་ལེན་ལ་གནད་དུ་འཛིན་པའི་སྐབས་འདིར། ཕྱི་སྣང་བ་དང་ནང་ཤེས་པ་གཉིས་ཀ་གཉིས་མེད་རོ་གཅིག་ཏུ་དྲིལ་ནས་ཉམས་སུ་ལེན་པ་ནི་གནད་ཡིན་ལ། དེ་ཡང་ཐུན་མོང་པ་སེམས་ལམ་བྱེད་ཀྱི་ཚུལ་དང་མི་འདྲེས་པར་གཅེས་ཤིང་། ལ་ལས་རྣམ་རྟོག་གང་ཤར་གྱི་ངོ་བོ་ལ་བལྟས་ནས་སྡོད་དང་དེས་ཆོག་པ་ཡིན་ཟེར་ཡང་། དེ་ནི་རིག་པ་རང་གནས་རང་བབས་ཀྱི་ཉམས་ལེན་ཞིག་མིན་པར་རྟོག་པའི་ཉིང་འཁྲུལ་ཡིན། འཁྲུལ་བའི་སྟེང་ལ་འཁྲུལ་བ་བསྣོན་ག་ལ་དགོས། སྤྱིར་རྣམ་རྟོག་འཁྲུལ་བའི་དབང་དུ་སོང་བ་ལ་དེའི་སྟེང་དུ་ད་རུང་རྣམ་རྟོག་དུ་ཤར་བརྩིས་ནས། བྱི་ལས་བྱི་བ་སྒུག་པ་ལྟ་བུ་བྱེད་པ་ནི་ཨ་འཁྲུལ་སྟེང་དུ་ཡང་འཁྲུལ་བཙལ་བ་ལས་མ་འདས་ཤིང་། ཡང་ངོ་བོའི་ངང་ཤོར་ནས་ཅིར་ཡང་དྲན་མེད་ཀྱི་ངང་ལ་གློད་ན་དེ་ཡང་རིག་ངོ་ཡང་དག་སྐྱོང་པའི་གནད་དུ་མི་འགྲོ་སྟེ། རིག་པའི་རང་ངོ་མ་ཤེས་པའི་རྨོངས་པའི་མུན་སྒོམ་ཙམ་ཡིན་པའི་ཕྱིར། ཡང་མི་རྟོག་སྟོང་པའི་ཉམས་མ་ཤོར་བར་བསྒྲིམས་ནས་བར་མཚམས་བཅད་དེ་རང་སངས་ཀྱི་དྭངས་བཙལ་མདོག་གིས་རེས་སྒྲིམ་རེས་གློད་ཀྱི་བླང་དོར་རིས་ཆད་ཅན་དུ་བྱེད་པ་ཡོད་པས་དེ་དག་དང་མ་འདྲེས་པར་གལ་ཆེ་སྟེ། དེ་དག་ལ་སྣང་བ་གང་ཤར་ལ་རང་གཞག་གི་གནད་ཡོད་པ་མ་ཡིན་པའི་ཕྱིར། འདིར་གཞན་དང་ཐུན་མོང་མ་ཡིན་པའི་གནད་ངེས་པ་ཞིག་ཡོད་པ་ནི། སྣང་ངམ་ཤར་རམ་གང་གི་སྐབས་ཡིན་ཡང་ཟང་ཐལ་རིག་པ་རྗེན་པ་དེ་ངོས་བཟུང་ནས་དེའི་སྟེང་དུ་ཞོག་ཅིག་དང་། དེ་ལས་གཞན་དུ་སྤང་ལེན་རེ་དོགས་ཅན་གང་ལའང་ལྟོས་མི་དགོས་ཏེ། དེའི་དུས་སུ་དུས་གསུམ་ཡིད་ཀྱི་འབྲེལ་ཐག་འདི་ཆད་ནས། དུས་གསུམ་གྱི་རྟོག་པ་དང་མ་འདྲེས་པའི་རིག་པ་རྗེན་པ་ངོས་བཟུང་དང་བྲལ་བ་ཞིག་ལྷང་ངེར་འཆར་ཡོང་བ་དེ་ཆོས་སྐུ་རང་བབས་ཀྱི་དགོངས་པ་ཡིན། དེ་རང་གནས་རང་ཤར་གྱི་ཐོག་ནས་འོད་གསལ་འཕོ་འགྱུར་དང་བྲལ་བ་མཉམ་པ་ཆེན་པོའི་ངང་ལ་ལྷུན་གྱིས་སམ་རང་ཤུགས་ཀྱིས་གྲུབ་པ་ཡིན། འདིའི་སྐབས་སུ་གང་ཤར་ཤར་དུ་ཆུག ཤར་བའི་རྗེས་ལ་མ་བཅད། འདས་པ་ལ་ཡར་རྟོག་དཔྱོད་མི་དགོས། མ་ཤར་ན་མི་ཤར་ས་ལ་ཞོག མ་འོངས་པ་ལ་མར་བསམ་བློ་མ་བཏང་། དེའི་བར་ནས་ད་ལྟ་བ་ཞིག་ཨེ་ཟིན་གྱིས་རྟོག་དཔྱོད་མི་ཞུགས་པར་རིག་པ་ཟང་མ་རྗེན་པ་ངོས་ཟིན་པ་དེའི་ངང་ལས་མ་གཡོས་པ་གྱིས་དང་དེའི་ནང་ལ་ཉམས་ལེན་གྱི་གནད་འདུས་པ་ནི་ལུང་གིས་ཞིབ་པར་བསྟན་པ་ལྟར་རོ། །དུས་གསུམ་མཉམ་པ་ཉིད་དུ་རིག་པའི་རྣལ་འབྱོར་དྲན་པ་རང་ཟད་ཀྱི་ཐབས་ཀྱིས་འཁོར་འདས་གཉིས་མེད་དུ་བསྲེས་ན། སངས་རྒྱས་གཞན་ནས་བཙལ་མི་དགོས་པར་རང་གི་རིག་པ་གཅིག་པོ་འདི་སངས་རྒྱས་ཡིན། དེའི་ཕྱིར་ན་དུས་གསུམ་འབྲེལ་ཐག་ཆད་པའི་རིག་པ་རྗེན་པ་ལ་བཅས་བཅོས་མེད་པ་ཞོག་ཅིག་ཅེས་པའོ། །ཞར་ལ་ལོག་རྟོག་བསལ་ནས་དེ་ལྟར་ཧ་ཅང་འཐད་པའི་སྒྲུབ་བྱེད་བསྟན་པ་ནི། དེའང་ཤེས་པ་ཤར་ལ་རང་རྩལ་གྱི་ཡོན་ཏན་བཤད་པ་དང་། རྟོག་དཔྱོད་མེད་པར་འཇོག་པ་གཉིས་འགལ་ལམ་སྙམ་ན་ཞེས་པ་སྟེ། མཚམས་རེར་ཤེས་པ་སྣང་བར་ཤར་བ་དེ་རང་རྩལ་གྱི་ཡོན་ཏན་ཡིན་པར་བཤད་པ་དང་། ཡང་སྐབས་རེར་འདས་པ་ལ་ཡར་རྗེས་འདེད་མ་བྱེད། མ་འོངས་པ་ལ་མར་སྔོན་བསུ་བྱེད་དུ་མ་འགྲོ། ད་ལྟ་བ་ལ་གཏད་སོ་ཨེ་ཡོད་མི་ལྟ་བར་དུས་གསུམ་ཡིད་ཀྱི་འབྲེལ་ཐག་བཅད་ནས་རྟོག་དཔྱོད་མེད་པར་ཞོག་ཅེས་པ་དེ་གཉིས་ཀ་དངོས་འགལ་ཡིན་ན་གང་འཐད་སྙམ་པ་ལ། དེ་ནི་མི་འགལ་བར་ཤིན་ཏུ་འབྲེལ་ལོ། །ཇི་ལྟར་ཞེ་ན། ཉོན་མོངས་པ་ལྟ་བུར་སལ་གྱིས་ཤར་དུས་ཤར་དུ་བཅུག་པའི་ངང་ན་རིག་པ་རྗེན་ལ་བུད་པ་དེ་ངོས་བཟུང་ལ། བཅས་བཅོས་མེད་པར་དུས་གསུམ་འབྲེལ་ཐག་བཅད་ནས་མ་གཡོས་པར་བཞག་པས། དགོངས་པ་ཆོས་ཉིད་ལས་མི་གཡོ་བའི་བསམ་གཏན་རང་བབས་སུ་འཆར་བ་ཡིན་ནོ། །ཤར་བ་འགོག་དགོས་པ་མ་ཡིན་པས་མ་ཚད་ཤར་ཡག་བྱེད་དུ་བཅུགས་ནས་ཤར་བའི་རྩལ་རྫོགས་ཏེ་སལ་གྱིས་གསལ་ནས་ཤར་བའི་དུས་དེར་རིག་པ་རྗེན་ལ་བུད་པ་དེ་ངོས་བཟུང་ནས། དུས་གསུམ་འབྲེལ་ཐག་བཅད་དེ་བཅས་བཅོས་མེད་པར་མི་གཡོ་བར་གཞག་ན། ཉོན་མོངས་ལྟ་བུ་ཞིག་ལ་མཚོན་ན་ཞེ་སྡང་གསལ་སྟོང་མེ་ལོང་ཡེ་ཤེས། འདོད་ཆགས་བདེ་སྟོང་སོར་རྟོག་ཡེ་ཤེས་སོགས་སུ་གྲོལ་ནས། དགོངས་པ་ཆོས་ཉིད་ལས་མི་གཡོ་བའི་བསམ་གཏན་རང་བབས་ཀྱིས་འཆར་བ་ཡིན་ནོ།།

༼༤ བཞི་བ་རི་བོ་ཅོག་གཞག་བསྟན་པ།

རི་བོ་ཅོག་གཞག་ནི།

ཡེ་ནས་སྣང་སེམས་རང་བབས་ཆོས་ཉིད་ངང་།།

ཏིང་འཛིན་མི་གཡོ་ཆུ་བོའི་རྒྱུན་ཤར་བས།།

རྡོ་རྗེ་རྩེ་མོ་ཀུན་བཟང་ཐུགས་ཀྱི་མཆོག།

ཡངས་པའི་ཆོས་མཆོག་ནམ་མཁའི་མཐའ་དང་མཉམ།།

དབྱེ་བསལ་མེད་པར་ཐམས་ཅད་བསྒོམ་པའི་མཆོག།

ཡེ་འབྱམས་རྨད་བྱུང་རྒྱལ་པོར་ལྷུན་གྱིས་གྲུབ།།

ཅེས་གསུངས་ཏེ། གཞག་ཐབས་གསུམ་རྫོགས་པ་ལས། རི་བོ་ཅོག་གཞག་ངང་གིས་འབྱུང་སྟེ། རི་རྒྱལ་ལ་འཕོ་འགྱུར་མེད་པ་ལྟར། དགོངས་པ་ཆོས་ཉིད་ལས་མི་གཡོ་བའི་གདེང་རྙེད་པའོ། །དེ་ཡང་ཡེ་ནས་རིག་པའི་ངོ་བོ་འཕོ་འགྱུར་མེད་པ་དེ་རྣལ་འབྱོར་པས་རྟོགས་ནས་ངང་ལ་གནས་པས། རྐྱེན་སྣང་གང་གིས་ཀྱང་མི་གཡོ་སྟེ། རྐྱེན་སྣང་དེ་ཉིད་དགོངས་པ་དེར་ཤར་བས་རིག་པའི་གསལ་འདེབས་བྱས་པ་ནི་མེ་ལ་ཤིང་བསྣན་པ་ལྟ་བུའོ། །ཡི་གེ་མེད་པ་ལས། རི་བོ་ཅོག་གཞག་ལྟ་བ་གསང་བ་ཉིད། །ཐེ་ཚོམ་མ་ཡིན་འགྱུ་བ་ངང་གིས་མེད། །ཅེས་སོ། །ཞེས་དོན་བསྡུས་པའོ། །གོང་དུ་བསྟན་པའི་རྒྱ་མཚོ་ཅོག་གཞག རིག་པ་ཅོག་གཞག སྣང་བ་ཅེར་གཞག་གསུམ་ཉམས་ལེན་གྱི་གནད་དུ་རྫོགས་དུས་རི་བོ་ཅོག་གཞག་དེ་ངང་གིས་འབྱུང་བ་ཡིན་ལ། རི་བོ་ཅོག་གཞག་གི་དཔེ་རི་བོ་ལ་འཇོག་པ་འདི་རྫོགས་པ་ཆེན་པོའི་སྐབས་འདིར་ཐེག་པ་ཀུན་གྱི་རྩེ་མོ་ཡིན་པའི་དཔེར་བསྟན་པ་ཞིག་དང་། མི་འགྱུར་བརྟན་པ་དགོངས་པ་ཆོས་ཉིད་ལས་མི་གཡོ་བའི་གདེང་རྙེད་པའི་སྐབས་སུ་ཐེག་པ་ཀུན་གྱི་དགོངས་པ་དུས་གཅིག་ལ་རྫོགས་པར་བསྟན་པ་ཞིག་དང་གཉིས་ཡོད་པ་ལས། སྐབས་འདི་ནས་ནི་རིག་པ་རྗེན་པ་ཟང་ཀ་འགྱུར་བ་མེད་པའི་དགོངས་པ་ཆོས་ཉིད་ཆེན་པོ་དེ། དཔེ་རི་རྒྱལ་ལྟར་དུ་འཕོ་འགྱུར་མེད་པ་གཙོ་བོ་བསྟན་པའི་སྐབས་ཡིན་ལ། དེ་ཡང་ཡེ་ནས་སྣང་སེམས་གཉིས་མེད་རང་བབས་ཆོས་ཉིད་ཀྱི་ངང་དེ་འགྱུར་མ་མྱོང་ཞིང་འགྱུར་བ་མི་སྲིད་པ་ཞིག་ཡིན་ལ། དེའི་ཏིང་ངེ་འཛིན་རང་བབས་ཀྱི་བསམ་གཏན་རྒྱུན་ཆད་མེད་པ་ཆུ་བོའི་བཞུར་རྒྱུན་བཞིན་དུ་ཤར་བ་དེ་བར་མེད་མངོན་དུ་གྱུར་པ་དེ་གསང་ཆེན་རྡོ་རྗེའི་རྩེ་མོ་གསང་བ་ལས་ཀྱང་གསང་བ་ཀུན་བཟང་དགོངས་པའི་ཐུགས་ཀྱི་དཀྱིལ་མཆོག སྙིང་པོ་དོན་གྱི་ཡང་ཏིག་ཡིན་པས་ན། ཡངས་པའི་ཆོས་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་མཁའ་མཉམ་རྒྱལ་བའི་ཐུགས། ཡེ་ནས་ཇི་བཞིན་པ་སྤང་བླང་རེ་དོགས་དབྱེ་གསལ་མེད་པར་ཅིར་སྣང་གིས་གཡོ་བ་མེད་པ་མ་ཟད་ཅིར་སྣང་རིག་པའི་གྲོགས་སུ་ཤར་བ། མེ་འབར་བའི་སྟེང་དུ་བུད་ཤིང་གི་བསྣན་མ་བརྒྱབ་པ་དང་འདྲ་བར་ཡེ་འབྱམས་རྨད་བྱུང་ངོ་མཚར་གྱི་རྒྱལ་པོ་ལ་ཐམས་ཅད་རིག་པའི་གྲོགས་སུ་མ་སྤངས་མ་བསྒྱུར་པར་ལྷུན་གྱིས་གྲུབ་པ་ཡིན་ནོ། །དེ་ཡིས་གཞག་ཐབས་བཞི་བསྟན་ཟིན་ཏོ།།

༼༢༽གཉིས་པ་ཏིང་ངེ་འཛིན་གསུམ་གྱིས་རིག་པ་སྲང་དུ་འཛུད་པ་བསྟན་པ།

དེ་ལ་རྒྱས་འདེབས་ཆེན་པོའི་ཏིང་ངེ་འཛིན་དང་། རང་གནས་ཆེན་པོའི་ཏིང་ངེ་འཛིན་དང་། ཐོག་བབས་ཆེན་པོའི་ཏིང་འཛིན་དང་གསུམ་ལས།

༼༡ དང་པོ་རྒྱས་འདེབས་ཆེན་པོའི་ཏིང་ངེ་འཛིན།

དེ་ལ་རྒྱས་འདེབས་ཆེན་པོའི་ཏིང་ངེ་འཛིན་དངོས་བསྟན་པ་དང་། ཞར་ལ་འཕྲང་བསལ་བ་གཉིས་ལས།

༡༽དང་པོ་རྒྱས་འདེབས་ཆེན་པོའི་ཏིང་ངེ་འཛིན་དངོས་བསྟན་པ།

དེ་ལྟར་གཞག་ཐབས་བཞིའི་ཡན་ལག་ཏུ་ཏིང་ངེ་འཛིན་གསུམ་ལས། རྒྱས་འདེབས་ཆེན་པོའི་ཏིང་ངེ་འཛིན་ནི།

ཡེ་ནས་སྤྱི་བླུགས་འོད་གསལ་ཆུ་བོའི་རྒྱུན།།

བཏང་གཞག་མེད་པའི་ངང་འདིར་ལྷུན་གྲུབ་པས།།

འཁོར་འདས་རང་བཞིན་ཆོས་དབྱིངས་དགོངས་པའི་མཆོག།

མི་གཡོ་བརྗོད་འདས་མཁའ་མཉམ་ཀློང་ཆེན་ཉིད།།

འགྲོ་བ་ཀུན་ལ་ཡེ་ནས་བབས་ཀྱིས་གྲུབ།།

ཅེས་གསུངས་ཏེ། འཁོར་འདས་ཀུན་ལ་རིག་པས་ཁྱབ་པ་ལ། །རིག་པ་ལ་རང་བཞིན་གྱི་བསམ་གཏན་གྱིས་ཁྱབ་པའི་ཕྱིར་ན་དགོངས་པ་འདི་ནི་འགྲོ་བ་ཀུན་ལ་རྒྱུན་ཆད་མེད་པར་ཡོད་ཀྱང་མ་རྟོགས་ཏེ། ཀུན་བྱེད་ལས། རྣམ་པར་མི་རྟོག་སྙིང་པོ་ནི། །ཡོངས་ཀྱི་རྒྱུད་ལ་སྦས་པ་མེད། །མི་ལེན་བྱང་ཆུབ་སྤྱོད་རྣམས་ལ། །རྣམ་པ་ཀུན་ཏུ་རང་བཞིན་གནས། །ཞེས་པ་བཞིན་ནོ། །འཁོར་འདས་ཀྱི་ཆོས་ཐམས་ཅད་རིག་པ་ལས་ཤར་ཞིང་། རིག་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་མ་ཁྱབ་པ་མེད་པ་ཡིན་ལ། ཁྱབ་པ་དེ་ཡང་ཡེ་ནས་ཆོས་ཉིད་ཀྱི་གཤིས་ལ་དེ་ལྟར་གནས་པའི་རང་བཞིན་ལྷུན་གྱིས་གྲུབ་པ་ལས་སུས་ཀྱང་མ་བྱས་བྱེད་པོ་གཞན་ཞིག་མེད་པའི་སྤྱི་བླུགས་རང་གནས་ཀྱི་འོད་གསལ་རང་བཞིན་བབས་ཀྱི་བསམ་གཏན་རྒྱུན་མི་ཆད་པ་ཆུ་བོའི་རྒྱུན་བཞིན་བཏང་གཞག་འགྲོ་འོང་མེད་པའི་ངང་དེ་ནི་འགྲོ་བ་ཀུན་ལ་བཟང་ངན་རྒྱུན་ཆད་མེད་པར་ཡེ་ནས་ཡོད་ཅིང་། ཡོད་པ་དེ་ཡང་འཁོར་འདས་ཀྱི་རང་བཞིན་སྐྱེ་མེད་ལྷུན་གྲུབ་སྔ་ཕྱི་ཐོག་མཐའ་དང་བྲལ་བ། ཆོས་དབྱིངས་དགོངས་པའི་མཆོག་རྣམ་པར་མི་རྟོག་པའི་ཡེ་ཤེས་མི་གཡོ་བརྗོད་ལས་འདས་པ། མཁའ་དང་མཉམ་པའི་ཀློང་ཆེན་པོ་འཁོར་འདས་ཀུན་ཤོང་གི་བདག་ཉིད་ཡིན་པ་དེ་འགྲོ་བ་ཀུན་ལ་ཡེ་ནས་བབས་ཀྱིས་གྲུབ་པ་དེའི་ཐོག་ཏུ་སུས་བཞག་ན་མངོན་དུ་གྱུར་ཅིང་བྲི་གང་མེད་པར་ཁྱབ་པ་ཡིན་ནོ། །ཏིང་ངེ་འཛིན་དེའི་བསྒོམ་ཚུལ་ནི་ལུས་སྐྱིལ་ཀྲུང་བཅས། མིག་བར་སྣང་ལ་གཏད། ཤེས་པ་སྤྲོ་བསྡུ་མེད་པས་ས་ལེ་ཧྲིག་གེ་རང་རིག་ཟང་ཀའི་ངོ་བོ་ལ་བཞག་པས། ཕྱི་སྣང་བ་དང་ནང་འགྱུ་བ་ཐམས་ཅད་རང་རྒྱས་ཐེབས་ནས། ཡུལ་སེམས་གཉིས་ཀྱི་དབང་དུ་རིག་པ་མི་འབྲང་བ་སྟེ། ཀློང་དྲུག་ལས། རྒྱས་འདེབས་ཆེན་པོའི་ཏིང་འཛིན་ནི། །སུ་ཞིག་བསྒོམ་པར་འདོད་པའི་མིས། །མི་འགྱུར་བ་ཡི་གནད་གཟིར་ཕྱིར། །ལུས་ཀྱི་འདུག་སྟངས་གཞིར་བྱས་ནས། །ཤེས་པ་ནམ་མཁའི་མཐོངས་སུ་འཕང་། །དེ་བཞིན་མིག་ནི་བར་སྣང་ལ། །གླང་པོ་ཆེ་ཡི་ལྟ་སྟངས་ཀྱིས། །དྲན་མེད་རྒྱས་འདེབས་ཆེན་པོར་བཞག །ཅེས་སོ། །རྒྱས་འདེབས་ཆེན་པོའི་ཏིང་འཛིན་དེ་ཇི་ལྟ་བུའི་ཚུལ་གྱིས་བསྒོམ་པར་བྱ་དགོས་ཞེ་ན། ལུས་སྐྱིལ་ཀྲུང་གི་བཞུགས་སྟངས་དང་། མིག་བར་སྣང་ལ་ཧ་རེ་གཏད་པའི་ལྟ་སྟངས་དང་། ཤེས་པ་སྤྲོ་དང་བསྡུ་བ་གཉིས་ཀ་མ་ཡིན་པའི་རང་བབས་གསལ་སྟོང་དབྱེར་མེད་ཀྱི་སྟོང་པ་ས་ལེ་བ་དང་། གསལ་བ་ཧྲིག་གེ་བ་ཞིག་གི་ཐོག་ཏུ་ངོ་བོ་ལ་ངོས་བཟུང་མེད་པའི་ངང་དུ་བཞག་ནས་མི་འགྱུར་བའི་གནད་གཟིར་ཚེ། ཕྱི་སྣང་བ་དཀར་དམར་སྣ་ཚོགས་དང་ནང་འགྱུ་བ་དྲན་རྟོག་ཐམས་ཅད་ལ་རིག་པ་གཡོ་མེད་ཟང་ཐལ་གཅིག་པུ་དེའི་རྒྱ་ཡིས་ཐེབས་ནས། ཡུལ་སེམས་གཉིས་ཀའི་དབང་དུ་རིག་པ་མི་འགྲོ་བར་ཡུལ་སེམས་ཐམས་ཅད་ལ་རིག་པའི་རྒྱ་ཡིས་ཕར་བཅིངས་པའི་དྲན་མེད་རྒྱས་འདེབས་ཆེན་པོའི་ཏིང་ངེ་འཛིན་ལ་དེ་ལྟར་གནས་པར་བྱ་བ་བསྟན་ནས།

༢༽གཉིས་པ་ཞར་ལ་དེའི་འཕྲང་བསལ་བ།

དེའི་འཕྲང་བསལ་བ་ནི།

བདག་ལས་གཞན་དུ་སྣང་བ་འཁྲུལ་བའི་སེམས།།

བསྒོམ་དང་རྩོལ་བར་འདོད་པ་འཁྲུལ་བའི་སེམས།།

འཁྲུལ་བ་ཆོས་ཉིད་རང་གཞག་མཉམ་པའི་ཞིང་།།

མི་གཡོ་གདོད་ནས་དག་པའི་རང་བཞིན་ཀློང་།།

བྱ་དང་བཙལ་མེད་གཞག་དང་མ་བཞག་མེད།།

ཅེས་གསུངས་ཏེ། འདིར་རིག་པ་རྒྱས་འདེབས་ཆེན་པོར་བཞག་པས་སྤང་བླང་བྱར་ཡོད་པ་ལྟ་བུ་ནི་མིན་ཏེ། ཡིན་པར་འཛིན་ན་འཁྲུལ་རྟོག་ཡིན་པས། དེ་ཉིད་རང་གཞག་རྡོ་རྗེ་སྙིང་པོའི་ཀློང་དུ་ཕན་གནོད་དང་བྲལ་བར་བསྐྱལ་བས། མཉམ་པར་གཞག་པ་དང་མ་བཞག་པ་གཉིས་མེད་གཅིག་ཏུ་རྟོགས་པར་ངེས་སོ། །རིག་པ་རང་གྲོལ་ལས། ཡང་དག་ཤེས་པའི་ངོ་བོ་ལ། །བྱ་དང་བྱེད་པའི་རིག་པ་མེད། །འཛིན་པས་གོལ་བའི་རྒྱུ་ཉིད་དོ། །ཞེས་སོ། །དེ་ཡིས་ཏིང་ངེ་འཛིན་གསུམ་གྱི་ནང་ནས་རྒྱས་འདེབས་ཆེན་པོའི་ཏིང་ངེ་འཛིན་དེ་ཉིད། བསྟན་པ་དང་། ཇི་ལྟར་བསྒོམ་ཚུལ་དང་། འཕྲང་བསལ་བ་དང་བཅས་པས་བཤད་ཟིན་ནས།

༼༢ གཉིས་པ་རང་གནས་ཆེན་པོའི་ཏིང་ངེ་འཛིན།

དེ་ལ་བལྟར་མེད་ལྟ་བ་ལས་འདས་པའི་ལྟ་བ། བསྒོམ་མེད་བསྒོམ་པ་ལས་འདས་པའི་སྒོམ་པ། སྤྱད་བྱ་དང་སྤྱོད་བྱེད་ལས་འདས་པ་ཆོས་ཉིད་ཀློང་གསལ་ཆེན་པོའི་སྤྱོད་པ། བསྒྲུབ་མེད་ཡེ་གྲུབ་ཀྱི་འབྲས་བུ་དང་བཞི་ལས།

༡༽དང་པོ་བལྟར་མེད་ལྟ་བ་ལས་འདས་པའི་ལྟ་བ།

རང་གནས་ཆེན་པོའི་ཏིང་ངེ་འཛིན་ལ་ལྟ་སྒོམ་སྤྱོད་འབྲས་ལས་འདས་པའི་ལྟ་སྒོམ་སྤྱོད་འབྲས་ཀྱི་མིང་བཞིས་མཚོན་པ་ལས། དང་པོ་ནི།

མི་འགྱུར་ལྷུན་གྱིས་གྲུབ་པའི་ཆོས་ཉིད་ལ།།

དམིགས་བསམ་ཚོལ་ཁྲོ་བྲལ་བའི་རང་རིག་གིས།།

ཡང་ཡང་བལྟས་ན་བལྟ་རུ་མེད་པ་མཐོང་།།

བལྟར་མེད་རིག་པ་སྤྱི་བླུགས་ལྟ་བ་ཡིན།།

ཞེས་གསུངས་ཏེ། འདིར་རིག་པ་ཟང་ཐལ་རྗེན་པའི་ངོ་བོ་ལ་བལྟ་བྱ་ལྟ་བྱེད་ལས་འདས་པའི་དོན་ལ་མ་ཡེངས་པར་བལྟ་བ་སྟེ། ཀུན་བྱེད་ལས། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །མ་ནོར་དགོངས་པའི་དོན་ལ་ལུང་བསྟན་པ། །སྒྲོ་སྐུར་འདས་པ་དོན་གྱི་སྙིང་པོ་ལ། །བསྒོམ་དང་མི་བསྒོམ་མཁའ་ལ་རྩོད་པ་འདྲ། །རྟོགས་པའི་དོན་ལ་མ་ཡེངས་དགོངས་པ་སྟེ། །དངོས་པོ་མ་ཡིན་དངོས་པོ་མེད་མ་ཡིན། །ཕྱོགས་མེད་ཕྱོགས་ལས་འདས་པ་མ་ཡིན་པས། །བསྒོམ་དང་མི་བསྒོམ་ཕྱོགས་ལ་གནས་མི་བྱེད། །ལྟ་བ་བསྒོམ་དུ་མེད་པའི་དོན་རྟོགས་ན། །མ་བཅོས་མཉམ་པའི་རྒྱལ་པོར་ལྷུན་གྱིས་གྲུབ། །ཅེས་སོ། །མི་འགྱུར་ལྷུན་གྱིས་གྲུབ་པའི་ཆོས་ཉིད་འདི་ནི་རིག་པ་ཟང་ཐལ་རྗེན་པའི་ངོ་བོ་ཡིན་ལ། དེ་འདྲའི་རིག་པ་ཟང་ཐལ་རྗེན་པའི་ངོ་བོ་དེ་ལ། སྒྲོ་འདོགས་སྐུར་འདེབས་གཉིས་ཀ་ལས་འདས་ཤིང་དམིགས་བསམ་ཚོལ་ཁྲོ་བྲལ་བའི་རང་རིག དངོས་པོ་དང་དངོས་མེད་མ་ཡིན་པ། ཕྱོགས་མེད་ཕྱོགས་འདས་སུ་གྲུབ་པ་ཡང་མ་ཡིན་པ་དེ་ཡིས། ཡང་ཡང་བལྟས་ན་བལྟ་རུ་མེད་པ་དེ་ཉིད་སྤྱི་བླུགས་ཀྱི་ལྟ་བ་ཡིན་ལ། སྤྱི་བླུགས་ཞེས་པ་ནི་ཡེ་ནས་མ་བཅོས་དོན་གྱི་སྙིང་པོར་ལྷུན་གྱིས་གྲུབ་པའི་རྒྱལ་པོ་གྱུར་པ་སྟེ། དཔེར་ན་རྒྱལ་རིགས་སྤྱི་བོ་ནས་དབང་སྐུར་ཐོབ་པའི་ཆོས་མཚུངས་ཀྱིས་ལྟ་བའི་རྒྱལ་པོ་བསྟན་པའོ།།

༢༽གཉིས་པ་བསྒོམ་མེད་བསྒོམ་པ་ལས་འདས་པའི་སྒོམ་པ།

བསྒོམ་མེད་བསྒོམ་པ་ལས་འདས་པའི་སྒོམ་པ་ནི།

མ་བསྒོམས་རིག་པ་བཏང་གཞག་བྲལ་བ་ལ།།

ཡང་ཡང་བསྒོམས་ན་བསྒོམ་དུ་མེད་པ་མཐོང་།།

བསྒོམ་མེད་རིག་པ་སྤྱི་བླུགས་སྒོམ་པ་ཡིན།།

ཞེས་གསུངས་ཏེ། ངོ་བོ་ནི་རིག་པ་རྗེན་པ་སྟེ། ཐལ་འགྱུར་ལས། བསྒོམས་པའི་མཚན་ཉིད་སྣང་ཚུལ་ནི། །མཚན་ཉིད་སྟོང་གསལ་རིག་པ་ལ། །རང་བཞིན་གང་དུ་མ་འདྲེས་པ། །གཟུང་དང་འཛིན་པའི་མཐའ་ཟད་དང་། །ཆོས་ཉིད་རང་ངོ་དག་པའོ། །སྣང་ཚུལ་འཁྲུལ་བ་མ་ཡིན་ལ། །རྒྱུ་རྐྱེན་དག་པའི་རང་བཞིན་ལ། །དངོས་དང་དངོས་མེད་རང་དག་ནས། །སྒོ་ལྔའི་ཡུལ་ཞེན་དག་པ་དང་། །འབྱུང་བའི་རགས་པ་དག་པ་དང་། །ཡེ་ཤེས་དག་པས་འཕེལ་སྣང་སྟོན། །དེ་ལས་ཟད་པའི་ཆོས་ཉིད་དོ། །ཞེས་སོ། །བསྒོམ་ཚུལ་ནི། ཀུན་བྱེད་ལས། བསྒོམ་དུ་མེད་པའི་ཆོས་ཉིད་བྱང་ཆུབ་ལ། །བསྒོམ་དང་བསྒོམ་པར་བྱ་བ་གཉིས་མེད་པས། །མ་བསྒོམས་རང་བཞིན་བཞག་ན་སྒོམ་པ་ཡིན། །ཞེས་སོ། །བསྒོམ་མེད་བསྒོམ་པ་ལས་འདས་པའི་སྒོམ་པ་བསྟན་པ་སྟེ། སྟོང་གསལ་རང་བྱུང་གི་རིག་པ་རང་བཞིན་གང་དུ་ཡང་མ་འདྲེས་ཤིང་མ་གྲུབ་པ། མཚན་ཉིད་ཀུན་ལས་ཀྱང་འདས་སོང་བ། གཟུང་འཛིན་གྱི་མཐའ་ཟད་པའི་བདག་ཉིད་ཅན། མ་བསྒོམས་རིག་པ་བཏང་གཞག་དང་བྲལ་བ་ཆོས་ཉིད་དག་པའི་རང་ངོ་ལ། ཡང་ཡང་བསྒོམ་ན་བསྒོམ་དུ་མེད་པ་རྒྱུ་རྐྱེན་དག་པའི་རང་བཞིན་དངོས་དང་དངོས་མེད་རང་དག་ཏུ་མཐོང་དུས། ཆོས་ཟད་བསྒོམ་མེད་ཀྱི་རིག་པ་ཡང་སྤྱི་བླུགས་ངང་གིས་རྫོགས་པ་བསྒོམ་མེད་བསྒོམ་པ་ལས་འདས་པའི་བསྒོམ་པ་ཡིན་ནོ།།

༣༽གསུམ་པ་སྤྱད་བྱ་དང་སྤྱོད་བྱེད་ལས་འདས་པ་ཆོས་ཉིད་ཀློང་གསལ་ཆེན་པོའི་སྤྱོད་པ།

སྤྱད་བྱ་དང་སྤྱོད་བྱེད་ལས་འདས་པ་ཆོས་ཉིད་ཀློང་གསལ་ཆེན་པོའི་སྤྱོད་པ་ནི།

གཉིས་མེད་བླང་དོར་བྲལ་བའི་གནས་ལུགས་ལ།།

ཡང་ཡང་སྤྱད་ན་སྤྱད་དུ་མེད་པ་མཐོང་།།

སྤྱད་མེད་རིག་པ་སྤྱི་བླུགས་སྤྱོད་པ་ཡིན།།

ཞེས་གསུངས་ཏེ། རིག་པའི་ངོ་བོ་བྱ་བྱེད་དང་བྲལ་བས། དེའི་ངང་དུ་སྣང་སེམས་ཅི་ཤར་ལ་སྒོ་གསུམ་ལྷུག་པར་བཞག་སྟེ། ཀུན་བྱེད་ལས། ཀྱེ་སེམས་ནི་ཇི་བཞིན་པ་ཡི་ངོ་བོ་སྟེ། །ཇི་བཞིན་པ་ལ་འཆོས་པར་བྱེད་མ་མྱོང་། །རང་བྱུང་ངང་ལ་རྒྱུ་རྐྱེན་ཀུན་དང་བྲལ། །སྒོ་གསུམ་རྩོལ་མེད་ལྷུག་པ་ཉིད་དུ་ཞོག །ཅེས་སོ། །རིག་པ་སྟོང་གསལ་འཛིན་མེད་དེ་རང་གནས་རང་བབས་ཀྱི་བསམ་གཏན་གྱི་ངང་ལ་བཞག་པའི་སྐབས་ཀྱི་རིག་པ་རང་གི་ངོ་བོ་དེ་བྱ་བྱེད་དང་བྲལ་བ་ཞིག་ཡིན་པའི་དབང་གིས། བཟང་ངན་གཉིས་མེད། བླང་དོར་གཉིས་བྲལ། ཡེ་ནས་རེ་དོགས་ཀྱི་མཐའ་ལས་འདས་པའི་གནས་ལུགས་དེའི་ངང་དུ་ཕྱིའི་སྣང་བ་དང་ནང་གི་འཛིན་སེམས་ཅི་ཤར་ཐམས་ཅད་པོ་ཡེ་ཇི་བཞིན་པའི་ངོ་བོ་ལ་སྒོ་གསུམ་མ་བཅོས་རང་བཞག་བྱས་པས། སྤྱོད་པ་སྒོ་གསུམ་གྱིས་ཡང་ཡང་སྤྱད་ན་སྤྱད་དུ་མེད་པར་རྩོལ་མེད་ཀྱི་ངང་དེ་ལས་མ་འདས་པ་ཡིན་པའི་ཕྱིར་ན། དེ་ནི་སྤྱད་བྱ་སྤྱོད་བྱེད་ལས་འདས་པའི་སྤྱད་མེད་རིག་པ་རྗེན་པར་མ་བཅོས་ལྷོད་ཀྱིས་བཞག་པ། སྤྱི་བླུགས་ཀྱི་སྤྱོད་པའི་མཆོག ཆོས་ཉིད་ཀློང་གསལ་ཆེན་པོའི་སྤྱོད་པའོ།།

༤༽བཞི་བ་བསྒྲུབ་མེད་ཡེ་གྲུབ་ཀྱི་འབྲས་བུ།

བསྒྲུབ་མེད་ཡེ་གྲུབ་ཀྱི་འབྲས་བུ་ནི།

ཡེ་ཟིན་རེ་དོགས་བྲལ་བའི་ལྷུན་གྲུབ་ལ།།

ཡང་ཡང་བསྒྲུབས་ན་བསྒྲུབ་ཏུ་མེད་པ་མཐོང་།།

བསྒྲུབ་མེད་རིག་པ་སྤྱི་བླུགས་འབྲས་བུ་ཡིན།།

ཞེས་གསུངས་ཏེ། ཟང་ཀའི་རིག་པ་གཅེར་བུ་ལྷིང་པ་འདི་ཉིད་ཆོས་སྐུ་ལྷུན་གྲུབ་ཀྱི་འབྲས་བུ་སྟེ། དེའི་ངང་ལས་མ་གཡོས་པར་འཇོག་པ་ནི། ཀུན་བྱེད་ལས། ཀྱེ་སེམས་དཔའ་རྡོ་རྗེ་ལེགས་པ་ད་སྒོམས་ཤིག །མ་སྐྱེས་རྣམ་པར་དག་པའི་དོན་སྣང་བས། །སྣང་བ་དངོས་པོར་མི་ལྟ་འཇིག་མི་བྱེད། །སྣང་བ་སྐྱེ་བ་མེད་པར་རང་གྲོལ་བས། །སྟོང་པ་མི་བསྒོམ་ཇི་བཞིན་རྟོགས་པས་གྲོལ། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ངས། །ཇི་ལྟར་སྣང་བའི་ཆོས་ནི་ཐམས་ཅད་ཀུན། །མ་སྐྱེས་རྣམ་པར་དག་པ་ལུང་བསྟན་པས། །ཇི་ལྟར་སྐྱེ་བའི་སྙིང་པོ་ཉིད་དུ་རྟོགས། །ཀྱེ་ང་ལས་བྱུང་བའི་སྐུ་གསུམ་སྟོན་པ་ལ། །སེམས་ཉིད་སྐྱེ་མེད་ཡིན་ཞེས་ཀུན་སྨྲ་ཞིང་། །རང་བཞིན་མེད་པའི་དོན་ལ་ཀུན་རྩོལ་ཀྱང་། །སྐྱེ་མེད་སྔོན་དུ་ཀུན་གྱིས་རྟོགས་པ་མེད་། །དེ་ཕྱིར་ཀུན་བྱེད་རྒྱལ་པོའི་ལུང་འདི་ལ། །ཤེས་ནས་མ་ཡེངས་དོན་ལ་གནས་པ་ལས། །རྩོལ་བས་མི་འཇུག་གཉེན་པོས་སེམས་མི་སྦྱོང་། །ཡུལ་ལ་མི་འཇོག་དྲན་པའི་སེམས་མི་སྡུད། །གང་ལྟར་བྱུང་བ་དེ་ཉིད་དོན་ཡིན་པས། །ཀུན་བྱེད་ང་ཡི་དོན་ལ་འཇུག་པར་གྱིས། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །མ་བཅོས་སེམས་ཀྱི་འཁོར་ལ་ལུང་ཕོག་པ། །མ་ལུས་སྐྱེ་མེད་རྟོགས་པའི་རྣལ་འབྱོར་པས། །རང་བཞིན་བཅུ་ལ་རྩོལ་བར་མ་བྱེད་ཅིག །ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་ལས། །ཤེས་པས་གཟུང་འཛིན་མི་ཤེས་སྤང་དུ་མེད། །རྟོགས་པས་དབང་སྒྱུར་དོན་ལ་གནས་པ་ཡིས། །ཀུན་བྱེད་རྒྱལ་པོའི་དགོངས་པར་ལྷུན་གྱིས་གྲུབ། །ཅེས་སོ། །རིག་པ་རང་གནས་ཆེན་པོ། མ་བཅོས་རང་བབས་ཀྱི་ངང་ལ་གནས་ཤིང་། གསལ་སྟོང་འཛིན་མེད་རྗེན་པ་གཅེར་བུ་ལྷིང་བ་འདི་ཉིད་ཆོས་སྐུ་ལྷུན་གྲུབ་ཀྱི་འབྲས་བུ་ཡིན་པ་སྟེ། འཁོར་འདས་ཀྱི་འཛིན་པ་བྲལ་བའི་ཆོས་ལས་འདས་པའི་རྣལ་འབྱོར་བ་ལ། ཉོན་མོངས་རང་གྲོལ། དུག་གསུམ་ཡེ་དག ལས་དང་བྱ་བ་ཐམས་ཅད་ཡེ་ཟིན་དུ་སོང་ནས། སྤང་བླང་རེ་དོགས་བྲལ་བའི་ལྷུན་གྲུབ་གདོད་མའི་རྒྱལ་ཐབས་ལ་དབང་འབྱོར་དུས། ལས་ཟིན་གྱི་སྐྱེས་བུ་དང་འདྲ་བར་ཡང་ཡང་བསྒྲུབས་ནས་བསྒྲུབ་དགོས་ན་བསྒྲུབ་ཡོང་རྒྱུ་མེད་པ་སྟེ། དེ་ལྟ་བུའི་སྒྲུབ་ཏུ་མེད་པ་དེ་ཉིད་བསྒྲུབ་མེད་ཡེ་གྲུབ་ཀྱི་འབྲས་བུ་ཡིན་ནོ། །དེ་དག་གིས་རང་གནས་ཆེན་པོའི་ཏིང་འཛིན་ལ་ནང་གསེས་ལྟ་སྒོམ་སྤྱོད་འབྲས་བཞིའི་སྒོ་ནས་བལྟར་མེད་ལྟ་བ་ལས་འདས་པའི་ལྟ་བ། བསྒོམ་མེད་སྒོམ་པ་ལས་འདས་པའི་སྒོམ་པ། སྤྱད་མེད་སྤྱོད་པ་ལས་འདས་པ་ཆོས་ཉིད་ཀློང་གསལ་ཆེན་པོའི་སྤྱོད་པ། བསྒོམ་མེད་སྒོམ་པ་ལས་འདས་པའི་བསྒྲུབ་མེད་ཡེ་གྲུབ་ཀྱི་འབྲས་བུ་རྣམས་བསྟན་ནས། དེ་དག་གི་དོན་བསྡུ་བ་ནི། དེ་ལྟར་རང་གནས་ཆེན་པོའི་ཏིང་ངེ་འཛིན་ལྟ་སྒོམ་སྤྱོད་འབྲས་ལས་འདས་པ་བཞིའི་དོན་རིག་པ་ཟང་ཀ་རྗེན་སང་ངེ་བ་གཅིག་ཏུ་བསྡུས་ཏེ། ཕྱི་སྣང་བ་ལ་སེམས་མི་སྤྲོ། ཤར་བ་རང་གི་རྒྱན་ལས་མ་འདས་པས་རང་ཡལ་རྗེས་མེད་ཀྱི་ཤེས་པ་ཟང་ཐལ་ལེ། ནང་འགྱུ་བ་སེམས་ཀྱི་བློ་མི་རྟོག གདངས་མ་འགགས་པ་ཐུགས་རྗེའི་རྩལ་དུ་ཤེས་པས་རང་དྭངས་རྒྱ་མཚོ་དྭངས་པའི་ངང་དུ་ཀློང་ཡངས། བར་གཉིས་མེད་མཉམ་པའི་ངང་མི་བསྒོམ། རང་བབས་གནས་ཆའི་བསམ་གཏན་དུ་ཤར་བ་ལ་རིག་པ་ཟང་ཀའི་རྒྱལ་པོ་གནས་པ་ལས་མ་གཡོས་པར་བྱ་སྟེ། ཚོགས་དྲུག་ལྷུག་པ་ལ་འཛིན་རྩོལ་གྱི་གཉེན་པོས་མ་བསླད་པ་ནི། ཀློང་དྲུག་པ་ལས། རང་གནས་ཅོག་གཞག་ཏིང་ངེ་འཛིན། །དབང་པོའི་སྒོ་རྣམས་མི་འགག་ཅིང་། །ལུས་ཀྱི་སྤྱོད་པ་སྤྱད་མི་བྱ། །གཉིད་ཀྱང་སྤང་བར་མི་བྱ་སྟེ། སེམས་ཀྱིས་གུད་དུ་དཔྱད་པ་མིན། །མདོར་ན་ལུས་ངག་རང་སོ་ལ། །ཡིད་འབྱུང་ཆ་རྣམས་ཕྱིར་མི་ཤོར། །དབང་པོའི་ཡུལ་རྣམས་དྲུག་ལ་ཡང་། །ཤེས་བཞིན་དཔྱོད་པའི་ཡིད་མ་འགྱུས། །རང་སྣང་མི་རྟོག་ཆེན་པོ་ལས། །གསལ་ལ་རྟོག་མེད་ཉམས་སྐྱེས་པའོ། །ཞེས་གསུངས་སོ། །རང་གནས་ཅོག་གཞག་གི་ཏིང་ངེ་འཛིན་བལྟར་མེད་ལྟ་བ་ལས་འདས་པའི་ལྟ་བ་དང་། བསྒོམ་མེད་སྒོམ་པ་ལས་འདས་པའི་སྒོམ་པ། སྤྱད་མེད་སྤྱོད་པ་ལས་འདས་པའི་ཆོས་ཉིད་ཀློང་གསལ་ཆེན་པོའི་སྤྱོད་པ། བསྒྲུབ་མེད་ཡེ་གྲུབ་ཀྱི་འབྲས་བུ་སྟེ། དེ་ལྟ་བུའི་ལྟ་སྒོམ་སྤྱོད་འབྲས་ཀྱི་མིང་གི་བསྙད་པ་དེ་དག་ཐམས་ཅད་ཀྱི་དོན་ནི་རིག་པ་ཟང་ཀ་རྗེན་པ་རང་གནས་ཀྱི་ཏིང་ངེ་འཛིན་གཅིག་ལ་འདུས་པ་ཡིན་ལ། དབང་པོའི་སྒོ་དགག་མི་དགོས། ལུས་ཀྱིས་ལོགས་ནས་སྤྱོད་པ་གཞན་དག་ཅིག་སྤྱད་པར་བྱ་མི་དགོས། གཉིད་སྤངས་སེམས་བསྒྲིམས་ནས་རྟོག་དཔྱོད་ཀྱི་དཔྱད་པ་མང་པོ་བྱེད་པ་ལའང་རག་མི་ལུས། ཕྱི་སྣང་བ་ལ་སེམས་ཕྱིར་མི་སྤྲོ། ལུས་ངག་རང་སོ་ལ་ཞོག་དང་། གང་ཤར་རིག་པ་རང་གི་རྩལ་ལས་རྒྱན་དུ་ཤར་བ་ཞིག་མ་གཏོགས་མེད། དེའི་དུས་སུ་ནང་འགྱུ་བ་སེམས་ཀྱི་བློ་རྟོག་ཡུལ་དྲུག་ལ་སྤྱོད་པའི་ཤེས་པ་རང་སྣང་མི་རྟོག་པ་ཆེན་པོ་ལས་མ་གཡོས་པ་དེ་ལས་གདངས་མ་འགགས་ཐུགས་རྗེས་རྩལ་དུ་ཤར་ཡོང་ཞིང་། ཤར་དུས་ཉིད་ནས་ཀྱང་རང་དྭངས་རྒྱ་མཚོ་དྭངས་པའི་ཀློང་ཡངས་པ་དང་འདྲ་བ། བར་གཉིས་མེད་མཉམ་པའི་ངང་ལ་མི་བསྒོམ་བཞིན་དུ་རང་བབས་གནས་ཆའི་བསམ་གཏན་གསལ་ལ་རྟོག་པ་མེད་པར་ཤར་དུས། སྤྱི་བླུགས་རིག་པ་ཟང་ཀ་འཛིན་རྩོལ་གྱི་གཉེན་པོས་མ་བསླད་པའི་མ་གཡོས་རང་གནས་ཀྱི་རྒྱལ་པོས་རྒྱལ་ས་ལ་མངའ་དབང་བསྒྱུར་བར་བསྟན་པས་དོན་བསྡུས་པའོ། །དེ་ཡིས་རྗེས་འདེབས་ཆེན་པོའི་ཏིང་འཛིན་དང་རང་གནས་ཆེན་པོའི་ཏིང་འཛིན་གཉིས་ཀ་བཤད་པ་སོང་ནས། གསུམ་པ་ཐོག་བབས་ཆེན་པོའི་ཏིང་འཛིན་བཤད་རྒྱུ་རེད། དེ་རིང་གི་ཆོས་མཚམས་འདི་ནས་གཞག་ན་ཕལ་ཆེར་དུས་ཚོད་ཀྱང་ཚང་ནས་འདུག སང་ཉིན་ཐོག་བབས་ཆེན་པོའི་ཏིང་ངེ་འཛིན་ནས་བཤད་རྒྱུ་བྱེད། དེ་རིང་སང་ཉིན་གཉིས་ཀའི་ཕྱི་དྲོའི་ཐུན་གཉིས་ལ་ཁྲེགས་ཆོད་ཀྱི་ཁྲིད་སྦྱོང་མཛད་དགོས། གནང་ཉིན་ནས་དོན་ཁྲིད་རྡོ་རྗེའི་སྙིང་པོའི་འཕོ་བའི་གདམས་པ་དང་སྦྲེལ་ནས་འཕོ་བ་སྦྱང་རན་པ་ཡིན། དེའི་འཕྲོ་ལ་རྩ་བའི་ཆོས་ཁྲིད་དང་མཉམ་དུ་ཁྲེགས་ཆོད་ཀྱི་ཁྲིད་སྦྱོང་འདི་ཉི་མ་བཞི་ལྔ་ཞིག་ལ་མཛད་པའི་འཕྲོས་སུ། རྩ་རླུང་གི་འཁྲུལ་འཁོར་སྦྱང་བ་དང་དེ་ནས་ཅུང་ཞིག་མི་འགོར་བར་ཆོས་དབྱིངས་མཛོད་ཀྱི་ཆོས་ཁྲིད་ཡོངས་སུ་གྲུབ་ལ་ཉེ་བ་རེད། དེའི་མཚམས་ཀྱིས་རྣམ་པ་བདུན་གསུམ་ཉེར་ཅིག་ལ་བླ་མ་ཡང་ཏིག་ཁྲིད་འཆར་རེད། གཙོ་ཆེ་བ་དེ་ལོར་གངས་རི་ཐོད་དཀར་ལ་བྱོན་པའི་མཚན་ཐོ་དེས་གཞི་བཞག་བྱས་པ་ལས་དེའི་ནང་གི་བསྟན་འགན་ཆེན་པོ་ཡོད་པ་ཁོང་རྣམ་པ་འགའ་རེའི་ཐུགས་སྐབས་མི་སྐབས་ཀྱིས་ས་ཁོངས་རེ་གཉིས་ལྷག་ཡོད་པ་དང་། ཡང་ངའི་འཁྲིས་དང་ཉེ་སྐོར་ལ་ཡོད་པའི་ནང་ནས་ཀྱང་འགའ་རེ་རྗེས་མར་འཐེན་རྒྱུ་བྱས་པ་ཡིན། ཚེ་གཅིག་ལ་རྗེས་སུ་དེད་ན་ཡང་ད་རེས་ཕན་ཐོགས་མི་འདུག་བསམ་མི་དགོས། ནང་སྐོར་མ་འདི་ད་རེས་ཕྱིར་འཐེན་བྱས་ན་མི་སྐྱོན། དེ་དུས་གངས་རི་ཐོད་དཀར་ལ་འགྲོ་བའི་གྲས་སུ་ཡོད་རྒྱུ་འགའ་རེ་ཡང་དེ་ལྟར་དུ་ཕྱིར་འཐེན་ནས། དེ་འཕྲོས་ཡར་ལ་གསུང་སྔོན་རྗེས་སོགས་བལྟས་ནས་གཙོ་བོའི་ཆེད་དུ་བྱ་བའི་ཡུལ་དེ་སུ་ཡིན་ན་མཁན་སྤྲུལ་ཏག་ཏག་གཙོ་བོ་ཡིན་རྒྱུ་དེ་ཕལ་ཆེར་གཏན་ཁེལ་གྲབས་ཡིན། གང་ལྟར་རྟག་འཛིན་ཅན་གྱི་ཕྱིར་འདེང་ལ་ངེས་པ་ཅི་ཡོད་ཀྱང་། མ་ཤི་ཚེ་རིང་བྱུང་ན་ལོ་རེ་གཉིས་ལ་གཞན་པ་མ་ཐུབ་ཀྱང་བླ་མ་ཡང་ཏིག་དེ་ལོ་རེར་ཐེངས་རེ་འདོན་འཆར་ཡིན། ད་ཡང་ནམ་ཟླ་སྟོན་ཁ་ལ་ཕྱོགས་པས། མཚམས་རེར་དྲོ་ན་ཡང་བལྟ་རྒྱུ་མེད་པར། ཉིན་རེ་བཞིན་དུ་སྟོན་སེར་གྱི་རླུང་བུའི་ཤུགས་ཇེ་དྲག་ལ་སོང་ནས། མཚམས་རེར་གནམ་གཤིས་ལ་འགྱུར་ལྡོག་ཆེ་ཡོང་བས། དྲོ་གྲང་མ་སྙམ་ནས་སྐུ་ཆམ་བཞེས་རྒྱུ་སོགས་ལ་ཐུགས་གཟབ་མཛོད། ཁྱད་པར་དུ་བྱེས་ནས་ཕེབས་པའི་བརྩོན་འགྲུས་ཅན་སྦྱངས་ཡོན་ལ་གནས་པ། དཀའ་ཐུབ་ཀྱི་བརྟུལ་ཞུགས་བརྟེན་པ་ཡང་མི་ཉུང་བ་འདི་ནང་ལ་ཡོད་འདུག དེ་རྣམ་པས་ཡང་སྒོས་སྐུ་གཟུགས་ལ་ཐུགས་གཞག་མཛོད། སེང་ཁྲིའི་བློ་གྲོས་རྒྱ་མཚོ་ལྟ་བུ་ལ་མཚོན་ན་ན་ནིང་སྟོན་ཁ་ནས་དགུན་གཅིག་ལ་དཔལ་སྤྲུལ་སྒྲུབ་ཕུག་ལ་བཞུགས་པས་མི་ཚད་ད་རུང་ཡང་བཞུགས་ཡོད། ད་ལྟ་ཆོས་ཁྲིད་ཀྱི་སྐབས་སུ་དཔལ་སྤྲུལ་སྒྲུབ་ཕུག་ནས་ནངས་མ་བཞིན་མར་བྱོན་ནས་ཆོས་ཁྲིད་ལ་རྗེས་ཆོད་པར་མཛད་པ་དང་། དགོང་མོའི་གཅོད་ཐུན་བརྒྱབ་ནས་ཡང་ཡར་བྱོན་པ་དེ་ཚོ་རྗེས་སུ་ཡི་རང་ཞུ་ཡུལ་རེད། མིག་དཔེ་འོས་པ་ཞིག་རེད། གཞན་ཡང་སྒྲུབ་ཕུག་གོང་འོག་དག་གི་ནང་ནའང་དེ་དང་འདྲ་བའི་མཚམས་པ་མང་པོ་བཞུགས་ཡོད་པས། ཁྱད་པར་ས་འདིའི་གྲྭ་གཞོན་ཚོས་ཡར་དཔེ་དེ་རྣམ་པ་ལ་གཟིགས་རྒྱུ་གལ་ཆེ་བ་ཡིན། སྔར་ནས་ད་ལྟའི་བར་དུ་ལུང་པ་འདིའི་ནང་དུ་བྱོན་པའི་ཡབ་མེས་གོང་མ་ཚོའི་ཞལ་སློབ་ཡང་སློབ་དང་བཅས་པའི་རྗེས་ཤུལ་དེ་དང་པོར་ཟིན་པར་གྱིས་དང་དེ་ནས་རིམ་པས་གཞན་ལ་འཇུག་ཆོག་པ་ཡིན། ཚེ་མི་རྟག་པ་བཤད་དུས་མི་ཚེ་ལ་ཐུང་ཐུང་ཞིག་གི་འདེང་ལས་རྒྱག་ཐབས་མེད་ཀྱང་། མི་ཚེ་གཅིག་གི་སྐྱིད་སྡུག་དར་རྒུད་མཐོ་དམན་མ་ངེས་པ་ཡོང་རྒྱུ་དེ་དག་ཚོད་མི་ཐིག་པ་ལ་བསམ་བློ་བཏང་ན་ཡུན་རིང་པོ་ཞིག་ཀྱང་ཡིན། དེས་ན་གཙོ་བོ་རང་རྒྱུད་ལ་བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱི་གཞི་རྩ་ཚུགས་པར་བྱས་ནས་ཐར་བའི་ལམ་སྣེ་ཟིན་པའི་མགོ་བཙུགས་ཏེ། བསྟན་དང་འགྲོ་བར་སྨན་པའི་བྱ་གཞག་ཆེ་ཆུང་ཅི་དང་གང་ཞིག་ལ་ཇི་ལྟར་བྱས་ཏེ་འཇུག་ན་དགའ་འདུག་སྙམ་ན། དང་པོར་གཞན་རྒྱུས་མ་ལོན་གོང་དུ་རང་རྒྱུས་ལོན་རྒྱུ་དེ་གནད་ཆེ་བའི་གདམས་ངག་ཅིག་ཡིན། དེང་སང་བརྡ་འཕྲིན་གྱི་དུས་རབས་རེད། མི་ནག་ཚང་མས་མ་ཚད་སེར་མོ་བ་ཡིན་ཡང་འབྲི་རྒྱུ་དང་བཤད་རྒྱུ་ལ་དགའ་བའི་དུས་ཤིག་རེད། དེ་ཡང་ཟབ་ཁྲིད་གདམས་ངག་དང་ཡང་ན་ཟབ་རྒྱས་ཀྱི་ཆོས་ཅི་དང་ཅི་ཞིག་བཤད་རུང་གོ་མཁན་ཉུང་བས། རང་གཞན་སུ་ཡིན་ཡང་ཁ་བའི་འོག་གི་འབར་འབུར་ལ་བལྟས་པ་ལྟ་བུ་ཞིག་ལ་ཆགས་ཡོད་པས། དོན་གྱི་ཡེ་ཤེས་ཕར་ཚད་དུ་ཞོག དཔེའི་ཡེ་ཤེས་ཆུ་ནང་ལ་ཟླ་གཟུགས་ཤར་བ་ལྟ་བུ་དང་། ཤོག་ངོས་སུ་ཟླ་བའི་གཟུགས་བརྙན་བྲིས་པ་ལྟ་བུ་དེ་ཙམ་མཐོང་མཁན་ཡང་དཀའ་བའི་ཚད་དུ་བསླེབས་པས། ཆོས་ཤིག་ཉན་དུས་གོ་དཀའ་མོ་འདྲ་འདྲ། ཉན་མི་བསམ་པ་ལྟ་བུ། དུས་ཚོད་རིང་བའི་སྣང་བ་འཆར་བ་དང་། འཇིག་རྟེན་གྱི་སྐད་ཆ་ནི་དེ་ལས་ལྡོག་སྟེ་གོ་ཞིང་ཉན་ཡང་བསམ་པ། སྔ་འགྱུར་སྐབས་བབས་ཀྱི་ཆུ་བོ་བཞིིའི་ཆུ་རྒྱུན་ཇི་ལྟར་མཐུད་པ་མི་ཤེས་ཀྱང་འཇིག་རྟེན་གྱི་གཏམ་ཉོབ་ཆུ་འབབ་པ་བཞིན་དུ་འབྱུང་བ་རེད། དེ་ནི་ཁོ་རང་ལ་མྱོང་བས་བདག་ཐུབ་སོང་བའི་དབང་གིས་རེད། མདོར་ན་མཁས་པའི་བགྲོ་གླེང་འཚོགས་ཀྱང་རུང་། གྲུབ་པའི་ཉམས་རྟོགས་བསྡུར་ནའང་འདྲ། གྲལ་གོར་གོར་བྱས་མཐའ་ནས་ཡར་བཤད་ཀྱང་རུང་། ཁྲོམ་འཚོགས་བྱས་ཏེ་དཀྱིལ་ནས་མར་བཤད་ཀྱང་རུང་། བོད་གངས་ཅན་གྱི་ལྗོངས་ལ་དར་བའི་ཆོས་རིག་གཞུང་། ནང་པ་སངས་རྒྱས་པའི་ཐེག་ཆེན་གྱི་མདོ་སྔགས་གཉིས་ཀྱི་ལྟ་གྲུབ་ཟུང་དུ་འབྲེལ་བའི་གཞན་ཕན་ལྷག་བསམ་གྱི་ཀུན་སློང་ཕྱོགས་མེད་ལ་འཆང་ནས་གླེང་མཁན་ཞིག་ཡིན་ན། ཆེ་ས་ནས་འཛམ་གླིང་མིའི་རིགས་ལ་རྒྱང་བལྟས་བྱེད་པའམ། འབྲིང་ས་ནས་ཤར་ནུབ་ལྷོ་བྱང་གི་ཡུལ་གྲུ་སོ་སོའི་བདེ་སྡུག་ལ་ཞིབ་དཔྱད་བྱེད་པའམ། ཆུང་ས་ནས་བོད་ཁ་བ་ཅན་གྱི་སྐྱིད་སྡུག་ལས་དབང་ལ་བསམ་བློ་གཏོང་བའམ། དེ་བས་ཆུང་ས་ནས་རང་སྡེ་རང་དགོན་ནམ། ཐ་ན་ཁྱིམ་ཚང་ཞིག་གི་གཞིས་ཆུས་ཡན་ཆད་ཀྱི་མ་འོངས་མདུན་རྒྱངས་ཀྱི་ཆུས་དོན་ལ་བློ་ཁ་འཁོར་མཁན་ཞིག་ཡིན་ན། དང་པོའི་མགོ་རྟེན་འབྲེལ་གྱི་ཐོག་མ་ལ་ང་རང་ཉིད་མི་ངོ་མ་ཚད་དང་ལྡན་པ་ཚུལ་དང་མཐུན་པ་ཞིག་ཇི་ལྟར་བྱས་དང་བྱ་འགྱུར་གྱི་སྐོར་ལ་བསམ་བློ་ཐོང་ཡོད་པ་ནི་བྱ་ཐབས་མེད་དུ་མི་རུང་བ་ཉག་གཅིག་ཡིན་པས། གཞན་ཕན་མི་ལ་མ་ཐུབ་ཀྱང་གཞན་གནོད་རང་གིས་མི་བྱེད་པའི་མི་ཞིག་ཏུ་ཆགས་ཡོད་དགོས་པ་ཡིན། དེའི་རྗེས་སུ་ཆོས་སྲིད་ལུགས་གཉིས་གང་ཐད་ཀྱི་བསམ་བློའི་འབྱུང་རྩའི་ཕུགས་ཤིག་དེད་ན། ཕན་ཡོད་རིན་ཐང་ཅན་གྱི་ནུས་པའི་འབྱུང་ཁུངས་ཤིག་རྙེད་སྲིད་པ་ཡིན། ང་ཚོའི་མེས་པོ་དམ་པ་གོང་མ་ཚོས། སྐྱེ་བ་ཚེ་རབས་ཐམས་ཅད་ལ་སེམས་ཅན་གཅིག་གི་བ་སྤུའི་ཁུང་བུ་ཙམ་ལ་ཡང་གནོད་པ་མི་བྱེད་པར་ཤོག་ཅིག ཅེས་པའི་སྨོན་ལམ་ཚིག་གཅིག་པོ་འདིའི་ནང་དུ། གོང་གི་མཁས་པའི་བགྲོ་གླེང་། གྲུབ་པའི་ཉམས་རྟོགས་གང་བསྡུར་ནའང་ཞེས་པའི་གནད་ཐམས་ཅད་དེའི་ནང་དུ་འདུས་པར་སེམས་འདུག དེང་སང་གིི་ལོ་ཆུང་ཚོས་འཛམ་གླིང་ལ་ཁ་ཕྱོགས་པའི་ཁུར་ཐང་མང་པོ་བླངས་ནས་གཏམ་མི་མང་དང་མཉམ་དུ་གླེང་རྒྱུ་ལ་དགའ་བ་རེད། དེང་སང་གི་འཛམ་གླིང་འདི་ཅི་འདྲ་ཞིག་རེད་ཟེར་ན། ངས་བལྟས་ན་སྣེ་མང་རྙོག་འཛིང་གི་ཁྲོད་ན་ཡོད་པ། ཕྱི་ཚུལ་གྱི་རྣམ་པ་ཡར་རྒྱས་ཕྱོགས་རེ་བའི་སྣང་ཚུལ་ཅན་ལ། ནང་ཚུལ་དངོས་ནི་མར་བབ་ཀྱི་འགོ། ཕྲག་དོག་དང་འགྲན་སེམས། ལྟར་མི་མངོན་པའི་ངན་གཡོ་དང་རྩུབ་སྤྱོད། མ་རུངས་ཁོག་བཅུག་གི་དུག་གི་རུ་མ་དངོས་དེ། རྒྱལ་ཁབ་ཆེན་པོའི་མི་སྣ་ཆེན་པོ་དག་གི་ཁུངས་ནས་བྱུང་བ་ཡིན་པས། དོན་མིག་འཕྲུལ་ལྟ་བུར་གྱུར་པའི་འཇིག་རྟེན་གྱི་རྒུད་པ་དེ་དག། རྩ་བ་གང་ལ་ཐུག་ཡོད་ན་མིའི་སེམས་ཀྱི་བསམ་བློ་བཏོང་ལུགས་ནོར་འཁྲུལ་ཅན་ཞིག་གི་རྩིབ་ནས་བྱུང་བ་ཡིན། དེ་ཡང་མ་སྲིད་མ་དར་བའི་གནད་དོན་ཞིག་ཅང་མ་རེད། སྙིགས་མ་ལྔ་ཡི་རང་གཤིས་བདོ་བ་ནི་འཇིག་རྟེན་གྱི་རྒུད་པའི་ཆོས་ཉིད་ཡིན། དེ་ལྟ་བུའི་འཇིག་རྟེན་རྒུད་པའི་རྒུད་པ་འཛམ་གླིང་གི་འགྱུར་འགྲོས་འདི། ད་ལྟའི་སྟོབས་ཆེན་རྒྱལ་ཁབ་ང་བས་ཡན་ན་མེད་བསམ་མཁན། སྲིད་འབྱོར་རིག་གསུམ་བདག་ཏུ་བཟུང་བའི་དབང་ཡོད་དག་གིས་ཀྱང་། མ་འོངས་འབྱུང་འགྱུར་གྱི་འཇིག་རྟེན་འགྱུར་འགྲོས་ཀྱི་ཁ་ཕྱོགས་དེ་རང་གི་འདོད་པ་ནང་བཞིན་བསྒྱུར་དཀའ་བར་ཆགས་ཡོད་ན། འུ་གུ་མཐོ་སྒང་ལ་ཁུག་ལུང་ཀྱོག་གི་མི། ལ་ཁའི་རི་དྭགས་ལག་ཁྱགས་ཁྱགས་བྱས་ཡོང་བ་ཞིག་གིས། མ་འོངས་འཛམ་གླིང་གི་མིའི་རིགས་ལ་ཕྱོགས་སྟོན་བྱེད་རྒྱུ་ཡིན་པར་སྨྲས་ན་རྣ་བར་ག་ལ་འགྲོ། འོན་ཀྱང་བསམ་བློ་ཕྱོགས་གཞན་ཞིག་ནས་བཏང་ཡོང་ན། ད་ལྟའི་མིའི་མཐོང་སྣང་གི་འཇིག་རྟེན་འདིའི་ཐོག་གི་མཐའ་གཞུག་གི་དག་པའི་ཞིང་ཁམས་གཅིག་པུ་རུ་ངོས་འཛིན་ས་དེ་བོད་ཀྱི་ཡུལ་འདི་ལ་མི་འགྱུར་བའི་ངེས་པ་མེད་པར་སེམས་ཏེ། འབྱུང་འགྱུར་གྱི་དེའི་འདུན་རྒྱང་དེ་བོད་འདི་ལ་མེད་ན་གཞན་གཅིག་ལ་མེད་པ་ཡིན་ཞིང་། དེ་ལྟ་བུའི་དག་པའི་ཞིང་ཁམས་སྦས་ཡུལ་ལྟ་བུའི་གནས་སྒོ་དེ་འབྱེད་དང་མི་འབྱེད་ཀྱི་འགག་རྩའི་ལྡེ་མིག་དེ། ད་ལྟའི་བོད་མིའི་སྒོ་གསུམ་བསམ་སྤྱོད་ཀྱི་སྟེང་ནས་རྙེད་དགོས་པ་ཡིན། དེའི་སྒོ་དེ་གཞན་དང་མི་འདྲ་བ་ཕྱི་ནས་ཚུར་འབྱེད་དུ་མེད་ཅིང་། ནང་ནས་ཕར་ཕྱེ་དགོས་པ་ཞིག་ཡིན། འོ་ན་དེའི་སྒོ་འབྱེད་ཀྱི་ལྡེ་མིག་དེ་གང་ཡིན་ཞེ་ན། དེ་ལ་ཡང་སྒོ་ཕྱེ་ལུགས་དང་། ལྡེ་མིག་འཛིན་སྟངས་ལ་སོགས་པའི་དཀར་ཆག་ཡོད་པ་ཡིན་པས་སྒོ་འབྱེད་ལུགས་འབྱེད་སྟངས་ཇི་ལྟར་ཡིན་པ་ནི། དམ་པ་གོང་མའི་གསུང་མཛད་པའི་ནང་ལ་ཡོད་པ་ཞིག་ཡིན། དེ་བེད་སྤྱད་ལུགས་སྒོ་འབྱེད་ལུགས་འབྱེད་སྟངས། ཇི་ལྟར་བྱས་ནས་འབྱེད་དགོས་པ་དང་། ཕྱེ་ནས་ཁ་གང་ལ་འཁོར་བ་དང་། ཕྱོགས་ཇི་ལྟར་བརྒྱུད་ནས་སོང་ན་ལམ་གང་ལ་ཐོན་པ་དང་། ཡང་སྒོས་སྒོ་ཆེན་ནང་མའི་ནང་མ་གསང་སྒོ་དང་བཅས་པ་ཇི་ལྟར་ཕྱེ་ནས་བདེ་ལམ་དང་མྱུར་ལམ་བཙལ་ན་ཇི་ལྟར་བཙལ་དགོས་པའི་ཚུལ་རྣམས། སྔར་བྱོན་རང་རེའི་མེས་པོ་ཚོས་ལམ་ཡིག གནད་བྱང་། ཟུར་བཤད། བརྡ་འགྲོལ་དང་བཅས་པ་ཕ་ནོར་བུ་སྐལ་དུ་བཞག་ཡོད་པ་དེ་དག་ལ་བདག་བརྒྱབ་ནས་ཕ་ཆུས་བུ་ཡིས་མ་ཟིན་པར་ཁྱི་རྒན་ལྡོམ་པོ་དག་གིས་སྟངས་བྱེད་ནས་གཅིག་ཟུག་དུས་གཉིས་ཟུག་དེ་ནས་མང་པོ་ཟུག་ནས་དམིགས་ཡུལ་རང་ཉིད་ལ་མེད་པའི་ཁྱི་འདྲོག་སྤྱང་འདྲོག་གིས་སྟོང་འུར་བརྒྱབ་པས་འགྲུབ་རྒྱུ་ཅི་ཡང་མེད་པ་ཡིན། དང་པོ་དེ་ལ་ནག་འབུར་ཞིག་ཡོད་ནས་དེ་ལ་གཏད་ནས་ཟུག་པ་ཡིན་ན་ཐང་ཡང་། དེའི་རྗེས་སུ་རྒྱུག་མཁན་རྣམས་ནི་སྟོང་རྒྱུག་ངོ་མ་རེད། དེས་ན་ང་ཚོ་དགོན་ཁུག་གི་བན་ཆུང་མི་རང་ཉིད་ཀྱི་ཕོ་བའི་རྒྱགས་ལྟོགས་དང་ལོང་གའི་ཕྲ་སྦོམ་རང་གིས་མ་ཤེས་པར། སྣུམ་ཟ་ཆེ་ནས་མགོ་ན་ནས་ཡོད་མཁན། ཟ་ཚོད་མ་ཟིན་ནས་ཕོ་བ་ན་ནས་ཡོད་པ། ཟ་ལུགས་མ་ཤེས་ནས་ཕོ་ཁ་ནད་པར་ལོག་སོང་བ། དགོན་པའི་དཀོར་ཟས་དང་། ཕ་མའི་ལག་ཟས་ཀྱིས་དབུགས་ཤིག་རྒྱུ་ནས། རྐང་ཉྭ་ཡུ་ལྷམ་ཡུ་ད་གཟོད་ཡར་ཁྱོག་འོང་བ་ཞིག་གིས། བགྲོ་ཅི་མི་གླེང་། དམངས་ཅི་མི་གཙོ། དམངས་གཙོ་བཅོས་སྒྱུར་གྱི་ནང་ནས་ང་ཚོ་ཡོང་བ་རེད། དེའི་མིང་གོ་ཡོང་དུས་ནས་སྙིང་ལ་ཚ་ཁྱུག་རྒྱུག་འདུག འགའ་རེ་མུ་གེས་ཤི་བ་དང་། རབ་རེ་མེ་མདའ་དང་མཚོན་ཁ་ནས་གྲོངས་པ། འགའ་རེ་ནང་ཕན་ཚུན་ནང་རང་གི་མིས་རང་ཕྱོགས་བརྡུངས་ནས་བསད་པ་དང་། མཁས་པ་ཡོན་ཏན་ཅན་སྦྱངས་པའི་ཡོན་ཏན་ལ་གནས་པ་ནག་ཉེས་གཅིག་ཀྱང་མེད་པ་དེ་རིང་ཁ་རྩང་ཡོད་ན་ཡུལ་ཁམས་མང་པོའི་རྒྱུ་ནོར་བས་ཀྱང་རྩ་ཆེ་ཞིང་། བོད་མ་དགོས་དང་འཛམ་བུ་གླིང་གི་རྒྱན་ཆ་མང་པོའི་སྐུ་སྲོག་དེ། མེ་ཏོག་སད་ཀྱིས་ཁྱེར་བ་བཞིན་བཅོམ་པ་རེད། རྒྱུ་ཕྲོགས་པ་ལ་ཅི་ལྟ། ཁང་པ་བཤིགས་པ་ལ་ཆེ་རྒྱུ་ཅི་ཡོད། འཛམ་གླིང་གི་ས་ཆ་གང་ཡིན་ཡང་དུས་རབས་སྔ་ཕྱི་ལ་དེ་འདྲའི་དུས་ལོག་པ་དང་མི་མང་མུ་གེས་ཤི་བ་དང་། དམག་འཁྲུག་གི་ནང་ནས་མི་མང་གི་སྲོག་ཤོར་བ་དེ་འདྲ་ཡོང་མ་མྱོང་བ་ཞིག་དང་མ་དར་མ་སྲིད་པ་ཞིག་མ་རེད་ཀྱང་། ངའི་ལོ་ཚོད་ཀྱི་སྔ་ཕྱི་ན་ཡོད་པའི་ང་དང་ང་འདྲ་བའི་བོད་མི་ཁྲི་སྟོང་མང་པོའི་སློབ་སྦྱོང་གི་གོ་བཀག་ནས་མི་ཟོག་ལ་བསྒྱུར་བས་མ་ཚད། ཁྱད་པར་དུ་བོད་ཀྱི་ཆོས་རིག་གཞུང་གི་ལྟེ་གནས་དགོན་པ་ཡིན་པས། དགོན་པའི་གྲྭ་བཙུན་གྱི་ཤེས་རིག་གི་འབྱུང་རྩ་དེ་མི་ལོ་བཅུ་ཕྲག་མང་པོར་བཀག་ནས་སྒོ་བརྒྱབ་པ་རེད། དེ་ནི་མི་རིགས་ཤིག་མ་ཁ་གསོད་བྱེད་ཀྱི་གཙོ་བོ་སྙིང་གི་ཁྲག་རྩ་བཅད་པ་དང་གཉིས་སུ་མ་མཆིས་ཤིང་། དེ་ནི་དུས་རབས་ཀྱི་ནག་ཉེས་བཀལ་ན་ཁྱོག་ཐབས་དཀའ་བ་ཞིག་ཡིན། དེའི་སྐབས་སུ་རྙིང་བཞི་གཏོར་བ་རེད། གསར་བཞི་བཙུགས་པ་རེད། དམངས་གཙོ་བོ་ལ་བཞག་ནས། དམག་ཆེན་རྙིང་པའི་མཚོན་ཆ་དུས་ལས་བརྒལ་སོང་བ་ཆ་རེ་བོད་མི་རྒྱུ་ཡོད་ཆ་གས་ཉོ་མདོག་བྱས་པ་དག་འཕྲོག་ཡོང་ནས་མི་འགའ་རེའི་ལག་ཏུ་ཉི་མ་ཁ་ཤས་ལ་བཞག་པས། དེ་ཆ་གས་ཀྱང་སྣང་བ་འུར་ལངས་ནས་རང་གི་མི་རྒྱུད་སྔོན་མ་ཨ་ཕྱི་དང་ཨ་མྱེ་དག་མུ་གེས་ཤི་ཞོར་དུ་བོའུ་ཡོག་བྱང་ཐོ་ཐག་རིང་ལ་གཏད་ན་ཐག་ཉེ་ལ་རྒྱག་མཁན་དག་ཁུར་ནས་། ནང་མགོ་ནང་གིས་གནོན་པ་དང་། རང་རྐུབ་རང་གིས་ཕུད་ཅིང་། ཕ་མ་དང་བླ་མ་ཡིན་ཡང་རྡུང་འཚོག་བྱས་པའི་རྗེས་སུ་རྒྱབ་ཀྱི་བོའུ་ལོ་ཕར་བླངས་སོང་བ་རེད། སྤྲིན་དཀར་པོ་མ་བསྡད་སོང་བའི་དུས་སུ། གནམ་སྔོན་མོ་མ་འགྱུར་བསྔད་པའི་དཔེ་བཞིན། འུ་གུ་སྤུན་ལོ་སྔར་བཞིན་དུ་ཨ་འགྲམ་སྤུན་གཉིས་གཤིབས་ནས་འདུག་རྒྱུ་དེ་ནི། སྟག་གླིང་གཉིས་ཀྱི་སྐོས་ཐང་ལ་ཇོ་རུ་རྒུ་རུའི་གྲ་སྡེབ་འདི་ཨ་ཆེ་འབྲུག་མོའི་བཀོད་པ་ཡིན་པ་ལྟ་བུ་ལས་མ་འདས། དེ་ལྟ་བུའི་ང་དགུའི་སྐོར་དང་རིག་གནས་གསར་བརྗེ་ཡི་འདས་དོན་ནི་མི་ལོ་ལྔ་བཅུ་དང་དྲུག་ཅུ་ཡི་ཡར་སྔོན། དུས་རབས་གོང་མའི་ལོ་རབས་དྲུག་ཅུ་བདུན་ཅུ་ཚོའི་སྐད་ཆ། ཁྱེད་རྣམ་པ་ལོ་ཆུང་ཚོ་ལ་མཚོན་ན་སྐྱེ་བ་སྔོན་མའི་གཏམ་རྙིང་ཞིག་ཡིན་ནའང། དེས་མི་སེམས་ལ་བཞག་པའི་སོན་རྩ་དེས་འཛམ་གླིང་ས་ཆ་སོ་སོའི་མི་སྣ་སྣ་ཚོགས་ཀྱི་བསམ་བློའི་ཡུལ་ས་ཚད་ངེས་ཅན་རེ་ད་རུང་བཟུང་ཡོད་པས་མ་ཚད། དེའི་ནད་གཞི་རྙིང་པའི་དུག་རོ་དེ་ཁོག་ལ་ཡོད་པ་ཡིན་ཕྱིར། ད་ལྟ་ར་ཤ་རྙིང་པ་ཞིག་ཟ་ཉེས་ཀྱིས་སྦྲན་བསླ་བ་ཡིན། དེ་ལ་དཀར་པོའི་མིང་བཏགས་ནའང་འདྲ། དམར་པོའི་མིང་བཏགས་ནའང་འདྲ། དམངས་གཙོའི་མིང་བཏགས་ནའང་འདྲ། གྱེན་ལོག་གི་མིང་བཏགས་ནའང་འདྲ། མདོར་ན་མིང་ཅི་ཞིག་བཏགས་ཀྱང་དོན་ལ་གོང་བུའི་ནུས་པ་བཤིག་བྱེད་ཀྱི་རྡུལ་ཉིང་མཚོན་ཆ་ལྟ་བུ་ཞིག་ཡིན། འཛམ་བུ་གླིང་ན་རྡུལ་ཕྲན་གྱི་མཚོན་ཆ་བརྒྱབ་མྱོང་ས་དེ་འཇར་པན་གྱི་ས་ཆ་རེད། དེ་བརྒྱབ་ནས་མི་ལོ་དྲུག་ཅུ་རེ་བདུན་ང་ལོ་ངོ་བཞི་ཡིན་དུས་བརྒྱབ་པ་རེད། ད་རུང་ཡང་དེའི་ས་ཆ་དེ་དང་དེའི་འཁོར་ཡུག་གི་སྐྱེ་དངོས་དང་དེའི་ཡུལ་ཁམས་ལ་གནོད་པ་ཆེན་པོ་ཡོད་རབས་ཟེར་འདུག དཔེ་དེ་དང་ཉེ་བ་ཆ་མཚུངས་རེད། དེང་སང་འཛམ་གླིང་སྤྱི་བྱིངས་ཀྱི་ཨ་རབ་རྒྱལ་ཁབ་མང་པོས་དམངས་གཙོ་བྱས་ཡོད་ཀྱང་། གནའ་བོའི་སྲོལ་རྒྱུན་མ་ཉམས་པའི་ཉམ་ཆུང་འབྲུག་པ་རྒྱལ་ཁབ་དང་བསྡུར་ན་མཐོ་རིས་དང་ངན་སོང་ལྟ་བུའི་ཁྱད་ཡོད་ཚོད་རེད། འབྲུག་པ་རྒྱལ་ཁབ་ཀྱི་མི་ལ་སྐྱེ་དགའ་ན་འཆིའི་སྡུག་བསྔལ་ལོས་ཡོད་མ་གཏོགས། དེ་རིང་འགད་རྫས་བཀད་ནས་ང་དང་ཁྱིམ་མི་དག་བསད་ནས་སྔ་དྲོ་གསོན་པོ་ཡིན་ཡང་ཕྱི་དྲོ་འཇིག་རྟེན་ཁམས་ལ་ཨེ་ཡོད་ཅི་ཤེས་སྙམ་པའི་སེམས་ཁྲལ་མི་དགོས་ཤིང་། མ་མཐའ་ཡང་བདེ་བར་གཉིད་ལོག་བདེ་བར་སད་ཆོག་པ་ཡིན། དེ་ནི་འགྲོ་བ་མིའི་མ་མཐའི་ཐོབ་ཐང་ཞིག་མ་རེད་དམ། ཕྱིའི་དངོས་འབྱོར་གྱི་མཐུན་རྐྱེན་ལ་བསམ་བློ་བཏང་ན། ཨ་རབ་རྒྱལ་ཁབ་ཀྱི་ཁེ་ལས་པ་གཅིག་ཁེ་རུ་ཞིག་གི་རྡོ་སྣུམ་གྱི་ཡོང་སྒོ། ལྷོ་འབྲུག་རྒྱལ་ཁབ་གཅིག་ལ་ཡོད་ས་མི་འདུག་ཀྱང་། ནང་བསམ་པའི་དཔལ་ཡོན་རྗེ་འབངས་གཅིག་སེམས་གཅིག་ལ་ཡོད་པའི་མཐུན་སེམས་རིན་ཐང་ཅན་ཞིག་ཡོད་པ་དེས། གོང་བུའི་ནུས་པ་མི་ཉམས་པར་སྟོབས་ཆེན་ང་ཡིན་སྙམ་པ་དག་དང་འདྲ་མཉམ་གྱིས་གྲལ་བསྒྲིགས་ནས། ཆོས་ནོར་འདོད་དང་ཐར་བ་སྟེ་སྡེ་བཞིའི་དཔལ་དང་གཡང་གིས་སེམས་ཚིམ་ནས་གནས་ཡོད་པ་རེད། ངོ་མས་བཤད་ན་འབྲུག་པ་རྒྱལ་ཁབ་གནའ་སྔ་མོ་བོད་ཀྱི་སློབ་མ་ཞིག་རེད། ལམ་ལུགས་དེ་ནས་སྦྱོང་བ་རེད། སློབ་མའི་མཁས་རིག་ཡོན་ཏན་སློབ་དཔོན་གྱི་ཡན་དུ་སོང་བའི་རང་མཁས་ཀྱི་སློབ་མ་རེད། གལ་ཏེ་སྤྱིར་དམངས་གཙོ་ལ་ཞིབ་འཇུག་བྱེད་ན། དམངས་གཙོའི་སྙིང་དོན་རང་དབང་གི་དོན་ཡིན་པ་རེད། རང་དབང་ཐམས་ཅད་བདེ་བ་ཡིན། །གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན། །ཐུན་མོང་བ་ནི་རྩོད་པའི་གཞི། །ཞེས་གསུངས་པས། དམངས་གཙོ་བྱེད་རྒྱུ་དེའང་རང་དབང་གི་བདེ་བ་མྱོང་བའི་ཆེད་དུ་ཡིན་ཕྱིར། དེའི་རང་དབང་དེ་ཡུན་དང་ཡུན་ལ་བརྟན་བསྲུང་དགོས་པ་ལས། སྐབས་ཤིག་གི་དམངས་གཙོ་དང་སྐབས་ཤིག་གི་བདེ་བས་ག་ལ་ཆོག བརྟན་སྲུང་གི་ཆེད་དུ་ཅི་དགོས་ཟེར་ན་གཅིག་སྡུད་ཡོད་དགོས། གཅིག་སྡུད་མེད་པའི་རང་དབང་གིས་བདེ་བ་མ་དགོས་སྡུག་བསྔལ་འདྲེན་པ་སྟེ། དཔེ་ཨ་རབ་རྒྱལ་ཁབ་འགའ་རེ་ལ་ལྟོས་དང་ཤེས་ཐུབ། ང་ལ་རང་དབང་དགོས་པ་བཞིན་དུ་ཁོ་ལ་ཡང་རང་དབང་དགོས་པ་ཡིན། དེ་བཞིན་གཞན་པ་ཐམས་ཅད་ལའང་རང་དབང་དགོས་ཚེ། མི་སུམ་ཅུ་ལ་བསམ་པ་སུམ་ཅུ། མཛོ་སུམ་ཅུ་ལ་རྭ་ཅོ་དྲུག་ཅུ་ཡོད་པས། དགོས་རྒྱུ་འདྲ་འདྲ་མ་ཡིན། དེས་ན་འགའ་རེས་མི་བསད། ལ་ལས་རྒྱུ་འཕྲོག ཁ་ཤས་ཀྱི་མེ་ལ་བརྒྱབ། འདོད་ལོག་དང་རྫུན་ཕྲ་མ་ལ་སོགས་པ་ལྟ་ཅི་སྨྲོས། ཐུབ་ན་གནམ་སྔོན་མོ་གདན་དུ་བཏིངས། ས་དོག་མོ་མགོ་ལ་གོན་བསམ་མཁན་ཡོད་པ་ཡིན། དེའི་ཚེ་ཅིག་ཤོས་ཀྱིས་དེ་མི་ཆོག་ཅེས་བཤད་ན་དེའི་རང་དབང་ལ་མགོ་གཅག་བྱས་པས་དེ་དམངས་གཙོའི་དགྲ་རུ་གྱུར་བ་ཡིན། དེའི་ན་ཐམས་ཅད་ལ་རང་དབང་ཐོབ་ཐབས་མེད་པས་དེའི་དམངས་གཙོ་དེ་མཐར་ཕྱིན་པའི་ལམ་ཡང་དག་མིན་པའི་ར་འཕྲོད་སོང་བ་ཡིན། ཐམས་ཅད་ཀྱིས་ཅི་འདོད་གང་མོས་བྱེད་པ་དེ་མ་འཐད་པས་གནའ་ང་ཚོ་ལ་གནམ་ནས་བབ་པ་ཞིག་ཨེ་ཡིན་ཅི་ཤེས་ཀྱང་། མདོར་ན་མི་དྲང་པོ་ཞིག་ལ་ཁྱོད་གཉའ་ཁྲི་བཙན་པོ་ཡིན་ཞེས་སྐེ་ཐོག་ལ་ཁུར་ནས་དཔོན་ལ་བསྐོས་དགོས་ཐུག་པ་རེད། དེ་ཚུན་ཆད་ནས་གོང་ལ་དཔོན་ཡོད་པ་དང་འོག་ལ་སྡེ་ཡོད་ནས་བཙན་པོ་རིམ་བྱོན་བྱུང་ཞིང་། དེ་དག་གི་མཛད་རྗེས་ལ་བསམ་བློ་བཏང་ན། བོད་ཀྱིས་མི་ཚད་འཛམ་གླིང་མིའི་རིགས་ཀྱི་ནོར་བུ་གཅིག་ཆོག ངོམ་རིན་ཡོད་པའི་མདོ་སྔགས་ཀྱི་བསྟན་པ་དམ་ཆོས་འདི་དེང་སང་བར་དུ་འཛིན་སྲུང་སྤེལ་པའི་བདག་རྐྱེན་གནང་བ་ཡིན། དེའི་རྗེས་དང་རྗེས་སུ་ཡང་བསྟན་པའི་དར་ནུབ་ཅི་རིགས་པ་དང་མཉམ་དུ། བོད་ཀྱི་གནས་སྟངས་ཡར་འགོས་ཚར་ནས་ཡང་མར་བབ་སར་ཉེ་བའི་སྐོར་ཞིག་ལ། ལྷ་ལུང་དཔལ་རྡོའི་ལས་ལུགས་འགའ་རེས་རེད་འདུག་ཟེར་བ་དང་། དེང་སང་འགའ་རེས་དཔལ་རྡོས་མ་འཇོན་རབས་ཀྱི་ཚིག་མཚོན་འདེབས་མཁན་ཡོད་ཀྱང་། མདོར་ན་འཕོ་འགྱུར་ཆེ་བ་ཞིག་མ་བཏང་ན་འཕེལ་རྒྱས་ཆེ་བ་ཞིག་མི་འགྲོ་བ་ཡིན་ཕྱིར། དོན་དངོས་སུ་དེའི་རྐྱེན་གྱིས་ཕྱི་དར་བསྟན་པའི་མེ་རོ་ཆེན་པོ་ཞིག་བསླངས་ནས། བོད་གངས་ཅན་དམ་ཆོས་ཀྱི་དག་ཞིང་ལ་ཡང་བསྒྱུར་ཅིག་བྱས་པ་དང་། དེ་ནས་ཡང་ལོ་མང་པོ་སོང་ཞིང་སོང་ལ་ཡང་ཐུར་བབ་ཀྱི་ས་མཚམས་ལ་ཐོན་ཡོང་དུས། གུ་རུ་རིན་པོ་ཆེས་གསུངས་པ་བཞིན་དུ་དུས་ནི་ལོ་རེ་རེ་བཞིན་དུ་མར་སྙིགས་ནས། ཆོས་ཆོས་སུ་མི་འགྲོ། སྲིད་སྲིད་དུ་མི་ཐེ་བའི་འགྲན་རྩོད་མང་པོ་ཞིག་གིས་མཐའ་མར། གནའ་སིལ་བུར་འཐོར་བའི་དུས་ཚོད་ཚུན་ཆད་ནས་དེང་དུས་ཀྱི་ལས་དབང་གི་བར་གྱི་བརྒྱུད་རིམ་དེ་དུས་རབས་དང་འགྲོགས་པའི་མི་རང་གི་ལས་དཀའ་དང་འབྲེལ་ཏེ་བྱུང་བ་ཡིན། སྐད་ཆའི་རྩ་བ་མདོ་ཚུར་བསྡུ་ན། འུ་བུ་ས་མཐོ་སྒང་གི་མི། རྐྱང་ཁྱུ་འབྲོང་ཁྱུ་གཉན་ཁྱུ་དག་དང་ཐག་ཉེ་བའི་མི། མི་རྒོད་སྤུ་མའི་སྤྱོད་ལམ་ད་རུང་མ་དོར་ཞིང་། ཨ་མྱེས་སྤྲེལ་རྒན་རྒྱལ་པོ་ལ་རིགས་ཏེ་བྱ་བྱེད་སྤྱོད་པ་ཅུང་ཟད་མང་མཁན། སྲིད་འབྱོར་རིག་གསུམ་ལག་ན་ཡོད་དུས་འཛིན་མ་ཤེས་པའི་མི་རྒྱུད། མདང་དེང་སང་ལ་མེ་ཐུར་སྒམ་ཆུང་ཞིག་གམ། ལྕགས་ཀྱི་འཛེར་མ་འཁྲིལ་ཁུང་ཡག་པ་ཅན་ཞིག་ཙམ་ཡང་བཟོ་མི་ཤེས་པས་མ་ཚད། ཐ་ན་འཕྲུལ་རྟ་ཞིག་ཞོན་ན་ཡང་རྡོག་ལམ་ཡག་པ་འཚོ་མི་ཤེས་པར་ཐང་དུ་བརྒྱབ་འགྲོ་བའི་མི་ཡིས། འཛམ་གླིང་མིའི་རིགས་ཀྱི་ལུགས་གཉིས་ལེགས་པའི་མདུན་མའི་ལམ་ཁྲིད་བྱེད་རྒྱུ་དཀའ་བ་ཡིན། ཁྱད་པར་དུ་གོས་སྣེ་གསུམ་སངས་རྒྱས་ཀྱི་ན་བཟའ་གྱོན་མཁན་རྣམས་ག་ས་གང་ལ་ཐེ་ཡོད་དུས་གཞན་གྱི་མིག་ལ་མི་འགྲོ། དེང་སང་བོད་བརྒྱུད་ནང་བསྟན་གྱི་ཆོས་འདི་སྟོན་པའི་བསྟན་པ་དག་མ་མིན་ཟེར་མཁན་རང་རིགས་ཀྱི་ནང་ནས་ཀྱང་གང་མང་མང་ཡོད་ཅིང་། དེའི་སྟེང་ལ་ད་རུང་ནང་བཤིག་བྱེད་མཁན་ཞིག་དང་ཐམས་ཅད་འཛོམས་དུས་དེ་དག་གི་འདོད་ཐོག་ལ་རྟ་བརྒྱུགས་ནས་བྱ་བ་ལམ་ལ་བུད་སོང་བ་ཡིན། ཁྱབ་བསྒྲགས་ཆེ་ཆུང་དང་བཅས་པས་ས་ཁུག་གི་མིས་ཁ་གྲགས་ས་མི་ལོན་པ་ནི་མངོན་གསལ་རེད། ཆོས་ལ་ཆབ་སྲིད་བསྲེ་མཁན་མང་བ་རེད། ཕ་རོལ་པོ་ཞིག་གཏོར་དགོས་ན་འགལ་བ་བེད་སྤྱོད་བྱེད་རྒྱུ་དེ་གནའ་དེང་གཉིས་ཀྱི་ཆབ་སྲིད་ལག་ཆ་མ་དྲག་དེ་དྲག་རེད། དེའི་སྐོར་ཤེས་འདོད་ན་མའོ་ཙེ་ཏུང་གི་འགལ་བའི་རྣམ་བཤད་ལ་གཟིགས་དང་ཤེས་རྒྱུ་རེད། ཚིག་གི་རྩ་བ་དོན་གྱི་འགག་མདོ་ཅི་ཞིག་འཆད་བཞིན་ཡོད་ན། འུ་གུ་ལ་མི་རྗེས་མིས་ཟིན་བྱེད་ཆོས་དང་རིག་གཞུང་འདི་ལས་གཞན་ཅི་ཡང་མེད་ཀྱང་། གཅིག་ཡོད་རྒྱུ་དེ་ནི་གཅིག་ཆོག་རྒྱལ་པོ་བརྒྱ་གོ་སྟོང་གོ་གཉིས་ཀ་ཆོད་པ་ནི་སྔར་བྱོན་མེས་པོས་བཞག་པའི་ཆོས་དང་རིག་གཞུང་གི་བང་མཛོད་གཞན་ལ་མེད་པའི་ཁྱད་ནོར་འདི་ཡོད་པ་ཡིན་པས། འདི་རང་ཉིད་ཀྱིས་བདག་ལེགས་པོ་ཞིག་སྤྲད་ནས་འཚག་ཤེས་ནས་མཐུན་སེམས་གོང་བུ་གཅིག་གྱུར། མི་གཅིག་བསམ་པའི་སེམས་འདྲ་འདྲ། གཞོགས་གཅིག་སྟ་རེའི་སོ་འདྲ་འདྲ་ཞིག་གིས་སྐྱོང་ཤེས་ན། དགོས་འདོད་ཅི་བསམ་འགྲུབ་པའི་ནོར་བུ་དེའི་བྱིན་རླབས་དང་འོད་ཟེར་གྱིས་གངས་ཅན་གྱི་ལྗོངས་འདི་ཉིད་འཛམ་གླིང་ས་འདིའི་དག་ཞིང་གཅིག་པུ་རུ་གྱུར་ནས། འཛམ་གླིང་ཕྱོགས་མཐའི་མི་ཐམས་ཅད་ཀྱིས་དེ་ལ་སྨོན་ལམ་བརྒྱག་ས་དང་མིག་དཔེ་བལྟ་ས་སློབ་སྦྱོང་བྱེད་ས་ཞིག་ཏུ་བྱེད་དང་མི་བྱེད་གཙོ་བོ་རང་གི་ལག་ཡིན། དེ་ལྟར་འགྱུར་རྒྱུ་ནི་བོད་ཀྱི་ད་ཡོད་མི་ཚང་མ་བྱམས་དང་སྙིང་རྗེས་རྒྱུད་བརླན་པ་སྟེ། གོང་ནས་ཚིག་གཅིག་ལ་དོན་བསྡུས་པ་བཞིན་དུ་བོད་མི་རྒན་གཞོན་ཕོ་མོ་ཐམས་ཅད་གཞན་ལ་ཕན་ཆེན་པོ་མ་ཐོགས་ནའང་། གནོད་སྲོག་ལ་བབ་ཀྱང་གཏན་ནས་མི་སྐྱེལ་བ་ཞིག་ཏུ་གྱུར་ན། བོད་མི་ཐམས་ཅད་འཛམ་གླིང་གི་གཅེས་ཕྲུག་རིག་ན་དགའ་འདུག་པ། དེ་དག་གི་བསམ་སྤྱོད་ལ་ཡར་ལྟོས་བྱེད་པ་ཞིག་ཏུ་འགྱུར་བ་ཡིན། སྙིང་རྗེ་ཟེར་རྒྱུ་འདི་སྔོན་ཐོན་སྤྱི་ཚོགས་ཀྱི་ནང་གི་ཡང་སྙིང་ངོ་མ་དེ་ཡིན། རིན་བྲལ་གྱི་རྒྱུ་ནོར་ཡང་དེ་ཡིན། བོད་མི་ཐམས་ཅད་འཛམ་གླིང་གི་མིའི་སྙིང་རྗེའི་དཔེ་སྟོན་དུ་གྱུར་ན། དེ་དུས་གངས་རི་དཀར་པོའི་འོད་མདངས་རྒྱང་ནས་འཚེར་བ་དང་མཉམ་དུ། ཀ་ཁ་སུམ་ཅུ་ལྷའི་ཡི་གེར་རྩི་བ་དང་། བོད་ལྷ་མི། བོད་སྐད་ལྷ་སྐད་དུ་གྱུར་ནས། རང་གི་ཆེ་བསྟོད་རང་གིས་བྱེད་པའི་ཕྱི་རྟིང་གནམ་བཀྱག་བྱེད་མི་དགོས་པར། གཞན་གྱིས་མངོན་པར་བསྟོད་ནས་ལྷས་ཀྱང་བསྔགས་པའི་མེ་ཏོག་འཐོར་བའི་ཚད་ལ་ཐོན་ངེས་པ་ཡིན། དེ་ཚོ་དཀའ་མོ་འགྲུབ་རྒྱུ་མེད་པའི་སྐད་ཆ་རེད་མ་སེམས་དང་། སྣ་འདི་ཇེ་སྒྲོས་ལ་བཏང་། མིག་འདི་ཇེ་ཆེ་རུ་བྱས། ཤ་མདོག་འདི་འདི་བས་ཡག་ཅིག་བྱས་ནས་ངོ་ཚུགས་དང་ཤ་ལྤགས་ཚང་མ་བརྗེ་བར་བྱ་དགོས་ན་དཀའ་མོ་རེད། སྐྱེ་ཡག་བཙོག་ཕ་མས་བཞག་པ་དང་། ཚེ་བསོད་ནམས་སྔོན་གྱི་ལས་དབང་ཡིན་པས་བསྒྱུར་རྒྱུ་དཀའ་ནའང་། སེམས་བྱུང་སེམས་ཀྱི་འགྱུར་བག་དེ་སེམས་ཀྱི་བསམ་བློ་གཏོང་ལུགས་ཤིག་ཡིན་ཕྱིར། ཕྱོགས་གཅིག་ནས་བཤད་ན་དེ་སྒྱུར་བ་ནི་ལས་སླ་མོ་སྟེ། བསྒྱུར་དུ་རུང་བ་སྐྱེ་བའི་མཚན་ཉིད་ཟེར་བ་ཡིན། དེའི་དོན་དུ་སྲོག་ཤོར་བ་དང་མེ་ནང་ལའང་ལྕེབས་པ་དང་ཆུ་ནང་དུ་མཆོང་བ་གང་ཡང་བྱེད་མི་དགོས་པ་ཡིན། སྤྱི་དང་བྱེ་བྲག་གི་དོན་ཆེན་ལག་ལ་ལོན་པའི་ཆེད་དུ་བརྒྱ་ཐག་གཅིག་གིས་ཆོད་མཁན་མེད་པའི་དུས་འདིར། བརྒྱ་ཁ་གཅིག་ལ་མཐུན་པ་ཞིག་དོན་རང་ཉམས་ཀྱི་བསམ་བློ་ཐམས་ཅད་ཀྱིས་ནང་ལ་བསྐོར་ན། སྤྱིའི་གྲུབ་ཆ་བྱེ་བྲག་ཡིན་དུས་རང་ས་རང་སྒོས་བྱ་ལས་ཆུང་ཆུང་འགྲུབ་ཐུབ་པ་དེ་ཐམས་ཅད་གཅིག་མཚུངས་སུ་བྱུང་ན་སྤྱི་བྱིངས་ཀྱི་མདོག་དབྱིབས་ལ་འགྱུར་བ་རང་ཤུགས་ཀྱིས་ཡོང་བ་ཡིན། གཏམ་ཆེན་པོ་མི་ལ་བཤད་མ་བཤད་ཡོད་པ་མ་རེད། བཤད་མཁན་དེའི་སྐུ་མདོག་ཕྱག་མཚན་དང་ཕྱི་ནང་གསང་གསུམ་ལ་ལྟ་བ་རེད། དཔེར་ན་མི་ཞིག་གིས་མི་མང་གི་དཀྱིལ་ནས་ཀི་ཆེན་པོ་ཞིག་བཏབ་བཞག་ན་ཚང་མས་དེ་ལ་གཅིག་མི་ལྟ་ཐབས་མེད་རེད། ཉིན་བཞིན་དུ་ང་མི་གཅིག་ཁ་མར་འཁོར་ནས་འདི་ལྟར་བཤད་འདུག་དུས། ཁྱེད་རྣམ་པ་སྟོང་ཕྲག་ལྷག་གིས་ཞལ་ཡར་འཁོར་ནས་ངས་བཤད་ས་ལ་གཟིགས་ནས། ངས་ཕྱག་དུ་འཚལ་བ་དང་ཟླ་གམ་གྱོན་ལུགས་ཇི་འདྲ་ཡིན་པ་སོགས་ཐམས་ཅད་མཐོང་བ་ལྟར་དུ། བགྲོ་གླེང་བའི་བགྲོ་བ་མཛད་པའི་གླེང་ཕྱོགས་དེ་དང་པོ་རང་ཐོག་ལ་བསྐོར་བསྡད་ནས། བཤད་མི་དགོས་པར་བལྟས་ན་མཐོང་རྒྱུ་ཡོད་པའི་མིག་དཔེ་ཞིག་རང་གིས་འདོན་རྒྱུ་ནི་གལ་ཆེན་གནད་ཀྱི་འགག་མདོ་རེད། འདི་ན་དགོན་སྡེ་མང་པོའི་མི་སྣ་ཡོད་པ་དཔེ་གཅིག་གིས་ཐམས་ཅད་ལ་མཚོན་པ་རེད། ད་ལྟ་རང་རེ་ཡོད་སའི་སྡེ་དགོན་འདི་ལ་མཚོན་ན། འབྲོག་རུ་སྡེ་བ་མོ་དུད་སྟོང་རུ་ལྷག་སྟེ་སྡེ་གསར་རུ་གསར་དང་བཅས་པ་བརྩིས་ན། ས་འདི་ལ་འཚོ་བའི་རྟེན་གཞི་བྱས་པའི་སྡེ་བ་དུད་ཚང་སྟོང་ཚོ་ཕྱེད་གཉིས་ཡར་མར་ཡོད་པ་ཡིན། མི་གྲངས་ལ་བསྐྱལ་ན་བཞི་སྟོང་ལྔ་སྟོང་ལོང་པ་རེད། མོ་དུད་སྟོང་ཚོ་ཕྱེད་གཉིས་ཡོད་པའི་སྡེ་བ་ཞིག་ལ་མཚོན་ན། དགོན་པའི་གྲྭ་བ་སྟོང་ཞིག་མེད་ཀྱང་བརྒྱ་ཚོ་རབ་ཞིག་ཡོད་རྒྱུ་རེད། རྫོགས་ཆེན་དགོན་པ་ལ་མཚོན་ན་སྔ་འགྱུར་བསྟན་པའི་ཆུ་འགོ། རྙིང་མའི་གདན་ས་དྲུག་གི་ཡ་གྱལ་ཡིན་པས་ཕྱོགས་ཀྱི་གྲྭ་རྩ་མང་བ་རེད། དཔེར་ན་སྐུ་འགྱེད་ཀྱི་སྐལ་བ་ལེན་པའི་གྲྭ་བ་ཆིག་སྟོང་ཡོད་ན། དེའི་ཕྱེད་ཀ་ལྔ་བརྒྱ་ནི་མི་ལ་བཤད་ན་སློབ་གསོའི་གོ་བརྡ་འཕྲོད་མཁན་ཏག་ཏག་ལོས་ཡོད། སྡེ་བའི་མི་མགོ་ལྔ་སྟོང་དེ་གྲྭ་བ་ལྔ་བརྒྱ་ལ་བགོས་བཞག་ན། གྲྭ་བ་རེ་ལ་མི་བཅུ་རེ་ཐོབ་ཡོད་པ་རེད། བཅུ་བོ་དེ་རང་གི་ཁྱིམ་མིའམ། སྦྱིན་བདག་གམ། འབྲེལ་བ་མེད་པའི་མི་བཅུ་བཙལ་བའམ་གང་ཡིན་ཡང་འདྲ་འདྲ་རེད། གྲྭ་བ་རེས་མི་བཅུ་རེ་བསམ་སྤྱོད་བཟང་པོ་ཅན་ལ་བསྒྱུར་ཐུབ་ན། དེ་བཞིན་བོད་ཡོངས་ཀྱིས་གཅིག་གྱུར་གྱི་བྱ་བའི་གོམ་སྟབས་གཅིག་སྤོས་ཡོང་ན། ཉི་མ་གཅིག་ལ་མི་ལྷ་མི་ལ་བསྒྱུར་ཐུབ་པ་རེད། ལྷ་ཆགས་སའི་ཡུལ་ལྗོངས་དེ་ལྷ་ཡུལ་ཡིན་པ་བཞིན་དུ། དེ་དུས་རྟེན་དང་བརྟེན་པའི་འབྲེལ་བ་ཡིས་སྣོད་བཅུད་གཉིས་ཀྱི་ལེགས་ཚོགས་མཉམ་གཅིག་ལ་འཛོམས་ཡོང་བས་མ་ཚད། དེ་དུས་བོད་མི་ནི་འཛམ་གླིང་མི་རིགས་ཀྱི་གཅེས་ནོར་དང་། བོད་ཡུལ་ལྷ་ཡུལ་དང་དག་ཞིང་དུ་དེ་ལྟར་འགྱུར་བ་ཡིན་པས་དེ་ལྟར་བརྩོན་དགོས་སོ་སྙམ། དེ་ལས་གཞན་དུ་ངས་གཅིག་བྱེད་བསམ་ཀྱང་འདིས་དེ་ལྟར་བྱ་རུ་མི་འཇུག་པར་བཤད་ནས་ནང་མི་བདེ་བར་མི་རེའི་ཁོག་ལ་རྡོ་ལུ་རེ་བཅུག་ཀྱང་། མཇུག་འབྲས་བཟང་པོ་རང་གཞན་གཉིས་ཀ་ལ་ཐོབ་རྒྱུ་མེད་པ་ཡིན། རང་གི་མི་ཚེའི་རྣམ་ཐར་གྱི་བྱུང་བ་དེ་ནས་རྔོད་བྱེད་ཀྱི་ཡོག་ཐོད་ལྟ་བུའི་དཀྲུག་ཤིང་ཞིག་ལ་འགྱུར་ཤོར་ན་ཕོ་མ་སྐྱེས་པ་ཡིན། ཁྱད་པར་དུ་ལོ་ཆུང་ཚོའི་མི་ཚེའི་འགྲོ་ལམ་ད་གཟོད་བརྒྱུད་དགོས་ཕྱིར། དེ་སྔོན་རྐང་སྣེ་རྡོ་ལ་ཐོགས་མ་མྱོང་བ་དང་། སྣ་ཚུགས་སྡུག་པོ་ཁུར་མ་མྱོང་བ་ཆ་གས་དང་པོར་རང་ངོ་དེ་རང་གིས་ཤེས་དགོས་པ་ཡིན་པས། རང་ས་ཆ་གང་ལ་སྐྱེས་ཡོད་པ་དང་། ཆོས་བརྒྱུད་གང་ལ་གཏོགས་ཡོད་པ་དང་། མེས་པོའི་ཤུལ་རྒྱུན་ཇི་ལྟར་འཚོ་དགོས་པ་དང་། སུ་ལ་བརྟེན་ནས་གྲོགས་གང་དང་འགྲོགས་ཏེ་མཐར་ཐུག་གི་མི་ཚེའི་དམིགས་འདུན་ཅི་ལ་གཏད་ཡོད་པ་དང་། ལར་མ་གཞི་ང་རང་གི་ཁོངས་ན་ཡོན་ཏན་དང་ནུས་པ་ཅི་ཞིག་ཡོད་པ་དང་། ངའི་ཆོས་བརྒྱུད་དང་ང་ཞུགས་སའི་དགོན་སྡེ་འདི་ཕར་གཞན་གྱི་སྣེ་ཁྲིད་བྱེད་མཁན་ཞིག་རེད་དམ། གཞན་གྱི་རྗེས་དེད་ནས་མིའི་ཕྱི་རྟིང་འཚོ་མཁན་ཞིག་རེད་སོགས་ལེགས་པར་སེམས་དགོས་པ་ཡིན། རྟག་པར་གཞན་རྗེས་འཚོ་མཁན་ཞིག་ཡིན་ན་མི་དྲག་ཤོས་ཤིག་གི་ཕྱི་རྟིང་ཟིན་ན་སྐྱོན་མེད་ཀྱང་། གཡག་གུ་སྣ་མ་ཞིག་དང་འདྲ་བར་བདག་པོས་ཁྲིད་ན་སྒུ་རུ་རུ། རྐུན་མས་ཁྲིད་ན་སྒུ་རུ་རུ་བུད་སོང་ཚེ་ནམ་ཞིག་བཤས་རའི་ནང་ལ་ཐོན་བསྡད་ཡོད་དུས་ཕྱིར་བཀྱེད་བྱེད་དཀའ་བ་ཡིན། ཡང་རང་ལྟ་མཆོག་འཛིན་མངོན་པའི་ང་རྒྱལ་གྱིས་ཨ་མའི་ཁ་ཕོར་གཙང་མ་ཡིན་ཏག་ཏག་གིས་གཅུས་ལམ་བླངས་པས་ཀྱང་ས་ཆོད་པ་མིན་ཏེ། གནའ་ཤྭ་བ་ཉལ་ས་ལ། དུས་དེང་སང་ཤེའུ་མ་ཉལ་བའི་ལོ་རྒྱུས་ཡོད་པས་གནའ་ཞིག་ལ་ཡོད་པས་མི་ཕན་ཏེ། དཔེར་ན་མི་སྤྲང་པོ་ཞིག་གིས་གནའ་ངའི་ཨ་ཕའི་རིང་ལ་ཕྱུག་པོ་ཡིན་པར་བཤད་ཀྱང་ཕྱུག་གོ་མི་ཆོད་པ་ལྟ་བུ་ཡིན། མདོར་ན་ས་ཆ་སྟོད་སྨད་བར་གསུམ་གང་གི་མི་ཡིན་ཡང་། ཆོས་བརྒྱུད་དགོན་སྡེ་གང་ལ་གཏོགས་ཀྱང་། རྟེན་སེར་སྐྱ་ཕོ་མོ་སུ་ཡིན་ནའང་འདྲ། མིང་མཆོག་དམན་དྲག་ཞན་གང་ཡོད་ཀྱང་རུང་། ཐམས་ཅད་ཀྱིས་མི་བཅུ་རེ་ཡང་དག་པའི་ལམ་དུ་ཞོག་ན་ཤིན་ཏུ་ལེགས་ཤིང་། ཡང་ཁྱད་པར་འཕགས་པའི་མི་གཅིག་གིས་ཀྱང་མི་བརྒྱ་ཚོ་མང་པོའི་ཁ་ལོ་བསྒྱུར་ནས་ཐམས་ཅད་བསམ་སྤྱོད་ཡང་དག་གི་ལམ་ལ་ཞོག་ན་ལེགས་པའི་མཐར་ཐུག་རེད། མདོར་ན་དགོན་སྡེ་དེ་དང་འབྲེལ་བའི་སྡེ་བ་དེའི་ནང་ལ། རྫུན་བཤད་མཁན། མགོ་གཡོགས་མཁན། རྐུ་བྱེད་མཁན་རྣམས་མེད་པས་མ་ཚད། སྤུན་ཟླ་ནང་དམེ་བྱེད་མཁན་ནི་དེ་བས་ཀྱང་ག་ལ་ཡོད། ཐ་ན་ལུས་ལ་མཚོན་ཆ་འདོགས་མཁན་ཙམ་ཡང་མེད་པ་དང་། མི་མ་དགོས་འཁོར་ཡུག་གི་རི་དྭགས་སྒོ་ཕྱུགས་དང་བཅས་པ་ལ་འཚེ་བ་མི་དར་བ། ས་ཡ་རབས་ཀྱི་མི་དེ་གཤིས་ཀ་བཟང་། སྤྱོད་པ་འཇམ། ཞི་དུལ་དང་བག་ཡོད་ལྡན། ནང་ལ་ཡོན་ཏན་ཡོད་པ། ཕྱི་ཡི་ཀུན་སྤྱོད་ཡག་པ། གྲྭ་བ་རྣམས་ནི་སྨོས་ཅི་དགོས་མི་སྐྱ་ཕོ་མོ་ཡང་མ་འདྲ་བའི་ཁྱད་ཆོས་ཡོད་པ། ང་ཚོས་དུས་རྒྱུན་དུ། ལུས་སྤྱོད་ཚུལ་འཆོས་མེད་པར་དུལ་བ་དང༌། །ངག་ཚིག་རྫུན་གཏམ་མེད་པར་བདེན་པ་དང༌། །སེམས་སྤྱོད་གཡོ་སྒྱུ་མེད་པར་དྲང་བ་ཡིས། །ཆོས་མཐུན་གྲོགས་དང་བཤེས་གཉེན་བསྟེན་པར་ཤོག །ཅེས་སྨོན་ལམ་བཏབས་པ་ནང་བཞིན་ལུས་སྤྱོད་ངག་ཚིག་ཐམས་ཅད་ཚུལ་དང་མཐུན་པ་དང་། སེམས་སྤྱོད་གཡོ་སྒྱུ་མེད་པ་དྲང་པོར་ཡིན་པ་ནི་བྱམས་སྙིང་རྗེ་སེམས་རྒྱུད་ལ་ཡོད་པའི་རྟགས་རེད། མཁའ་དབུགས་དང་གསོ་རླུང་མེད་ན་མི་འཚོ་ཐབས་མེད་པ་བཞིན་དུ་བྱམས་དང་སྙིང་རྗེའི་བརྩེ་སེམས་ཤིག་མེད་དུས། མིའི་རིགས་ལ་བདེ་སྐྱིད་ཀྱི་འཚོ་བ་སྐྱིད་པོ་ཞིག་ཡོང་ཐབས་ཡོད་པ་མ་རེད། དེ་རིང་ཁར་རྩང་འཛམ་གླིང་གི་སྔོན་ཐོན་ཤེས་ཡོན་ཅན་གྱི་མི་སྣ་ཚོས། ཕྱིའི་དངོས་པོའི་དཔལ་ཡོན་གྱིས་བདེ་བ་མི་རྙེད་པ་དེ་ཤེས་ནས། ནང་བསམ་པའི་དཔལ་ཡོན་གྱི་འབྱུང་རྩ་འདེད་ཤེས་པ་ལ་ཕྱོགས་བཞིན་ཡོད་པ་རེད། དེའི་ཕུགས་ངོ་མ་དེད་ན་བོད་ཀྱི་ཆོས་དང་རིག་གཞུང་ལ་རང་ཤུགས་ཀྱིས་ཐུག་ཡོང་བ་ཡིན། མི་ཐམས་ཅད་སྙིང་རྗེ་ཅན་ཡིན་ན་འཛམ་གླིང་གི་དམག་དང་མཐའ་མཚམས་ཀྱི་དབྱེ་བ། དུག་རྫས་ནག་པོའི་གནོད་པ། འཇིགས་སྐུལ་བའི་འཇིགས་སྣང་སོགས་གཅིག་ཀྱང་ཡོད་པ་མ་རེད། འོན་ཀྱང་དེ་ལྟར་མངོན་དུ་གྱུར་པ་ལ་རིགས་ལྡན་དྲག་པོ་དང་མགོན་པོ་བྱམས་པ་བྱོན་རྒྱུར་མ་སྒུག་ན་དཀའ་བ་ཡིན་ཡང་། ཆོས་ལྡན་བོད་ཀྱི་ས་ཆའི་ཆོས་རིག་གཞུང་གི་ནོར་བུ་འདི་རང་གིས་རྡོ་བ་རེད་ཅེས་མར་གཡུག་མ་བཞག་ན། འདིའི་ཕྱོགས་ལའང་རེམ་རྒྱུ་ཡོད་པ་ཡིན། འདིའི་སྐད་ཆའི་བརྗོད་གཞི་དེ་བོད་ཡུལ་དག་ཞིང་ལ་བསྒྱུར་རྒྱུ་དེ་རེད། ངོ་མས་བོད་ཡུལ་དག་པའི་ཞིང་ཁམས་ལ་ཡུག་གཅིག་གིས་སྒྱུར་ཐུབ་པའི་རེ་བ་ཡོད་པ་རེད་མ་གཏོགས། དེ་རིང་གང་ཞིག་ལ་སོང་ན་རྗེས་ནས་ཁྱིམ་ཕུག་བླང་ཨེ་འགྲོ། དགོན་པ་ཕེད་ཨེ་འགྲོ། ཁ་བཞོ་མཛོ་རྒན་འབྲི་རྒན་བཤའ་ཨེ་འགྲོ། དེ་རིང་ས་གང་ཞིག་ནས་མི་ཁ་ཤས་གཅིག་འཛོམས་འདུག་པས་བསད་རེས་བྱས་མེད་ཀྱང་རྡུང་རེས་བརྒྱབ་ཡོད་ཤག་ཤག་ཡིན་སྙམ་དགོས་པ། བོད་ཤ་རུས་གདུང་རྒྱུད་གཅིག་ལས་མཆེད་པའི་སྤུན་ཟླའི་ལ་རྒྱ་ཕར་ཞོག ཤ་ཉེ་རང་ཁྱིམ་གཅིག་གིས་སྦྲ་འོག་ནས་མཆེད་པའི་མི་ཡིན་མ་ཡིན་མེད་པར་སྒོར་རྡོག་ཆ་རེའི་དོན་ལ་བསད་འགྲོ་བ་དེ་འདྲ་མ་ཡིན་པ་ཞིག་ཏུ་གྱུར་ན་མིའི་ཀུན་སྤྱོད་བཟང་པོར་ཆགས་ཡོད་པ་རེད། ངའི་ངོ་རིག་དུས་ཀན་གྱིས་ཁ་ཡག་ངོ་བསྟོད་དང་། ཅིག་ཤོས་ལ་ལྐོག་ཁ་གཏོང་བ་འདུག་ཀྱང་། ང་ཁ་ཕ་ར་འཁོར་དུས་རྐང་འདྲེན་པོས་ང་ལ་ཡང་དེ་བཞིན་བྱེད་ངེས་བསམ་རྒྱུ་ཅན། མི་སྐྱོན་ཞིག་གླེང་རྒྱུ་མེད་དུས་འདུག་མི་ལོ་བ་ཅན་གྱི་ཡུལ་སྡེའི་ནང་ལ་ཐོན་དུས། སྒོ་ལ་མྱུར་དུ་བུད་བཏང་དགོས་འདུག་བསམ་རྒྱུ་ཅན་ཞིག་ཡིན་པས། དེའི་གྲོང་ལྟག་གི་དགོན་སྡེ་ཕྲ་མོ་ཡང་དེ་ཆ་གའི་མི་རྒྱུད་ཡར་སོང་བ་ཡིན་པ་དང་། སྐྱབས་འོག་ལ་བསྡད་པའི་སྡེ་ལྷ་འབངས་ལ་རྒྱུ་རུ་སྤུས་ཀ་འདི་ཙམ་མ་གཏོགས་མེད་དུས། དགོན་ནང་ལ་བཞུགས་མཁན་ཚང་མ་ཡང་ཕལ་ཆེར་དེ་དང་རིགས་འདྲ་ཡིན་ན་ལ་ཐང་མེད་སྙམ་ནས། རྒྱུད་ལ་མི་བཅར་བར་དད་པའི་ལྷ་ཕྱག་རྒྱང་ནས་འཚལ་ན་དགའ་འདུག་སྙམ་པ་འབྱུང་བ་ཡིན། དེ་འདྲ་བའི་དགོན་ཡུལ་གཉིས་ཀའི་ནང་ནས་བྱུང་བ་ཞིག་གིས། ཁོ་ཁྱུང་ཕྲུག་སྒོ་ངའི་ནང་ནས་བུད་པ་ཡིན། གཤོག་དྲུག་ནང་ནས་རྒྱས་པ་ཞིག་ཡིན་ཞེས་སྨྲ་ན་ཡང་། ཡོང་སའི་རྒྱབ་ལྗོངས། འབྱུང་ཁུངས་ཀྱི་འཁོར་ཡུག བྱ་བའི་གྲུབ་འབྲས་དང་ལག་རྗེས་ཀྱིས་ར་སྤྲོད་བྱེད་ཡོང་དུས། མཁས་པའི་བགྲོ་གླེང་ལ་རྒྱུགས་འཕྲོད་དཀའ་བ་རེད། ངའི་སྐོར་འདི་ངན་ཡང་ང་བཟང་ཞེས་བསྟོད་བསྔགས་ཀྱི་ཞལ་ལ་ཅི་ཙམ་བྱུགས་ཀྱང་། འདམ་ནས་སྐྱེས་ཀྱང་འདམ་གྱིས་མ་གོས་པའི་མེ་ཏོག་པདྨ་ཡ་མཚན་ཅན་ཞིག་ཁྱོད་ཡིན་པར་ལྟ་མཁན་ཉུང་ཉུང་ཡིན། སྡེ་མཐའི་རྒན་མོ་སྦ་ཕུད་ཅིག་གམ། དགོན་ཟུར་གྱི་གྲྭ་ཆུང་ལོ་བརྒྱད་ཅིག་ཡིན་ཡང་། མགོ་རལ་བ་གཉིས་ལ་གཤིས་ཤིག་ཡོད་པས། ཡ་རབས་ཀྱི་ས་ཆའི་མི་དེ་མ་འདྲ་བའི་ཁྱད་པར། ཇི་ལྟར་མ་ལ་ཡ་ཡི་ལྗོན་ཤིང་གི་ཚལ་ནས་ཡོང་བའི་སྡོང་དུམ་ཕལ་བ་ཡིན་ཡང་ཙན་དན་གྱི་དྲི་བསུང་འགོས་ནས་ཙན་དན་མིན་ཡང་ཙན་དན་དང་འདྲ་བར་རང་ཤུགས་ཀྱིས་གཞན་ལས་འཕགས་པ་ཡིན། རང་གི་རྡོག་ལམ་འཚོ་ཤེས་པ་ཞིག་གིས་གཞན་གྱི་སྣེ་ཁྲིད་བྱེད་དགོས། གཞོན་ནུའི་སེམས་ཁམས་ལ་སྤྲོ་སྣང་དང་སྤོབས་སེམས་ཡོད་དགོས་པ་རེད། རྒྱུན་དུ་སྡུག་ཁོག་པ་གང་རེ་བསགས་ནས་ངོ་ལ་བལྟ་དུས་འདི་ཅི་འདྲའི་འཚིག་པ་ཞིག་ཟ་བཞིན་ཡོད་ན་ཨང་སྙམ་པ་ཞིག་ནི་སྡེ་སྣོད་འཛིན་པ་ཡོན་ཏན་ཅན་ཞིག་མ་དགོས་དང་སྐྱེས་པ་ཕོ་ཞིག་ལའང་ཡོད་ག་ལ་རུང་། མ་ཚད་གདོང་མཆོང་གི་སྤོབས་པ་ཡོད་དགོས་ཀྱང་ཧོལ་རྒྱུག་གིས་སྣང་མེད་དུ་ཤོར་མི་རུང་། བྱ་བའི་ཡང་རྩེར་བསྙེག་རྒྱུའི་དམིགས་འདུན་མཐོ་དགོས་ཀྱང་། དེ་འགྲུབ་རྒྱུའི་གདེང་ཚོད་རང་ཁོག་ལ་ངེས་པར་དུ་ཡོད་དགོས། གང་ཡིན་ཡང་གནས། དུས། ཡུལ་བབས། རང་གི་ནུས་པ་དང་བཞི་བོ་བསྒྲིགས་ནས་ཚོད་ཐོག་ལ་ཞོག་ཐུབ་དགོས། ཚོད་བཟུང་རྒྱུ་ཟིན་རྒྱུ་གཉིས་ཀ་ཡོད་པའི་སྒོ་ནས་བྱ་བ་བསྒྲུབ་རྒྱུ་དང་། དེ་ཡང་བསོད་ནམས་ཀྱི་ཤུགས་ལ་བརྟེན་ན་གང་འདོད་ཡུད་ཀྱིས་ལག་ཏུ་མཆིས་པ་བཞིན་དུ་འགྲུབ་པ་ཡིན། དཔལ་སྤྲུལ་ཚང་གིས་གཞོན་ནུ་བློ་ལྡན་གྱི་དྲིས་ལན་ནང་དུ། མྱི་ལུགས་ཐམས་ཅད་གཙོ་བོ་ཚུར་བསྡུ་ན། རྒྱུད་འཇམ་པ་དང་གཅིག ཚོད་ཟིན་པ་དང་གཉིས། ཁོག་ཡངས་ཚུགས་ཐུབ་དང་གསུམ། བརྟགས་དཔྱད་མཁས་པ་དང་བཞི། ཐམས་ཅད་ཀུན་ལ་ཕན་སེམས་དྲང་པོས་ཟིན་པ་དང་ལྔ་པོ་ལ་ཐམས་ཅད་འདུས་པ་ཡིན། ཅེས་དོན་ཚན་ལྔར་བསྡུས་ནས་གསུངས་ཡོད་པའི་ནང་གི། ཚོད་ཟིན་པ་དེ་རྒྱུད་འཇམ་པ་ཡི་འཕྲོ་ལ་བཞག་ཡོད་པ་ཡིན། འཇིག་རྟེན་འདིའི་ཐོག་གི་མི་ངོ་མ་ཚད་དང་ལྡན་པ་ཞིག་བྱེད་རྒྱུ་ལ་མེད་ཏུ་མི་རུང་བའི་གནད་ཆེན་ཡིན་ཕྱིར་དེ་ལྟར་གསུངས་པ་རེད། དཔལ་སྤྲུལ་ཚང་འཁྲུངས་ཡུལ་རྫ་ཆུ་ཁ་ནས་ཡིན་ཡང་། ཆོས་བརྒྱུད་འདིའི་བླ་མ་འཇིགས་མེད་རྒྱུལ་བའི་མྱུ་གུའི་སློབ་མ་དང་། ས་རུ་དམ་ལུང་གི་དབེན་གནས་འདིར་མི་ལོ་ཉི་ཤུ་ལྷག་ལ་བཞུགས་ཏེ་འཆད་ཉན་སྒྲུབ་པ་ཉམས་ལེན་མཛད་པས་རྫོགས་ཆེན་དཔལ་སྤྲུལ་ཞེས་པའི་མཚན་ཐོགས་པ་རེད། དཔལ་སྤྲུལ་རིན་པོ་ཆེ་དང་། འཇམ་མགོན་བླ་མ་མི་ཕམ་ཚང་གཉིས་ནི་མིའི་ངོས་ནས་བཤད་ན་དུས་རབས་བཅུ་དགུ་བའི་མི་ཡིན་ནའང་། དེང་སང་དེ་འདྲའི་ལུགས་གཉིས་གང་ཐད་ཀྱི་མཁྱེན་དཔྱོད་ཅན་བུད་རྒྱུ་མེད་པར་ཆགས་འདུག རྒྱུ་མཚན་དེས་ཀྱང་ཀུ་ཅོ་འདོན་ཚད་ཀྱི་རྗེས་སུ་མ་རྒྱུགས། རང་གི་མེས་པོའི་རྣམ་ཐར་ལ་བལྟས་ནས་རང་ལམ་འཚོས། གཞུང་བཀའ་པོད་ལྔའམ་གཞུང་ཆེན་བཅུ་གསུམ་གྱིས་བསྡུས་པའི་ནང་དོན་རིག་པ་མདོ་སྔགས་རིག་གནས་དང་བཅས་པ་ནོར་བུའི་བང་མཛོད་ཀྱི་ནང་ལ་ཐོན་སོང་བ་འདྲ་དེ་ལག་ལ་བཞག་དུས། བགྲོ་གླེང་དེ་ལ་གྱིས། བརྒལ་བརྟག་རིགས་པའི་ཐལ་མོ་དེ་རུ་འཕོངས། སྔར་མེད་རིགས་པའི་སྒྱུ་རྩལ་གྱིས་ལྟད་མོ་ངོམ་རྒྱུ་ཡོད་ན་དེ་ནས་ངོམ་དགོས་པ་ཞིག་རང་ཤུགས་ཀྱིས་འབྱུང་བ་ཡིན། འདི་མི་ལུགས་བཤད་སའི་གླེང་སྟེགས་མ་ཡིན་ན་ཡང་མི་ཡུལ་འཇིག་རྟེན་གྱི་ཆ་ཤས་ཀྱི་གླིང་འདི་ནས་དམ་ཆོས་སྒྲུབ་མཁན་ཡང་མི་ཡིན་པའི་རྒྱུ་མཚན་དང་། མི་ཆོས་ཀྱི་རྨང་གཞི་བཟང་པོའི་སྟེང་ལ་ལྷ་ཆོས་འགྲུབ་དགོས་པ། ཤེས་རབ་སྡོང་བུ་ལས། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་འགྲོ་བ་ཐག་མི་རིང་། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེགས་ན་ཐར་པ་གམ་ན་ཡོད། །ཅེས་གསུངས་པ་དང་སྒོ་བསྟུན་པ་ཡིན། དམངས་གཙོ་ཅིག་ཅིག་ཉིག་ཉིག་ཟེར་འདུག་རྒྱུ་འདི་ནི་སྲིད་དོན་པ་དང་ཆབ་སྲིད་པའི་སྐད་ཆ་རེད། དང་པོར་སུས་དྲན་ཡོང་བ་རེད་ཟེར་ན་ཕི་གླིང་མགོ་སེར་མ་ཁེ་སུ་ལ་སོགས་པས་དྲན་ཡོང་བ་རེད། སྲིད་དོན་ཞེས་པ་ནི་རང་ཉིད་གཞན་ལས་རྣམ་པར་རྒྱལ་བའི་གཡོ་སྒྱུའི་ཇུས་འགོད་ཅིག་རེད། ཐབས་ལ་མཁས་པའི་གཞན་དོན་རླབས་ཆེན་གྱི་མཛད་པ་ཁ་ཁ་རེད་མ་གཏོགས། མི་ཕལ་བ་ཞིག་གིས་ཆོས་སྲིད་གཉིས་ཀ་བསྲེ་ནས་ལས་ཤེས་པ་མ་རེད། གལ་ཏེ་སྲིད་དོན་ཆབ་སྲིད་པ་ངོ་མ་ཞིག་བྱེད་བསམ་ཚེ་དེ་སྦྱོངས་ནས་དེའི་ཤེས་ཡོན་གྱི་ཚད་གཞི་ངེས་ཅན་ཞིག་ལ་ཐོན་དུས། གཞི་ནས་བཤད་རྒྱུའི་ཐོབ་ཐང་དང་གོ་གནས་ཡོད་པ་རེད། དེ་ལ་མ་མཐའི་ཆ་ཚད་ཅི་འདྲ་བ་ཞིག་ཚང་དགོས་ན། རྒྱལ་སྤྱིའི་མཐོ་འབྲིང་གི་སློབ་མའི་ཡོན་ཚད་ཡོད་པ་ཞིག་གིས་ཆབ་སྲིད་ཀྱི་ཆེད་སྦྱོང་ལོ་བཞི་ལ་བྱས་ན་ཕྱོགས་ཤིག་ཤེས་ཡོང་རྒྱུ་ཡོད་པ་ཡིན། མ་ཚད་དེ་འདྲའི་སྦྱོང་བྱེད་མཁན་དག་ཀྱང་ལག་ལེན་དངོས་སུ་གཏུགས་པའི་དུས་སུ་ཚུལ་བཞིན་ཤེས་པའི་ངེས་པ་མེད་དེ། ཡིག་ཐོག་གི་ཤོག་བུའི་ངོས་ཀྱི་སྦྱོང་བ་དང་སྤྱི་ཚོགས་ཀྱི་ལག་ལེན་ངོ་མའི་ཉམས་མྱོང་གཉིས་ཀ་ཐོ་གཏུག་མ་ཤེས་ནས། ཡང་འཕྲང་ལ་སྡུག་ནས་ཕམ་ཁ་ཁུར་བའི་ཆབ་སྲིད་ལས་ས་ནས་སྣ་རྡོ་ལ་ཐུག་སོང་པའི་ཆེད་ལས་པ་ཡང་གང་མང་མང་ཡོད། ཤེས་བྱའི་མཐའ་ཐུག་རྒྱུ་ཡོད་པ་མ་ཡིན་ཡང་། ལས་རིགས་གང་ཅན་པོ་ཡིན་ཡང་དྲག་ཤོས་འདྲ་ཞིག་ལ་ཐོན་པ་ལ་མཐར་ཕྱིན་པ་ཟེར་བས། དེ་འདྲ་དེ་ལ་རིགས་གཅིག་མཁས་ཅན་ཟེར་ཞིང་། རིགས་གཅིག་མཁས་ཅན་མ་གཏོགས། རིགས་གཉིས་མཁས་ཅན་དང་། རིགས་གསུམ་མཁས་ཅན་དང་། རིགས་མང་མཁས་ཅན་ཟེར་བ་ནི་དཀོན་པོ་ངོ་མ་ཡིན་པས་མ་ཚད། དེང་གི་དུས་འདིར་ཕལ་ཆེར་འཛམ་གླིང་ལ་མཐོང་རྒྱུ་མེད་པ་ལྟ་བུ་ཆགས་ཡོད་པ་རེད། དེས་ན་གྲྭ་ཆུང་ཞིག་ལ་མཚོན་ན་དགེ་ཚུལ་གྱི་ཚིག་ལེའུ་བྱས་པ་ལྔ་བཅུ་བ་ནས་འགོ་བཟུང་སྟེ་བཀའ་དང་བསྟན་བཅོས་རེ་རེ་ནས་མཚན་འཛིན་དགོས་ནའང་ལས་སླ་མོ་ཞིག་གིས་འཛིན་མི་ནུས་པར་ཡོད་པ་དེ་དག་ཞིབ་འཇུག་བྱས་ཏེ། སྡེ་སྣོད་གསུམ་པོ་ལས་གཅིག་གི་ཆེད་མཁས་པ་ཞིག་བྱེད་དགོས་པ་ཡིན། ཐམས་ཅད་མཁས་ན་སྨོས་མ་དགོས་ཀྱང་ཐམས་ཅད་ཕྱོགས་ཙམ་ཕྱོགས་ཙམ་ཤེས་པར་བྱེད་པ་ལས་གཅིག་ལ་བྱང་ཆུབ་པར་བྱས་ན། གཞུང་གཅིག་ཤེས་ན་ཉི་མ་འདྲ། །ཞེས་གསུངས་པ་ལྟར་དུ་ཕྱོགས་གཅིག་གི་ཤེས་ཡོན་དེ་མཐོ་དུས་ཕྱོགས་གཞན་ལ་རམ་འདེགས་ཐུབ་པ་ཡིན། མདོར་ན་ང་ཚོའི་རྒྱུན་འདོན། བསྐལ་མང་གོང་ནས་ཀྱིས་ལམ་ཚོད་འཛིན་བྱེད་བྱེད་པ་ནི་སྔུན་ན་ཡོད་པའི་ལམ་ཐིག་མ་ནོར་བ། ཕྱིར་བལྟས་བྱེད་མི་དགོས་ས་ཡིན་པས་དམ་པའི་གཞུང་ལུགས་ལ་རྟོག་ཅིང་དེ་ལ་དཔེར་ལེན་པ་ནི་གལ་ཆེན་ནང་གི་དོན་ཆེན་ཡིན། མི་འདྲ་མིན་དག་གིས་ཀུན་སློང་སྣ་ཚོགས་ཀྱི་དབང་གིས་གཏམ་འདྲ་མི་འདྲ་སྣ་ཚོགས་བཤད་པ་ལ་ཉན་ཚོད་ག་ལ་ཡོད། སེམས་ཅན་གྲངས་མཐའ་ཡས་པའི་ཀུན་རྟོག་གི་གྲངས་དེ་བས་ཀྱང་མང་པོ་ཞིག་ཡིན་ཕྱིར་དེ་རྗེས་སུས་ཆོད། ལ་ལས་གོང་བུའི་ནུས་པ་འདི་དང་འདི་ཚོ་མར་བཤིག་དགོས་འདུག་མ་གཏོགས། ངས་ཕྱི་རྟིང་གནམ་ལ་བཀྱགས་ནས་སྐེ་བསྲིང་ས་ལ་བར་དུ་གཅོད་འདུག་སྙམ་ནས། འགད་རྫས་ཤིག་གིས་ནུས་པ་མ་ཐོན་ཡང་དབྱུག་པ་ཞིག་གིས་ཟུར་བཀན་པ་འདྲ་ཞིག་བྱེད་དགོས་སྙམ་ནས་མི་ལ་ར་མདའ་སྦྲོན་བྱེད་ལ་དམངས་གཙོ་འདི་ཤིན་ཏུ་བཟང་། བཟང་བའི་བཟང་ལུགས་གང་ཡིན་ན་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱིས་དམངས་གཙོ་མཛད་པ་ཡིན་ཏེ་ཞེས་གནས་ལ་བློ་མཐུན་སོགས་སྒྲུབ་བྱེད་དུ་འགོད་མདོག་བྱེད་པ་དང་། ཡང་གོང་བུའི་ནུས་པ་ཡོད་དུས་སྡོད་དུ་འཇུག་པ་མ་རེད་ངའི་ཨོང་ཅོག་ལའང་ཁེལ་ཐོ་ཞིག་ཕོག་ཡོང་བར་འདུག་སྙམ་པ་དེས་སྒེར་གཅོད་བཟང་རབས་བཤད་ནས་སྒྲུབ་བྱེད་དུ། བཅོམ་ལྡན་འདས་ཀྱིས་བསྟན་པའི་བདག་པོ་ཁོང་ཉིད་ཀྱིས་མཛད་པ་དང་རྗེས་སུ་བསྟན་པ་གཏད་རབས་བདུན་ལ་གཏད་ཚུལ་སོགས་རང་ཤུགས་ཀྱིས་འབྱུང་བ་ཡིན་པས། གཟུ་བོར་གནས་པའི་དྲང་བདེན་གྱི་གཏམ་བཤད་མཁན་དཀོན་པ་ཡིན། གཏམ་རྣམས་མགར་བའི་ལག་ཆ་འདྲ། །ཞེས་པ་ལྟ་བུ་རེད། དེ་རིང་ཁར་རྩང་ཡང་སྒོས་བདེན་པ་མི་བྲིན་རྫུན་པ་བྲིན་དུས་ཡིན་ནའང་། མཐའི་མཐའ་ལ་བསྡུར་ན་བདེན་ལུང་པ་གཉིས་ཀ་ཕུ་ཐག་རིང་འགྲོ་བ་རེད། ལམ་དྲང་མོ་རང་གིས་བླངས། ལམ་དྲང་མོ་གཞན་ལ་བསྟན་པ་ནི་མཆོག་ཡིན་པས། དྲང་པོའི་ལམ་བཟང་འགྲོ་ལ་དྲང་པོར་སྟོན། །དེ་སླད་དྲང་སྲོང་ཆེ་ཞེས་གྲགས་མིན་ནམ། །ཞེས་གསུངས་པ་ལྟ་བུ་ཡིན། ཁ་གཅིག་གི་ནང་དུ་ཉ་གཉིས་ཨེ་ཟིན་བལྟས་ཀྱང་བཟུང་མ་ཤེས་པར་མི་ཐོག་སྔོན་མའི་བྱ་བ་ཉེས་པའི་བ་ལུས་ས་ཕྱགས་དེ་ཕྱི་རབས་མི་རབས་རྗེས་མའི་སྐེ་ཐོག་ལ་བབ་པའི་ལས་དབང་ལ་སྔ་ཕྱིར་ལྟས་བྱས་ན་ཤེས་པ་ཡིན། དོན་ཚིག་གཅིག་ལ་མདོར་བསྡུ་ན། དེ་སྔོན་སྣ་ཚུགས་ཁུར་བའི་འདས་དོན་ལ་བལྟས་ཀྱང་ཚར་བའི་ལས་ལ་བཅོས་རྒྱུ་ཡོད་པ་མ་རེད། འོན་ཀྱང་ཀྱག་ཀྱོག་གི་ལམ་ལ་འགྲོ་མ་མྱོང་མཁན་སུ་ཞིག་ཡོད། དེས་ན་ད་རུང་སྣ་ཚུགས་ཁུར་ནས་རྡོག་སྣ་དེ་བས་སྡུག་ཅིག་ཐོགས་ནས། མགོ་རྐུབ་བརྗེ་མི་འགྲོ་བའི་རྡོག་ལམ་འཚོ་རྒྱུ་བོ་གལ་ཆེ་བ་ཡིན་ཞེས་པ་དེ་ཡིན། མཚམས་རེ་ཐོས་བསམ་པ་ཉམས་ལེན་པ་ཚོ་ངལ་གསོའི་རྟེན་དུ་གནའ་སྲིད་ད་འབྱུང་གི་ཉོག་གཏམ་བཤད་དུས་མཚར་སྣང་ཤར་མཁན་ཡོད་རྒྱུ་རེད་སྙམ་ནས་བཤད་པ་ཡིན། ངག་བཅད་མཚམས་པའི་ངག་སྒོ་གཅིག་བཀྲོལ་དུས། སྔར་གོམས་ཀྱི་ཤོག་བུ་དྲིལ་ལམ་ལ་རྒྱུག་པ་འདྲ་བོའི་ངན་གཤིས་ལ་བསྙེགས་ནས་དོན་མེད་ཀྱི་ཁ་བརྡའི་ཆུ་སྣ་འདའ་འགྲོ་གིན་ཡོད་པ་རེད། དེ་ཡིས་མཚམས་བྱེད། དེ་ལྟར་གོང་ནས་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱི་དུས་གསུམ་བསགས་ཡོད་ཀྱི་དགེ་རྩ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས། སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལུང་དང་རྟོགས་པའི་བདག་ཉིད་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱི་སྒོ་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་དམ་པ་སྔ་རབས་གཤེགས་པ་རྣམས་ཀྱི་དགོངས་པ་ཡོངས་སུ་རྫོགས། ད་ལྟར་བཞུགས་པ་རྣམས་ཀྱི་སྐུ་ཚེ་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན། ཁྲིམས་གཙང་། བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཀུན་ཏུ་ཆར་ཆུ་དུས་སུ་འབེབས། ལོ་ཕྱུགས་རྟག་ཏུ་ལེགས། མི་ནད་དང་ཕྱུགས་ནད་འཁྲུག་རྩོད་ཐམས་ཅད་རྒྱུན་ཆད། བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་པའི་ཕྱིར་དང་། བདག་ཅག་རྣམས་ཀྱི་ཚེ་འདིའི་ཕ་མ་གཉིས་དང་། དགྲ་བགེགས་གཉིས་ཀྱི་གཙོས་བྱས་པའི་བཟང་འབྲེལ་ངན་འབྲེལ་ཐོགས་པའི་མཐའ་ཡས་པའི་སེམས་ཅན་ཐམས་ཅད་མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་། དེ་མ་ཐོབ་ཀྱི་བར་དུ་ཡང་མཐོ་རིས་ཀྱི་ཡོན་ཏན་བདུན་དང་ལྡན་པའི་ལུས་རྟེན་ཁྱད་པར་ཅན་ཞིག་རྙེད་ནས་ཐེག་པ་ཆེན་པོའི་ཆོས་ལ་ཚུལ་བཞིན་དུ་སྤྱོད་པའི་སྐལ་བ་དང་ལྡན་པའི་ཕྱིར་དུ་རྗེ་བཙུན་འཇམ་དཔལ་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་གནང་བར་ཞུ། །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་། །སྐྱེ་རྒ་ན་འཆིའི་རྦ་རླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག།


previousཉིན་བཅུ་གསུམ་པའི་ཆོས་ཁྲིད། next